Nitartha Digital Library
Tibetan
 
previousའཁོར་ལོ་དབྱེ་བའི་གཞི།next

འཁོར་ལོ་དབྱེ་བའི་གཞི།


K8Z004_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་འཁོར་ལོ་དབྱེ་བའི་གཞི་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ་ཁྱད་པར་ཅན་གྱི་གཞི་འཁོར་ལོའི་དོན་དང་་་ ཁྱད་པར་གྱི་ཆོས་འཁོར་ལོའི་དབྱེན་གྱི་དོན་ནོ། །དང་པོ་ལ་གཉིས་ཏེ། བྱེ་བྲག་ཏུ་སྨྲ་བ་ལ་གཞུང་ཆེན་པོའི་ལུགས་དང་། བཙུན་པ་དབྱངས་སྒྲོགས་ཀྱི་ལུགས་སོ། །ལུགས་དེ་གཉིས་ཀར་ཡང་འཁོར་ལོ་ཞེས་པ་འདི་མཐོང་ལམ་ཡིན་པར་མཐུན་ཀྱང་མཐོང་ལམ་དང་འཁོར་ལོ་འདྲ་ཆོས་སུ་སྦྱོར་ལུགས་གཉིས་ལས། དང་པོ་བྱེ་སྨྲའི་གཞུང་ཆེན་པོའི་ལུགས་ནི། སྐབས་འདིར་ཤ་ལུགས་སྨྲ་བ་ན་རེ། མཐོང་ལམ་སྐད་ཅིག་བཅུ་དྲུག་ཅེས་གསུངས་ཏེ། དེ་ནི་ཐེག་ཆེན་གྱི་ལུགས་ཡིན་ནོ། །འདིར་ཉན་ཐོས་ཀྱི་ལུགས་ཀྱི་སྐད་ཅིག་བཅོ་ལྔ་སྟེ། མཛོད་ལས། དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་བཤད་དོ། །འཁོར་ལོ་ཞེས་པ་དེ་མཐོང་ལམ་གྱི་ཡེ་ཤེས་སྐད་ཅིག་བཅོ་ལྔ་སྟེ། དེ་ཡང་དཔེར་ན་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་ལ་འཕར་ཞིང་འབབ་པ་དང་། མྱུར་དུ་འགྲོ་བ་དང་། གླིང་འདོར་བ་དང་། མ་རྒྱལ་བ་ལས་རྒྱལ་བར་བྱེད་པའི་ཆོས་ཡོད་པ་བཞིན་དུ་མཐོང་ལམ་སྐད་ཅིག་བཅོ་ལྔ་པོ་དག་ཁམས་འོག་མ་འདོད་ཁམས་དང་། ཁངས་གོང་མ་གཟུགས་ཁམས་དང་། གཟུགས་མེད་ཀྱི་ཁམས་ཏེ་ཁམས་


