Nitartha Digital Library
Tibetan
 
previousདབྱར་གྱི་གཞི།next

དབྱར་གྱི་གཞི།


K8Z004_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དབྱར་གྱི་གཞི་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་དགོས་པའི་དོན་ནི། དབྱར་གནས་ཀྱི་དགོས་པ་དགུ་སྟེ། དངོས་ཀྱི་དགོས་པ་གཅིག་དང༌། བརྒྱུད་པའི་དགོས་པ་བརྒྱད་དོ། །དང་པོ་ནི། དབྱར་གནས་མ་བྱས་པའི་ཉེས་བྱས་ཁེགས་པའོ། །གཉིས་པ་ནི། དབྱར་ས་གཞིར་སྲོག་ཆགས་ནང་དུ་རྒྱུ་འགྲུལ་བྱེད་པས་ན། སྲོག་ཆགས་ལ་གནོད་པ་སྤང་བ་དང༌། ལུང་ལས་མུ་སྟེགས་པས་འཕྱ་བར་གསུངས་པ་བཞིན་དུ་གཞན་དག་མ་དད་པ་སྤང་བ་དང༌། དབྱར་ཆར་སྒང་ཆུ་སྒང་གི་སྐབས་སུ་རྒྱུ་འགྲུལ་མང་པོ་བྱས་ན་རང་གི་ལུས་སྲོག་ལ་གནོད་པ་ལས། ལུས་སྲོག་ལ་གནོད་པ་སྤང་བ་དང༌། དོན་དང་བྱ་བ་ཉུང་བར་འགྱུར་བ་དང༌། དེ་ལ་བརྟེན་ནས་ཤེས་རབ་གསུམ་འཕེལ་བར་འགྱུར་བ་དང༌། གནས་རལ་བ་དང༌། གྲུམས་པ་འཆོས་པར་འགྱུར་བ་དང༌། དགག་དབྱེ་འབྱུང་བ་དང༌། སྲ་བརྐྱང་འབྱུང་བ་སྟེ་བརྒྱད་དོ། །བསྡུས་པའི་དོན་ལ་བདུན་ལས། དང་པོ་གནས་གང་དུ་དབྱར་གནས་པར་ཁས་བླང་བ་ལ་དྲུག་ལས། ཕན་པ་དང་བདེ་བའི་རྐྱེན་ཉེ་བར་གནས་ཤིང་གནོད་པ་དང་མི་ཕན་པའི་རྐྱེན་ཉེ་བར་མི་གནས་པ་སྟེ། སྡུག་བསྔལ་བ་དང་ཡིད་མི་བདེ་བ་མི་བསྐྱོད་པ་ཉིད་དང་སེལ་བ་ཉིད་དག་དང་བདེ་བ་དང་ཡིད་བདེ་བ་བསྐྱེད་པ་ཉིད་དང་ཞེས་གསུངས་པ་དང༌། གཞན་དུ་ན་ཕན་པ་དང་བདེ་བའི་མཐུན་རྐྱེན་མ་ཚང་བས་དབྱར་གནས་པའི་དགོས་པ་མི་འགྲུབ་པའི་ཕྱིར་རོ། །སྟོད་གཡོགས་དང་བཅས་པ་ཡིན་པ་སྟེ་གཡོགས་པ་དགེ་སློང་གི་མདུན་དུའོ་ཞེས་གསུངས་པ་དང༌།


K8Z004_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་ན་གནས་པར་མི་ནུས་པའི་ཕྱིར་རོ། །གནས་གཅིག་ཡིན་པ་སྟེ་གཙུག་ལག་ཁང་དུ་མར་མི་བྱའོ་ཞེས་གསུངས་པ་དང༌། གཞན་དུ་ན་གནས་ཐ་དད་དུ་མར་ཕར་འགྲོ་ཚུར་འགྲོ་བྱ་ཞིང༌། དོན་དང་བྱ་བ་ཉུང་བའི་དགོས་པ་མི་འགྲུབ་པའི་ཕྱིར་རོ། །དགེ་སློང་དང་བཅས་ཤིང་སྒོ་གླེགས་དང་བཅས་པ་ཡིན་པ་སྟེ། གང་ན་དགེ་སློང་མེད་པ་ཉིད་དང་སྒོ་གླེགས་མེད་པ་ཉིད་དང་བཅས་པ་ཡང་མི་བྱའོ་ཞེས་གསུངས་པ་དང༌། གཞན་དུ་ན་ལོངས་སྤྱོད་ལ་སོགས་པའི་བར་ཆད་དུ་འགྱུར་བའི་ཕྱིར་རོ། །རང་གཞན་ལ་ཐུན་མོང་དུ་མཁོ་བའི་གནས་མ་ཡིན་པ་སྟེ། སྒོ་ཁང་དང་ཐེམ་སྐས་ཀྱི་ལྐོག་དང་ཁྱམས་དང་ཞེས་གསུངས་པ་དང༌། གཞན་དུ་ན་གཞན་ལ་གནོད་པའི་ཕྱིར་རོ། །ནམ་མཁའ་ལ་སོགས་མཚམས་གཞན་མ་ཡིན་པ་སྟེ། ནམ་མཁའ་ལ་གནས་པར་ཁས་བླངས་པ་མི་ཆགས་སོ་ཞེས་གསུངས་པ་དང༌། གཞན་དུ་ན་ཐ་དད་པ་ཉིད་དུ་ཡིད་ལ་སྣང་བའི་ཕྱིར་རོ། །གཉིས་པ་ཡུལ་གང་གི་མདུན་དུ་དབྱར་གནས་པར་ཁས་བླང་བ་ནི་དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུའོ། །གསུམ་པ་རྟེན་གང་གིས་དབྱར་གནས་ཁས་བླང་བ་ན་ཆོས་ལྔ་ལྡན་ལས་ཆོས་འདི་པའི་རབ་བྱུང་ཡིན་པ་སྟེ། སྡེ་པ་ལྔ་ཆར་གྱིས་གནས་པར་ཁས་བླང་ཞེས་གསུངས་པ་དང༌། སྡོམ་པ་བླངས་ཀྱང་མ་སྐྱེས་པ་སྡེ་ལྔའི་སྡོམ་པ་གང་དུ་ཡང་མི་ལྡན་ཀྱང་རབ་ཏུ་བྱུང་བར་མའི་དགེ་བ་དང་ལྡན་པས་ཀྱང་དབྱར་གནས་པར་ཁས་བླང་དགོས་ཏེ། སྡོམ་པ་མ་སྐྱེས་པ་ལྟུང་བ་ལ་སྦྱོར་བའི་ཉེས་བྱས་སུ་འགྱུར་བ་དགག་དགོས་པའི་ཕྱིར་རོ། །མཁན་པོས་རབ་ཏུ་བྱུང་ཟིན་ཀྱང་སློབ་དཔོན་གྱིས་དགེ་ཚུལ་གྱི་སྡོམ་པ་མ་ཕོགཔར་ཡུན་རིང་དུ་གནས་པ་སྲིད་དེ། དེས་ཀྱང་དབྱར་གནས་པར་ཁས་བླང་བར་རིགས་སོ། །དབྱར་གནས་པའི་མཐུན་རྐྱེན་དང་ལྡན་པ་སྟེ། བསོད་སྙོམས་དང༌། སྨན་


K8Z004_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པར་བྱེད་པ་ལ་རྣམ་པར་བལྟས་ཏེ། ཞེས་གསུངས་པ་དང༌། གཞན་དུ་ན། གནས་པར་མི་ནུས་པའི་ཕྱིར་རོ། །ཤེས་པ་རང་བཞིན་དུ་གནས་པ་དང༌། ལུས་ཐ་མལ་པར་གནས་པ་དང༌། གནས་ནས་མ་ཕྱུང་བ་སྟེ་གཞན་དུ་ན་དབྱར་གནས་པའི་ཆོ་གའི་རྟེན་མ་ཡིན་པའི་ཕྱིར་རོ། །བཞི་པ་དུས་གང་གི་ཚེ་དབྱར་གནས་པར་ཁས་བླང་བ་ནི་དབྱར་སྔ་ཕྱིའི་བྱེ་བྲག་གིས་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་གམ། དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་སྟེ་ཚེས་བཅུ་དྲུག་ལའོ་ཞེས་པ་ལ་སོགས་གསུངས་པས་སོ། །འདིའི་དབྱར་འབྲིང་པོ་དང་ཐ་ཆུང་གང་ཡིན་ཉ་སྐར་རྣམས་དང་བསྒྲིགས་ནས་རྣམ་པར་བཤད་པ་ན་མི་མཐུན་པ་དུ་མ་བྱུང་བ་ལས། འཇིགས་མེད་མཚོ་སྣ་བ་ཆེན་པོའི་བཞེད་པ་ལྟར་འགྲེལ་པ་དང༌། ཀུན་མཁྱེན་བུ་སྟོན་ཆེན་པོའི་ལུགས་ལྟར་བཤད་པ་དང༌། དུས་ཕྱིས་ཀྱི་ཆེན་པོར་གྲགས་པས་སྨྲས་པ་རྟོག་བཏགས་སུ་བསྟན་པའོ། །དང་པོ་ནི། འདིར་ཚེས་བཅུ་དྲུག་ལའོ། །དབྱར་ཟླ་འབྲིང་པོའི་ཉའི་ཕྱི་དེ་ཉིན་པར་གྱིའོ། །དབྱར་ཟླ་ཐ་ཆུང་ཉ་ཡིའོ་ཞེས་འབྱུང་བ་ནི་ཡར་ངོ་སྔོན་འགྲོ་དང་བསྟུན་པའི་དབང་དུ་མཛད་ཀྱི། རྒྱ་དཔེར། ཚེས་གཅིག་ལའོ། །ཆུ་སྟོད་ཅན་གྱི་བར་མ་ཆད་པའོ། །ཡང་ན་གྲོ་བཞིན་ཅན་ལ་ཡང་ངོ་ཞེས་འབྱུང་བ་ནི་མར་ངོ་སྔོན་འགྲོའི་ལུགས་ཏེ། མདོ་གསུམ་པོ་དེའི་དོན་ནི་ཆུ་སྟོད་ཅན་ནི་ཉ་སྐར་ཧོར་ཟླ་དྲུག་པ་འཇིག་རྟེན་ན་དབྱར་ཟླ་ཐ་ཆུང་དུ་བྱེད་པ་དེ་ཡིན་ལ། བར་མ་ཆད་པ་ནི་འཇིག་རྟེན་ན་དབྱར་ཟླ་འབྲིང་པོར་གྲགས་པའི་ཧོར་ཟླ་ལྔ་པ་དང་བར་མ་ཆད་པ་ཡིན་ཏེ། ཆུ་ཉ་དེའི་བསྟན་བཅོས་ལུགས་ཀྱི་མར་ངོ་བཅོ་ལྔ་དེ་འཇིག་རྟེན་ལ་གྲགས་པའི་དབྱར་ཟླ་འབྲིང་པོ་ལ་འབྱུང་བར་སྣང་བའི་ཕྱིར་ཆུ་སྟོད་ཅན་གྱི་བར་དུ་ཉ་ཟླ་གཞན་གྱིས་མཆོད་པའོ། །ཚེས་གཅིག་ནི་ཆུ་ཟླ་རྫོགས་པའི་ཕྱི་དེ་ཉིན་གྱི་བར་གྱི་


K8Z004_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་སྟེ། འཇིག་རྟེན་ལ་གྲགས་པའི་དབྱར་ཐ་ཆུང་གི་ནང་བསྟན་བཅོས་ལུགས་ཀྱི་གྲོ་བཞིན་ཟླ་བའི་མར་ངོ་སྔར་ཚེས་པའི་ཚེས་གཅིག་གོ། །དེ་ནི་དབྱར་སྔ་མ་ཁས་བླང་བའི་དུས་ཡིན་ལ། ཡང་ན་ནི་དབྱར་སྔ་མ་ལས་ཕྱོགས་གཞན་ཏེ། གྲོ་བཞིན་ཅན་གྱིས་ཉ་བའི་དུས་ཏེ་ཧོར་ཟླ་བདུན་པ་ཡིན་ལ། འཇིག་རྟེན་ལ་གྲགས་པའི་སྟོན་ར་ཡིན་ལ། གྲོ་བཞིན་ཅན་གྱི་མར་ངོ་སྔོན་འགྲོ་ཧོར་ཟླ་དྲུག་པ་ལ་འབྱུང་བས། མར་ངོ་དེ་འཇིག་རྟེན་ལ་གྲགས་པའི་དབྱར་ཐ་ཆུང་གི་ཕྱེད་ཀྱང་ཡིན་ཅིང༌། གྲོ་བཞིན་ཅན་གྱིས་ཉ་བའི་ཕྱི་དེ་ཉིན་ཁྲུམས་སྟོད་ཅན་གྱི་མར་ངོ་སྔོན་འགྲོའི་ཚེས་གཅིག་ལ་དབྱར་ཕྱི་མ་ཁས་བླང་དགོས་པར་འགྱུར་རོ། །ཁྲུམས་སྟོད་ཀྱིས་ཉ་བ་སྟོན་རར་བཤད་པ་ནི་འཇིག་རྟེན་ལ་གྲགས་པའི་སྟོན་ར་ཧོར་ཟླ་བདུན་པའི་མར་ངོ་སྟེ། ཁྲུམས་སྟོད་ཀྱིས་ཉ་བའི་ཟླ་བའི་མར་ངོ་ཡང་ཡིན་པས། ཁྲུམས་སྟོད་ཅན་གྱི་ཉ་བའི་ཟླ་བའི་མར་ངོ་དང༌། སྟོན་རའི་གཞི་མཐུན་ཡོད་པ་ལ་དགོངས་པའི་ཕྱིར་རོ། །དེས་ན་ཇི་སྐད་དུ། གྲོ་བཞིན་ཟླ་བའི་ཚེས་གཅིག་གི། །སྔ་མའི་དབྱར་ནི་དེས་གཙོ་ཡིན། །དེ་བཞིན་ཁྲུམས་སྟོད་ཟླ་བ་ཡི། །ཚེས་གཅིག་ཅེས་ནི་ཕྱི་མར་གྲགས། །ཞེས་འབྱུང་བའི་དོན་ཡང་འདི་ལྟར་གནས་ཞེས་གསུངས་སོ། །དེ་ལྟར་ན་ཡང་དཀའ་བའི་གནས་ཅུང་ཟད་ཡོད་དེ། ཧོར་ཟླ་དྲུག་པའི་བཅུ་དྲུག་ནས་དབྱར་སྔ་མའི་ཚུལ་ཞུགས་བྱེད་ན་དེ་ནས་ཟླ་བ་བགྲངས་པའི་གཞི་ན་ལོ་མགོ་འཛིན་དགོས་ལ། དེ་ལྟར་ན་ཧོར་ཟླ་བཅུ་པའི་བཅུ་དྲུག་གནས་བཟུང་དགོས་པའི་ཕྱིར། དེ་ལྟར་ན་མགོ་ཉ་ལ་དུས་ཀྱི་དང་པོར་འཇོག་པ་ནི་རྒྱ་གར་གྱི་རྒྱལ་པོ་རྣམས་ལ་གྲགས་པ་འཇིག་རྟེན་པ་རྣམས་ཀྱི་ལུགས་ཏེ། མངོན་བརྗོད་དུ། རི་དྭགས་མགོ་དང་ལྷན་ཅིག་ཏུ། །ལོ་ཡི་དང་པོའོ། །ཞེས་ཟེར་ཞིང༌། བོད་རྣམས་ཀྱི་


K8Z004_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ནམ་པ་རྣམས་ཀྱང་དེ་ལྟར་བྱེད་ལ། དེ་ལྟར་གྱི་ཚེ་འདུལ་བ་པའི་རང་ལུགས་ཀྱི་ལོ་མགོ་སྨིན་ཉ་ནས་འཛིན་དགོས་པར་བཤད་པ་ཐམས་ཅད་ཁས་བླང་དུ་མ་བཏུབ་པས་དེར་དགོས་པར་ཐལ་བར་འགྱུར་རོ། །དེར་མ་ཟད་ཧོར་ཟླ་བདུན་པའི་བཅུ་དྲུག་ནས་དབྱར་ཕྱི་མ་ཁས་ལེན་པའི་དབང་དུ་བྱས་ན་ཟླ་བ་གསུམ་ལ་ཞག་གཅིག་གིས་མ་ཆོག་པར་གནས་དགོས་པ་ལས། ཧོར་ཟླ་བཅུ་པ་ཆུ་ལ་ཆབ་རོམ་འཆགས་དུས་ལ་དབྱར་གནས་བྱེད་པ་ཤིན་ཏུ་མི་སྲིད་པ་རིགས་པས་ཐོབ་པའི་ཕྱིར་ཟེར་རོ། །རིགས་པ་འདི་མ་བཟོད་ནས་བོད་ཕྱི་མ་ཁ་ཅིག །དབྱར་སྔ་ཕྱིའི་དགག་དབྱེ་གཉིས་ཟླ་བ་མི་གཅིག་པ་ལ་དེ་གཉིས་ཀ་ཧོར་ཟླ་དགུ་པའི་བཅོ་ལྔ་ཁོ་ན་ལ་བསྡམས་ནས་བྱས་པས་དབྱར་ཕྱི་མ་ཁས་བླངས་ན་ཟླ་བ་གཉིས་ལས་དབྱར་གནས་རྒྱུ་མི་འབྱུང་ཟེར་ནས་ལག་ལེན་དུའང་དེ་ལྟར་བྱེད་པ་ནི་རང་ལུགས་འཇོག་ཚུལ་ཉེས་པས་ལག་ལེན་འཁྲུལ་བར་གྱུར་པའོ། །དེང་སང་ཁ་ཅིག །ལོ་མགོ་ཉ་ནས་བཟུང་བའི་དབང་གིས་དགག་དབྱེ་སྨིན་ཉ་ལ་བྱེད་མ་ནུས། དེའི་དབང་གིས་སྲ་བརྐྱང་མགོ་ཉའི་ཚེས་གཅིག་ནས་བྱེད་མ་ནུས་པས་སྲ་བརྐྱང་བཏིང་བའི་དུས་སྔ་ཕྱི་དགག་དབྱེ་སྔ་ཕྱིའི་སྟོན་ཟླ་འབྲིང་པོ་དང༌། སྟོན་ཟླ་ཐ་ཆུང་གི་དུས་སྔ་ཕྱི་གཉིས་མི་གཅིག་པ་ལ་དེ་ཙམ་ལ་དཔྱོད་པ་མ་བཏང་ནས་སྲ་བརྐྱང་ཧོར་ཟླ་དགུ་པ་ཁོ་ན་ལ་རྣམ་པ་ཐམས་ཅད་དུ་བཏིང་དགོས་པར་བཤད་པ་ཐམས་ཅད་ཀྱང་འབྲིང་ཐག་ཆུ་ལ་བཞག་པའི་ཞོར་ལ་རྩིད་ཐག་ཀྱང་ཆུ་ལ་རུལ་བཅུག་དགོས་བྱུང་འདུག་གོ། །བེ་ཤ་ཀས། སྨིན་ཉའི་ཚེས་གཅིག་ནས་ཁྲའི་བར་ཟླ་བ་ལྔ་སྲ་བརྐྱང་གི་དུས་སུ་བཤད་པ་ཡང་དེང་སང་གི་ཉི་མ་ལོག་མཚམས་ཀྱི་དུས་ལ་བསྒྲིགས་ན་དགག་དབྱེ་ཕྱི་མ་དང་བསྟུན་པ་ཡིན་ནོ། །གཉིས་པ་ནི། དབྱར་ཟླ་འབྲིང་པོ་ལ་དབྱར་སྔ་མ་ཁས་ལེན་པར་བཤད་ན། དབྱར་འབྲིང་པོ་ནི་ཉི་མ་


K8Z004_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པའི་ཟླ་བ་དེ་ཡིན་ཅིང༌། ཉི་ལོག་གི་ཟླ་བ་དེ་ནི་ཧོར་ཟླ་ལྔ་པར་དེང་སང་འགྲིགས་ལ། དབྱར་ཉི་ལོག་རྗེས་ཀྱི་ཟླ་བ་དེ་དབྱར་ཟླ་ཐ་ཆུང་ཡིན་ལ། དེ་ཡང་དེང་སང་ཧོར་ཟླ་དྲུག་པ་དང་ཆེས་འགྲིག་པའི་ཕྱིར་ཧོར་ཟླ་ལྔ་པ་ནས་དབྱར་སྔ་མ་ཁས་བླངས་ན་མར་ངོ་སྔོན་འགྲོའི་སྨིན་ཉའི་ཚེས་གཅིག་ནས་དགུན་དུས་སུ་འཇོག་པ་དང་ཡང་ཆེས་མཐུན་པའི་ཕྱིར་དང༌། རྒྱ་དཔེར་ཆུ་སྟོད་ཅན་གྱི་བར་མ་ཆད་པའོ། །ཡང་གྲོ་བཞིན་ཅན་ལའོ། །ཞེས་འབྱུང་བས། ཆུ་སྟོད་ཅན་གྱི་ཚེས་གཅིག་ལ། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །དེ་བཞིན་གྲོ་བཞིན་ཟླ་བ་ཡི། །ཚེས་གཅིག་ནས་ནི་ཕྱི་མར་གྲགས། །ཞེས་ཐོབ་པས་ཀུན་མཁྱེན་བུའི་བཤད་ཚུལ་འདི་ནི་ཀྱོགས་བཤད་དུ་སོང་ངམ་མ་སོང་བརྟག་པར་བྱའོ། །འོ་ན་བེ་ཤ་ཀའི་ལུང་དེ་ནི་ཇི་ལྟར་འཆད་ཅེ་ན། དེ་ནི་སྔར་དགྲ་བཅོམ་པ་ས་ག་ལྷ་བཞུགས་པའི་དུས་ཉི་མ་ཧོར་ཟླ་དྲུག་པ་ལ་ལོག་པའི་དབང་དུ་བྱས་ནས་དེ་ལ་འདུལ་བ་པའི་ལུགས་ཀྱི་དབྱར་ཙམ་གྱི་དུས་དང་བསྒྲིགས་པ་ཡིན་ལ། དུས་ཕྱིས་སློབ་དཔོན་ཡོན་ཏན་འོད་ཀྱི་དུས་ཙམ་ནས་དེང་སང་གི་བར་ཉི་ལོག་ཟླ་གཅིག་ཙམ་གྱིས་སྔར་སོང་བ་ཡིན་ནོ་ཞེས་ཟེར་རོ། །གསུམ་པ་ནི། ཟླ་བཤོལ་མེད་པའི་དུས་དབྱར་སྔ་མ་ཁས་ལེན་པའི་ཚེ་ཆུ་སྟོད་ཅན་གྱི་མར་ངོ་སྔོན་འགྲོའི་ཚེས་གཅིག་ནས་བྱེད་ཀྱི། གྲོ་བཞིན་ནས་མི་བྱེད་ལ། ཟླ་བཤོལ་ཡོད་པའི་དབང་དུ་བྱེད་ན་གྲོ་བཞིན་གྱི་ཟླ་བའི་མིང་འདོགས་གཉིས་བྱུང་བའི་ཚེ་སྔ་མ་ལ་དབྱར་སྔ་མ་ཁས་ལེན་ལ་ཁྲུམས་སྟོད་ཀྱི་ཟླ་བ་གཉིས་བྱུང་བའི་ཚེ་སྔ་མ་ལ་དབྱར་ཕྱི་མ་ཁས་ལེན་དགོས་ལ། དེའི་ཕྱིར་གྲོ་བཞིན་ཅན་གྱི་ཚེས་གཅིག་ནས་ཞེས་སོགས་གསུངས་པའང་དེ་ལ་དགོངས་སོ། །འོ་ན་བཤོལ་ཟླ་ཡོད་པ་ཁོ་ན་མཚོན་ཏེ་བཤད་པ་ཅི་ཡིན་ཅེ་ན།


K8Z004_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བཤོལ་ཟླ་ཡོད་པའི་ལོ་དེ་ལོ་ཤིན་ཏུ་དག་པས་ཉ་སྐར་རྣམས་ཀྱང་ཇི་ལྟ་བ་བཞིན་དུ་འགྲིག་ཅིང༌། ཟླ་བ་བཅུ་གཉིས་འཕོ་མཚམས་དང་ལོ་འཕོ་མཚམས་ཀྱང་ཤིན་ཏུ་འགྲིགས་པའི་རྒྱུ་མཚན་གྱིས་སོ་ཞེས་ཟེར་རོ། །འཁྲུལ་བར་བཤད་པ་དེ་ཐམས་ཅད་འབྱུང་བའི་གཞི་ནི། རང་ལུགས་ལ་ཆུ་སྟོད་ཀྱིས་ཉ་བ་ལ་དབྱར་སྔ་མ་ཁས་ལེན་པའི་ལུགས་ལ་བེ་ཤ་ཀའི་ལུང་དེས་གནོད་པས། ལུང་དེ་ལ་འགལ་བ་སྤང་འདོད་ནས་ཕོངས་པར་གྱུར་ན་ཅི་ཡང་དྲན་པས་དེ་འདྲ་ཞིག་སྨྲས་པ་མ་གཏོགས་ལུང་དེ་བཤོལ་ཡོད་པའི་དབང་དུ་བྱས་པ་ཡིན་པ་རྒྱ་གར་གྱི་པཎ་ཆེན་སུའི་ངག་རྒྱུན་ཡིན་པ་དང༌། དེ་བོད་ཡུལ་གྱི་ལོ་ཙཱ་བ་སུའི་སྒྲོས་ལས་ཐོན་པ་ཡང་མི་གསལ་བས་རང་བཟོ་འབའ་ཞིག་ཡིན་ལ། བཤོལ་ཡོད་པའི་ལོ་དེ་ཉ་སྐར་རྣམས་དང་ཤིན་ཏུ་མི་འགྲིག་པ་མངོན་སུམ་གྱིས་གསལ་བ་ལ་བསྙེན་འདོར་བ་དང༌། གྲོ་བཞིན་ཅན་ལྟ་བུ་ལ་ཟླ་བཤོལ་ཡོད་ན་དབྱར་ཟླ་བ་ལྔ་འབྱུང་བའི་ཆུ་སྟོད་ཀྱིས་ཉ་བའི་ཟླ་བ་ལ་དབྱར་སྔ་མ་ཁས་མི་ལེན་པའི་རྒྱུ་མཚན་ཁྱོད་རང་གིས་དབྱར་འབྲིང་གཉིས་བྱུང་ན་དང་པོ་ལ་དབྱར་ཁས་ལེན་དགོས་ཏེ། དེ་དཔྱིད་ཟླ་བཞི་རྫོགས་མ་ཐག་པའི་རྗེས་ཟླ་དེ་ཡིན་པའི་ཕྱིར་ཞེས་བཀོད་སྣང་བས། སྔར་ཟླ་བཤོལ་མེད་པའི་དུས་ཆུ་སྟོད་ཀྱི་ཟླ་བ་དེ་དབྱར་ཟླ་འབྲིང་པོ་ཡིན་པ་ལ་ཟླ་བཤོལ་ཡོད་པའི་དུས་ཆུ་སྟོད་ཀྱི་ཟླ་བ་དེ་དཔྱིད་ཟླ་བཞི་པར་འགྲོ་བ་དེ་དོན་ལ་དཔྱིད་ཟླ་ལ་ཟླ་བ་ལྔ་ཡོད་པར་སོང་བས། འདུལ་བའི་ལུགས་ལ་དང་པོ་གཉིས་ནི་ཟླ་བ་བཞི་བཞིའོ་ཞེས་གདོན་པ་ན། ཞལ་རས་ལ་འབག་ཆུང་རེ་གོན་པ་སྐབས་སུ་བབ་འདུག་གོ། །ཡང་ན་ཟླ་བཤོལ་ཡོད་པའི་ལོ་དེ་ཉ་ཟླ་གཉིས་བསྡོངས་ནས་དཔྱིད་ཟླ་གཅིག་ཏུ་སོང་བས་དེ་ལྟར་ཡང་འདོད་མི་ནུས་སོ། །དངོས་དོན་གྱི་ལན་ནི་གྲོ་བཞིན་ཅན་གྱི་ཟླ་བ་གཉིས་ཡོད་པའི་དང་


K8Z004_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་དཔྱིད་ཟླ་བཞི་རྫོགས་མ་ཐག་པའི་ཟླ་བ་དེ་མ་ཡིན་ཏེ། དཔྱིད་ཟླ་བཞི་རྫོགས་མ་ཐག་པའི་ཟླ་བ་དེ་ཆུ་སྟོད་ཀྱི་ཟླ་བ་ཡིན་པའི་ཕྱིར་རོ། །གྲོ་བཞིན་ཅན་གྱི་ཟླ་བ་གཉིས་བྱུང་ན་དབྱར་འབྲིང་གི་ཟླ་བ་གཉིས་བྱུང་བ་ཡང་མ་གྲུབ་སྟེ། དེ་དབྱར་ཟླ་འབྲིང་པོ་མ་ཡིན་པར་དབྱར་ཐ་ཆུང་ཡིན་པའི་ཕྱིར་རོ། །གཞན་ཡང་དབྱར་སྔ་མ་ཁས་བླང་བ་ནས་དབྱར་དུས་ཟླ་བ་བཞི་ཡོད་དགོས་པ་ལས། དེ་ལྟར་གྱི་ཚེ་གྲོ་བཞིན་ཅན་གྱི་ཉ་བའི་ཟླ་བ་དེ་ཧོར་ཟླ་བདུན་པ་ཡིན་ལ། ཁྱོད་རང་ལྟར་ན་ཧོར་ཟླ་བདུན་པ་གཉིས། ཧོར་ཟླ་བརྒྱད་པ་གཅིག །དགུ་པ་གཅིག་སྟེ་བཞི་ཡོད་པ་ལས་ཟླ་བ་བཅུ་གཉིས་འཕོ་མཚམས་དང་ལོའི་འཕོ་མཚམས་འགྲིག་ན་བཤོལ་ཟླ་སྟེ། ཧོར་ཟླ་བདུན་པའམ་གྲོ་བཞིན་ཅན་གྱི་ཟླ་བ་གཉིས་བརྩེགས་འོང་དོན་མེད་དེ། གྲོ་བཞིན་ཅན་དང་བཅས་པའི་ཟླ་བ་བཅུ་གཉིས་རྫོགས་པའམ་འཕོས་པ་དང༌། ཕྱི་ལོའི་ལོར་འཕོ་མཚམས་སམ་མགོ་ཟུག་པའི་བར་ཤིན་ཏུ་འགྲིགས་པས། གྲོ་བཞིན་ཅན་གཉིས་པ་ས་སྟོང་དུ་ལོག་པའི་ཕྱིར་རོ། །གཞན་ཡང་གྲོ་བཞིན་ཅན་གྱི་ཟླ་བ་གཉིས་བརྩེགས་བྱུང་ན་སྔ་མ་ལ་དབྱར་ཁས་ལེན་བྱེད་དགོས་པར་རིགས་ན་ཆུ་སྟོད་ཅན་གྱི་ཟླ་བ་ལ་གཉིས་བརྩེགས་བྱུང་ན་ཡང་སྔ་མ་ཁས་ལེན་བྱེད་རིགས་ཏེ། འདོད་པ་དེའི་ཕྱིར་ཁྱབ་པ་ཡོད་དེ། དབྱར་ཁས་ལེན་ནི་དགོས། ཟླ་བ་དེ་དབྱར་དུས་ཀྱི་ཉ་ཟླ་ནི་ཡིན། དབྱར་ཕྱི་མ་ནི་དེ་ལ་ཁས་ལེན་གྱི་སྐབས་མི་སྲིད། དེ་མི་སྲིད་ན་དེ་ལ་དབྱར་སྔ་མ་ཁས་མི་ལེན་ཀ་མེད་ཡིན་པའི་ཕྱིར་རོ། །རྩ་བར་འདོད་ན། ཧོར་ཟླ་བདུན་པ་ལ་དགག་དབྱེ་བྱེད་དགོས་པར་ཐལ། དེ་དབྱར་སྔ་མ་ཁས་བླངས་ནས་ཟླ་བ་གསུམ་དུ་ལོངས་པའི་ཕྱིར་རོ། །འོ་ན་དབྱར་གྱི་དུས་ཟླ་བ་བཞི་སོ་སོ་ལ་ཟླ་བཤོལ་བྱུང་ན་དབྱར་སྔ་ཕྱིའི་ཁས་ལེན་ཅི་ལྟར་བྱེད་ཅེ་ན། དབྱར་སྔ་ཕྱིའི་ཁས་ལེན་རྣམས་པ་དེད་དུ་


K8Z004_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་ལྷག་པའི་ཆ་གང་བྱུང་དེ་དབྱར་རིང་པོའི་དུས་ཟླ་བ་ཕྱི་མ་ལ་ལྷག་བཅུག་པས་ཟླ་བཤོལ་ཡོད་པའི་དུས་དབྱར་རིང་པོ་ལ་ཟླ་བ་བཞི་ལ་ཞག་གཅིག་གིས་མ་ཆོག་པ་འབྱུང་བའི་ཕྱིར། དབྱར་སྔ་མ་ཁས་བླངས་ནས་ཟླ་བ་གསུམ་སོང་བའི་དགག་དབྱེ་གྲོལ་ནས་ཀྱང་དབྱར་དུས་ཟླ་བ་གཉིས་འབྱུང་ཞིང༌། དེ་ནས་དགུན་དུས་ཀྱི་ལོ་མགོ་འཛིན་ལ། ཟླ་ལྷག་མེད་ན་ནི་དཀྱུས་བཞིན་ཡིན་ཅེས་ཁ་ཆེ་བསོད་སྙོམས་པ་ཆེན་པོས་གསུངས་བཞིན་འཐད་དོ། །འོ་ན་ཟླ་ལྷག་དབྱར་དུས་སུ་ཡོད་པའི་ལོ་དཀྱུས་ལྟར་བྱས་ན་དབྱར་གནས་སྔས་སོ་སྙམ་ན། སྐྱོན་མེད་དེ། དབྱར་གྱི་དུས་ལ་ཟླ་བཤོལ་བྱུང་བས་དབྱར་དུས་ཀྱི་ཟླ་བཤོལ་ལས་གཞན་པའི་དབྱར་དུས་ཀྱི་ཟླ་བ་བཞི་པོ་རྣམས་དབྱར་དུས་ཀྱི་ཟླ་བ་ཡིན་པ་ལས་ཉམས་པར་མ་བྱས་པའི་ཕྱིར་རོ། །དེས་ན་དབྱར་གནས་སྔས་ནའང་དབྱར་གནས་དབྱར་ལ་མ་བྱས་ཀ་མེད་འདུག་གོ། །ལྔ་པ་ཡུན་ཇི་སྲིད་དུ་དབྱར་གནས་པ་ཁས་བླངས་པ་ནི་ཟླ་བ་གསུམ་དུའོ་ཞེས་གསུངས་སོ། །དྲུག་ལ་ཆོ་ག་གང་གིས་དབྱར་གནས་པར་ཁས་བླངས་པ་ནི་སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྦྱོར་བའི་ཆོ་ག་ལ་གསུམ་སྟེ། ཞག་བཅུའམ་ཟླ་ཕྱེད་ལ་སོགས་པར་ཇི་ལྟར་བསྒྲུབ་པ་དང༌། ཉི་མ་སྔ་མ་ལ་ཇི་ལྟར་བསྒྲུབ་པ་དང༌། ཚེས་བཅུ་དྲུག་ལ་ཇི་ལྟར་བསྒྲུབ་པའོ། །དང་པོ་ནི། གཙུག་ལག་ཁང་གི་བྱི་དོར་བྱ་བ་གཞུང་ན་གསལ་ལོ། །གཉིས་པ་ལ་ལྔ་སྟེ། གནས་མལ་དང༌། གང་ཟག་སྟ་གོན་བྱ་བ་དང༌། དེས་ཚུལ་ཤིང་གི་བམ་པོ་རྒན་རིམ་དུ་བཞག་ནས་ཁྲིམས་སུ་བཅའ་བ་བརྗོད་པ་དང༌། གཞན་གྱི་གསལ་བ་བྱ་ཞིང་ཚུལ་ཤིང་བྲིམས་པའི་སྐབས་ཀྱི་བྱ་བ་བསྒྲུབ་པ་དང༌། དགེ་འདུན་ལ་མལ་ཆ་དང་གནས་ལ་སོགས་བསྟབས་པ་དང༌། གནས་པར་ཞལ་གྱིས་བཞེད་པར་འགྱུར་བ་གོ་བར་བྱ་བའོ། །གསུམ་པ་ཚེས་བཅུ་དྲུག་ལ་ཇི་ལྟར་


K8Z004_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་ནི། སྦྱོར་དངོས་མཇུག་གསུམ་ལས། སྦྱོར་བ་ནི་ཡུལ་དེ་ལ་བསླབ་པ་རྒན་ན་ཕྱག་འཚལ་བ་དང༌། གཞོན་ན་འདུད་ཅིང་ཐལ་མོ་སྦྱར་བའི་སྤྱོད་ལམ་བསྟེན་པའོ། །དངོས་གཞི་ནི་སྔགས་ལན་གསུམ་བརྗོད་པ་སྟེ། མཇུག་ཐབས་ཡིན་ནོ། །ལེགས་སོ་ཞེས་སོ། །བདུན་པ་དབྱར་གྱི་དམ་ཚིག་བསྲུང་བ་ལ་དྲུག་སྟེ། དམ་བཅའ་བ་དང༌། གནས་སུ་འབྲེལ་བར་བྱ་བ་དང༌། དབྱར་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱ་བ་སྟེ། དབྱར་གྱི་ཚུལ་ཁྲིམས་བཅའ་བ་ལ་སོགས་པ་དང༌། ཚུལ་ནང་དུ་ཐོས་བསམ་སོགས་ལ་བརྩོན་པར་བྱ་བ་སྟེ། འདི་ནི་དོན་གྱི་བཅའ་བ་དང༌། གནས་དེར་ཡུན་རིང་དུ་གནས་པར་བྱ་བ་དང༌། དབྱར་གྱི་ཚུལ་དང་འབྲལ་བ་སྤང་བའོ། །འདི་ལ་གཉིས་ཏེ། འབྲལ་བ་དངོས་སྤང་བ་དང༌། འབྲལ་བའི་རྒྱུ་སྤང་བའོ། །དང་པོ་ནི། བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་འཆར་བར་མི་བྱའོ་ཞེས་གསུངས་པའོ། །གཉིས་པ་ལ་གསུམ་ལས། ཚུལ་ནང་དུ་རྙེད་པ་བགོད་པ་སྤང་བ་ནི། བརྟད་པ་ལས་བྱུང་བའི་སྤང་བའི་སྐབས་སུ་བསྟན་ཏོ། །ཚུལ་ནང་དུ་གླེང་དྲན་བྱེད་པ་སྤང་བ་ནི། ལུང་གཞི་ལས། སུས་ཀྱང་དབྱར་གྱི་ནང་དུ་གླེང་དྲན་མི་བྱའོ། །ཞེས་གསུངས་སོ། །ཚུལ་གྱི་ནང་དུ་ནན་ཏུར་བྱེད་པ་སྤང་བ་ནི། གནས་པར་ཁས་བླང་བར་བྱ་བ་ཉིད་ལ་གནས་པ་སྤང་བར་མི་བྱ་བ་ཉིད་དོ་ཞེས་གསུངས་སོ། །གཉིས་པ་ལ། ལུང་གཞིས་བརྗོད་པར་བྱ་བ་དང༌། །གླེང་གཞི་སོགས་ཀྱིས་བརྗོད་པའོ། །དང་པོ་ལ། དབྱར་གནས་ཁས་བླངས་བྱ་བ་དང༌། །དབྱར་དམ་ཇི་ལྟར་བསྲུང་བའོ། །དང་པོ་ལ། མདོ་ཙམ་ཉིད་དུ་བསྟན་པ་དང༌། །དེ་ཡི་རྒྱས་པར་བཤད་པའོ། །དང་པོ་ནི། དབྱར་གནས་གཅིག་ཏུ་བསྡད་པར་ངག་གིས་ཁས་བླངས། ཡིད་ཀྱིས་དམ་བཅའ་བར་བྱའོ། །


K8Z004_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཡུན་ཇི་སྲིད་དུ་ན། ཟླ་བ་གསུམ་དུའོ། །ཉི་མ་གང་ལ་ཁས་བླང་ཞེ་ན། ཚེས་བཅུ་དྲུག་ལའོ། །ཚེས་བཅུ་དྲུག་གི་ནངས་པར་ཁས་བླང་བར་བྱའོ་ཞེས་ཊཱི་ཀ་ལས་གསུངས་ཏེ། ཕྱི་ཕྲེད་ལ་སོགས་པར་ཁས་བླང་བ་ནི་གཞུང་ན་མི་སྣང་ངོ༌། །ཟླ་བ་གང་གི་ཚེས་བཅུ་དྲུག་ལ་བྱ་ཞེ་ན། དབྱར་སྔ་མ་ཁས་བླང་བའི་དུས་ནི་དབྱར་ཟླ་འབྲིང་པོ་ཉའི་ཕྱི་དེ་ཉིན་བར་གྱི་ཚེས་བཅུ་དྲུག་ལའོ། །དབྱར་ཕྱི་མ་ཁས་བླང་བའི་དུས་ནི་དབྱར་ཟླ་ཐ་ཆུང་ཉའི་ཕྱི་དེ་ཉིན་བར་ཚེས་བཅུ་དྲུག་ལའོ། །གཉིས་པ་ལ། སྔོན་འགྲོ་སྦྱོར་ཆོག་རྒྱས་པར་བཤད། །ཁས་བླང་མི་བླང་བྱེ་བྲག་བསྟན། །སྦྱོར་དངོས་ཆོ་ག་བརྗོད་ཚུལ་ལོ། །དང་པོ་ལ། ཞག་བཅུ་ཟླ་ཕྱེད་ཅི་ལྟར་བསྒྲུབ། །ཉི་མ་སྔ་མར་བསྒྲུབ་ཚུལ་ལོ། །དང་པོ་ནི། ཞག་བཅུའམ་ཟླ་ཕྱེད་ཀྱིས་དབྱར་ཁས་བླངས་པ་འབྱུང་བར་འགྱུར་བ་ཉིད་ན་གཙུག་ལག་ཁང་བྱི་དོར་བྱའོ། །ལུང་ཁ་ཅིག་ལས་ནི་ཞག་བདུན་ནམ་བརྒྱད་ན་བྱི་དོར་བྱའོ་ཞེས་སོ། །གཉིས་པ་ལ། གནས་མལ་གང་ཟག་སྟ་གོན་བྱ། །ཚུལ་ཤིང་བཞག་ནས་བཅའ་བ་བརྗོད། །གསོལ་བྱ་ཚུལ་ཤིང་བྲིམས་པའི་སྐབས། །འདུས་ལ་གནས་སོགས་བསྟབས་པ་དང༌། །གནས་པར་ཞལ་བཞེས་གོ་བྱའོ། །དང་པོ་ནི། ཚེས་བཅུ་དྲུག་ལ་ཁས་ལེན་པའི་ཉི་མ་སྔ་མ་ལ་གནས་མལ་བསྡོག་གོ། །ཐ་ན་རེ་ཞིག་འདུག་པའི་ཁྲིའུ་དང༌། རྐང་པ་འཁྲུ་བའི་ཆོལ་ཟངས་ཡན་ཆད་དོ་སྟེ་སྟོབ་པར་བསྐོ་བར་བྱའོ། །འདིའི་འཕྲོས་དོན་བརྗོད་ན་བསྐོས་བའི་དགོས་པ་ནི། མ་བསྐོས་པར་སྟོབ་པའི་ཉེས་པ་ཁེགས་པ་དང༌། ལས་ཀྱིས་བསྐོས་པས་བཅས་པའི་ས་མཚམས་ཟིན་པའོ། །གཉིས་པ་བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་ལ་བསྐོ་བ་ནི་ཆོས་བཅུ་བཞི་དང་ལྡན་པ་བསྐོ་སྟེ། སྤོང་བ་པའི་ཞལ་ཏ་པ་བསྐོ་པའི་སྐབས་སུ་སྔར་བཤད་པ་བཞིན་ནོ། །གཉིས་པ་རྟེན་གང་གིས་


K8Z004_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་བསྐོ་བ་ནི། སྦྱོར་དངོས་མཇུག་གསུམ་གྱིས་ཏེ། སྦྱོར་བ་སྤྲོ་བ་འདྲི་བ་དང༌། དངོས་གཞི་གསོལ་གཉིས་ཀྱི་ལས་དང༌། མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །བཞི་པ་བསྐོ་བའི་བསླབ་བྱ་ནི་གཞུང་དུ་ཤེས་པར་འགྱུར་རོ། །དགེ་འདུན་མང་བས་དགེ་སློང་གཅིག་གིས་དགེ་འདུན་ལ་གནས་མལ་སྟོབ་པར་མི་ནུས་ན་དགེ་སློང་དུ་མ་བསྐོ་བར་བྱའོ། །གཉིས་པ་ནི། བསྐོས་པའི་འོག་ཏུ་གནས་མལ་སྟོབ་པོར་བསྐོས་པའི་དགེ་སློང་དེས་ཙནྡན་ལ་སོགས་པ་དྲི་དག་གིས་བསྐུས་པའི་ཚུལ་ཤིང་གཟེབ་ཀྱི་སྤྲོག་མང་རས་དཀར་པོ་བཏིང་བས་དཀྲིས་པའི་ཚུལ་ཤིང་གི་བམ་པོ་དག་རྒན་རིམ་དུ་བཞག་ནས་འདི་སྐད་ཅེས་བརྗོད་དོ། །ཚེ་དང་ལྡན་པ་དག་གནས་འདི་ན་ཁྲིམས་སུ་བྱ་བ་དབྱར་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱ་བ་འདི་དང༌། མཁོ་ཞིང་སྦྱད་པའི་དངོས་པོ་མྱུར་དུ་བསྐྱལ་བ་ལྟ་བུ་གསར་དུ་ཁྲིམས་སུ་བཅའ་བ་འདི་དག་ཡོད་དེ། ཁྱེད་ཅག་ལས་གང་ཁྲིམས་སུ་བྱ་བ་དབྱར་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱ་བ་འདི་དང༌། གསར་དུ་ཁྲིམས་སུ་བཅའ་བ་འདིས་གནས་པར་སྤྲོ་བ་དེས་ནི་ཚུལ་ཤིང་ལོང་ཞིག །ཁྱེད་ཅག་ལས་སུས་ཀྱང་དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱའོ། །ལུང་གཞི་ལས། དགེ་སློང་སུས་ཀྱང་དབྱར་གྱི་ནང་ལོགས་སུ་དགེ་སློང་ལ་གླེང་བར་མི་བྱ། དྲན་པར་མི་བྱ། ཞེས་སོ། །ཁྱེད་ཅག་ལས་གླེང་བར་འདོད་པའི་རྟེན་གང་གིས་གླེང་བྱའི་ཡུལ་འགའ་ཞིག་ལ་ཉེས་པ་བྱུང་བ་ཅུང་ཟད་ཤེས་པ་གླེང་བར་འདོད་པ་དེས་ད་སྨྲོས་ཤིག །ཁྱེད་ཅག་ལས་གང་དབྱར་གྱི་ནང་དུ་དགེ་འདུན་ལ་འཁྲུག་ལོང་བསྐྱེད་པར་འགྱུར་བ་དེ་ལ་དགེ་འདུན་གྱིས་དབྱར་གནས་ཐོན་པའི་ཕྱིས་ཉེ་བར་


K8Z004_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་པ་སྟེ། ཆད་པ་གཅོད་པར་དགོངས་སོ་ཞེས་དགེ་སློང་རྣམས་ལ་གོ་བར་བྱའོ། །གསུམ་པ་ནི། དེའི་འོག་ཏུ་གནས་མལ་སྟོབ་པའི་དགེ་སློང་དེ་ལས་གཞན་པའི་དགེ་སློང་གཅིག་གིས་ཆོ་ག་བརྗོད་དེ། དགེ་འདུན་གྱི་ཚུལ་ཤིང་བླང་བ་དང༌། དབྱར་གནས་པར་ཁས་བླང་བའི་ཕྱིར་དགེ་འདུན་ལ་གསོལ་བ་འབའ་ཞིག་པའི་ལས་བྱའོ། །གསོལ་བའི་ལས་དེ་བྱས་མ་ཐག་ཏུ་གནས་མལ་སྟོབ་པ་པོ་དེས་དགེ་འདུན་ལ་ཚུལ་ཤིང་བྲིམ་མོ། །དང་པོར་སྟོན་པའི་ཚུལ་ཤིང་བྲིམས་པོས་བླང་ངོ༌། །སྟོན་པའི་ཚུལ་ཤིང་ལེན་པ་ལས་གཞན་པའི་དགེ་སློང་གིས་ནི་སྟན་ལས་ཕྱེད་འཕགས་པས་ལེན་ཏེ་གུས་པས་འཇུག་པར་བྱའོ། །དགེ་ཚུལ་རྣམས་ཀྱི་ནི་སློབ་དཔོན་དང་མཁན་པོ་དག་གིས་སོ། །མཇུག་ཏུ་གཙུག་ལག་ཁང་གི་སྲུང་མ་གཉུག་མར་གནས་པ་ལྷ་མོ་འཕྲོག་མ་ལ་སོགས་པ་རྣམས་ཀྱི་ཚུལ་ཤིང་དེ་ཡང་བླང་ངོ༌། །ཚུལ་ཤིང་སྡུད་པ་ཐམས་ཅད་ཀྱིས་དལ་བུས་བཞག་པར་བྱའོ། །ཚུལ་ཤིང་སྡུད་པའི་འོག་ཏུ་ཚུལ་ཤིང་བགྲངས་ནས་གནས་འདིར་དགེ་སློང་འདི་སྙེད་ཀྱི་ཚུལ་ཤིང་བླངས་སོ་ཞེས་གོ་བར་བྱའོ། །བཞི་པ་ལ། གནས་ཉིད་ཇི་ལྟར་བསྟབ་པ་དང༌། །མལ་གོས་ཇི་ལྟར་བསྟབ་པའོ། །དང་པོ་ལ། གནས་བསྟབ་དངོས་དང་བསླབ་བྱ་བསྟན། །གནས་ཀུན་ཡོངས་བཅད་བསླབ་བྱ་བརྗོད། །དུས་སོགས་གནས་ཀྱི་བསྟབ་མི་བསྟབ། །གཙུག་ཁང་སྐྱོང་བའི་བསླབ་བྱའོ། །དང་པོ་ནི། གནས་ཀྱི་གཞི་གནས་ཁང་ལ་སོགས་པ་བསྟབ་པར་བྱའོ། །འདིའི་འཕྲོས་དོན་བརྗོད་ན་དགོས་པ་ནི་དགེ་འདུན་བདེ་བ་ལ་རེག་པར་གནས་པའོ། །བསྡུས་པའི་དོན་ལ་ལྔ་ལས། དང་པོ་ནི། ཡུལ་གང་ལ་བསྟབ་པ་ནི། ཆོས་འདི་པའི་རབ་བྱུང་ཡིན་པ་སྟེ་སྐབས་ཀྱིས་འགྲུབ་ཅིང༌། ཁྱིམ་པ་དང་མུ་སྟེགས་


K8Z004_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་དགེ་འདུན་གྱི་གནས་མལ་གྱི་སྐལ་བ་སྦྱིན་པ་མི་རིགས་པའི་ཕྱིར་རོ། །རྩ་ལྟུང་འཆབ་བཅས་བྱུང་བ་མ་ཡིན་པ་སྟེ། རྩ་ལྟུང་འཆབ་བཅས་ཀྱིས་ཚུལ་ཁྲིམས་འཆལ་བ་དེ་དག་དགེ་འདུན་གྱི་རྙེད་པ་མི་དབང་བའི་ཕྱིར། གནས་ནས་མ་བྱུང་བ་སྟེ་གནས་ནས་ཕྱུང་ན་ཆོས་དང་ཟང་ཟིང་མཐའ་དག་གིས་སྤང་བའི་ཕྱིར་རོ། །ལྟ་བ་དང་སྤྱོད་པའི་སྒོ་ནས་ཆོས་གཞན་པའི་ཕྱོགས་སུ་མ་གྱུར་པ་སྟེ། བྱེ་བ་དག་ནི་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་ཡང་གནས་ནས་ཕྱུང་བ་དང་འདྲའོ་ཞེས་གསུངས་པའི་ཕྱིར་རོ། །འཐབ་ཀྲོལ་ཅན་མ་ཡིན་པ་སྟེ་འཐབ་ཀྲོལ་ཅན་གྱིས་གནས་མི་ཐོབ་པར་བྱ་བའི་ཕྱིར་རོ། །ཕྱིས་འབྱུང་བའི་གང་ཟག་མ་ཡིན་པ་སྟེ་འབྱུང་བའི་དོན་དུ་ནི་མི་བསྐོའོ་ཞེས་གསུངས་པ་དང༌། དབྱར་གནས་པར་ཁས་ལེན་པ་སྟེ། ཊཱི་ཀ་ལས། གནས་པར་ཁས་བླངས་ནས་གནས་མལ་ནོད་པར་བྱ། ཞེས་གསུངས་ཏེ་ཁས་ལེན་ན་ཞེས་དགོངས་སོ། །མཚན་མཐུན་པ་སྟེ་མཚན་མི་མཐུན་པ་རྣམས་གནས་གཅིག་ཏུ་དབྱར་ཚུལ་དུ་འཇུག་པར་མི་རིགས་པའི་ཕྱིར། དམིགས་བསལ་ནི་དེ་ལ་འདབ་ཏུ་གཙུག་ལག་ཁང་སྦྱིན་ནོ། །གནས་མལ་ལྷག་པ་བཟང་པོ་མ་ཡིན་པ་ཡང་ངོ༌། །ཞེས་སོ། །དེ་ལྟར་ན་ཆོས་བརྒྱད་དང་ལྡན་པ་ནི་གནས་བསྟབ་པའི་ཡུལ་ཡིན་ནོ། །མལ་ཆ་སྟོབ་པའི་ཡུལ་ནི་བརྒྱད་པོ་དེ་དག་གི་སྟེང་དུ་མཛེ་ཅན་མ་ཡིན་པ་དང༌། གནས་མལ་ཉམས་པར་བྱེད་པའི་ཆོས་ཅན་མ་ཡིན་པ་སྟེ་ཆོས་བཅུ་ལྡན་ནོ། །གཉིས་པ་རྟེན་གང་གི་སྟོབ་པ་ནི། བསྐོས་པ་དང་འབྲེལ་བ་སྟེ་མ་བསྐོས་པར་མི་བྱའོ་ཞེས་གསུངས་པས་སོ། །གསུམ་པ་དངོས་པོ་གང་བསྟབ་པ་ནི། གནས་དང་མལ་ཆ་ལ་སོགས་པ་ཡིན་པ་སྟེ་སོགས་སྒྲས་གོས་ཀྱང་བསྡུས་སོ། །བདག་པོ་དགེ་འདུན་དབང་བ་ཡིན་པ་སྟེ།


K8Z004_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་ལས་དགེ་འདུན་ལ་གནས་མལ་སྟོབ་པ་ཞེས་གསུངས་པས་ཏེ་སྐབས་ཀྱིས་འགྲུབ་ཅིང༌། གནས་མལ་བསྟབ་ན་ཁྲིམས་སུ་བཅའ་བ་བརྗོད་པ་ལས། དགེ་འདུན་གྱིས་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱད་པར་མི་བྱའོ་ཞེས་གསུངས་པ་དང༌། རང་གཞན་ལ་ཐུན་མོང་དུ་མཁོ་བའི་གནས་མ་ཡིན་པ་སྟེ། སྒོ་དང་ཐེམ་སྐས་ཀྱི་ལྐོག་དང་ཁྱམས་མི་བསྐོ་ཞེས་གསུངས་པ་དང༌། ནད་པ་ལ་བསྔོས་པ་མ་ཡིན་པ་སྟེ་ནད་པ་འདུག་པའི་གནས་ཁང་གཞན་ལ་མི་སྦྱིན་ཅེས་གསུངས་པ་དང༌། སྔར་བསྟབས་ཟིན་དང་མ་འབྲེལ་བའོ། །བཞི་པ་དུས་གང་གི་ཚེ་བསྟབ་པ་ནི་རྒྱུ་སྐར་མ་ཤར་པ་སྟེ། ལུང་སིལ་བུ་ལས། སྐར་མ་ཤར་ཕན་ཆད་མལ་སྟན་མ་བགོ་ཞིག་ཅེས་གསུངས་སོ། །དབྱར་གནས་པར་ཁས་མི་ལེན་པས་ཀྱང་གནས་མལ་ལེན་པ་སྤང་བའི་ཕྱིར་རོ། །ལྔ་པ་ཚུལ་ཇི་ལྟར་བསྟབ་པ་ནི། ལྡེའུ་མིག་ཐོགས་ཏེ་མདུན་དུ་འདུག་ནས་ཡོད་ཏན་ཇི་ལྟ་བ་བཞིན་དུ་བརྗོད་ཅིང་བསྟབ་པའོ། །གནས་སྟོབ་ཀྱི་དགེ་སློང་དེས་གནས་ཀྱི་གཞི་སྟོབ་པར་བྱ་བ་དེ་དག་གི་སྒོ་ལྕགས་དང་ལྡེའུ་མིག་ཐམས་ཅད་བསྡུས་ཤིང༌། ལག་ཏུ་བླངས་པས་དབང་པོར་གནས་བརྟན་གྱི་མདུན་དུ་འདུག་སྟེ། གནས་བརྟན་གཙུག་ལག་ཁང་ཆེ་གེ་མོ་ནི་རྙེད་པ་དང་བཅས་པ། གོས་ཀྱི་རིན་དང་བཅས་པ་ལགས་ཀྱི་བཞེད་ན་བཞེས་ཤིག་ཅེས་གནས་ཀྱི་གཞི་དེའི་ཡོན་ཏན་ཇི་ལྟ་བ་བཞིན་དུ་བརྗོད་ཅིང༌། གནས་ལེན་པར་མོས་པ་བསྐྱེད་ཅིང་གནས་ཀྱི་གཞི་ལེན་དུ་གཞུག་གོ། །གྲལ་འོག་མ་ཡང་དེ་བཞིན་ནོ། །གནས་ཀྱི་གཞི་བསྟབས་པ་ན་འདོད་ན་བླང་བར་བྱའོ། །ཞེས་བྱ་བ་ལ་སོགས་པ་བཞི་ནི་བར་དུ་ཆོད་པས་བླང་བར་མི་བྱའོ། །ཚིག་གཉིས་ལ་ནི་མི་སྦྱིན་ཅིང་འོག་མ་ལ་ནི་མ་ཡིན་ནོ་ཞེས་བསྟན་པས་བླང་བ་དང༌། མི་


K8Z004_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བླང་བ་གཉིས་དང༌། མི་སྦྱིན་པ་དང༌། སྦྱིན་པ་སྟེ་བསླབ་བྱ་བཞི་ནི་སྔར་ལྷུང་བཟེད་འབྲེལ་མེད་ཀྱི་སྐབས་དང་འདྲའོ། །དགེ་སློང་གང་མཆོད་རྟེན་དང་དགེ་འདུན་གྱི་དོན་མ་ཡིན་པར་སྒོས་དོན་ལ་རང་གར་གཞན་དུ་སོང་བར་ཤེས་པ་ལ་ནི་དགེ་སློང་གཉུག་མར་གནས་པ་རྣམས་ལ་བསྐོས་ཟིན་པའི་འོག་ཏུ་གནས་ཀྱི་གཞིའི་སྐལ་བ་ལྷག་པའི་ཐེབ་གཉིས་ཡོད་ན་དེ་ལས་བསྐོ་བར་བྱའོ། །ཤིང་ལྗོན་པའི་དྲུང་དང་ནེའུ་སིང་གི་གཞི་དག་ཀྱང་བསླབ་པ་རྒན་རིམ་བཞིན་དུ་བསྐོ་བར་བྱའོ། །དགེ་སློང་མང་ལ་གནས་ཁང་ཉུང་བའི་དགེ་སློང་རེ་རེ་ལ་གནས་ཁང་གིས་མི་ཆོག་ན་དགེ་སློང་གཉིས་ལ་སོགས་པ་དག་ལ་གནས་ཁང་གཅིག་ཏུ་བསྐོའོ། །དེས་ཀྱང་མི་ཐེབ་ན་གནས་དེའི་ས་གཞི་སྟན་བཏིང་བའི་ཚད་ཙམ་ཡང་བསྐོ་བར་བྱའོ། །ས་གཞི་བཏིང་བའི་ཚད་ཙམ་དུ་བགོ་བ་དེ་ལ་གནས་ཁང་དེའི་གྲྭ་གཅིག་ཏུ་ལྷུང་བཟེད་ལ་སོགས་པ་འཇོག་པ་ཤོང་བའི་ས་གཞི་མི་བགོ་བར་སྦྱི་སོར་བཞག་གོ། །ཞེས་སྟོན་པ་ནི་ལྷུང་བཟེད་དང་བྱ་མ་བུམ་དང་འདག་རྫས་དང་སོ་ཤིང་དང་སྨན་གྱི་གནས་ལ་མི་བགོ་བར་སྤྱི་སོར་བལྟོས་པར་བྱའོ། །གནས་ཁང་ཉུང་ལ་དགེ་སློང་མང་བས་མི་ཤོང་ཡང་སྒོ་ཁང་དང་ཐེམ་སྐས་ཀྱི་ལྐོག་དང་ཁྱམས་དང་དཔངས་དང༌། དགེ་འདུན་གྲལ་ལ་བཀང་སའི་ར་བ་དང༌། སྲོ་ཁང་གི་ར་བ་དག་ནི་གང་ཟག་གི་གནས་ཁང་དུ་བསྐོ་བར་མི་བྱའོ། །མཚན་མོ་གནས་མལ་མི་བསྐོའོ། །ལུང་སིལ་བུ་ལས། སྐར་མ་ཤར་ཕན་ཆད་མལ་སྟན་མ་བགོ་ཞིག །ཅེས་གསུངས་པས་སོ། །འོན་ཀྱང་ལུང་གླེང་གཞི་ལས་ནི་མཚན་མོ་སྲོད་འཁོར་ཕན་ཆད་མལ་སྟན་མ་བགོ་ཞིག་ཅེས་གསུངས་ཏེ་སྲོད་འཁོར་ནི་མཚོན་པ་ཙམ་མོ། །སྦྱོར་མི་བཟོད་པའི་ནད་པ་སྔར་ནས་འདུག་པའི་གནས་


