Nitartha Digital Library
Tibetan
 
previousཇི་ལྟར་བརྩམས་པའི་ཚུལ།no next

ཇི་ལྟར་བརྩམས་པའི་ཚུལ།


K8Z004_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བརྩམས་ཚུལ་བཤད་པ་ལ། གང་བརྩམས་བསྟན་བཅོས་ཆེ་བ་དང་། །གང་གིས་རྩོམ་པོའི་ཆེ་བ་དང་། །གང་ནས་བཏུས་པའི་ཆེ་བའོ། །དང་པོ་ནི། འདུལ་བའི་མདོ་ཞེས་བྱ་བ་བརྗོད་བྱའི་དོན་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ། རྗོད་བྱེད་ཀྱི་གཞུང་འདུལ་བ་ལུང་བདུད་རྩིའི་རྒྱ་མཚོའི་སྙིང་པོ་མདོར་བསྡུས་པ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་མཐའ་དག་གི་མཛོད་དུ་གྱུར་པ། འདུལ་བའི་སྡེ་སྣོད་ཐམས་ཅད་ཀྱི་མ་ལྟ་བུ་འདི་ནི་ཞེས་པས་སོ། །གཉིས་པ་ལ། སྡེ་དང་ཡོན་ཏན་ཁྱད་པར་རོ། །དང་པོ་ནི། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོའོ། །གཉིས་པ་ནི། བྲམ་ཟེའི་སློབ་དཔོན་ཏེ་རབ་ཏུ་བྱུང་བའི་ཡོན་ཏན་གསུམ་མངའ་བ་སྟེ། བཙུན་པའི་ཡོན་ཏན་བཙུན་པ་ཡོན་ཏན་འོད། མཁས་པའི་


K8Z004_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ལ་སྤྱིར་གྲུབ་པའི་མཐའ་ཐམས་ཅད་ལ་མཁས་པ་ནི་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པའོ། །བྱེ་བྲག་ཏུ་འདུལ་བ་ལ་མཁས་པ་ནི་བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་ཉིང་ཁུས་སློབ་དཔོན་ཆེན་པོ་དེའི་ཤེས་རབ་ཀྱི་དབང་པོ་རྒྱས་པའོ། །སྒྲུབ་པའི་ཡོན་ཏན་ནི། དེ་བཞིན་བདེ་བར་གཤེགས་པའི་བཀའ་དམ་པ་ནན་ཏན་གྱིས་སྙིང་པོར་བསྒྲུབ་པས་སོ། །གསུམ་པ་ནི། སྡེ་པ་ཐམས་ཅད་ཀྱི་འདུལ་བའི་སྡེ་སྣོད་མཐའ་དག་གི་གཙོ་བོར་གྱུར་པ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ཀུན་ལས་བཏུས་པ་ཡིན་ནོ། །ཇི་ལྟར་བསྒྱུར་བའི་ཚུལ་བཤད་ན། བསྟན་པ་འདེགས་པའི་སྦྱིན་བདག་དང་། །འགྱུར་དབང་སྤྲུལ་པའི་པཎ་ཆེན་དང་། །སྒྱུར་བྱེད་ལོ་ཙཱའི་ཁྱད་པར་རོ། །དང་པོ་ནི། དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོ་རལ་པ་ཅན་གྱི་བཀའ་ལུང་གིས་སོ། །གཉིས་པ་ནི། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་སྟེ་རྒྱལ་བའི་བཤེས་གཉེན་དང་ངོ་། །གསུམ་པ་ནི། ཞུ་ཆེན་གྱི་ལོ་་བ་བfེ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདི་ལ་Dོཀ་ནི་ཉིས་སྟོང་བདུན་བརྒྱ་ཡོད་དོ། །བམ་པོ་ནི་དགུར་བྱས་སོ། །ཞེས་དམ་པའི་ཆོས་འདུལ་བའི་ལེགས་བཤད་ཀྱི་རྒྱ་མཚོ་ཆེན་པོ་འདི་ནི་གངས་ཅན་གྱི་ལྗོངས་འདིར་བྱུང་བའི་ཉེ་བ་འཁོར་གཉིས་པ་ཀུན་མཁྱེན་མཚོ་སྣ་པས་འདུལ་བ་མདོ་རྩ་བའི་ས་བཅད་མཛད་པ་འདིར་ཚིགས་བཅད་དུ་བསྡེབས། མཆན་འབྲུ་འགྲེལ་སྤྱི་དོན་མཐའ་དཔྱད་ཀྱི་དགག་སྒྲུབ་རྣམས་གཞིར་བྱས་ལ། གངས་ཅན་གྱི་འདུལ་བ་འཛིན་པའི་དམ་པ་གང་དག་གི་བཞེད་པས་ཁ་བསྐངས་ནས་དཔལ་ལྡན་དྭགས་པོའི་བཀའ་བརྒྱུད་ལས་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་དགོངས་པ་དང་རོ་གཅིག་པར་བཤད་པ་ལས། རང་གར་རྟོག་པས་བརྟགས་ཏེ་བརྗོད་པ་ནི་འགའ་ཡང་མེད་པས་