K8Z004_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

གོང་འོག་དེ་གཉིས་ལ་རེ་མོས་དམིགས་པ་དང་། ཡེ་ཤེས་སྐད་ཅིག་སྔ་མའི་རྗེས་སུ་ཕྱི་མ་མྱུར་དུ་སྐྱེ་བ་དང་། གླིང་བཞི་རིམ་གྱིས་འདོར་བ་ལྟར་བདེན་པ་བཞི་ལ་དང་པོ་སྡུག་བསྔལ་གྱི་བདེན་པ་ལ་དམིགས་ཏེ་དོར་ནས་ཀུན་འབྱུང་དང་། དེ་དོར་ནས་འགོག་པ་དང་དེ་དོར་ནས་ལམ་གྱི་བདེན་པ་ལ་དམིགས་པ་དང་། མཐོང་ལམ་གྱིས་སྤང་བྱའི་ཉོན་མོངས་པ་ལས་རྒྱལ་བར་་བྱེད་པའི་ཆོས་ཡོད་པས། འདྲ་ཆོས་དེ་དག་གི་སྒོ་ནས་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དང་འདྲ་བས་ན་འཁོར་ལོ་ཞེས་བྱའོ། །ལུགས་གཉིས་པ་ནི་འཁོར་ལོ་ཞེས་པ་མཐོང་བའི་ལམ་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསླབ་པ་གསུམ་གྱིས་བསྡུས་པ་སྟེ། དེ་ཡང་དཔེར་ན་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་ལ་ཆོས་གསུམ་ཡོད་དེ། རྟེན་པར་བྱེད་པའི་ལྟེ་བ་དང་། སྡུད་པར་བྱེད་པའི་མུ་ཁྱུད་དང་། གཅོད་པར་བྱེད་པ་རྩིབས་དང་གསུམ་ཡོད་པ་བཞིན་དུ། དེ་ཡང་ལྷག་པ་ཚུལ་ཁྲིམས་ནི་ཡོན་ཏན་ཐམས་ཅད་བསྐྱེད་པའི་གནས་པ་དང་། འཕེལ་པའི་རྟེན་བྱེད་པས་བརྟེན་པར་བྱེད་པའི་ལྟེ་བ་དང་། ལྷག་པའི་སེམས་ཀྱི་བསླབ་པ་ནི་ཡོན་ཏན་ཐམས་ཅད་མི་འཐོར་བར་སྡུད་པར་བྱེད་པས་སྡུད་པར་བྱེད་པའི་མུ་ཁྱུད་དང་འདྲའོ། །ལྷག་པ་ཤེས་རབ་ནི་ཉོན་མོངས་པ་ཐམས་ཅད་གཅོད་པར་བྱེད་པས་རྩིབས་དང་འདྲ་བས་ན་འདྲ་ཆོས་གསུམ་གྱི་སྒོ་ནས་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དང་འདྲ་བས་ན་འཁོར་ལོ་ཞེས་བྱའོ། །དེ་ནི་བཙུན་པ་དབྱངས་སྒྲོགས་ཀྱི་ལུགས་སོ། །ལུགས་འདི་ནི། ལུང་མ་མོ་ལས། འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་སྤངས་ནས་གཞན་གྱི་ལམ་དུ་འཇུག་པ་ནི་འཁོར་ལོའི་དབྱེན་ཞེས་བྱའོ། །ཞེས་གསུངས་པ་དང་མཐུན་ནོ། །འོ་ན་མཐོང་ལམ་འཕགས་པའི་ལམ་ཡན་