K8Z004_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་ནད་པ་ལས་ཕྲལ་ཏེ་གཞན་ལ་མི་སྦྱིན་ནོ། །བསླབ་པ་རྒན་རིམ་བཞིན་བསྐོས་ན་ནད་པ་བསླབ་པ་གཞོན་པས་གནས་ཁང་དེ་ཉིད་སྔར་ནས་ཐོབ་པ་མེད་ན་ནད་པ་ལ་གསར་དུ་གནས་ཁང་མི་སྦྱིན་པར་མི་བྱའོ། །ནད་པ་དེ་དང་ནད་པ་དེའི་གཡོག་དགེ་འདུན་སྤྱིའི་ལས་ལ་སོགས་པའི་ལས་བྱེད་དུ་མི་གཞུག་གོ། །མཛེ་ཅན་གྱིས་དགེ་འདུན་གྱི་གནས་མལ་སྤྱད་པར་མི་བྱའོ། །མཛེ་ཅན་དེ་ལ་གནས་དབེན་པ་སྦྱིན་ནོ། །མཛེ་ཅན་དེས་དགེ་འདུན་གྱིས་བསྟེན་པར་བྱ་བ་སྟེ། ལོངས་སྤྱོད་པ་དང་བཅས་པ། ཐ་ན་ཁྱམས་དང༌། ཁྱམས་སུ་གྲུ་བཞི་པ་དང༌། སྒོ་ཁང་དང༌། བང་རིམ་དང༌། འཆག་ས་དང༌། ཤིང་དྲུང་གི་གནས་དེར་ཡང་མཛེ་ཅན་འཇུག་པར་མི་བྱའོ། །མཛེ་ཅན་དེས་དགེ་འདུན་གྱི་བཤང་བ་དང་གཅི་བའི་སྐྱབས་གཉིས་སུ་འཇུག་པར་མི་བྱའོ། །མཛེ་ཅན་དེ་ལ་དགེ་འདུན་གྱིས་གཡོག་བསྐོ་བས་སྙིང་བརྩེ་བར་བྱའོ། །དབྱར་དག་གི་ཉི་ཚེར་མ་ཟད་ཀྱི་དུས་ཐམས་ཅད་དུ་དགོན་པ་དག་ལ་ལྷུང་བཟེད་དང༌། ཆོས་གོས་བཞག་པའི་གཙུག་ལག་ཁང་དུ་གནས་ཁང་བསྐོ་བར་བྱའོ། །དབྱར་གནས་པར་ཁས་བླངས་པས་ན་དགེ་སློང་ཁ་ཅིག་གློ་བུར་དུ་འོང་སྲིད་པས་གནས་དང་གནས་མལ་བཞག་པར་བྱའོ། །རིམ་གྱིས་བསྐོ་བར་བྱའོ་ཞེས་འོག་ནས་འབྱུང་བའི་དམིགས་བསལ་ཡིན་ནོ། །དགེ་སློང་མང་པོ་དག་གློ་བུར་དུ་ལྷགས་ན་སྔར་གནས་པ་དག་གིས་གནས་ཁང་དང་མལ་ཆ་སྔར་བསྒོས་ཟིན་པ་རྣམས་སླར་བསྡུས་ཏེ་གཟོད་གཞི་ནས་བགོ་བར་བྱའོ། །དབྱར་གནས་པར་ཁས་བླངས་པ་ཕྱི་མ་ཤོས་ཕྱིན་ཅད་ནི་མང་པོ་དག་ལྷགས་ན་ཡང་གཟོད་བགོ་བར་མི་བྱའོ། །དགེ་སློང་ཉུང་ལ་གནས་ཁང་མང་བ་ཉིད་ཡིན་ན་དགེ་སློང་གཅིག་ལ་ཡང་གནས་ཁང་གཉིས་ལ་སོགས་པ་དགེ་སློང་


K8Z004_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་ལོངས་སྤྱོད་པ་ཅི་ཙམ་ཁྱབ་པའི་བར་དག་བསྐོ་བར་བྱའོ། །ཞག་གཅིག་གི་དོན་དུ་གནས་མལ་ནོད་པར་མི་བྱའོ་སྟེ་དགེ་སློང་གཞན་གྱི་གནས་སྟོབ་པ་ལ་གེགས་བྱེད་པའི་ཕྱིར་ཏེ། དབྱར་གནས་ལྟ་བུ་ལ་དགེ་སློང་ཞག་གཅིག་སྡོད་པ་དེས་གནས་བརྙས་པར་མི་བྱའོ། །གཙུག་ཁང་ལ་ཡང་དེ་བཞིན་ནོ། །རྙེད་པ་འདོད་པས་གཙུག་ལག་ཁང་དང་མལ་ཆ་མི་ནོད་དོ། །ལུང་ལས། དགེ་སློང་གིས་རྙེད་པ་འདོད་པས་གཙུག་ལག་ཁང་བླང་བར་མི་བྱའོ། །སྦྱིན་བདག་རྣམས་ལ་སྙིང་བརྩེ་བས་བླང་བར་བྱའོ། །ཞེས་གསུངས་སོ། །ཉིད་བཤད་ལས། བརྩེ་སེམས་ཀྱིས་ཞེས་བྱ་བ་འདི་ནི་མཚོན་པ་ཙམ་ཡིན་ཏེ། དེ་བས་ན་འདིར་བསྡུ་བར་མ་བྱས་སོ། །ཞེས་གསུངས་སོ། །དེའི་དོན་ནི་སྙིང་བརྩེ་བའི་སེམས་མངོན་གྱུར་དུ་མེད་ཀྱང་རྙེད་པ་འདོད་པ་མ་ཡིན་ན་ཉེས་པ་མེད་ཅེས་དགོངས་པའོ། །གཉིས་པ་ནི། མང་བ་ཉིད་ཡིན་ན་གཅིག་ལ་ཡང་གཉིས་ལ་སོགས་པས་ཁྱབ་པའི་བར་དག་གོ་ཞེས་སྔར་སྨོས་ན་དགེ་སློང་གཅིག་གིས་གནས་ཁང་མང་པོ་མནོས་པ་དེས་གནས་ཁང་གཅིག་ཏུ་བདག་ཉིད་འདུག་ཅིང༌། གནས་ཁང་གཞན་རྣམས་སྟོང་པར་བཞག་གམ་སྙམ་ན། གནས་ཁང་ཐམས་ཅད་ཡོངས་སུ་སྤྱད་པར་བྱའོ་སྟེ་གནས་ཁང་འབུལ་བའི་སྦྱིན་བདག་ཐམས་ཅད་ཀྱི་བསོད་ནམས་སྤེལ་བའི་ཕྱིར་རོ། །ཐམས་ཅད་ཡོངས་སུ་སྤྱད་པར་བྱའོ་ཞེས་སྨོས་ན་དགེ་སློང་གཅིག་གིས་གནས་ཁང་མང་པོ་མནོས་པ་ཐམས་ཅད་ལ་ཇི་ལྟར་སྤྱད་པར་བྱ་ཞེ་ན། གནས་ཁང་ལ་ལར་ཀློག་པ་དང༌། ཁ་ཏོན་དང༌། འདུག་པ་དང༌། བཅག་པ་ལས་གང་ཡང་རུང་བར་བྱ། གནས་ཁང་ལ་ལར་ལྷུང་བཟེད་དང་ཆོས་གོས་བཞག་པར་བྱ། ལ་ལར་མཚན་མོར་ཉལ་བར་བྱ། ལ་ལར་སྔ་དྲོ་དང༌། དགུང་ཚིགས་དང་


K8Z004_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་དྲོ་འདུག་པས་གནས་ཁང་ཐམས་ཅད་ལོངས་སྤྱད་པས་དེ་ལ་སྦྱར་བར་བྱའོ། །གནས་པར་ཁས་བླངས་པས་གནས་ཀྱི་གཞི་རལ་བ་དང་གྲུམ་པ་བཅོས་པར་བྱའོ། །དགེ་སློང་མ་དབྱར་གནས་པ་རྣམས་ཀྱི་དགེ་སློང་མའི་གནས་དབྱར་ཁང་བཅོས་པར་བྱའོ། །གསུམ་པ་ནི་གང་ཟག་འཐབ་ཀྲོལ་ཅན་དག་གནས་དེར་འོང་བ་ན་འཐབ་ཀྲོལ་ཅན་གྱིས་གནས་མི་ཐོབ་པར་བྱ་བའི་ཕྱིར། དགུན་མནོད་པ་དང་དཔྱིད་མནོད་པའི་གནས་མལ་ཡང་དབྱར་གྱི་དུས་འདིར་དགེ་སློང་སྔར་གནས་པ་རྣམས་ལ་བསྟབ་པར་བྱའོ། །འཐབ་ཀྲོལ་བས་གནས་མི་འཐོབ་པའི་ཕྱིར་གནས་མལ་མ་ལུས་པར་རིལ་གྱིས་བསྐོ་བར་བྱའོ། །རིལ་གྱིས་བསྐོ་བ་དེ་ནི་གང་ཞེ་ན། འདི་ལྟ་སྟེ་དགེ་འདུན་གྱི་གཙུག་ལག་ཁང་དང༌། གང་ཟག་གི་ཁང་ཁྱིམ་དག་གི་ཉེན་ཀོར་ཡང་མ་ལུས་པར་རིལ་གྱིས་བསྐོ་བར་བྱའོ། །ཁྱམས་ཀྱི་ཉེན་ཀོར་དེ་ཡང་རིལ་གྱིས་བསྐོ་བར་བྱའོ། །འཐབ་ཀྲོལ་ཅན་དེ་དག་གནས་གཞན་དུ་དོང་བ་ཉིད་ཀྱི་འོག་ཏུ་གཙུག་ལག་ཁང་དང༌། ཁང་ཁྱིམ་དང༌། ཁྱམས་དང༌། དེ་དག་གི་ཉེན་ཀོར་དེ་དག་སྔ་མ་ཁོ་ན་བཞིན་རང་སར་མི་བཏང་བར་མི་བྱའོ། །དགེ་སློང་རང་བཞིན་དུ་གནས་པ་ཚུལ་ཁྲིམས་དང་ལྡན་པ་འཐབ་ཀྲོལ་ཅན་མ་ཡིན་པའི་ཕྱིར། དེས་གནས་མི་ཐོབ་པའི་རྒྱུ་ཐབས་དགུན་དང་དཔྱིད་མནོད་པའི་གནས་མལ་བསྟབས་པ་དང༌། རིལ་གྱིས་བསྐོ་བ་སྔར་བསྟན་པ་དེ་དག་མི་བྱའོ། །དུས་དང་གང་ཟག་ཕྱིས་འབྱུང་བའི་དོན་དུ་ནི་གནས་དང་མལ་ཆ་སྔ་ནས་མི་བསྐོའོ། །དེ་ནི་མདོར་བསྟན་ཡིན་ལ། རྒྱས་པར་བཤད་ན་གཙུག་ཁང་འདི་ནི་སང་རིས་དགུན་གྱིའོ། །དཔྱིད་ཀྱིའོ་ཞེས་པ་ལ་སོགས་པ་དུས་ཚིགས་ཀྱིས་དང༌། གཙུག་ཁང་འདི་ནི་སང་དང་གནངས་དང་གཞེས་ལ་སོགས་པ་ཉིན་མཚན་དང༌། གཙུག་ཁང་འདི་ནི་སྔ་དྲོ་དང་དགུང་ཚིགས་


K8Z004_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ཉིན་མཚན་དེའི་ཡན་ལག་ཆེ་གེ་མོ་ཞིག་ཕྱིས་འབྱུང་བའི་གནས་སུ་བསྐོའོ། །ཞེས་ཕྱིས་འབྱུང་བའི་དོན་དུ་གཙུག་ལག་ཁང་དག་བསྐོ་བར་མི་བྱའོ། །གཙུག་ལག་ཁང་འདི་ནི་མཁན་པོ་དང་སློབ་དཔོན་ཆེ་གེ་མོ་ཞིག་ཕྱིས་འབྱུང་བའི་གནས་སུ་བསྐོའོ། །ཞེས་ཕྱིས་འབྱུང་བའི་དོན་དུ་གཙུག་ལག་ཁང་དག་བསྐོ་བར་མི་བྱའོ། །དེ་བཞིན་དུ་གཙུག་ལག་ཁང་འདི་ནི་ལྷན་ཅིག་གནས་པ་དང་ཉེ་གནས་ཆེ་གེ་མོ་ཞིག་ཕྱིས་འབྱུང་བའི་གནས་སུ་བསྐོ་བར་བྱའོ། །ཞེས་ཕྱིས་འབྱུང་བའི་དོན་དུ་གཙུག་ལག་ཁང་དག་བསྐོ་བར་མི་བྱའོ། །གཙུག་ལག་ཁང་འདི་ནི་གཏམ་འདྲེས་པ་དང༌། ཕེབས་པར་སྨྲ་བ་དང༌། འགྲོགས་བཤེས་དང༌། སྨོན་འདྲིན་ལ་སོགས་པ་ཆེ་གེ་མོ་ཞིག་ཕྱིས་འབྱུང་བའི་གནས་སུ་བསྐོའོ་ཞེས་ཕྱིས་འབྱུང་བའི་དོན་དུ་གཙུག་ལག་ཁང་དག་བསྐོ་བར་མི་བྱའོ། །ཕྱིས་འབྱུང་གི་དོན་དུ་གཞན་གྱིས་བསྐོས་ཀྱང་རང་གིས་ནོད་པར་མི་བྱའོ། །བཞི་པ་ནི། བྱིའུ་ལ་སོགས་པའི་ཚང་གཙུག་ལག་ཁང་དུ་འཆའ་བ་ཞིག་པའི་ཕྱིར་དགེ་ཚུལ་དབྱུག་གུ་ཐོགས་པ་དགེ་འདུན་གྱི་ཐ་མལ་གྱི་ཚིག་གིས་བསྐོ་བར་བྱའོ། །འགྲེལ་ཆུང་ལས། དགེ་སློང་གཅིག་གསོལ་བ་དང་ཞུ་བའི་ལས་ཀྱིས་བསྐོ། ཞེས་གསུངས་ཀྱང་ལས་ཀྱིས་བསྐོ་བ་ནི་མ་ཡིན་ནོ། །ཚད་ཇི་ཙམ་གཞིག་ན་སྒོ་ང་མེད་པ་རྣམས་མི་དབྱུག་གུ་ཐོགས་པ་དེས་གདོན་པར་བྱའོ། །སྦྲང་བུ་སོགས་ཕྲ་མོ་རྣམས་ཀྱི་ཚད་ནི་མི་འཕེལ་བར་བྱ་བའི་ཕྱིར་སྐུད་པས་དཀྲིའོ། །ཊཱི་ཀ་ལས། ཚང་སྐུད་པས་དཀྲིས་ན་ཕྱིར་བསྐྱེད་མི་ནུས་པའི་ཕྱིར། ཞེས་དང༌། འགྲེལ་ཆུང་ལས། ཚང་སྐུད་པས་དཀྲིས་ཏེ་བཞག་ན་ཆེར་མི་འཕེལ་ཞིང་གུང་དུ་འཕོ་བར་འགྱུར་རོ། །ཞེས་སོ། །གཉིས་པ་ལ། མལ་དང་གོས་བསྟབ་དངོས་ཉིད་བཤད། །སྐབས་ཀྱི་བསླབ་པར་བྱ་


K8Z004_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། །ལོགས་པར་ལོངས་མི་སྤྱད་གོ་བྱ། །སྐབས་རྟགས་བྱ་བ་བསྒྲུབ་པའོ། །དང་པོ་ནི། གནས་མལ་སྟོབ་པོས་དགེ་སློང་རྣམས་ལ་གནས་མལ་དང༌། ལ་སོགས་ཀྱིས་གོས་སོགས་བསྡུས་པ་སྦྱིན་ནོ། །གང་ཟག་རེ་རེ་ལ་གནས་མལ་དུ་མ་བསྟབས་སུ་ཡོད་པ་ཉིད་ན་གང་ཟག་རེ་རེ་ལ་ཁྲིའུ་གཉིས་དང་གསུམ་སོགས་དུ་མ་ཡང་སྦྱིན་ནོ། །རྒན་རིམ་གྱིས་ལན་གཉིས་ལན་གསུམ་ལ་སོགས་པར་བསྟབས་སུ་ཡོད་ན་བསྟབ་པར་བྱའོ། །ལན་གྲངས་གཞན་ལ་ཁྱབ་པ་འབྲིམ་དུ་མེད་ན་ཡང་རྒན་རིམ་ནས་བརྩམས་ཏེ་ཇི་ཙམ་ཁྱབ་པ་ཡན་ཆད་ལ་བྲིམ་མོ། །ཁྲི་ཆེན་པོ་མལ་འཆར་རུང་བ་དག་ཀྱང་རྒན་རིམ་དུ་བསྐོ་བར་བྱ་བ་ཉིད་ཡིན་ནོ། །སྟན་ཆེན་པོ་དག་ཀྱང་རྒན་རིམ་དུ་བསྐོ་བར་བྱ་བ་ཉིད་ཡིན་ནོ། །གཉིས་པ་ནི། དགེ་འདུན་གྱི་ཁྲི་ལ་སོགས་པའི་གནས་མལ་གོས་ལ་སོགས་པས་གཡོགས་པ། དགེ་ཚུལ་འོག་རྫིངས་ཅན་ནམ། ཟ་ཁུ་ཅན་མི་གཙང་བས་གནས་མལ་ཉམས་པར་བྱེད་པའི་ཆོས་ཅན་ལ་གནས་མལ་སྟོབ་པ་པོའམ། གཞན་དགེ་སློང་སུས་ཀྱང་མི་སྦྱིན་ནོ། །དགེ་འདུན་གྱིས་གནས་མལ་གཡོགས་པ་དགེ་སློང་མ་མི་གཙང་བས་ཉམས་པར་བྱེད་པའི་ཆོས་ཅན་ལ་ཡང་སུས་ཀྱང་མི་སྦྱིན་ནོ། །དགེ་སློང་གི་གཙུག་ལག་ཁང་འདིར་གནས་ལྷག་པ་འབྱོར་བ་ཡོད་ན་ཚོགས་ཀྱི་དབྱར་ཁང་མེད་པ་ཆོམ་རྐུན་ལ་སོགས་པའི་དབང་གིས་ལོགས་སུ་གནས་པར་གྲྭ་མི་ཐུབ་པའི་དགེ་སློང་མ་དེ་ལ་དགེ་སློང་གི་གཙུག་ལག་ཁང་གི་འདབ་ཏུ་གཙུག་ལག་ཁང་ངམ་གནས་ཁང་སྦྱིན་ནོ། །དགེ་སློང་ཐམས་ཅད་ལ་བྲིམས་པའི་གནས་མལ་ལྷག་ཐོབ་ཡོད་ན་བཟང་པོ་མ་ཡིན་པ་ཡང་དགེ་སློང་མ་དེ་ལ་སྦྱིན་ནོ། །གསུམ་པ་ནི། དེ་ལྟར་གནས་མལ་བསྟབས་ཟིན་ནས་མལ་སྟོབ་པ་པོ་དེས་དགེ་འདུན་ཐམས་ཅད་ལ་འདི་སྐད་ཅེས། ཁྱེད་ཅག་


K8Z004_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གང་གིས་ཀྱང་དགེ་འདུན་གྱི་གནས་མལ་ལ་གདིང་བ་མེད་པར་ལོངས་སྤྱོད་པར་མི་བྱའོ། །ཡོད་ཀྱང་གདིང་བ་རུང་བ་མ་ཡིན་པས་གཡོགས་ཏེ་ལོངས་སྤྱོད་པར་མི་བྱ། རུང་ཡང་གདིང་བ་དྲི་མ་ཅན་གྱིས་ལོངས་སྤྱད་པར་མི་བྱའོ་ཞེས་གོ་བར་བྱའོ། །བཞི་པ་ནི། དེ་ལྟར་བསྒོ་བ་བཞིན་དུ་མཉན་མི་མཉན་བརྟག་པའི་ཕྱིར་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་བརྟག་པར་བྱའོ། །དགེ་འདུན་གྱི་གནས་མལ་གདིང་བ་མེད་པར་ལོངས་སྤྱད་པར་མི་བྱའོ་ཞེས་པ་ལ་སོགས་པ་དམ་དུ་བརྗོད་པའི་ཚིག་དེ་སྔར་ནན་དུ་བསྒོ་བ་དེ་ལས་འདས་ཤིང༌། དགེ་འདུན་གྱི་གནས་མལ་ལ་ལོག་པར་ལོངས་སྤྱད་ན་གནས་པ་སློབ་མས་ལོག་པར་ལོངས་སྤྱད་པ་དེ་ནི་དེའི་གནས་མཁན་སློབ་གང་ཡིན་ལ་བརྗོད་དེ་དབྲོག་པར་བྱའོ་ཞེས་འོག་ཏུ་སྦྱར་རོ། །ལོག་པར་ལོངས་སུ་སྤྱོད་པ་པོ་དེ་དགེ་འདུན་གྱི་གནས་བརྟན་ལྟ་བུ་ཡིན་ན་ནི། གནས་པ་སློབ་མ་ལས་གཞན་དགེ་འདུན་གྱི་གནས་བརྟན་གྱིས་ལོག་པར་ལོངས་སྤྱོད་པ་དེ་ནི་དགེ་འདུན་ལ་བརྗོད་དེ། དགེ་འདུན་གྱིས་གནས་མལ་དེ་དབྲོག་པར་བྱའོ། །གནས་པ་ནི་གནས་ལ་བརྗོད་ཅེས་འགྲེལ་ཆུང་ལས་སོ། །དེའི་སློབ་དཔོན་ལ་དེ་ལྟར་བྱེད་དུ་མ་གཞུག་ཅིག་ཅེས་པ་བསྒོའོ། །དེ་ལྟར་བསྒོ་ཡང་སློབ་དཔོན་ན་རེ། ངའི་ངག་མི་ཉན་དུ་གྱིས། ཅི་བདེར་བྱོས་ཤིག་ཅེས་ཟེར་ན་མལ་སྟན་འཕྲོག་ལ་བྲུབ་སྟེ་བཞག་ཅེས་སོ། །གཞན་གྱི་དགེ་འདུན་ལ་བརྗོད་ཅེས་པའི་འགྲེལ་ཆུང་ལས། གནས་བརྟན་དུ་ཆུང་བ་མན་ཆད་ཅིག་གིས་མལ་སྟན་ལ་བསྒོ་བ་བཞིན་དུ་མ་བྱས་ན་གྲོས་བཏབ་སྟེ་ཉན་དུ་མ་བཏུབ་ན་དགེ་འདུན་ལ་ཞུ་ཞེས་སླར་དབྲོག་ཅེས་སོ། །ལྔ་པ་ནི། དབྱར་ཟླ་འབྲིང་པོའི་ཉའམ་དབྱར་ཟླ་ཐ་ཆུང་གི་ཉའི་ཉིན་མོར་དགེ་འདུན་ལ་གནས་མལ་བསྟབས་ཟིན་ནས་གནས་མལ་སྟོབ་པ་པོ་དེས་


K8Z004_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་ལ་འདི་སྐད་ཅེས་བརྗོད་དེ། དགེ་འདུན་དང༌། སྦྱིན་བདག་ཆེ་གེ་མོ་དང༌། ཞལ་ཏ་པ་ཆེ་གེ་མོ་དང༌། སྤྱོད་ཡུལ་གྱི་གྲོང་ཆེ་གེ་མོ་དང༌། ནད་གཡོག་ཆེ་གེ་མོས་དབྱར་གནས་པར་ཞལ་གྱིས་བཞེས་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །ལུང་ལས། གནས་དང་སྤྱོད་ཡུལ་ལ་བལྟས་ནས་སྐྱབས་ཡོད་པར་ཞུགས་ཏེ་དབྱར་གནས་པར་དམ་བཅའོ། །ཞེས་སོ། །གཉིས་པ་ནི། གནས་ལ་ཇི་ལྟར་བརྟག་པར་བྱ་ཞེ་ན་ཞེས་གསུངས་ཏེ། གནས་དེ་ན་གནས་པའི་གྲོགས་ལ་བརྟག་པ་ནི་འགྱོད་པ་དང་ཞེས་པ་ལ་སོགས་པས་བསྟན་ཏེ། བདག་ལ་གནས་འདིར་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་དག་གིས་འགྱོད་པ་མི་བསྐྱེད་པ་ཉིད་དང༌། འགྱོད་པ་ལས་གཞན་ལུས་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་གསུམ་པོ་དེ་མ་སྐྱེས་པ་མི་བསྐྱེད་པ་ཉིད་དང༌། འགྱོད་པ་དང་གཞན་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་གསུམ་པོ་སྐྱེས་པ་སེལ་བ་ཉིད་དག་དང༌། ལུས་བདེ་བ་དང་ཡིད་བདེ་བ་མ་སྐྱེས་པ་ནི་བསྐྱེད་པ་ཉིད་དང༌། བདེ་བ་དང་ཡིད་བདེ་བ་སྐྱེས་པ་ནི་མི་ཉམས་པར་རྗེས་སུ་བསྲུང་བ་ཉིད་དག་དང༌། ན་ན་ནད་གཡོག་ཉིད་ཚངས་པ་མཚུངས་པར་སྤྱོད་པ་དག་ལས་འབྱུང་བ་སོ་སོར་བརྟགས་པས་གནས་ལ་བརྟག་པ་ནི་གནས་དང་ཞེས་པ་འདིས་བསྟན་ཏེ། ལུང་དང་འདི་ཉིད་ཀྱི་ཊཱི་ཀ་ལས། འགྱོད་པ་དང༌། འགྱོད་པ་གཞན་པའི་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་བསྐྱེད་པ་ཉིད་དང༌། ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་ཚངས་པ་མཚུངས་པར་སྤྱོད་པ་ཡོད་པའི་གནས་ལ་རྣམ་པར་བལྟས་ཏེ་གནས་པར་ཁས་བླང༌། ཞེས་སོ། །འགྲེལ་ཆུང་ལས། གནས་ཁང་ཡོད་དམ་མེད་པ་དང༌། ཡོད་ཀྱང་ངན་ཏེ་ཉོན་མོངས་པར་མི་འགྱུར་བའི་གནས་དང༌། ཞེས་སོ། །གྲོང་ལ་བརྟག་པ་ནི་སྤྱོད་ཡུལ་དང༌། སྦྱིན་བདག་ལ་བརྟག་པ་ནི་བསོད་སྙོམས་དང་སྨན་སྦྱིན་པར་བྱེད་པ་ལ་


K8Z004_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བལྟས་ཏེ་གནས་པར་ཁས་བླང་བར་བྱའོ། །གང་དུ་གནས་པར་ཁས་བླང་ཞེ་ན། གནས་སྟེང་གཡོགས་པའི་ནང་གི་ཕྱོགས་དེར་དགེ་སློང་དང་དགེ་ཚུལ་རྣམས་ཀྱིས་ནི་དགེ་སློང་གི་མདུན་དུ་དབྱར་གནས་པར་ཁས་བླང་བར་བྱའོ། །ཁང་པ་ཐོག་མེད་པར་ཚུལ་དུ་མི་འཇུག །དགེ་ཚུལ་གྱི་མདུན་དུའམ་བདག་གཅིག་པུ་སྔགས་མི་བྱ་ཞེས་འགྲེལ་ཆུང་ལས་བཤད་དེ། དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ་མ་རྣམས་ཀྱིས་ནི་དགེ་སློང་མའི་མདུན་དུ་དབྱར་ཁས་བླང་ངོ་ཞེས་དོན་གྱིས་ཤེས་པར་བྱའོ། །གཙུག་ལག་ཁང་གཉིས་སམ་གསུམ་ལ་སོགས་པ་དུ་མའི་མཚམས་སུ་རྫས་གཅིག་གིས་མནན་ཏེ་དབྱར་གནས་པར་ཁས་བླང་བར་མི་བྱའོ་སྟེ་རྫས་ཀྱིས་མ་མནན་པར་ལྟ་ཅི་སྨོས་སོ། །གནས་གང་ན་དགེ་སློང་མེད་པ་ཉིད་དང༌། སྒོ་གླེགས་མེད་པ་ཉིད་དང་བཅས་པར་ཡང་དབྱར་གནས་པར་ཁས་བླང་བར་མི་བྱའོ། །གསུམ་པ་ནི། ཆོས་ཀྱི་ཚུལ་སྦྱོར་བའི་སྦྱིན་བདག་དང༌། ཞལ་ཏ་པ་དང༌། སྤྱོད་ཡུལ་གྱི་གྲོང་དང༌། ནད་གཡོག་དག་ཡོད་པ་ཉིད་ཡིན་ན་དེ་རྣམས་ཀྱི་མིང་བརྗོད་པར་བྱའོ། །ཡོད་པ་ཉིད་ཡིན་ན་བརྗོད་ཅེས་གསུངས་པས། མེད་པ་ཉིད་ཡིན་ན་བརྗོད་མི་དགོས་སོ་ཞེས་སོ། །གཉིས་པ་ལ། དབྱར་ཚུལ་འབྲལ་བ་སྤང་བ་དང༌། །ཆོས་ལྡན་བྱིན་གྱིས་བརླབ་པ་དང༌། །རྐྱེན་དབང་འབྲལ་དུ་རུང་བ་དང༌། །དམ་བཅའ་གནས་འབྲེལ་བྱ་བའོ། །དང་པོ་ནི། དགེ་སློང་དབྱར་ཁས་བླངས་པས་བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་འཆར་བར་མི་བྱའོ། །ཁས་མ་བླང་ཀྱང་དེར་གནས་པའི་ཡི་དམ་བཅས་ན་དེས་མཚམས་ཕྱིར་སྐྱ་རེངས་འཆར་བར་མི་བྱ་སྟེ། རང་འགྲེལ་དང་ཊཱི་ཀ་ལས། གནས་པར་ཁས་མ་བླངས་སུ་ཟིན་ཀྱང་དབྱར་གྱི་གནས་མི་


K8Z004_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་ལ་ཕྱི་རོལ་ཏུ་འགྲོ་བའི་ཕྱིར་བྱིན་གྱིས་བརླབ་པར་བྱ་དགོས་སོ། །ཞེས་སོ། །གཉིས་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་དགོས་དོན་ནི། དབྱར་རལ་བའི་ཉེས་པ་མི་འབྱུང་བ་དང༌། ཆོ་གས་བྱིན་གྱིས་བརླབས་པ་བཅས་པའི་ས་མཚམས་ཟིན་པའོ། །བསྡུས་པའི་དོན་ལ་བརྒྱད་ལས། དང་པོ་རྟེན་གང་གིས་བྱིན་གྱིས་བརླབ་པ་ནི་ཆོས་ལྔ་ལྡན་གྱིས་ཏེ། ཆོས་འདི་པའི་རབ་ཏུ་བྱུང་བ་ཡིན་པ་དང༌། ཤེས་པ་རང་བཞིན་དུ་གནས་པ་དང༌། ལུས་ཐ་མལ་པར་གནས་པ་དང༌། གནས་ནས་མ་ཕྱུང་བ་དང༌། དབྱར་གནས་པར་དམ་བཅའ་བ་དང་འབྲེལ་བའོ། །དབྱར་གནས་པར་ཁས་མ་བླངས་ཀྱང་དབྱར་གནས་པར་དམ་བཅས་ཏེ་གནས་ན་དེས་ཀྱང་བྱིན་གྱིས་བརླབ་དགོས་ཏེ་ཊཱི་ཀ་ལས་བཤད་དོ། །གཉིས་པ་ཡུལ་གང་གི་མདུན་དུ་བྱིན་གྱིས་བརླབས་པ་ནི་དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུའོ། །གསུམ་པ་གནས་གང་དུ་བྱིན་གྱིས་བརླབ་པ་ནི། གང་དུ་དབྱར་གནས་པའི་མཚམས་ཀྱི་ནང་ཡིན་པ་སྟེ། དེ་ནི་མཚམས་ཀྱི་ནང་དུ་འཆགས་སོ་ཞེས་གསུངས་སོ། །གཞན་དུ་དབྱར་གྱི་མཚམས་དང་མ་འབྲེལ་བའི་ཕྱིར། དེ་ལ་བལྟོས་པའི་ཆོག་མི་འཆགས་སོ། །བཞི་པ་དུས་གང་གི་ཚེ་བྱིན་གྱིས་བརླབ་པ་ནི། མཐའི་ཞག་དྲུག་གི་གོང་ཡན་ཆད་དེ་མཐའི་ཞག་དྲུག་ལ་ནི་བྱིན་གྱིས་བརླབ་པ་མི་འཆགས་སོ་ཞེས་གསུངས་ཏེ། ཡུན་ཐུང་ངུ་ཉིད་ལས་མ་ལུས་པས་བྱིན་གྱིས་བརླབ་པ་མི་འཆགས་པ་བཅས་པའི་དབང་གིས་སོ། །ལྔ་པ་ཡུན་ཇི་སྲིད་དུ་བྱིན་གྱིས་བརླབ་པ་ནི། ལུང་སིལ་བུ་ལས། བཙུན་པ་ཞག་གཅིག་ཏུ་བྱིན་གྱིས་བརླབས་ན་མཚམས་ཀྱི་སླད་རོལ་དུ་མཆི་བར་རུང་ངམ། ཨུ་པ་ལི་རུང་ཞེས་གསུངས་པས་ན་དེ་བཞིན་དུ་ཞག་གཉིས་སམ། གསུམ་མམ། གནང་བ་མ་ཐོབ་པ་ཞག་བདུན་ཚུན་ཆད་དང༌།


K8Z004_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ་ཐོབ་ན་ཞག་བཞི་བཅུ་ཚུན་ཆད་བྱིན་གྱིས་བརླབས་ཏེ། འདི་ལ་མཐར་ཐུག་པའི་མཐའ་ནི་ཞག་བདུན་ཉིད་དོ་ཞེས་པ་དང༌། གཞན་གྱིས་ནི་བཞི་བཅུའོ་ཞེས་གསུངས་སོ། །དྲུག་པ་ཆེད་དུ་བྱ་བ་གང་གི་ཆེད་དུ་བྱིན་གྱིས་བརླབ་པ་ནི། དབྱར་བྱིན་གྱིས་བརླབ་པའི་སྐབས་འདི་ཉིད་ལས། ཆོས་དང་ལྡན་པའི་དོན་དུ་ཞེས་སོ་སྟེ་གཞན་དུ་ན་མི་འཆགས་སོ། །བདུན་པ་ཆོ་ག་གང་གིས་བྱིན་གྱིས་བརླབ་པ་ནི། སྦྱོར་དངོས་མཇུག་གིས་ཏེ། སྦྱོར་བ་ནི་ཡུལ་དེ་བསླབ་པ་རྒན་ན་ཕྱག་འཚལ་བ་དང༌། འདུག་ཅིང་ཐལ་མོ་སྦྱར་བའི་སྤྱོད་ལམ་བསྟེན་པའོ། །དངོས་གཞི་ནི་སྔགས་ལན་གསུམ་བརྗོད་པའོ། །མཇུག་ཐབས་ཡིན་ནོ་ལེགས་སོ་ཞེས་སོ། །བརྒྱད་པ་བྱིན་གྱིས་བརླབ་པ་འཇིག་པའི་རྒྱུ་ནི། ཞག་གྲངས་ཀྱི་འཕེན་པ་ཟད་པ་དང༌། བྱ་བ་མེད་པར་ཤེས་པ་དང༌། བྱ་བ་ཆོས་མི་ལྡན་དུ་གྱུར་པ་དང༌། རྟེན་ཞིང་མ་ཡིན་པར་གྱུར་པའོ། །གཉིས་པ་ནི། ཆོས་དང་ལྡན་པའི་དོན་དུ་མཚམས་ཀྱི་ཕྱི་རོལ་ཏུ་ཞག་བདུན་ནི་བྱིན་གྱིས་བརླབ་པར་བྱའོ། །ཆོས་ལྡན་གྱི་བྱ་བ་ནི་འདི་ལྟ་སྟེ། མཚམས་ཕྱིར་གནས་པའི་དགེ་སློང་གིས་ཀུན་དགའ་ར་བ་མཚམས་ནང་གི་དགེ་འདུན་ལ་འབུལ་བ་དང༌། གཙུག་ལག་ཁང་ཞལ་བསྲོ་བ་ནི་འཇུག་པ་དང༌། གནས་ལ་སོགས་པའི་ཆོ་ག་བྱ་བ་དང༌། གནས་མལ་འབུལ་བ་དང༌། བསླབ་པ་བརྟན་པོ་འཆབ་བ་ནི་བསྟན་པ་ལ་ཕན་པའི་རྩིགས་བརྟན་པོ་འཆའ་བ་དང༌། མཆོད་རྟེན་ཞལ་བསྲོ་བའི་ཆོ་ག་དང༌། མཆོད་སྡོང་འཛུགས་པ་སྟེ་མཆོད་རྟེན་གྱི་སྲོག་ཤིང་འཛུགས་པ་དང༌། རྒྱལ་མཚན་བསྒྲེང་བ་དང༌། མཆོད་པ་འབུལ་བ་དང༌། ཚོན་དང༌། ཙནྡན་དང༌། གུར་གུམ་གྱི་བྱུག་པ་སྐུད་པ་དང༌། མདོ་སྡེ་བཀླག་


K8Z004_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྙེད་པ་གྲུབ་པ་ཡོད་པས་དེ་ཀློག་པ་དང༌། འགྱོད་པ་བསལ་བ་དང༌། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤང་བ་དང༌། རྩོད་པ་འགའ་ཞིག་བྱུང་བ་ན་ཆོས་ཀྱི་ཕྱོགས་དང་མཐུན་པར་སྨྲ་བ་དང༌། སྔར་དགེ་འདུན་གྱིས་ནན་ཏུར་བྱས་པ་དེས་དགེ་འདུན་ལ་བཟོད་པ་གསོལ་བ་དང༌། སྤོ་བ་ལ་སོགས་པ་གཞི་སྤོ་དང༌། མགུ་བ་དང་གཞི་མགུ་བཞི་བྱ་བ་དང༌། དབྱུང་བ་དང་ནད་པ་དབུགས་དབྱུང་བ་དག་ལའོ། །མཚམས་ཀྱི་ཕྱིར་རོལ་ཏུ་གནས་པའི་དགེ་སློང་མའི་བྱ་བ་ཆོས་ལྡན་ནི་ལྕི་བའི་ཆོས་ཀྱིས་མགུ་བར་བྱ་བ་འབུལ་བ་སྟེ། གཉིས་ཀའི་དགེ་འདུན་ལ་མགུ་བ་སྤྱོད་པ་བྱ་དགོས་པ་ལ་དབྱར་གྱི་མཚམས་ནང་ན་གནས་པའི་དགེ་སློང་གིས་དབྱར་བྱིན་གྱིས་བརླབས་ཏེ་འགྲོ་བར་བྱ་བ་ཡང་ངོ༌། །དགེ་སློང་མའི་ཆོས་དང་ལྡན་པའི་དོན་ནི་སྔར་དགེ་སློང་གི་སྐབས་སུ་བསྟན་པ་དེ་དག་ཉིད་ཀྱང་ཡིན་ལ། དེའི་སྟེང་དུ་འདིས་ཀྱང་བསྣན་པའི་ཕྱིར་ཡང་ཡང་ངོ་ཞེས་སྨོས་སོ། །མཚམས་ཀྱི་ཕྱི་རོལ་ན་གནས་པའི་དགེ་སློང་མའི་བྱ་བ་ཆོས་ལྡན་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་དང༌། བསྙེན་པར་རྫོགས་པར་བྱ་བ་ལ་ཡང་ངོ་སྟེ་བྱིན་གྱིས་བརླབ་པར་བྱའོ་ཞེས་སྔ་མར་སྦྱར་ཏེ། མཚམས་ཕྱི་རོལ་ན་གནས་པའི་དགེ་ཚུལ་གྱི་བྱ་བ་ཆོས་ལྡན་ནི། བསྙེན་རྫོགས་བྱ་བ་དེ་ལ་དབྱར་གྱི་མཚམས་ནང་ན་གནས་པའི་དགེ་སློང་གིས་དབྱར་བྱིན་གྱིས་བརླབས་ཏེ་འགྲོ་བར་བྱའོ། །མཚམས་ཕྱིར་གནས་ཀྱི་དགེ་ཚུལ་མའི་བྱ་བ་ཆོས་ལྡན་ནི། དགེ་སློང་མའི་བསླབ་པའི་སྡོམ་པ་སྦྱིན་པ་ལ་དབྱར་གྱི་མཚམས་ནང་ན་གནས་པའི་དགེ་སློང་གིས་དབྱར་བྱིན་གྱིས་བརླབས་ཏེ་འགྲོ་བར་བྱའོ། །མཚམས་ཕྱིར་གནས་ཀྱི་ཁྱིམ་པ་དང་ཁྱིམ་པ་མོའི་བྱ་བ་ཆོས་ལྡན་ནི། ཁྱེའུ་རྣམས་ཀྱི་དཔྲལ་བ་བསལ་


K8Z004_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བའི་ཕྱིར་མགོ་དཀྲི་བ་དང༌། ཐོད་བཅིངས་པ་དང༌། བང་བསང་བ་ནི་བུད་མེད་བུ་བཙས་པའི་ཚེ་མངལ་གྱི་དྲི་མ་སེལ་བའི་ཕྱིར་ཁྲུས་བྱེད་པ་དང༌། ཁྱེའུ་རྣམས་ཀྱི་སྐྲ་དེ་ཕན་མི་བྲེགས་པར་བསྐྱེད་པ་དང༌། ཁྱེའུ་རྣམས་ཀྱི་དང་པོའི་སྐྲ་བྲེགས་པ་དང༌། རྣ་ཆ་གདུབ་རྐོར་གཞུག་པའི་ཕྱིར་རྣ་བའི་བུག་པ་བསྐྱེད་པ་སྟེ་དེ་རྣམས་ལ་དགའ་སྟོན་བྱེད་ཅིང༌། དེར་དགེ་སློང་སྤྱན་འདྲེན་པ་དག་ལ་དབྱར་གྱི་མཚམས་ནང་ན་གནས་པའི་དགེ་སློང་གིས་དབྱར་བྱིན་གྱིས་བརླབས་ཏེ་འགྲོ་བར་བྱའོ། །བསྙེན་པར་མ་རྫོགས་པ་དགེ་སློབ་མ་དང༌། དགེ་ཚུལ་ཕོ་མོ་དང༌། ཁྱིམ་པ་ཕོ་མོ་རྣམས་ཀྱི་བྱ་བ་ཆོས་ལྡན་ནི་དགེ་འདུན་ལྷག་མའི་སྐབས་སྤོ་བ་ལ་སོགས་པ་བཞི་བྱ་བ་དང་དབྱུང་བ་མ་གཏོགས་པ་ཀུན་དགའ་ར་བ་འབུལ་བ་དང་ཞེས་པ་ནས། ནད་པ་དབུགས་དབྱུང་བ་དག་ལའོ་ཞེས་པའི་བར་སྔ་མ་དག་ལ་ཡང་དབྱར་གྱི་མཚམས་ནང་ན་གནས་པའི་དགེ་སློང་གིས་དབྱར་བྱིན་གྱིས་བརླབས་ཏེ་འགྲོ་བར་བྱའོ། །དགེ་འདུན་ལྷག་མའི་སྐབས་མ་གཏོགས་པ་སྔ་མ་དེ་དག་བསྙེན་པར་མ་རྫོགས་པ་རྣམས་ཀྱི་ཡང་བྱ་བ་ཡིན་ན། ཁྱིམ་པ་དང་ཁྱིམ་པ་མོས་ཀྱང་བཟོད་པ་གསོལ་བ་ཡོད་པར་ཐལ་ཅེ་ན། འདོད་པ་ཡིན་ནོ། །ཁྱིམ་པ་དང་ཁྱིམ་པ་མོས་བཟོད་པར་གསོལ་བ་ནི་ལྷུང་བཟེད་ཁ་སྦུབ་པ་ལས་བསྲང་བར་གསོལ་བའོ། །གསུམ་པ་ནི། ཟས་དང་སྨན་དང་གཡོག་དག་མེད་ལ་དེ་དག་མེད་པར་འཚོ་མི་ནུས་ན་དབྱར་གནས་པར་ཁས་བླངས་པ་དེ་ལས་འདའ་བར་བྱའོ། །གལ་ཏེ་རྩ་བ་དང་འབྲས་བུ་ལ་སོགས་པས་འཚོ་བར་ནུས་ན་གནས་པར་བྱའོ། །དབྱར་ནང་དེར་དགེ་སྦྱོང་གི་ཚུལ་དང་སྲོག་དང་ཚངས་པར་སྤྱོད་པའི་བར་ཆད་ཡོད་ན་ཡང་ཁས་བླང་བ་དེ་ལས་འདའ་བར་བྱའོ། །བདག་ཉིད་གནས་དེར་


K8Z004_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ན་འགའ་ཞིག་གིས་དགེ་འདུན་དབྱེ་བའི་ཕྱིར་བརྟུལ་བ་ནི་རྩོལ་བ་སྟེ། ཆོས་དང་རྗེས་སུ་མི་མཐུན་པའི་སེམས་བསྐྱེད་པ་དགེ་འདུན་དབྱེ་བར་བྱའོ་སྙམ་པ་དང༌། སྡིག་པ་ཅན་གྱི་ཚིག་གི་དགེ་འདུན་དབྱེ་ན་དེའི་རྗེས་སུ་མཐུན་པའི་ཚིག་བརྗོད་པ་དག་བྱུང་ན་མྱུར་བ་ཁོ་ནར་དབྱར་གནས་པ་དེ་དྲལ་ཏེ་གུད་དུ་འགྲོ་བར་བྱའོ། །མཚམས་གཞན་ན་དགེ་འདུན་དབྱེ་བའི་ཕྱིར་བརྟུལ་བ་དག་ཡོད་ལ། དེ་ཞི་བར་བྱ་བའི་ཕྱིར་རང་ལ་ནུས་པའི་མཐུ་ཡོད་པར་ལྟ་ན་བྱིན་གྱིས་བརླབས་ཏེ་དེར་མི་འགྲོ་བར་མི་བྱའོ། །མཚམས་གཞན་གྱི་དགེ་འདུན་གྱི་དབྱེན་དེ་ཞི་བར་བྱ་བའི་ཕྱིར་དང༌། དབྱར་བྱིན་གྱིས་བརླབས་ཏེ་སོང་ན་བྱིན་གྱིས་བརླབ་པའི་དུས་ལས་མི་འདའ་བར་བྱའོ། །བཞི་པ་ནི། དཔྱིད་དམ་སོས་ཀའི་ཚེ་ན་འདི་སྙམ་དུ་གནས་འདིར་དབྱར་གནས་པར་བྱའོ་སྙམ་དུ་དབྱར་གནས་པའི་སྔ་རོལ་ཏུ་དམ་བཅས་ནས། དེའི་འོག་ཏུ་ཕྱིས་དབྱར་གནས་པར་ཁས་ལེན་ཅིང་གནས་པ་དང༌། སྔར་དམ་བཅས་པའི་གནས་སུ་མི་འབྲེལ་བར་མི་བྱའོ། །དེ་ཡང་གནས་འདིར་དབྱར་གནས་བྱའོ་སྙམ་དུ་དབྱར་གནས་པར་ཁས་ལེན་པའི་སྔ་རོལ་ཏུ་དམ་བཅས་ནས། དེའི་འོག་ཏུ་ཕྱིས་གནས་གཞན་དུ་དབྱར་གནས་པར་ཁས་ལེན་བྱེད་ན་ཉེས་བྱས་སུ་འགྱུར་བ་སྟེ། ལུང་གཞི་དང་མདོ་འོག་མའི་ཊཱི་ཀ་ལས་དེ་ལྟར་གསུངས་སོ། །གཙུག་ལག་ཁང་གཉིས་མཚམས་པོ་ཆེ་བཅད་པའམ་ལྕགས་རིའི་བསྐོར་བ་གཅིག་གི་ནང་ན་གཙུག་ལག་ཁང་གཉིས་ཡོད་པ་ལྟ་བུ། གསོ་སྦྱོང་གཅིག་པ་ཉིད་ཀྱི་གནས་གཉིས་སུ་ནི་དམ་བཅའ་དང་གནས་སུ་མ་འབྲེལ་བའི་ཉེས་པ་དེ་འབྱུང་བ་མེད་དོ། །གསོ་སྦྱོང་ཐ་དད་པ་དང་རྙེད་པ་ཐུན་མོང་བའི་ལས་བྱའོ་ཞེས་པ་ལྟར་གཙུག་ལག་ཁང་གཉིས་ཀྱི་གསོ་སྦྱོང་ཐ་དད་ན་རྙེད་པ་གཅིག་པ་ཉིད་ལ་ནི་དམ་བཅའ་དང་གནས་སུ་མ་འབྲེལ་


K8Z004_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཉེས་པ་དེ་འབྱུང་བ་ཡོད་དོ། །གཞིར་གཏོགས་པའི་དབྱར་གྱི་གཞིའོ། །གཉིས་པ་ལ། དབྱར་གནས་ཁས་བླངས་སྤྲོས་པ་དང༌། །དབྱར་གནས་དམ་ཚིག་བསྲུང་བའོ། །དང་པོ་ནི། དགེ་སློང་དང་དགེ་སློང་མས་དབྱར་གནས་པར་ཁས་བླང་བར་མ་ཟད་ཀྱི། རབ་ཏུ་བྱུང་བ་སྡེ་པ་དགེ་སློང་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། དགེ་སློབ་མ་ལྔ་ཆར་གྱིས་ཀྱང་གནས་པར་ཁས་བླང་བར་བྱ་བ་ཉིད་ཡིན་ནོ། །སྡོམ་པ་གཏན་མ་སྐྱེས་པའི་ངོ་བོ་ཉིད་ཀྱི་རབ་བྱུང་དེས་ཀྱང་གནས་པ་ཁས་ལེན་དགོས་ཏེ། མ་སྐྱེས་པ་ལྟུང་བ་ལ་སྦྱོར་ན་ཉེས་བྱས་འབྱུང་བ་ཡིན་ནོ། །བསྙེན་པར་རྫོགས་པ་འགའ་ཡང་མེད་པའི་དགེ་ཚུལ་དག་འབའ་ཞིག་གིས་གནས་པར་ཁས་བླང་བར་བྱ་བ་མ་ཡིན་ནོ། །དགེ་སློབ་མ་དང་དགེ་ཚུལ་མ་འབའ་ཞིག་གིས་ཀྱང་མ་ཡིན་ནོ། །བསྙེན་པར་རྫོགས་སུ་ཟིན་ཀྱང་མི་གནས་པར་འདུག་པའི་ལོ་མ་ཚང་བ་དགེ་སློང་བསྙེན་པར་རྫོགས་ནས་ལོ་མ་ལོན་པ་འབའ་ཞིག་ཡིན་པའམ། དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་མ་ལོན་པ་འབའ་ཞིག་ཡིན་ན་དེ་དག་གིས་ཀྱང་དབྱར་གནས་པར་ཁས་བླང་བར་བྱ་བ་ཉིད་མ་ཡིན་ནོ། །དགེ་ཚུལ་འབའ་ཞིག་དང་ལོ་མ་ཚང་བ་འབའ་ཞིག་པ་དེ་དག་ལ་ཁས་བླངས་པ་མི་འཆགས་པ་ཉིད་ནི་མ་ཡིན་ནོ། །དགེ་ཚུལ་འབའ་ཞིག་པ་དང་ལོ་མ་ཚང་བ་འབའ་ཞིག་པ་དེ་དག་གིས་དབྱར་གནས་པར་ཁས་བླངས་ན་དགེ་འདུན་གྱི་གནས་མལ་མི་ནོད་པར་བྱ་བ་ཉིད་མ་ཡིན་ནོ། །གནས་མལ་སྟོབ་པར་བསྐོས་པ་མེད་ཀྱང་གནས་མལ་མི་ནོད་པར་བྱ་བ་ཉིད་མ་ཡིན་ནོ། །དགེ་འདུན་གྱིས་གནས་མལ་སྟོབ་པར་མ་བསྐོས་པར་གང་ཟག་གིས་རབ་བྱུང་སུ་ལ་ཡང་གནས་མལ་བསྟབ་པར་མི་བྱའོ། །འོ་ན་མལ་ཇི་ལྟར་བགོད་ན་བསྐོས་པ་མེད་ན་ལུང་གདོན་པས་བསྒོའོ་ཞེས་


K8Z004_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ནས་འཆད་པར་འགྱུར་རོ། །ལུང་ཞུ་བ་ལས། སྡེ་སྣོད་འཛིན་པ་ཡོད་པ་དང༌། འཐབ་ཀྲོལ་བྱེད་པ་མེད་པའི་གནས་སུ་དབྱར་གནས་པར་ཁས་བླང་བར་གསུངས་པ་དེ་གཞུང་གང་གིས་བསྡུས་སྙམ་ན་སྔར་ལུང་གཞིའི་སྐབས་སུ་འགྱོད་པ་དང༌། གཞན་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་མི་བསྐྱེད་པ་ཉིད་དང༌། སེལ་བ་ཉིད་དག་དང་ཞེས་པ་ལ་སོགས་པས་སྡེ་སྣོད་འཛིན་པ་ཡོད་པ་དང༌། འཐབ་ཀྲོལ་བྱེད་པ་མེད་པ་དག་མ་བསྡུས་པ་ཉིད་མ་ཡིན་ནོ། །དེ་ཡང་འགྱོད་པ་དང༌། གཞན་སྡུག་བསྔལ་བ་དང༌། ཡིད་མི་བདེ་བ་མི་བསྐྱེད་པ་ཉིད་ཅེས་སྨོས་པས་ནི་འཐབ་ཀྲོལ་བྱེད་པ་མེད་པ་ཉིད་བསྡུས་སོ། །འགྱོད་པ་དང༌། གཞན་སྡུག་བསྔལ་དང་ཡིད་མི་བདེ་སེལ་བ་ཉིད་ཅེས་སྨོས་པས་ནི་སྡེ་སྣོད་འཛིན་པ་ཡོད་པ་ཉིད་བསྡུས་སོ། །གནས་པར་ཁས་མ་བླངས་པས་ཟླ་བ་གསུམ་དུ་གནས་མི་གཏོང་ན་དབྱར་གནས་པ་ཉིད་ཡིན་ནོ། །ཊཱི་ཀ་ལས། ཕྱི་རོལ་ཏུ་འགྲོ་ན་བྱིན་གྱིས་བརླབ་དགོས་སོ། །ཞེས་གསུངས་ཏེ། གཞན་དུ་ན་དབྱར་རལ་བའི་ཉེས་པ་བརྗོད་པར་བྱའོ། །ནམ་མཁའ་ལ་གནས་པར་ཁས་བླང་བ་མི་ཆགས་སོ། །ལུང་ཞུ་བ་ལས། དགེ་སློང་གིས་སྟེང་གི་ནམ་མཁའ་ལ་དབྱར་ཚུལ་དུ་ཞུགས་ན་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི་མ་ཡིན་ནོ། །དགེ་སློང་གིས་སྟེང་གི་ནམ་མཁའ་ལ་གཞལ་མེད་ཁང་དུ་དབྱར་ཚུལ་དུ་ཞུགས་ན་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི་ཚུལ་དུ་ཞུགས་པ་ཞེས་བྱའོ། །ཞེས་གསུངས་སོ། །གྲུའི་ནང་དུ་དགེ་སློང་དབྱར་གནས་པར་ཁས་ལེན་པ་ལ་དབྱར་གྱི་ནང་དུ་ཆུ་ལ་འཇམ་པ་ཉིད་དུ་ཤེས་ན་དབྱར་གནས་པར་ཁས་བླང་བར་མི་འཆགས་ཏེ། ཐམས་ཅད་དུའམ་ཞེ་ན། གྲུ་བསྐམ་ས་ལ་ཕྱིན་པ་དང༌། གྲུ་ཆུ་ལ་གནས་ཀྱང་བསྐམ་ས་ལ་གནས་པའི་ཕུར་པ་ལ་སོགས་པ་བརྟན་པོ་དང་འབྲེལ་བ་ནི་མ་གཏོགས་སོ། །གཉིས་


K8Z004_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། དབྱར་ནང་དུ་དགེ་འདུན་བྱེ་བར་འགྱུར་ལ། ཆོས་མ་ཡིན་པའི་ཕྱོགས་དེའི་ལྟ་བ་ལ་མངོན་པར་ཞེན་ནས་ཆོས་ཀྱི་ཕྱོགས་ནས་ཆོས་མ་ཡིན་པའི་ཕྱོགས་སུ་སོང་ན། སྐྱ་རེངས་ཤར་ན་དབྱར་གནས་པར་ཁས་བླངས་པ་དེ་འཇིག་གོ། །བདག་གནས་པར་ཁས་བླངས་སམ། མ་བླངས་སྙམ་དུ་ཐེ་ཚོམ་ཟ་བ་ཉིད་ལ་ནི་ཁས་བླངས་པ་མི་འཇིག་གོ། །དབྱར་ཟླ་བ་གསུམ་གྱི་མཐའི་ཞག་དྲུག་ལུས་པ་ལ་ཕྱི་རོལ་ཏུ་འགྲོ་བའི་ཕྱིར་བྱིན་གྱིས་བརླབས་པ་མི་འཆགས་སོ། །མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བར་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་ནང་ནས་འཕགས་པ་ན། དོན་དེ་གཞན་གྱིས་བསྒྲུབས་ཟིན་ནམ་བསྒྲུབ་མི་དགོས་པའི་སྐབས་རྙེད་ཅིང༌། དེར་ཕྱིན་ཀྱང་བྱ་བ་མེད་པར་ཤེས་ནས་ཕྱིར་མི་ལྡོག་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་ཤར་བ་དང༌། ཞག་བདུན་བྱིན་གྱིས་བརླབས་ཏེ་སོང་བ་ལ། ཞག་གཅིག་གིས་དོན་འགྲུབ་ན། ཞག་གཉིས་སུ་གནས་པ་ལྟ་བུས་དོན་འགྲུབ་ན་ཕྱིར་མི་འོང་བར་སྐྱ་རེངས་ཤར་གྱི་བར་དུ་གནས་པ་དག་ལ་ནི། སྔར་བྱིན་གྱིས་བརླབས་ཀྱང་དབྱར་གནས་པར་ཁས་བླངས་པ་དེ་འཇིག་གོ། །བྱིན་གྱིས་བརླབས་པ་འདི་ལ་ཞག་གྲངས་ཀྱི་མཐར་ཐུག་པའི་མ་མཐའ་ནི་ཞག་བདུན་ཉིད་དོ། །མ་མཐའ་ཞག་གཅིག་ཡ་མཐའ་ཞག་བདུན་གྱི་བར་བྱིན་གྱིས་བརླབ་ཏུ་རུང་བའོ། །ཐམས་ཅད་ཀྱི་མཐའ་དེ་ཉིད་ཡིན་ནམ་ཞེ་ན། ཞག་བཞི་བཅུའི་གནང་བ་མ་ཐོབ་པའི་མཐའ་ཞག་བདུན་པོ་དེ་ཡིན་ནོ། །གནང་བ་མ་ཐོབ་པ་ལས་གཞན་གནང་བ་ཐོབ་པའི་ཞག་གྲངས་ཀྱི་མཐའ་ནི་ཞག་བཞི་བཅུའོ། །ཞག་བཞི་བཅུའི་བྱིན་རླབས་ཀྱི་གནང་བ་དེ་སྦྱིན་ནོ། །འདིའི་འཕྲོས་དོན་བརྗོད་ན་དགོས་པའི་དོན་ནི་དབྱར་བྱིན་གྱིས་བརླབ་པ་འཆགས་པ་དང་བཅས་པའི་ས་མཚམས་ཟིན་པའོ། །


K8Z004_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་བསྡུས་པའི་དོན་ལ་ལྔ་ལས། དང་པོ་ཡུལ་གང་ལ་གནང་བ་སྦྱིན་པ་ནི། ཆོས་བཅུ་ལྡན་ལ་སྟེ་གཞན་ནི་ལས་གཞིར་འཆད་ལ། སྔར་གནང་བ་སྦྱིན་པ་དང༌། མ་འབྲེལ་བ་དང༌། དབྱར་དམ་བཅས་པ་དང་འབྲེལ་བ་སྟེ་གཞན་དུ་ན་དོན་མེད་པའི་ཕྱིར་རོ། །གཉིས་པ་རྟེན་གང་གིས་གནང་བ་སྦྱིན་པ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཡུན་ཇི་སྲིད་དུ་གནང་བ་སྦྱིན་པ་ནི། ཞག་བཞི་བཅུའི་ཞེས་སོ། །དེ་ཡང་ཡ་མཐའི་ཚད་མཚོན་པ་ཙམ་སྟེ། ལུང་ཞུ་བ་ལས། ཞག་བཞི་བཅུར་བསྐོ་བར་བྱའོ། །ཞེས་གསུངས་ན། ཞག་སུམ་ཅུ་རྩ་དགུའམ། སུམ་ཅུའམ། ཉེར་དགུའམ། ཉི་ཤུར་བསྐོ་བར་རུང་ངམ། ཨུ་པ་ལི་རུང་ངོ་ཞེས་གསུངས་སོ། །བཞི་པ་དོན་གང་གི་ཆེད་དུ་གནང་བ་སྦྱིན་པ་ནི། ཞག་བཞི་བཅུའི་གནང་བའི་ལས་ཆོག་ལས་དགེ་འདུན་གྱི་ཆེད་ལ་ཞེས་གསུངས་པ་ནི་གླེང་གཞིའི་དབང་གིས་མཚོན་པ་སྟེ། དཔེར་ན་སྤོ་མགུའི་དབྱུང་བའི་ཆོ་ག་ལས་དགེ་སློང་འཆར་ཀ་འདི་ལ་ཞེས་གསུངས་པ་བཞིན་ནོ། །དེང་སང་འདི་ལ་དགེ་འདུན་གྱི་ཆེད་དུ་ངེས་བཟུང་དུ་དགོས་པར་འཆད་པ་ནི་ཤིན་ཏུ་མང་ཡང་འཁྲུལ་བ་སྟེ། ལུང་སིལ་བུ་ལས། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་ཕྱིར་ཞག་བཞི་བཅུར་བྱིན་གྱིས་རློབ་ལ་ཞེས་གསུངས་ཤིང༌། ལུང་ཞུ་བ་ལས། དགེ་འདུན་གྱི་སླད་དུ་ནི་ཞག་བཞི་བཅུའི་གནང་བ་བྱིན་ཅིག །ཅེས་གསུངས་ན། དགེ་སློང་དང་དགེ་སློང་མ་དང༌། དགེ་བསྙེན་དང་དགེ་བསྙེན་མ་དང༌། ཉེ་དུ་དང་མུ་སྟེགས་ཅན་སྤྱོད་པ་པ་དང༌། ཀུན་ཏུ་རྒྱུ་བ་རྣམས་ཀྱི་སླད་དུ་ཞག་བཞི་བཅུའི་གནང་བ་བསྩལ་བར་བགྱིའམ། ཨུ་པ་ལི་རུང་ངོ་ཞེས་གསུངས་ལ། ལུང་མ་མོ་ལས་ཀྱང༌། དགེ་སློང་མའི་དོན་ནམ་དགེ་བསྙེན་དང་དགེ་བསྙེན་མའི་དོན་ཀྱང་རུང༌། ཉེ་དུའི་དོན་ཀྱང་རུང༌། མུ་སྟེགས་ཀུན་ཏུ་རྒྱུ་བ་གཞན་གྱི་དོན་ཀྱང་རུང༌། ཞག་