K8Z004_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

གཟུ་བོར་གནས་པ་དག་གིས་ལེགས་པར་བསླབ་པར་རིགས་ཀྱི། འདི་ལྟའི་དགེ་བ་དེ་ཡང་ཤཱཀྱའི་བསྟན་པ་ད་དུང་གངས་ཅན་གྱི་ལྗོངས་འདིར་རབ་ཏུ་རྒྱས་པའི་ཕྱིར་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འབུལ་ལོ། །བརྩེ་བས་བཞེས་ནས་བདག་སོགས་སེམས་ཅན་ཐམས་ཅད་བསྐྱབ་ཏུ་གསོལ། མཇུག་བྱང་། བདག་གིས་སྔོན་སྤྱད་རླབས་ཆེན་རྒྱ་མཚོའི་སྤྱོད་པ་སུ་ཡིས་དཔོགས། །གཞན་དོན་ལ་ཆགས་སེམས་ཀྱི་རིན་ཆེན་རིན་ཐང་སུ་ཡིས་གཞལ། །རྨད་བྱུང་ཡོན་ཏན་རྫོགས་པའི་སྐྱེས་རབས་ཕྲེང་བ་སུ་ཡིས་ཤེས། །བདེ་ཞིང་ཡིད་འོང་དངོས་པོ་གཞན་ལ་བསྒྲུབ་པ་སུ་ཡིས་ནུས། །བདག་ནི་བྱང་ཆུབ་སྙིང་པོའི་སྤྲིན། །བདུད་རྩིའི་ཆར་ཆེན་བཅུད་ལྡན་པ། །སྣོད་དང་འཚམས་པར་ཆབ་རྒྱུན་ནི། །དགའ་ལྡན་གཤེགས་ནས་འབེབས་པ་སྙམ། །ལུས་བཟང་པདྨའི་རྫིང་བུར་ཡེ་ཤེས་ཟླ་བ་འཕོས་འདྲའི་ངང་པའི་གཤོག་རླབས་ནི། །རྡོ་རྗེའི་དགའ་བདེས་བསྐྱོད་པའི་རྗེས་དྲན་ཀུ་མུད་མཛེས་པའི་གོས་བཟང་ལྷུབ་པ་ལྟའི། །འབར་སྲེག་འཕུར་ལྡིིང་རོལ་པའི་ཏིང་ངེ་འཛིན་ལས་གཏིང་དཔག་དཀའ་བའི་ནོར་བུར་མཐོང་། །ཨེ་མ་ཡ་མཚན་རྒྱས་ཤིང་ངོ་མཚར་བཞད་པའི་ཚུལ་འདི་སྙིང་ལ་འགོད་དོ་ཀྱེ། །བཞིན་བཟང་བཻ་ཌཱུའི་དོ་ཤལ་ལྷ་མོའི་མཐོངས་ཀར་བཀོད་པ་ལྟའི། །ཡོངས་གྲུབ་རྡོ་རྗེའི་བུ་མོ་སྨིན་ལེགས་མ་ཁྱོད་རྟག་བསྟེན་པས། །བདག་ལ་ཐམས་ཅད་མཁྱེན་པའི་མིག་གཅིག་ཨུཏྤལ་ཟུང་ལྟར་ཡངས། །དེ་ཐོབ་བདེ་བས་གཡུར་ཟ་མཁའ་ཁྱབ་ཕྱག་རྒྱ་ཆེན་མོས་འཁྱུད། །གསེར་གྱི་མཆོད་སྡོང་མེ་ཤེལ་འབར་བས་གསལ་བྱས་དང་། །རིན་ཆེན་རི་བོ་ཉི་མའི་ཤིང་རྟས་གློག་འདྲ་བ། །བདུད་རྩིའི་ཆར་པས་རི་རབ་ངོས་བཟང་བཀྲུས་པ་ལྟའི། །དྭགས་པོའི་བསྟན་པ་འདི་ནི་བདག་གིས་གསལ་བར་བྱས། །