K8Z004_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བརྒྱད་པོ་དེ་དག་བསླབ་པ་གསུམ་གྱིས་ཇི་ལྟར་བསྡུས་ཞེ་ན། དེ་ཡང་ཉན་ཐོས་ཀྱི་ས་ལས་ཡང་དག་པའི་འཚོ་བ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་ནི་ལྷག་པའི་ཚུལ་ཁྲིམས་སོ། །ཡང་དག་པའི་ཏིང་ངེ་འཛིན་དང་། ཡང་དག་པའི་དྲན་པ་ནི་ལྷག་པ་སེམས་ཀྱི་བསླབ་པའོ། །ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོགས་པ་དང་། ཡང་དག་པའི་རྩོལ་བ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པས་བསྡུས་པར་བཤད་དོ། །མཛོད་ཀྱི་འགྲེལ་བཤད་ལས། དྲན་པ་ཤེས་རབ་ཀྱི་བསླབ་པར་བསྡུས་པ་ཡང་བཤད་དེ། ཆོས་ངོས་རེ་རེ་ནས་བཤད་པ་ཡིན་པས་འགལ་བ་མེད་དོ། །ཤ་ལུགས་པ་ན་རེ། སྒོམ་ལམ་འཕགས་པའི་ལམ་ཡན་ལག་བརྒྱད་གསུངས་ཏེ། དེ་ནི་ཐེག་ཆེན་གྱི་ལུགས་ཡིན་ནོ། །འདིར་ཉན་ཐོས་ཀྱི་ལུགས་ཀྱི་མཐོང་ལམ་འཕགས་པའི་ལམ་ཡན་ལག་བརྒྱད་ཡིན་ཏེ། མཛོད་ལས། སྡེ་ཚན་བདུན་ནི་གོ་རིམམ་བཞིན། །ལས་ནི་དང་པོ་པ་དག་དང་། །ངེས་འབྱེད་ཡན་ལག་རྣམས་དང་ནི། །སྒོམ་དང་མཐོང་ལ་རབ་ཏུ་ཕྱེ། །ཞེས་སོ། །གཉིས་པ་ཁྱད་པར་གྱི་ཆོས་འཁོར་ལོའི་དབྱེན་གྱི་དོན་ལ་དགུ་ལས། དང་པོ་གཞིའི་ཡན་ལག་ལ་ལྔ་སྟེ། གང་དུ་དབྱེ་བའི་གནས། གང་གི་ཚེ་འབྱེད་པའི་དུས། གང་དག་དབྱེ་བའི་ཡུལ། གང་གིས་འབྱེད་པའི་རྟེན། གང་ལས་བྱེ་བའི་དོན་རྣམས་སྔར་བཤད་ཟིན་ཏོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལས་མ་འཁྲུལ་བ་སྟེ། འཁྲུལ་ན་དབྱེན་མི་རྫོགས་པའི་ཕྱིར་རོ། །ཀུན་སློང་ནི་བསམ་པ་ཐག་པ་ནས་ཆོས་མ་ཡིན་པའི་ཕྱོགས་སུ་དགེ་འདུན་འབྱེད་པར་འདོད་པ་རྒྱུན་མ་ཆད་པའོ། །གསུམ་པ་སྦྱོར་བའི་ཡན་ལག་ནི།