K8Z004_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ནམ་བཞི་བཅུར་བྱིན་གྱིས་བརླབས་ལ་འགྲོ་བར་བྱའོ་ཞེས་གསུངས་སོ། །མེ་ཏོག་ཕྲེང་རྒྱུད་ལས། ལྷག་པར་བུ་དང་བུ་མོ་རྣམས། །བག་མར་གཏོང་ལེན་ལ་སོགས་དང༌། །ཕ་མ་དཀོན་མཆོག་གསུམ་དང་ནི། །སློབ་དཔོན་ལ་སོགས་བསྒྲུབ་དགོས་ལ། །ཞག་བདུན་བརླབ་བམ་ལྷག་པའང་རུང༌། །མཚན་མོ་ཉི་ཤུ་སུམ་ཅུའམ། །ཉིན་ཞག་བཞི་བཅུ་ཡང་ནི་རུང༌། །ཞེས་བཤད་ཅིང༌། མདོ་རྩ་བ་ལས་ཀྱང་དེ་སྦྱིན་ནོ་ཞེས་སྤྱིར་གསུངས་ཀྱི། དགེ་འདུན་གྱི་ཆེད་དུ་ནི་ཞེས་མ་གསུངས་སོ། །ལྔ་པ་ཆོ་ག་གང་གིས་གནང་བ་སྦྱིན་པ་ནི། སྦྱོར་དངོས་མཇུག་གསུམ་ལས། སྦྱོར་བ་ནི་འདུལ་བའི་སྐབས་རྗེས་སུ་བསྒྲུབ་པ་དང༌། ཕྱག་འཚལ་ཞིང་འདུག་པའི་སྤྱོད་ལམ་བསྟེན་པ་དང༌། ལས་བྱེད་པས་སྤྲོ་བ་འདྲི་བ་དང༌། རང་གིས་ལན་གསུམ་གསོལ་བ་གདབ་པའོ། །དེ་ཡང་དགེ་འདུན་གྱི་ཆེད་ལ་འགྲོ་བ་དང༌། རང་གིས་དབྱར་དྲལ་བ་སྤང་བ་ཡིན་པས། ཀརྨ་ཤ་ཏཾ་ལས། སྤྲོ་བ་འདྲི་བ་དང་གསོལ་བ་འདེབས་པ་གཉིས་ཀ་དགོས་པར་བཤད་དོ། །འོན་ཀྱང་གང་ཟག་རང་དོན་དུ་ཞག་བཞི་བཅུའི་གནང་བ་ཞུ་ན་ནི་སྤྲོ་བ་འདྲི་མི་དགོས་པར་དོན་གྱིས་གོའོ། །དངོས་གཞི་གསོལ་གཉིས་ཀྱི་ལས་དང་མཇུག་ལས་ཀྱི་མཇུག་སྡུད་བརྗོད་པའོ། །དེ་ལྟར་ཞག་བཞི་བཅུའི་གནང་བ་དགེ་འདུན་གྱི་ལས་ཀྱིས་བྱིན་ནས་དེའི་འོག་ཏུ་དགེ་སློང་གཅིག་གི་མདུན་དུ་ཞག་བཞི་བཅུར་དབྱར་བྱིན་གྱིས་བརླབས་པའི་སྔགས་ལན་གསུམ་བརྗོད་པར་བྱའོ། །ཊཱི་ཀ་ལས། ཚི་གུར་བྱིན་གྱིས་བརླབས་ཀྱང་རུང༌། གཅིག་ཅར་བྱིན་གྱིས་བརླབས་ཀྱང་རུང་སྟེ། ཞེས་སོ། །ཚི་གུར་བྱིན་གྱིས་བརླབ་པ་ནི། ཞག་བདུན་བྱིན་གྱིས་བརླབ་པ་ལན་ལྔ་བྱས་ཏེ་ཞག་སུམ་ཅུ་སོ་ལྔ་སོང་ན་དེའི་འོག་ཏུ་ཞག་ལྔ་ལས་མང་བ་བྱིན་གྱིས་རློབ་ཏུ་མི་གནང་ལ། དེའི་ཚེ་ན་ཡང་ཞག་བཞི་བཅུ་ལས་ལྷག་


K8Z004_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཕྱི་རོལ་ཏུ་གནས་པ་བཀག་པའོ། །དེ་ཡང་ལུང་ཞུ་བ་ལས། ཞག་བཞི་བཅུའི་སྟེང་དུ་ཞག་བདུན་དུ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི་མི་རུང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། མཚམས་ཀྱི་ནང་དུ་ནི་ཞག་མང་དུ་གནས་པར་བྱའོ། །ཞག་སུམ་ཅུ་རྩ་དགུའི་སྟེང་དུ་ཞག་བདུན་དུ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི་མི་རུང་ངོ༌། །ཞེས་གསུངས་ཏེ་ཞག་བཞི་བཅུ་ལས་ལྷག་པ་མི་རུང་བའོ། །ཞག་བཞི་བཅུ་པོ་དེ་ལས་ལྷག་པར་ཕྱི་རོལ་དུ་གནས་པར་མི་བྱ་བ་ཉིད་དོ། །དེ་ནི་རབ་ཏུ་བྱུང་བ་སྡེ་པ་ལྔ་པོ་དག་གི་ཡང་ཡིན་ནོ། །སྡེ་པ་ལྔ་པོས་དབྱར་བྱིན་གྱིས་བརླབ་པ་དེ་ནི་གང་དུ་གནས་པའི་མཚམས་ཀྱི་ནང་དུ་འཆགས་སོ། དགེ་སློང་དང་དགེ་ཚུལ་གྱིས་དགེ་སློང་གི་མདུན་དུ་བྱིན་གྱིས་བརླབ་བོ། །དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ་མ་རྣམས་ཀྱིས་ནི་དགེ་སློང་མའི་གན་དུ་བརླབ་བོ། །དབྱར་བརླབས་ཏེ་འགྲོ་བའི་ཆེད་དུ་བྱ་བ་ནི་མུ་སྟེགས་ཅན་གྱི་ལྟ་བ་དང་དབྲལ་བའི་ཕྱིར་དང༌། ཉེ་དུའི་བྱ་བ་ཆོས་དང་མི་འགལ་བ་རྣམས་དང༌། བདག་ཉིད་ཀྱི་ལུང་དང་རྟོགས་པ་ལ་ནེམ་ནུར་ཟ་བ་བསལ་བའི་ཕྱིར་དབྱར་མཚམས་ཀྱི་ཕྱིར་འགྲོ་བ་ལ་བྱིན་གྱིས་བརླབ་པ་དེ་བྱ་བ་ནི། ཆོས་ལྡན་གྱི་དོན་དུ་བྱིན་གྱིས་བརླབ་ཅེས་སྔར་སྨོས་པ་དེ་མ་བསྡུས་པ་ཉིད་དུ་དོགས་པར་མི་བྱའོ། །གནས་པར་ཁས་བླངས་པ་ཉིད་ལ་གནས་པའི་དགེ་སློང་སྤང་བར་འོས་པ་ཞིག་ཡིན་ན་ཡང་དབྱར་གྱི་ནང་དུ་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་སྤང་བར་མི་བྱ་བ་སྟེ། གནས་ནས་དབྱུང་བར་མི་བྱ་བ་ཉིད་དེ། དེ་ནི་མཚོན་པ་ཙམ་སྟེ་ནན་ཏུར་ཡང་མི་བྱ་སྟེ། ཉེས་པ་གླེང་བ་སྔོན་དུ་བཏང་ནས་ནན་ཏུར་བྱེད་པ་ཡིན་པ་ལ་དབྱར་ནང་དུ་ཉེས་པ་གླེང་བ་བཀག་སྟེ། ལུང་གཞིར། དགེ་སློང་སུས་ཀྱང་དབྱར་གྱི་དང་ལོགས་སུ་དགེ་སློང་ལ་གླེང་བར་མི་བྱ། དྲན་པར་མི་བྱའོ་


K8Z004_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པས་སོ། །དམ་བཅས་ནས་དབྱར་གནས་པ་དང་གནས་སུ་མི་འབྲེལ་བར་མི་བྱའོ་ཞེས་སྨོས་པ་ནི་དཔེའི་མཚོན་པ་ཙམ་ཡིན་ཏེ། ཆོས་ལྡན་གྱི་དམ་བཅའ་གཞན་དག་ཐམས་ཅད་ལ་ཡང་རྐྱེན་འཛོམ་བཞིན་དུ་མི་བསྒྲུབ་ན་ཉེས་བྱས་སུ་འགྱུར་བ་ཡིན་ནོ། །འདིའི་ལུང་ནི་དམ་བཅས་པ་བསྒྲུབ་པར་མི་བགྱིད་པ་ལ་ཉེས་བྱས་སུ་གསུངས་ན། དམ་བཅའ་བ་དུ་མཆིས། ཉེ་བ་འཁོར་ལྔ་སྟེ། དབྱར་དམ་བཅའ་བ་དང༌། ལྷུང་བཟེད་དམ་བཅའ་བ་དང༌། ཆོས་གོས་དམ་བཅའ་བ་དང༌། བསོད་སྙོམས་དམ་བཅའ་བ་དང༌། ནད་པའི་སྨན་དམ་བཅའ་བའོ་ཞེས་གསུངས་ཏེ། འགྲེལ་ཆུང་ལས། ལྷུང་བཟེད་སྦྱིན་ནོ་བྱས་པ་ལས་མ་སྦྱིན་པ་དང༌། ཆོས་གོས་སྦྱིན་ནོ་ཞེས་བྱས་པ་ལ་མ་སྦྱིན་ན་ཉེས་བྱས་སོ། །ཞེས་བཤད་པས་བསོད་སྙོམས་དང་སྨན་ཡང་དེ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་ཆོས་གོས་དང་བསོད་སྙོམས་དང་སྨན་དམ་འཆའ་བ་ནི། ཆོས་གོས་གསུམ་པའི་ཡི་དམ་དང༌། ཟས་བསོད་སྙོམས་པ་དང༌། སྨན་བསྐུས་ཏེ་བོར་བ་དམ་བཅའ་བའོ་ཞེས་ཀྱང་འཆད་དོ། །གླེང་གཞི་ལ་སོགས་པ་ཞུ་བར་གཏོགས་པའི་དབྱར་གྱི་གཞིའོ། །འདིར་སྨྲས་པ། ཆོས་འདི་ཉམས་སུ་བླང་ཞིང་རྒྱུད་ལ་སྐྱེས། །རྒྱུད་ལ་སྐྱེས་པས་གཞན་དྲིང་མ་ཡིན་པའི། །གསུང་རབས་དགོངས་དོན་ཟབ་མོ་འཚོལ་བ་ལ། །རྩོད་མེད་དྭགས་པོའི་བྱིན་རླབས་ཞུགས་པ་ཡིན། །དྭགས་པོའི་བྱིན་རླབས་མཐོང་ནས་བྱིན་རླབས་གཞན། །རི་མོའི་མར་མེ་བཞིན་དུ་རྟོགས་པ་ནས། །སྐྱབས་གནས་མཐར་ཐུག་དྭགས་པོ་བཀའ་བརྒྱུད་ལ། །གསོལ་བ་འདེབས་པ་འདུལ་བའི་བསླབ་བྱ་ཡིན། །བདག་གིས་ལེགས་པར་བསམས་ན་འདུལ་བ་འདིའི། །བརྗོད་བྱ་ཐམས་ཅད་དྭགས་པོའི་བཀའ་བརྒྱུད་ལ། །གསོལ་བ་འདེབས་པའི་བསླབ་བྱར་སངས་རྒྱས་དང༌། །སྲས་བཅས་ཉན་ཐོས་


K8Z004_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་མཛད་པར་གོ། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། དབྱར་གྱི་གཞིའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། །།གསུམ་པ་དགག་དབྱེའི་གཞི་ལ། གོ་རིམ་སྐབས་སུ་བསྒྲུབ་པ་དང༌། །དངོས་ཀྱི་དོན་ཉིད་བསྟན་པའོ། །དང་པོ་ནི། ལུང་ལས། དགག་དབྱེ་དབྱར་དང་ཀོ་ལྤགས་གཞི། །ཞེས་གོ་རིམ་དེ་ལྟར་གསུངས་ཀྱང༌། འདིར་ནི་དབྱར་གྱི་འོག་ཏུ་དགག་དབྱེའི་གཞི་བསྟན་ཏེ། དབྱར་གནས་པའི་མཐར་དགག་དབྱེ་བྱེད་པ་ཡིན་པས་བྱ་བ་ལ་འཇུག་པའི་གོ་རིམ་དང་མཐུན་པའི་ཕྱིར་རོ། །གཉིས་པ་ལ། ལུང་གཞི་ཉིད་ཀྱི་བརྗོད་པ་དང༌། །ཕྲན་ཚེགས་སོགས་ཀྱིས་བརྗོད་པའོ། །དང་པོ་ལ། སྐབས་སུ་ཡི་དམ་ངན་པ་སྤང༌། །དགག་དབྱེ་བྱ་བའི་ཚུལ་ལུགས་སོ། །དང་པོ་ནི། ངག་གི་ཉེས་པ་ཚར་བཅད་པ་ལྟ་བུའི་རྐྱེན་ལ་མ་བལྟོས་པར་དགེ་སློང་གིས་མི་སྨྲ་བའི་ཡི་དམ་བཅང་བར་མི་བྱའོ། །མི་སྨྲ་བ་ནི་མུ་སྟེགས་ཅན་གྱི་རྒྱལ་མཚན་ཡིན་ཅེས་ལུང་དང་ཉིད་བཤད་དང་ཊཱི་ཀ་ལས་སོ། །མི་སྨྲ་བའི་ཡི་དམ་འདིས་སྡིག་པ་དག་པ་དང༌། ཉོན་མོངས་པ་དང༌། སྡུག་བསྔལ་ལས་གྲོལ་བ་ཐོབ་བོ་སྙམ་ན་ཉེས་པ་སྦོམ་པོའོ། །གཉིས་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། དགག་དབྱེའི་དགོས་པ་ནི། ཆོས་དག་པར་འགྱུར་བ་དང༌། ཚུལ་ཁྲིམས་དག་པར་འགྱུར་བ་དང༌། དགག་དབྱེ་མ་བྱས་པའི་ཉེས་པ་ཁེགས་པའོ། །དང་པོ་ནི། ཆོས་རྣམ་པར་དག་པ་བྱ་བའི་དོན་དུ་དགག་དབྱེ་གསུངས་ཞེས་བཤད་དེ། དེ་ཡང་ཉོན་མོངས་པ་མངོན་དུ་གྱུར་པའི་ཆོས་དག་པར་འགྱུར་བ་སྟེ་དག་པའི་བསམ་པ་མངོན་གྱུར་དང་བཅས་ཏེ་དགག་དབྱེ་བྱེད་པའི་ཕྱིར་རོ། །གཉིས་པ་ནི། ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་གསོ་སྦྱོང་གསུངས་ལ་ཞེས་བཤད་ཅིང༌། འོད་ལྡན་ལས། གསོ་སྦྱོང་དང་དགག་དབྱེ་གཉིས་ཀྱི་དོན་ནི་གཅིག་


K8Z004_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཡིན་ནོ། །ཞེས་དགོངས་པ་གཅིག་ཡིན་པར་བཤད་པས་ཚུལ་ཁྲིམས་དག་པ་དེ་དགག་དབྱེའི་ཡང་དགོས་པ་ཡིན་པར་གྲུབ་བོ། །དེ་ཡང་དགག་དབྱེའི་གནས་སུ་འཇུག་པ་ན་དགེ་སློང་རྣམས་ལྟུང་བ་བཤགས་པ་དང༌། སྡོམ་པ་དང༌། ལྟུང་བ་བྱིན་གྱིས་བརླབས་པར་བྱས་ནས་དགག་དབྱེ་བྱེད་པ་ཡིན་པས་ཚུལ་ཁྲིམས་དག་པར་འགྱུར་བའོ། །གཉིས་པ་བསྡུས་པའི་དོན་ལ་དགུ་ལས། དང་པོ་ཡུལ་གང་ལ་དགག་དབྱེ་བྱ་བ་ནི། ཁྱེད་ཅག་ལས་གང་སུས་ལྟུང་བ་གླེང་ན་ཡང་གླེངས་ཤིག་ཅེས་ཕྱོགས་བཅུ་ན་གནས་པའི་དགེ་འདུན་མཐའ་དག་ལ་སྟེ། ང་ལ་གཞན་གྱིས་ལྟུང་བ་གླེང་ཡང་གང་ཟག་ཤཱ་རིའི་བུས་མ་གླེང་ཞིག་ཅེས་ཟེར་བ་ལྟ་བུ། གང་ཟག་འཇོག་པ་དམིགས་བསལ་དུ་གསུངས་པ་དང༌། མཐའ་དག་ལས་གཞན་དུ་ན་དགོངས་པ་རྫོགས་པར་མི་འགྲུབ་པའི་ཕྱིར་རོ། །གཉིས་པ་རྟེན་གང་གིས་དགག་དབྱེ་བྱ་བ་ནི། ཆོས་དྲུག་ལྡན་ཏེ་རབ་ཏུ་བྱུང་བ་སྡེ་ལྔའི་སྡོམ་པ་གསོར་རུང་ཡན་ཆད་དང༌། ཤེས་པ་རང་བཞིན་དུ་གནས་པ་དང༌། ལུས་ཐ་མལ་པར་གནས་པ་དང༌། གནས་ནས་མ་ཕྱུང་བ་དང༌། དགག་དབྱེ་བཞག་པ་མ་ཡིན་པ་དང༌། དབྱར་གནས་པར་ཁས་བླངས་པ་ཡིན་ནོ། །ཐ་མ་གཉིས་ནི་དགག་དབྱེ་བཞག་ན་དགག་དབྱེ་བཀག་པའི་ཆད་ལས་དང་འབྲེལ་བའི་ཕྱིར་དང༌། འདི་ཉིད་ལས། དབྱར་གནས་པ་ཞེས་གསུངས་ལ། གཞན་དུ་ན་དབྱར་ཁས་བླངས་སྟོབས་ཀྱིས་བཀག་པ་མེད་པས་ན་བཀག་པ་ལས་ཕྱེ་བ་མི་འབྱུང་བའི་ཕྱིར་རོ། །དབྱར་གནས་ན་དབྱར་རལ་བས་ཀྱང་སྟེ། ཉིད་བཤད་དང་ཊཱི་ཀ་ལས་དབྱར་རལ་བས་ཀྱང་དགག་དབྱེ་བྱ་དགོས་སོ། །ཞེས་གསུངས་སོ། །དེས་དགག་དབྱེ་བྱས་ན་ལྟུང་བའི་དགག་དབྱེ་དང་རྫས་ཀྱི་དགག་དབྱེ་མཚན་ཉིད་པའོ། །གསུམ་པ་བྱེད་པ་པོ་གང་ལ་གོ་བར་


K8Z004_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི། དགག་དབྱེ་བྱེད་པ་པོར་བསྐོས་པ་འབྲེལ་བ་མེད་པ་སྟེ་མེད་ན་གཞན་ལའོ་ཞེས་དམིགས་བསལ་དུ་གསུངས་པས་སོ། །བཞི་པ་གང་ལ་དགག་དབྱེ་བྱ་བའི་དངོས་པོ་ལྟུང་བའི་དགག་དབྱེ་ནི། ང་ལ་ལྟུང་བ་སྡེ་ལྔ་པོ་གང་གིས་གླེང་ན་ཡང་གླེངས་ཤིག་ཅེས་པ་རང་གི་བསླབ་པའི་གཞི་མཐའ་དག་ལ་སྟེ། ང་ལ་ལྟུང་བ་གཞན་གླེང་ཡང་སྤང་ལྟུང་གིས་ནི་མ་གླེང་ཞིག་ཅེས་ཟེར་བ་ལྟ་བུ། གཞི་བཇོག་པ་དམིགས་བསལ་དུ་གསུངས་པ་དང༌། ཕྱོགས་འགའ་ལ་དགག་དབྱེ་བྱས་པས་དགོས་པ་རྫོགས་པ་མི་འགྲུབ་པའི་ཕྱིར་རོ། །རྫས་ཀྱི་དགག་དབྱེ་བྱ་བའི་དངོས་པོ་ནི། ཁབ་ལ་སོགས་པ་རང་གི་རྫས་གང་ཡང་རུང་བའོ། །ལྔ་པ་གང་དུ་དགག་དབྱེ་བྱ་བའི་གནས་ནི། མཚམས་པོ་ཆེའི་ནང་ཡིན་པ་སྟེ། ལུང་གཞི་ལས། མཚམས་ཆེན་པོ་བཅད་པ་དེར་དགེ་སློང་རྣམས་ཀྱིས་འདུག་སྟེ་གསོ་སྦྱོང་དང་དགག་དབྱེ་བྱའོ་ཞེས་གསུངས་ལ། དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ཀྱི་དགེ་སློང་ཀུན་དགག་དབྱེ་ལ་འདུས་པས་མཚམས་དེའི་དགེ་སློང་ཀུན་དག་པར་འགྱུར་བའི་དགོས་པ་ཡོད་པའི་ཕྱིར་རོ། །གནས་ལ་བློ་མཐུན་བྱས་པ་དང་འབྲེལ་བ་སྟེ་ལས་གཞན་གྱི་གནས་ཀྱང་དེ་ཡིན་ནོ་ཞེས་གསུངས་པས་སོ། །གཙང་ཞིང་ཡངས་པ་ཡིན་པ་དང༌། འཇིག་པའི་རྟེན་ཅན་མ་ཡིན་པ་སྟེ་གསོ་སྦྱོང་ལ་བཤད་པའི་གནད་ཀྱིས་སོ། །དྲུག་པ་གང་གི་ཚེ་དགག་དབྱེ་བྱ་བའི་དུས་ནི། དབྱར་གནས་སྔ་ཕྱིའི་བྱེ་བྲག་གིས་སྟོན་ཟླ་འབྲིང་པོའི་ཉའམ་ཐ་ཆུང་གི་ལ་སྟེ་དབྱར་རྣམས་ཀྱི་ཐ་མའི་ཉི་མ་ལའོ་ཞེས་གསུངས་པས་སོ། །དུས་ཀྱི་སྔ་རོལ་ཏུ་བྱ་བ་དང་འོག་རོལ་ཏུ་བྱ་བ་ནི་དམིགས་བསལ་ཡིན་ནོ། །བདུན་པ་ཚུལ་ཇི་ལྟར་དགག་དབྱེ་བྱ་བ་ནི། སྦྱོར་དངོས་མཇུག་གསུམ་ལས། སྔོན་འགྲོའི་སྦྱོར་བ་ལ་གསུམ་སྟེ། ཞག་བཅུའམ་ཟླ་བ་ཕྱེད་དུ་ཇི་


K8Z004_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བསྒྲུབ་པ་དང༌། ཚེས་བཅུ་བཞི་ལ་ཇི་ལྟར་བསྒྲུབ་པ་དང༌། ཚེས་བཅོ་ལྔའི་ལས་ཀྱི་མདུན་རོལ་དུ་ཇི་ལྟར་བསྒྲུབ་པའོ། །དང་པོ་ལ་གསུམ་སྟེ། སྤྱོད་ཡུལ་དུ་བརྗོད་པ་དང༌། གནས་དང༌། མཆོད་རྟེན་གྱི་བྱ་བ་བསྒྲུབ་པ་དང༌། འཁོན་ཡོད་ན་བཟོད་པར་གསོལ་བ་སྟེ་སྤྱོད་ཡུལ་དུ་བརྗོད་པར་བྱའོ་ཞེས་དང༌། གཙུག་ལག་ཁང་བརྒྱན་ཅེས་པ་ལ་སོགས་པ་དང༌། ནད་དང་བཅས་པས་བཟོད་པ་ཞེས་གོ་རིམ་བཞིན་ནོ། །གཉིས་པ་ཚེས་བཅུ་བཞི་ལ་ཇི་ལྟར་བསྒྲུབ་པ་ལ་གསུམ་སྟེ། སེང་གེའི་ཁྲི་བརྒྱན་པ་དང༌། ཆོས་བཤད་ཉན་འབྱུང་བ་སྤྱོད་ཡུལ་དུ་བརྗོད་པ་དང༌། མཚན་ཐོག་ཐག་བཤད་ཉན་བྱ་བ་སྟེ་སེང་གེའི་ཁྲི་བརྒྱན་ཅེས་པ་དང༌། དོ་མོད་མཚན་ཐོག་ཐག་ཅེས་དང༌། མདོ་སྡེ་དང་འདུལ་བ་དང་ཞེས་སོགས་གཞུང་འདི་ཉིད་ལས་གོ་རིམ་བཞིན་བསྟན་ཏོ། །གསུམ་པ་ཚེས་བཅོ་ལྔར་ལས་ཀྱིས་མདུན་རོལ་ཏུ་ཇི་ལྟར་བསྒྲུབ་པ་ལ་ལྔ་སྟེ། འདུས་པ་ཐམས་ཅད་ཀྱི་ཕན་ཚུན་ཀུན་དགའ་བར་བྱེད་པ་དང༌། ཆོས་རྣམ་པར་དག་པ་གཏན་ལ་དབབ་པས་མཚན་འདའ་བར་བྱ་བ་དང༌། དགག་དབྱེ་བྱེད་པ་པོའི་དགེ་སློང་བསྐོ་བ་དང༌། དེས་རྩྭ་ངར་བྷ་དགེ་འདུན་ལ་བྲིམས་པ་དང༌། གཞན་གྱིས་གསོལ་བ་འབའ་ཞིག་པའི་ལས་བྱ་བ་སྟེ། དེའི་ཚེ་འདུས་པ་ཐམས་ཅད་ཀྱི་ཕན་ཚུན་ཞེས་པ་དང༌། གཞན་ལ་ནི་དེ་དག་གིས་ཞེས་པ་དང༌། དགེ་སློང་དགག་དབྱེ་བྱེད་པ་བསྐོ་ཞེས་པ་དང༌། དེས་རྩྭ་ངར་བྷ་བྲིམས་ཞེས་པ་དང༌། དགག་དབྱེའི་ཕྱིར་གཞན་གྱིས་ཞེས་སོ། །དེ་ལྟར་ན་གསུམ་གསུམ་དང་ལྔ་སྟེ་ཡོངས་སུ་བགྲངས་ན། དགག་དབྱེའི་སྔོན་འགྲོའི་བྱ་བ་བཅུ་གཅིག་གོ། །གཉིས་པ་དགག་དབྱེའི་དངོས་གཞིའི་ཆོ་ག་ནི། སྔགས་ལན་གསུམ་གྱིས་སོ། །གསུམ་པ་མཇུག་གི་ཆོ་ག་ནི། ཐབས་ཡིན་ནོ་ལེགས་སོ་ཞེས་བརྗོད་པ་དང༌། དགག་


K8Z004_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བྱས་པ་དགེ་འདུན་ལ་གོ་བར་བྱ་བའོ། །དེ་ལྟར་ལྟུང་བའི་དགག་དབྱེ་བྱས་ནས། རྫས་ཀྱི་དགག་དབྱེ་ནི་གཞུང་ཉིད་ན་གསལ་ལོ། །བརྒྱད་པ་དམིགས་ཀྱིས་བསལ་བའི་དོན་ལ་དྲུག་ལས། ཡུལ་གྱི་དམིགས་བསལ་ནི་གང་ཟག་འཇོག་པའི་དགག་དབྱེ་བྱ་བའོ། །བྱེད་པ་པོའི་དམིགས་བསལ་ནི་མེད་ན་གཞན་ལའོ་ཞེས་སོ། །དངོས་པོའི་དམིགས་བསལ་ནི་གཞི་འཇོག་པའི་དགག་དབྱེ་བྱ་བའོ། །གནས་ཀྱི་དམིགས་བསལ་ནི་དཀྱིལ་འཁོར་བར་བྱའོ། །དུས་ཀྱི་དམིགས་བསལ་ནི་ལས་ལ་ནི་འདས་ན་ཉི་མ་ཤར་བའོ་ཞེས་པ་དང༌། འཐབ་ཀྲོལ་ཅན་ལ་སོགས་པའི་རྐྱེན་དབང་གིས་དུས་ཀྱི་སྔ་རོལ་ལམ་འོག་རོལ་དུ་དགག་དབྱེ་བྱ་བའོ། །ཆོ་གའི་དམིགས་བསལ་ནི་རྐྱེན་དབང་གིས་ལན་གཉིས་སམ། ལན་གཅིག་བརྗོད་པ་དང༌། ཡོངས་དག་འབུལ་བ་དང༌། དགག་དབྱེ་བྱིན་གྱིས་བརླབ་པའོ། །བྱིན་གྱིས་བརླབ་པའི་ཚུལ་ནི། །སྔར་གསོ་སྦྱོང་བྱིན་གྱིས་བརླབ་པ་བཞིན་ཅི་རིགས་པར་སྦྱར་ཏེ། ཁྱད་པར་ནི་དགེ་སློང་བཞིས་གསོ་སྦྱོང་བྱིན་གྱིས་མི་རློབ་པར་གསོ་སྦྱོང་དངོས་སུ་བྱེད་ཀྱང༌། ཊཱི་ཀ་ལས། དགེ་སློང་བཞིས་ཀྱང་དགག་དབྱེ་བྱིན་གྱིས་རློབ་པར་གསུངས་སོ། །དགུ་པ་དགག་དབྱེའི་སྒྲ་བཤད་པ་ནི། དབྱར་གྱི་ཚུལ་ནང་དུ་ལྟུང་བ་གླེང་དྲན་བྱེད་པ་དང༌། ནན་ཏུར་བྱེད་པ་དང༌། དབྱར་གྱི་རྙེད་པ་བགོད་པ་དང༌། མཚམས་ཀྱི་ཕྱི་རོལ་ཏུ་མཚན་མོ་འདའ་བ་སྟེ་བཞི་པོ་དེ་རྣམས་བཀག་པ་འབྱེད་པར་བྱེད་པས་ན་དགག་དབྱེ་ཞེས་བྱའོ། །གཉིས་པ་ལ། མདོ་ཙམ་ཉིད་དུ་བསྟན་པ་དང༌། །དེ་ཡི་རྒྱས་པར་བཤད་པའོ། །དང་པོ་ནི། དབྱར་གནས་པས་དགེ་འདུན་ལ་བདག་ལ་ཉེས་པ་མཐོང་བ་དང་ཐོས་པ་དང་དོགས་པའི་སྟེ་གནས་གསུམ་པོ་གང་ལགས་པ་དེ་ཚེ་དང་ལྡན་པ་དག་གིས་སྨྲོས་ཤིག །བདག་གིས་ཀྱང་དེ་བཞིན་དུ་


K8Z004_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འབྱེད་དོ་ཞེས་དགག་དབྱེ་བྱའོ། །དབྱར་རལ་ཀྱང་དགག་དབྱེ་བྱ་དགོས་སོ་ཞེས་རང་འགྲེལ་དང་ཊཱི་ཀ་ལས་བཤད་དོ། །དུས་གང་གི་ཚེ་དགག་དབྱེ་བྱ་ཞེ་ན། དབྱར་གནས་པ་ཟླ་གསུམ་རྣམས་ཀྱི་ཐ་མ་སྟོན་ཟླ་འབྲིང་པོའི་ཉའམ། སྟོན་ཟླ་ཐ་ཆུང་གི་ཉའི་ཉིན་མ་ལའོ་སྟེ། ཊཱི་ཀར། ཐ་མའི་ཉིན་མཚན་ལའོ་ཞེས་པའོ། །དགག་དབྱེ་དངོས་གཞིའི་ཆོ་ག་ནི་དུས་མཚན་མོར་བྱ་བ་ཡིན་ཏེ། དགག་དབྱེའི་སྔོན་འགྲོ་ཚེས་བཅོ་ལྔའི་ནུབ་མོར་རྣམ་པར་གཏན་ལ་དབབ་པས་ལས་ཀྱི་མདུན་རོལ་ཚུན་ཆད་ཀྱིས་མཚན་མོ་འདའ་བ་སྔོན་དུ་བྱས་ནས་དགག་དབྱེའི་ལས་ནི་སྐྱ་རེངས་འཆར་བའི་མདུན་རོལ་དུའོ་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལ། དགག་དབྱེ་བྱ་བ་སྤྱིར་བསྟན་དང༌། །རྐྱེན་དབང་དམིགས་ཀྱིས་བསལ་བའོ། །དང་པོ་ལ། དགག་དབྱེ་སྔོན་འགྲོའི་བྱ་བ་དང༌། །དགག་དབྱེ་དངོས་ཀྱི་ཆོ་ག་དང༌། །སྐབས་ཀྱི་དོགས་གཅོད་བསྟན་པའོ། །དང་པོ་ལ། ཞག་བཅུ་སོགས་སུ་ཇི་ལྟར་བསྒྲུབ། །བཅོ་ལྔའི་མདུན་དུ་ཇི་ལྟར་བསྒྲུབ། །བཅོ་ལྔའི་ལས་མདུན་ཇི་ལྟར་བསྒྲུབ། །དང་པོ་ལ། སྤྱོད་པའི་ཡུལ་དུ་ཇི་ལྟར་བརྗོད། །གནས་དང་མཆོད་རྟེན་བྱ་བ་བསྒྲུབ། །དང་པོ་ནི། དགེ་འདུན་དགག་དབྱེ་མཛད་པར་འགྱུར་བ་དེ་སྤྱོད་ཡུལ་གྲོང་དང་གྲོང་ཁྱེར་ལ་སོགས་པ་དག་ཏུ་བརྗོད་པར་བྱའོ་སྟེ་སྦྲན་པར་བྱ་སྟེ། སྦྱོད་ཡུལ་ལ་གནས་པའི་སེམས་ཅན་རྣམས་ཀྱི་བསོད་ནམས་སྤེལ་བའི་ཕྱིར་རོ། །དབྱར་གནས་པར་ཁས་ལེན་པའི་སྔ་རོལ་ཏུ་གང་ཚུན་ཆད་ནས་གཙུག་ལག་ཁང་བྱི་དོར་བྱེད་པ་ཞག་བཅུའམ། ཟླ་བ་ཕྱེད་ལ་སོགས་པ་དེ་ཙམ་ནས་སྤྱོད་ཡུལ་དུ་བརྗོད་པར་བྱའོ་ཞེས་པ་སྟེ། དབྱར་གྱི་གཞི་ལས། ཞག་བཅུའམ་ཟླ་ཕྱེད་ཀྱིས་འབྱུང་བར་འགྱུར་བ་ཉིད་ན་གཙུག་ལག་ཁང་གི་བྱི་དོར་བྱའོ། །ཁ་ཅིག་ལས་ནི་བདུན་ནམ་བརྒྱད་དོ། །


K8Z004_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྔར་བཤད་པ་བཞིན་དུ་འདིར་ཡང་དགག་དབྱེ་འབྱུང་བ་ཉིད་ཀྱི་སྔ་རོལ་ཞག་བཅུའམ། ཟླ་བ་ཕྱེད་དམ། ཞག་བདུན་ནམ་བརྒྱད་ན་སྤྱོད་ཡུལ་དུ་བརྗོད་པར་བྱའོ་ཞེས་སོ། །ཇི་སྐད་བརྗོད་པར་བྱ་ཞེ་ན། ད་ཕྱིན་ཆད་ཞག་བཅུའམ་ཟླ་ཕྱེད་ལ་སོགས་པ་འདི་ཙམ་ན་དགག་དབྱེ་མཛད་པར་འགྱུར་ལ། ཁྱིམ་པ་ཁྱོད་ཅག་ལ་བརྗོད་པ་ཡིན་ནོ་ཞེས་སོ། །གཉིས་པ་ནི། དགག་དབྱེའི་སྔ་རོལ་ཞག་བཅུའམ་ཟླ་ཕྱེད་ལ་སོགས་པ་དེ་ཚུན་ཆད་ནས་གཙུག་ལག་ཁང་བརྒྱན་པར་བྱའོ། །ཞག་བཅུའམ་ཟླ་བ་ཕྱེད་ལ་སོགས་པ་དེ་ཚུན་ཆད་ནས་ཁང་པ་བརྩེགས་པ་དག་བརྩིག་གོ། །དེ་ཚུན་ཆད་ནས་གཙང་ཁང་ཕྱུར་བུ་དག་ཀྱང་རི་མོ་བྲིའོ། །མཆོད་རྟེན་དག་གསོ་བ་དང༌། བྱི་བྱད་རྡུལ་ལ་སོགས་པ་སྤྲུགས་པ་དང༌། མེ་ཏོག་གི་ཕྲེང་བ་རྙིང་པ་བསལ་བ་ལ་སོགས་པ་བྱའོ། །གཉིས་པ་ལ། སེང་གེའི་ཁྲི་ཉིད་བརྒྱན་པ་དང༌། །སྤྱོད་ཡུལ་ཉིད་དུ་བརྗོད་པ་དང༌། །ཐོག་ཐག་བཤད་ཉན་བྱ་བའོ། །དང་པོ་ནི། ཚེས་བཅུ་བཞི་ནས་སེང་གེའི་ཁྲི་བརྒྱན་པར་བྱའོ། །གཉིས་པ་ནི། ཚེས་བཅུ་བཞི་ལ་དོ་མོད་མཚན་ཐོག་ཐག་ཆོས་བཤད་པ་དང༌། མཉན་པ་འབྱུང་བར་འགྱུར་གྱི། དེར་ཚེ་དང་ལྡན་པ་ཁྱིམ་པ་ཁྱེད་ཅག་དག་གིས་འདུ་ཞིང་ཚོགས་པ་སྦྱིན་པར་བྱའོ་ཞེས་ཚེས་བཅུའི་ཉིན་མོ་སྤྱོད་ཡུལ་གྲོང་ཡུལ་དུ་བརྗོད་དེ་སྲང་སྦྲན་ནས་སོ། །གསུམ་པ་ནི། ཚེས་བཅུ་བཞིའི་ནུབ་མོར་ཐམས་ཅད་ཚོགས་པ་ན་མདོ་སྡེ་དང༌། འདུལ་བ་དང་མ་མོ་འཛིན་པ་ལ་ཆོས་འཆད་པ་སོགས་གསོལ་བ་བཏབ་པའི་སྡེ་སྣོད་འཛིན་པ་དེ་དག་གིས་ཚེས་བཅུ་བཞིའི་མཚན་ཐོག་ཐག་ཏུ་ཆོས་མཉན་པ་སྦྱིན་པར་བྱའོ། །(གསུམ་པ་བཅོ་ལྔའི་ལས་མདུན་ཇི་ལྟར་བསྒྲུབ་པ་ལ། གཏན་འབེབས་དུས་ཀྱི་ངེས་བཟུང་བཅས། །དགག་དབྱེའི་བྱེད་པོའི་དགེ་སློང་བསྐོ། །གཞན་སྲོལ་འབའ་ཞིག་ལས་བྱ་བ། །དེ་ཡིས་ངར་བྷ་བྲིམ་བའོ། །དང་


K8Z004_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི། ཚེས་བཅུ་བཞི་ལས་གཞན་ཚེས་བཅོ་ལྔའི་ནུབ་མོ་ལ་ནི་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དེ་དག་གིས་དགག་དབྱེའི་ལས་ལ་མ་བབ་ཀྱི་མདུན་རོལ་ཚུན་ཆད་དུ་ཆོས་དང་འབྲེལ་བའི་གཏམ་རྣམ་པར་གཏན་ལ་དབབ་པས་ཏེ། གཞི་འགྲེལ་ལས། དགག་དབྱེའི་ལས་ཀྱི་མཇུག་དང༌། སྐྱ་རེངས་དང་པོ་མི་ཕྲད་པ་དེ་ཙམ་ཚུན་ཆད་ཀྱི་མཚན་མོའི་ཆ་འདའ་བར་བྱའོ། །དགག་དབྱེའི་ལས་དང་པོ་རྩོམ་པ་ཚུན་ཆད་དུ་ནི་ཆོས་བཤད་པར་བྱའོ་ཞེས། ཊཱི་ཀ་ལས། མདོ་འོག་མའི་སྐབས་ནས་བཤད་དོ། །ཞེས་སོ། །དགག་དབྱེའི་ལས་དེ་གང་གི་ཚེ་བྱ་ཞེ་ན། དགག་དབྱེའི་ལས་ནི་སྐྱ་རེངས་འཆར་བའི་མདུན་རོལ་ཏུ་ལས་ཀྱི་ཆོ་ག་ཟིན་པར་བྱའོ། །གཉིས་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། དགོས་པའི་དོན་ནི་མ་བསྐོས་པ་ལ་དགག་དབྱེ་གོ་བར་བྱེད་པའི་ལྟུང་བ་མི་འབྱུང་བའོ། །བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་བསྐོ་བ་ནི། ཚེས་བཅོ་ལྔ་དང་ལྡན་པ་བསྐོ་སྟེ། བསྐོ་ཡུལ་ཐུན་མོང་བ་ཆོས་བཅུ་བཞི་སྔར་བཤད་པའི་སྟེང་དུ་སྐྱེས་པ་ཡིན་པ་སྟེ་བུད་མེད་ལ་ནི་མ་ཡིན་ནོ་ཞེས་དང༌། གཞན་དུ་ན་རྟེན་དམན་པས་དགོས་པ་རྫོགས་པ་མི་འགྲུབ་པའི་ཕྱིར་རོ། །གཉིས་པ་རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་གིས་བསྐོ་བ་ནི། གསོལ་གཉིས་ཀྱི་ལས་ཀྱིས་སོ། །བཞི་པ་བསྐོས་པའི་བྱ་བ་ནི། རྩྭ་དར་བྷ་བྲིམས་པ་ལ་སོགས་པའོ། །གཉིས་པ་ནི། ལས་ཀྱི་དང་པོ་ཁོ་ནར་དགེ་སློང་དགག་དབྱེ་བྱེད་པ་བསྐོ་བར་བྱའོ། །དགེ་འདུན་མང་བའི་ཕྱིར་དགག་དབྱེ་བྱེད་པ་གཅིག་གིས་མི་ནུས་ན་དགེ་སློང་དགག་དབྱེ་བྱེད་པ་དུ་མ་བསྐོའོ། །གསུམ་པ་ནི། དེ་བསྐོས་ཟིན་པའི་འོག་ཏུ་དགག་དབྱེ་བྱ་བའི་ཕྱིར་སུས་གསོལ་བར་བྱ་ཞེ་ན། དགག་དབྱེ་བྱེད་པར་བསྐོས་པ་དེ་ལས་གཞན་ཅིག་གིས་དགེ་འདུན་ལ་གསོལ་


K8Z004_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བ་འབའ་ཞིག་པའི་ལས་བྱའོ། །དགག་དབྱེ་བྱ་བ་འདི་ལ་གྲལ་ཚར་གཅིག་ལ་དགག་དབྱེ་བྱེད་པ་དུ་མ་དག་གིས་གྲལ་གྱི་ཆ་སྟོད་སྨད་དུ་བྱས་པ་ལས་དགག་དབྱེ་བྱར་རུང་ངོ༌། །བཞི་པ་ནི། དགག་དབྱེ་བྱེད་པར་བསྐོས་པ་དེས་དང་པོར་དགེ་འདུན་ཐམས་ཅད་ལ་རྩྭ་དར་བྷ་བྲིམ་པར་བྱའོ་སྟེ། ལུང་ལས། འཇག་མ་བྲིམས་ལ་ཞེས་གསུངས་ལ། གཞི་འགྲེལ་ལས། ཀུ་ཤ་ཞེས་བྱ་བ་ནི་རྩྭའི་རྣམ་པ་རྣོན་པོ་སྟེ་རྩྭ་དར་བྷ་ཞེས་བྱ་བའི་ཐ་ཚིག་གོ། །ཞེས་སོ། །ཁ་ཆེ་ཛྙཱ་ན་ཤྲཱིའི་ཞལ་ནས། རམ་པའི་ལྗང་པ་ཡིན་ཅེས་གསུངས་སོ། །དགག་དབྱེ་བྱེད་པ་ན་རྩྭ་དར་བྷ་ལག་པས་བཟུང་དགོས་པ་འདི་གཞུང་གང་ནས་བཤད་ཅེས་འདྲི་ན། འདིར་ཊཱི་ཀ་ལས། དགག་དབྱེ་བྱ་བ་དང༌། དགག་དབྱེ་བྱེད་པ་གཉིས་ཀའི་ལག་པས་བཟུང་བར་བྱའོ། །ཞེས་བཤད་ཅིང༌། བསྡུས་པ་ལས། རྩྭ་ཀུ་ཤ་ཅུང་ཟད་ལག་པས་བཟུང་བར་བྱའོ། །རྩྭའི་རྟིང་པ་རྐང་པས་མནན་ཏེ་དགག་དབྱེ་བྱ་བའོ། །ཞེས་བཤད་དོ། །དེའི་དགོངས་པ་ནི་རྩྭ་ཀུ་ཤ་འདི་དག་འདུད་པར་བྱེད་པ་བཞིན་དུ་བདག་ཀྱང་ལྟུང་བ་ཆོས་བཞིན་དུ་ཤེས་པར་བྱ་བའི་ཕྱིར་དགེ་སློང་རྣམས་ལ་འདུད་པར་བྱེད་དོ་ཞེས་སྟོན་པའམ། དབྱར་དྲལ་བས་རྩྭ་མནན་ཀྱང་སྲོག་ཆགས་ལ་གནོད་པ་མེད་པར་གོ་བའི་ཚད་ཡིན་ཅེས་མན་ངག་ལས་སོ། །དགེ་སློང་རེ་རེའི་དགག་དབྱེ་བྱས་ཟིན་གྱིས་བར་དུ་དགག་དབྱེ་བྱེད་པ་པོའི་དགེ་སློང་དེས་དགེ་སློང་རེ་རེའི་མདུན་དུ་འདུག་པར་བྱའོ། །དེང་སང་ནི་དགེ་སློང་གསུམ་གསུམ་གྱི་མདུན་དུ་འདུག་པར་བྱེད་དེ། ཚེགས་ཆུང་བར་བྱ་བའི་ཕྱིར་རོ། །དགག་དབྱེ་བྱེད་པ་པོ་མདུན་ན་གནས་པ་དེ་ལ་དགེ་སློང་རེ་རེས་ཀྱང་དགག་དབྱེ་གོ་བར་བྱ་བའི་སྔགས་ནི་ལན་གསུམ་མོ། །ལན་གསུམ་བཟླས་པ་དེ་ཙམ་གྱིས་ནད་པ་ངལ་བ་དང༌། གནས་མལ་ཕན་ཕུན་དུ་འགྱུར་


K8Z004_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། ཆོས་སྙན་པར་སྨྲ་བ་ལ་སོགས་པས་གཡེངས་ཏེ་དགག་དབྱེའི་དུས་སྐྱ་རེངས་འཆར་ཀ་ལས་ཡོལ་བ་དང་གནོད་པ་བྱུང་ན་སྔགས་ལན་གཉིས་སོ། །དེ་ཙམ་གྱིས་ན་ཡང་ལན་གཅིག་གོ། །གཉིས་པ་ལ། ལྟུང་བའི་དགག་དབྱེ་བཤད་པ་དང༌། །རྫས་ཀྱི་དགག་དབྱེ་ཇི་ལྟར་བསྟན། །དགག་དབྱེ་བྱ་བའི་གོ་རིམ་མོ། །དང་པོ་ལ། དངོས་གཞི་ལྟུང་བ་བརྗོད་པ་དང༌། །མཇུག་གི་ཆོ་ག་བརྗོད་པའོ། །དང་པོ་ནི། དགག་དབྱེ་བྱེད་པ་པོ་དེས་དགེ་སློང་གི་གྲལ་གྱི་དགག་དབྱེ་རྫོགས་པ་ན་དགག་དབྱེ་བྱེད་པོ་གཞན་ཅིག་ལ་རང་གི་དགག་དབྱེ་བྱའོ། །དགག་དབྱེ་བྱེད་པ་པོར་བསྐོས་པ་གཅིག་ལས་མེད་ན་བསྐོས་པ་དེའི་དགག་དབྱེ་སུའི་མདུན་དུ་བྱ་ཞེ་ན། དགག་དབྱེ་བྱེད་པ་པོ་གཞན་མེད་ན་དགག་དབྱེ་བྱེད་པ་པོར་བསྐོས་པ་ལས་གཞན་བྱེད་པ་པོར་མ་བསྐོས་པའི་དགེ་སློང་གཅིག་ལ་རང་གི་དགག་དབྱེ་གོ་བར་བྱ་སྟེ། གྲལ་ན་འཁོད་པའི་དགེ་སློང་གཞན་གྱི་མདུན་དུ་དགག་དབྱེ་བྱེད་པ་པོ་རང་གི་དགག་དབྱེ་བྱའོ། །གཉིས་པ་ནི། དགེ་སློང་ཐམས་ཅད་ཀྱིས་དགག་དབྱེ་བྱས་ཟིན་པའི་རྗེས་ལ་དགེ་འདུན་ཐམས་ཅད་ཀྱིས་དགག་དབྱེ་བྱས་པ་དེ་ཉིད་དགག་དབྱེ་བྱེད་པ་པོ་དེས་དགེ་སློང་གི་དགེ་འདུན་ལ་གོ་བར་བྱའོ། །དེ་མ་ཐག་ཏུ་འདུས་པ་ཐམས་ཅད་ཀྱིས་ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ་ཞེས་བསྒྲུབ་པར་བྱའོ། །ལེགས་པ་ནི་མཛེས་ཤིང་ཁ་ན་མ་ཐོ་བ་མེད་པ་ཡིན་ལ། ཤིན་ཏུ་ནི་ཐེ་ཚོམ་མེད་པའི་དོན་ནོ། །གཉིས་པ་ནི། ཤིན་ཏུ་དགག་དབྱེ་མཛད་དོ་ཞེས་བསྒྲུབས་མ་ཐག་ཏུ་དགག་དབྱེ་བྱེད་པ་དེས་རང་གི་རྫས་གང་ཡང་རུང་བ་སྟེ་ཆུང་ངུ་ཡང་རུང་བས། ཐ་ན་ཁབ་ཙམ་གྱིས་ཀྱང་དགེ་འདུན་ལ་རྫས་ཀྱི་དགག་དབྱེ་བྱའོ། །རྫས་དགག་ནི་སྦྱིན་པར་བྱ་བའི་རྫས་ལ་


K8Z004_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་པ་སྤྱན་དྲངས་པ་བརྩམ་པར་བྱ་བ་སྟེ། ཊཱི་ཀ་ལས། སྦྱིན་པར་བྱེད་པ་རྣམས་ཀྱི་བསོད་ནམས་ཀྱི་འདུ་བའི་སྒོའི་བྱེ་བྲག་བསྟན་པའི་ཕྱིར་བཅས་ཏེ། ཞེས་བཤད་དོ། །དེའི་རྒྱུད་མཚན་ནི། ཊཱི་ཀ་ལས། དགག་དབྱེ་བྱས་པའི་དགེ་སློང་གི་དགེ་འདུན་ནི་དགེ་ལེགས་ཀྱི་བསམ་པ་ཅན་ཡིན་པའི་ཕྱིར་དང༌། བྱམས་པའི་སེམས་དང་ལྡན་པ་ཡིན་པའི་ཕྱིར། བསོད་ནམས་ཀྱི་ཞིང་ཆེས་ཁྱད་པར་དུ་འཕགས་པ་ཡིན་པས་དེ་ལ་སྦྱིན་པ་བྱིན་ན་འབྲས་བུ་ཆེས་མང་པོར་འགྱུར་རོ། །ཞེས་སོ། །ཇི་ལྟར་བརྩམ་ཞེ་ན། དགག་དབྱེ་བྱེད་པ་པོ་དེས་ཁབ་ལ་སོགས་པའི་རྫས་དེ་ལག་ཏུ་བླངས་ནས་དགེ་འདུན་ལ་ཚིག་གིས་རྫས་ཀྱི་དགག་དབྱེ་བརྩམ་པར་བྱའོ། །དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། ཁབ་ལ་སོགས་པ་རྫས་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་སློང་གི་དགེ་འདུན་ལ་དགག་དབྱེ་བགྱིར་རུང་ངམ་ཞེས་རྫས་ཀྱི་དགག་དབྱེ་བྱའོ། །གསུམ་པ་ནི། རྫས་ཀྱི་དགག་དབྱེ་བྱས་པ་དེའི་འོག་ཏུ་དགག་དབྱེ་བྱེད་པོ་དེས་དགེ་ཚུལ་རྣམས་ལ་དགག་དབྱེ་བྱའོ། །ལུང་གཞི་ལས། དེའི་འོག་ཏུ་དགེ་སློང་མ་རྣམས་དང༌། དགེ་སློང་མ་རྣམས་དང༌། དགེ་ཚུལ་ཕ་དང༌། དགེ་ཚུལ་མ་རྣམས་དགག་དབྱེ་བྱེད་དུ་གཞུག་གོ། །ཞེས་གསུངས་ཀྱང་གཞུང་དུ་བཀོད་པའི་གོ་རིམ་ཙམ་ཡིན་གྱི། ལག་ལེན་གྱི་གོ་རིམ་ནི་མདོ་རྩ་བར། དགེ་སློང་མའི་དགག་དབྱེའི་སྔོན་དུ་དགེ་ཚུལ་གྱི་དགག་དབྱེ་བྱ་བར་གསུངས་ཏེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས། རང་གི་ཕྱོགས་མ་རྫོགས་པར་ཕྱོགས་གཞན་ལ་འཇུག་པར་མི་རིགས་པས་སོ། །ཞེས་སོ། །དེའི་འོག་ཏུ་དགེ་སློང་མ་རྣམས་ལ་དགག་དབྱེ་བྱའོ། །གསུམ་པ་ནི། དགེ་སློང་དབྱར་གྱི་ནང་དུ་ཞག་བདུན་ལ་སོགས་པ་བྱིན་གྱིས་བརླབས་ཏེ་


K8Z004_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གཞན་དུ་སོང་བས་གནས་གཞན་དེར་དབྱར་སྔ་མར་ཁས་བླངས་པའམ། ཚེས་གྲངས་ནོར་བའམ་འཐབ་ཀྲོལ་ཅན་འོང་བའི་རྐྱེན་གྱིས་སྔར་དགག་དབྱེ་བྱེད་པ་ན། གནས་གཞན་དེར་དགེ་སློང་གློ་བུར་དུ་འོངས་པ་དང༌། གཉུག་མར་གནས་པ་དེ་དག་དང་ལྷན་ཅིག་དགག་དབྱེ་བྱས་ན་དགག་དབྱེ་བྱས་པ་ཉིད་ཡིན་ནོ། །ཊཱི་ཀ་ལས། གང་དུ་དབྱར་གནས་པར་ཁས་བླངས་པ་དེ་ཉིད་དུ་དགག་དབྱེ་ངེས་པར་འཆགས་ཀྱི། གཞན་དུ་ནི་མི་འཆགས་སོ་སྙམ་དུ་དོགས་པ་བསལ་བའི་ཕྱིར། ཞེས་སོ། །དགག་དབྱེ་བྱེད་པ་པོ་བུད་མེད་དགེ་སློང་མ་ལ་ནི་དགེ་སློང་ཕའམ་དགེ་སློང་མ་ལ་སོགས་པས་དགག་དབྱེ་བྱས་ན་དགག་དབྱེ་བྱས་པ་ཉིད་མ་ཡིན་ནོ། །ཊཱི་ཀར། བུད་མེད་ཀྱི་དགེ་འདུན་ལ་ཡང་སྐྱེས་པས་དགག་དབྱེ་བྱ་སྟེ། དགག་དབྱེ་བྱེད་པ་པོ་ཉིད་ནི་སྐྱེས་པའི་དབང་དུ་བྱས་པའི་ཕྱིར་རོ། །དགག་དབྱེ་བྱེད་པ་པོར་བསྐོས་པའི་དགེ་སློང་དེ་དགེ་སློང་མར་མཚན་གྱུར་པ་ལ་ཡང་དགེ་སློང་ཕའམ་དགེ་སློང་མ་ལ་སོགས་པས་དགག་དབྱེ་བྱས་པ་ན་དགག་དབྱེ་བྱས་པ་ཉིད་མ་ཡིན་ནོ། །གཉིས་པ་ལ། དགག་དབྱེའི་དུས་ཀྱི་སྔར་བྱ་བར། །གང་ཟག་བཞི་འཇོག་དགག་དབྱེ་དང༌། །ཐབས་རྐྱེན་དུས་སྔར་ཡང་འོག་བྱ། །དང་པོ་ནི། ཡུལ་འཁྲུག་པ་ལ་སོགས་པའི་གནོད་པས་དབྱར་གནས་པར་མི་ནུས་པ་ཉིད་ཡིན་ན་རང་གི་མིག་སྔའི་སྤྱོད་ཡུལ་དུ་གྱུར་པའི་དགེ་སློང་མདུན་ན་གནས་པ་དེ་ལ་དགེ་སློང་འགྲོ་བར་རྩོམ་པ་དེས་ཚོགས་ཀྱི་དགག་དབྱེ་གོ་བར་བྱས་ཏེ་འགྲོ་བར་བྱའོ། །ལུང་གཞི་ལས། དགེ་འདུན་འཁྲུག་པའི་དམག་གི་འཇིགས་པ་བྱུང་ནས་ཡུལ་མི་རྣམས་ཀྱང་དེ་དང་དེ་དག་ཏུ་བྲོས་སོ། །དགེ་སློང་རྣམས་ཀྱང་གཏོར་བུ་དག་ཏུ་ཆོས་གོས་རྣམས་ཐུམ་པོར་བྱས་ཏེ་ཐོག་ནས་ཕན་ཚུན་བལྟས་ཏེ་ཚེ་དང་ལྡན་པ་དག་


K8Z004_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དང་དགེ་འདུན་གྱི་དགག་དབྱེ་ཚེས་བཅོ་ལྔ་པ་ཡིན་མོད་ཀྱི། གང་གི་ཚེ་དགེ་འདུན་མཐུན་པ་རྙེད་པ་དེའི་ཚེ་དགག་དབྱེ་བྱའོ། །ཞེས་བརྗོད་ནས་འདོང་བར་བྱའོ་ཞེས་གསུངས་སོ། །ཆོ་ག་དེ་བས་ཚིག་མང་བ་ཞིག་ཊཱི་ཀ་ལས་བཤད་དེ། ལུང་ལས་གསུངས་པའི་ཚིག་དེ་དང༌། ཊཱི་ཀ་ལས་བཤད་པའི་ཆོ་ག་དེ་གཉིས་གང་གིས་ཀྱང་རུང་ངོ༌། །ཚོགས་ཀྱི་དགག་དབྱེ་འདི་ལ་ནི་ཚེས་གྲངས་བཅོ་ལྔ་པ་ངེས་བཟུང་དུ་མི་དགོས། དགེ་འདུན་འདུ་མི་དགོས། དགག་དབྱེ་བྱེད་པོ་བསྐོ་མི་དགོས། གསོལ་བ་འབའ་ཞིག་པའི་ཆོ་ག་མི་དགོས། རྩྭ་དར་བྷ་བྲིམ་མི་དགོས་སོ། །དགག་དབྱེའི་དུས་ལ་མ་བབ་པར་དབྱར་གྱི་ནང་དུ་བྱ་བས་འགྲོ་དགོས་ན་ཚེས་བཅོ་ལྔའམ་བཅུ་བཞི་ལ་དགག་དབྱེ་བྱའོ། །གཉིས་པ་ནི། བདག་ལ་ལྟུང་བ་གཞན་གྱིས་གླེངས་ཤིག །དགེ་འདུན་ལྷག་མའི་སྡེས་ནི་མ་གླེང་ཞིག་ཅེས་པ་ལྟ་བུ་ལྟུང་བའི་སྡེ་ཚན་གྱི་གཞིའམ། བདག་ལ་ལྟུང་བ་གཞན་གྱིས་གླེང་ཞིག །བུད་མེད་ལྟ་བུ་གང་ཟག་འདི་ལས་བྱུང་བའི་ལྟུང་བས་ནི་མ་གླེང་ཞིག་ཅེས་གང་ཟག་གམ། གཉིས་ཀ་བཞག་ནས་ཀྱང་དགག་དབྱེ་བྱར་རུང་ངོ༌། །གཞི་བཞག་པ་དང༌། གང་ཟག་བཞག་པ་དང་གཉིས་ཀ་བཞག་པ་སྟེ། དགག་དབྱེ་བྱེད་པ་གསུམ་པོ་དེ་དག་དགེ་འདུན་གྱིས་ནོད་པར་བྱའོ། །ལྟུང་བ་གཞན་གྱིས་ནི་གླེངས་ཤིག །ཕམ་པའི་ལྟུང་བས་ནི་མ་གླེང་ཞིག་ཅེས་ཟེར་ན་ཕམ་པ་ཉམས་ན་ལྟུང་བ་གཞན་གླེངས་ཀྱང་དོན་མེད་པས་ན་གཞི་བཞག་པར་བྱ་བ་མཐའ་ཕམ་པ་མ་གཏོགས་པ་དགེ་འདུན་ལྷག་མ་ལ་སོགས་པ་སྡེ་ཚན་གང་ཡང་རུང་བར་འཇོག་ཅིང༌། དགག་དབྱེ་བྱེད་པ་ཉིད་ན་དགེ་འདུན་རྣམས་དང་དགག་དབྱེ་བྱེད་པོ་དགེ་སློང་གིས་ཁས་བླང་བར་བྱའོ། །དང་པོ་གཞི་རྐྱང་པ་འཇོག་པ་ལ་འདི་སྐད་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་ཞེས་བོས་ནས་དགེ་