K8Z004_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བོ་གྲུབ་བོ་མི་ལུས་དོན་ལྡན་གྲུབ། །ཟིན་ནོ་ཟིན་ནོ་རྒྱུད་ལ་བསྟན་པ་རྫོགས། །བྱས་སོ་བྱས་སོ་སྡེ་སྣོད་རྒྱུད་སྡེ་སྦྱངས། །སྐྱེས་སོ་སྐྱེས་སོ་དྭགས་པོའི་རྒྱུད་ལ་སྐྱེས། །དྲེགས་མྱོས་གཞུང་བརྒྱ་འབྱིན་པའི་ནོར་བུའི་འོད་གསལ་ཞིང་། །རྨོངས་པའི་གཟི་ལྡན་རིགས་པའི་མིག་ཐིག་སྟོང་བཀོད་པ། །སློབ་མ་བུ་མོས་སྨིན་མའི་གཞུ་ཡི་སྟོང་གནས་པ། །བརྒྱ་བྱིན་དེས་ནི་བདག་ཚུལ་མཐོང་ན་ཅི་མི་རིད། །བདག་གི་ལྷ་གཅིག་བྱུ་རུའི་ལྗོན་ཤིང་རྨ་བྱའི་ལྐོག་མས་ཁྱབ་པ་བཞིན། །དམར་སེར་འོད་ཀྱི་མེ་ཏོག་ཉི་མའི་འཆར་ཀ་དག་ལ་འཐོར་བས་འགྲན། །དེ་སླད་མདངས་ལྡན་རྡོ་རྗེ་རྣལ་འབྱོར་མ་ཁྱོད་བདག་ལ་ཉེ་བའི་སེམས། །ཐུགས་ཀར་བསྣམས་ནས་བདག་གི་དོན་རྣམས་མ་ལུས་བསྒྲུབ་པས་རབ་ཏུ་ཚིམས། །ངེས་པར་འཆིང་ལྡན་མིག་གི་རབ་རིབ་སེལ་འདོད་ན། །བདག་དང་བདག་གི་ལེགས་བཤད་བརྒྱ་ལམ་ནང་ན་ཡང་། །ཨུ་དུམྺཱ་རའི་མེ་ཏོག་ལས་ཀྱང་ཆེས་ཆེར་དཀོན། །དེས་ན་སྐྱེ་བར་བརྒྱུད་པའི་སློབ་མས་འདི་ཉིད་ཟུངས། །སྐྱབས་གནས་གཞན་ལ་ཡིད་བརྟན་མ་རྙེད་ནས། །དཔལ་ལྡན་དྭགས་པོའི་བཀའ་བརྒྱུད་མགོན་དུ་བཟུང་། །བརྒྱུད་པ་གཞན་དག་ལྦུ་བའི་ཕྲེང་བ་བཞིན། །མགུལ་དུ་བརྒྱན་ཀྱང་ཐར་པའི་དོན་བྱེད་ཅི། །ཡོངས་འཛིན་འཁྱོགས་ཐོས་བློ་གྲོས་མ་ཕེབས་ཏེ། །ཀརྨ་པ་ཡི་ཕྲིན་ལས་འཛིན་པ་མཆོག ། ཞབས་རྡུལ་སྤྱི་བོར་ནོད་པའི་སློབ་བུ་བདག ། སྐལ་བས་མ་ཕམ་མདུན་མ་གྲུབ་སྟེ་སོང་། །འཕྲལ་དང་ཡུན་དུ་བདག་གིས་ལེགས་བསམས་པས། །ཕྱི་ནང་གཙུག་ལག་ཐ་སྙད་ཅི་ཤེས་ཀྱང་། །ཚིག་གཅིག་གི་ཡང་ཉམས་ལེན་མེད་མཐོང་བས། །བདག་ནི་གཏིང་ནས་མ་བཟོད་སྐྱོ་བ་སྐྱེས། །བདག་ནི་གསུང་རབ་