K8Z004_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་ཚིགས་ལྔ་བརྗོད་ནས་ངག་གི་གསོལ་བའམ། ལུས་ཀྱིས་འབྲིམ་པ་གང་ཡང་རུང་བས་དགེ་འདུན་འབྱེད་པར་ཞུགས་པའོ། །བཞི་པ་མཐར་ཐུག་གི་ཡན་ལག་ནི། དགེ་འདུན་ཕྱེད་པར་གྱུར་པ་སྟེ་ལྟུང་བ་ནི་དབྱེན་དུ་གཏོགས་པའི་སྦོམ་པོར་འགྱུར་ལ། སྡིག་པ་ནི་མཚམས་མེད་པའོ། །ལྔ་པ་དབྱེན་གྱི་ངོ་བོ་ནི། མི་འཕྲོད་པ་ལྡན་པ་མ་ཡིན་པའི་རྫས་ཡིན་ཏེ། མཛོད་ལས། དགེ་འདུན་དབྱེན་ནི་མི་འཕྲོད་པའི། །རང་བཞིན་ལུང་དུ་མ་བསྟན་ཆོས། །ཉོན་མོངས་ཅན་མིན་ལུང་བསྟན་མིན། །ཞེས་སྔར་རྒྱས་པར་བཤད་ཟིན་ཏོ། །དྲུག་པ་དབྱེན་དེའི་དགག་བྱའི་ཉེས་དམིགས་ནི། དགེ་འདུན་ཕྱེད་པ་ནས་མ་དུམ་གྱི་བར་དུ་སྟོན་པ་གཅིག་གི་ཞིང་ཁམས་ཀྱིས་བསྡུས་པ་རྣམས་ལ་ལམ་ལྔ་གང་ཡང་མི་སྐྱེ་བ་སྟེ། དོན་དེ་ལྟར་ལུང་གཞི་ལས། དགེ་འདུན་བྱེ་ན་ཇི་སྲིད་དུ་སླར་མ་དུམ་གྱི་བར་དུ་འཇིག་རྟེན་ན་ངེས་པ་ལ་འཇུག་པ་མཐོང་ལམ་དང་། འབྲས་བུ་ཐོབ་པ་དང་། འདོད་ཆགས་དང་བྲལ་བ་དང་། ཟག་པ་ཟད་པ་དགྲ་བཅོམ་པ་བྱ་བ་རྣམས་ལ་གེགས་སུ་གྱུར་པ་ཡིན་ཅིང་། ཚོགས་ལམ་གྱི་བསམ་གཏན་དང་། ཀློག་པ་དང་། ཁ་ཏོན་དང་། སེམས་པའི་ལམ་རྣམས་མི་འཇུག་ཅིང་ཞེས་གསུངས་ཤིང་། ལུང་གཞི་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་དེ་སེམས་ཅན་གྱི་རྒྱུད་ལ་མི་འབྱུང་ངོ་། །ཞེས་གསུངས་སོ། །འདིའི་ཉེས་དམིགས། མཛོད་འགྲེལ་ལས། ལྷ་དང་། ཀླུ་དང་། མིར་བཅས་པའི་འགྲོ་བ་ལ་ཡང་འཁྲུག་པ་དང་། ཡིད་མི་བདེ་བ་དང་། རང་དབང་མེད་པ་དང་། དྲན་པ་ཉམས་པར་འགྱུར་ལ། འདིའི་རྣམ་པར་སྨིན་པ་ཡང་བསྐལ་པ་གཅིག་ཏུ་མནར་མེད་པར་སྐྱེ་བ་ཡིན། ཅེས་གསུངས་སོ། །བདུན་པ་དབྱེན་གནས་པའི་