K8Z004_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་དུ་གྱུར་པའི་དགེ་སློང་ཁོ་བོ་ཅག་ནི་ཚེ་དང་ལྡན་པ་ཁྱོད་ཀྱིས་ཅི་ནས་ཀྱང་གཞི་འཇོག་པར་བྱེད་ཅིང༌། གང་ཟག་འཇོག་པར་མི་བྱེད་པ་དེའི་དོན་དུ་གནས་གཅིག་ཏུ་བསྡུས་ཤིང་འདུག་པ་མ་ཡིན་གྱིས། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་གསོ་སྦྱོང་གསུངས་ལ། སེམས་དང་སེམས་ལས་བྱུང་བ་དག་གི་ཆོས་རྣམ་པར་དག་པ་བྱ་བའི་ཕྱིར་ནི་དགག་དབྱེ་གསུངས་པས། གལ་ཏེ་བདག་ལ་ཕམ་པའི་ལྟུང་བ་མེད་པར་སེམས་ཤིང་གཞི་དང་གང་ཟག་བཞག་པ་མེད་པའི་དགག་དབྱེ་བྱེད་པར་འདོད་ན་བཞག་པ་མེད་པ་ཁོ་ནར་དགག་དབྱེ་གྱིས་ཤིག་ཅེས་སོ། །གཉིས་པ་གང་ཟག་འཇོག་པ་ནི། ཊཱི་ཀ་ལས། གང་ཟག་ཅེས་བྱ་བ་ནི་གང་ཟག་གང་ལ་རེག་པ་ལ་སོགས་པའི་ལྟུང་བ་བྱུང་བ་ལས་གྱུར་པའི་གང་ཟག་དེ་ལ་བྱའི། གླེང་བ་པོ་དང་གླེང་བར་བྱ་བ་ནི་མ་ཡིན་ནོ། །ཞེས་བཤད་ཀྱང༌། བླ་མ་རྣམས་ནི་གླེང་བྱེད་ཀྱི་གང་ཟག་ཤཱ་རིའི་བུས་ནི་བདག་ལ་མ་གླེང་ཞིག་ཅེས་གང་ཟག་འཇོག་པའོ། །ཞེས་གསུངས་སོ། །དེས་ན་གང་ཟག་རྐྱང་པ་འཇོག་པ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་ཁོ་བོ་ཅག་ནི་ཚེ་དང་ལྡན་པས་ཅི་ནས་ཀྱང་གང་ཟག་འཇོག་པར་བྱེད་ཅིང༌། གཞི་འཇོག་པར་མི་བྱེད་པ་དེའི་དོན་དུ་འདུས་ཤིང་འདུག་པ་མ་ཡིན་གྱིས། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་སྔ་མ་བཞིན་དུ་བརྗོད་པ་དང༌། གསུམ་པ་གཞི་དང་གང་ཟག་གཉིས་ཀའི་འཇོག་པ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། །ཚེ་དང་ལྡན་པ་ཁོ་བོ་ཅག་ནི་ཚེ་དང་ལྡན་པས་ཅི་ནས་ཀྱང་གཞི་ཡང་འཇོག་པར་བྱེད་ཅིང༌། གང་ཟག་ཀྱང་འཇོག་པར་བྱེད་པ་དེའི་དོན་དུ་འདུག་ཅིང་འདུས་པ་མ་ཡིན་གྱི། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཞེས་པ་ལ་སོགས་སྔ་མ་བཞིན་དུ་བརྗོད་པའིའོ། །གཞི་བཞག་པའམ།


K8Z004_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་བཞག་པའམ་གཉིས་ཀ་བཞག་ནས་དགག་དབྱེ་བྱེད་པ་དེ་དགེ་འདུན་རྣམས་དང༌། དགག་དབྱེ་བྱེད་པ་པོའི་དགེ་སློང་གིས་ཁས་བླངས་ཏེ་དགག་དབྱེ་བྱས་ཟིན་པ་ཉིད་ན་ཕྱིས་གང་ཟག་དེས་བསྙོན་པར་བྱེད་དེ། གཞི་བཞག་པའམ་གང་ཟག་བཞག་སྟེ་དགག་དབྱེ་བྱས་ཟིན་པ་ཉིད་ན་བདག་གིས་ནི་བཞག་པ་ཉིད་གཏན་ནས་མ་བྱས་ཏེ་ཅུང་ཟད་ཀྱང་མ་བཞག་གོ་ཞེས་བཞག་པ་སྤྱིར་ལ་བསྙོན་པའམ། དགེ་འདུན་ལྷག་མའི་སྡེ་ཚན་བཞག་སྟེ་དགག་དབྱེ་བྱས་ཟིན་པ་ཉིད་ན་བདག་གིས་ནི་ལྷག་མའི་སྡེ་ཚན་མ་བཞག་གི །ལྟུང་བྱེད་ཀྱི་སྡེ་ཚན་བཞག་གོ་ཞེས་ཟེར་བ་ལྟ་བུ་བཞག་པ་བྱེ་བྲག་ལ་བསྙོན་པས་ནི། སྔར་དགེ་འདུན་རྣམས་དང་དགག་དབྱེ་བྱེད་པ་པོའི་དགེ་སློང་གིས་དེའི་དགག་དབྱེའམ། ཁས་བླངས་པ་ཉམས་པར་མི་འགྱུར་ཏེ་གཟོད་བྱ་མི་དགོས་སོ། །བསྙོན་པ་དེ་ལ་བཞག་པ་སྔ་མ་སྟེ་བཞག་པ་སྤྱིའམ། བཞག་པ་ཕྱི་མ་འདིའི་རྣམ་པ་སྟེ་བཞག་པ་བྱེ་བྲག་དེ་ལྟ་བུ་ཅུང་ཟད་མེད་དོ་ཞེས་ཟེར་ཏེ། བཞག་པ་སྤྱི་ལ་བསྙོན་པའམ་བཞག་པ་བྱེ་བྲག་ལ་བསྙོན་པའི་ཚིག་སྨྲ་ན་བརྫུན་དུ་སྨྲ་བའི་ཁ་ན་མ་ཐོ་བ་བསྐྱེད་པ་ཉིད་དོ། །གསུམ་པ་ནི། གལ་ཏེ་དབྱར་གནས་པར་ཁས་བླངས་པ་དག་གི་རང་གིས་གནས་དེར་དགག་དབྱེ་བྱེད་པའི་གནས་སུ་གནས་གཞན་ནས་དགེ་སློང་འཐབ་ཀྲོལ་བྱེད་པ་དག་འོང་ཞིང༌། དགག་དབྱེའི་ཚེ་འཐབ་ཀྲོལ་བྱེད་དུ་འོང་བར་ཐོས་པར་གྱུར་ན། གལ་ཏེ་དབྱར་ཁས་བླངས་ནས་གསོ་སྦྱོང་གཉིས་སམ། གསུམ་ཐལ་བར་གྱུར་ན་དགག་དབྱེ་དུས་ལ་མ་བབ་ཀྱང་རུང་སྟེ་འཐབ་ཀྲོལ་བ་དེ་གནས་དེར་མ་འོངས་པ་ཉིད་ན་ཟླ་བ་ཉ་ཤི་གཅིག་གི་དུས་དང་སྦྱར་ཏེ་དགག་དབྱེ་བྱའོ། །གསོ་སྦྱོང་གཉིས་ཐལ་ནས་སམ། གསོ་སྦྱོང་གསུམ་ཐལ་ནས་ཉ་ཤི་གཅིག་གི་དུས་དང་སྦྱར་ཏེ་དགག་དབྱེ་བྱས་ན་ནི་དབྱར་ཟླ་བ་གསུམ་གྱི་


K8Z004_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་གནས་པ་དང་སུམ་གཉིས་གནས་པ་ཡིན་པས། རྐྱེན་དབང་གིས་ཡུན་དེ་ཙམ་ཞིག་གནས་ན་དབྱར་གནས་པའི་ཡོན་ཏན་ཐོབ་པར་འགྱུར་རོ་ཞེས་དོན་དེ་ལྟར་ཊཱི་ཀ་ལས་བཤད་དོ། །འདིའི་འཐད་སྒྲུབ་ནི་རང་འགྲེལ་དང་ཊཱི་ཀ་ལས། ཐམས་ཅད་ལའང་ཕྱེད་བྱས་པ་ནི་བྱས་པ་ཉིད་ཡིན་ནོ། །ཞེས་འཇིག་རྟེན་ལ་གྲགས་པ་ཡིན་ལ། ཕལ་ཆེར་བྱས་པ་ནི་བྱས་པ་ཉིད་ཡིན་ནོ་ཞེས་འཕགས་པའི་གྲགས་པ་ཡིན་པས་ཞེས་གསུངས་སོ། །དེའི་ཚེ་གནས་དེའི་དགེ་འདུན་ཐམས་ཅད་དགག་དབྱེ་ལྷན་ཅིག་ཏུ་བྱ་བ་དེ་ལྟ་བུ་མ་གྲུབ་ན་མཚམས་པོ་ཆེ་བཀྲོལ་ལ་དཀྱིལ་འཁོར་བ་ལྔའམ་དྲུག་ཏུ་བློ་མཐུན་པར་བྱ་ཞིང་དགག་དབྱེ་སོ་སོར་བྱའོ། །འོན་ཏེ་དཀྱིལ་འཁོར་བ་ལྔའམ་དྲུག་ཏུ་བློ་མཐུན་པར་བྱས་ཟིན་ཀྱང་དགག་དབྱེ་ལ་སོགས་པའི་སྐབས་དེར་འཐབ་ཀྲོལ་བ་དག་འོང་ན་ཇི་ལྟར་བྱ་ཞེ་ན། ཊཱི་ཀ་ལས། དགག་དབྱེ་མ་བྱས་པའི་སྐབས་དེར་འཐབ་ཀྲོལ་བ་དག་འོང་ན་དེ་དག་ལ་ངག་གིས་བཤེས་པའི་ཚིག་གིས་བསུས་ནས་འཐབ་ཀྲོལ་བྱེད་པ་དེའི་ལྷུང་བཟེད་དང༌། ཆོས་གོས་བླང་བ་དང༌། གནས་ཁང་དང༌། ཁྱམས་དང༌། ཁང་པ་བརྩེགས་པ་བསྐོ་བ་དང༌། ཁྲུས་དང་སྣུམ་བག་གི་རྙེད་པ་བསྟབས་པ་དང༌། ཆོས་མཉན་པ་སྦྱིན་པ་དང༌། དེ་ལྟ་བུ་མགུ་བར་གྱུར་པ་དག་བྱའོ། །དེ་ལྟར་བྱས་ཀྱང་བདག་ཉིད་དང་མཐུན་པ་ཉིད་ཀྱི་དངོས་པོར་མ་གྲུབ་ན་སྔར་དཀྱིལ་འཁོར་བ་ལྔའམ་དྲུག་ཏུ་བློ་མཐུན་པའི་དཀྱིལ་འཁོར་བ་དག་ཏུ་འཐབ་ཀྲོལ་བ་དེས་མ་ཚོར་བར་གསོ་སྦྱོང་བྱའོ། །འཐབ་མོ་པ་ལ་འདུན་པ་བླངས་ཏེ་གསོ་སྦྱོང་བྱའོ་ཞེས་འགྲེལ་ཆུང་ལས་བཤད་ཀྱང་འཐབ་མོ་པ་ལ་འདུན་པ་བླང་བར་མི་རིགས་སོ། །དེའི་ཚེ་གསོ་སྦྱོང་བྱེད་པ་དེ་འཐབ་ཀྲོལ་བ་དེས་ཚོར་ཏེ། འོ་ན་ངེད་ཁྱོད་ཀྱི་དགག་དབྱེ་མ་ཡིན་ནམ། ཅིའི་ཕྱིར་གསོ་སྦྱོང་བྱེད་ཅེས་ཟེར་བ་དེ་དག་


K8Z004_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཉུག་མར་གནས་པ་དག་གིས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་དགག་དབྱེའི་དུས་ཡིན་མིན་མ་དཔྱོད་པར་སྡོད་ཅིག །ཁྱེད་ཅག་གློ་བུར་དུ་ལྷག་པ་མ་ཡིན་གྱི། གསོ་སྦྱོང་དང་དགག་དབྱེའི་དུས་དཔྱོད་པའི་དོན་འདི་ནི་གཉུག་མར་གནས་པ་དག་གིས་ཡིན་ནོ་ཞེས་ལན་གདབ་པར་བྱའོ། །དེ་ལྟར་དབྱར་ཟླ་བ་གསུམ་རྫོགས་པའི་མཐར་དགག་དབྱེའི་དུས་སུ་གསོ་སྦྱོང་བྱས་པའི་རྗེས་ལ་འཐབ་ཀྲོལ་བ་དེ་དག་གནས་དེ་ནས་ཕྱིར་དོང་བ་དག་ན་གསོ་སྦྱོང་གི་དུས་སུ་དགག་དབྱེ་བྱའོ་སྟེ། དགག་དབྱེའི་ལས་འདི་ནི་གསོ་སྦྱོང་དང་རིས་མཐུན་པ་ཉིད་ཡིན་པའི་ཕྱིར་རོ། །དགག་དབྱེའི་གཞིའོ། །གཉིས་པ་ནི། ནང་ཞེ་འགྲས་པ་དང་བཅས་པས་ཕན་ཚུན་བཟོད་པར་གསོལ་བ་མ་བྱས་པར་དགག་དབྱེ་མི་བྱའོ། །དེ་སྟེ་ཞག་བཅུའམ་ཟླ་བ་ཕྱེད་ཀྱིས་དགག་དབྱེ་འབྱུང་བར་འགྱུར་བ་ཉིད་ན་བཟོད་པ་གསོལ་བ་དེའི་དུས་ཡིན་ནོ། །ལུང་ཁ་ཅིག་ལས་ནི་ཞག་བདུན་ནམ་བརྒྱད་ན་ཞེའོ། །དགག་དབྱེའི་དོན་དུ་འདུས་པ་ལ་སོགས་པ་མི་མང་པོ་འདུས་པ་ནི་བཟོད་པར་གསོལ་བ་དེའི་དུས་མ་ཡིན་ནོ། །དེར་སེམས་གཏོད་པར་མི་ནུས་ལ་བཟོད་པར་བྱེད་པའི་སེམས་ཀྱང་སྐྱེངས་པར་འགྱུར་བའི་ཕྱིར་ཞེས་ཊཱི་ཀ་ལས་སོ། །འགྲེལ་ཆུང་ལས་ནི་འདུས་པའི་སྤྱིར་ཡང་སྤྱིའི་བཟོད་པ་གསོལ། ཞེས་སོ། །ནད་དང་བཅས་པ་དེས་བཟོད་པ་བླང་བར་མ་བྱས་པར་དགག་དབྱེ་མི་བྱའོ། །ཚེས་བཅོ་ལྔའི་དགག་དབྱེའི་དུས་དེའི་ཚེ་གནས་དེར་འདུལ་བ་ཐམས་ཅད་ཀྱིས་ཕན་ཚུན་ཀུན་དགའ་བར་མ་བྱས་པར་མི་བྱའོ། །དགག་དབྱེའི་དུས་སུ་མ་ཟད་དུས་གཞན་གྱི་ཚེ་ཡང་གཤེ་བ་དེ་བདག་གིས་ཉེས་ཏེ་བདག་ལ་གཞན་གྱིས་གཤེ་བ་ལ་བཟོད་པ་མི་གསོལ་བར་མི་བྱའོ། །དགེ་སློང་མས་དགེ་སློང་ལ་གཙུག་ཁང་གི་གནས་ཀྱི་ཕྱི་རོལ་ཏུ་བཟོད་པ་གསོལ་བར་མི་བྱའོ། །དགེ་སློང་


K8Z004_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

མས་དགེ་སློང་ལ་བཟོད་གསོལ་བྱེད་པ་ན་དགེ་སློང་མས་དགེ་སློང་གི་རྐང་པ་གཉིས་ལ་ཕྱག་བྱས་ཏེ་བཟོད་གསོལ་མི་བྱའོ། །ཊཱི་ཀ་ལས། འདི་ནི་བཟོད་པ་མི་བླང་དུ་མི་རུང་བའི་སྒྱུ་ཐབས་སྤང་བའི་ཕྱིར་རོ། །ཞེས་སོ། །དགེ་སློང་གིས་བཟོད་ན་དགེ་སློང་མས་དགེ་སློང་གི་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་འགྲོ་བར་བྱའོ། །དགེ་སློང་མ་བཟོད་པ་གསོལ་བར་བྱེད་པ་དེ་ལ་དགེ་སློང་གིས་འགོངས་ཏེ་འགྲོ་བ་ལ་སོགས་པ་མ་གུས་པར་བྱས་ཏེ་འགྲོ་བར་མི་བྱའོ། །དགེ་སློང་མ་བཟོད་གསོལ་བྱེད་པའི་ཚིག་ལས་འདའ་བ་སྟེ། བཟོད་པ་མི་བླང་བར་མི་བྱའོ། །བཟོད་པ་གསོལ་བར་བྱེད་ན་དུམ་བུ་ཚུགས་སུ་འཕྲལ་ལ་བཟོད་པ་གསོལ་བར་མི་བྱ་བར་བཟོད་པར་བྱ་བ་ལ་མདུན་རོལ་དུ་སྔར་བཤད་སྦྱོང་བྱེད་པའི་ཐབས་ཤེས་པའི་གང་ཟག་ཅིག་ལ་ཤད་ཀྱིས་སྦྱོང་དུ་གཞུག་པར་བྱའོ། །བཟོད་པ་གསོལ་བའི་ཡུལ་དེས་བཟོད་པ་ལེན་པར་མི་འདོད་ན་བཟོད་པ་ལེན་པའི་ཐབས་བཙལ་བ་ལ་མི་འབད་པར་མི་བྱའོ། །ཐབས་བཙལ་བ་དེ་ཡུན་རིང་དུ་མི་བརྒྱང་ངོ༌། །ཁྲོ་བའི་ཀུན་ནས་དཀྲིས་པ་དང་མ་བྲལ་གྱི་བར་དུ་མི་སྡོད་པར་མི་བྱའོ། །དྲི་མེད་བཤེས་གཉེན་གྱིས། འཕྲལ་དུ་འཁྲུག་པ་མ་ཞི་བ་ལ་བཟོད་པ་མི་གསོལ་གྱི། ཞི་ནས་བཟོད་པ་གསོལ་ལོ། །ཞེས་སོ། །བཟོད་པ་གསོལ་བར་བྱེད་པ་ལ་མི་བཟོད་པར་མི་བྱའོ། །དགག་དབྱེའི་གཞི་དང་འབྲེལ་བ་ཕྲན་ཚེགས་ལ་སོགས་པའི་སྐབས་སོ། །འདིར་སྨྲས་པ། བཟོད་ཐོབ་ཨཱིནྡྲ་ནཱི་ལའི་རྩེ་མོ་ན། །མི་འཇིགས་གཟུངས་ཀྱི་ཉི་ཟེར་ཐིག་ལེ་ནི། །ཀུན་མཁྱེན་ཡེ་ཤེས་ས་ལ་འཕོས་འདྲ་བ། །སྤྱན་ལྔའི་རི་དྭགས་རོལ་པའི་དོ་ར་མཐོང༌། །མཐུ་སྟོབས་ཧཱུྃ་མཛད་ཁྲོས་པའི་མགྲིན་པ་ནས། །ཕྲིན་ལས་དྲག་པོའི་ཉི་མ་བགྲོད་འདྲའི་སྒྲས། །ཉོན་མོངས་གཤིན་རྗེའི་ལུས་སེམས་


K8Z004_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གཞིག་བྱས་ཏེ། །སྐྱེ་རྒུ་འཁོར་བའི་བཙོན་ལས་དགྲོལ་བར་མཐོང༌། །དེ་ལ་རབ་དགྱེས་བཞེད་པའི་ངང་ཚུལ་ནི། །མུ་ཏིག་ལྷུན་པོར་ཉི་མ་བྱུགས་པ་ལྟར། །དགེ་ལེགས་ཁོར་ཡུག་དཀར་སེར་ཁ་དོག་གིས། །འཇམ་པའི་དཔལ་གྱི་མཚན་བཟང་བླང་བ་འདྲ། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། །དགག་དབྱེའི་གཞིའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། ༈ །།གཉིས་པ་བདེ་བར་གནས་པའི་རྐྱེན་ལ། བདེ་བར་གནས་རྐྱེན་གོས་བསྟན་པ། །བདེ་བར་གནས་རྐྱེན་སྨན་བསྟན་པའོ། །དང་པོ་ལ། གོས་རྣམས་གཏེར་གྱུར་སྲ་བརྐྱང་གཞི། །རུང་བ་ཕལ་ཆེར་གོས་གྱི་གཞི། །མི་རུང་ཕལ་ཆེར་ཀོ་ལྤགས་གཞིའོ། །དང་པོ་སྲ་བརྐྱང་གི་གཞི་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་དགོས་པའི་དོན་ནི། སྲ་བརྐྱང་གི་དགོས་པ་ནི་གསུམ་སྟེ། ཀར་ཤ་དང་ཊཱི་ཀ་ལས། གནས་བསྡུ་བ་དང་དགེ་སློང་རྣམས་བདེ་བར་གནས་པ་བགྱི་བ་དང༌། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་སྤྱད་པའི་སླད་དུ། ཞེས་གསུངས་ཏེ། དང་པོ་ནི། དབྱར་གནས་སྲ་བརྐྱང་གི་འགྲོ་ལྡོག་ངེས་ཤིང༌། སྲ་བརྐྱང་གི་ཕན་ཡོན་ལ་དམིགས་ནས་དབྱར་གནས་པར་ཁས་ལེན་པ་ལ་འཇུག་པ་སྟེ། ཊཱི་ཀ་ལས། དབྱར་གནས་པའི་དགེ་འདུན་གྱི་གནས་བསྡུ་བ་དང༌། ཞེས་གསུངས་སོ། །འདི་ལ་ཁ་ཅིག་ན་རེ། ཕན་ཡོན་ནི་འབྲས་བུ་ཡིན་ལ། ཕན་ཡོན་དེ་སྲ་བརྐྱང་གི་སྔོན་དུ་འབྱུང་བ་མི་རིགས་ཏེ། དཔལ་ཆོས་ཀྱི་གྲགས་པས། ཕྱིས་འབྱུང་ཕྱིར་ན་རྒྱུ་ཉིད་མིན། །ཅེས་རྒྱུ་སྔར་ཡོད་ཡིན་ལ། འབྲས་བུ་ཕྱིས་འབྱུང་བ་དང་འགལ་ཅེ་ན། ས་བོན་དང་མྱུ་གུ་ལྟ་བུ་ངོ་བོ་ལ་བལྟོས་པའི་རྒྱུ་འབྲས་ལ་རྒྱུ་འབྲས་སྔ་ཕྱི་དེ་ལྟར་ཡིན་ཀྱང་རྣམ་འཇོག་ལ་བལྟོས་པའི་རྒྱུ་འབྲས་འགའ་ཞིག་ལ་རྒྱུ་འབྲས་སྔ་ཕྱི་འདི་ལྟར་འབྱུང་བ་མི་འགལ་ཏེ། ད་གཟོད་སྟོན་ལོ་ཐོག་འགྱུར་བའི་རྒྱུར་དམིགས་པ་ལས་དཔྱིད་འབྲས་སུ་བརྙ་སྐྱི་ཁུགས་


K8Z004_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་ནོ། །གཉིས་པ་ནི། འཆང་འབྲལ་འཇོག་པ་ལ་སོགས་པའི་ལྟུང་བ་བྱུང་དོགས་པའི་བག་འཁུམས་པ་མེད་པར་དགེ་སློང་རྣམས་ལ་བདེ་བར་གནས་པ་སྟེ། ཊཱི་ཀ་ལས། བག་ཡངས་ཀྱི་བདེ་བའི་ཕན་ཡོན་བསྟན་པའི་ཕྱིར་རོ། །ཞེས་སོ། །གསུམ་པ་ཆོས་གོས་གསུམ་ཕྲུགས་གཅིག་ལ་དགེ་སློང་གི་དགེ་འདུན་དུ་ལོངས་པས་བྱིན་གྱིས་བརླབས་པས་སྦྱིན་བྱུང་གི་བསོད་ནམས་ཆེ་བ་སྟེ། རང་གི་རྣམ་བཤད་ལས། ངོ་བོ་ཆོས་གོས་སྣམ་སྦྱར་གཅིག་པའི་སྲ་བརྐྱང་གདིང་བར་གྱུར་པ་འདིར་གཏོགས་པའི་དགེ་འདུན་མཐའ་དག་ལ་ཁྱབ་པར་བྱེད་པ་ཞེས་བཤད་དོ། །བསྡུས་པའི་དོན་ལ་དགུ་ལས། དང་པོ་སྲ་རྐྱང་གི་སྒྲ་བཤད་པ་ནི། ཆོས་གོས་ཞིག་པ་མ་ཡིན་པས་སྲ་བ་དེ་གཟེབ་ཀྱི་སྤྲོག་མའི་ནང་དུ་བརྐྱང་བ་ཡིན་པས་ན་སྲ་བརྐྱང་ཞེས་བྱ་སྟེ། དགེ་སློང་བྲམ་ཟེའི་བུ་མོ་ལྟ་བུས་ཞུས་པའི་མདོ་ལས། གོས་ཞིག་པ་གཏན་པར་བཏིང་ན་གཏན་པ་བཏིང་བ་མ་ཡིན་ནོ་ཞེས་གསུངས་ན། གོས་ཞིག་པ་གང་ལགས། གོས་གང་དགེ་སློང་གི་ལུས་ལས་དེངས་པའོ་ཞེས་གསུངས་པས་ཆོས་གོས་ཞིག་པ་མ་ཡིན་པས་ན་སྲ་བའོ་ཞེས་པ་དང༌། ཊཱི་ཀ་ལས། གཟེབ་ཀྱི་སྤྲོག་མའི་ནང་དུ་བརྐྱང་བ་ཞེས་བྱ་བའི་ཐ་ཚིག་གོ། །ཞེས་གསུངས་སོ། །སྲ་བརྐྱང་འདི་ལ་མིང་གཉིས་པ་གཏན་པ་ཞེས་བྱ་སྟེ། འདྲ་ཆོས་གཉིས་ཀྱི་སྒོ་ནས་གཏན་པ་དང་འདྲ་བས་གཏན་པ་ཞེས་བྱ་སྟེ། དཔེར་ན་སྤང་ལེབ་གཏན་པ་དེའི་སྟེང་དུ་སྣམ་ཕྲན་དང་གླེགས་བུ་ལ་སོགས་པ་ཐ་དད་པ་མང་པོ་དག་གོས་གཅིག་གི་ངོ་བོར་བསྡུས་པ་དང༌། གོས་མི་འཁུམས་པར་བརྐྱང་བར་བྱེད་པ་དེ་བཞིན་དུ་ཆོས་གོས་སྲ་བརྐྱང་འདིས་ཀྱང་དགེ་སློང་མང་པོ་དག་སྲ་བརྐྱང་ལ་གཏོགས་པའི་ཚོགས་པ་གཅིག་ཏུ་བསྡུས་པ་དང༌། དགེ་སློང་དེ་དག་ལྟུང་བ་འགྱུར་བའི་བག་འཁུམས་


K8Z004_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པར་བག་རྐྱོང་བར་བྱེད་པའི་ཕྱིར་ན་གཏན་པ་དང་འདྲ་བས་གཏན་པ་ཞེས་བཤད་དེ། དོན་དེ་ལྟར་ཊཱི་ཀ་ལས་བཤད་དོ། །གཉིས་པ་རྟེན་གང་གིས་སྲ་བརྐྱང་བཏིང་བ་ནི། ཆོས་བཅུ་གཅིག་དང་ལྡན་པས་བཏིང་སྟེ་དབྱར་གནས་པར་ཁས་བླངས་པ་དང༌། དབྱར་མ་རལ་བ་དང༌། དབྱར་སྔ་མ་གནས་པར་ཁས་བླང་པ་དང༌། གནས་དེ་ཉིད་དུ་གནས་པར་ཁས་བླངས་པ་སྟེ། དབྱར་གནས་ཁས་མ་བླངས་པ་དང༌། དབྱར་རལ་བ་དང་ཞེས་པ་ལ་སོགས་པ་གསུངས་པས་སོ། །ས་གཞན་ན་གནས་པ་མ་ཡིན་པ་དང༌། ས་གཞན་ན་གནས་པ་དེ་དག་ཉིད་འཐོབ་པ་མ་ཡིན་པ་སྟེ། ས་གཞན་ན་གནས་པ་དག་ལ་ཡང་ངོ༌། །དེ་དག་ཉིད་ཐོབ་པ་ཡིན་ན་མི་འབྱུང་ངོ་ཞེས་གསུངས་པས་སོ། །བསྙེན་པར་རྫོགས་པ་ཡིན་པ་དང༌། ཆོས་གཞན་པའི་ཕྱོགས་སུ་སོང་བ་མ་ཡིན་ཏེ། དགེ་ཚུལ་ནི་རྙེད་པ་དབང་ངོ་ཞེས་པའི་ཤུགས་ཀྱིས་དང་བྱེ་བ་དག་ནི་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་ཞེས་གསུངས་པས་སོ། །མཚན་མཐུན་པ་དང་ཐ་སྙད་དང་ལྡན་པ་དང་ལུས་ཐ་མལ་པར་གནས་པ་སྟེ། གཞན་དུ་ན་དགེ་སློང་གསུམ་དང་དགེ་སློང་མ་གཅིག་སྟེ་བཞིས་སྲ་བརྐྱང་བཏིང་ན་མཚན་གྱི་སྒོ་ནས་སྡེ་ཐ་དད་པའི་ཕྱིར་དང༌། སྨྱོན་པ་ལྟ་བུ་ཐ་སྙད་དང་མི་ལྡན་པ་དང༌། སྦྲུལ་སྟག་ཏུ་བསྒྱུར་བ་ལྟ་བུ་ལུས་ཐ་མལ་པར་མི་གནས་ན་ཆོ་ག་འཆགས་པའི་རྟེན་མ་ཡིན་པའི་ཕྱིར་རོ། །གསུམ་པ་དངོས་པོ་གང་སྲ་བརྐྱང་དུ་བཏིང་བ་ནི། དངོས་པོ་ཆོས་བཞི་ལྡན་ཏེ་རྒྱུས་བྱེ་བྲག་ཏུ་བྱས་པ་དང༌། ངོ་བོ་དང་གྲངས་དང་བདག་པོས་བྱེ་བྲག་ཏུ་བྱས་པའོ། །དང་པོ་ལ་གསུམ་སྟེ། དབྱར་གྱི་རྒྱུ་ལས་བྱུང་བ་གདིང་བའི་ཉི་མ་ཡན་ཆད་དུ་གྲུབ་པ་གོས་ཀྱི་རྙེད་པར་བགྲངས་པའོ། །དེ་ཡང་དབྱར་གྱི་རྒྱུ་ལས་བྱུང་བ་གདིང་བའི་ཉི་མའི་མཐར་གྲུབ་པ་གོས་ཀྱི་རྙེད་པར་བགྲང་བ་ཞེས་གསུངས་


K8Z004_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །གཉིས་པ་ངོ་བོས་བྱེ་བྲག་ཏུ་བྱས་པ་ལ་གཉིས་ཏེ། རུང་བ་དང་ཚད་ལྡན་ཡན་ཆད་ཡིན་པའོ། །རུང་བ་ལ་བཞི་སྟེ། རྒྱུ་རུང་བ་དང༌། དབྱིབས་དང༌། ཁ་དོག་དང༌། གནས་སྐབས་རུང་བ་སྟེ། རྒྱུ་མ་བརྟགས་པ་དང་ཞེས་པ་དང༌། ཡ་ཡོར་མ་གྱུར་པ་དང་ཁ་བསྒྱུར་བའོ་ཞེས་དང༌། མ་རྨུགས་པ་དང་ཞེས་གསུངས་པས་སོ། །ཚད་ལྡན་ཡན་ཆད་ཡིན་པ་སྟེ་ཆོས་གོས་ཆེ་ཚད་དང༌། ཚད་དེ་ལས་ལྷག་པ་ལ་ཡང་སྲ་བརྐྱང་གི་བྱིན་རླབས་འཆགས་ཏེ། ལྔ་པའོ་ལྷག་པོ་ཡང་ངོ་ཞེས་གསུངས་པས་ཚད་ལས་ལྷག་ཀྱང་རུང་སྟེ་བག་ཡངས་ཀྱི་གོས་ཡིན་པའི་ཕྱིར་རོ། །གསུམ་པ་གྲངས་ཀྱིས་བྲེ་བྲག་ཏུ་བྱས་པ་ནི། སུམ་ཕྲུགས་གཅིག་གམ་དུ་མ་ཡང་རུང་སྟེ། ཆོས་གོས་གསུམ་མོ་ཞེས་གསུངས་ལ། དེའི་གནད་ཀྱིས་སྦྱར་བ་ནི་རང་གི་རྣམ་བཤད་ལས། དགེ་སློང་མ་རྣམས་ཀྱིས་ཆོས་གོས་ལྔ་ཆར་གཏན་པ་ཉིད་དུ་གདིང་ཞེས་བཤད་ཅིང༌། ཊཱི་ཀ་ལས་ཀྱང་དུ་མ་ཡང་ངོ་ཞེས་སུམ་ཕྲུགས་དུ་མར་རུང་བར་གསུངས་པ་དགེ་སློང་མ་རྣམས་ཀྱི་ལྔ་ཕྲུགས་དུ་མ་རུང་བར་གསུངས་པའི་གནད་ཀྱི་སྦྱར་རོ། །དེ་ལྟར་ཆོས་གོས་ཕྲུགས་དུ་མ་སྲ་བརྐྱང་དུ་བཏིང་བ་ན་སྣམ་སྦྱར་དུ་མ་ལ་བྱིན་རླབས་གཅིག་འཆགས་སམ། བྱིན་རླབས་དུ་མ་འཆགས། དང་པོ་ལྟར་ན་བཅས་པའི་རྒྱུ་ཚོགས་སྤྱིའི་ཚུལ་དང་འགལ་ཅིང༌། སྣམ་སྦྱར་དུ་མ་ལ་བྱིན་རླབས་གཅིག་ཏུ་མི་འཆགས་པའི་རྒྱུ་མཚན་གཞན་ཡང་བྱ་བ་དུ་མའི་འབྲས་བུ་ལྟུང་བ་གཅིག་ཏུ་རྣམ་པར་མི་བཞག་གོ་ཞེས་གསུངས་པའི་གནད་ཀྱིས་ཆོས་གོས་དུ་མའི་འབྲས་བུ་བྱིན་རླབས་གཅིག་ཏུ་མི་བཞག་གོ་ཞེས་རྒྱུ་མཚན་མཚུངས་སོ། །གཉིས་པ་ལྟར་ན་འཚོ་བའི་ཡོ་བྱད་རེ་རེར་གསུངས་པ་དང་འགལ་ལོ་ཞེ་ན། སྤྱིར་བཏང་ལ་འཚོ་བའི་ཡོ་བྱད་རེ་རེ་བ་ཡིན་ཀྱང་འདིར་བག་ཡངས་དང་


K8Z004_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བ་ཡིན་པས་སུམ་ཕྲུགས་དུ་མའི་སྣམ་སྦྱར་དུ་མ་ལ་བྱིན་རླབས་དུ་མ་འཆགས་པ་འགལ་བ་མེད་དོ། །དེ་ལྟར་མ་ཡིན་ན་ཆོས་གོས་སུམ་ཕྲུགས་ཀྱི་ནང་ནས་སྣམ་སྦྱར་ལྟ་བུ་གོས་གཅིག་ལ་དགེ་སློང་དུ་མའི་སྲ་བརྐྱང་གི་བྱིན་རླབས་འཆགས་པའང་མི་རིགས་པར་འགྱུར་རོ། །འོ་ན་སུམ་ཕྲུགས་མ་ཚང་བར་སྣམ་སྦྱར་ལྟ་བུ་ཆོས་གོས་གཅིག་ཉིད་སྲ་བརྐྱང་དུ་བཏིང་ན་སྲ་བརྐྱང་གི་བྱིན་རླབས་འཆགས་སམ་མི་འཆགས་ཞེ་ན། ཆོས་གོས་གང་ཡོད་པའི་སྲ་བརྐྱང་གི་བྱིན་རླབས་ཆགས་ཏེ། སྤྱིར་ཆོས་གོས་གསུམ་སོ་སོ་ལ་སྲ་བརྐྱང་གི་བྱིན་རླབས་སོ་སོར་འཆགས་ཤིང༌། སྣམ་སྦྱར་ལྟ་བུ་ཆོས་གོས་གང་ཡོད་དེ་ལ་སྲ་བརྐྱང་གི་བྱིན་རླབས་མི་འཆགས་པའི་རྒྱུར་མ་དམིགས་པའི་ཕྱིར་རོ། །མཐང་གོས་ལྟ་བུ་ཆོས་གོས་གང་མེད་པ་དེའི་འཆང་འབྲལ་མི་འབྱུང་བ་ལ་སོགས་པའི་ཐུན་མོང་མ་ཡིན་པའི་ཕན་ཡོན་ལྡོག་སྟེ་ཕན་ཡོན་དེའི་རྒྱུ་ལོག་པའི་ཕྱིར་རོ། །སྣམ་སྦྱར་ལྟ་བུ་ཆོས་གོས་གང་ཡོད་པ་དེའི་འཆང་འབྲལ་མི་འབྱུང་བ་ལ་སོགས་པའི་ཕན་ཡོན་མི་ལྡོག་སྟེ་ཕན་ཡོན་དེ་ལྡོག་པའི་རྒྱུ་མེད་པའི་ཕྱིར་རོ། །བཞི་པ་བདག་པོས་བྱེ་བྲག་ཏུ་བྱས་པ་ནི། དགེ་འདུན་སྤྱིར་དབང་བ་སྟེ་དགེ་འདུན་གྱིའོ་ཞེས་གསུངས་པ་དང༌། ཊཱི་ཀ་ལས། དགེ་འདུན་གྱིས་བྱིན་གྱིས་བརླབ་པར་བྱ་བ་དག་ཡིན་པའི་ཕྱིར། ཞེས་བཤད་ལ། ལུང་གཞི་ལས། གང་ཟག་གི་ཆོས་གོས་སྲ་བརྐྱང་དུ་གདིང་དུ་མི་རུང་བར་གསུངས་སོ། །བཞི་པ་གནས་གང་དུ་སྲ་བརྐྱང་གདིང་བ་ནི། གང་དུ་དབྱར་གནས་པ་དེའི་མཚམས་ཀྱི་ནང་ཡིན་པ་སྟེ། མཚམས་ཀྱི་ནང་བློ་མཐུན་པར་བྱ་ཞེས་པ་དང༌། དབྱར་གནས་གཞན་དུ་གནས་པ་ལ་དེ་མི་འབྱུང་ཞེས་པ་དང༌། མཚམས་གཅིག་པ་ཉིད་ཡིན་ན་དེར་གནས་གཞན་དུ་གནས་པ་རྣམས་ཀྱང་ཞེས་གསུངས་པས་སོ། །ལྔ་པ་དུས་གང་གི་ཚེ་སྲ་བརྐྱང་


K8Z004_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གདིང་བ་ནི། གང་དུ་དབྱར་སྔ་ཕྱིའི་བྱེ་བྲག་གིས་སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་གམ། ཐ་ཆུང་གི་ཚེས་བཅུ་དྲུག་ལ་སྟེ་ཚེས་བཅུ་དྲུག་ལའོ། །སྟོན་ཟླ་འབྲིང་པོའིའོ་ཞེས་པ་དང༌། ཊཱི་ཀ་ལས། དགེ་འདུན་ཐམས་ཅད་དབྱར་ཕྱི་མར་གནས་པར་ཁས་བླངས་ན་སྲ་བརྐྱང་གདིང་བའི་དུས་ནི་སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་གོ། །ཞེས་བཤད་དོ། །དྲུག་པ་ཡུན་ཇི་སྲིད་དུ་སྲ་བརྐྱང་གདིང་བ་ནི་ཟླ་བ་ལྔ་སྟེ། ལུང་ཞུ་བ་ལས། ཇི་སྲིད་དུ་གཏན་པ་གདིང་བར་བགྱི། ཟླ་བ་ལྔའོ་ཞེས་གསུངས་ཤིང༌། དཔྱིད་ཟླ་ར་བའི་ཉ་ལ་དབྱུང་ཞེས་བཤད་པས་ཀྱང་གྲུབ་བོ། །བདུན་པ་ཆོ་ག་གང་གིས་སྲ་བརྐྱང་གདིང་བ་ནི། སྦྱོར་དངོས་མཇུག་གསུམ་ལས། དང་པོ་སྦྱོར་བའི་ཆོ་ག་ལ་གསུམ་སྟེ། གང་ཟག་སོ་སོའི་བྱ་བའི་ཆོ་ག་དང༌། དགེ་འདུན་ཚོགས་པ་བྱ་བའི་ཆོ་ག་དང༌། འདིང་བར་བསྐོས་པས་བྱ་བའི་ཆོ་གའོ། །དང་པོ་ནི། དགེ་སློང་རྣམས་རང་རང་གི་ཆོས་གོས་རྣམས་ཀྱི་བྱིན་རླབས་དབྱུང་སྟེ། དེ་ནི་ཆོས་གོས་གཞན་བྱིན་གྱིས་བརླབ་པ་ཡིན་པས་ཞེས་སོ། །གཉིས་པ་ལ་བཞི་སྟེ། ཞག་མ་ལོན་པར་ཚོགས་པས་མོས་པར་བྱ་བ་དང༌། མཚམས་ཀྱི་ནང་དུ་བློ་མཐུན་པར་བྱ་བ་དང༌། འདིང་བ་པོའི་དགེ་སློང་བསྐོ་བ་དང༌། དེ་ལ་གསོལ་བ་བྱས་ཏེ་གཏད་པའོ། །དང་པོ་ནི། དབྱར་གྱི་ཚུལ་ནང་གི་ཉི་མ་གང་ལ་ཆོས་གོས་དེ་དགེ་འདུན་གྱི་ལག་ཏུ་གྲུབ་ནས་ཞག་མ་ལོན་པར་སྲ་བརྐྱང་གདིང་བར་འགྱུར་བ་དེ་ལ་གཏོགས་པར་འགྱུར་ཚད་ཀྱི་དགེ་འདུན་རྣམས་ཚོགས་ནས་བསམ་པས་མོས་པ་བསྐྱེད་པར་བྱ་སྟེ། ཆོས་གོས་འདི་ནི་དབྱར་གནས་པའི་དགེ་འདུན་གྱི་ཆོས་གོས་ཀྱི་རྙེད་པ་གྲུབ་པ་ལགས་ཏེ། གལ་ཏེ་དགེ་འདུན་བཞེད་ན་ཆོས་གོས་འདི་དགེ་འདུན་གྱི་སྲ་བརྐྱང་དུ་གདིང་བར་བགྱིའོ་ཞེས་སེམས་བསྐྱེད་ཅིང་ངག་ཏུ་


K8Z004_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གཅིག་བརྗོད་པའོ། །གཉིས་པ་ནི། མཚམས་ཀྱི་ནང་དུ་བློ་མཐུན་པར་བྱའོ་ཞེས་གསུངས་ཏེ། གནས་གང་དུ་དབྱར་གནས་པ་དེའི་མཚམས་ཀྱི་ནང་དུ་དངོས་པོ་སྲ་བརྐྱང་དུ་གདིང་བར་འོས་པའི་ཆོས་གོས་གསུམ་ལ་ཆོས་གོས་འདི་དག་སྲ་བརྐྱང་དུ་གདིང་བར་བགྱིའོ་ཞེས་དགེ་འདུན་རྣམས་བློ་མཐུན་པར་བྱ་སྟེ། ཆོ་ག་གསོལ་གཉིས་ཀྱི་ལས་སོ། །ཊཱི་ཀ་ལས། ཚོགས་པས་མོས་པར་བྱས་པའི་ཉི་མ་དེ་ཉིད་དམ། ཉི་མ་གཉིས་པ་ལ་བློ་མཐུན་བྱ་བ་ཁོ་ནར་ངེས་པ་མེད་དེ། གདིང་བའི་ཉི་མ་ལ་བབ་པ་ཕན་ཆད་ནས་ནམ་དགའ་བར་བྱར་རུང་ངོ༌། །ཞེས་སོ། །གསུམ་པ་ནི། སྲ་བརྐྱང་གདིང་བ་པོའི་དགེ་སློང་གསོལ་གཉིས་ཀྱི་བསྐོ་བ་སྟེ། གདིང་བ་ཡང་ངོ་ཞེས་གསུངས་སོ། །བཞི་པ་ནི། སྲ་བརྐྱང་གདིང་བར་བསྐོས་པའི་དགེ་སློང་དེ་ལ་ཆོས་གོས་དགེ་འདུན་གྱིས་གཏད་པར་བྱ་སྟེ། གསོལ་བ་བྱས་ཏེའོ་ཞེས་གསུངས་པའོ། །བློ་མཐུན་བྱས་པ་དེ་ཉིད་ཀྱི་ཉིན་མོར་གཏད་པར་བྱས་ཏེ། ཆོས་གོས་བློ་མཐུན་བྱས་པའི་ཉི་མ་གཞན་དུ་བཞག་པར་མི་རིགས་པའི་ཕྱིར་ཞེས་ཊཱི་ཀ་ལས་བཤད་དོ། །གསུམ་པ་གདིང་བར་བསྐོས་པས་བྱ་བའི་ཆོ་ག་ལ་བཞི་ལས། དང་པོ་ལས་གསུམ་བསྒྲུབ་པ་ནི། ཆོས་གོས་དེ་བཀྲུ་བ་དང༌། དྲུབ་པ་དང༌། ཁ་བསྒྱུར་བ་དག་ལ་དེས་སྔོན་དུ་འགྲོ་བར་བྱའོ་ཞེས་གསུངས་སོ། །གཉིས་པ་སེམས་གསུམ་བསྐྱེད་པ་ནི་གདིང་བར་འགྱུར་རོ། །གདིང་ངོ་བཏིང་ངོ་སྙམ་དུ་སེམས་བསྐྱེད་པར་བྱའོ་ཞེས་གསུངས་སོ། །གསུམ་པ་ཚོགས་པ་ལ་བརྗོད་པ་ནི། །ཚེ་དང་ལྡན་པ་དག་སང་སྲ་བརྐྱང་འདིང་བར་འགྱུར་གྱི། ཞེས་པ་ལ་སོགས་བརྗོད་པའོ། །བཞི་པ་འདུ་བའི་སྐབས་རྗེས་སུ་བསྒྲུབ་པ་ནི། གནས་དེར་དགེ་འདུན་རྣམས་འདུ་བའི་སྐབས་ཀྱི་བྱ་བ་རྣམས་བསྒྲུབས་ཏེ་འདུ་བའི་སྐབས་རྗེས་སུ་བསྒྲུབ་པ་ཞེས་སོ། །གཉིས་པ་དངོས་


K8Z004_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་ཆོ་ག་ནི། སྲ་བརྐྱང་གདིང་བ་པོར་བསྐོས་པའི་དགེ་སློང་དེས་སྲ་བརྐྱང་གདིང་བའི་སྔགས་ལན་གསུམ་བརྗོད་པར་བྱའོ། །གསུམ་པ་མཇུག་གི་ཆོ་ག་ནི། དགེ་སློང་རེ་རེའི་མདུན་དུ་འདུག་སྟེ་བཏིང་ངོ་ཞེས་རེ་རེ་ལ་ལན་གསུམ་གསུམ་གོ་བར་བྱའོ། །བརྒྱད་པ་དང་དགུ་པ་བཏིང་ནས་བརྐྱང་བ་དང༌། བརྐྱངས་ནས་འབྱུང་བ་ནི་རང་རང་གི་སྐབས་སུ་འཆད་དོ། །གཉིས་པ་ལ། ལུང་གཞི་ཉིད་ཀྱིས་བརྗོད་པ་དང༌། །ཞུ་བ་སོགས་ཀྱིས་བརྗོད་པའོ། །དང་པོ་ལ། སྲ་བརྐྱང་ཇི་ལྟར་གདིང་བ་དང༌། །བཏིང་ནས་བརྐྱང་བར་བྱ་བ་དང༌། །བརྐྱངས་ནས་དབྱུང་བར་བྱ་བའོ། །དང་པོ་ལ། མདོ་ཙམ་ཉིད་དུ་བསྟན་པ་དང༌། །དེ་ཡི་རྒྱས་པར་བཤད་པའོ། །དང་པོ་ནི། དགེ་འདུན་དུ་གྱུར་པའི་དགེ་སློང་དག་གིས་ཆོས་གོས་སྲ་བརྐྱང་གདིང་བར་བྱའོ། །དེ་ཡང་ལེགས་པར་སྦྱར་བའི་སྒྲ་ལ་ཀ་ཐི་ན་ཞེས་པ་ཆོས་གོས་དྲ་བའི་བཟོ་གཏན་དང༌། ཆོས་གོས་སྲ་བརྐྱང་གཉིས་ཀ་ལ་འཇུག་པས་བོད་སྐད་སྲ་བརྐྱང་དུ་ཡང་བསྒྱུར་ཞིང་གཏན་པར་ཡང་བསྒྱུར་ལ། དེའི་ཕྱིར་སྐད་དོད་གཅིག་པ་ལ་བརྟེན་ནས་གང་གདིང་བའི་ཆོས་གོས་སྲ་བརྐྱང་ལ་གཏན་པའི་མིང་བཏགས་པ་བཏགས་མིང་གང་དུ་གདིང་བའི་སྤང་ལེབ་ལ་གཏན་པར་མིང་བཏགས་པ་དངོས་མིང༌། གང་དུ་གདིང་བའི་སྤང་ལེབ་ལ་སྲ་བརྐྱང་དུ་བཏགས་པ་བཏགས་མིང༌། གང་གདིང་བའི་ཆོས་གོས་ལ་སྲ་བརྐྱང་དུ་བཏགས་པ་དངོས་མིང་སྟེ། འདིའི་གནད་མ་གོ་བར་སྤྱི་མཚན་གྱི་ཕུང་པོ་རྣམས་ན་རེ། གང་དགེ་འདུན་གྱི་ཆོས་གོས་ཀྱི་གདིང་གཞི་སྤང་ལེབ་དེ་ལ་སྲ་བརྐྱང་དང་གཏན་བ་ཞེས་བྱ་ལ། ཆོས་གོས་ལ་ནི་བརྐྱང་བ་ཞེས་ཁོ་ན་ཐོབ་ཅེས་པ་དང༌། ཁ་ཅིག་སྲ་བརྐྱང་དང་གཏན་པ་ནི་གང་དུ་གདིང་བའི་སྤང་ལེབ་ལ་དངོས་མིང་དང༌། ཆོས་གོས་ལ་བཏགས་མིང་


K8Z004_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི་ནོར་བ་བརྒྱུད་མའི་གཏམ་ཡིན་ལ། འཁྲུལ་པ་མེད་པ་འདི་བཟུང་བར་བྱ་སྟེ། ཊཱི་ཀ་ལས། ཇི་ལྟར་ན་ཆོས་གོས་ལ་སྲ་བརྐྱང་ཞེས་བྱ་ཞེ་ན། སྲ་བརྐྱང་ཞེས་བྱ་བ་ནི་གཏན་པ་སྟེ། འདི་ལྟར་འདི་ན་གོས་དྲ་བའི་ཕྱིར་གོས་གདིང་བར་བྱེད་ཅིང་རྐྱོང་བར་བྱེད་པ་མི་འཁུམས་པར་བྱེད་པའི་ཆོས་ཅན་ཤིང་ལ་སོགས་པ་ལ་བྱས་པའི་སྤང་ལེབ་ལ་གཏན་པ་ཞེས་བྱའོ། །དེ་བཞིན་དུ་སྤང་ལེབ་དེས་ཆོས་གོས་སྲ་བའི་ཕྱིར་ཆོས་གོས་རྐྱོང་བར་བྱེད་པ་དེ་ནི། ཕྲན་ཚེགས་དག་ལས་ཀྱང་གཏན་པ་ཞེས་གསུངས་ཏེ། དེ་ལྟ་བས་ན་དགེ་སློང་གི་གཏན་པ་ཉེ་བར་བཞག་པ་རྗེས་སུ་གནང་ངོ་ཞེས་གསུངས་སོ། །ཆོས་གོས་འདི་ཡང་གཏན་པ་དང་འདྲ་བས་སྲ་བརྐྱང་ཞེས་བྱ་སྟེ། ཇི་ལྟར་སྤང་ལེབ་ཀྱི་གོས་འདིང་ཞིང་མི་འཁུམས་པར་གཏན་པ་གཅིག་ལ་རྐྱོང་བར་བྱེད་པས་སྤང་ལེབ་དེ་ལ་གཏན་པ་ཞེས་བྱ་བ་དེ་བཞིན་དུ་ཆོས་གོས་འདིས་ཀྱང་དགེ་འདུན་དབྱེར་མེད་པ་དང༌། རོ་གཅིག་པ་དང༌། བྱ་བ་གཅིག་པ་དང༌། རྙེད་པ་དང༌། ཕན་ཡོན་འདྲ་བར་བསྒྲུབ་པའི་སྒོ་ནས་གཏན་པ་གཅིག་ལ་འཇོག་པར་བྱེད་པ་དེའི་ཕྱིར་ཆོས་གོས་འདི་ཡང་གཏན་པ་དང་འདྲ་བ་སྲ་བརྐྱང་ཞེས་བྱའོ། །དེ་ལྟར་གང་གི་ཕྱིར་སྤང་ལེབ་དེས་གོས་རྐྱོང་བར་བྱེད་པས་གཏན་པ་ཞེས་བྱ་བ་དེའི་ཕྱིར་འདིར་ཆོས་གོས་འདིས་ཀྱང་དགེ་སློང་རྣམས་རྐྱང་པའི་མཚན་ཉིད་ཀྱི་བྱ་བ་ལ་སྦྱོར་བར་བྱེད་པས་སྲ་བརྐྱང་ཞེས་བྱའོ། །དེ་ལྟར་ན་གཏན་པ་དང་འདྲ་བར་ཆོས་གོས་འདི་ཡང་བྱ་བ་གཅིག་པ་ཉིད་ཀྱིས་དགེ་འདུན་མཐའ་དག་ལ་ཁྱབ་པའི་ཕྱིར་སྲ་བརྐྱང་ཞེས་བྱའོ་ཞེས་སོ། །དེས་ན་གཏན་པའི་མིང་ལ་སྲ་བརྐྱང་དུ་བཏགས་པས་སྲ་བརྐྱང་གི་སྒྲ་དང་གཏན་པ་གཉིས་ཀྱི་སྒྲ་གང་བདེ་ནས་དགེ་འདུན་སྤྱིའི་ཆོས་གོས་ལ་འབོད་པ་ཡིན་ནོ། །བོད་གངས་ཅན་པ་ཁ་ཅིག །ཆོས་


K8Z004_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གོས་སྲ་བརྐྱང་གདིང་བའི་ཚེ་དེ་བཏིང་བའི་གཞི་གཏན་པ་ཞིག་ངེས་པར་བཞག་དགོས་ཟེར་བ་ནི་སྲ་བརྐྱང་གི་སྒྲ་བཤད་ལས་འཁྲུལ་པའི་ལག་ལེན་ནོར་བ་ཡིན་ནོ། །འོ་ན་སྲ་བརྐྱང་འདིང་བ་འདི་སྒྲུབ་པ་ཡིན་ནམ་གནང་བ་ཡིན་ཅེ་ན། ཅི་དགར་འཇུག་པ་གནང་བའི་བསླབ་བྱ་ཡིན་ཏེ། ལུང་གཞི་ལས། དགེ་སློང་རྣམས་ལ་སྲ་བརྐྱང་གནང་བར་བྱའོ། །ཞེས་གསུངས་སོ། །གཉིས་པ་ལ། གདིང་བའི་ཕན་ཡོན་ཁྱད་པར་དང༌། །གདིང་བ་འདིང་བྱེད་ཁྱད་པར་དང༌། །གདིང་བ་དངོས་པོའི་ཁྱད་པར་དང༌། །གདིང་བ་ཆོ་གའི་ཁྱད་པར་རོ། །དང་པོ་ནི། སྲ་བརྐྱང་བཏིང་ན་འཆང་འབྲལ་འཇོག་གསུམ་པོ་དག་གི་ཉེས་པ་མི་འབྱུང་བར་སྔར་བསྟན་པ་ཇི་ལྟ་བ་བཞིན་དུ་སྲ་བརྐྱང་བཏིང་ན་ཡང་ཡང་ཟ་བ་དང༌། འདུས་ཤིང་ཟ་བ་དང་མ་སྨྲས་པར་གྲོང་དུ་འགྲོ་བ་དང་ཞེས་པ་འདི་ལ་མྱང་མཚམས་པ་ན་རེ། ཁོ་བོ་མ་འོངས་པའི་དབང་གིས་བྲིམ་པ་ཡོལ་བར་མ་བྱ་ཞིག་ཅེས་མ་སྨྲས་པར་སྔ་དྲོ་གྲོང་དུ་རྒྱུ་བ་ཡིན་ཏེ། མདོ་རྩ་བའི་ཞུ་བའི་སྐབས་སུ་ཊཱི་ཀས་ཁུངས་སུ་དྲངས་པའི་ལུང་ཞུ་བ་ལས། མ་སྨྲས་པར་གྲོང་རྒྱུ་བ་དང་ཞེས་གསུངས་པ་གྲོང་རྒྱུ་བ་ཡིན་གྱི། དུས་མ་ཡིན་པར་གྲོང་དུ་འགྲོ་བ་ནི་མ་ཡིན་ནོ་ཞེས་འཆད་དོ། །འོན་ཀྱང་མདོ་རྩ་བ་ཉིད་ལས་མ་སྨྲས་པར་གྲོང་དུ་འགྲོ་བ་དང་ཞེས་དང༌། འདུལ་བ་བསྡུས་པ་འགྱུར་སྔ་མ་ལས། དུས་མ་ཡིན་པར་གྲོང་དུ་འགྲོ་བའི་ཉེས་པ་མེད་དོ་ཞེས་བཤད་དོ། །མ་སྨྲས་པར་གྲོང་རྒྱུ་བ་དང་ཞེས་ལུང་དྲངས་པ་དེ་ནི་དུས་མ་ཡིན་པར་གྲོང་དུ་འགྲོ་བ་ལ་གྲོང་རྒྱུ་བ་ཞེས་བརྗོད་པའོ། །རྣམ་གྲངས་གཞན་ཡང་ལུང་གཞི་ལས། ཁྱིམ་རྣམས་སུ་མགྲོན་དུ་མ་བོས་པར་འགྲོ་ན་ཉེས་པ་འབྱུང་བ་མ་ཡིན་པ་དང་ཞེས་ཀྱང་བཤད་དོ། །གོས་སློང་བ་ལ་ཡང་ཉེས་པ་མེད་ལ་ཞེས་པ་ཡན་ཆད་རྣམས་ཀྱི་ཉེས་པར་མི་འགྱུར་བ་ནི་རང་རང་


K8Z004_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གི་བཅས་པ་བག་ཡངས་དང་འབྲེལ་བའི་ཕྱིར་རོ། །དེ་ལྷག་མ་དག་དང་རྙེད་པ་ཐུན་མོང་དུ་འགྱུར་རོ་ཞེས་པ་ནི་སྲ་བརྐྱང་ལས་བྱུང་བའི་ནོར་གཅིག་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །དེ་ལྟར་སྲ་བརྐྱང་གི་ཕན་ཡོན་བརྒྱད་གཞུང་འདིར་དངོས་སུ་བསྟན་ནོ། །འོ་ན་སྲ་བརྐྱང་གི་གཞི་ལ་བརྒྱད་པོ་དེ་དག་གི་སྟེང་དུ་རུང་བ་མ་བྱས་པའི་གོས་འཆང་བ་དང་སྣམ་སྦྱར་མ་ཁྱེར་བར་བླ་གོས་མཐང་གོས་དང་བཅས་ཤིང་ལྗོངས་རྒྱུ་ཞིང་འགྲོ་བ་ལ་ཉེས་པ་མེད་པ་སྟེ། སྲ་བརྐྱང་གི་ཕན་ཡོན་བཅུ་གསུངས་པ་ལས་ཕན་ཡོན་བརྒྱད་གཞུང་འདིར་དངོས་སུ་བསྡུས་ཀྱང་གཉིས་པོ་དེ་འདིར་མ་བསྡུས་པའི་རྒྱུ་མཚན་གང་ཞེ་ན། ཊཱི་ཀ་ལས། འཆང་འབྲལ་འཇོག་པའི་ལྟུང་བ་མི་འབྱུང་བར་བསྟན་པ་ཉིད་ཀྱིས་བསྡུས་ཟིན་པའི་ཕྱིར། ཞེས་གསུངས་ཏེ། འཆང་འཇོག་གི་ཉེས་པ་མི་འབྱུང་བར་དངོས་སུ་བསྟན་པས་རུང་བ་མ་བྱས་པའི་གོས་འཆང་བ་ལ་ཉེས་པ་མེད་པར་ཤུགས་ཀྱིས་བསྟན་ཅིང༌། འབྲལ་བའི་ཉེས་པ་མི་འབྱུང་བར་དངོས་སུ་བསྟན་པས་སྣམ་སྦྱར་མ་ཁྱེར་བར་ལྗོངས་རྒྱུ་ཞིང་འགྲོ་བ་ལ་ཉེས་པ་མེད་པར་ཤུགས་ཀྱིས་བསྟན་པའོ། །ལུང་ལས། དེ་གཉིས་ཕན་ཡོན་ལོགས་ཤིག་ཏུ་བགྲང་བ་ནི་བྱིན་གྱིས་རློབ་པའི་འབད་རྩོལ་ལས་ཐར་བ་དང༌། སྣམ་སྦྱར་ཁྱེར་བའི་ཁུར་ལས་ཐར་བའི་ཆ་ནས་ཕན་ཡོན་དུ་བགྲངས་པའོ། །གཉིས་པ་ནི། དབྱར་གནས་པར་ཁས་མ་བླངས་པ་སོགས་བཞི་ལ། ལུང་ཞུ་བ་ལས། སྲ་བརྐྱང་གི་གདིང་བ་འབྱུང་བར་གསུངས་པ་དང་འགལ་ཅེ་ན། རང་གི་བསླབ་པའི་ཚིགས་སྔ་ཕྱི་གང་དུ་ཡང་དབྱར་གནས་པར་ཁས་མ་བླངས་པ་དང་སྟེ། དེ་ལ་སྲ་བརྐྱང་གདིང་བ་དེ་མི་འབྱུང་ངོ༌། །འོན་ཀྱང་དགེ་སློང་གིས་གནས་པར་ཁས་མ་བླངས་ཀྱང་དགེ་སློང་དེས་སྲ་བརྐྱང་གདིང་བ་འབྱུང་བ་ཡོད་དེ། ཞུ་བ་ལས། དགེ་ཚུལ་དབྱར་ཚུལ་དུ་