K8Z004_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཤེས་ལྷག་པར་ཡང་། །འདུལ་བའི་ཚིག་དོན་མ་ལུས་བདེ་བར་མྱོང་། །འཆད་རྩོད་རྩོམ་པའི་སྦྱོར་ཚུལ་ཤེས་གྱུར་ཀྱང་། །བློ་ངན་ལས་མི་རུང་ལ་ཇི་ལྟར་བྱ། །བརྒྱུད་པ་མཆོག་གྱུར་འདི་ཡི་སྲོལ་འཛིན་ན། །ཅིས་ཀྱང་བྱ་བ་བཏང་ནས་དགོས་མེད་ཀྱིས། །བློ་སྣ་ནང་ནས་ལྟུང་བའི་ཞེན་ལོག་ལ། །འདུལ་བའི་རྒྱས་འགྲེལ་བྱས་པ་དོན་ཡོད་སྙམ། །བདག་ལ་ངེས་པར་རེ་བལྟོས་བཅས་པ་རྣམས། །ཐོས་དོན་ཚོལ་ཞིག་ཐོས་དོན་མྱོང་བར་གྱིས། །སླད་ནས་བདག་དང་མངོན་སུམ་མ་གྱུར་གང་། །བསྟན་བཅོས་འདིར་ལྟོས་བདག་གི་མངོན་སུམ་ཞལ། །དུས་གསུམ་གང་ན་ནད་ཅན་གང་ཡོད་པས། །བདག་ལ་གསོལ་བ་ཐོབ་ཅིག་མོས་པ་སྐྱེད། །འབྲེལ་ཚད་དོན་ལྡན་ང་ཡིས་མི་བསླུ་སྟེ། །སྐལ་བར་འཚམས་པའི་བྱིན་རླབས་སྦྱིན་པ་ཡིན། །འདིར་འབད་དགེ་བ་རྡོ་རྗེའི་རྣལ་འབྱོར་བཟང་། །མཐུན་རྐྱེན་སྦྱར་དང་བཅས་པའི་དགེ་བ་དེས། །འགྲོ་ཀུན་ཐུབ་ཆེན་བསྟན་པའི་སྒོ་གསུམ་ལ། །འཇུག་ནས་ཀརྨ་ཀམ་ཚང་འགྲུབ་གྱུར་ཅིག ། ཅེས་བྱ་བ་འདི་ནི་སྐྱེ་བ་ནས་སྐྱེ་བར་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པའི་སྐལ་བ་རྙེད་པས། རྗེ་བཙུན་ཀརྨ་པའི་མཚན་གྱི་བྱིན་རླབས་དང་ལྡན་པ་བསྟེན་པའི་ཡོངས་འཛིན་དམ་པ་བཞི་ལ་ཅི་མཛད་ལེགས་མཐོང་། ཅི་གསུང་ཚད་འཛིན་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཏེ། དགོངས་པ་གཅིག་པར་ཐིམ་ནས་ལུང་དང་རིགས་པ་སྨྲ་བ་ཐ་སྙད་ཀྱི་གཙུག་ལག་ཡོངས་སུ་རྫོགས་ཤིང་། རྣལ་འབྱོར་ཆེན་པོའི་ས་གྲུབ་པ་ཤཱ་ཀྱའི་དགེ་སློང་ལོ་ཙཱ་བ་ཆོས་གྲུབ་གྲགས་པ་ཕྱོགས་ཐམས་ཅད་ལས་དུས་ཀུན་ཏུ་སྣ་ཚོགས་པར་རྣམ་པར་རྒྱལ་བ་མི༷་བསྐྱོ༷ད་བཟང་པོ་རྡོ༷་རྗེ༷་དགའ་བའི་དབྱངས་ཞེས་བྱ་བ། མིང་གཞན་དབྱངས་ཅན་གསར་མར་གྲགས་པས་རང་ལོ་ཉེར་དྲུག་པ་ནས་མགོ་