K8Z004_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ནི། དབྱེན་དེ་ཞག་ཏུ་མི་གནས་པ་སྟེ། མཛོད་ལས། དེ་ནི་མི་གནས་སོ། །ཞེས་གསུངས་ལ། དེའི་འགྲེལ་པ་ལས། དགེ་འདུན་གྱི་དབྱེན་དེ་ནི་གདོན་མི་ཟ་བར་ནམ་མ་ལངས་པ་ཉིད་དུ་དགེ་འདུན་སླར་བཟླུམས་པ་ཉིད་དུ་འགྱུར་རོ། །ཞེས་གསུངས་སོ། །བརྒྱད་པ་དབྱེན་གྱི་ངོ་བོ་སུ་ལ་ལྡན་པ་ནི། མཛོད་ལས། དེ་དང་དགེ་འདུན་ཡང་དག་ལྡན། །ཅེས་སོ། །དགུ་པ་ཁ་ན་མ་ཐོ་བ་སུ་ལ་ལྡན་པ་ནི། ལྷས་བྱིན་ལྟ་བུ་བྱེད་པོ་ལ་ལྡན་པ་སྟེ། མཛོད་ལས། དེ་ཡི་ཁ་ན་མ་ཐོ་རྫུན། །དེ་དང་འབྱེད་པོ་ཡང་དག་ལྡན། །ཅེས་གསུངས་སོ། །གཉིས་པ་ནི། ལས་དང་འཁོར་ལོའི་དབྱེན་གཉིས་ལས། དགེ་འདུན་གྱི་འཁོར་ལོའི་དབྱེན་ནི་རྒྱུ་གཉིས་ཀྱིས་འགྱུར་ཏེ། །ངག་གིས་གསོལ་བས་སམ། ལུས་ཀྱི་ཚུལ་ཤིང་ལེན་དུ་འཇུག་པས་ཆོས་ལས་ཐ་དད་པའི་དངོས་པོར་ཏེ། ལྷས་བྱིན་གྱི་བསླབ་ཚིག་ལྔ་པ་ལྟ་བུ་སྟེ། ལྔ་པོ་ནི། ལུང་གཞི་ལས། འོ་མ་ཤ་དང་ལན་ཚྭ་དང་། །གོས་དྲས་དགོན་པར་གནས་པ་དང་། །ཅེས་གསུངས་སོ། །དེས་ན་ངག་གིས་གསོལ་བས་སམ་ཆོས་ལས་ཐ་དད་པའི་དངོས་པོ་དོན་དེས་ཚུལ་ཤིང་ལེན་དུ་འཇུག་པས་སོ། །གང་དག་ཐ་དད་དུ་དབྱེ་བར་བྱ་བ་ཆོས་མ་ཡིན་པའི་ཕྱོགས་དག་དང་། དགེ་འདུན་བཞི་ཡན་ཆད་ཀྱི་ཚད་ཉིད་མ་ཡིན་པ་དང་། དེ་དག་ཐ་དད་དུ་བྱེ་བ་ན་མཚམས་ཀྱི་ནང་ན་གཞན་ཆོས་ཕྱོགས་པ་དགེ་འདུན་གྱི་ཚད་དག་ཀྱང་མེད་པ་ཡིན་ན་དབྱེན་དེ་མི་འཆགས་སོ། །ཆོས་དང་ཆོས་མ་ཡིན་པ་གཉིས་ཀ་རང་གི་ངོ་བོ་གང་ཡིན་པ་དེ་བཞིན་དུ་ཤེས་ན་མཚམས་མེད་པའོ། །ཊཱི་ཀར། ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་པ་དང་། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་ལ་ནི་མཚམས་མེད་པར་མི་འགྱུར་ཏེ། དེ་ལ་བསམ་པ་ལོག་་སྒྲུབ་མེད་པའི་ཕྱིར། ཞེས་
སོ། །འགྲོ་བ་རྣམས་ཐར་པ་ལས་བཟློག་པ་ནི་དགའ་རབ་དབང་ཕྱུག་ལ་ཕན་པ་ཆེན་པོའོ་སྙམ་པ་ལ་སོགས་ཏེ་དགེ་འདུན་དབྱེ་བ་ལ་ཆོས་སུ་འདུ་ཤེས་པས་དགེ་འདུན་གྱི་དབྱེན་བྱེད་ན་དེས་ཀྱང་མཚམས་མེད་པར་འགྱུར་རོ། །འཁོར་ལོ་བྱེ་བའི་གཞི་སྟེ་ཆོས་ཀྱི་འཁོར་ལོ་ལས་མི་མཐུན་ཕྱོགས་སུ་བྱེ་བའི་གཞིའོ། །སྨྲས་པ། མངོན་མཐོའི་ལུས་འདི་སྤྱན་རས་གཟིགས་དབང་པོས། །ཉ་བར་བཞད་པའི་འཛུམ་ཕྲེང་ལས་སྐྱེས་པ། །སྙིང་རྗེའི་ཡུལ་ཅན་རྣམས་ཀྱི་མགོན་གཅིག་ཏུ། །བློ་གྲོས་འཕེན་པའི་རྩལ་དུ་རྫོགས་པར་གྱུར། །བརྩེ་བས་དྲངས་པའི་ཡིད་ནི་མ་བཟོད་པར། །གང་ན་སྡུག་བསྔལ་ཅན་རེའི་སྡུག་བསྔལ་ཁུར། །རྣམ་པ་ཀུན་ཏུ་བདག་གི་མགོར་བབས་པ། །གཏོལ་མེད་བྱིས་པའི་ཚོགས་ལ་ཅི་འདྲ་དྲག ། སྙིགས་མའི་དུས་སུ་སྨིན་པའང་ཆེར་དཀའ་ན། །དེ་ལ་ལམ་གྱི་གེགས་ཀྱང་ཤིང་ཏུ་མང་། །ཕལ་ཆེར་དམན་པའི་རོ་ཡིས་གཞན་དབང་གྱུར། །དེ་འབྲས་དམྱལ་དང་བྱོལ་སོང་འགྲོ་བར་བགྲོད། །ཅི་དྲག་ན་དཔལ་ལྡན་དྭགས་པོ་བཀའ་བརྒྱུད། འདུལ་བའི་མདོ་བམ་པོ་དགུ་པ་སྟེ་ཐ་མའོ།། །།


previousའཁོར་ལོ་དབྱེ་བའི་གཞི།next