K8Z004_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་ལ་བསྙེན་པར་རྫོགས་ཏེ་ཟླ་བ་གསུམ་འདས་པས་གཏན་པ་བཏིང་བར་བྱའོ། །ཞེས་གསུངས་སོ། །དབྱར་ཕལ་ཆེར་མ་གནས་པར་དབྱར་རལ་བ་དང་སྟེ་དེ་ལ་སྲ་བརྐྱང་གདིང་བ་དེ་མི་འབྱུང་ངོ༌། །འོན་ཀྱང་ཞུ་བ་ལས། དབྱར་རལ་ནས་ཀྱང་སྲ་བརྐྱང་གདིང་བ་འབྱུང་བར་གསུངས་ཏེ། དབྱར་ཕལ་ཆེར་གནས་ནས་རལ་བ་ལ་དགོངས་པའོ། །གནས་དེར་དགེ་སློང་ཁ་ཅིག་གིས་དབྱར་སྔ་མ་ཁས་བླངས་པ་ཉིད་ན་ཁ་ཅིག་གིས་གནས་དེར་དབྱར་ཕྱི་མར་གནས་པར་ཁས་བླངས་པ་དང་སྟེ་དེ་ལ་སྲ་བརྐྱང་གདིང་བ་དེ་མི་འབྱུང་ངོ༌། །འོན་ཀྱང་ཞུ་བ་ལས། དགེ་འདུན་ཐམས་ཅད་དབྱར་ཕྱི་མར་ཚུལ་དུ་ཞུགས་པ་ན་ཟླ་བ་གསུམ་དུ་གནས་ནས་གཏན་པ་བཏིང་ན་དེ་དག་གིས་གཏན་པ་བཏིང་བ་ཞེས་བྱའོ། །ཞེས་གསུངས་སོ། །རྒྱ་ཆེར་འགྲེལ་པ་ལས་ཀྱང༌། དགེ་འདུན་ཐམས་ཅད་དབྱར་ཕྱི་མར་གནས་པར་ཁས་བླངས་པ་དག་ཡང་སྲ་བརྐྱང་གདིང་བ་འཆགས་སོ། །ཞེས་བཤད་དོ། །དབྱར་གནས་པར་ཁས་ལེན་པ་ན་སྲ་བརྐྱང་གདིང་བ་ཡན་ཆད་ན་མཚམས་ཐ་དད་དུ་ངེས་པའི་དབང་དུ་བྱས་ནས་དབྱར་གནས་གཞན་དུ་གནས་པར་ཁས་བླངས་པ་དག་ལ་སྲ་བརྐྱང་གདིང་བ་དེ་མི་འབྱུང་ངོ༌། །འོན་ཀྱང་ཞུ་བ་ལས། དབྱར་གནས་གཞན་དུ་གནས་པར་ཁས་བླངས་ཏེ་ཟླ་བ་གསུམ་དུ་གནས་ནས་གནས་དེ་དག་མཚམས་པོ་ཆེ་གཅིག་ཏུ་བྱས་ནས་གཏན་པ་བཏིང་བ་ཉིད་དུ་གསུངས་སོ། །མདོ་རྩ་བ་འདི་ཉིད་ལས་ཀྱང༌། མཚམས་གཅིག་པ་ཉིད་ཡིན་ན་དེར་གནས་གཞན་དུ་གནས་པ་རྣམས་ཀྱང་བཏིང་བའི་ཕྱིར་གནས་པ་ཉིད་ཡིན་ནོ། །ཞེས་གསུངས་སོ། །སྤོ་བ་སྤྱོད་པ་ལ་སོགས་པས་གཞན་ན་གནས་པ་དག་ལ་ཡང་ངོ་སྟེ་སྲ་བརྐྱང་བཏིང་བ་དེ་མི་འབྱུང་ངོ༌། །དེ་ཡང་ས་རང་བཞིན་དུ་གནས་པ་རྣམས་ཀྱི་ནང་དུ་དེ་དག་གི་སྲ་བརྐྱང་བཏིང་བ་མི་འཆགས་པའོ། །ས་


K8Z004_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ན་གནས་པ་འབའ་ཞིག་གིས་བཏིང་བ་ནི། ཞུ་བ་ལས། སྤོ་བའི་ཆད་པ་སྤྱོད་པ་དང༌། སྤོ་བའི་ཆད་པ་འཁོར་བ་དང༌། མགུ་བ་སྤྱོད་པ་དང༌། མགུ་བ་སྤྱད་ལགས་པ་དང༌། བསླབ་པ་བརྩལ་བ་རྣམས་ཀྱིས་གཏན་པ་བཏིང་ཞེས་བགྱིའམ། ཨུ་པ་ལི་བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི་འདས་པ་དང་བཅས་པའོ་ཞེས་གསུངས་སོ། །བསླབ་པ་བྱིན་ན་མི་ཟིན་ལ་བསླབ་པ་སྦྱིན་པར་ནི་འོས་པ་ལྟ་བུ་སྟེ། ས་གཞན་ན་གནས་པ་དེ་ཉིད་ཐོབ་པ་ཡིན་ན་སྲ་བརྐྱང་གདིང་བ་མི་འབྱུང་སྟེ། དེ་དག་འབའ་ཞིག་གིས་བཏིང་ན་ནི་འབྱུང་བར་རིགས་ཏེ་སྔ་མ་དང་མཚུངས་སོ། །དབྱར་གནས་པར་ཁས་མ་བླངས་པ་ལ་སོགས་པ་བཞི་པོའི་ཐ་མ་དབྱར་གནས་གཞན་དུ་གནས་པར་ཁས་བླངས་པ་མ་གཏོགས་པ་སྔ་མ་གསུམ་པོ་དག་དང་གནས་ནས་ཕྱུང་བ་ལས་གཞན་པའི་ས་གཞན་ན་གནས་པ་དག་དང༌། མ་བསྙིལ་བའི་དགེ་ཚུལ་ནི་སྲ་བརྐྱང་གི་རྙེད་པ་དབང་ངོ༌། །ས་གཞན་ན་གནས་པ་དག་རྙེད་པ་དབང་ངོ་ཞེས་སྤྱིར་བསྟན་པ་དེའི་དམིགས་བསལ་ནི། གནས་ནས་ཕྱུང་བ་ནི་སྲ་བརྐྱང་གི་རྙེད་པ་མི་དབང་ངོ༌། །ཆོས་དང་ཟང་ཟིང་མཐའ་དག་གིས་སྤངས་པའི་ཕྱིར་རོ། །དགེ་ཚུལ་བསྙིལ་བ་ཡང་དེ་དང་མཚུངས་སོ། །སྲ་བརྐྱང་བཏིང་ཟིན་ནས་དགེ་འདུན་དེ་རྣམས་ཆོས་དང་ཆོས་མ་ཡིན་པ་གཉིས་སུ་ཕྱེ་བ་དག་ན་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དག་ཏུ་སོང་བ་ནི་སྔར་དགེ་འདུན་མ་བྱེ་བས་བཏིང་བའི་སྲ་བརྐྱང་གི་རྙེད་པ་མི་དབང་སྟེ། དཔེར་ན་གནས་ནས་ཕྱུང་བ་དེ་ཉིད་ཀྱི་རྙེད་པ་མི་དབང་བའི་ཆད་ལས་ཐོབ་པ་དང་འདྲའོ། །འོ་ན་ལུང་ཞུ་བ་ལས། བཙུན་པ་གཏན་པ་བཏིང་བའི་གནས་སུ་དགེ་འདུན་བྱེ་ན་དབྱར་གྱི་རྙེད་པ་སུས་ཐོབ། ཕྱོགས་གཉིས་ཀས་སོ། །ཞེས་གསུངས་ཏེ་དགོངས་པ་བཙལ་ལོ། །འོན་ཀྱང་དབྱར་གནས་ཟིན་པའི་དགེ་འདུན་ཆོས་དང་ཆོས་མིན་གཉིས་སུ་


K8Z004_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་ནས་ཕྱོགས་གཉིས་ཀས་སྲ་བརྐྱང་བཏིང་ན་ནི་ཆོས་མིན་ཕྱོགས་སུ་སོང་བའང་རང་གི་སྲ་བརྐྱང་གི་རྙེད་པ་དབང་སྟེ། ཕྱོགས་གཉིས་ཀའི་སྲ་བརྐྱང་གི་རྙེད་པ་དབང་བར་ཊཱི་ཀ་ལས། སྲ་བརྐྱང་བཏིང་བའི་རྒྱུ་ལས་བྱུང་བའི་རྙེད་པ་གང་ཡིན་པ་དེ་ནི་ཐམས་ཅད་ལ་འོས་པ་ཉིད་ཡིན་ནོ་ཞེས་བཤད་དོ། །གསུམ་པ་ནི། ད་ནི་དངོས་པོ་གང་སྲ་བརྐྱང་གི་གདིང་བ་དེ་བརྗོད་པར་བྱ་སྟེ། དངོས་གཞིའི་དུས་ནི་དབྱར་སྔ་མ་ཟླ་བ་གསུམ་མོ། །དེ་དག་གི་མཇུག་ཏུ་སྟོན་ཟླ་འབྲིང་པོའི་ཉའི་དུས་ཀྱི་དགག་དབྱེའི་མཐར་དགག་དབྱེ་དེ་ཉིད་ཀྱི་མཐའ་ཡིན་ཏེ། དབྱར་སྔ་མ་ཟླ་བ་གསུམ་པོ་དེ་དག་གི་མཐའ་ཡིན་པའི་ཕྱིར་ཏེ། མཐའ་དེ་ཚུན་ཆད་ཀྱི་གོས་ཀྱི་རྙེད་པ་དབང་བ་དང་སྦྱར་རོ། །དབྱར་གྱི་ཚུལ་མཇུག་སྔ་མ་ཟླ་བ་གསུམ་པའམ་སོ་སོའི་རྒྱུ་ལས་བྱུང་བ་སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལ་སྲ་བརྐྱང་གདིང་བའི་ཉི་མའི་མཐར་ཏེ། ཉི་མ་དེའི་མཐའ་ཚུན་ཆད་དུ་གྲུབ་པའི་གོས་ཀྱི་རྙེད་པར་བགྲང་བ་ནི་གོས་ཀྱི་རྙེད་པ་དངོས་དེའི་རིན་དུ་གཏོགས་པའི་རྙེད་པའོ། །ཆོས་གོས་གསུམ་མོ་ཞེས་པ་ལུང་ལས་གསུམ་གྱི་གྲངས་དངོས་སུ་མ་གསུངས་ཀྱང༌། ལུང་གཞི་ལས། ཁྱེད་ཅག་རང་རང་གི་ཆོས་གོས་རྣམས་དབྱུང་བར་བྱའོ་ཞེས་གསུངས་པས་ཆོས་གོས་གསུམ་ཡིན་པར་མངོན་ལ། ལུང་གཞི་ལས། བཙུན་པ་གང་ཟག་གི་སྣམ་སྦྱར་སྲ་བརྐྱང་དུ་གདིང་དུ་རུང་ངམ། ཉེ་བ་འཁོར་མི་རུང་སྟེ་དགེ་འདུན་ལ་ཕུལ་ན་ནི་རུང་ངོ༌། །བླ་གོས་དང་མཐང་གོས་ཀྱང་དེ་བཞིན་ནོ། །ཞེས་གསུངས་པས་ཆོས་གོས་གསུམ་ཆར་གདིང་ངོ༌། །རང་གི་རྣམ་བཤད་དང་ཊཱི་ཀ་ལས། དགེ་སློང་མ་རྣམས་ཀྱི་ཆོས་གོས་ལྔ་སྲ་བརྐྱང་དུ་གདིང་བར་གསུངས་སོ། །དགེ་འདུན་གྱིའོ་ཞེས་པ་ནི་དགེ་འདུན་གྱི་ཆེད་དུ་འདིངས་པའི་དབང་དུ་བྱས་པ་སྟེ། གང་ཟག་


K8Z004_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ཀྱི་ཁ་སྐོང་བཙལ་ནས་གདིང་ན་ནི་གང་ཟག་གི་ཆོས་གོས་ལ་ཡང་སྲ་བརྐྱང་གི་བྱིན་རླབས་འཆགས་ཞེས་སྔ་མ་རྣམས་འཆད་དོ། །སྣམ་བུ་བཞིན་སྤུ་བཤད་ཅིང་བརྡབ་པ་མ་བྱས་པ་དང་གྲྭ་དག་འཕྱང་བའི་ཕྱིར་ཡ་ཡོར་མ་གྱུར་པ་དང༌། སྲིལ་དང་བྱི་བ་ལ་སོགས་པའི་མཆུས་མ་རྨུགས་པ་དང༌། ཟེགས་པ་ནི་ཤ་བསྲབ་པ་སྟེ་དེ་ལྟར་མ་བྱས་པར་མ་ཟེགས་པའོ། །རུང་བའི་ཚོན་གྱིས་ཁ་བསྒྱུར་བ་སྲ་བརྐྱང་དུ་གདིང་བའོ། །མི་རུང་བའི་ཚོན་གྱིས་ཁ་བསྒྱུར་བ་དང༌། དཀར་པོ་ལྟ་བུ་ཁ་མ་བསྒྱུར་བ་ལ་ནི་སྲ་བརྐྱང་གདིང་བ་མི་འཆགས་སོ། །ངུར་སྨྲིག་ལྟ་བུ་རང་བཞིན་གྱི་ཁ་དོག་ཅན་ལ་ནི་ཁ་མ་བསྒྱུར་ཡང་སྲ་བརྐྱང་གདིང་བ་འཆགས་པར་རིགས་ཏེ། ལུང་ཞུ་བ་ལས། སེར་པོ་རང་བཞིན་གྱི་ཁ་དོག་ཅན་གྱོན་པ་ལ་ཁ་མ་བསྒྱུར་བ་གྱོན་པས་ལྟུང་བ་མི་འབྱུང་བར་གསུངས་པའི་གནད་ཀྱིས་ཤེས་སོ། །སུས་ཀྱང་ཡོངས་སུ་མ་སྤྱོད་པའོ། །ཆོས་གོས་དེངས་བ་ནི་ཟད་པ་སྟེ་དེ་ལྟར་མ་བྱུང་བ་སྲ་བའོ། །དུམ་བུ་རིགས་མི་མཐུན་པ་མཐུད་པའི་མཐུད་མ་ཅན་དང༌། ལྷན་རིང་ཅན་དང༌། ལྷན་པ་ཅན་དང༌། ཆ་ག་ཅན་དང་ཟུངས་ཅན་མ་ཡིན་པའོ། །སྤངས་པ་དང་ཞེས་པ་ནི་གང་ཞེ་ན། ཆོས་གོས་གང་ཞིག་ཞག་བཅུ་འདས་པའམ་ཞག་གཅིག་དང་བྲལ་བའོ། །ལུང་བྲམ་ཟེའི་བུ་མོས་ཞུས་པ་ལས་གསུངས་སོ། །ཊཱི་ཀ་ལས། སྤངས་པ་ནི་དེ་ལྟར་སྤངས་པར་གྱུར་པ་འབའ་ཞིག་ཏུ་མ་ཟད་ཀྱི། སྔོན་ལན་གཅིག་སྤངས་པར་གྱུར་པ་ཡང་མི་རུང་ངོ༌། །ཞེས་སོ། །རྔ་བལ་ལམ་གསོ་མ་ལྟ་བུ་རྒྱུ་མ་བརྟགས་པ་རྣམས་བཏིང་དུ་མི་རུང་བ་དང༌། བྲལ་ཕྲད་ནི་ཕྱགས་དར་ཁྲོད་ཀྱི་གོས་ཡིན་པར་ལུང་ལས་གསུངས་སོ། །རང་གི་རྣམ་བཤད་དང་ཊཱི་ཀ་ལས་ཀྱང༌། བྲལ་ཕྲད་ཅེས་བྱ་བ་ནི་ཕྱགས་དར་ཁྲོད་ལ་བྱ་སྟེ། སྔར་བོར་བའི་


K8Z004_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ན་བདག་པོ་བྲལ་བ་ཡིན་ལ། ཕྱིས་བླངས་པའི་ཚེ་ན་བདག་པོ་གཞན་དང་འཕྲད་པའི་ཕྱིར་རོ། །ཞེས་སོ། །དེ་ལྟར་ཕྱགས་དར་ཁྲོད་ཀྱི་གོས་མ་ཡིན་པ་སྲ་བརྐྱང་དུ་གདིང་བར་བྱའོ། །དྲས་ཤིང་དྲུབས་པའོ། །ཆོས་གོས་ཀྱི་བཟོ་ཡོངས་སུ་རྫོགས་པར་ཟིན་པའོ། །ཆོས་གོས་ཀྱི་སྲིད་དུ་ཁྲུ་ལྔ་པའོ། །ཞེང་དུ་ཁྲུ་གསུམ་པ་ཡང་སྡུད་པ་ཡིན་ནོ། །ཁྲུ་ཚད་ལྷག་པ་དང་སུམ་ཕྲུགས་ལྷག་པ་ཡང་རུང་ངོ༌། །ལོ་གཞན་ལ་སྲ་བརྐྱང་ཉིད་དུ་སྔར་མ་བཏིང་བའི་ཆོས་གོས་སྲ་བརྐྱང་གདིང་བར་བྱའོ། །སྔར་བཏིང་བ་ནི་མི་རུང་ངོ༌། །ཊཱི་ཀ་ལས། གཟེབ་ཀྱི་སྤྲོག་མའི་ནང་དུ་བཏིང་བ་སྟེ་བརྐྱང་བ་ཞེས་བྱ་བའི་ཐ་ཚིག་གོ། །ཞེས་སོ། །བི་མ་ལས། སློ་མའི་ནང་དུ་བསྟབ་སྟེ་བཏིང་ནས་བཞག་གོ་ཞེས་སོ། །དགེ་འདུན་གྱི་ཚོགས་དུ་མ་ཡོད་པའི་ཕྱིར་ཆོས་གོས་སུམ་ཕྲུགས་དུ་མའང་བཏིང་དུ་རུང་ངོ༌། །ཆོས་གོས་སུམ་ཕྲུགས་དེའི་སྙེད་ཡོད་པ་དེ་སྙེད་པའི་གདིང་བར་བྱེད་པའི་དགེ་སློང་བ་སྤོ་བར་བྱའོ། །བཞི་པ་ལ། སྲ་བརྐྱང་གདིང་བའི་ཆོ་ག་དངོས། །བཏིང་ལ་ཡི་རང་བྱེད་པའོ། །དང་པོ་ལ། སྦྱོར་བའི་ཆོ་ག་བསྟན་པ་དང༌། །དངོས་གཞིའི་ཆོ་ག་བསྟན་པ་དང༌། །མཇུག་གི་ཆོ་ག་བརྗོད་པའོ། །དང་པོ་ལ། གང་ཟག་སོ་སོའི་ཆོ་ག་དང༌། །དགེ་འདུན་ཚོགས་པའི་ཆོ་ག་དང༌། །གདིང་བར་བསྐོས་པའི་ཆོ་གའོ། །དང་པོ་ནི། སྲ་བརྐྱང་གཏིང་བ་དེ་ནི་དགེ་སློང་རྣམས་སོ་སོའི་འཚོ་བ་ཡོ་བྱེད་དུ་སྔར་བྱིན་གྱིས་བརླབས་པའི་ཆོས་གོས་ལས་གཞན་པའི་འཚོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་པ་ཡིན་ཅིང༌། སྔར་ཆོས་གོས་རྣམས་ཀྱི་བྱིན་གྱིས་བརླབ་པ་མ་ཕྱུང་ན་སྲ་བརྐྱང་གི་བྱིན་རླབས་མི་འཆགས་པ་ཉིད་ཡིན་པས། དེའི་ཕྱིར་དགེ་སློང་རང་རང་གི་ཆོས་གོས་གསུམ་པོ་སྔར་བྱིན་གྱིས་བརླབས་


K8Z004_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་སྲ་བརྐྱང་གདིང་བའི་ཉིན་པར་ཕྱུངས་ནས་གཟོད་སྲ་བརྐྱང་གདིང་བར་བྱའོ། །གཉིས་པ་ལ། ཞག་ལོན་མིན་ཚོགས་མོས་བྱ་བ། །མཚམས་ནང་བློ་མཐུན་བྱ་བ་དང༌། །གདིངས་པའི་དགེ་སློང་བསྐོ་བ་དང༌། །དེ་ལ་གསོལ་དེ་གཏད་པའོ། །དང་པོ་ནི། སྲ་བརྐྱང་གདིངས་པའི་ཉི་མ་ཕན་ཆད་ནས་དབྱར་ནང་གི་ཉི་མ་གང་ཚུན་ཆད་ཀྱི་བར་གྱི་ཉི་མ་གང་ལ་ཆོས་གོས་དེ་འཕྱོར་ནས་ཞག་མ་ལོན་པར་ཆོས་གོས་དེ་འབྱོར་བའི་ཉི་མ་དེ་ཉིད་ལ་ཚོགས་པས་མོས་པར་བྱའོ། །གཉིས་པ་ནི། དེའི་འོག་ཏུ་མཚམས་ཀྱི་ནང་དུ་བློ་མཐུན་པར་བྱའོ། །གསུམ་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། སྲ་བརྐྱང་གདིང་བ་བསྐོ་བའི་དགོས་པ་ནི། མ་བསྐོས་ལར་གདིང་བའི་ལྟུང་བ་མི་འབྱུང་ངོ༌། །བསྡུས་པའི་དོན་ལ་བཞི་ལས། དང་པོ་ཡུལ་གང་བསྐོ་བ་ནི། ཆོས་བཅོ་བརྒྱད་དང་ལྡན་པ་བསྐོ་སྟེ། དེ་ཡང་དབྱར་གནས་པར་ཁས་བླངས་པ་ལ་སོགས་པ་ཆོས་བཅུ་གཅིག་དང་ལྡན་པ་སྟེ་གང་ལ་དེ་འབྱུང་བ་ཞེས་གསུངས་པས་སོ། །འགྲོ་བ་བཞི་དང་བྲལ་བ་དང༌། སྤྲོ་བ་དྲིས་ནས་སྤྲོ་བ་ཡིན་པ་སྟེ། འདུན་པ་དང༌། ཞེ་སྡང་དང༌། གཏི་མུག་དང༌། འཇིགས་པས་འགྲོ་བ་དང༌། བྲལ་བ་ཞེས་པ་དང༌། སྤྲོ་བར་བྱས་ཏེ་བསྐོའོ་ཞེས་གསུངས་སོ། །ཚོགས་སུ་མ་ཚང་བ་སྟེ་ཚོགས་ཀྱིས་ལས་མི་བྱའོ་ཞེས་གསུངས་པས་སོ། །སྔར་བསྐོས་པ་དང་མ་འབྲེལ་བ་སྟེ་སྔར་བསྐོས་པ་ནི་མ་བསྐོས་པ་ཉིད་མ་ཡིན་ཅེས་གསུངས་པའི་གནད་ཀྱིས་སོ། །གཉིས་པ་རྟེན་གང་གིས་བསྐོ་བ་ནི། དགེ་འདུན་མཚན་ཉིད་བཞི་ལྡན་གྱིས་སོ། །གསུམ་པ་ཆོ་ག་གང་བསྐོ་བ་ནི། སྦྱོར་དངོས་མཇུག་གསུམ་ལས། སྦྱོར་བ་འདུ་བའི་སྐབས་རྗེས་སུ་བསྒྲུབ་པ་དང༌། ལས་བྱེད་པས་སྤྲོ་བ་དྲི་བའོ། །དངོས་གཞི་གསོལ་གཉིས་ཀྱི་ལས་དང༌། མཇུག་ལས་ཀྱི་


K8Z004_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་སྡུད་བརྗོད་པའོ། །བཞི་པ་བསྐོས་པའི་བསླབ་བྱ་ནི། ལས་གསུམ་བསྒྲུབ་པ་དང༌། སེམས་གསུམ་བསྐྱེད་པ་ལ་སོགས་པའོ། །གཉིས་པ་ནི། སྲ་བརྐྱང་གི་གདིང་བ་པོ་བསྐོ་བ་ཡང་མཚམས་ཀྱི་ནང་དུ་བྱའོ་ཞེས་སྔ་མར་སྦྱར་ཏེ་གསོལ་གཉིས་ཀྱི་ལས་ཀྱིས་བསྐོའོ། །སྲ་བརྐྱང་གི་གདིང་བ་ཅི་ལྟ་བུ་ཞིག་བསྐོ་ཞེ་ན། དགེ་སློང་ལ་སྲ་བརྐྱང་གདིང་བ་དེ་འབྱུང་བ་བསྒོ་བར་བྱའི། དབྱར་གནས་པར་ཁས་མ་བླངས་པ་དང༌། དབྱར་རལ་བའི་གང་ཟག་ལ་སྲ་བརྐྱང་གདིང་བ་དེ་མི་འབྱུང་བས་དེ་ནི་མི་བསྐོའོ། །བཞི་པ་ནི། སྲ་བརྐྱང་གདིང་བར་བསྐོས་པའི་དགེ་སློང་དེ་ལ་ཆོས་གོས་དེ་དགེ་འདུན་གྱིས་གཏད་པར་བྱའོ། །གསོལ་གཉིས་ཀྱི་ལས་ཀྱིས་སྲ་བརྐྱང་དུ་བློ་མཐུན་པར་བྱས་པ་དེ་ཉིད་ཀྱིས་ཉིན་མོར་གཏད་པར་བྱ་སྟེ། །ཆོས་གོས་བློ་མཐུན་པར་བྱས་པ་དེ་ཉི་མ་གཞན་དུ་བཞག་པར་མི་རིགས་པའི་ཕྱིར་རོ། །ཇི་ལྟར་གཏད་ན་གསོལ་བ་འབའ་ཞིག་པའི་ལས་བྱས་ཏེའོ། །གསུམ་པ་ལ། ལས་གསུམ་ཇི་ལྟར་བསྒྲུབ་པ་དང༌། །སེམས་གསུམ་ཇི་ལྟར་བསྐྱེད་པ་དང༌། །ཚོགས་པ་ཉིད་ལ་བརྗོད་པ་དང༌། །འདུ་བའི་སྐབས་རྗེས་བསྒྲུབ་པའོ། །དང་པོ་ནི། ཆོས་གོས་དེ་བཀྲུ་བ་དང་དྲུབ་པ་ལ་སོགས་པ་སྔར་བྱས་མ་ཟིན་པ་ཡིན་ན་བཀྲུ་བ་དང་དྲུབ་པ་དང་ཁ་བསྒྱུར་བ་དག་ལ་གདིང་བར་བྱེད་པའི་དགེ་སློང་དེས་བྱ་བ་དེ་སྔོན་དུ་འགྲོ་བར་བྱའོ། །ཇི་ལྟར་སྔོན་དུ་འགྲོ་བར་བྱ་ཞེ་ན། བཀྲུ་བ་ལ་སོགས་དེ་དག་ལས་གཉིས་སམ། གསུམ་གདོན་མི་ཟ་བར་རྗེས་སུ་བསྒྲུབས་པས་སོ། །ཆོས་གོས་དེ་བཀྲུ་སོགས་བྱས་ཟིན་པ་ཞིག་ལག་ཏུ་གྲུབ་ན་སྲ་བརྐྱང་གདིང་པ་པོ་རང་གི་ཁབ་སྲུབ་གཉིས་སམ་གསུམ་དྲུབ་པར་བྱའོ། །གཉིས་པ་ནི། སྲ་བརྐྱང་དུ་གདིང་བའི་ཆོས་གོས་དེ་དགེ་འདུན་གྱིས་གཏོང་བ་ན་གདིང་བ་པོས་ཆོས་གོས་དེ་མནོས་


K8Z004_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། རང་བྱེད་པ་དང་སྟེ་སྲ་བརྐྱང་བཏིང་བ་པོ་རང་གིས་བཀྲུ་བ་དང༌། ཁ་སྒྱུར་བར་བྱེད་པ་དང༌། སྲ་བརྐྱང་གདིང་བ་དངོས་གཞིའི་ཆོ་ག་བྱེད་པའོ། །བཏིང་ཟིན་དེའི་མཇུག་དང༌། གནས་སྐབས་གསུམ་པོ་དེ་དག་ཏུ་གོ་རིམ་བཞིན་དུ་གདིང་བར་འགྱུར་རོ། །གདིང་ངོ་བཏིང་ངོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །སེམས་གསུམ་བསྐྱེད་པའི་དང་པོ་གདིང་བར་འགྱུར་རོ་སྙམ་དུ་སེམས་བསྐྱེད་པ་དེ་ཉམས་ན་རྒྱུ་རྐྱེན་གཞན་ཚང་ན་སྲ་བརྐྱང་གདིང་བ་དེ་མི་འབྱུང་བ་མ་ཡིན་ནོ། །གདིང་ངོ་སྙམ་དུ་སེམས་བསྐྱེད་པ་དེ་གཉིས་པ་ཉམས་ན་ནི་མི་འབྱུང་སྟེ། དེ་དང་བྲལ་བ་ནི་ཕྱུང་བ་ཡིན་ནོ་ཞེས་གསུངས་སོ། །གདིང་ངོ་སྙམ་དུ་སེམས་བསྐྱེད་པ་དེ་མ་བྱས་ཏེ་གསུམ་པ་ཉམས་ན་ཡང་སྲ་བརྐྱང་བཏིང་བ་མ་བྱུང་བ་ཉིད་མ་ཡིན་ཏེ་སྲ་བརྐྱང་བཏིང་ཟིན་པའི་ཕྱིར་རོ། །གསུམ་པ་ནི། སྟོན་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་དགོང་ཀར་སྲ་བརྐྱང་གདིང་བ་པོའི་དགེ་སློང་དེས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་སང་སྲ་བརྐྱང་གདིང་བར་འགྱུར་གྱི། ཁྱེད་ཅག་གིས་རང་རང་གི་ཆོས་གོས་རྣམས་འཚོ་བྱེད་ཀྱི་བྱིན་རླབས་རྣམས་དབྱུང་བར་བྱའོ་ཞེས་ཚོགས་པ་ལ་བརྗོད་པར་བྱའོ། །བཞི་པ་ནི། ཚེས་བཅུ་དྲུག་གི་ནངས་པར་སྲ་བརྐྱང་གདིང་བའི་དོན་དུ་གནས་དེར་དགེ་འདུན་འདུ་བའི་སྐབས་ཀྱི་བྱ་བ་རྗེས་སུ་བསྒྲུབ་པར་བྱའོ། །བྱ་བ་ནི་གང་གདན་བཤམས་པ་དང༌། གཎྜི་བརྡུང་བའོ། །གཉིས་པ་ནི། གདིང་བའི་ཆོས་གོས་སུམ་ཕྲུགས་དེ་མ་བསྲེགས་པར་དྲི་ཞིམ་འབྱུང་བའི་དྲི་དང་མེ་ཏོག་གིས་མཆོད་ཅིང་བདུག་སྤོས་དྲི་ཞིམ་པོས་བདུག་པ་ཆོས་གོས་གསུམ་ཕྲུགས་གཅིག་གམ། གཉིས་སམ་དུ་མར་གཟེབ་ཀྱི་སྤྲོག་མར་ལྷན་ཅིག་བཞག་པ་གདིང་པོའི་དགེ་སློང་གིས་པང་པར་ཐོགས་ཏེ་རྒན་རིམ་དུ་འདུག་པས་སྲ་བརྐྱང་གདིང་


K8Z004_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བ་བསྒྲུབས་ཏེ་སྲ་བརྐྱང་གདིང་བའི་ཆོ་ག་བརྗོད་པར་བྱའོ། །དུས་གང་གི་ཚེ་གདིང་ཞེ་ན། ཚེས་བཅུ་དྲུག་ལའོ། །ཟླ་བ་གང་གི་ཚེས་བཅུ་དྲུག་ལ་བྱ་ཞེ་ན། སྟོན་ཟླ་འབྲིང་པོའིའོ། །འདིའི་དམིགས་བསལ་ནི། ཊཱི་ཀ་ལས། དགེ་འདུན་ཐམས་ཅད་དབྱར་ཕྱི་མར་གནས་པར་ཁས་བླངས་པ་དག་ལ་ཡང་སྲ་བརྐྱང་གདིང་བ་འཆགས་སོ། །དེ་གདིང་བའི་དུས་ནི་སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་གོ། །ཞེས་སོ། །ཆོ་ག་ཇི་ལྟ་བུས་གདིང་ཞེ་ན། ཆོ་ག་ལན་གསུམ་དུ་བཟླས་པས་སོ། །ཅི་ཞིག་ལན་གསུམ་བཟླས་པས་ཞེ་ན། དགེ་འདུན་ཐམས་ཅད་ལ་འདི་སྐད་ཅེས་ཆོས་གོས་སྲ་བརྐྱང་གདིང་ངོ་ཞེས་བྱ་བ་ལ་སོགས་པ་སྔགས་རྣམ་པར་བཞག་པ་ལན་གསུམ་བཟླས་པས་སོ། །གསུམ་པ་མཇུག་གི་ཆོ་ག་ནི། སྲ་བརྐྱང་གདིང་བ་པོའི་དགེ་སློང་དེས་ཆོས་གོས་སྲ་བརྐྱང་ལག་ན་ཁྱེར་ཏེ་གནས་བརྟན་རྒན་རིམ་བཞིན་དུ་དགེ་སློང་རེ་རེའི་མདུན་དུ་འདུག་སྟེ་གདིང་ངོ་ཞེས་གོ་བར་བྱའོ། །སྲ་བརྐྱང་གདིང་བ་པོ་ལས་གཞན་གྱིས་ནི་ལེགས་པར་གདིང་ངོ༌། །ཤིན་ཏུ་གདིང་ངོ༌། །འདི་ལ་རྙེད་པ་དང་ཕན་ཡོན་གང་ཡོད་པ་དེ་བདག་གིས་ཡིན་ནོ་ཞེས་སོ། །གཉིས་པ་ནི། སྲ་བརྐྱང་གདིང་བ་འདི་ལ་གཉིད་སོགས་ཀྱིས་ཉམས་སུ་མ་མྱོང་བས་སད་པའི་དུས་སུ་ཐོས་པ་ན་རྗེས་སུ་ཡི་རང་བ་ནི་ཉམས་སུ་མྱོང་བ་དང་འདྲའོ་སྟེ། དེས་སྲ་བརྐྱང་བཏིང་བའི་ཕན་ཡོན་དང་རྙེད་པ་འབྱུང་བར་འགྱུར་རོ། །གང་གི་རྗེས་སུ་ཡི་རང་ཞེ་ན། དེ་གདིང་བའི་ཕྱིར་དེར་ཚོགས་ཏེ་མངོན་སུམ་དུ་གྱུར་པས་རྗེས་སུ་ཡི་རང་པ་ནི་ཉམས་སུ་མྱོང་བ་དང་འདྲའོ། །གཉིས་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། སྲ་བརྐྱང་བརྐྱངས་པའི་དགོས་པ་ནི། མ་བརྐྱངས་པའི་ཉེས་པ་ཁེགས་པ་དང་ཆུད་ཟ་བ་སྤང་བའོ། །བསྡུས་པའི་དོན་ལ་ལྔ་ལས། དང་པོ་གང་བརྐྱང་བའི་


K8Z004_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ནི། སྲ་བརྐྱང་བཏིང་ལ་ཞིག་པར་མ་གྱུར་པ་སྟེ་སྐབས་ཀྱིས་གྲུབ་བོ། །གཉིས་པ་རྟེན་གང་གིས་བརྐྱང་བ་ནི། གདིང་བ་པོར་བསྐོས་པ་དེས་བརྐྱང་བ་དེ་སྐབས་ཀྱིས་གྲུབ་ཅིང༌། དེ་ཤིའམ་བབས་སམ་མཚན་གྱུར་ན་སྲ་བརྐྱང་སྦེད་པ་པོ་བསྐོས་ནས་དེས་བརྐྱང་བ་སྟེ། ཊཱི་ཀ་ལས། སྲ་བརྐྱང་བཏིང་བའི་དགེ་སློང་གཞན་དུ་གྱུར་ན་དེ་སྦེད་པརཔ་བསྐོ་བར་བྱའོ། །ཞེས་སོ། །གསུམ་པ་གནས་གང་དུ་བརྐྱང་བ་ནི། གང་དུ་སྲ་བརྐྱང་བཏིང་བའི་མཚམས་དེ་ཉིད་དུ་བརྐྱངས་པ་སྟེ། མཚམས་གཞན་དུ་ནི་སྲ་བརྐྱང་རང་འཇུག་བྲལ་དུ་འགྱུར་བའི་ཕྱིར་རོ། །བཞི་པ་ཡུན་ཇི་སྲིད་དུ་བརྐྱང་བ་ནི་ཟླ་བ་ལྔར་བརྐྱངས་ཏེ། ལུང་ཞུ་བ་ལས། བཙུན་པ་ཡུན་ཇི་སྲིད་དུ་གཏན་པ་བཅང་བར་བགྱི། ཟླ་བ་ལྔའོ། །ཞེས་གསུངས་ཤིང༌། དཔྱིད་ཟླ་ར་བའི་ཉ་ལ་དབྱུང་ཞེས་བཤད་པས་ཀྱང་གྲུབ་བོ། །ལྔ་པ་ཚུལ་ཇི་ལྟར་བརྐྱང་བ་ལ་གསུམ་ལས། ཆུད་ཟ་བ་སྤང་བ་ནི་དུས་དུས་སུ་བསང་པར་བྱ་ཞེས་པ་ལ་སོགས་པས་བསྟན་ཏོ། །འབྲལ་བ་སྤང་བ་ནི་དེ་དང་འབྲལ་བར་མི་བྱའོ་ཞེས་པ་ལ་སོགས་པས་བསྟན་ཏོ། །མ་གུས་པ་སྤང་བ་ནི་མི་གཙང་བའི་སྐྱབས་སུ་འཇུག་པར་མི་བྱའོ་ཞེས་པ་ལ་སོགས་པས་བསྟན་ཏོ། །གཉིས་པ་ནི། གདིང་བར་བསྐོས་པའི་དགེ་སློང་དེས་ཆོས་གོས་སྲ་བརྐྱང་དེ་དུས་དུས་སུ་སེར་བུའི་ངང་ལས་བསང་བར་བྱ། ཉི་མ་ལ་སྲེད་པར་བྱ། རྡུལ་སྤྲུག་པར་བྱའོ། །ཆོས་གོས་སྲ་བརྐྱང་དེ་ཁྱིམ་དུ་བ་ཅན་དང་རྡུལ་ཅན་དུ་བཞག་པར་མི་བྱའོ། །རྒྱལ་པོའི་ཕོ་བྲང་དུ་བཞག་པར་མི་བྱའོ། །གདིང་བར་བསྐོས་པའི་དགེ་སློང་དེས་ཆོས་གོས་སྲ་བརྐྱང་དེ་དང་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་ཀྱིས་ཆོད་པར་འབྲལ་བར་མི་བྱའོ། །དེས་སྲ་བརྐྱང་དེ་ཁྱེར་ཏེ་གཞན་དུ་འགྲོ་བར་མི་བྱའོ། །མི་གཙང་བའི་སྐྱབས་སུ་འཇུག་པར་མི་བྱའོ། །བླ་གབ་མེད་པར་འཇུག་པར་མི་བྱའོ། །གསུམ་པ་


K8Z004_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། རང་མཇུག་བྲལ་དང་བཅོས་མདོ། །དང་པོ་ནི། དབྱུང་བའི་བློ་སྔོན་དུ་མ་བཏང་ཡང་སྲ་བརྐྱང་གི་བྱིན་རླབས་རང་ཞིག་ཏུ་གྱུར་པ་དང༌། གཉིས་པ་ནི། བློ་སྔོན་དུ་བཏང་ནས་ཆོ་གས་དབྱུང་བ་བྱས་པའོ། །དང་པོ་ལ་གཉིས་ཏེ། འདིར་གཏོགས་ཀྱི་དགེ་འདུན་ཐམས་ཅད་ཀྱིས་རང་འཇུག་བྲལ་དང༌། གང་ཟག་སོ་སོའི་འཇུག་བྲལ་ལོ། །དང་པོ་ལ་འདུན་ལས། སྲ་བརྐྱང་གིས་མཚམས་གཞན་དུ་ཕྱིན་པ་དང༌། སྲ་བརྐྱང་བྱིན་གྱིས་རློབ་པར་བྱེད་པའི་དགེ་སློང་གང་ཡང་མཚམས་ནང་དེ་ན་མེད་པར་སྲ་བརྐྱང་མཚམས་ཀྱི་ནང་དུ་སྐྱ་རེངས་ཤར་ན་སྲ་བརྐྱང་གི་བྱིན་རླབས་རང་ཞིག་ཏུ་གྱུར་པ་སྟེ། རྟེན་མཚམས་གཞན་ན་གནས་པས་སྲ་བརྐྱང་གདིང་བ་མི་འཆགས་ན་སྲ་བརྐྱང་མཚམས་གཞན་དུ་ཕྱིན་ན་ལྟ་ཅི་སྨོས་པའི་ཕྱིར་དང༌། གང་ལས་སྤང་ལྟུང་བྱུང་བའི་གོས་ལ་ཡང་སྲ་བརྐྱང་གདིང་བ་མི་འཆགས་ན་སྲ་བརྐྱང་ལས་འབྲལ་བའི་སྤང་ལྟུང་བྱུང་ན་ལྟ་ཅི་སྨོས་པའི་ཕྱིར་རོ། །སྲ་བརྐྱང་བཏིང་ནས་ཟླ་བ་ལྔ་ལས་འདས་ན་ཡང་རང་ཞིག་ཏུ་གྱུར་པ་སྟེ། སྲ་བརྐྱང་གདིང་བའི་འཕེན་པ་ཟད་པའི་ཕྱིར་དང༌། ལས་ལས་གཞན་པའི་བྱ་བ་རྗེས་སུ་བསྒྲུབ་པར་མི་བྱ་ཞེས་གསུངས་པས་སོ། །སྲ་བརྐྱང་གི་དུས་མ་ཡིན་པར་ཤེས་ནས་ཀྱང་གསོ་སྦྱོང་བྱས་ནའང་རང་ཞིག་ཏུ་གྱུར་པ་སྟེ། ཡང་གསོ་སྦྱོང་བྱས་ན་ཕྱུང་བ་ཉིད་ཡིན་ནོ་ཞེས་གསུངས་པས་སོ། །དངོས་པོ་ཞིང་མ་ཡིན་པར་གྱུར་པ་སྟེ་སྲ་བརྐྱང་མེས་འཚིགས་ཏེ་ཐལ་བར་གྱུར་པ་ལྟ་བུ་དང༌། རྟེན་ཞིང་མ་ཡིན་པར་གྱུར་པ་སྟེ་འདིར་གཏོགས་པའི་དགེ་འདུན་ཐམས་ཅད་ཤིའམ། བབས་ན་ཡང་རང་ཞིག་ཏུ་གྱུར་པ་སྟེ་ཆོས་གོས་དེ་སྲ་བརྐྱང་གི་བྱིན་རླབས་ཆགས་པའི་ཞིང་མ་ཡིན་པར་གྱུར་པའི་ཕྱིར་དང༌། སྲ་བརྐྱང་དེ་དང་ལྡན་


K8Z004_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟེན་ཐམས་ཅད་སྲ་བརྐྱང་གི་བྱིན་རླབས་དང་ལྡན་པའི་ཞིང་མ་ཡིན་པར་གྱུར་པའི་ཕྱིར་རོ། །འདིར་གཏོགས་དགེ་འདུན་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་ན་ཡང་འདིར་གཏོགས་པའི་དགེ་འདུན་ཐམས་ཅད་ཀྱིས་སྲ་བརྐྱང་གི་བྱིན་རླབས་རང་ཞིག་ཏུ་གྱུར་པ་སྟེ། བྱེ་བྲག་ཐམས་ཅད་ཁེགས་ན་སྤྱི་ཁེགས་པའི་གནད་ཀྱིས་ཤེས་སོ། །གཉིས་པ་གང་ཟག་སོ་སོའི་རང་འཇུག་བྲལ་ནི་སུམ་ཅུ་སོ་གཅིག་སྟེ། དེ་ཡང་མ་མ་སུམ་ཅུ་དང་གང་ཟག་སོ་སོའི་ཞིང་མ་ཡིན་པར་གྱུར་པའོ། །དེ་ནི་སྲ་བརྐྱང་དང་ལྡན་པའི་གང་ཟག་གཅིག་གམ་གཉིས་གསུམ་ཤིའམ་བབས་པ་ལ་སོགས་པ་སྟེ། གང་ཟག་སོ་སོའི་རང་འཇུག་བྲལ་ལོ། །མ་མ་སུམ་ཅུ་ནི་འདི་དག་སྟེ་མཚམས་ལ་རེ་བ་མེད་པའི་མ་མ་བརྒྱད་དང༌། མཚམས་ལ་ཡིད་གཉིས་ཟ་བའི་མ་མ་བརྒྱད་དང༌། མཚམས་ལ་རེ་བ་ཡོད་པའི་མ་མ་བརྒྱད་དང༌། རྙེད་པ་ལ་ཡིད་གཉིས་ཟ་བའི་མ་མ་དྲུག་གོ། །དེ་ཡང་མ་མ་འདི་རྣམས་ཀྱི་ལུང་ཁུང་ནི། ལུང་གཞི་ལས། མ་མ་བརྒྱད་ཀྱིས་སྲ་བརྐྱང་ཕྱུང་བར་འགྱུར་ཏེ། སོང་བ་དང༌། རྫོགས་པ་དང༌། ངེས་པ་དང༌། ཉམས་པ་དང༌། ཐོས་པ་དང༌། མཚམས་ལས་འདས་པ་དང༌། རེ་ཐག་ཆད་པ་དང༌། སྲ་བརྐྱང་ཕྱུང་བ་ཉིད་དོ། །ཞེས་གསུངས་སོ། །དེ་ཡང་སོང་བ་ནི་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཕྱིར་མི་འོང་བའི་མཚམས་ཀྱི་ཕྱི་རོལ་དུ་སོང་བའོ། །རྫོགས་པ་ནི་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་བདག་སླར་མི་འོང་སྙམ་པའོ། །ངེས་པ་ནི་དགེ་སློང་སྲ་བརྐྱང་བཏིང་བའི་མཚམས་ནས་གནས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་མི་འོང་ཞིང་ཆོས་གོས་ཀྱང་མི་བྱའོ་སྙམ་པའོ། །ཉམས་པ་ནི་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་ཆོས་གོས་བྱའོ་སྙམ་པ་ལས་དེས་དེ་


K8Z004_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རྩོམ་ཞིང་བརྩམས་པ་དང་ཉམས་པའོ། །ཐོས་པ་ནི་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་དགེ་འདུན་གྱིས་སྲ་བརྐྱང་ཕྱུང་བ་ལ་ཕྱུང་ཞེས་ཐོས་པའོ། །མཚམས་ལས་འདས་པ་ནི་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཕྱིར་འོང་ངམ་མི་འོང་སྙམ་པའི་ཡིད་གཉིས་ཟ་བས་མཚམས་ཀྱི་ཕྱི་རོལ་ཏུ་སོང་བའོ། །རེ་ཐག་ཆད་པ་ནི་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་དེའི་ཆོས་གོས་ལ་རེ་བ་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་རེ་ཐག་ཆད་པའོ། །ཕྱུང་བ་ནི་སྲ་བརྐྱང་ཕྱུང་བ་ཉམས་སུ་མྱོང་བའོ་ཞེས་དེ་ཐམས་ཅད་ལུང་གཞི་ལས་གསུངས་པ་ཡིན་ནོ། །དེ་ཡང་མ་མ་ཞེས་པ་ནི་མ་མ་ལས་བུ་འབྱུང་བའི་ཆོས་ཡོད་པ་བཞིན་དུ་དེ་དག་ལ་ཡང་སྲ་བརྐྱང་ཕྱུང་བ་འབྱུང་བའི་ཆོས་ཡོད་པའི་ཕྱིར་རོ། །དང་པོ་མཚམས་ལ་རེ་བ་མེད་པའི་མ་མ་བརྒྱད་ནི། བཞི་ཚན་གཉིས་ལས། སྦྱོར་བས་འགྲོ་བའི་མ་མ་བཞི་དང༌། ངེས་པར་འབྱེད་པའི་མ་མ་བཞིའོ། །དང་པོ་ནི། འབྲེལ་མེད་གཅིག་དང་འབྲེལ་བཅས་ལས་གྱུར་པ་གསུམ་མོ། །སྐབས་འདིར་འབྲེལ་བ་མེད་པ་དང་ཡོད་པ་ནི་སྲ་བརྐྱང་གི་རྙེད་པ་བླང་བའི་བསམ་པ་མེད་པ་དང་ཡོད་པ་སྟེ། གཞུང་ལས། ཆོས་གོས་བྱ་བའི་བསམ་པས་རྗེས་སུ་འབྲེལ་བ་མེད་ན་ཞེས་པ་དང༌། ཡོད་ན་བྱེད་པར་འགྱུར་བ་ཉིད་ཆད་ནའོ་ཞེས་གསུངས་པས་སོ། །སྐབས་འདིར་ནི་རང་གི་ལུས་དང་སྲ་བརྐྱང་གི་མཚམས་འབྲེལ་མ་འབྲེལ་གྱི་འབྲེལ་བ་ཡོད་མེད་དུ་རྣམ་པར་བཞག་པ་ནི་མ་ཡིན་ཏེ། ཐོས་བྱུང་གི་སྐབས་སུ་ལུས་དང་མཚམས་འབྲེལ་ཀྱང་རྙེད་པ་དང་བསམ་པ་མ་འབྲེལ་ན་འབྲེལ་མེད་དུ་རྣམ་པར་གཞག་པའི་ཕྱིར་རོ། །སྦྱོར་བས་འགྲོ་བའི་འབྲེལ་མེད་ནི་དགེ་སློང་སྲ་བརྐྱང་བཏིང་བ་མཚམས་ཀྱི་ནང་ནས་ཡུལ་གཞན་དུ་འགྲོ་བའི་ཚེ་ན་ང་ནི་ཟླ་བ་ལྔའི་ནང་དུ་སྲ་བརྐྱང་གི་མཚམས་འདིར་ཕྱིར་མི་འོང་སྙམ་སྟེ་སྲ་


K8Z004_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བརྐྱང་གི་མཚམས་ལ་རེ་བ་མེད་ཅིང༌། སྲ་བརྐྱང་གི་རྙེད་པ་ལ་ཡང་རེ་བ་མེད་པ་སྟེ། སྲ་བརྐྱང་གི་རྙེད་པ་མ་བླང་ངོ་སྙམ་པས་སྲ་བརྐྱང་གི་མཚམས་ནང་དེ་ནས་མཚམས་དེའི་ཕྱི་རོལ་དུ་འགྲོ་ན་སྲ་བརྐྱང་གི་མཚམས་ལས་འདས་པ་ན་དགེ་སློང་དེའི་སྲ་བརྐྱང་གི་བྱིན་རླབས་རང་ཞིག་ཏུ་གྱུར་པ་སྟེ་མཚམས་ལས་འདས་པ་ན་དེ་འགྲུབ་བོ། །ཕྱིར་མ་འོང་བའི་སེམས་ཀྱིས་སོ་ཞེས་གསུངས་ཏེ། དངོས་པོ་དང་བསམ་པ་གང་གི་སྒོ་ནས་ཀྱང་སྲ་བརྐྱང་དང་འབྲེལ་བ་མེད་པའི་ཕྱིར་རོ། །འབྲེལ་བཅས་ལས་གྱུར་པ་གསུམ་ནི་སྔར་བཞིན་སྲ་བརྐྱང་གི་མཚམས་ལ་རེ་བ་མེད་ཅིང༌། སྲ་བརྐྱང་གི་རྙེད་པ་ལ་ནི་རེ་བ་ཡོད་པའི་བསམ་པ་དང་བཅས་ཏེ་ཡུལ་གཞན་དུ་ཕྱིན་པ་ན་གཞན་གྱིས་དུས་ཀྱི་སྔ་རོལ་དུ་ཕྱུང་ཡང་ཡུལ་གཞན་དུ་ཕྱིན་པའི་དགེ་སློང་དེའི་སྲ་བརྐྱང་མི་འཇིག་སྟེ། སྲ་བརྐྱང་གི་རྙེད་པ་ལ་བསམ་པས་འབྲེལ་བ་ཡོད་ཅིང་འཇིག་པའི་རྒྱུར་མ་དམིགས་པའིའོ། །འོ་ན་གང་གིས་འཇིག་ན་བྱེད་པར་འགྱུར་བ་མཐར་ཐུག་པ་དང༌། བརྩམས་པ་ཞིག་པ་དང༌། བསམ་པ་རྒྱུན་ཆད་པ་དང་གསུམ་ལ་དེ་གནས་སོ་ཞེས་གསུངས་ཏེ། སྲ་བརྐྱང་གི་རྙེད་པའི་སྐལ་བ་ལག་ཏུ་ཐོབ་པ་དང༌། སྲ་བརྐྱང་གི་རྙེད་པའི་སྐལ་བ་བརླག་ཅིང་བརླག་པའི་གཏམ་ཐོས་པ་དང༌། སྲ་བརྐྱང་གི་རྙེད་པ་ལ་རེ་བའི་བསམ་པ་རྒྱུན་ཆད་པ་དང་གསུམ་པོ་གང་བྱུང་ན་ཡང་གང་ཟག་དེའི་སྲ་བརྐྱང་ཞིག་པར་གྱུར་པ་ཡིན་ནོ། །བརྩམས་པ་ཞིག་པ་དང་བསམ་པ་རྒྱུན་ཆད་པ་ཆོས་ཅན། འབྲེལ་བཅས་མ་ཡིན་པར་ཐལ། འབྲེལ་ཆད་ཡིན་པའི་ཕྱིར་ཞེ་ན། ད་ལྟ་འབྲེལ་ཆད་ཡིན་ཀྱང་སྔར་འབྲེལ་བཅས་གཞིར་བྱས་པ་ལས་གྱུར་པ་ཡིན་པས་འབྲེལ་བཅས་ལས་གྱུར་པ་ཞེས་བྱའོ། །གཉིས་པ་ངེས་པར་འབྱེད་པའི་མ་མ་བཞི་ནི། འབྲེལ་མེད་གཅིག་དང་འབྲེལ་བཅས་ལས་གྱུར་པ་གསུམ་མོ། །


K8Z004_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་དོན་གཞན་བསྒྲུབ་པའི་བསམ་པས་མཚམས་ཀྱི་ཕྱི་རོལ་ཏུ་བསམ་པ་འདི་སྐྱེས་ཏེ། ང་ནི་ཟླ་བ་ལྔའི་ནང་དུ་སྲ་བརྐྱང་གི་མཚམས་སུ་མི་ལྡོག་ངེས་སྙམ་སྟེ། སྲ་བརྐྱང་གི་མཚམས་ལ་རེ་བ་མེད་ཅིང༌། སྲ་བརྐྱང་གི་རྙེད་པ་ལ་ཡང་རེ་བ་མེད་པའི་བསམ་པ་སྐྱེས་ན་གང་ཟག་དེའི་སྲ་བརྐྱང་གི་བྱིན་རླབས་རང་ཞིག་ཏུ་གྱུར་པ་སྟེ་མཚམས་ཀྱི་ཕྱི་རོལ་ཏུ་དེ་སྐྱེས་ན་ཡང་ངོ༌། །ཆོས་གོས་བྱ་བའི་བསམ་པ་རྗེས་སུ་འབྲེལ་བ་མེད་ན་དེའི་ཚེ་ཉིད་ནའོ་ཞེས་གསུངས་པས་གྲུབ་བོ། །གཉིས་པ་འབྲེལ་བཅས་ལས་གྱུར་པ་གསུམ་ནི། མཚམས་ཀྱི་ཕྱི་རོལ་དུ་བསམ་པ་འདི་སྐྱེས་ཏེ་སྲ་བརྐྱང་གི་མཚམས་ལ་རེ་བ་མེད་ཅིང༌། སྲ་བརྐྱང་གི་རྙེད་པ་ལ་ནི་རེ་བ་ཡོད་པའི་བསམ་པ་དང་བཅས་པ་ལས་གཞན་གྱིས་དུས་ཀྱི་སྔ་རོལ་དུ་བྱུང་ཡང་གང་ཟག་དེའི་སྲ་བརྐྱང་མི་འཇིག་སྟེ། འོ་ན་གང་གིས་འཇིག་ན་བྱེད་པ་འགྱུར་བ་མཐར་ཐུག་པ་ལ་སོགས་གསུམ་གྱིས་ཏེ་སྔར་བཞིན་ནོ། །གཉིས་པ་མཚམས་ལ་ཡིད་གཉིས་ཟ་བའི་མ་མ་བརྒྱད་ནི། ཡིད་གཉིས་ནི་ངེས་པས་འབྱིན་པར་བྱེད་པ་དང་འདྲ་ཞེས་པས་བསྟན་ཏེ། དེ་ཡང་སྔར་མཚམས་ལ་རེ་བ་མེད་པའི་མ་མ་བརྒྱད་ཀྱི་སྐབས་སུ་མཚམས་ལ་ཡིད་གཉིས་ཟ་ཞེས་བསྒྱུར་ལ། གཞན་ཐམས་ཅད་སྔར་དང་འདྲའོ། །དེས་ན་འདི་ལ་ཡང་བསམ་པ་མཚམས་ནང་ནས་སྐྱེས་པ་དང༌། མཚམས་ཀྱི་ཕྱི་རོལ་དུ་སྐྱེས་པ་གཉིས་སུ་ཕྱེ་ལ། དེ་གཉིས་རེ་རེ་ལ་ཡང་འབྲེལ་མེད་གཅིག་དང་འབྲེལ་བཅས་ལས་གྱུར་པ་གསུམ་སྟེ་སྔར་དང་འདྲའོ། །གསུམ་པ་མཚམས་ལ་རེ་བ་ཡོད་པའི་མ་མ་བརྒྱད་ནི། འབྲེལ་མེད་གཉིས་དང་འབྲེལ་བཅས་ལས་གྱུར་པ་དྲུག་གོ །སྲ་བརྐྱང་བཏིང་བའི་དགེ་སློང་མཚམས་ལ་རེ་བ་ཡོད་ཅིང༌། སྲ་བརྐྱང་གི་མཚམས་ལ་རེ་བ་ཡོད་པ་


K8Z004_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡུལ་གཞན་དུ་སོང་བ་ན། དགེ་འདུན་གྱིས་དུས་ཀྱི་སྔ་རོལ་དུ་སྲ་བརྐྱང་དབྱུང་བའི་ཚེ་གང་ཟག་དེའི་སྲ་བརྐྱང་མི་འཇིག་ཅིང་ཕན་ཡོན་རྗེས་སུ་འཇུག་སྟེ། དེར་ཉམས་སུ་མྱོང་བ་དང་ལྡན་པ་ལ་ནི་མ་ཐོས་ཀྱི་བར་དུ་ཕན་ཡོན་རྗེས་སུ་འཇུག་གོ་ཞེས་གསུངས་པས་སོ། །འོ་ན་གང་གི་ཚེ་འཇིག་ཅེ་ན། འབྲེལ་མེད་གཉིས་ནི་སྲ་བརྐྱང་གི་མཚམས་ལ་རེ་བ་ཡོད་ཅིང༌། སྲ་བརྐྱང་གི་རྙེད་པ་ལ་རེ་བ་མེད་པས་སྔར་སྲ་བརྐྱང་ཕྱུང་བའི་གཏམ་དེ་སྲ་བརྐྱང་གི་མཚམས་ཀྱི་ཕྱི་རོལ་དུ་ཐོས་པ་དང་ནང་དུ་ཐོས་པ་གཉིས་ཀྱིས་གང་ཟག་དེའི་སྲ་བརྐྱང་ཞིག་པར་འགྱུར་ཏེ་རྗེས་སུ་འབྲེལ་བ་མེད་ནའོ་ཞེས་གསུངས་ལ། གང་ཟག་དེའི་སྲ་བརྐྱང་དང་འབྲེལ་ཆད་པར་གྱུར་པའི་ཕྱིར་རོ། །འབྲེལ་བཅས་ལས་གྱུར་པ་དྲུག་ནི་སྲ་བརྐྱང་གི་མཚམས་དང༌། རྙེད་པ་གཉིས་ཀ་ལ་རེ་བ་ཡོད་པའི་དགེ་སློང་ཡུལ་གཞན་དུ་སོང་བ་དེས་གཞན་གྱི་དུས་ཀྱི་སྔ་རོལ་དུ་སྲ་བརྐྱང་ཕྱུང་བའི་གཏམ་ཐོས་ཀྱང་གང་ཟག་དེའི་སྲ་བརྐྱང་མི་འཇིག་སྟེ། ཡོད་ན་མ་ཆད་ཀྱི་བར་དུའོ་ཞེས་གསུངས་ལ། བསམ་པའི་འབྲེལ་བ་མ་ལོག་པར་ཡོད་པའི་ཕྱིར་རོ། །འོ་ན་གང་གི་ཚེ་འཇིག་ཅེ་ན། མཚམས་ཀྱི་ཕྱི་རོལ་དུ་བྱེད་པ་མཐར་ཐུག་པ་དང༌། བརྩམས་པ་ཞིག་པ་དང༌། བསམ་པ་རྒྱུན་ཆད་པ་གསུམ་དང༌། མཚམས་ཀྱི་ནང་དུ་དེ་གསུམ་སྟེ་དྲུག་པོ་དེ་དག་གང་བྱུང་ན་ཡང་གང་ཟག་དེའི་སྲ་བརྐྱང་ཞིག་པར་འགྱུར་བ་ཡིན་ནོ། །བཞི་པ་རྙེད་པ་ལས་ཡིད་གཉིས་ཟ་བའི་མ་མ་དྲུག་ནི། སྲ་བརྐྱང་གི་མཚམས་དང༌། རྙེད་པ་གཉིས་ཀ་ལ་ཡིད་གཉིས་ཟ་བས་མཚམས་ལས་འདས་པ་དང༌། མཚམས་ཀྱི་ཕྱི་རོལ་དུ་དེ་སྐྱེས་པ་གཉིས་དང༌། སྲ་བརྐྱང་གི་མཚམས་ལ་རེ་བ་མེད་ཅིང༌། རྙེད་པ་ལ་ཡིད་གཉིས་ཟ་བས་མཚམས་ལས་འདས་པ་དང༌། མཚམས་ཀྱི་ཕྱི་རོལ་ཏུ་དེ་སྐྱེས་པ་གཉིས་ཏེ་བཞིས་