K8Z004_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཏེ་ཉེར་བདུན་པའི་ངོ་མཐོང་བ་དབྱར་སྔ་མའི་དགུང་ཟླ་གཅིག་སོང་བའི་ཆུ་སྟོད་ཀྱི་ཟླ་བ་ཉ་བའི་ཉིན་ལེགས་པར་གྲུབ་པའི་དགེ་བས་འགྲོ་བ་ཐམས་ཅད་དཔལ་ལྡན་ཀརྨ་པ་རྒྱལ་བའི་དབང་པོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་འགྲུབ་པར་འགྱུར་ཅིག ། ་སྭ་ར་སྭ་སྟི། མཐའ་ཡས་རིགས་ཅན་གསུམ་གྱི་གདུལ་ཞིང་དུ། །བདེན་གཉིས་དམ་ཆོས་ཆར་ཆེན་འབེབས་པར་བྱེད། །ཐབས་མཁས་ཐུགས་རྗེའི་སྤྱོད་པ་རྒྱ་མཚོ་ན། །རྟག་རོལ་ཐུབ་མཆོག་ཀླུ་ཡི་དབང་པོར་འདུད། །ཕན་བདེའི་འབྱུང་གནས་བསྟན་པ་རིན་ཆེན་གང་། །སྡེ་སྣོད་གསུམ་ལས་སོ་ཐར་འདུལ་བ་ནི། །སྟོན་དང་བསྟན་བཅོས་གཉིས་ཀ་ཡིན་ནོ་ཞེས། །རྒྱལ་བས་དཔལ་གྱི་མགུལ་ནས་ཡང་ཡང་བསྔགས། །གང་ལ་མ་བསྟེན་ལམ་གཞན་ཅི་ཞིག་ལྟར། །བསྒྲུབས་ཀྱང་མྱང་འདས་དཀའ་བར་ངེས་གནས་ཏེ། །གང་དག་འདི་ལ་བསྟེན་ནས་ནང་གི་དོན། །ཟབ་མོའི་མཐར་ཐུག་བར་དུའང་དོན་ལྡན་བྱེད། །ཤེས་ནས་ཐར་པའི་རྩ་བར་བཞག་བཞིན་དུ། །མཁས་རྣམས་གཅིག་ཏུ་གུས་ཀྱང་གདུལ་བྱ་ཕལ། །དོན་དེ་མཐོང་ནས་ལག་ལེན་འདེབས་པ་ལ། །རྒྱལ་གསུངས་ཟབ་རྒྱས་ཁྲོད་དུ་ཇི་བཞིན་མིན། །དེ་ཕྱིར་འདུལ་བ་ལུང་ཆེན་རྣམ་པ་བཞིའི། །སྙིང་པོ་བཅུད་དུ་ལེན་པའི་མདོ༷་རྩ༷་བ། །གང་འདི༷་སྟོན་མཆོག་ཐུགས་རྗེ་དང་འདྲེས་པའི། །ཡོ༷ན་ཏ༷ན་འོ༷ད་ཀྱི༷་བློ༷་མཚོ༷་ལ༷ས་སྐྱེ༷ས་གྱུར། །ཉུང་ངུར་བསྡུས་པའི་ཚིག་དོན་བརླིང་བ་ཉིད། །ཟབ་རྒྱས་གཤིས་སུ་བཀྲལ་ལ་འཕགས་བོད་ཀུན། །མི་འཇིགས་སྤོབས་པའི་གཏེར་དང་ལྡན་དེ་ནི། །རྒྱ༷ལ་དབ༷ང་མི༷་བསྐྱོ༷ད་རྡོ༷་རྗེ༷་གཅིག་པུ་ཙམ། །རྣམ་དཔྱོད་རྩེ་གཅིག་གཞུང་འདིར་ངོམས་ནས་སུ། །སྨྲ་བ་གང་བྱུང་ཐམས་ཅད་ཆུ་ཤིང་དཔེར། །འགྱུར་མིན་ལུང་རིགས་