K8Z004_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེའི་སྲ་བརྐྱང་ཞིག་པ་ཡིན་ཏེ། ཡིད་གཉིས་ནི་ངེས་པ་འབྱིན་པར་བྱེད་པ་དང་འདྲ་ཞེས་གསུངས་པས་མཚམས་དང་རྙེད་པ་གང་ལ་ཡིད་གཉིས་ཟ་ཡང་མཚམས་སམ། རྙེད་པ་ལ་རེ་བ་མེད་པ་དང་འདྲ་བའི་ཕྱིར་རོ། །དེ་ལྟར་ན་མ་མ་ཉི་ཤུ་རྩ་བརྒྱད་ཡོད་དོ་ཞེས་ཤ་མི་དང་སྦལ་ཏི་ལ་སོགས་པ་རྣམས་ཀྱིས་གསུངས་སོ། །འོན་ཀྱང་དེ་རྣམས་སུ་མ་འདུས་པའི་མ་མ་གཞན་ཡང་ཡོད་དེ། སྲ་བརྐྱང་གི་མཚམས་ལ་རེ་བ་ཡོད་ཅིང༌། རྙེད་པ་ལ་ཡིད་གཉིས་ཟ་བའི་གང་ཟག་དེ་གཞན་དུ་སོང་བ་ན་གཞན་གྱི་དུས་ཀྱི་སྔ་རོལ་དུ་ཕྱུང་ན་ཡང་གང་ཟག་དེའི་སྲ་བརྐྱང་མི་འཇིག་སྟེ། མ་ཐོས་ཀྱི་བར་དུ་ཕན་ཡོན་རྗེས་སུ་འཇུག་གོ་ཞེས་གསུངས་པས་སོ། །འོ་ན་གང་གི་ཚེ་འཇིག་ན་དུས་ཀྱི་སྔ་རོལ་དུ་སྲ་བརྐྱང་ཕྱུང་བའི་གཏམ་དེ་སྲ་བརྐྱང་གི་མཚམས་ཀྱི་ཕྱི་རོལ་ཏུ་ཐོས་པ་དང་ནང་དུ་ཐོས་པ་གཉིས་ཀྱིས་གང་ཟག་དེའི་སྲ་བརྐྱང་ཞིག་པར་གྱུར་པ་སྟེ། གཏམ་ཐོས་པས་ཞིག་པ་གཉིས་སྔར་བཤད་པ་དང་མཚུངས་སོ། །གཉིས་པ་བཅོས་མའི་དབྱུང་བ་ནི། གསོལ་བཞིའི་ལས་ཀྱིས་སོ། །འདིར་སྨྲས་པ། གཞན་ཕན་བཟང་པོའི་འབིགས་བྱེད་རྒྱས་པ་ལ། །རྡོ་རྗེའི་རིགས་གྲུབ་ཀུ་ཤའི་མྱུ་གུ་རྣམས། །རྨ་བྱ་གཞོན་ནུ་གཤོག་པ་བཀྲམ་ལྟར་སྣང༌། །དེ་ནང་སྐལ་ལྡན་རི་དྭགས་རྒྱུ་བའི་ཚེ། །རྨིག་རྩེའི་དམ་ཆོས་འཁོར་ལོའི་འགྲོས་ཉིད་ལས། །བླུན་ཆེན་འཆིང་བའི་འབྲུག་སྒྲ་ཅི་ཡང་གྲགས། །ཉེར་ཞིའི་མེ་ཏོག་གཡུར་བའི་འབྲས་ཅན་ལ། །ཐར་པའི་ཟས་སྐོམ་དུས་སུ་བྱེད་དེ་ལ། །གཉིས་པ་ལ། དབྱུང་བ་དངོས་ཀྱི་བཤད་པ་དང༌། །སྐབས་ཀྱི་བསླབ་བྱ་བརྗོད་པའོ། །དང་པོ་ལ། མདོ་ཙམ་ཉིད་དུ་བསྟན་པ་དང༌། །དེ་ཡི་རྒྱས་པར་བཤད་པའོ། །དང་པོ་ནི། སྲ་བརྐྱང་དབྱུང་བ་ནི་རྣམ་པ་གཉིས་ཏེ། རང་འཇུག་


K8Z004_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བྲལ་བ་དང་བཅོས་མའོ། །གཉིས་པ་ལ། རང་འཇུག་འབྲལ་བའི་དབྱུང་བ་དང༌། །བཅོས་མ་ཉིད་ཀྱི་དབྱུང་བའོ། །དང་པོ་ལ། འདིར་གཏོགས་དགེ་འདུན་རང་འཇུག་བྲལ། །གང་ཟག་སོ་སོའི་འཇུག་བྲལ་ལོ། །དང་པོ་ནི། རང་འཇུག་པ་དང་བྲལ་བའི་དབྱུང་བ་ནི་གནས་སྐབས་གསུམ་པོ་འདི་དག་ལ་འབྱུང་སྟེ། སྲ་བརྐྱང་གིས་སྔར་བཏིང་བའི་མཚམས་ལས་གཞན་དུ་ཕྱིན་ན་ཞག་མ་ལོན་ཀྱང་སྲ་བརྐྱང་ཞིག་པ་དང༌། ཞེས་པའི་མཚམས་གཞན་དུ་ཕྱིན་པ་ནི་སྲ་བརྐྱང་གི་གནས་ཀྱི་ཉེ་འཁོར་ལས་འདས་ན་སྟེ། སྔར་ཆོས་གོས་ཀྱི་གནས་ལ་ཉེ་འཁོར་བརྩི་བར་གསུངས་ལ། སྲ་བརྐྱང་གི་གནས་ཀྱང་ཆོས་གོས་ཀྱི་གནས་ཡིན་པའི་ཕྱིར། དེ་ལྟར་སྲ་བརྐྱང་གི་མཚམས་གཞན་དུ་ཕྱིན་པ་འདི་ལ་འགྲེལ་ཆུང་ལས། ཞག་མ་ལོན་ཀྱང་སྲ་བརྐྱང་ཞིག་ཅེས་བཤད་དོ། །སྲ་བརྐྱང་གདིང་བར་བྱེད་ཅིང་སྲ་བརྐྱང་བྱིན་གྱིས་རློབ་པར་བྱེད་པའི་དགེ་སློང་ཐམས་ཅད་གནས་གཞན་དུ་སོང་སྟེ་སྲ་བརྐྱང་བཏིང་བའི་དགེ་སློང་གཅིག་ཀྱང་སྲ་བརྐྱང་གི་གནས་དེ་ན་མེད་པར་སྲ་བརྐྱང་བཞག་པའི་མཚམས་ཀྱི་ནང་དུ་སྐྱ་རེངས་ཤར་བ་དང་ཞེས་སོ། །གཉིས་པ་ལ། མདོ་ཙམ་ཉིད་དུ་བསྟན་པ་དང༌། །དེ་ཡི་རྒྱས་པར་བཤད་པའོ། །དང་པོ་ནི། གནས་གང་དུ་སྲ་བརྐྱང་བཏིང་བའི་མཚམས་དེའི་དཀྱིལ་འཁོར་གྱི་མཚམས་ཀྱི་ཁོངས་སུ་གཏོགས་པ་རྒྱུན་ཆད་པའོ། །དང་པོ་གཉིས་ཀྱིས་ནི་དེར་གཏོགས་པའི་དགེ་འདུན་ཐམས་ཅད་སྲ་བརྐྱང་བཏིང་བ་རང་འཇུག་པ་དང་བྲལ་བར་འགྱུར་བ་ལས། ཐ་མས་ནི་གང་ཟག་གང་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་དེ་ཉི་ཚེའི་སྲ་བརྐྱང་བཏིང་བ་རང་འཇུག་པ་དང་བྲལ་བར་འགྱུར་ཞེས་ཊཱི་ཀ་ལས་སོ། །གང་ཟག་གང་རང་འཇུག་པ་དང་བྲལ་བའི་རྒྱུ་ཀུན་ཏུ་སྤྱོད་པ་དེ་ལ་དེའི་


K8Z004_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་དེ་རྣམ་པར་བཞག་གི། དགེ་འདུན་ཐམས་ཅད་ལ་ནི་དེ་རྣམ་པར་མི་བཞག་གོ། །མདོ་འདིས་ནི་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་དེ་གང་ཟག་སོ་སོའི་རང་འཇུག་བྲལ་ཡིན་པར་བསྟན་ཏོ། །གཉིས་པ་ལ། སྦྱོར་བས་འགྲོ་བའི་མ་མ་བསྟན། །ངེས་པར་འབྱེད་པའི་མ་མ་བསྟན། །མ་མ་དེ་ཡི་བྱེ་བྲག་བསྟན། །མཚམས་འདིའི་མ་མ་བསྟན་པའོ། །དང་པོ་ནི། དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་དེ་དུས་གང་གི་ཚེ་ན་འགྲུབ་ཅེ་ན། ཡུལ་གཞན་ཐག་རིང་ལ་སོགས་པ་འགྲོ་བར་འདོད་པའི་དགེ་སློང་དེས་སྲ་བརྐྱང་གི་མཚམས་ལས་འདས་པར་ཕྱིན་པ་ན། དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་དེ་འགྲུབ་སྟེ་གང་ཟག་དེའི་སྲ་བརྐྱང་ཞིག་པར་འགྱུར་རོ། །བསམ་པ་གང་ཡང་རུང་བས་སམ་ཞེ་ན། བདག་ནི་ཡུལ་གཞན་དུ་འགྲོ་སྟེ་ཟླ་བ་ལྔའི་ཁོངས་སུ་སྲ་བརྐྱང་གི་མཚམས་འདིར་ཕྱིར་མི་འོང་བར་ངེས་སྙམ་པའི་སེམས་ཀྱིས་མཚམས་ལས་འདས་ཏེ་འགྲོ་ན་དེའི་ཚེ་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པར་འགྱུར་རོ། །གཉིས་པ་ནི། སྲ་བརྐྱང་གི་མཚམས་ཀྱི་ནང་ནས་འགྲོ་བའི་ཚེ་ན་ཕྱིར་མི་འོང་བའི་སེམས་མ་སྐྱེས་ཀྱང་མཚམས་ཀྱི་ཕྱི་རོལ་དུ་སོན་པ་ན། སྲ་བརྐྱང་གི་མཚམས་སུ་ཕྱིར་མི་འོང་བར་ངེས་པའི་སེམས་དེ་སྐྱེས་ན་ཡང་དེའི་ཚེ་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པར་འགྱུར་ཏེ། གང་ཟག་དེའི་སྲ་བརྐྱང་ཞིག་པར་འགྱུར་རོ། །མཚམས་ལས་འདས་པ་ན་དེ་གྲུབ་བོ་ཞེས་པ་དང༌། མཚམས་ཀྱི་ཕྱི་རོལ་དུ་དེ་སྐྱེས་ན་ཡང་ངོ་ཞེས་བསྟན་པ་དེ་ཡང་སྲ་བརྐྱང་གི་རྙེད་པའི་སྐལ་བ་ལས་ཆོས་གོས་བྱ་བའི་བསམ་པས་སྲ་བརྐྱང་གི་རྙེད་པ་དང༌། བསམ་པ་རྗེས་སུ་འབྲེལ་བ་མེད་ན་མཚམས་ལས་འདས་ཤིང༌། ཕྱིར་མི་འོང་


K8Z004_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སེམས་སྐྱེས་པའི་དུས་དེའི་ཚེ་ཉིད་ན་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པར་འགྱུར་ཏེ། གང་ཟག་དེའི་སྲ་བརྐྱང་ཞིག་པར་འགྱུར་རོ། །གསུམ་པ་ནི། ཆོས་གོས་བྱ་བའི་བསམ་པས་རྗེས་སུ་འབྲེལ་བ་ཡོད་ན་ནི་དེའི་ཚེ་ན་སྲ་བརྐྱང་མི་འཇིག་ལ། ཆོས་གོས་བྱེད་པར་འགྱུར་བ་ཉིད་རྒྱུན་ཆད་ན་ནི་དེའི་ཚེ་གང་ཟག་དེའི་སྲ་བརྐྱང་འཇིག་པར་འགྱུར་རོ། །སྣང་ཡེ་ཤེས་རྒྱན་ན་རེ། ཕྱིར་འོང་ན་ཡང་ངོ་ཞེས་པ་འདིས་སྔ་ཕྱིར་མ་བསྟན་པའི་མ་མ་གཉིས་བསྟན་ཏེ། སྲ་བརྐྱང་བཏིང་བའི་དགེ་སློང་ཡུལ་གཞན་དུ་ཕྱིན་ནས་སྲ་བརྐྱང་གི་གནས་སུ་ཕྱིར་འོངས་པ་ན་སྲ་བརྐྱང་གི་གནས་འདིར་མི་སྡོད་ཅིང༌། སྲ་བརྐྱང་གི་རྙེད་པ་ཡང་མི་སློང་སྙམ་པའི་བསམ་པ་མཚམས་ནང་དུ་བསྐྱེད་པ་དང༌། སྲ་བརྐྱང་གི་གནས་སུ་མི་འགྲོ་ཞིང་སྲ་བརྐྱང་གི་རྙེད་པ་ཡང་མི་བླང་ངོ་སྙམ་པའི་བསམ་པ་མཚམས་ཀྱི་ཕྱི་རོལ་ཏུ་སྐྱེས་པ་སྟེ། དེ་གཉིས་ཀྱིས་ཀྱང་གང་ཟག་དེའི་སྲ་བརྐྱང་འཇིག་སྟེ། ཕྱིར་འོང་ན་ཡང་ངོ་ཞེས་པ་འདིའི་ཊཱི་ཀ་ལས། འདིས་ཀྱང་སྦྱོར་བས་འགྲོ་བ་དང༌། ངེས་པར་འབྱེད་པ་གཉིས་ཀྱི་བྱེ་བྲག་གིས་གནས་སྐབས་གཞན་བསྟན། ཅེས་བཤད་པས་ཤེས་སོ་ཞེས་ཟེར་རོ། །འོན་ཀྱང་ཊཱི་ཀ་ལས་བཤད་པ་དེ་ན་སྲ་བརྐྱང་ཞིག་ཟིན་པའི་གནས་སྐབས་ཀྱི་བྱེ་བྲག་གཞན་བསྟན་པ་ཡིན་པས་སྒྲུབ་བྱེད་དུ་མི་འགྱུར་ལ། ཁྱོད་ཀྱི་འདོད་ཚུལ་ཕྱི་མ་ནི་ངེས་པར་འབྱེད་པའི་མ་མ་དང་ཟློས་ལ། སྔ་མ་ནི་སྦྱོར་བས་འགྲོ་བའི་མ་མ་དང་འགལ་ཏེ། མཚམས་ལས་འདས་པ་ན་དེ་གྲུབ་བོ་ཞེས་གསུངས་པས། སྦྱོར་སར་འགྲོ་བའི་མ་མ་ལ་ལུས་དང་སྲ་བརྐྱང་གི་མཚམས་སུ་མ་འབྲེལ་བར་དགོས་པ་གསུངས་པ་དང་འགལ་ལོ། །འོ་ན་གང་ཞེ་ན། ཕྱིར་འོང་ན་ཡང་ངོ་ཞེས་པ་འདི་ནི་སྲ་བརྐྱང་ཞིག་པར་གྱུར་ཀྱང་ཕྱིར་འོང་ན་སོར་ཆུད་དམ་སྙམ་པའི་དོགས་པ་བསལ་བ་ཡིན་ཏེ། ཕྱིར་


K8Z004_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

འོང་ན་ཡང་ངོ་ཞེས་པ་འདི་ཉིད་ཀྱི་རང་གི་རྣམ་བཤད་ལས། སྲ་བརྐྱང་ཞིག་ཅིང་རྣམ་པར་ཆད་པར་གྱུར་པ་དེ་དགེ་སློང་སྲ་བརྐྱང་གི་མཚམས་ཕྱིར་འོང་ན་རྗེས་སུ་བསྒྲུབ་པར་འགྱུར་རམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་འོང་ན་ཡང་ངོ་ཞེས་སྨོས་ཏེ་ཞེའོ། །དེ་ལྟར་སྦྱོར་བས་འགྲོ་བའི་མ་མ་དང༌། ངེས་པར་འབྱེད་པའི་མ་མས་སྲ་བརྐྱང་ཞིག་ཟིན་ན་ནི་དགེ་སློང་དེ་སྲ་བརྐྱང་གི་མཚམས་སུ་ཕྱིར་འོང་ན་ཡང་མི་ཕན་ཏེ། སྲ་བརྐྱང་ཞིག་པའི་གནས་སྐབས་ཉིད་ལ་གནས་པས་སོ་ཞེས་བསྟན་ཏེ། ཕྱིར་འོང་ན་ཡང་ངོ་ཞེས་པ་འདི་ཉིད་ཀྱི་འགྲེལ་པ་ཤེར་བྱེད་ལས་ཀྱང༌། ཕྱིར་འོང་ཡང་མི་ཕན་ཅེས་བཤད་དོ། །སྲ་བརྐྱང་གི་རྙེད་པའི་སྐལ་བ་ལག་ཏུ་ཐོབ་པ་ལས་ཆོས་གོས་བྱེད་པར་འགྱུར་བ་མཐར་ཐུག་པ་སྟེ། ཆོས་གོས་ཟིན་པ་མཐར་ཐུག་པའོ། །ཊཱི་ཀ་ལས། ཆོས་གོས་བྱའོ་སྙམ་དུ་བསམ་པ་སྟེ་མཐར་ཐུག་པར་གྱུར་པ་དང༌། ཞེས་སོ། །མཐར་ཐུག་ཅེས་བྱ་བ་ནི་ཆོས་གོས་བརྩམས་པ་ཟིན་པར་བྱས་པའོ། །འདི་ནི་མཚོན་པ་ཙམ་སྟེ་སྲ་བརྐྱང་གི་རྙེད་པའི་སྐལ་བ་ལག་ཏུ་ཐོབ་པ་ན་གང་ཟག་དེའི་སྲ་བརྐྱང་ཞིག་པར་གྱུར་པའོ་ཞེས་གསུངས་སོ། །སྲ་བརྐྱང་གི་རྙེད་པ་ལས་ཆོས་གོས་བྱེད་པར་བརྩམས་པ་མ་ཟིན་པར་ཞིག་པ་དང་སྟེ་མེས་འཚིགས་པ་ལ་སོགས་པས་བརྩམས་པ་ཞིག་པའོ། །ཞིག་པར་གྱུར་པ་ཞེས་བྱ་བ་ནི་ཆོས་གོས་བརྩམས་པ་མ་ཟིན་པའི་བར་དུ་རྐྱེན་འགའ་ཞིག་གིས་རྒྱུན་ཆད་པར་གྱུར་པ་ཞེས་ཊཱི་ཀ་ལས་བཤད་དོ། །འདི་ཡང་མཚོན་པ་སྟེ་སྲ་བརྐྱང་གི་རྙེད་པའི་སྐལ་པ་བརླག་ཅིང༌། བརླག་པའི་གཏམ་ཐོས་ན་གང་ཟག་དེའི་སྲ་བརྐྱང་ཞིག་པར་གྱུར་པའོ། །ཆོས་གོས་ལ་རེ་བའི་བསམ་པ་རྒྱུན་ཆད་པ་ནི་སྲ་བརྐྱང་གི་རྙེད་པ་བླང་བའི་བསམ་པ་རྒྱུན་ཆད་པའོ་ཞེས་གསུངས་སོ། །གནས་སྐབས་དེ་གསུམ་ལ་བྱེད་པ་འགྱུར་བ་ཆད་པ་དེ་གནས་སོ། །བཞི་པ་ནི། ཡིད་གཉིས་


K8Z004_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཞེས་པ་འདི་ཕྱིར་འོང་མི་འོང་གཉིས་ཀའི་ཡིད་གཉིས་ཁོ་ན་བསྟན་པ་ཡིན་གྱི། ཆོས་གོས་བྱའམ་མི་བྱ་ཡིད་གཉིས་ནི་གཞུང་འདིས་མ་བསྟན་པར་འཆད་པ་དེང་སང་ཤིན་ཏུ་མང་ཡང་གཞུང་འདིའི་ཕྱེད་མ་གོ་བར་ཟད་དོ། །རང་གི་རྣམ་བཤད་ལས། ཕྱིར་འོང་བར་བྱའམ་འོན་ཏེ་ཕྱིར་འོང་བར་མི་བྱའོ་སྙམ་པའི་ཡིད་གཉིས་དང༌། ཆོས་གོས་བྱའམ་འོན་ཏེ་ཆོས་གོས་མི་བྱའོ་སྙམ་དུ་དེ་ལྟ་བུའི་ཡིད་གཉིས་ངེས་པས་སྲ་བརྐྱང་འབྱིན་པར་བྱེད་པ་དང་འདྲ། ཞེས་བཤད་དོ། །སྐབས་འདིར་རང་གི་རྣམ་བཤད་ཀྱི་ལུང་དྲངས་པ་དང༌། ཊཱི་ཀས་ལུང་དྲངས་པ་ལས་ཀྱང༌། ཕྱིར་འོང་བར་བྱ་ཞིང་ཆོས་གོས་བྱའམ། འོན་ཏེ་ཕྱིར་མི་འོང་བར་བྱ་ཞིང་ཆོས་གོས་མི་བྱའོ་སྙམ་དུ་སེམས་པས་མཚམས་ལས་འདའ་བར་བྱེད་ན་དེའི་སྲ་བརྐྱང་རང་འཇུག་པ་དང་བྲལ་ཞེས་གསུངས་ཤིང༌། ཊཱི་ཀ་ལས་ཀྱང༌། ཆོས་གོས་བྱ་བའི་བསམ་པ་ལ་ཐེ་ཚོམ་ཟ་ཞིང༌། ཕྱིར་མི་འོང་བའི་སེམས་ཀྱིས་སམ་ཕྱིར་འོང་བ་ལ་ཐེ་ཚོམ་ཟ་བའི་སེམས་ཀྱིས་མཚམས་ལས་འདས་པ་དང༌། ཞེས་བཤད་དོ། །གཉིས་པ་ལ། ཆོ་གས་སྲ་བརྐྱང་དབྱུང་བ་དངོས། །ཕན་ཡོན་ཐོས་པའི་མ་མ་བསྟན། །དང་པོ་ནི། གསོལ་གཞིའི་ལས་ཀྱིས་དབྱུང་བ་ལས་གཞན་པ་རང་འཇུག་པ་དང་བྲལ་བར་གྱུར་པའི་བྱ་བ་སྦྱོར་བས་འགྲོ་བ་ལ་སོགས་པས་རྗེས་སུ་བསྒྲུབ་པར་མི་བྱའོ། །སྲ་བརྐྱང་གཏིང་ནས་ཟླ་བ་ལྔ་ལས་འདས་པར་བཞག་སྟེ་སྲ་བརྐྱང་གི་བྱིན་རླབས་རང་ཞིག་མི་བྱའོ། །ཞེས་ཀྱང་གཞུང་འདིས་བསྟན་ཏོ། །སྲ་བརྐྱང་དུས་སུ་དབྱུང་བ་དེའི་དུས་ནི་དཔྱིད་ཟླ་ར་བའི་ཉའོ། །འདིའི་དམིགས་བསལ་ནི་གཉིས་ཡོད་དེ། ཊཱི་ཀ་ལས། དགེ་འདུན་ཐམས་ཅད་དབྱར་ཕྱི་མར་ཁས་བླངས་ན་དཔྱིད་ཟླ་འབྲིང་པོའི་ཉ་ལ་དེ་དབྱུང་ངོ༌། །ཞེས་བཤད་དོ། །དུས་སུ་དབྱུང་བ་དེ་དགུན་ཟླ་ཐ་ཆུང་ཉ་ལ་དབྱུང་བ་ཡང་ཡོད་དེ། སྟོན་འབྲིང་


K8Z004_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཚེས་བཅུ་དྲུག་ལ་སྲ་བརྐྱང་བཏིང་ཞིང༌། ཟླ་བཤོལ་བོར་ཏེ་དགུན་ཟླ་འབྲིང་པོ་གཉིས་བྱུང་བ་ན་དགུན་ཟླ་ཐ་ཆུང་གི་ཉ་ལ་དུས་སུ་དབྱུང་བ་སྟེ། དེའང་སྲ་བརྐྱང་གི་དུས་ཟླ་བ་ལྔ་ཡིན་ཅིང༌། དེ་ལས་འདས་ན་སྲ་བརྐྱང་གི་འཕེན་པ་ཟད་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་དཔྱིད་རའི་ཚེས་བཅུ་དྲུག་ལ་སྲ་བརྐྱང་དབྱུང་བའི་གཞུང་སྣང་སྟེ། ལུང་གཞི་ལས། སྲ་བརྐྱང་འདིང་བའི་དགེ་སློང་གིས་དཔྱིད་ཟླ་ར་བའི་ཡར་གྱི་ངོའི་ཚེས་བཅོ་ལྔ་ལ་གོ་བར་བྱ་སྟེ། ཚེ་དང་ལྡན་པ་དག་སང་ཁོ་བོས་སྲ་བརྐྱང་འབྱིན་གྱིས་ཁྱེད་ཅག་སོ་སོའི་ཆོས་གོས་རྣམས་བྱིན་གྱིས་རློབས་ཤིག་ཅེས་བཤད་ཅིང༌། བསྡུས་པ་ལས་ཀྱང༌། ཚེས་བཅོ་ལྔའི་ཕྱི་དེ་ཉིན་དགེ་འདུན་ཐམས་ཅད་ཀྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སྲ་བརྐྱང་དབྱུང་བར་བྱའོ་ཞེས་བཤད་དེ། དེ་ལྟར་ན་སྲ་བརྐྱང་གི་བྱིན་རླབས་ཟླ་བ་ལྔ་དང་ཞག་གཅིག་འཆགས་པར་ཐལ་བར་འགྱུར་རོ། །དེས་ན་མདོ་རྩ་འགྲེལ་གཙོ་བོར་བཟུང་ངོ༌། །ལོ་གཉིས་པ་ལ་སོགས་པའི་དཔྱིད་ཟླ་ར་བའི་ཉ་ལ་དབྱུང་བར་ཐལ་བ་བསལ་བའི་ཕྱིར་ཚིག་འདི་སྨོས་ཏེ། སྲ་བརྐྱང་བཏིང་བ་དེ་ཉིད་ཀྱི་མོད་ལ་འབྱུང་བའི་དཔྱིད་ར་བའི་ཉ་ལ་དབྱུང་བར་བྱའོ། །དགེ་སློང་ཆོམ་རྐུན་པས་བཅོམ་པ་སྲ་བརྐྱང་གི་རྙེད་པ་འགོད་པ་རིང་བའི་དོན་ཉིད་དུ་ནི་དཔྱིད་ཟླ་ར་བའི་ཉ་བས་སྔར་ཡང་དབྱུང་ངོ༌། །ཉའམ་སྟོང་གི་གསོ་སྦྱོང་གི་དུས་དང་སྦྱར་ཏེ་གསོ་སྦྱོང་བྱས་པའི་རྗེས་ལ་སྲ་བརྐྱང་དབྱུང་ངོ༌། །གཉིས་པ་ནི། སྔར་དུས་མ་ཡིན་པ་དེར་སྲ་བརྐྱང་དབྱུང་བ་ཉམས་སུ་མ་མྱོང་བ་དང་ལྡན་པ་ལ་སྲ་བརྐྱང་བཏིང་ནས་ཟླ་བ་ལྔ་འདས་ན་ནི། ཕྱུང་བ་དེ་མ་ཐོས་ཀྱང་ཕན་ཡོན་ལ་འཇུག་པས་ཟླ་བ་ལྔ་ཚུན་ཆད་ནི་སྲ་བརྐྱང་དབྱུང་བ་དེ་མ་ཐོས་ཀྱི་བར་དུ་སྲ་བརྐྱང་བཏིང་བ་དེའི་ཕན་ཡོན་རྗེས་སུ་འཇུག་གོ། །ཞེས་གསུངས་པས་ཕན་ཡོན་བཟློག་


K8Z004_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་མེད་པར་འགྱུར་རོ་ཞེས་རྩ་བ་དང་ཤུགས་ཀྱིས་བསྟན་ཏེ་ཊཱི་ཀར་དངོས་སུ་ཡོང་ངོ༌། །ཅི་གནས་སྐབས་ཐམས་ཅད་ལ་མ་ཐོས་ཀྱི་བར་དུ་ཕན་ཡོན་རྗེས་སུ་འཇུག་ཅིང༌། ཐོས་ན་ཕན་ཡོན་བཟློག་གམ་ཞེ་ན། སྲ་བརྐྱང་གི་མཚམས་འདིར་ཕྱིས་འོང་ངེས་སྙམ་པའི་བསམ་པ་ནི་ཡོད་ཅིང༌། སྲ་བརྐྱང་གི་རྙེད་པའི་སྐལ་བ་ལས་ཆོས་གོས་བྱ་བའི་བསམ་པ་རྗེས་སུ་འབྲེལ་བ་མེད་ན་མ་ཐོས་ཀྱི་བར་དུ་ཕན་ཡོན་རྗེས་སུ་འཇུག་ཅིང༌། ཐོས་ན་ནི་ལྡོག་གོ། །སྲ་བརྐྱང་གི་མཚམས་འདིར་ཕྱིར་མི་འོང་ངེས་སོ་སྙམ་སྟེ་སྲ་བརྐྱང་གི་མཚམས་ལ་རེ་བ་མེད་ཅིང༌། སྲ་བརྐྱང་གི་རྙེད་པ་ལ་ཡང་རེ་བ་མེད་པའི་བསམ་པ་སྐྱེས་ན་ནི་བསམ་པ་དེ་སྐྱེས་པའི་ཚེ་ཉིད་ན་སྲ་བརྐྱང་འཇིག་སྟེ། མ་ཐོས་ཀྱི་བར་དུ་ཕན་ཡོན་རྗེས་སུ་འཇུག་པ་ཡང་མ་ཡིན་ལ། མ་ཐོས་ཀྱང་ཕན་ཡོན་བཟློག་སྟེ་ཐོས་པ་ན་ལྡོག་པའང་མ་ཡིན་ནོ། །རྗེས་སུ་འབྲེལ་བ་ཡོད་ན་ཇི་སྲིད་དུ་ཕན་ཡོན་རྗེས་སུ་འཇུག་ཅེ་ན། སྲ་བརྐྱང་གི་རྙེད་པའམ་སྐལ་བ་ལས་ཆོས་གོས་བྱ་བའི་བསམ་པས་རྗེས་སུ་འབྲེལ་བ་ཡོད་ན་ནི་སྲ་བརྐྱང་ཕྱུང་བར་ཐོས་ཀྱང་རྗེས་སུ་འབྲེལ་བ་ཡོད་པ་དེ་ཉིད་རྒྱུན་མ་ཆད་ཀྱི་བར་དུ་དེའི་ཕན་ཡོན་རྗེས་སུ་འཇུག་གོ། །ཆོས་ཀྱི་བཤེས་གཉེན་གྱི་བཞེད་པ་ནི། རྗེས་སུ་འབྲེལ་བ་ཞེས་བྱ་བ་ནི་བྱེད་པར་འགྱུར་བ་མཐར་ཐུག་པ་དང༌། བརྩམས་པ་ཞིག་པ་དང༌། བསམ་པ་རྒྱུན་ཆད་པ་དང་གསུམ་ལས་བཟློག་པ་སྟེ། མས་རིམ་བཞིན་དུ་སྲ་བརྐྱང་གི་རྙེད་པའི་གོས་ལ་རེ་བ་ཡོད་པ་དང༌། གོས་བརྩམས་པ་མ་ཞིག་པ་དང༌། ཆོས་གོས་བཟོ་བྱེད་པར་བརྩམས་ཏེ་ཆོས་གོས་བྱེད་པར་འགྱུར་བ་མཐར་ཐུག་པར་མ་གྱུར་པའི་ཤན་ཡོད་པའོ། །གཉིས་པ་ནི། སྲ་བརྐྱང་མ་ཕྱུང་ན་དགེ་སློང་ཐམས་ཅད་ཀྱིས་སྲ་བརྐྱང་བཏིང་བ་དེའི་དུས་ཀྱིས་སྲ་བརྐྱང་བཏིང་བ་དེའི་དུས་ཀྱི་རྙེད་པ་བགོ་བར་མི་བྱའོ། །སྲ་བརྐྱང་དེ་ནི་ཆོས་


K8Z004_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གོས་བྱིན་གྱིས་བརླབ་ཏུ་རུང་བ་གཞན་དག་གི་གཏེར་གྱི་གནས་ལྟ་བུ་ཡིན་པས། དེ་ཕྱུང་བར་གྱུར་པ་དེའི་ཚེ་ན་སྲ་བརྐྱང་བཏིང་བའི་དུས་ལས་བྱུང་བའི་རྙེད་པ་བགོ་བར་བྱའི། དེ་མ་བྱུང་བའི་སྔོན་དུ་བགོ་བར་མི་བྱའོ། །གཞིར་གཏོགས་པའི་སྲ་བརྐྱང་གི་གཞིའོ། །གཉིས་པ་ལ། གདིང་བ་དབྱུང་དུས་སྤྲོས་པ་དང༌། །ཇི་ལྟར་དབྱུང་གདིང་སྤྲོས་པ་དང༌། །གནས་ཁང་གདིང་དབྱུང་སྤྲོས་པ་དང༌། །དོགས་གཅོད་ཕན་ཡོན་སྤྲོས་པའོ། །དང་པོ་ནི། སྲ་བརྐྱང་གདིང་བའི་དུས་ནི་སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ཡིན་ལ། ཟླ་བཤོལ་དོར་བ་ནི་རྒྱལ་པོའི་རྗེས་སུ་འབྲང་ངོ༌། །ཞེས་གསུངས་པས་བཤོལ་དོར་བའི་ཚེ་ན་སྟོན་ཟླ་འབྲིང་པོ་གཉིས་སུ་རྒྱལ་པོས་བྱས་པ་ན། ཟླ་བ་དེ་གཉིས་གང་ལ་སྲ་བརྐྱང་གདིང་ཞེ་ན། དབྱར་གནས་ཟླ་བ་གསུམ་གྱི་ཐ་མའི་དུས་ཀྱི་དགག་དབྱེ་ཇི་ལྟར་བ་བཞིན་དུ་ཕྱི་དེ་ཉིན་པར་སྲ་བརྐྱང་གདིང་བར་བྱའི། བཤོལ་ཟླའི་རྗེས་སུ་འབྲང་བས་ནི་མི་བྱའོ། །འཐབ་ཀྲོལ་ཅན་གྱིས་དུས་ཀྱི་སྔ་ཕྱི་དགག་དབྱེ་བྱས་པ་འདི་དགག་དབྱེ་ཇི་ལྟ་བ་བཞིན་དུ་གདིང་བ་ནི་མ་ཡིན་ནོ་ཞེས་སོ། །གསོ་སྦྱོང་གི་མཐའ་ཞེས་པ་འདི་ལ་བཤད་ལུགས་གཉིས་ལས། དང་པོ་གསོ་སྦྱོང་བཏགས་མིང་དུ་བཤད་པ་ནི། ཊཱི་ཀ་ལས། འདིར་གསོ་སྦྱོང་ཞེས་བྱ་བའི་སྒྲ་ནི་ཚེས་བཅོ་ལྔའི་གསོ་སྦྱོང་གི་དུས་སུ་དགག་དབྱེ་བྱས་པའོ། །ཞེས་གསུངས་པས། གསོ་སྦྱོང་གི་མིང་བཏགས་ཀྱང་དགག་དབྱེ་སྟེ་དངོས་གཞིའི་དུས་ཀྱི་དགག་དབྱེ་བྱས་པའི་མཐའི་ཚེས་བཅུ་དྲུག་མ་ཡིན་པ་ལ་སྲ་བརྐྱང་གདིང་བར་མི་བྱའོ། །གཉིས་པ་གསོ་སྦྱོང་དངོས་མིང་དུ་བཤད་པ་ནི། འགྲེལ་ཆུང་ལས། འཐབ་ཀྲོལ་ཅན་གྱི་དབང་གིས་དུས་ཀྱི་སྔ་རོལ་ཏུ་དགག་དབྱེ་བྱས་ན་དབྱར་རྣམས་ཀྱི་ཐ་མ་ལ་དགག་དབྱེའི་དུས་སུ་གསོ་སྦྱོང་བྱ་


K8Z004_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པས་དེའི་ཚེ་ན་གསོ་སྦྱོང་གི་མཐའ་མ་ཡིན་པ་ལ་སྲ་བརྐྱང་གདིང་བར་མི་བྱ་འོ། །ཞེས་བསྟན་ཏོ། །སྲ་བརྐྱང་དབྱུང་བ་ཡང་གསོ་སྦྱོང་གི་མཐའ་མ་ཡིན་པ་ལ་མི་བྱའོ། །སྲ་བརྐྱང་དབྱུང་བ་ཡང་གསོ་སྦྱོང་གི་མཐའི་ཚེས་བཅུ་དྲུག་ལ་བྱའམ་ཞེ་ན། འདི་ནི་གསོ་སྦྱོང་གི་ཉི་མ་ཚེས་བཅོ་ལྔ་དེ་ཉིད་ཀྱི་གསོ་སྦྱོང་གི་རྗེས་ལ་དབྱུང་བ་ཡིན་གྱི། ཚེས་བཅུ་དྲུག་ལ་དབྱུང་བ་ནི་མ་ཡིན་ནོ། །གཉིས་པ་ནི། གཉུག་མར་གནས་པའི་ཚེས་བཅུ་དྲུག་ལ་སྲ་བརྐྱང་བཏིང་བ་ན། དགེ་སློང་གློ་བུར་དུ་འོངས་པ་ཆེས་མང་པོ་རྣམས་ཀྱི་ཚེས་བཅོ་ལྔ་ཡིན་པའི་དབང་གིས་གཉུག་མར་གནས་པ་དེ་དག་གིས་ཀྱང་གསོ་སྦྱོང་བཅོ་ལྔ་པ་བྱས་ན་སྲ་བརྐྱང་རང་འཇུག་པ་དང་བྲལ་བའི་ཕྱུང་བ་ཉིད་ཡིན་ནོ་སྟེ། སྲ་བརྐྱང་དེ་འཆགས་པའི་དུས་མ་ཡིན་པར་གྱུར་པའི་ཕྱིར་རོ། །ཊཱི་ཀ་ལས་ཀྱང༌། ཉི་མ་གཉིས་པ་ལ་སྲ་བརྐྱང་གདིང་བར་བྱའོ། །བཀྲ་ཤིས་ཀྱི་གསོ་སྦྱོང་བྱས་པ་ལ་ནི་འདིར་ཐལ་བར་མི་འགྱུར་ཏེ། དེ་ནི་དུས་མ་ཡིན་པར་བཏིང་བའི་བློ་མེད་པའི་ཕྱིར་ཞེས་སོ། །སྲ་བརྐྱང་བཏིང་ནས་བྱེ་བ་དག་ལ་ནི་དབྱུང་བ་དེ་ཐ་དད་པ་གྲུབ་བོ། །ཞེས་ལུང་བྲམ་ཟེའི་བུ་མོས་ཞུས་པ་དང༌། རང་གི་རྣམ་བཤད་དང་ཊཱི་ཀ་གསུམ་ཆར་ལས་བཤད་དོ། །རྙེད་པ་དེ་ཐ་དད་པར་འགྲུབ་ཅེས་ལུང་ཞུ་བ་ལས་བཤད་ཀྱང༌། གཞུང་འདིའི་དོན་ནི་སྔ་མ་ལྟར་ཡིན་ནོ། །དབྱར་གནས་པའི་དགེ་འདུན་བྱེ་ནས་གནས་དེ་ན་ཕྱོགས་གཉིས་ཀ་ཡོད་ན་གང་གིས་སྲ་བརྐྱང་གདིང་ཞེ་ན། ཆོས་སྨྲ་བ་དག་ཡོད་པས་དེས་གདིང་ངོ༌། །དེའི་ཚེ་ན་གནས་དེར་ཕྱོགས་གཉིས་ཀས་སོ་སོར་སྲ་བརྐྱང་བཏིང་ན་རྙེད་པ་ཇི་ལྟར་རྣམ་པར་བཞག་ཅེ་ན། དབྱར་གནས་པ་རྫོགས་ནས་དགེ་འདུན་གཉིས་སུ་བྱེ་བའི་གནས་དེར་ཆོས་སྨྲ་བ་ལས་གཞན་ཆོས་མ་ཡིན་པར་སྨྲ་བ་དག་གིས་སྲ་བརྐྱང་གདིང་བར་བྱས་ཀྱང༌། དབྱར་


K8Z004_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱི་རྙེད་པ་ནི་དགག་དབྱེ་ཚུན་དུ་བྱུང་བ་དེ་ཆོས་སྨྲ་བ་དེ་དག་ལ་འོས་པ་ཉིད་ཡིན་ནོ། །ཆོས་མ་ཡིན་པར་སྨྲ་བ་དག་ལ་ནི་འོས་པ་མ་ཡིན་ཏེ། ཕྱོགས་གཞན་དུ་གནས་པའི་ཕྱིར་ཞེས་ཊཱི་ཀ་ལས་སོ། །གལ་ཏེ་ཕྱོགས་གཉིས་ཀ་སོ་སོར་སྲ་བརྐྱང་བཏིང་ན་སྲ་བརྐྱང་གི་རྙེད་པ་ནི་སོ་སོར་ཆོས་དང་ཆོས་མིན་པའི་ཕྱོགས་གཉིས་ཀ་ལ་འོས་པ་ཉིད་ཡིན་ཏེ། སྐབས་འདི་ཉིད་ཀྱི་ཊཱི་ཀ་ལས། སྲ་བརྐྱང་བཏིང་བའི་རྒྱུ་ལས་འབྱུང་བའི་རྙེད་པ་གང་ཡིན་པ་དེ་ནི་ཐམས་ཅད་ལ་འོས་པ་ཉིད་ཡིན་ནོ། །ཞེས་བཤད་དོ། །ས་རང་བཞིན་དུ་གནས་པའི་གནས་སུ་སྲ་བརྐྱང་གདིང་བ་དེ་སུ་ལ་མི་འབྱུང་ཞེ་ན། ཆོས་དང་ཟང་ཟིང་གིས་སྤངས་པ་གནས་ནས་ཕྱུང་བ་རྣམས་ལ་མི་འབྱུང་ངོ༌། །གནས་ནས་བྱུང་ན་ཡང་གནས་ཀྱི་ཕྱི་རོལ་ཏུ་ཐལ་བྱུང་དུ་མི་འགྲོ་བར་མཚམས་ཀྱི་ནང་མཐའ་འཁོར་གཅིག་ཏུ་འཁོད་པ་ལས། ཆད་པ་མེད་པ་དང་ཆད་པས་བཅད་པ་དེ་གཉིས་ཀ་དགེ་འདུན་དུ་ལོངས་ཏེ་སྲ་བརྐྱང་སོ་སོར་བཏིང་ནའང་ཆད་པ་ཡོད་པ་རྣམས་ཀྱིས་སྲ་བརྐྱང་གི་ཕན་ཡོན་དང་རྙེད་པ་མི་ཐོབ་བོ། །སྲ་བརྐྱང་གདིང་བའི་བསམ་པ་ཡོད་ཅིང་དེ་ལ་འདུན་པ་མ་ལོག་པར་གནས་པས་སྲ་བརྐྱང་བཏིང་བ་ནི་སྲ་བརྐྱང་བཏིང་བ་ཡིན་ནོ། །བསམ་པ་གནས་པ་ནི་བཏིང་བ་ཡིན་པ་དེའི་ཕྱིར་དགེ་སློང་གཞན་དག་དང་ལྷན་ཅིག་ཏུ་སྲ་བརྐྱང་འདིང་བའི་བྱ་བ་ལ་དགེ་སློང་གིས་འདུན་པ་ཕུལ་བའི་དབང་གིས་འདུན་པ་འབུལ་བར་བྱེད་པ་དེ་ལས་ལྷག་མ་འདུན་པ་བླང་བའི་དགེ་སློང་གཞན་རྣམས་ཀྱི་སྲ་བརྐྱང་འདིང་བའི་བྱ་བ་བྱས་ན་འདུན་པ་ཕུལ་བ་དེས་སྲ་བརྐྱང་བཏིང་བར་བྱས་པ་ཉིད་ཡིན་ནོ་སྟེ་ཕན་ཡོན་ཐོབ་ཅིང་རྙེད་པ་དབང་ངོ༌། །བསམ་པ་གནས་པ་དེ་དང་བྲལ་བ་ནི་སྲ་བརྐྱང་མ་ཆགས་པའི་ཚུལ་གྱིས་ཕྱུང་བ་ཉིད་ཡིན་ཏེ། སྲ་བརྐྱང་མི་འཆགས་པ་ཡིན་ནོ། །


K8Z004_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་གནས་པ་ནི་བཏིང་བ་ཡིན་ལ། དེ་དང་བྲལ་བ་ནི་ཕྱུང་བ་ཡིན་པས་དེའི་ཕྱིར་འདུན་པ་མ་ཕུལ་བ་ལ་ནི་གདིང་བ་དང༌། དབྱུང་བའི་དགེ་འདུན་གྱི་ནང་དུ་འདུག་ཏུ་ཟིན་ཀྱང་གཉིད་ལོག་གམ་སྙོམས་པར་ཞུགས་ན་མ་ཐོས་ཀྱི་བར་དུ་བཏིང་བ་དང་ཕྱུང་བ་མི་འབྱུང་ངོ༌། །གསུམ་པ་ནི། གཙུག་ལག་ཁང་ཐ་དད་པ་གཉིས་སམ་གསུམ་ལྟ་བུ་མཚམས་པོ་ཆེ་བཅད་པས་མཚམས་གཅིག་པ་ཉིད་ཡིན་ན་མཚམས་གཅིག་གི་ནང་ན་གནས་དུ་མ་ཡོད་པ་དེར་གནས་ཐ་དད་གཞན་དུ་དབྱར་གནས་པ་རྣམས་ཀྱང་སྲ་བརྐྱང་བཏིང་བའི་ཕྱིར་དབྱར་གནས་པ་ཉིད་ཡིན་པས། དབྱར་གནས་གཞན་དུ་གནས་པ་རྣམས་ཀྱིས་ཀྱང་སྲ་བརྐྱང་གདིང་དུ་རུང་སྟེ། གནས་ཀྱི་ངོ་བོ་ཐ་དད་ཀྱང་མཚམས་པོ་ཆེ་གཅིག་ཏུ་གཏོགས་པས་མཚམས་དེ་ཉིད་དུ་དབྱར་གནས་ཤིང༌། མཚམས་དེ་ཉིད་དུ་སྲ་བརྐྱང་བཏིང་བའི་ཕྱིར་རོ། །འདི་ནི་དབྱར་གནས་ཁས་ལེན་པའི་སྔ་རོལ་ནས་མཚམས་པོ་ཆེ་བཅད་པའི་དབང་དུ་བྱས་སོ། །གཙུག་ལག་ཁང་ཐ་དད་པ་གཉིས་སམ་གསུམ་ལྟ་བུ་ལ་ནི། ཊཱི་ཀ་ལས། གནས་གཞན་དེ་ནི་བཏིང་བའི་ཚེ། ཞེས་གསུངས་ཀྱང་གདིང་བའི་ཚེ་ཞེས་ཊཱི་ཀ་དང་འགྲེལ་ཆུང་གི་བཤད་པ་དེ་ལེགས་པས། སྲ་བརྐྱང་གདིང་བའི་ཚེ་ན་མཚམས་པོ་ཆེ་བཅད་པས་མཚམས་གཅིག་པ་དེ་ཡིན་ན་གནས་གཅིག་པ་དེ་ཉིད་ཡིན་པས། གནས་གཞན་དུ་དབྱར་གནས་པ་རྣམས་ཀྱིས་ཀྱང་སྲ་བརྐྱང་གདིང་བ་འཆགས་ཏེ། དབྱར་གནས་པའི་དུས་ན་མཚམས་ཐ་དད་ཀྱང༌། ཊཱི་ཀ་ལས། སྲ་བརྐྱང་གདིང་བའི་དུས་ན་མཚམས་གཅིག་ཡིན་པའི་ཕྱིར་རོ། །ཞེས་བཤད་དོ། །མཚམས་པོ་ཆེ་གཅིག་གི་ནང་ན་གནས་དུ་མ་ཡོད་པའི་གནས་གང་རུང་གཅིག་ཏུ་སྲ་བརྐྱང་བཏིང་ནས་ཕྱིས་མཚམས་པོ་ཆེ་བཀྲོལ་ཏེ། མཚམས་ཐ་དད་པར་བྱས་ན་གནས་གང་ཡང་རུང་བ་


K8Z004_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སྲ་བརྐྱང་གདིང་བའི་གནས་དུ་མ་དེ་ལས་ཆོས་གོས་སྲ་བརྐྱང་དེའི་གནས་ཡིན་ནོ། །དེ་ལས་གང་ཡང་རུང་བ་ཞེས་རིམ་པར་བསྒྱུར་རོ། །བཏིང་ནས་མཚམས་ཐ་དད་པར་བྱས་པ་འདི་ལ་གནས་དེ་དག་གང་དུ་བརྐྱང་ཡང་ཉེས་པ་མེད་ལ། གནས་དེ་དག་གཞན་དུ་ཁྱེར་ཡང་མཚམས་གཞན་དུ་ཁྱེར་བའི་ཉེས་པ་མི་འབྱུང་ངོ༌། །གནས་ཐ་དད་མང་པོ་རྣམས་མཚམས་པོ་ཆེ་གཅིག་ཏུ་གྱུར་པའི་ནང་དུ་ཆོས་གོས་སུམ་ཕྲུགས་གཅིག་ཉིད་སྲ་བརྐྱང་དུ་བཏིང་ནས་མཚམས་པོ་ཆེ་བཀྲོལ་ཏེ། གནས་མང་པོ་དེ་དག་མཚམས་ཐ་དད་པ་ཉིད་ཡིན་ན་གནས་སོ་སོར་སྲ་བརྐྱང་དེ་དབྱུང་གི། ཐམས་ཅད་ཀྱི་གནས་གཅིག་ཏུ་དབྱུང་དུ་མི་རུང་ངོ༌། །སྲ་བརྐྱང་གཅིག་ཀྱང་མཚམས་དེ་ན་གནས་པ་རྣམས་ཀྱི་སྲ་བརྐྱང་ཕྱུང་བས་མཚམས་གཞན་གྱི་སྲ་བརྐྱང་ཕྱུང་བར་མི་འགྱུར་ཏེ། རང་གི་གནས་སུ་བླངས་ཏེ་སྲ་བརྐྱང་དེ་བརྐྱང་བར་བྱའོ། །ཡང་ན་སྲ་བརྐྱང་དེ་མ་ཕྱུང་བའི་དགེ་སློང་འགའ་ཞིག་སྲ་བརྐྱང་གི་གནས་སུ་བཞག་པར་བྱ་སྟེ། ཊཱི་ཀ་ལས། གཞན་དུ་ན་སྐྱ་རེངས་འཆར་བའི་དུས་སུ་སྲ་བརྐྱང་དབྱུང་བ་རང་འཇུག་པ་དང་བྲལ་བར་འགྱུར་ཞིང༌། འབྲལ་བའི་ཉེས་པར་ཡང་འགྱུར་རོ། །ཞེས་སོ། །འོ་ན་སྦྱོར་བས་འགྲོའམ་ཐོས་བྱུང་གི་སྐབས་སུ་སྲ་བརྐྱང་ཕྱུང་བའི་དགེ་སློང་དེ་རྣམས་ཀྱིས་མཚམས་གཞན་ན་གནས་པའི་དགེ་སློང་གིས་སྲ་བརྐྱང་མི་འཇིགས་པར་རྐྱོང་བར་ནུས་པ་དང་འགལ་ལོ་ཞེ་ན། དེ་ནི་མཚམས་པོ་ཆེའི་ཚད་ཀྱིས་བསྡུས་པར་མ་ངེས་པས་རང་གིས་རྐྱོང་བར་བསྒྲུབ་མི་ནུས་ལ། འདིར་ནི་མཚམས་པོ་ཆེ་གཅིག་གི་ཁོངས་ན་གནས་པས་རང་གི་རྐྱོང་བར་བསྒྲུབ་པར་ནུས་པས་སོ། །གནས་གཅིག་ཏུ་སྲ་བརྐྱང་བཏིང་བའི་དགེ་འདུན་རྣམས་ཆོས་ཕྱོགས་དང་ཆོས་མིན་ཕྱོགས་གཉིས་སུ་བྱེ་བ་ཉིད་ནི་ཕྱོགས་དེ་གཉིས་སོ་སོ་ཉིད་དུ་སྲ་བརྐྱང་དབྱུང་བར་བྱའོ། །


K8Z004_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བཏིང་ནས་བྱེ་ན་ཆོས་ཀྱི་ཕྱོགས་པས་ཀྱང་གཉིས་ཀའི་ཕྱུང་བར་མི་འགྱུར་ལ། ཆོས་མིན་ཕྱོགས་པས་ཀྱང་ངོ༌། །འོ་ན་འདི་སྨོས་པར་མི་རིགས་ཏེ་ཆོས་ཀྱི་ཕྱོགས་སུ་གཅིག་ཀྱང་མཚམས་ཐ་དད་པས་གཉིས་ཀའི་ཕྱུང་བར་མི་འགྱུར་བར་གསུངས་པས་སོ་ཞེ་ན། སྔ་མ་ལ་ནི་གང་གིས་འབྱིན་པ་དེ་ལ་འདུན་པ་ཕུལ་ན་གཉིས་ཀའི་ཕྱུང་བར་འགྱུར་ལ། བཏིང་ནས་བྱེ་བ་འདི་ལ་ནི་དེ་ལྟར་མ་ཡིན་ཏེ། ལྟ་བ་ཐ་དད་པས་འདུན་པ་ཉིད་ནི་མི་འཆགས་པའི་ཕྱིར་རོ། །དགེ་སློང་སྲ་བརྐྱང་མ་བཏིང་བས་སྲ་བརྐྱང་འབྱིན་པའི་ཁ་སྐོང་བྱེད་དམ། སྲ་བརྐྱང་མ་བཏིང་བ་ཁོ་ན་བཞི་ཡན་ཆད་དགེ་འདུན་གྱི་གྲངས་ཚང་བས་སྲ་བརྐྱང་ཕྱུང་བ་ནི་མ་ཕྱུང་བ་ཉིད་མ་ཡིན་ནོ། །མ་བཏིང་བ་ཉེ་ཚེས་ཕྱུང་བར་འགྱུར་བ་ནི་འདུན་པ་ཕུལ་བས་ཡིན་གྱི། གཞན་དུ་ན་བསྒྲུབ་པར་མི་ནུས་པར་འགྱུར་རོ། །དབྱར་གནས་པར་ཁས་མ་བླངས་པ་དང༌། དབྱར་གནས་གཞན་དུ་གནས་པར་ཁས་བླངས་པ་ལ་སོགས་པའི་དགེ་སློང་སྲ་བརྐྱང་གདིང་བ་མི་འབྱུང་བ་ཉིད་ཀྱིས་གཞན་དག་སྲ་བརྐྱང་གདིང་བའི་དགེ་འདུན་དུ་མ་ལོངས་པའི་ཁ་སྐོང་དུ་མི་རུང་བ་ཉིད་མ་ཡིན་ནོ། །དགེ་འདུན་གྱི་སྲ་བརྐྱང་བཏིང་ནས་དགེ་སློང་ཁ་ཅིག་ཤིའམ། ཁྲིམས་ཕུལ་ལམ། ཡུལ་གཞན་དུ་སོང་སྟེ་སྲ་བརྐྱང་འབྱིན་པའི་ཚེ་ན་དགེ་འདུན་དུ་མ་ལོངས་ན་དགེ་སློང་སྲ་བརྐྱང་མ་བཏིང་བ་ཉིད་ཀྱིས་སྲ་བརྐྱང་དབྱུང་བར་མི་རུང་བ་ཉིད་མ་ཡིན་ནོ། །བཞི་པ་ནི། དགེ་སློང་སྲ་བརྐྱང་བཏིང་བས་སྣམ་སྦྱར་མེད་པར་གྲོང་དུ་འཇུག་པ་ལ་སོགས་ཀྱིས་གྲོང་ཁྱེར་དུ་འཇུག་པ་ལ་སོགས་བསྡུས་པ་དང༌། ལམ་པོ་ཆེའི་སུམ་མདོ་དང༌། བཞི་མདོ་ཚུན་ཆད་དུ་འདུག་པ་ལ་ཡང་ཉེས་པ་མེད་དོ། །སྲ་བརྐྱང་གི་གཞི་ཞུ་བ་ལ་སོགས་པའི་སྐབས་སོ། །འདིར་སྨྲས་པ། གསུང་རབས་མགྲིན་བརྒྱ་སྒྲོགས་པའི་ངང་མོ་འདི། །ཐུབ་བསྟན་


K8Z004_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་རྒྱ་མཚོར་འཇུག་པ་གང༌། །འཇམ་དཔལ་མགྲིན་པར་བྱེད་པའི་བླ་མ་ལས། །གཞན་པ་འཛམ་བུས་མཚན་པའི་གླིང་ན་སུ། །དཔྱིད་ཀྱིས་གདུང་ལ་བསིལ་བའི་དངོས་པོ་དང༌། །ཆགས་ལྡན་མིག་ལ་བདེ་སྦྱིན་ལང་ཚོའི་དཔལ། །ཐར་པ་འདོད་ལ་སྟོན་པའི་བཀའ་ཉིད་ལས། །གཞན་པའི་སེམས་ཀྱི་འགུགས་བྱེད་ཅི་ཞིག་ཡོད། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། སྲ་བརྐྱང་གི་གཞིའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། །།གཉིས་པ་གོས་ཀྱི་གཞི་ལ། ལུང་གཞི་ཉིད་ཀྱིས་བརྗོད་པ་དང་། །ཕྲན་ཚེགས་སོགས་ཀྱིས་བརྗོད་པའོ། །དང་པོ་ལ། གོས་སྒྲུབ་སྤྱད་པའི་ཚུལ་དངོས་དང་། །གོས་རྒྱུ་རྙེད་པར་བཞག་ཚུལ་ལོ། །དང་པོ་ལ། གོས་བྱད་གཞན་ཕྱོགས་མཐུན་པ་སྤངས། །བྱིན་ཆགས་གོས་དང་དམིགས་བསལ་བཅས། །མལ་གོས་སྤྱད་པའི་བསླབ་བྱ་དང་། །གོས་རུང་བརྟེན་ཅིང་མི་རུང་སྤང་། །དང་པོ་ནི། འདུལ་བའི་མདོ་བམ་པོ་བདུན་པ། མཚོན་གྱིས་མ་དྲས་པའི་གོས་དགེ་སློང་གིས་ལོངས་སྤྱད་པར་མི་བྱའོ། །ཁ་ཚར་དང་ཕུན་ཚར་མ་བཅད་པ་སྟེ་དེ་ནི་ཁྱིམ་པའི་གོས་ཡིན་པའི་ཕྱིར། དྲས་དྲུབས་མིན་ན་ལྷས་བྱིན་པའི་ཆ་ལུགས་ཡིན་པས་བཀག་གོ། །གཉིས་པ་ནི། དྲས་ཤིང་དྲུབས་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ། །དྲས་ཤིང་དྲུབས་པ་ཞེས་པ་ནི། ལུང་གཞི་ལས། སྨན་པ་འཚོ་བྱེད་ཀྱིས་ལུས་འཕགས་ཀྱི་རྒྱལ་པོ་ན་བ་ལ་དཔྱད་བྱས་པ་ལས། དེས་དེ་ལ་བརྒྱ་སྟོང་རི་བའི་གོས་བེའུ་རས་ཡུག་པོ་ཆེ་བྱིན་པ་དེ་བླངས་ནས་བཅོམ་ལྡན་འདས་ལ་ཕུལ་བ་ན། ཀུན་དགའ་བོ་བརྒྱ་སྟོང་རི་བའི་གོས་བེའུ་རས་ཡུག་པོ་ཆེ་ལོང་ལ། ངའི་ཆེད་དུ་གྲིས་དྲོས་ཤིག །ཅེས་གསུངས་པ་ན། དེས་དེ་ལ་བཅོམ་ལྡན་འདས་ཀྱི་ཆོས་གོས་གསུམ་དང་། ཀུན་དགའ་བོའི་བླ་གོས་མཐང་གོས་དང་། སྒྲ་གཅན་ཟིན་གྱི་རལ་ཆུང་དཔུང་ཆད་ཅིག་བྱས་སོ་ཞེས་གསུངས་ལ། ལུང་ཕྲན་


K8Z004_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཚེགས་ལས་ནི། ཡུལ་འཕགས་རྒྱལ་གྱི་རྒྱལ་པོ་གཏུམ་པོ་རབ་སྣང་ལ་གཉིད་མེད་ཀྱི་ནད་བྱུང་བ་ལ་སྨན་པ་འཚོ་བྱེད་ཀྱིས་དཔྱད་བྱས་པས། དེས་དེ་ལ་བརྒྱ་སྟོང་རི་བའི་རས་ཡུག་ཆེན་བསྐུར་བྱུང་བ་དེ་འཚོ་བྱེད་ཀྱིས་བཅོམ་ལྡན་འདས་ལ་ཕུལ་བ་ན། དེ་ཀུན་དགའ་བོས་དྲས་ཤིང་དྲུབས་ཏེ་བཅོམ་ལྡན་འདས་ཀྱི་ཆོས་གོས་གསུམ་དང་། ཀུན་དགའ་བོའི་སྟོད་གཡོགས་སྨད་གཡོགས་དང་། སྒྲ་གཅན་ཟིན་གྱི་རྔུལ་གཟན་ཡང་ལྡངས་སོ། །ཞེས་གསུངས་སོ། །དེས་ན་ལུང་འདི་གཉིས་མདོ་འདིའི་གླེང་གཞི་ཡིན་ཀྱང་། བོད་ཀྱི་འདུལ་འཛིན་ཕལ་ཆེར་གླིང་གཞི་འདི་གཉིས་གཞུང་འོག་མ་སྣམ་ཕྲན་སྣྲེལ་ཞི་ཉིད་དང་ཞེས་པའི་གླེང་གཞིར་འཆད་པ་ནི་མ་བརྟགས་པའི་འཁྲུལ་བཤད་དོ། །སྣམ་ཕྲན་སྣྲེལ་ཞི་ཉིད་ཅེས་གསུངས་པའི་གླེང་གཞི་ནི། ལུང་གཞི་ལས། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ནས་ལུས་འཕགས་ཀྱི་རི་ལ་བཞུགས་ཏེ། མཱ་ག་དྷའི་ཞིང་མཉམ་ཞིང་ཉེ་འཁོར་མཉམ་ལ་སྣང་གི། ཁྱད་པར་སྣ་ཚོགས་དང་སྣང་སྒལ་གྱིས་འབྲེལ་ཅིང་མཛེས་པར་གཟིགས་ནས་དེས་འདི་ལྟ་བུར་ཆོས་གོས་རྣམས་དྲས་ཏེ་དྲུབ་བོ། །ཞེས་གསུངས་ཏེ། དགེ་སློང་གི་ཆོག་གོས་དྲས་ཤིང་དྲུབ་པའི་ཚུལ་ལ་རྣམ་པ་བཞི་ལས། དང་པོ་ནི། སྣམ་ཕྲན་ནི་གླེགས་བུ་དག་དང་གླེགས་བུ་ཕྱེད་མཐུད་པའི་སྣམ་བུའོ། །སྣྲེལ་ཞི་ཕྲེད་ཆོས་ཉིད་དང་སྟེ། འདིའི་ཊཱི་ཀ་ལས། སྣྲེལ་ཞི་ཞེས་བྱ་བ་ནི་སྣམ་ཕྲན་དེ་དག་གི་ཚལ་བུ་སྣ་དྲང་ཐད་དུ་མ་བབ་པར་མཐོ་དམན་མི་མཉམ་པ་ཉིད་ཀྱིས་འགྲུས་ཐབས་ཉིད་དུ་འདུག་པའོ། །ཞེས་སོ། །སྲིད་དུ་བཏང་བའི་ཚལ་བུ་རྣམས་ཀྱི་སྣ་མཐོ་དམན་དུ་འདུག་པས་སྣམ་ཕྲན་སྣྲེལ་ཞི་ཉིད་དུ་གྱུར་པའོ། །གཉིས་པ་ནི། ཊཱི་ཀ་ལས། སྣམ་བུ་གཅིག་ལ་ཚལ་བུས་ནོན་པའི་ལྷག་མ་


K8Z004_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

མནོན་པ་ ཇིཙམཡོད next hit་དེ་ཙམ་དུ་དེ་ལས་གཞན་པའི་སྣམ་བུ་ལྷག་མ་རྣམས་ཞེང་མཉམ་པ་ཉིད་དང་། ཞེས་སོ། །གསུམ་པ་ནི། དབུས་ཀྱི་སྣམ་ཕྲན་ལ་བལྟོས་ནས་གཞན་དུ་སྟེ། གཡས་གཡོན་གྱི་ཕྱོགས་གཉིས་སུ་གླེགས་བུའི་འཕྲོ་ཕྱོགས་ཕྱོགས་སུ་ལྟ་བ་ཉིད་དང་། བཞི་པ་ནི། ངོས་བཞི་པོ་འཁོར་བར་མཐའ་སྐོར་གྱིས་མཐའ་བསྐོར་བ་ཉིད་དག་གིས་སོ། །ལུང་གཞི་ལས། གླེགས་བུ་ནི་འཕྲོ་ཕྱོགས་ཕྱོགས་སུ་ལྟ་བ་དང་། མཐའ་བསྐོར་བ་གཉིས་ནི་བཅོམ་ལྡན་འདས་ཀྱིས་བཀའ་མ་སྩལ་མོད་ཀྱི། དེ་གཉིས་ཀུན་དགའ་བོས་བྱས་པ་ལ། བཅོམ་ལྡན་འདས་ཀྱིས་ལེགས་སོ་ལེགས་སོ། །ཞེས་གསུངས་སོ། །སྣམ་ཕྲན་སྣྲེལ་ཞི་ལ་སོགས་པ་དེ་རྣམས་ནི་ཆོས་གོས་གང་ལ་བྱ་ཞེ་ན། ཊཱི་ཀ་ལས། ནང་དུ་བགོ་བར་བྱ་བ་མཐང་གོས་དང་བླ་གོས་དང་སྣམ་སྦྱར་ལའོ། །དགེ་སློང་མས་ནི་ཆོས་གོས་ལྔ་ལས་ཤིང་ང་དཔུང་ཆད་དང་རྔུལ་གཟན་དྲས་ཤིང་དྲུབས་པའི་ཡང་རུང་ངོ་། །དྲས་ཤིང་དྲུབས་པ་མ་ཡིན་པ་ཡང་རུང་སྟེ་རྣམ་པ་གང་ཡང་རུང་བས་སོ། །ཆོས་གོས་དྲས་ཤིང་དྲུབས་པ་བརྙན་པོ་ཡོད་ཅིང་བདོག་ནའོ། །ཡོད་བདོག་གི་ཁྱད་པར་ནི་མདོ་རྩ་བའི་རྩ་འགྲེལ་ན་ཡི་གེ་མི་གསལ་ཡང་། ལུང་རྣམ་འབྱེད་ཀྱི་འགྲེལ་པ་ལས་ཡོད་ཅིང་། ཞེས་བྱ་བ་ནི་རྫས་ཙམ་དུ་ཡོད་པས་སོ། །བདོག་བཞིན་དུ་ཞེས་བྱ་བ་ནི་བྱ་བ་བྱེད་ནུས་པའོ་ཞེས་བཤད་ཅིང་། རྫས་ཙམ་དུ་ཡོད་ཅིང་བྱ་བ་བྱེད་ནུས་སུ་བདོག་ནའོ། །ཆོས་གོས་གསུམ་མམ་ལྔ་པོ་དེ་དག་བཞག་སྟེ་སྐྱ་རེངས་འཆར་བས་འདའ་བར་མི་བྱའོ། །བརྙན་པོ་ཡང་རུང་སྟེ་ཁ་བསྒྱུར་བ་གཞན་མེད་ན་ཁ་མ་བསྒྱུར་བ་ལ་ཡང་བྱིན་གྱིས་བརླབ་པ་འཆགས་སོ། །མ་དྲས་པ་ལ་ཡང་བྱིན་རླབས་འཆགས་སོ། །མ་དྲས་པ་དེ་ལ་གལ་ཏེ་འབྱོར་ན་ལྷན་


K8Z004_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་སུ་གླན་ནོ། །ཁྱིམ་དུ་རུང་བའི་རྣམ་པ་ཁ་ཚར་དང་ཕུན་ཚར་གྱི་མཐའ་བཅད་པ་ལ་ཡང་རུང་ངོ་སྟེ། འདི་ལ་བོད་ཁ་ཅིག་ན་རེ། གོས་དཀར་པོ་ཁྲུ་གང་བ་ལ་རྐྱེན་དབང་གིས་བྱིན་རླབས་འཆགས་ཞེས་ཟློ་མོད། དེ་ནི་མི་རིགས་ཏེ། འཆང་བའི་འགྲེལ་ཆུང་ལས། འཁོར་གསུམ་ཁེབས་པ་འདི་ནི་ཆོས་གོས་གསུམ་དུ་བྱིན་གྱིས་བརླབ་ཏུ་རུང་བའི་ཚད་དུ་བཤད་པ་དང་འགལ་ལོ། །ཆོས་གོས་རྐྱེན་དབང་གིས་མ་རྙེད་ན་འདི་རྣམས་ལ་སྣམ་བུས་གུད་ནས་བཙེམས་ཏེ་སྔགས་བཏབ་ན་འཆགས་ཏེ། ཕྱིང་པ་དང་སྤུ་ཅན་གསུམ་ཆོས་གོས་ཉིད་དུ་བྱིན་གྱིས་མི་རློབ་བོ་ཞེས་གསུངས་མོད་ཀྱི། ལྭ་བ་དང་བེའུ་ཕྲུགས་དག་ལ་ནི་སྤུ་བྱི་བ་ཡང་སྲིད་པས་སོ་ཞེས་ཊཱི་ཀ་ལས་བཤད་དོ། །ལྭ་བ་དང་། བེའུ་ཕྲུགས་དང་། ཀླམ་དང་ཞེས་པ་ནི་ལྭ་བ་མཐུག་པོ་སྟེ། ཕྲན་ཚེགས་ཀྱི་འགྲེལ་པར། ལྭ་བ་མཐུག་པོ་ནི་ཀླམ་མོ་ཞེས་སོ། །ཀླམ་རྩུབ་པོ་ཞེས་བྱ་བ་ནི་ལྭ་བ་སྟུག་པོ་རྩུབ་པོ་ལའོ་ཞེས་རྣམ་འབྱེད་འགྲེལ་པ་ལས་བཤད་དོ། །སེངས་པ་ནི་མི་དྲ་བར་ལྷན་ཐབས་སུ་གླན་ཅིང་དྲུབ་བོ། །གསུམ་པ་ནི། དགེ་འདུན་ནམ་གང་ཟག་གི་གནས་མལ་མི་གཙང་བས་གོས་པར་གྱུར་ན་དེའི་མོད་ལ་སྦྱོང་བར་བྱའོ། །དགེ་འདུན་གྱིས་རྩྭའི་ཁྲི་དང་རྩྭའི་ཁྲིའུ་མ་གཏོགས་པ་དགེ་འདུན་གྱི་སྟན་ཡན་ཆད་ལ་དགེ་འདུན་གྱི་གདིང་བ་དེ་མ་ཡིན་པ་གང་ཟག་དབང་བ་བཏིང་བ་མེད་པ་དང་། དགེ་འདུན་གྱི་གདིང་བ་དང་སྟེང་ནས་གཡོགས་པའི་གོས་ལ་ཡང་བར་ཆད་མ་བཅུག་པར་ཉེ་བར་སྤྱད་པར་མི་བྱའོ། །དགེ་འདུན་འབའ་ཞིག་ཏུ་མ་ཟད་དགེ་འདུན་དང་གང་ཟག་ཐམས་ཅད་ཀྱི་གནས་མལ་དང་། གོས་ཁྲ་བོ་དྲེའུ་རྔོག་དང་། ཟ་འོག་དང་ཚོན་རིས་ཅན་ཐམས་ཅད་ཕལ་ཆེར་མ་ཉམས་པ་ཧ་ཅང་རྙིང་པ་མ་ཡིན་པ་ལ་ཡང་ངོ་ཞེས་སྔ་མར་སྦྱར་བར་བྱའོ། །གདིང་བ་ངན་


K8Z004_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ངོན་ཙམ་དང་དྲི་མ་ཅན་གྱིས་དགེ་འདུན་གྱིའམ་གང་ཟག་གི་གནས་མལ་ལ་སྤྱད་པར་མི་བྱའོ། །གང་ཟག་གིས་གདིང་བ་བཅང་བར་བྱའོ། །གདིང་བ་དེ་ནི་སྟུག་ན་ཆིག་རྐྱང་རུང་ངོ་། །སེངས་པ་ནི་ཉིས་རིམ་མོ། །གདིང་བ་ཁྲ་ཁྲའོ་ནི་མི་རུང་ངོ་། །གདིང་བ་དེ་ལ་གླེགས་བུའི་འཕྲོ་བྱའོ། །ཕྱོགས་གང་དུ་བྱ་ཞེ་ན། གདིང་བའི་སྟེང་དུ་ཉལ་བ་ན་འོག་རོལ་གྱི་ལོགས་སུ་སུམ་ཆ་བོར་ལ་སྟོད་དུ་སུམ་གཉིས་བོར་བའི་མཚམས་སུ་སྟེ། འོག་རོལ་གྱི་སུམ་ཆའི་དང་པོར་གླེགས་བུའི་འཕྲོ་བྱའོ་སྟེ་གླེགས་བུ་ཕྱེད་དང་གཉིས་པར་བསྟན་ཏོ། །གདིང་བ་གླེགས་བུ་གཅིག་པ་བྱིན་གྱིས་བརླབ་པར་མི་བྱའོ། །གཡན་པ་དགབ་པ་ནི་དགེ་སློང་གཡན་པ་དེ་དང་ལྡན་པས་བཙང་བར་བྱའོ། །གཡན་དགབ་དེ་ཞག་ལྔའམ་དྲུག་ཅིང་སྦྱར་བར་བྱའོ། །བཞི་པ་ནི། སྲིན་བལ་གྱི་དང་བལ་གྱི་དང་ཤ་ནའི་དང་ཟར་མའི་གོས་རུང་ངོ་། །བཀལ་འཐགས་ལ་སོགས་པ་རྣམས་སུ་མ་བྱས་པ་དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་དང་གསོ་མ་ནི་གོས་མི་རུང་ངོ་། །མུ་སྟེགས་ཀྱི་རྒྱལ་མཚན་སྐྲ་ལས་བྱས་པའི་ལྭ་བ་དང་། གཅེར་བུ་ཉིད་དུ་འདུག་པ་དང་། བྱ་འུག་པའི་སྒྲོ་ལ་གོས་བྱས་པ་གྱོན་པ་ཡང་དག་པར་ལེན་པ་ཡང་མི་རུང་ངོ་། །གསུམ་པོ་དེ་ལ་ནི་དགེ་འདུན་གྱི་དབེན་ཕྱོགས་སུ་གཏོགས་པའི་སྦོམ་པོའོ། །གསུམ་པོ་དེ་ལས་གཞན་མུ་སྟེགས་ཀྱི་རྒྱལ་མཚན་བསྟེན་པ་ནི་མི་རུང་བ་སྟེ་ཉེས་བྱས་བསྐྱེད་པ་དེའོ། །སྐྲ་འབལ་བ་དང་། ལོ་མ་གྱོན་པ་དང་། རི་དྭགས་ཀྱི་པགས་པའི་གཡང་གཞིའི་གོས་དང་། སྣམ་སྦྱར་མེད་པར་སྨད་གཡོགས་དང་། སྟོད་གཡོགས་དང་བཅས་པ་ཁོ་ནས་འཚོ་བ་དང་། གསོ་རས་དང་། ཁྱིམ་པའི་རྟགས་ཡན་ལག་གི་སྦུ་བས་དང་། གོས་ཐམས་ཅད་སྔོ་བ་དང་ཞེས་པ་ནི། རང་གི་རྣམ་བཤད་དང་ཊཱི་ཀ་ལས།


K8Z004_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ཐམས་ཅད་སྔོ་བ་བཀག་པ་ཡིན་གྱི། གོས་ཐམས་ཅད་སེར་བ་དང་དམར་བ་ནི་མ་བཀག་གོ། །ཞེས་བཤད་ཀྱང་། ལུང་གཞི་ལས། གོས་ཐམས་ཅད་སེར་བའམ་ཐམས་ཅད་དམར་བའམ་དཀར་བ་ནི་རུང་བ་མ་ཡིན་པ་ཉིད་དོ། །ཞེས་གསུངས་ལ། དེ་དང་མཐུན་པར་ལུང་ཞུ་བ་དང་། འོད་ལྡན་རྩ་འགྲེལ་དང་། འགྲེལ་ཆུང་ལས་བཤད་པས་ཁ་དོག་གཅིག་པའི་ཉེས་པ་དགག་པའི་ཕྱིར་ལག་ལེན་དོག་མཐའ་བཟུང་བར་བྱའོ། །ཊཱི་ཀ་ལས། གོས་ཀྱི་ཁ་ཚར་སྦྲུལ་མགོའི་གདེངས་ཀ་ལྟ་བུ། ཞེས་གསུངས་ཏེ་གདེངས་ཀ་ལྟ་བུ་དང་། ཁ་ཚར་རིང་པོ་དང་ཤིང་ང་དཔུང་ཆད་ལས་གཞན་པའི་རལ་ཁ་དང་སྟེ་ལྷྭམ་སྒྲོག་གུ་ཅན་གྱི་རྣམ་པའོ། །གཙུག་ཏོར་ཞེ་བྱ་བ་ནི་སྐྲ་ཚོགས་བཅིངས་པའི་གཙུག་ཏོར་དང་། མགོ་དཀྲིས་པ་དང་། ར་ཕྱར་དང་། རྔ་བལ་གྱི་སྣམ་བུ་དང་། སྔར་སྨོས་ལས་གཞན་པའི་མུ་སྟེགས་ཅན་གྱི་རྒྱལ་མཚན་ཡང་མི་རུང་ངོ་། །དེའི་ཆ་ལུགས་ཀྱི་བྱེ་བྲག་ནི། ལུང་ཞུ་བ་ལས། དགེ་སློང་གིས་མུ་སྟེགས་ཅན་གྱི་སྣོད་བཅང་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་གསུངས་ལ། ཞུ་འགྲེལ་ལས། མུ་སྟེགས་ཅན་གྱི་སྣོད་ནི་ཐོད་པ་ལ་སོགས་པའི་སྣོད་དོ། །ཞེས་གསུངས་ཤིང་། དགང་གཟར་བླུགས་གཟར་གཉིས་ཀྱང་མུ་སྟེགས་པའི་ཆ་བྱད་ཡིན་པར་ལུང་རྣམ་འབྱེད་ལས་ཆོས་གོས་དང་འབྲལ་བའི་སྐབས་ནས་གསུངས་སོ། །གཉིས་པ་ལ། རྙེད་བགོ་ཆོ་ག་མནོད་ཚུལ་བསྟན། །རྙེད་དབང་མི་དབང་བྱེ་བྲག་གོ། །དང་པོ་ནི། ཟས་ནི་ཐ་ན་པུ་ས་ལའི་འདབ་མས་ཀྱང་བགོ་བར་བྱའོ། །པུ་ས་ལ་ནི་འུ་སུའི་འདབ་མ་ཡིན་པར་ལུང་ཕྲན་ཚེགས་ལས་གསུངས་སོ། །བསྡུས་པ་དང་འགྲེལ་ཆུང་ལས་ནི་ཟར་མའི་འདབ་མ་ཞེས་བཤད་ཀྱང་སྔ་མ་ལྟར་བཟུང་ངོ་། །གོས་ཀྱི་ཐ་ན་རས་ཀྱི་དུམ་བུ་མར་མེའི་སྙིང་པོ་ཙམ་དེས་ཀྱང་སྙོམས་པར་བྱ་བའི་ཕྱིར་བགོ་བཤའ་བྱའོ། །


K8Z004_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ལྭ་བ་དང་ལྭ་བ་དེ་ལྟ་བུ་དག་ནི་བཙོངས་ཏེ་བགོ་བཤའ་བྱའོ། །ལྭ་བ་དང་དེ་ལྟ་བུ་དག་ནི་མི་བཤགས་པ་ཉིད་དོ། །རྙེད་པ་བགོ་བ་ལ་བྱ་བ་རྣམ་པ་ལྔ་བྱའོ། །བྱ་བ་ལྔ་པོ་གང་ཞེ་ན། དེ་རྙེད་པ་འགོད་པར་འགྱུར་གྱི། རྙེད་པ་བགོད་པའི་གནས་དེར་དགེ་འདུན་ཁྱེད་ཅག་གིས་ཚོགས་པར་བྱའོ། །ཞེས་དགེ་འདུན་ལ་བརྗོད་པར་བྱ་བ་དང་། རྙེད་པ་བགོད་པའི་ཕྱིར་གཎྜི་བརྡུང་བ་དང་། ཚུལ་ཤིང་བྲིམས་པ་དང་། ཚུལ་ཤིང་བགྲང་བ་དང་། གང་ཟག་སོ་སོའི་རྙེད་པའི་སྐལ་བ་བྲིམས་པ་དང་ལྔའོ། །རྙེད་པ་བགོ་བའི་བྱ་བ་ལྔ་པོའི་ཐ་མ་སོ་སོའི་སྐལ་བ་བྲིམས་པ་ཡན་ཆད་བྱེད་པ་ཉིད་ན་དགེ་སློང་གཞན་གློ་བུར་དུ་འོང་བ་ཡང་དགེ་འདུན་སྤྱི་ལ་ཕུལ་བའི་རྙེད་པ་དབང་བ་ཉིད་ཡིན་ནོ། །དབྱར་གནས་པའི་རྒྱུ་ལས་བྱུང་བ་ལ་སོགས་པ་ངེས་པའི་རྙེད་པ་གཞན་དག་ལ་ནི་གློ་བུར་དུ་འོང་ཡང་མི་དབང་བ་ཉིད་ཡིན་ནོ། །རྙེད་པ་བགོ་བའི་བྱ་བ་ལྔ་པོའི་མཇུག་ཏུ་ཕྱིན་པ་ཉིད་ནི་གློ་བུར་དུ་འོང་བ་དེ་ནི་འདིར་རྙེད་པ་མི་དབང་ངོ་། །རྙེད་པ་བགོ་བའི་བྱ་བ་ལྔ་པོ་དེ་ནི་རྙེད་པ་ཆུང་ངུ་ལ་ཡང་བྱའི། རྙེད་པ་ཆེན་པོ་ལ་བྱ་བར་མ་ཟད་དོ། །དགེ་སློང་གིས་དབྱར་གནས་པའི་རྒྱུ་མཚན་གྱིས་རྙེད་པ་ཐོབ་པའི་བྱ་བ་གང་དང་གང་ཡིན་པ་དེར་ཞུགས་ཏེ་རྙེད་པ་ཐོབ་པའི་བྱ་བ་དེ་བྱས་ན་རྙེད་པ་བགོད་པའི་སྔ་རོལ་དུ་དགེ་སློང་དེ་གཙུག་ལག་ཁང་དེའི་མཚམས་ལས་འདས་ཏེ། གནས་གཞན་ནམ་ཡུལ་གཞན་དུ་སོང་བ་ཉིད་ཡིན་ཀྱང་རྙེད་སྐལ་མི་དབང་བ་མ་ཡིན་ནོ། །རྙེད་པ་དབང་བ་དེའི་ཕྱིར་དགེ་སློང་གནས་གཞན་ནམ་ཡུལ་གཞན་དུ་འགྲོ་བས་རང་གི་སྐལ་བ་ནོད་པ་གཞན་ལ་བཅོལ་བར་བྱའོ། །དེ་ལྟར་བཅོལ་བ་ན་ཁྱོད་ཀྱིས་རྙེད་པའི་སྐལ་བ་ནི་བདག་གིས་བླང་བར་བྱའོ་ཞེས་ཁས་བླངས་པ་དང་ལྡན་པས་རྙེད་པའི་སྐལ་བ་དེ་མ་མནོས་ན་


K8Z004_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བསབ་པར་བྱ་བ་ཉིད་དོ། །རྙེད་པའི་སྐལ་བ་ལེན་པར་ཁས་བླངས་པ་དེས་མ་མནོས་ན་རྙེད་པ་ཆུང་ངུ་ལ་བགོ་སྐལ་གྱི་ཆ་པ་ཎ་མ་ཤ་ཀ་ལྔ་ལ་སོགས་པའམ། དེ་བས་ལྷག་པ་ཡིན་ན་ཡང་བསབ་པར་བྱ་བ་ཉིད་ཡིན་པས་སོ། །ངའི་རྙེད་པའི་སྐལ་བ་ཁྱོད་ཀྱིས་ལོང་ཞིག་ཅེས་མ་བཅོལ་ན་དེའི་སྐལ་བ་མནོད་པར་མི་བྱའོ། །རང་གི་སློབ་དཔོན་དང་མཁན་པོའི་རྙེད་པའི་སྐལ་བ་ནི་མ་བཅོལ་ཡང་ནོད་པར་བྱའོ། །གྲོགས་པོ་མཛའ་བོ་ཡིད་གཅུགས་པའི་གནས་ཀྱི་དོན་དུ་ཡང་མ་བཅོལ་ཀྱང་ནོད་པར་བྱའོ། །དགེ་འདུན་བྱེ་བ་ན་རང་གི་ཕྱོགས་དང་མཐུན་པ་མ་ཡིན་པའི་དོན་དུ་ཡང་ནོད་པར་མི་བྱའོ། །མ་བཅོལ་ན་ནོད་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་བཞི་པོ་དེ་ནི་གནས་མལ་ལ་ཡང་རིག་པར་བྱའོ། །མ་བཅོལ་ན་ནོད་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་བཞི་པོ་དེ་དག་ནི་ཟས་ལ་ཡང་རིག་པར་བྱའོ། །རྙེད་པ་དང་གནས་མལ་ལ་སོགས་པ་གཞན་གྱི་དོན་དུ་ནོད་པའི་ཚེ་ན་ནོད་པར་བྱེད་པའི་གང་ཟག་ཕ་རོལ་པོ་ལ་གོ་བར་བྱའོ། །རྙེད་པ་མི་དབང་བས་ནང་དུ་ཞུགས་ཏེ་སྐལ་བ་བླང་བར་མི་བྱའོ། །གཉིས་པ་ལ། གློ་བུར་དུས་རྙེད་བྱེ་བྲག་དང་། །ཤི་བའི་རྙེད་པའི་བྱེ་བྲག་དང་། །རྙེད་པའི་རྣམ་པར་བཞག་པའོ། །དང་པོ་ནི། རབ་བྱུང་གནས་ནས་ཕྱུང་བ་དང་། ཁྱིམ་པ་ནི་དགེ་འདུན་ལ་ཕུལ་བའི་རྙེད་པ་མི་དབང་བས་རྙེད་པ་དབང་བ་ནི་ཆོས་འདི་པའི་རབ་བྱུང་གནས་ནས་མ་ཕྱུང་བ་སྟེ། དེ་ལྟར་རྙེད་པ་དབང་བའི་རབ་བྱུང་གཅིག་པུ་གཙུག་ལག་ཁང་དེ་ན་འདུག་པ་ཉིད་ཀྱིས་གཙུག་ལག་ཁང་དེར་དགེ་འདུན་གྱིས་ཕྱིར་ཕུལ་བའི་རྙེད་པ་ཤིན་ཏུ་མང་པོ་ཐོབ་པ་ལ་ཡང་མི་དབང་བའི་རྒྱུར་འགྱུར་བ་མེད་དོ། །དགེ་འདུན་ཆོས་དང་ཆོས་མིན་ཕྱོགས་གཉིས་སུ་བྱེ་བ་ན་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དག་ཏུ་སོང་བ་དགེ་


K8Z004_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གྱི་རྙེད་པ་མི་དབང་ངོ་། །དབྱར་གནས་པ་དེའི་དུས་ཀྱི་རྙེད་པ་ལ་ནི་དབྱར་ཟླ་བ་གསུམ་རྫོགས་པར་གནས་པ་མ་ཡིན་ཀྱང་དབྱར་གྱི་དུས་ཕལ་ཆེར་གནས་ཏེ། ཆེས་ཡུན་རིང་དུ་གནས་ན་གནས་པ་ཉིད་ཡིན་ནོ་སྟེ་དབྱར་གནས་པའི་རྙེད་པའི་སྐལ་བ་དབང་བ་ཉིད་ཡིན་ནོ། །དབྱར་གྱི་ནང་དུ་ཆེས་རིང་དུ་གནས་ན་དེའི་འོག་ཏུ་བབས་པ་དང་ཤི་བར་གྱུར་པ་གཉིས་ཀྱང་དབྱར་གནས་པའི་རྙེད་པའི་སྐལ་བ་དབང་ངོ་། །ཤི་བ་ཡང་རྙེད་པའི་སྐལ་བ་དབང་བ་དེས་ཅི་བྱ་ཞེ་ན། ཤི་བའི་ཡོ་བྱད་ཅི་རིགས་པར་སྤྱད་དོ། །རྙེད་པ་ཕུལ་བ་ནི་ཡོན་བདག་རྣམས་ཀྱིས་ཇི་ལྟར་བསྔོས་ཤིང་རྣམ་པར་ངེས་པར་བྱས་པ་ལྟར་དབང་ཞིང་ལོངས་སྤྱད་པར་རྣམ་པར་བཞག་སྟེ། རྙེད་པ་འདི་ནི་གཙུག་ལག་ཁང་འདི་ན་གནས་པའི་དགེ་སློང་རྣམས་ཀྱིས་ལོངས་སྤྱོད་པར་བྱའོ་ཞེའམ། དགུན་དཔྱིད་དམ་དབྱར་སྟོན་གནས་པའི་དགེ་འདུན་རྣམས་ལ་རྙེད་པ་འདི་འབུལ་གྱི། དུས་ཚིགས་འདིའི་ཁོངས་སུ་སྤྱད་པར་བྱའམ་ཞེའམ། གནས་ཁང་འདི་ན་གནས་པ་འདི་ལ་རྙེད་པ་འདི་གུད་དུ་འབུལ་གྱིས། དེས་འདི་སྤྱད་པར་བྱའོ་ཞེས་ཡོན་བདག་གིས་རྙེད་པ་བསྔོས་ཤིང་རྣམ་པར་ངེས་པར་བྱས་པ་དེ་ནི་འདི་ཁོ་ན་བཞིན་དུ་འཁྲུལ་བ་མེད་པར་སྤྱད་པར་བྱ་བ་ཡིན་ནོ་ཞེས་ཊཱི་ཀས་བཤད་དོ། །ཊཱི་ཀ་ལས། ཡོན་བདག་གིས་རྣམ་པར་ངེས་པར་མ་བྱས་པ་དེའི་ཚེ་རྙེད་པ་ཐོབ་པ་རབ་ཏུ་བྱུང་བ་རྣམས་ཀྱིས་རྙེད་པ་ནི་ཇི་ལྟར་རྣམ་པར་ངེས་པར་བྱེད་པ་ལྟར་རྣམ་པར་གཞག་གོ། །ཞེས་སྨོས་པའི་རྗེས་བསྙགས་པའི་ཕྱིར་ཀྱང་ངོ་ཞེས་སྨོས་ཏེ། ཆོས་ཕྱོགས་དང་ཆོས་མིན་ཕྱོགས་གཉིས་སུ་དགེ་འདུན་བྱེ་བ་ན། ཁྱིམ་ཆེ་གེ་མོ་འདི་ནི་ཁྱོད་ཀྱིའོ། །ཁྱིམ་ཆེ་གེ་མོ་འདི་ནི་ངེད་ཀྱིའོ། །ཞེས་དགེ་འདུན་ཕྱོགས་གཉིས་ཆར་གྱིས་ཁྲིམས་སུ་བཅས་པ་ན། ཆོས་ཕྱོགས་པ་ཉིད་དུ་ངེས་


K8Z004_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་བའི་ཁྱིམ་དེ་ནས་ཆོས་མིན་ཕྱོགས་ཁོ་ན་ལ་རྙེད་པ་ཕུལ་ལམ། ཕྱོགས་གཉིས་ཀའི་ཚོགས་པ་ལ་མཉམ་དུ་ཕུལ་ན་ཡང་ཆོས་མིན་ཕྱོགས་མི་དབང་སྟེ་ཆོས་ཕྱོགས་པ་ལ་འབུལ་བར་བྱ་དགོས་སོ། །ཆོས་མིན་ཕྱོགས་པ་ཉིད་དུ་ངེས་པར་བྱས་པའི་ཁྱིམ་དེ་ནས་ཆོས་ཕྱོགས་པས་རྙེད་པ་གྲུབ་ན་ཡང་རྙེད་པ་དེ་ཆོས་ཕྱོགས་པ་མི་དབང་སྟེ། ཆོས་མིན་ཕྱོགས་པ་ལ་འབུལ་བར་བྱ་དགོས་སོ་ཞེས་དེ་ལྟར་ཊཱི་ཀ་ལས་བཤད་དོ། །ཐམས་ཅད་དུ་དེ་ལྟར་ངེས་སམ་ཞེ་ན། ཊཱི་ཀ་ལས། ཇི་སྟེ་དབང་བའི་ཕྱོགས་དེས་བྱིན་ན་ནི་མི་དབང་བའི་ཕྱོགས་དེས་ཀྱང་ཅི་བདེར་ལོངས་སྤྱོད་དུ་རུང་ངོ་། །ཞེས་སོ། །ཁྱིམ་དེར་ཕྱོགས་གཉིས་ཀས་རྙེད་པ་གྲུབ་པ་ན་ཕྱོགས་གཅིག་གི་རྙེད་པའི་སྐལ་བ་དེ་གཞན་ཕྱོགས་ལ་འབུལ་ཅི་དགོས་སྙམ་དུ་དོགས་པ་བསལ་བའི་ཕྱིར་མདོ་འདི་སྨོས་ཏེ། སྔར་བཤད་པ་ལྟར་ཆོས་ཕྱོགས་པ་དང་། ཆོས་མིན་ཕྱོགས་གཉིས་སུ་བྱེ་བ་ན། ཁྱིམ་ཆེ་གེ་མོ་འདི་ནི་ཁྱེད་ཀྱིའོ། །ཁྱིམ་ཆེ་གེ་མོ་འདི་ནི་ངེད་ཀྱིའོ་ཞེས་དགེ་འདུན་ཕྱོགས་གཉིས་ཀྱིས་ཁྲིམས་སུ་བཅས་པ་ན། ཕྱོགས་གཉིས་པོའི་སྦྱིན་བདག་རྣམས་ཀྱིས་ཕྱོགས་གཉིས་ཀའི་དགེ་འདུན་ལ་ཕུལ་ན་ཡང་ཆོས་ཕྱོགས་པའི་སྦྱིན་བདག་རྣམས་ཀྱིས་ཕུལ་བ་རྣམས་ནི་ཆོས་ཕྱོགས་པ་དབང་གི། ཆོས་མིན་ཕྱོགས་པ་མི་དབང་ལ། ཆོས་མིན་ཕྱོགས་པའི་སྦྱིན་བདག་གིས་ཕུལ་བ་རྣམས་ནི་ཆོས་མིན་ཕྱོགས་པ་དག་གིས་དབང་གི། ཆོས་ཕྱོགས་པ་མི་དབང་ངོ་ཞེས་སྟོན་པ་ནི། ཆོས་ཕྱོགས་པའི་སྦྱིན་བདག་དང་། ཆོས་མིན་ཕྱོགས་པའི་སྦྱིན་བདག་ཐམས་ཅད་ཀྱིས་འབུལ་ལུགས་ཇི་ལྟར་ཕུལ་ན་ཡང་ཐོབ་པ་རྣམས་ཀྱིས་ཇི་ལྟར་རྣམ་པར་ངེས་པར་བྱེད་པ་ལྟར་རྣམ་པར་བཞག་གོ། །ཞེས་སྔ་མར་སྦྱར་ཏེ་རྙེད་པ་ཐོབ་པ་དགེ་འདུན་རྣམས་ཀྱིས་སྔར་ཇི་ལྟར་ཁྲིམས་སུ་བཅས་པ་ལྟར་དབང་བར་རྣམ་པར་བཞག་གོ། །བྱེ་བ་དག་


K8Z004_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱོགས་གཉིས་ནི་དཔེ་ཙམ་དུ་ཟད་དེ། སྡེ་ཚན་གཞན་དག་ལ་ཡང་རུང་ངོ་ཞེས་ཊཱི་ཀ་ལས་སོ། །སྦྱིན་བདག་གིས་འདི་སྐད་ཅེས་རྫས་འདི་དགེ་འདུན་ལ་འབུལ་ལོ་ཞེས་ཟེར་ཞིང་། དགེ་འདུན་གྱི་བྱེ་བྲག་འདི་ལ་འབུལ་ལོ་ཞེས་མི་ཟེར་བར་དགེ་འདུན་ཡོངས་སུ་མ་བཅད་ན་ལས་ཀྱི་མཚམས་ཀྱིས་ཡོངས་སུ་བཅད་པ་རྣམས་དབང་སྟེ། མཚམས་ཆེན་པོ་བཅད་ན་ནི་དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ཀྱིས་རབ་བྱུང་རྣམས་དབང་ལ། མཚམས་མ་བཅད་ན་ནི་རྩིག་པས་བསྐོར་བའི་ཚུན་ཆད་ཀྱི་རབ་ཏུ་བྱུང་བ་རྣམས་དབང་བ་ཉིད་དོ། །དགེ་འདུན་གྱིས་ཕྱིར་ཕུལ་བའི་རྙེད་པ་འདི་ལ་དགེ་སློང་གཅིག་ལ་སོགས་པ་དགེ་འདུན་དུ་མ་ལོངས་པ་མཚམས་གཅིག་གི་ནང་དུ་གཏོགས་པ་ནི་དགེ་འདུན་ཉིད་དང་འདྲ་སྟེ། དགེ་འདུན་ལ་ཕུལ་བའི་རྙེད་པ་དབང་བ་ཉིད་དོ། །བུ་མོ་མུ་ཏིག་གི་བྱུང་བ་དང་འབྲེལ་ནས་གསུངས་པ་ནི། ལུང་གི་ཆོས་ལ་ཕུལ་བའི་ཆོས་ཀྱི་རྙེད་པ་ནི་ལུང་གི་ཆོས་དེ་སྨྲ་བ་རྣམས་དབང་བ་ཉིད་ཡིན་ནོ། །དོན་དམ་པའི་ཆོས་ལ་ཕུལ་ན་ནི། བྱེ་བྲག་བཤད་མཚོ་ལས། མྱ་ངན་ལས་འདས་པ་ལ་ཕུལ་བ་ནི་མཆོད་རྟེན་དང་འདྲ་བར་བཞག་གོ་ཞེས་བཤད་དོ། །བསྒྲུབ་པའི་ཆོས་བསླབ་པ་གསུམ་ལ་བསྔོས་ཏེ་ཆོས་ལ་འབུལ་ལོ་ཞེས་ཕུལ་བ་ནི་དགེ་འདུན་རྣམས་དབང་སྟེ། བསྒྲུབ་པའི་ཆོས་དེ་དགེ་འདུན་གྱི་རྒྱུད་ལ་ཅི་རིགས་པར་མངའ་བའི་ཕྱིར་ཞེས་བླ་མ་དག་བཞེད་དོ། །སངས་རྒྱས་ཀྱིས་གསུངས་པའི་གཙུག་ལག་གི་ཚིགས་སུ་བཅད་པ་གཅིག་འཛིན་པ་ནི་འདིར་ཆོས་སྨྲ་བ་དེ་ཉིད་ཀྱི་མཐའ་ཡིན་ནོ། །གཉིས་པ་ནི། རབ་བྱུང་ཤི་བའི་ཡོ་བྱད་བཤད། །ཁྱིམ་པ་ཤི་བའི་ཡོ་བྱད་བཤད། །རྟགས་ཅན་ཤི་བའི་ཡོ་བྱད་བཤད། །དང་པོ་ལ། དགེ་འདུན་དབང་བ་སྤྱིར་བཏང་སྐབས། །དགེ་འདུན་མི་དབང་སྤྱིར་བཏང་སྐབས། །དང་པོ་ནི། དགེ་སློང་དང་དགེ་


K8Z004_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཤི་བའི་ཡོ་བྱད་ནི་དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ་མ་རྣམས་མི་དབང་ངོ་། །དགེ་སློང་མ་ལ་སོགས་པ་ཤི་བའི་ཡོ་བྱད་རྣམས་ཀྱང་དགེ་སློང་དང་དགེ་ཚུལ་མི་དབང་ངོ་ཞེས་སྟོན་པ་ནི། མཚན་མི་མཐུན་པ་ཤི་བའི་ཡོ་བྱད་ལ་ཅི་ཐམས་ཅད་དམ་ཞེ་ན། ཅིག་ཤོས་མཚན་མཐུན་ཡོད་ན་མཚན་མི་མཐུན་པ་རྣམས་མི་དབང་བ་ཉིད་དོ། །གནས་ནས་ཕྱུང་བ་ཤི་བའི་ཡོད་བྱད་ལ་ཡང་དེ་བཞིན་ནོ་སྟེ། གཅིག་ཤོས་གནས་ནས་མ་ཕྱུང་བ་ཡོད་ན་ཡང་གནས་ནས་ཕྱུང་བ་མི་དབང་ངོ་། །གནས་ནས་མ་ཕྱུང་བ་ཤི་བའི་ཡོ་བྱད་ལ་ནི་གནས་ནས་མ་ཕྱུང་བ་མེད་ནའང་གནས་ནས་ཕྱུང་བ་མི་དབང་ངོ་། །གནས་ནས་མ་བྱུང་བ་ཤི་བའི་ཡོ་བྱད་ནི་གནས་ནས་ཕྱུང་བ་མི་དབང་བ་ཐམས་ཅད་དུ་ངེས་སམ་ཞེ་ན། རྒྱུ་གང་གིས་གནས་ནས་ཕྱུང་བའི་རྒྱུ་ལས་སེམས་མ་ལོག་ནའོ་སྟེ། གནས་ནས་བྱུང་བ་ལ་མི་དབང་གི། རྒྱུ་ལས་སེམས་ལོག་ན་དབང་ངོ་ཞེས་པ་ལ། ཁ་ཅིག་ན་རེ། བཟོད་པ་མ་གསོལ་ན་གནས་ནས་ཕྱུང་བ་མི་དབང་གི། བཟོད་པ་གསོལ་ན་ནི་དབང་ངོ་ཞེས་ཟེར་རོ། །དེ་ནི་མདོ་རྩ་འགྲེལ་ལས། བཟོད་པ་མ་གསོལ་ནའོ་ཞེས་མ་གསུངས་ཀྱང་ནན་ཏུར་གྱི་རྒྱུ་ལས་སེམས་མ་ལོག་ནའོ། །ཞེས་གསུངས་པ་དང་འགལ་ལོ། །བཟོད་པ་གསོལ་ན་རང་བཞིན་དུ་གནས་པ་ཡིན་པས་རྙེད་པ་མི་དབང་ངོ་སྙམ་དུ་དོགས་པ་བཅད་མི་དགོས་སོ། །གནས་ནས་ཕྱུང་ན་དེའི་ཤི་བའི་ཡོ་བྱད་དེ་ནོད་པར་བྱ་བ་ཉིད་ལ་གནས་ནས་ཕྱུང་བ་དེ་ནི་ཕྱོགས་ཐ་དད་པ་ཉིད་མ་ཡིན་པས་གནས་ནས་ཕྱུང་བ་གཞན་ཡོད་ཀྱང་གནས་ནས་མ་ཕྱུང་བ་དབང་བ་ཡིན་ནོ། །ཆོས་ཕྱོགས་དང་ཆོས་མིན་ཕྱོགས་ཀྱི་ལྟར་ཐ་དད་པ་ཤི་བའི་ཡོ་བྱད་ལ་ནི་ཕྱོགས་དེ་གཉིས་ལྟ་བ་ཐ་དད་པ་ཉིད་ཡིན་པས། ཕུན་ཚུལ་གཅིག་ལ་གཅིག་མི་དབང་བ་ཉིད་དོ། །ཆོས་ཕྱོགས་སུ་གཏོགས་པའི་


K8Z004_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་བའི་ཡོ་བྱད་ལ་ཡང་ཆོས་མིན་ཕྱོགས་སུ་གཏོགས་པ་མི་དབང་ལ་བཟློག་པ་ཡང་དེ་བཞིན་ནོ། །ཉེ་དུ་ལ་སོགས་པ་ཁྱིམ་པ་ཡང་དབང་ངམ་སྙམ་དུ་དོགས་པ་བསལ་བའི་ཕྱིར་དང་། རབ་ཏུ་བྱུང་བ་དང་མུ་སྟེགས་པ་ཡང་དབང་ངམ་སྙམ་པ་བསལ་བའི་ཕྱིར། ཚངས་པ་མཚུངས་པར་སྤྱོད་པ་ལས་གཞན་པ་དག་ནི་ཆོས་འདི་པའི་རབ་ཏུ་བྱུང་བ་ཤི་བའི་ཡོ་བྱད་དེ་མི་དབང་བ་ཡིན་ནོ། །ཤི་བའི་ཡོ་བྱད་བྱིན་གྱིས་བརླབ་པའི་ཕྱིར་གསོལ་བ་འབའ་ཞིག་པའི་ལས་ཀྱིས་བྱིན་གྱིས་བརླབས་ཟིན་པའམ། དང་པོ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཟིན་པ་ན་རབ་བྱུང་ཚངས་པ་མཚུངས་པར་སྤྱོད་པ་འོང་ཡང་གནས་དེར་ཕྱིས་འོང་བ་སྐལ་བ་མི་དབང་ངོ་། །ཐམས་ཅད་དུའམ་ཞེ་ན། ཊཱི་ཀ་ལས། གལ་ཏེ་ཤི་བ་དེའི་དོན་དུ་ཡོན་བཤད་པ་མ་བྱས་པར་བྱིན་གྱིས་རློབས་པར་བྱེད་ན་ནི་བྱིན་གྱིས་བརླབ་པ་དེས་ཕྱིས་འོང་བ་སྐལ་བ་མི་དབང་བ་ཉིད་དུ་ཡང་མི་འགྱུར་ལ། བྱིན་གྱིས་བརླབ་པ་དེ་ཡང་མི་འཆགས་སོ། །ཞེས་སོ། །དང་པོ་དང་ཐ་མས་བྱིན་གྱིས་བརླབས་པ་དེ་ཇི་ལྟ་བུ་ཞེ་ན། ཤི་བའི་ཡོ་བྱད་དེ་ལས་དངོས་པོ་འགའ་ཞིག་དགེ་འདུན་གྱི་རྒན་གྲལ་གྱི་གཙོ་བོ་དང་། གསར་བུ་གྲལ་གྱི་ཐ་མ་ན་འདུག་པ་སྟེ་གྲལ་གྱི་ཐོག་མཐའ་གཉིས་ལ་དངོས་པོ་སྣ་རེ་སྦྱིན་པ་ནི། དང་པོ་དང་ཐ་མས་བྱིན་གྱིས་བརླབ་པ་དེ་ཞེས་བྱའོ། །ཤི་བའི་ཡོ་བྱད་དེ་གང་དག་གིས་བྱིན་གྱིས་བརླབ་པར་བྱ་ཞེ་ན། གཙུག་ལག་ཁང་ལ་སོགས་པའི་གནས་གང་ན་བྱིན་གྱིས་བརླབ་པར་བྱ་བའི་དངོས་པོ་དེ་འདུག་པའི་གནས་དེའི་མཚམས་སུ་གཏོགས་པའི་རབ་ཏུ་བྱུང་བ་རྣམས་ནི་དངོས་པོ་དེ་བྱིན་གྱིས་རློབ་པར་བྱེད་པ་ཡིན་ནོ། །གཙུག་ལག་ཁང་མཚམས་ཐ་དད་གཉིས་ཀྱི་གཙུག་ལག་ཁང་གཅིག་གི་ནང་དུ་དགེ་སློང་ཤི་ལ། དེ་ཤི་བའི་ཡོ་བྱད་ནི་གཙུག་


K8Z004_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཁང་གཞན་ན་འདུག་ན་དེ་གང་གིས་བྱིན་གྱིས་བརླབ་པར་བྱ་ཞེ་ན། ཤི་བའི་ཡོ་བྱད་བྱིན་གྱིས་བརླབ་པ་འདི་ལ་ཤི་བའི་གནས་ཉིད་ནི་བྱིན་རླབས་འཆགས་པའི་རྒྱུ་མ་ཡིན་ནོ་སྟེ། གང་ན་ནོར་རྫས་དེ་འདུག་པའི་མཚམས་དེར་གཏོགས་པ་རྣམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །གཙུག་ཁང་བཞིའམ་གསུམ་གྱི་བར་ན་འདུག་པའམ། གཙུག་ལག་ཁང་གཉིས་ཀྱི་མཚམས་ཀྱི་བར་ན་ཤི་བའི་ཡོ་བྱད་བྱིན་གྱིས་བརླབ་པར་བྱ་བའི་རྫས་རྣམས་འདུག་པ་དེ་ལ་རབ་བྱུང་ཤི་བ་དེའི་ལུས་ཀྱིས་རེག་པས་སམ། ལུས་དང་འབྲེལ་བའི་ཁྲི་དང་ཁྲིའུ་ལ་སོགས་པ་གཞན་གྱིས་རེག་པའི་ཤི་བའི་ཡོ་བྱད་དེས་མཚམས་གཉིས་ནོན་ནམ། མཚམས་གསུམ་མམ་བཞི་ནོན་ཀྱང་རུང་སྟེ། མཚམས་ཇི་ཙམ་ནོན་ཅིང་ཁྱབ་པའི་མཚམས་དེར་གཏོགས་པའི་དགེ་སློང་རྣམས་ཀྱིས་བྱིན་གྱིས་རློབ་པར་བྱེད་པ་ཡིན་ནོ་ཞེས་སྔ་མར་སྦྱར་རོ། །འདི་ལ་བྱིན་གྱིས་བརླབ་པར་བྱ་བའི་རྫས་ཀྱི་དབང་གི་རྣམ་པར་གཞག་གི། ཤི་བའི་རོ་ཡི་དབང་གིས་ནི་མ་ཡིན་ནོ་ཞེས་ཉིད་བཤད་དང་ཊཱི་ཀ་ལས་སོ། །འོ་ན་གླེང་གཞི་ལས། བཙུན་པ་མཚམས་གཉིས་ཀྱི་བར་དུ་དགེ་སློང་ཞིག་འདས་ན་གུམ་པ་དེའི་ཡོ་བྱད་རྣམས་སུ་དབང་བར་འགྱུར། ཨུ་པ་ལི་དེ་ནི་མགོ་གང་ལོགས་སུ་བོར་བའོ། །བཙུན་པ་གཉིས་ཀར་མགོ་བོར་ན་གང་དབང་བར་འགྱུར། ཨུ་པ་ལི་དེ་ནི་གཉིས་ཀའོ། །ཞེས་གསུངས་ལ། དེ་ཁོ་ན་ལྟར་འོད་ལྡན་ལས་བཤད་ཅིང་། རྩ་བ་སུམ་བརྒྱ་པ་ལས་ཀྱང་། གཙུག་ལག་ཁང་གི་མཚམས་གཉིས་པར་ཤི་ན། །དེ་ཡི་ལུས་འབྲེལ་རས་ལ་སོགས་པའི་རྫས། །གང་དུ་མགོ་བོ་བཞག་པར་དབང་བ་ཡིན། །གཉིས་ཀར་བཞག་ན་དེ་ཕྱིར་གཉིས་ཀ་ཡིན། །ཞེས་བཤད་པ་དང་འགལ་ཅེ་ན། ལུང་ལ་འདོན་པ་ཐ་དད་པ་ལུགས་གཉིས་སུ་བྱུང་ཡང་ལུང་གང་ལས་མདོ་


K8Z004_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་བསྡུས་པའི་ལུང་དེ་གཙོ་བོར་བྱས་ཏེ་མདོ་རྩ་འགྲེལ་ཚད་མར་བྱའོ། །ཀུན་དགའ་བོ་ལ་གྲེ་སྐྱེས་ཀྱིས་ནོར་རྫས་བཅོལ་ཏེ་བཞག་པ་ལས། གྲེ་སྐྱེས་ཤི་བའི་བྱུང་བ་ལ་བརྟེན་ནས་ནོར་དང་འདྲ་བ་བྱིན་གྱིས་བརླབ་པ་འདི་གསུངས་སོ། །ཊཱི་ཀ་ལས། ནོར་དང་འདྲ་བ་ཞེས་བྱ་བ་ནི་ཤི་བའི་ཡོ་བྱད་ཀྱི་ནོར་རྫས་རྣམས་སྔར་ནས་གང་ལ་བཅོལ་ཏེ་བཞག་པའི་ཁྱིམ་པའམ་རབ་ཏུ་བྱུང་བ་དེ་ལ་བྱ་སྟེ། ཞེས་སོ། །དེ་ཡང་གཙུག་ལག་ཁང་ལྟ་བུའི་མཚམས་ཀྱི་ནང་གང་ན་ནོར་དང་འདྲ་བ་ཞེས་བྱ་བའི་གང་ཟག་དེ་འདུག་པའི་མཚམས་དེའི་ཁོངས་སུ་ཤི་བའི་ཡོ་བྱད་ཐག་རིང་པོ་མཚམས་ཐ་དད་དུ་འདུག་པ་ཡང་གཏོགས་པ་ཉིད་ཡིན་ནོ། །ཊཱི་ཀ་ལས། མཚམས་གང་ན་ནོར་དང་འདྲ་བ་དེ་འདུག་པའི་མཚམས་དེ་ཉིད་ཀྱི་ནང་རོལ་དུ་ནོར་དང་འདྲ་བ་དེ་བྱིན་གྱིས་བརླབས་ན་ཤི་བའི་ཡོ་བྱད་ཐག་རིང་པོ་མཚམས་གཞན་ན་འདུག་པ་བྱིན་གྱིས་བརླབ་པར་འགྱུར་རོ། །ཞེས་སོ། །དེའི་ཕྱིར་ནོར་དང་འདྲ་བའི་གང་ཟག་མཚམས་དེ་ཉིད་ཀྱི་ནང་ན་འདུག་ཅིང་དྲུང་ན་འདུག་པས་དེ་ལ་བཅོལ་ཏེ་བཞག་པའི་ཤི་བའི་ཡོ་བྱད་ཐག་རིང་པོ་མཚམས་ཐ་དད་གཞན་ན་འདུག་པ་གསོལ་བ་འབའ་ཞིག་པའི་ལས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དགེ་སློང་གིས་དགེ་སློང་ལ་ཆོས་གོས་ལ་སོགས་པ་དངོས་པོ་གང་ཡང་རུང་བ་བསྐུར་བ་ན། གང་ལ་བསྐུར་བར་བྱ་བའི་གང་ཟག་དེས་མ་སྤངས་པ་ནི་བསྐུར་བར་བྱ་བ་དེའི་རྫས་ཉིད་ཡིན་ནོ། །ཊཱི་ཀར། བར་སྐབས་དེར་སྐུར་བྱེད་དང་བསྐུར་བྱ་གཉིས་ཀ་ཤི་ན་དངོས་པོ་དེ་ནི་བསྐུར་བར་བྱ་བ་ཤི་བའི་ཡོ་བྱད་དུ་འགྱུར་རོ། །ཞེས་སོ། །བསྐུར་བར་བྱ་བའི་གང་ཟག་དེས་རྫས་འདི་ང་མི་འདོད་དོ་ཞེས་སྤངས་པ་ནི་སྐུར་བར་བྱེད་པ་ཉིད་ཀྱི་རྫས་ཉིད་ཡིན་ཏེ་དབང་བའོ། །ཊཱི་ཀ་ལས། དེ་གཉིས་ཤི་ན་ཡང་དངོས་པོ་དེ་ནི་སྐུར་བྱེདཤི་བའི་


K8Z004_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་བྱད་དུ་འགྱུར་རོ། །ཞེས་སོ། །སྐུར་བར་བྱེད་པ་དེས་བདག་གིས་སྔར་སྤངས་ཟིན་པས་མི་ལེན་ནོ་ཞེས་སྤངས་ན་ཡང་སྐུར་བར་བྱེད་པ་ཉིད་ཀྱིས་རྫས་ཡིན་ཏེ་དབང་བའོ། །ཊཱི་ཀ་ལས། དེ་གཉིས་ཤི་ན་ཡང་དངོས་པོ་དེ་ནི་སྐུར་བྱེད་ཤི་བའི་ཡོ་བྱད་དུ་འགྱུར་རོ། །ཞེས་སོ། །ཤི་བའི་ཡོ་བྱད་བྱིན་གྱིས་རློབ་ན་མཚམས་དེ་ན་ཡོད་པའི་དགེ་སློང་ཐམས་ཅད་ཀྱིས་བྱིན་གྱིས་རློབ་དགོས་པ་ལས། དགེ་སློང་ཁ་ཅིག་འབའ་ཞིག་གིས་ཁུད་པར་བྱིན་གྱིས་རློབ་ན་མཚམས་ཀྱི་ནང་དུ་བྱིན་གྱིས་རློབས་མི་འཆགས་པར་མ་ཟད། མཚམས་ཀྱི་ཕྱི་རོལ་དུ་ཡང་མཚམས་ཀྱི་ནང་དུ་འདུ་ཤེས་པའམ། ཡིད་གཉིས་ཟ་བ་དག་གིས་རྫས་དེ་བྱིན་གྱིས་རློབ་པར་དབང་བའི་དགེ་སློང་ཀུན་མ་བསྡུས་ཤིང་། འདུན་པ་ཡང་མ་བླངས་པར་དགེ་སློང་ཁ་ཅིག་འབའ་ཞིག་གིས་ཁུད་པར་བསྒོ་བའི་བྱིན་གྱིས་བརླབ་པ་མི་འཆགས་སོ། །དེས་ན་མཚམས་ཀྱི་ཕྱི་རོལ་དུ་འདུ་ཤེས་པ་དེ་དག་གིས་ལྟ་ཅི་སྨོས་སོ་ཞེས་སོ། །ཡང་ཞེས་བྱ་བའི་སྒྲས་ནི་མཚམས་ཀྱི་ནང་དུ་ཡང་མི་འཆགས་ཏེ། འབའ་ཞིག་གིས་བྱིན་གྱིས་རློབ་པ་ནི་མི་མཐུན་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བསྡུའོ། །མི་འཆགས་པ་མི་བྱའོ་ཞེས་སྤྱིར་བསྟན་པ་དེས་འདི་ལ་ཉེས་བྱས་སུ་ཤེས་པར་བྱའོ། །རྐུ་སེམས་ཀྱིས་བྱིན་གྱིས་རློབ་པར་བྱེད་ན་ནི་བརྐུས་པའི་མདུན་རོལ་དུ་སྦྱོར་བའི་སྦོམ་པོར་འགྱུར་རོ། །བརྐུས་པ་ཉིད་ནི་དངོས་པོ་ལ་རྣམ་པར་བཞག་གོ་ཞེས་ཊཱི་ཀ་ལས་སོ། །མཚམས་དེར་ཤི་ན་དེའི་རོ་དབྱུང་བ་དང་རིམ་གྲོ་སྟེ། གདུགས་དང་མེ་ཏོག་དང་བ་དན་ལ་སོགས་ཀྱིས་ཤི་བ་དེའི་ལུས་ལ་མཆོད་ཅིང་བཀུར་སྟི་བྱ་བ་དང་། ཆོས་ཉན་པ་དང་ཡོན་བཤད་པར་མ་བྱས་པར་བྱིན་གྱིས་བརླབ་པར་མི་བྱའོ། །གཉིས་པ་ལ། ཁྱིམ་གཞན་པ་ཡི་རྫས་ཉིད་དང་། །བུ་ལོན་པ་ཡི་རྫས་ཉིད་དང་། །ནད་གཡོག་པ་ཡི་རྫས་


K8Z004_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་། །ཤི་སྔར་ངེས་བྱས་རྫས་ཉིད་དོ། །དང་པོ་ནི། ལྷུང་བཟེད་དང་ཆོས་གོས་ཁྱིམ་གཞན་ན་འདུག་པ་ཉིད་ནི་ཁྱིམ་བདག་གིས་རབ་ཏུ་བྱུང་བ་གང་ལ་བྱིན་པ་དེ་དབང་བ་ཉིད་ཡིན་ནོ། །ཐམས་ཅད་དུའམ་ཞེ་ན། གལ་ཏེ་ཆོས་འདི་པའི་རབ་ཏུ་བྱུང་བ་ཡིན་པ་དང་། ཤི་བ་དང་། མཚན་མཐུན་པ་དང་། གནས་ནས་མ་ཕྱུང་བ་དང་། ལྟ་བ་ཐ་དད་དུ་གནས་པ་མ་ཡིན་པ་སྟེ། ཆོས་བཞི་ཚང་བས་རྫས་དེ་དབང་ཞིང་ལྷུང་བཟེད་ལ་སོགས་པའི་དངོས་པོ་དེས་འཕོངས་པ་ཡིན་ན་ཁྱིམ་བདག་དེས་གང་ལ་བྱིན་པ་དེ་དབང་བ་ཡིན་ནོ། །ཁྱིམ་བདག་དེས་རང་གང་སྦྱིན་པར་མི་བྱེད་ན་རྫས་དེ་དབང་ཞིང་། དེས་འཕོངས་པའི་རབ་ཏུ་བྱུང་བའི་ཁྱིམ་བདག་དེ་ལ་བླངས་པ་དང་ལྡན་པ་དབང་བ་ཉིད་ཡིན་ནོ། །དགེ་སློང་མང་པོ་ལེན་དུ་འོངས་ཏེ་མཐར་གྱིས་སློང་ན་དང་པོའི་ཁ་གང་སྔ་བ་དབང་ངོ་། །ཁྱིམ་གཞན་ན་འདུག་པའི་རྫས་དེ་ལ་ལེན་པ་མེད་པ་ཉིད་ཡིན་ཅིང་ཞེས་པ་ནི་མཚོན་པ་སྟེ། ལེན་པ་ཡོད་ཀྱང་རུང་སྟེ་ཁྱིམ་བདག་གིས་དགེ་སློང་འདི་ལ་སྦྱིན་ཅེས་བྱེ་བྲག་ཏུ་མ་བསྔོས་པར་སུས་ཁྱེར་ཅིག་སྙམ་དུ་རྫས་དེ་བོར་བར་གྱུར་ན། རྫས་བོར་བ་དེ་ལེན་དུ་སོང་བ་དང་ལྡན་པ་དེ་དབང་བ་ཉིད་ཡིན་ནོ། །དེ་ལྟར་རྫས་བོར་བ་དེ་དགེ་སློང་མང་པོ་དག་གིས་སྔ་ཕྱིར་ལེན་དུ་སོང་བ་དེ་ནི་མཐར་གྱིས་སློང་ན་དང་པོའི་ཞེས་གོང་དུ་བསྟན་པ་དང་འདྲའོ་སྟེ་དང་པོར་ལེན་པ་དེ་དབང་ངོ་། །གཉིས་པ་ནི། ཤི་བའི་འོག་ཏུ་བུ་ལོན་པ་བྱུང་ན་བུ་ལོན་པ་དེ་ལ་གཞལ་བར་བྱ་བའི་ཚད་ཀྱི་ཤི་བའི་ཡོ་བྱད་ནི་བུ་ལོན་པ་དེ་དབང་བ་ཉིད་ཡིན་ནོ། །ཤི་བའི་ཡོ་བྱད་བགོས་ཟིན་ན་ཡང་བུ་ལོན་པ་བྱུང་ན་གཞལ་བར་བྱ་སྟེ་བགོས་པ་བསྡུས་ནས་བཅལ་ལོ། །དགེ་སློང་ཤི་བ་དེ་དང་བུ་ལོན་པ་ལྷན་ཅིག་སྔར་ཆད་བྱས་ཏེ་གསེར་སྟེར་བར་ཆད་དོ་