K8Z004_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལྡན་རྒྱ༷ས་འགྲེ༷ལ་གྱི། །ཉི༷་མ༷འི་དཀྱི༷ལ་འཁོ༷ར་གང་དུ་འཆར་ཚེ་རྟོགས། །དྲི་མར་བྱས་རྣམས་བསལ་དང་གཞུང་ཇི་བཞིན། །གཏན་ལ་འབེབས་སླད་ཀརྨ་ཀའི་ཐུགས་མཚོར། །སྲས་བཅས་རྒྱལ་རྣམས་ཞུགས་ཏེ་གསུང་གི་གདངས། །ཡོངས་རྫོགས་སྤྲོས་དེ་བསྟན་བཅོས་འདིའི་མཚན་ཉིད། །དེ་བས་ལེགས་བཤད་འདི་འདྲ་འཇིག་རྟེན་ཁམས། །གང་ན་མཆིས་སམ་གཟུར་གནས་མཁས་པ་རྣམས། །འཚོགས་པའི་མདུན་སར་ཤེས་ཀྱི་ཕྱོགས་ལྷུང་དང་། །མཁས་རློམ་ང་རྒྱལ་ཅན་གྱི་སྤྱོད་ཡུལ་མིན། །དེ་ཕྱིར་ཉིད་བཞིན་བློ་གྲོས་གཙང་བྱེད་ནས། །བསླབ་དང་ཐར་པ་དོན་གཉེར་གང་ཟག་ལ། །ཕན་པ་དཔག་མེད་འབྱུང་སླད་གཅིག་ལས་ནི། །དུ་མར་འཆར་བའི་སྤར་གྱི་ཟླ་བ་གང་། །ཐམས་ཅད་མཁྱེན་གཟིགས་ཏཱ༷་ཡི༷་སི༷་ཏུ༷འི་ཞབས། །པ༷དྨའི༷་ལྗགས་ལྡན་གསུམ་པ་དབ༷ང་མཆོ༷ག་རྒྱ༷ལ། །གང་དེའི་ཐུགས་བསྐྱེད་སྟོབས་ལས་བཤད་སྒྲུབ་ཀྱི། །དཔ༷ལ་


K8Z004_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་སྤུ༷ངས་པའི་ཆོས་གྲྭ་ཆེན་པོར་བསྐྲུན། །རབ་དཀར་དགེ་བའི་རྩ་བ་ཅི་མཆིས་པ། །ཡོངས་བསྔོའི་ལམ་དུ་དྲངས་པའི་སྣང་བ་ནི། །ཆོས་དབྱིངས་དང་མཉམ་བྱམས་མགོན་བླ་མ་ཡི། །ཡེ་ཤེས་ཆེན་པོའི་ཀློང་དུ་རོ་གཅིག་གྱུར། །མི་དགེ་མེད་པའི་ངང་ནས་ཆོས་སྤྱོད་ལ། །རྟག་བརྩོན་འགྲོ་རྣམས་མྱང་འདས་འགྲུབ་བཞིན་དུ། །སངས་རྒྱས་བསྟན་དར་བསྟན་འཛིན་ཞབས་པད་བརྟན། །རྫོགས་ལྡན་དཔལ་ཡོན་ལྷུན་གྱིས་གྲུབ་གྱུར་ཅིག ། ཅེས་པའང་། ཞུ་དག་གི་སྲི་ཞུ་དང་ཆབས་ཅིག་བྱམས་ཆེན་ཆོས་ཀྱི་རྒྱལ་པོའི་ཉེ་གནས་སུ་འཁོད་པ་ལྔ་རིག་སྨྲ་བ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་གྱིས་བྲིས་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བནྟུ།། །།


previousཇི་ལྟར་བརྩམས་པའི་ཚུལ།no next