K8Z004_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སམ། རས་ལེན་བར་ཆད་དོ་ཞེས་རྣམ་པར་བཞག་པར་བྱས་ཏེ། སྔར་ཆད་བྱས་པ་བུ་ལོན་དེད་པ་དེ་ལ་དགེ་སློང་ཤི་བ་དེ་ལ་བུ་ལོན་ཚུར་ཆགས་ན་དངོས་པོ་ཅི་ཞིག་སྦྱིན་ཅེ་ན། དགེ་སློང་གིས་གཞན་གྱི་རས་སྔ་ཤུབས་སུ་ཁྱེར་ནས་དེའི་རིན་དུ་གསེར་སྦྱིན་ནོ་ཞེས་ཆད་བྱས་པ་ལས། དགེ་སློང་དེ་ཤི་ན་རིན་སྦྱིན་པར་བྱ་བ་ཉིད་དམ་གང་ཡིན་པ་དེ་ཉིད་མ་ཡིན་ནོ་ཞེས་འོག་ཏུ་སྦྱར་ཏེ། རིན་སྦྱིན་པར་བྱ་བ་སྔར་ཆད་བྱ་བ་ཉིད་གང་ཡིན་པའི་གསེར་ཉིད་སྦྱིན་དགོས་ཏེ། རས་ལྟ་བུ་སྔར་ཁྱེར་བའི་དངོས་པོ་དེ་ཉིད་སླར་སྦྱིན་པ་ནི་མ་ཡིན་ནོ། །དགེ་སློང་ཤི་བ་དེའི་བུ་ལོན་ཕར་ཆགས་ན་དངོས་པོ་ཅི་ཞིག་བླང་ཞེ་ན། དགེ་སློང་གིས་གཞན་ལ་གསེར་ཤུབས་སུ་བཏང་ནས་དེའི་རིན་དུ་རས་ལེན་ནོ་ཞེས་ཆད་བྱས་པ་ལས། དགེ་སློང་དེ་ཤི་ན་རིན་བླང་བར་བྱ་བ་སྔར་ཆད་བྱ་བ་ཉིད་གང་ཡིན་པའི་རས་བླང་དགོས་ཏེ། གསེར་ལྟ་བུ་སྔར་བཏང་བའི་དངོས་པོ་དེ་ཉིད་སླར་བླང་བ་ནི་མ་ཡིན་ནོ། །དགེ་སློང་བུ་ལོན་ཅན་ཤི་བའི་ཡོ་བྱད་ཀྱིས་བུ་ལོན་མ་འཁོར་ཀྱང་ཤི་བའི་བུ་ལོན་འཆགས་པ་ནི། དེས་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བུ་ལོན་འཆགས་པ་ཉིད་དུ་མི་འགྱུར་རོ། །ལག་གི་བླས་དཀོན་མཆོག་གི་དཀོར་བླངས་པ་ཉིད་ཡིན་ནས་དེ་ཤི་ན་དཀོན་མཆོག་དེའི་དཀོར་ཇི་སྙེད་བླངས་པ་དེ་སྙེད་ལག་གི་བླ་དེའི་ཤི་བའི་ཡོ་བྱད་ལས་ཆ་མཉམ་པར་དཀོན་མཆོག་ལ་དབུལ་ཞིང་དཀོར་བསབ་པར་བྱའོ། །ལུང་ལས། དགེ་འདུན་གྱི་དང་མཆོད་རྟེན་གྱི་དང་ཆོས་ཀྱི་ཡང་འདྲེས་པར་བྱེད་ན་དེའི་ལྷུང་བཟེད་ཆོས་གོས་གསུམ་ལ་ཆ་གསུམ་དུ་བྱས་ཏེ། ཇི་སྙེད་བླངས་པ་དེ་སྙེད་འབུལ་ལོ། །ཞེས་གསུངས་མོད་ཀྱི། དེ་ནི་ཐ་མལ་པའི་ཤེས་པས་བཟུང་བར་དཀའ་ལ། འདི་ལས་ལྷག་པར་ཕུལ་བ་ལ་ཉེས་པ་མེད་པས་


K8Z004_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འགོད་ལ་རིག་གོ་ཞེས་ཊཱི་ཀ་ལས་སོ། །ལག་གི་བླས་ཞེས་བྱ་བ་ནི་ལས་སར་པ་ལ་སྦྱོར་དུ་འཇུག་པའོ། །འདིར་ལག་གི་བླ་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ། གཞན་དག་གིས་བསྐུས་ན་ཡང་འདི་བཞིན་དུ་བྱར་རུང་ངོ་། །གསུམ་པ་ནི། ཤི་བ་དེ་སྔར་ན་བ་ན་ནད་གཡོག་དང་བཅས་པ་ཉིད་ཡིན་ན་ཤི་བ་དེའི་ཡོ་བྱད་ཆོས་གོས་གསུམ་གདིང་བ་དང་ལྷུང་བཟེད་ཆུ་ཚགས་དྲུག་པོ་ནད་གཡོག་དེ་དབང་བ་ཉིད་ཡིན་པས་དགེ་སློང་གཞན་རྣམས་ཀྱིས་བྱིན་གྱིས་བརླབ་པར་མི་བྱ་བ་ཉིད་དོ། །ནད་གཡོག་ལ་ཡོ་བྱད་དྲུག་སྦྱིན་པ་དེ་ནི་ཡོ་བྱད་ཁ་ཅིག་ནི་རབ་དང་། ཡོ་བྱད་ཁ་ཅིག་ནི་འབྲིང་དང་། ཡོ་བྱད་ཁ་ཅིག་ནི་ཐ་མ་དང་བཅས་པ་ལས་སྦྱིན་པར་བྱའོ། །དགེ་སློང་ཤི་བ་དེ་ལ་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་མང་པོ་ཞིག་ཡོད་པ་ཐམས་ཅད་བཟང་པོ་ལས་ནད་གཡོག་མི་དབང་སྟེ། བཟང་ངན་ཕམ་རྒྱལ་མེད་པར་དྲུག་སྦྱིན་ནོ། །ནད་པ་གཅིག་ལ་ནད་གཡོག་དུ་མ་ཉིད་ཡིན་ན་ཡོ་བྱད་དྲུག་པོ་དེ་ཐུན་མོང་ངོ་། །ནད་པ་དེའི་དོན་དུ་ནད་གཡོག་ཡུལ་གཞན་དུ་སོང་བ་ཉིད་ཡིན་ལ། ནད་པ་ཤི་ན་ནད་གཡོག་ཡུལ་གཞན་དུ་སོང་བ་དེ་ལ་ཡང་ཡོ་བྱད་དྲུག་སྦྱིན་པར་བྱ་བ་ཉིད་ཡིན་ནོ། །ཆོས་འདི་པའི་རབ་བྱུང་ན་བ་ལ་ཁྱིམ་པ་དང་མུ་སྟེགས་དང་རབ་བྱུང་གནས་ནས་ཕྱུང་བས་ནད་གཡོག་བྱས་པ་དང་། མཚན་མཐུན་ཡོད་བཞིན་དུ་མཚན་མི་མཐུན་པས་ནད་གཡོག་བྱས་ན་ཡང་ཤི་བའི་རྫས་དེ་མི་དབང་བ་ཡིན་པས། ནད་གཡོག་ཁྱིམ་པ་ལ་སོགས་པ་དེ་རྣམས་ལ་ནི་ཡོ་བྱེད་དྲུག་པོ་དེ་མི་སྦྱིན་ནོ། །ཊཱི་ཀ་ལས། གང་ན་མཚན་མི་མཐུན་པ་དག་འབའ་ཞིག་ཡོད་ལ། མཚན་མཐུན་པ་མེད་པ་དེར་ནི་མཚན་མི་མཐུན་པ་དག་ལ་ཡང་སྦྱིན་པར་བྱའོ། །ཞེས་སོ། །ནད་གཡོག་གནས་གཞན་དུ་དབྱར་གནས་པར་ཁས་


K8Z004_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པ་ཞིག་གིས་ནད་གཡོག་བྱས་ནའང་དེ་ལ་དྲུག་པོ་མི་སྦྱིན་པར་མི་བྱའོ། །ཆོས་འདི་པའི་རབ་བྱུང་ཤི་བའི་ཡོ་བྱད་བགོ་བ་འདི་ལ་བསྙེན་པར་མ་རྫོགས་པ་དང་ཁྱིམ་པ་དང་མུ་སྟེགས་མི་དབང་ཡང་ཆོས་འདི་པའི་རབ་བྱུང་བསྙེན་པར་མ་རྫོགས་པ་ནི་སོ་སོའི་སྐལ་བའི་ཆ་ཐམས་ཅད་བསྙེན་རྫོགས་དང་མཉམ་པར་དབང་བ་ཉིད་དོ། །ཊཱི་ཀ་ལས། དབྱར་གྱི་རྙེད་པ་ལ་སོགས་པ་གཞན་དག་ལ་སུམ་ཆ་དབྲི་བ་ལྟ་བུ་ནི་མ་ཡིན་ནོ། །ཞེས་སོ། །བཞི་པ་ནི། ཁྱིམ་པ་ནད་པས་ང་ཤི་རུང་མ་ཤི་རུང་ནོར་འདི་མི་འདི་ལ་བྱིན་ཅིག་ཅེས་ཁ་ཆེམས་སྨྲས་པ་ཕྱིས་གཞན་གྱིས་སྦྱིན་པ་ཕྲི་སྟེ་མ་བྱིན་ན་ཡང་མི་རིགས་པས་སྔར་ཇི་སྐད་སྨྲས་པ་བཞིན་སྦྱིན་པར་བྱ་བ་ཉིད་དོ་སྟེ། བདག་པོ་དེས་བལྟོས་མེད་དུ་བྱིན་ཟིན་པས་སོ། །རབ་ཏུ་བྱུང་བ་ནི་བལྟོས་པ་མེད་པའི་ཕྱིར་ནོར་བདག་རབ་བྱུང་ཤི་བ་ན་ནོར་དེ་མི་དབང་བས་ན། རབ་བྱུང་ནད་པས་ང་ཤི་བ་ཉིད་ཀྱི་དུས་དེའི་འོག་ཏུ་རྫས་འདི་ཉིད་གང་ཟག་ཆེ་གེ་མོ་ལ་བྱིན་ཅིག་ཅེས་སྦྱིན་པར་བསྒྲུབ་པ་ལ་ནི་རབ་བྱུང་དེ་ཤི་བ་ན་ཤི་བ་དེ་ནོར་བདག་ཏུ་མི་འགྱུར་བས་ཤི་བ་ན་ནོར་དེ་མི་དབང་ངོ་། །མི་དབང་བས་བྱིན་པ་ནི་བྱིན་པ་ཉིད་དུ་མི་འགྱུར་བའི་ཕྱིར་ན། ཊཱི་ཀ་ལས། ནོར་དེ་དེ་ལ་མི་སྦྱིན་པར་དགེ་འདུན་གྱིས་བྱིན་གྱིས་བརླབ་པར་བྱའོ། །ཞེས་སོ། །གཉིས་པ་ནི། ཁྱིམ་པ་ནི་བལྟོས་པ་དང་བཅས་པའི་ཕྱིར་ཁྱིམ་ན་གནས་པ་ཁྱིམ་པ་ནི་ཤི་བའི་ཚེ་ཡང་ནོར་དེ་དབང་ངོ་སྟེ། ཁྱིམ་པས་ང་ཤི་ན་རྫས་འདི་གང་ཟག་ཆེ་གེ་མོ་ལ་བྱིན་ཅིག་ཟེར་ནས་ཤི་ན་གང་ལ་བྱིན་པ་དེ་དབང་ངོ་། །ཁྱིམ་པས་དགེ་འདུན་ལ་བུ་དང་ཆུང་མ་ཕུལ་ནས་ཁྱིམ་པ་དེ་ཉིད་ཤི་ན་དེའི་བུ་དང་ཆུང་མ་ཅི་བདེར་བྱའོ་སྟེ་བདག་གིར་མི་བྱའོ། །གསུམ་པ་ནི། གླང་པོ་ཆེ་དང་། རྟ་དང་། བོང་བུ་དང་། བྲེའུ་དང་། གོ་ཆ་རྣམས་ཡོན་དུ་ཕུལ་བ་ནི་རྒྱལ་པོ་ལ་དབུལ་ལོ། །


K8Z004_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིག་དང་གསེར་དང་གཞན་ཟངས་ལ་སོགས་པ་བརྡུངས་སུ་བྱས་པ་དང་། མ་བྱས་པ་རྣམས་ནི་དཀོན་མཆོག་གསུམ་ལ་དབུལ་ལོ། །རིན་པོ་ཆེ་རྣམས་ཀྱང་ངོ་སྟེ་དཀོན་མཆོག་གསུམ་ལ་དབུལ་ལོ། །ཐམས་ཅད་དུའམ་ཞེ་ན། མུ་ཏིག་རྣམས་ནི་གལ་ཏེ་མུ་ཏིག་ལས་གཞན་བཻ་ཌཱུཪྻ་ལ་སོགས་པའི་རིན་པོ་ཆེ་གཞན་ཡོད་ན་སངས་རྒྱས་དེའི་སྐུ་སྐལ་རིན་པོ་ཆེ་གཞན་གྱིས་མུ་ཏིག་རྣམས་བརྗེ་བས་སམ། སངས་རྒྱས་ཀྱི་རིན་པོ་ཆེ་གཞན་དག་པས་ཆོས་དང་དགེ་འདུན་གྱི་མུ་ཏིག་རྣམས་རིན་ལྷག་པ་ཉིད་ཡིན་ཀྱང་རུང་སྟེ། གལ་ཏེ་སངས་རྒྱས་ལ་མུ་ཏིག་ལས་གཞན་པའི་རིན་པོ་ཆེ་མེད་ན་བསྐྱིན་པོ་མེད་ཀྱང་རུང་སྟེ། གལ་ཏེ་རིན་པོ་ཆེ་གཞན་ཡོད་ན་དེ་དང་བརྗེས་ནས་མུ་ཏིག་རྣམས་སངས་རྒྱས་ལ་འབུལ་བ་དེ་བཞིན་དུ་ཆོས་དང་དགེ་འདུན་གྱི་མུ་ཏིག་རྣམས་ཀྱང་སངས་རྒྱས་ལ་དབུལ་ལོ། །གུར་གུམ་དང་མཚལ་དང་མཐིང་ཤུན་ལ་སོགས་པ་ཚོན་རྩི་ཆེན་པོ་རྣམས་ཀྱང་སངས་རྒྱས་ལ་དབུལ་ལོ། །དགེ་སློང་གིས་སྤྱད་དུ་མི་རུང་བའི་ཕྱིར་སངས་རྒྱས་ཀྱི་དྲི་གཙང་ཁང་གི་རི་མོ་བྱའོ། །སངས་རྒྱས་ལ་ཕུལ་བའི་མུ་ཏིག་དེ་དག་ནི་ཕྱེ་མར་བཏགས་ཏེ་དྲི་གཙང་ཁང་གི་ཞལ་ཞལ་དུ་བྱའོ། །མུ་ཏིག་དེ་མ་ཡིན་པའི་སངས་རྒྱས་ཀྱི་སྐུ་སྐལ་རིན་པོ་ཆེ་གཞན་ནི། སྐུ་གཟུགས་དང་དྲི་གཙང་ཁང་དང་མཆོད་རྟེན་གྱི་ཡོ་བྱད་དག་ཏུའོ། །ཆོས་ཀྱི་སྐུ་སྐལ་གྱི་རིན་པོ་ཆེ་རྣམས་ནི་སངས་རྒྱས་ཀྱི་བཀའ་བྲི་བ་དང་། སེང་གེའི་ཁྲི་དག་གི་ཡོ་བྱད་དུ་བྱའོ། །ཐེག་པ་ཁྱོགས་དང་ཤིང་རྟ་ནི་སྐུ་གཟུགས་ལའོ། །ཡུལ་བསྐོར་བའི་ཚེ་བཞུགས་པའི་ཕྱིར་རོ། །རྒྱལ་མཚན་དང་རྒྱལ་མཚན་དེའི་སྲོག་ཤིང་དག་ནི་རྒྱལ་མཚན་གྱི་དོན་དུའོ། །རྒྱལ་མཚན་སྲོག་ཤིང་དེར་རུང་བའི་སྲོག་ཤིང་མདུང་རིང་པོ་རྣམས་ཀྱང་རྒྱལ་མཚན་གྱི་དོན་དུའོ། །རྒྱལ་མཚན་གྱི་སྲོག་ཤིང་དེར་


K8Z004_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་ལས་གཞན་མདུང་ཤིང་ཐུང་ངུ་དེ་སྲོག་ཤིང་ཐུང་ངུ་དག་དང་། མཚོན་ཆ་རྣམས་ནི་དགེ་འདུན་ལའོ། །གཞན་དག་དང་མཚོན་ཆ་དེ་དག་ནི་མཁར་གསིལ་གྱི་ཡུ་བ་དང་། ཁབ་དང་། གྲི་གུར་བྱས་ཏེ་བྲིམ་མོ། །གསུམ་པ་ལ། མདོ་ཙམ་ཉིད་དུ་བསྟན་པ་དང་། །དེ་ཡི་རྒྱས་པར་བཤད་པའོ། །དང་པོ་ནི། དགེ་འདུན་གྱི་སྲོག་ཤིང་དང་མཚོན་ཆ་ལ་སོགས་ཇི་སྐད་སྨོས་པ་དེ་དག་ལས་གཞན་ནི་ཞིང་ལ་སོགས་པ་རྣམས་མི་བགོ་བར་སྤྱི་སོར་བཞག་པ་དང་། རས་ལ་སོགས་པ་གང་ཟག་སོ་སོར་བགོ་བ་དང་། འབྲས་ལ་སོགས་པ་བཟའ་བ་དག་ཏུ་ཅི་རིགས་པར་བྱའོ། །གཉིས་པ་ལ། སྤྱི་སོར་བཞག་པར་བྱ་བ་དང་། །སོ་སོར་བགོ་བར་འོས་པ་དང་། །བཟའ་བར་བྱ་བ་འོས་པའོ། །དང་པོ་ཞིང་དང་ཁང་ཁྱིམ་དང་ཚོང་ཁང་དང་གནས་མལ་དང་མགར་སྤྱད་དང་། གསེར་མཁན་གྱི་ལག་ཆ་དང་། འབྲེག་མཁན་གྱི་ལག་ཆ་དང་། རྫ་མཁན་གྱི་ལག་ཆ་དང་། ཤིང་མཁན་གྱི་ལག་ཆ་དང་། བསིལ་ཡབ་མཁན་གྱི་ལག་ཆ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་སྟེ། ཕྲན་ཚེགས་འགྲེལ་པར། ལས་བྱེད་པ་ནི་སྐྱེས་བུ་གླ་བའོ། །ཞེས་བཤད་དོ། །ཞོ་ཤས་འཚོ་བ་དང་སྟེ། ཕྲན་ཚེགས་ཊཱི་ཀར་སྐྱེས་བུའི་བྱེད་པ་ལ་བརྟེན་ནས་འཚོ་བ་གང་ཡིན་པ་དེ་ནི་ཞོ་ཤས་འཚོ་བའོ་ཞེས་སོ། །བ་ལང་དང་། མ་ཧེ་དང་། ར་དང་། ལུག་དང་། སྨན་དང་། སངས་རྒྱས་ཀྱི་བསྟན་བཅོས་ཀྱི་གླེགས་བམ་དང་། བུ་ལོན་འཆགས་ཏེ་དཔངས་རྒྱ་མྱུར་དུ་མི་འགྲུབ་པའི་དམ་རྒྱ་བུ་ལོན་གྱི་ཡི་གེ་ལས་འཕྲལ་དུ་འགུག་ཏུ་མེད་པ་དག་ནི་དང་པོར་འོས་པ་སྟེ་བཞག་པར་འོས་པ་ཉིད་ཡིན་ནོ། །དེ་རྣམས་ནི་དགེ་འདུན་སྤྱིར་སྤྱད་ཅིང་བཀོལ་བ་ཡིན་པས་མི་བགོ་བར་བཞག་པར་བྱའོ། །གཉིས་པ་ནི། རས་དང་། རས་ཡུག་ཆེན་དང་། བེའུ་རས་དང་། མཆིལ་ལྷྭམ་དང་།


K8Z004_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལྷྭམ་སྒྲོག་གུ་ཅན་དང་། འབྲུ་མར་སྣོད་དང་། བྱ་མ་བུམ་དང་། རིལ་བ་སྤྱི་བླུགས་དང་། སངས་རྒྱས་ཀྱི་བསྟན་བཅོས་ཀྱི་གླེགས་བམ་ལས་གཞན་ཕྱི་རོལ་པའི་བསྟན་བཅོས་ཀྱི་གླེགས་བམ་རྣམས་ནི་བཙོངས་ལ་བགོ་བར་བྱའོ་ཞེས་ལུང་ལས་གསུངས་སོ། །འགྲེལ་ཆུང་ལས་ནི་གཞན་གྱི་གླེགས་བམ་ནི་མུ་སྟེགས་ཀྱི་ཡི་གེ་ཏར་ཀ་དང་། བྱཱ་ཀ་ར་ཎ། ཞེས་བཤད་དེ། ཏར་ཀ་ནི་ཚད་མའི་བསྟན་བཅོས་དང་། བྱཱ་ཀ་ར་ཎ་ཞེས་པ་སྒྲའི་བསྟན་བཅོས་སོ། །མྱུར་དུ་མི་འགྲུབ་པའི་དམ་རྒྱ་ལས་གཞན་བུ་ལོན་འཕྲལ་དུ་ཁུགས་པའི་དཔངས་རྒྱ་དང་། ཚོན་རྩི་ཆེན་པོ་རྣམས་ལས་གཞན་ཐོད་ལེ་ཀོར་དང་། བཙག་དང་རམས་དག་ནི་གཉིས་པར་འོས་པ་སྟེ་བགོ་བར་འོས་པ་ཉིད་ཡིན་ནོ། །གསུམ་པ་ནི། འབྲས་དང་། ཏིལ་དང་། ནས་དང་། མོན་སྲན་རྡེའུ་དང་། མོན་སྲན་གྲེའུ་དང་། འབྲུ་གཞན་དང་། བཟའ་བ་དང་། བཏུང་བ་དག་ནི་གསུམ་པར་འོས་པ་ཉིད་ཡིན་ནོ། །འདིར་སྨྲས་པ། རྣལ་འབྱོར་མ་དཔལ་གྲུབ་པའི་ནུས་པ་ལས། །ཏིང་ངེ་འཛིན་དང་གསང་ཆེན་གྱི་གཟུངས་སྒོ། །འཇིགས་མེད་ཐོབ་པ་དྭགས་བརྒྱུད་ཕྲིན་ལས་ལས། །སྐྱེས་པ་འདི་ཡང་སྙིང་པོའི་བརྒྱུད་འཛིན་ཡིན། །གཞིར་གཏོགས་པ་གོས་ཀྱི་གཞིའོ།། །།གཉིས་པ་ལ། ཕྲན་ཚེགས་ཕལ་ཆེ་བ་ཡི་སྐབས། །ལུང་སྣ་ཚོགས་ནས་བསྡུས་པའི་སྐབས། །དང་པོ་ལ། གོས་དངོས་ཉིད་ཀྱི་སྤྲོས་པ་དང་། །རྙེད་པ་རྣམ་གཞག་སྤྲོས་པའོ། །དང་པོ་ལ། གོས་སྒྲུབ་དཔྱད་པའི་ཚུལ་དངོས་དང་། །ཞར་ལ་གློ་བུར་ཇི་ལྟར་བསྒྲུབ། །དུར་ཁྲོད་པ་ཉིད་བསྟེན་པའི་ཚུལ། །བདེ་བར་གནས་པའི་རྐྱེན་བསྟན་པའོ། །དང་པོ་ལ། གོས་ཉིད་ཇི་ལྟར་བསྒྲུབ་པའི་ཚུལ། །གོས་ལ་ཇི་ལྟར་སྤྱད་ཚུལ་ལོ། །དང་པོ་ལ། དྲ་ཚུལ་ཞར་བྱུང་དང་བཅས་པ། །


K8Z004_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དྲུབ་ཚུལ་ཞར་བྱུང་དང་བཅས་པ། །བཀྲུ་ཚུལ་ཞར་བྱུང་དང་བཅས་པ། །ཁ་བསྒྱུར་གོ་རིམ་དང་བཅས་པ། །གོས་སྐམ་ཞར་བྱུང་དང་བཅས་པའོ། །དང་པོ་ནི། ཆོས་གོས་ཀྱི་གླེགས་བུ་ཡང་གླེགས་བུ་གཞན་རྣམས་དང་ཚད་མཉམ་པར་བྱ་བ་དང་། གླེགས་བུ་བྱེད་དང་གླེགས་བུ་ཕྱེད་གཞན་དག་མཉམ་པར་བྱའོ། །གླེགས་བུ་དང་གླེགས་བུ་ཕྱེད་གཞལ་བའི་ཕྱིར་རོ། །དེ་གཉིས་ཀྱི་ཚད་ཆག་ཚད་འཇལ་བའི་ཤིང་བཅད་པར་བྱའོ། །ཆོས་གོས་ཀྱི་ཚལ་བུ་འཕྲེད་ཆོད་ཀྱི་འགྲུས་ཐབས་སུ་གླན་པ་དང་། ཡན་མན་ཐལ་རང་དུ་གླན་པ་དང་། མཐའ་སྐོར་དག་ཀྱང་ཞེང་ཚད་མཉམ་པར་བྱའོ། །ཚལ་བུ་སྣེ་བསྣོལ་དུ་འགྲོ་བ་དང་། མཐའ་བསྐོར་བའི་ཞེང་ཚད་ནི་སོར་བཞི་བྱའོ། །ཚལ་བུ་དེའི་ཚད་ཀྱི་ཆགས་ཤིང་བཅད་པར་བྱའོ། །ཚལ་བུ་དེ་ཆེ་ཚད་ནི་སོར་བཞིའོ། །ཚལ་བུ་དེའི་ཞེང་གི་ཚད་ནི་བྱ་རོག་གི་མཐོ་གང་ཡང་རུང་ངོ་། །ཊཱི་ཀ་ལས། མཛུབ་མོ་ཚིགས་དབུས་མའི་སྟེང་དུ་མཐེ་བོའི་ཚིགས་དབུས་མའི་ལྟོ་གཏད་དེ། རྒྱ་གྲམ་དུ་བྱ་རོག་གི་རྐང་པ་དང་འདྲ་བར་བཞག་པའི་མཐེབ་མཛུབ་གཉིས་ཀྱི་རྩེ་མོའི་བར་གྱི་ཚད་ནི། བྱ་རོག་གི་མཐོ་གང་། ཞེས་བྱའོ། །དེ་ལ་སོར་བཞི་ཁོ་ན་ཡོད་དེ། རྣམ་པ་གཞན་གྱིས་བསྟན་པའི་ཕྱིར་དེ་སྐད་གསུངས་སོ། །ཚལ་བུ་དེའི་ཆུང་ཚད་ནི་སོར་གཉིས་སམ། ཕྱེད་དང་གསུམ་མམ། མཐེབ་སོར་གཅིག་གོ། །ས་ལ་ཆོས་གོས་གདིང་བར་མི་བྱའོ། །དེའི་དོན་དུ་གཏན་པ་བྱའོ། །གཏན་པ་གང་ཞེ་ན། ཤིང་ལས་བྱས་པའམ་སྨྱིག་མ་ལས་བྱས་པ་གྲུ་བཞི་དེ་ལ་ཆོས་གོས་གཏོད་པའི་ཕྱིར་ཐ་གུ་གཞུག་པའི་བུ་ག་གྲ་བཞིར་བཏོད་པ་ནི་གཏན་པ་དེ་ཞེས་བྱའོ། །གཏན་པ་དེའི་ཚད་ཀྱང་ཆོས་གོས་ཆེ་འབྲིང་ཆུང་གསུམ་previous hit ཇིཙམཡོད next hit་དེ་ཙམ་བར་རོ། །ཊཱི་ཀར། ཆོས་གོས་དང་


K8Z004_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

འཚམས་པའི་ཚད་དུ་བྱའོ། །ཆོས་གོས་ཚད་ཐ་དད་པ་དུ་མ་ཡོད་པས་གཏན་པ་ཡང་དུ་མ་བྱའོ། །ཞེས་སོ། །ཆོས་གོས་གྲི་གུས་དྲའོ། །གྲི་གུ་དེ་བཅང་བར་བྱའོ། །དབྱིབས་ཇི་ལྟ་བུ་ཞེ་ན། བྱ་རོག་གི་མཆུ་ལྟ་བུའམ་བྱ་གག་གི་གཤོག་པ་ལྟ་བུར་དགྱེ་དགུར་བྱའོ། །རྒྱུ་ནི་ལྕགས་ལས་བྱས་པ་ལས་གཞན་ནི་མ་ཡིན་ནོ། །ཡུ་བ་རྩི་ཅན་དང་ཁྲ་བོ་མི་བཅང་ངོ་། །སོར་དྲུག་གི་ཚད་ལས་ལྷག་པ་མི་བཅང་ངོ་། །ལུང་ཁ་ཅིག་ལས་ནི། བརྒྱད་ལས་མི་བཅང་ཞེས་སོ། །གྲི་གུ་སོར་བཞི་ལས་ཐུང་བ་ནི་དགོས་པ་མེད་དོ། །གཉིས་པ་ནི། ཆོས་གོས་འཚེམ་པའི་གནས་ནི་བ་ལང་གི་གཅི་བའི་བྱུག་པས་བསྐུས་པར་བཙེམ་མོ། །གཅིི་བ་མེད་ན་ཆག་ཆག་བཏབ་ཅིང་ཕྱགས་པར་རོ། །ཆོས་གོས་དེ་བཙེམ་པར་བྱའོ། །དགེ་སློང་གིས་བཟོ་རྗེས་སུ་བསྒྲུབ་པར་མི་བྱའོ། །ཞེས་བཀག་པས་འདི་ཡང་མི་རུང་ངོ་སྙམ་དུ་དོགས་པ་བསལ་བའོ། །བྱ་གག་གི་གཤོག་ཤིང་དང་། སྨྱིག་མའི་ཚལ་བུ་འབའ་ཞིག་ཏུ་མ་ཟད་ཀྱི། ཁབ་ཀྱིས་ཀྱང་བཙེམ་མོ། །ཁབ་དེ་བཅང་བར་བྱའོ། །ཁབ་ཀྱི་རྒྱུ་ར་གན་དང་། ཟངས་དང་། ཁར་བ་དང་། ལྕགས་ལས་བྱས་པ་ལས་གཞན་པ་མི་བཅང་ངོ་། །ལུང་མ་མོའི་གཞུང་ཁ་ཅིག་ལས། ཟངས་དང་ལྕགས་རྣོ་བ་དག་ལས་བྱས་པ་ཞེས་སོ། །དེའི་ཁབ་རལ་སྦུ་གུ་ལྟ་བུའམ། ཆང་པ་ལྟ་བུ་བཅང་བར་བྱའོ། །བཟོ་སྣོད་ཉེ་བར་བཞག་པར་མི་བྱའོ། །ཞེས་པའི་དམིགས་བསལ་ལོ། །ཁབ་རལ་དེ་ཚུལ་ཁྲིམས་གཡེལ་བ་ངོ་ཚ་མེད་པ་དང་། དགེ་ཚུལ་དག་ལ་རག་ལས་པར་མི་བྱའོ། །མི་ཤེས་པ་དང་། མི་དྲན་པ་དང་། རང་བཞིན་དུ་གནས་པ་མ་ཡིན་པ་དག་ལ་ཡང་ཁབ་རལ་དེ་རག་ལས་པར་མི་བྱའོ། །ཁབ་དང་གྲི་གུ་དག་བཙས་མི་ཟོས་པའི་ཕྱིར་སྤྲ་ཚིལ་གྱིས་བསྐུས་པའི་རས་མར་བཞག་


K8Z004_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །ཆོས་གོས་གྱོན་པ་ལུས་ལས་མི་འབྱིལ་བར་བྱ་བའི་ཕྱིར་ཆོས་གོས་ལ་སྒྲོག་རྟེན་བྱས་ཏེ་སྒྲོ་གཟུངས་གདགས་སོ། །སྒྲོག་གུ་ཡང་གདགས་སོ། །གསུམ་པ་ནི། བཙོ་བླག་མཁན་ལ་གོས་ཁ་བསྒྱུར་བ་དང་། གོས་ཁ་མ་བསྒྱུར་བ་འཁྲུར་གཞུག་པར་མི་བྱའོ། །ཤས་ཆེར་བརྡབས་པ་དང་དྲུད་པ་ལ་སོགས་པས་གོས་ལ་གཟན་པས་བཀག་གོ། །བཙོ་བླག་མཁན་དེ་དང་འདྲ་བར་དགེ་སློང་རང་གིས་བརྡབས་པ་སོགས་མ་རུང་བར་འགྱུར་བ་མི་བྱའོ། །བཙོ་བླག་མཁན་དེའི་གོས་འཁྲུ་བའི་ཆུའི་ངོགས་སུ་མི་བྱའོ། །དྲུག་སྡེ་རྣམས་བཙོ་བླག་མཁན་གྱི་འཁྲུ་སར་སོང་ནས་ཆོས་གོས་ཀྱིས་མགོ་དཀྲིས་ཏེ་རྔམ་རྔམ་དུ་བྱ་ཞིང་གོས་འཁྲུ་བ་དེ་ཁྱིམ་པ་དག་གིས་མཐོང་སྟེ་མ་དད་པར་གྱུར་ནས་འདི་གསུངས་སོ། །ཤིང་ལེབ་ཀྱི་སྟེང་གི་ངོས་ལ་གཏད་དེ་གོས་བཀྲུ་བར་མི་བྱའོ། །གཞོང་པ་འཇམ་པོར་བཀྲུ་བར་བྱའོ། །ཆུ་བདེ་བས་སོ་ཞེས་པ་ནི་ཧ་ཅང་མ་དྲོ། ཧ་ཅང་མི་གྲང་བས་ཏེ་དེ་ནི་དྲི་མ་འདག་པའི་ཐབས་བསྟན་པ་ཡིན་ནོ། །ལག་པ་གཉིས་ཀྱིས་མཐར་གྱིས་བསྒྱུར་ཞིང་བཀྲུ་བར་བྱའོ། །ལག་པ་གཉིས་ཀྱིས་མི་ནུས་ན་རྐང་པ་གཉིས་ཀྱིས་བཀྲུ་བར་བྱའོ། །དེ་ལྟར་དུ་ཁྱིམ་པ་ལ་བཀྲུར་གཞུག་ཏུ་རུང་ངོ་། །ཁྱིམ་པ་དེའི་བཀྲུ་བའི་ཚུལ་སྔར་ཇི་སྐད་བསྟན་པ་དེ་ལས་གཞན་གོས་ཆུད་ཟོས་པ་ཉིད་དུ་འགྱུར་བའི་སྤྱོད་པ་བསྲུང་བར་བྱའོ། །ཕྱགས་དར་ཁྲོད་ཀྱི་གོས་ལེགས་པར་བཀྲུས་པ་དང་། བཙེམས་པ་དང་། ཁ་བསྒྱུར་བར་བྱས་ཏེ་བཅང་བར་བྱའོ། །བཤང་གཅི་སོགས་མི་གཙང་བས་གོས་པའི་ཆོས་གོས་མི་བཅང་ངོ་། །བཞི་པ་ནི། ལུང་ཕྲན་ཚེགས་དང་དེའི་འགྲེལ་པ་ལས། པི་པ་ལ་སོགས་པའི་ཚོན་ཞོ་ཅན་རྣམས་ནི་རང་བཞིན་གྱིས་གཤེར་བས་མ་བསྐམས་ཀྱི་བར་དུ་བསྐོལ་ཀྱང་


K8Z004_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་ཕྱིན་པར་མི་ནུས་པས་བསྐམས་ནས་བསྐོལ་བར་བྱའོ། །ཧ་ཅང་ཉི་མ་ཚ་བ་ལ་བསྐམས་ན་ཚོན་ངན་པར་འགྱུར་ལ། གྲིབ་མ་ལ་བསྐམས་ན་ཡང་བརླམ་ཁྱེར་ཏེ་ཧམ་པར་འགྱུར་བས། ཚོན་བཟང་བ་ཉིད་དུ་བྱ་བའི་ཕྱིར་གྲིབ་མ་དང་ཉི་མ་འདྲེས་མར་བརྡུང་ཞིང་བསྐམ་པར་བྱའོ། །ཚོན་གྱི་ནང་དུ་གོས་དག་མེད་པར་བསྐོལ་ལོ། །ཚོན་ལན་གཅིག་བསྐོལ་ནས་ཁུ་བ་རྣམས་སྣོད་གཞན་དུ་བླུགས་ལ། ཚོན་དེ་ཉིད་ལ་སླར་ཡང་ཆུ་བླུགས་ནས་ལན་གཉིས་བསྐོལ་ཅིང་། བྱེ་བྲག་གསུམ་མན་ཆད་དུ་བསྐོལ་བར་བྱའོ། །ཐམས་ཅད་དུ་ལན་གསུམ་བསྐོལ་དགོས་སམ་ཞེ་ན། ཚོན་གྱི་ཁུ་བ་མང་བ་ཉིད་དུ་འདོད་པ་ཉིད་ཡིན་ན་ལན་གསུམ་བསྐོལ་བར་བྱའོ། །དང་པོ་བསྐོལ་བ་བས་ཕྱི་མ་བསྐོལ་བ་རྣམས་ཚོན་གྱི་ཁུ་བ་ཁ་དོག་ཆེས་ངན་པ་ཉིད་དོ། །ཕྱི་མ་ཆེས་ངན་པ་ཉིད་ཡིན་པ་དེའི་ཕྱིར། ཚོན་གྱི་ཁུ་བ་སྔ་ཕྱི་རིམ་པ་གསུམ་པོ་མི་བསྲེ་བར་སྣོད་ཐ་དད་པར་བཞག་གོ། །ཚོན་ཁུ་སྔ་ཕྱི་རིམ་པ་གསུམ་པོ་མི་ནོར་བར་ཤེས་པར་བྱ་བའི་ཕྱིར། འདི་ནི་དང་པོའོ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་སྣོད་ཀྱི་སྟེང་དུ་བྲིའོ། །ལུང་ལས། དགེ་སློང་དག་གིས་དང་པོར་ནི་ཚོན་གསུམ་པ་བླུག །དེའི་འོག་ཏུ་ནི་གཉིས་པ་བླུག །ཚོན་དང་པོ་ལྷག་པར་གྱུར་ནས་བཀའ་སྩལ་པ། སྔར་ཚོན་དང་པོ་ཉིད་དུ་བཀོལ་བ་དང་གོས་རྣམས་སུ་སྦྱར་རོ། །ཞེས་གསུངས་སོ། །ཚོན་འཇེབ་པ་ཉིད་དུ་བྱ་བའི་ཕྱིར་གོས་ཀུན་བསུབས་ལ་ཚོན་དང་སྦྱར་བར་བྱའོ། །ལུང་ལས། ཚོན་ཉིད་དུ་ཆོས་གོས་གཞུག་པར་མི་བྱའི། ཚོན་གྱི་བསྐོལ་བ་དེ་ལས་ཐུན་ཇི་ཙམ་གྱིས་གོས་བངས་པར་འགྱུར་བ་རན་པ་གཅུ་ཞིང་གཞོང་པར་བླུག་གོ། །རན་པར་གཅུ་བ་ཅིའི་ཕྱིར་ཞེ་ན། ཚོན་གྱི་ཐུན་མོང་སྟེ་གཤེར་ཆེས་ན་གོས་ལས་


K8Z004_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

འཛག་ལ། ཚོན་གྱིས་འཐུང་ཉུང་སྟེ་བསྐམས་ཆེས་ན་འགྲིས་པ་སྟེ་ཁལ་ཁོལ་ལུས་པར་འགྱུར་བས་དེའི་ཕྱིར་རན་པར་བླུག་གོ། །ལྔ་པ་ནི། ཐག་པ་འབྲེལ་ཏེ་གཟར་ཐག་ཐང་བཅད་པ་ཉིད་ལ་གོས་ཁ་བསྒྱུར་ནས་བཏགས་ཏེ་བསྐམས་ན་བཟང་ངོ་། །གཟར་ཐག་དེ་ལ་གོས་ཇི་ལྟར་བཏགས་ཏེ་བསྐམ་ཞེ་ན། གོས་དེའི་ངོས་གཅིག་གི་མཐའ་མ་རྣམས་གཟར་ཐག་ལ་འབྱར་བས་སོ། །ཇི་ལྟར་མཐའ་འབྱར་བར་བྱ་ཞེ་ན། དབང་བུ་སྟེ་ཐ་གུའི་ཝང་བུ་དག་གིས་སོ། །འདི་ནི་འགྲེལ་ཆུང་ལས། ཤིང་བུ་ཁ་བྲག་འཛིན་དུ་གཞུག་གོ། །ཞེས་བཤད་ཀྱང་། དབང་བུ་དག་གིས་སོ་ཞེས་པ་ནི་ཆོས་གོས་ཀྱི་གྲྭ་ནས་ཐ་གུས་བཏགས་པ་དག་གིས་སོ་ཞེས་པའོ། །འདི་ལ་གཞུང་ཁུངས་གསུམ་ཡོད་དེ། སྐབས་དེ་ཉིད་ཀྱི་ལུང་ཕྲན་ཚེགས་ལས། གོས་བསྐམ་པ་ན་གཟར་ཐག་ལ་བསྐོན་པས་བར་དུ་ཚོན་མ་ཆགས་ནས་བཀའ་སྩལ་པ། གྲྭ་ནས་ཐ་གུ་བཏགས་ནས་བརྐྱང་ཞིང་བྲེས་ནས་ཟུངས་བཏབ་སྟེ་བསྐམ་པར་བྱའོ། །ཞེས་གསུངས་སོ། །ལུང་དེའི་འགྲེལ་པ་ལས། གྲྭ་ནས་སྐུད་པ་ཐོགས་ལ། ཞེས་བྱ་བ་ནི་གོས་དེའི་མཐའ་མའི་ཕྱོགས་ལ་སྐུད་པ་བཏགས་ཤིང་། སྐུད་པ་དེ་ཤིང་བུ་རིང་པོ་ལ་བསྐོན་ཏེ་གཟར་ཐག་ལ་བཞག་པར་བྱའོ། །ལུང་དག་ཀྱང་ངོ་ཞེས་པའི་ཊཱི་ཀ་ལས་། ཚོན་གྱི་ལས་བྱས་ནས་གཟར་ཐག་ལ་དབང་བུ་མཐའ་འབྱར་བར་བྱའོ། །ཞེས་སྔར་བསྟན་པའི་སྐབས་ཏེ། གོས་གཟར་ཐག་ལ་གདགས་པའི་ཕྱིར། གོས་ཀྱི་གྲྭ་གྲར་ཐ་གུས་གདགས་པ་ལ་ལུང་ཞེས་བྱའོ་ཞེས་བཤད་དོ། །དབང་བུ་དག་གིས་བཟུང་དཀའ་བའི་གོས་རྣམས་རྩྭ་བཏིང་བར་བསྐམ་མོ། །རྩྭ་བཏིང་ནས་བསྐམ་པར་བྱ་ཞིང་། ཚོན་གྱི་ཁུ་བ་ཆོས་གོས་ཀྱི་ཕྱོགས་གཅིག་ཏུ་མི་འཚིག་པར་གོས་མཐའ་དག་ལ་ཚོན་གྱིས་ཁྱབ་


K8Z004_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཕྱིར་ཡང་དང་ཡང་དུ་གོས་བསྒྱུར་བར་བྱའོ། །ཚོན་གསར་པ་ནི་གོས་གསར་པ་དག་ལ་བླུགས་ན་བཟང་ངོ་། །རྙིང་པ་ནི་རྙིང་པ་དག་ལའོ། །གོས་སར་པ་རྣམས་ནི་ཉི་མ་ལ་བསྐམས་ནའོ། །རྙིང་པ་རྣམས་ནི་གྲིབ་མ་ལའོ། །ལུང་ལས། ཆུའི་ནང་དུ་མ་བསུབས་པས་ཆོས་གོས་ཁྲ་བོར་གྱུར་པ་ན། ཚོན་མི་འགྲིས་པ་སྟེ་ཁལ་ཁོལ་མེད་པར་བྱ་བའི་ཕྱིར། ཕྱི་དེ་ཉིན་པར་ཉི་མ་གཞན་ལ་ཆུའི་ཐུན་ཇི་ཙམ་གྱིས་བངས་པར་འགྱུར་བ་བླུགས་སོ་ཞེས་སོ། །གཙུག་ལག་ཁང་གི་ཁྱམས་ཀྱི་བང་རིམ་དང་འཆགས་སར་གོས་ཁ་བསྒྱུར་བའི་ཚོན་གྱི་ལས་མི་བྱའོ། །གཙུག་ལག་ཁང་དུ་མི་བྱའོ། །གཙུག་ཁང་དེའི་སྟེང་དུ་བྱའོ། །ཆབ་ཁུང་ལ་སོགས་པ་འཐོར་འཐུང་བྱ་བའི་ཉེན་ཀོར་དུ་ཚོན་གྱི་ལས་མི་བྱའོ། །ཚོན་གྱི་ལས་བྱ་བའི་ཕྱོགས་དེར་ཞལ་ཞལ་བྱའོ། །གལ་ཏེ་ས་གཞི་དེ་རྡོ་ཐལ་གྱིས་བྱུགས་པ་ཡིན་ན་བཀྲུའོ། །གལ་ཏེ་ཚོན་གྱི་ལས་བརྩམས་པ་ན་རླུང་དང་ཆར་འོང་ན་ཁྱམས་སུ་བྱའོ། །ཁྱམས་སུ་ཚོན་གྱི་ལས་བྱས་ཟིན་ནས་ཕྱོགས་དེར་གཅི་བའམ་སས་བྱུག་པར་བྱའོ། །གཉིས་པ་ནི། ལུང་ཕྲན་ཚེགས་ལས། ཤིན་ཏུ་བཟང་མོས་གོས་རབ་ཏུ་བཅགས་ཤིང་བ་སོས་ཕྱིས་པ་འཚེར་བ་དག་མཛེས་དགའ་པོ་ལ་མཉན་ཡོད་དུ་བསྐུར་བ་ན། མཛེས་དགའ་བོས་དེ་གྱོན་ཏེ་དགེ་སློང་རྣམས་ཀྱི་མདུན་དུ་བགྱིང་བག་ཏུ་རློམ་ནས་བཀའ་སྩལ་པ་འདི་ནི་མཛེས་པ་མ་ཡིན་ཅིང་འཚམས་པ་མ་ཡིན་ནོ། །ཞེས་སོ། །དར་གོས་ལ་སོགས་པ་བཅག་པ་དང་། བརྡབས་པས་རུང་བར་མ་གྱུར་པ་ནི་གོས་ཁ་དོག་འཚེར་བ་མ་ཉམས་པར་ཏེ་ལོངས་སྤྱོད་པ་བསྟེན་པར་མི་བྱའོ། །ཕྲན་ཚེགས་ཀྱི་འགྲེལ་པ་ལས། བ་སོས་བརྡབ་པ་ནི་གླང་པོ་ཆེའི་སོས་ཇི་སྲིད་གཟུགས་བརྙན་སྣང་བ་བརྡར་ཞིང་འཚེར་བ་ཞེས་སོ། །


K8Z004_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བཅག་བརྡབ་དེ་གཉིས་ཀྱི་ཁྱད་པར་ནི། འགྲེལ་པ་དེ་ཉིད་ལས། ཕྱོགས་གཅིག་བརྡུང་བའི་ཕྱིར་བཅག་པའོ། །ཕྱོགས་གཉིས་ཀ་ནས་བཅག་པའི་ཕྱིར་བརྡབ་པ། ཞེས་སོ། །ཟིལ་པས་བརླན་ནས་ལག་པས་མ་མཉེས་ན་ཡང་འཚེར་བ་ཡལ་བར་མ་གྱུར་ན་ཆུའི་ནང་དུ་བསུབ་པར་བྱའོ། །དེ་ལྟར་བྱས་ཀྱང་འཚེར་བ་མ་ཡལ་ན་ཡོངས་སུ་སྤྱད་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་ལུང་ཕྲན་ཚེགས་ལས་གསུངས་སོ། །འདི་ལ་མདངས་འཚེར་བ་ཉམས་པ་ནི་རུང་བའི་གོས་ཉིད་ཡིན་ནོ། །ཅིས་འཚེར་བ་ཉམས་ན་ཆུས་བརླན་པ་ཉིད་ནའོ། །གོས་དེ་ལ་ཆུའི་ཟིལ་པས་བརླན་ན་ལག་པས་མཉེ་བས་འཚེར་བ་དེ་ཉམས་པར་བྱ་སླའོ། །ཤམ་ཐབས་བགོས་པའི་སྟེང་དུ་སྐ་རགས་བཅིང་ངོ་། །སྐ་རགས་ནི་ཤུར་བུའམ་སྟེ། ཊཱི་ཀ་ལས། སྐུད་པ་མང་པོ་ལས་བཏགས་པ་སྲབ་མོ་ཞེང་ཆེ་བ། ཞེས་སོ། །ལྕག་པོད་དམ་ཞེས་པ་ནི། ཊཱི་ཀར། ལྷས་མ་གྲུ་བཞིར་འདུག་པའོ། །ཞེས་སོ། །ལྷས་མ་ནི་རྩང་པའི་སྐད་དེ་ལན་བུའི་མིང་ངོ་། །ལྷས་མ་གྲུ་བཞི་ནི་ལན་བུ་གྲུ་བཞི་སྟེ་ངང་མོ་འདྲིལ་ལོ་ཞེས་ཀྱང་གསུངས་སོ། །ཕྲན་ཚེགས་འགྲེལ་པ་ལས། སྲད་བུ་ཟུར་བཞི་པ་ནི་ལྕག་པོད་དོ། །ཞེས་སོ། །རྒྱ་ཅང་ངམ་ཞེས་པ་ནི་སྐུད་པ་མང་པོ་ལས་བཏགས་པ་ཉིད་དབུས་ཁོངས་སྟོང་དུ་འདུག་པའོ་ཞེས་ཊཱི་ཀ་ལས་སོ། །རྒྱ་ཅང་ནི་སྐ་རགས་སྦྲུལ་གྱི་མགྲིན་པ་ལྟ་བུ་ཞེས་ལྷ་ཡིའོ། །ཤུར་བུ་ཕྲེའུས་སོ་ཞེས་པ་ནི་སྐུད་པ་ཕྲ་མོ་ལས་བཏགས་པ་མདོ་མདོར་བུ་གུ་ལྔའམ་དྲུག་གཏོད་པའོ་ཞེས་སོ། །སྐ་རགས་མ་བཅིངས་པར་གྲོང་དུ་འཇུག་པར་མི་བྱའོ། །སྐ་རགས་ཁྲིས་གཅིག་གིས་ཀྱང་གྲོང་དུ་འཇུག་པར་མི་བྱའོ། །ཚིགས་འདི་ཉིད་ཀྱི་ཊཱི་ཀ་ལས། སྐ་རགས་ཀྱི་ཁྲིས་གཅིག་གིས་བཅིངས་ན་དེ་ལྟར་ན་ཡང་རུང་བའོ། །ཞེས་སོ། །དེ་ལ་བརྟེན་ནས་ཁྲིས་གཅིག་


K8Z004_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཀྱང་རིང་ངོ་ཞེས་སྔ་མ་རྣམས་འཆད་ཀྱང་། འོན་ཀྱང་ཊཱི་ཀ་ཡི་གེ་ཆད་པ་སྟེ། ཚིག་འདི་ཉིད་ཀྱི་རང་འགྲེལ་ལས། སྐ་རགས་ཀྱི་ཁྲིས་གཅིག་གིས་བཅིངས་ན་དེ་ལྟར་ན་ཡང་མི་རུང་ངོ་ཞེས་པ་དང་། གོས་གཞི་རྫོགས་ཀའི་སྐབས་ཀྱི་མདོ་རྩ་བ་ཉིད་ལས། ཁྲིས་གཅིག་གིས་ཀྱང་མི་བྱའོ་ཞེས་གསུངས་པ་དང་། འདིའི་ཊཱི་ཀ་ཉིད་ལས། སྐ་རགས་ཁྲིས་གཅིག་གིས་བཅིངས་པས་ཀྱང་གྲོང་དུ་འཇུག་པར་མི་བྱའོ། །ཞེས་པ་དང་། ལུང་མ་མོ་ལས། སྐ་རགས་མདུད་པ་བོར་བས་ཀྱང་གྲོང་དུ་མ་འགྲོ་ཞིག །སོང་ན་ཉེས་བྱས་སུ་འགྱུར་རོ། །ཞེས་གསུངས་པས་གཞུང་བཞི་པོ་དེ་དག་ངེས་པར་བཟུང་ངོ་། །ཚོམ་བུ་ཅན་དང་ཞེས་པ་ནི་གསེར་སྐུད་ཀྱི་ཤར་པ་གསུམ་མམ། བཞི་ཚོམས་ལ་མདོ་མདོར་ནོར་བུས་སྤྲས་པའོ་ཞེས་ཊཱི་ཀ་ལས་སོ། །ཚར་ཚར་ཅན་དང་ཞེས་པ་ནི། ཊཱི་ཀ་ལས། གསེར་ལས་བྱས་པའི་ཚར་ཚར་གྲོག་སྒལ་གྱི་བར་རིལ་བུ་ཅན་གསེར་སྐུད་ཀྱིས་བརྒྱུས་པ་ཐོག་མར་དྲིལ་བུ་གཡེར་ཁ་འཕྱང་བའི་འོག་པགས་གང་ཡིན་པའོ། །ཞེས་སོ། །ཟླ་གམ་ཅན་དང་ཞེས་པ་ནི། ཊཱི་ཀ་ལས། གསེར་ལས་བྱས་པའི་རྒྱན་ཟླ་གམ་གྲུ་གསུམ་དག་གིས་བརྒྱན་པ་ནི་འོག་པག་གོ། །ཞེས་སོ། །གསེར་སྐུད་ནི་གསེར་ལས་བྱས་པའི་ལུ་གུ་རྒྱུད་རྒྱན་མ་ཡིན་པ་མ་ཡིན་ནོ་སྟེ་རྒྱན་ཁོ་ན་ཡིན་ནོ། །རྒྱན་ཐོགས་པར་བསྟེན་པར་མི་བྱའོ་ཞེས་སྨོས་པས་དེ་དག་ཀྱང་བཀག་པའོ། །ཟ་འོག་དང་ཚོན་རིས་དང་སྐུད་རིས་དང་ཕྲ་བཀོད་པ་ལ་སོགས་པ་ཁྲ་བོར་བྱས་པའི་གོས་ཀྱང་རྒྱན་དེ་དང་འདྲའོ། །རས་ལ་སོགས་པའི་གཞི་མ་བཏིང་བའི་སར་ཆོས་གོས་བཞག་པར་མི་བྱའོ། །ཊཱི་ཀ་དང་ལུང་ལས། ཆོས་གོས་དག་གྱོན་ཏེ་ས་ལ་འཁོད་པར་མི་བྱའོ། །ཞེས་སོ། །མི་གཙང་བའི་ཕྱོགས་སུ་མི་བཞག་གོ། །


K8Z004_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བརྟུལ་བ་སྟེ་ཐབས་གཞན་ཡོད་ན་ཁུར་ལྕི་བས་ཆོས་གོས་མི་མནན་ནོ། །ཐབས་གཞན་ཡོད་ན་ཁུར་ལྕི་བས་མནན་པར་མི་བྱའོ་ཞེས་བསྡུས་པ་ལས་གསུངས་སོ། །ཐབས་ཡོད་ན་ཁུར་ལྕི་བས་མི་བསྐྱེད་ཞིང་འགྲེལ་ཆུང་གི་མདོ་རྩ་བ་ལས་གསུངས་སོ། །དེའི་འགྲེལ་ཆུང་ལས། ཆོས་གོས་གཟན་དུ་བོར་ཞིང་ཁུར་མི་བསྐྱེད། ཅེས་སོ། །སྟོད་གཡོགས་སྨད་གཡོགས་གོ་ཟློག་པ་སོགས་གཞན་དུ་སྤྱད་པས་ཡོངས་སུ་སྤྱད་པར་མི་བྱའོ། །བཤང་བ་དང་གཅི་བ་བྱ་བ་དང་། མི་གཙང་བའི་བྱི་དོར་བྱ་བའི་སྐབས་དག་ཏུ་བླ་གོས་བསྒོ་བ་བསྟེན་པར་མི་བྱའོ། །བླ་གོས་ཀྱི་སྟེང་དེར་ཉལ་བར་མི་བྱའོ། །སྣམ་སྦྱར་གོན་པའི་གནས་སྐབས་དྲུག་འདིར་སྟོན་ཏེ། བསོད་སྙོམས་ལ་རྒྱུ་བ་དང་། མཆོད་སྟོན་དང་། མཆོད་རྟེན་ལ་ཕྱག་བྱ་བ་དང་། ལུང་ལས། བླ་མ་ལ་རྗེས་བྱ་བ་དང་། དགེ་འདུན་འཚོགས་པ་དང་། གདམས་ངག་དང་། ཆོས་མཉན་པ་ཉམས་སུ་མྱོང་བ་ལས་གཞན་པའི་བྱ་བ་ལ་སྣམ་སྦྱར་བསྒོ་བར་མི་བྱའོ། །དེ་དག་གི་སྟེང་དུ་གློ་བུར་དུ་འོང་བས་གཙུག་ལག་ཁང་དུ་འཇུག་པ་ན་ཡང་སྣམ་སྦྱར་གྱོན་པ་སྟེ། ཆོས་གོས་གསུམ་གྱོན་ཏེ་སྤྱོད་ལམ་ཞི་བས་གཙུག་ལག་ཁང་དུ་འཇུག་པར་བྱའོ། །ཞེས་གསུངས་པས་སྣམ་སྦྱར་གྱོན་པའི་གནས་སྐབས་བདུན་ནོ། །འགྲེལ་ཆུང་ལས། འདི་རྣམས་ལ་གྲོང་བར་དུ་མི་གྱོན་ན་ཉེས་བྱས་གཞན་དུ་ཉེས་པ་མེད་དོ། །ཞེས་བཤད་པའི་རྗེས་སུ་འབྲངས་ནས་བསོད་སྙོམས་དང་གྲོང་དུ་འགྲོ་བ་གཉིས་ལ་སྣམ་སྦྱར་གྱོན་པ་བསྒྲུབ་པའི་བསླབ་པའོ། །གཞན་རྣམས་ནི་གནང་བའི་བསླབ་པའོ། །སྣམ་སྦྱར་དེ་ལ་དེའི་སྟེང་དུ་འདུག་པའམ་ཉལ་བར་མི་བྱའོ། །སྣམ་སྦྱར་གྱི་ནང་དུ་བཅུག་སྟེ་དངོས་པོ་འགའ་ཡང་བསྐུར་བ་ལ་སྦྱར་བར་མི་བྱའོ། །ལག་པ་མ་གཏོགས་པ་ལུས་ལ་སྣམ་སྦྱར་རེག་


K8Z004_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒོ་བར་མི་བྱའོ། །མཆན་ཁུང་གཡས་པའི་དྲོད་ཀྱིས་དེ་མ་རུང་བར་འགྱུར་རོ། །དེ་ལྟར་མི་འགྱུར་བར་བྱ་བའི་ཕྱིར་ཕྱོགས་དེར་དེ་ལ་གོས་གླན་པར་བྱའོ། །དེའི་ཚད་ནི་སྲིད་དུ་ཁྲུ་ཕྱེད་དང་དོ་དང་། ཞེང་དུ་མཐོ་གང་ངོ་། །གོས་དེ་ངོས་གཉིས་ཀར་སྐུད་པའི་ཟུངས་ཀྱིས་སྦྱར་རོ། །དུས་དུས་སུ་དེ་བཀྲུ་བ་དང་བསྐམས་པ་དང་ཁ་བསྒྱུར་བར་བྱའོ། །སྣམ་སྦྱར་ལ་གླན་པའི་གོས་དེའི་དེ་ནི་བཙག་གིས་སོ་ཞེས་ཁ་བསྒྱུར་རོ། །གདོང་ཕྱིས་བཅང་བར་བྱའོ། །གདོང་ཕྱིས་ལ་ཡང་ཆོ་ག་བྱ་སྟེ། ཊཱི་ཀའི་སྐབས་གཞན་ལས། གདོང་ཕྱིས་ཀྱི་མཐའ་དྲིལ་ཏེ་བཙེམ་ཞིང་རང་ཆགས་བྱའོ། །ཞེས་སོ། །ལག་ཕྱིས་ཀྱང་བཅང་བར་བྱ་སྟེ། ཊཱི་ཀ་ལས། གདོང་ཕྱིས་ནི་ལག་ཕྱིས་ལ་སོགས་པ་དག་གི་དཔེ་ཡིན་ནོ། །ཞེས་སོ། །དགེ་སློང་གང་གི་ལུས་ལ་ཁྲག་གམ་རྣག་འཛག་པས་རྣག་གཟན་བཅང་ངོ་། །རྣག་གཟན་དེ་ཆོས་གོས་ཀྱི་ནང་དུ་བསྒོའོ། །རྣག་གཟན་དེ་ལུས་ལ་འབྱར་ན་བསྐ་བའི་ཆུ་ཤིང་པིབ་པ་ལ་སོགས་པའི་ཤུན་པ་དང་སྦྱར་བའི་ཆུའམ། སོ་ཕག་གི་བྱེ་མ་དང་སྦྱར་བའི་ཆུས་སྦངས་ཏེ་དལ་བུས་ཁད་ཀྱིས་དགག་པར་བྱའོ། །རྣག་གཟན་ལ་རྣག་ཁྲག་འབྱར་ན་རྣག་དང་ཁྲག་དག་ཀྱང་བསྐ་བའི་ཆུ་ཞེས་སོགས་སྔ་མར་སྦྱར་རོ། །དུས་དུས་སུ་རྣག་གཟན་དེ་བཀྲུ་བ་དང་། བསྐམས་པ་དང་ཁ་བསྒྱུར་བར་བྱའོ། །རྣག་གཟན་དེའི་ཁ་བསྒྱུར་བ་དེ་ནི་བཙག་གིས་བཟང་ངོ་། །འཛག་པ་དེའི་འཛག་པ་བསྐམས་པ་དང་། ཤ་བཀྲར་མི་འགྱུར་བ་དེ་ལ་སྨན་དུ་ནི་སའི་སྙིང་པོ་བཟང་ངོ་སྟེ་བོང་བ་བསྲེགས་པའི་ཐལ་བ་བཟང་ངོ་ཞེས་ཀ་མི་གསུང་ངོ་། །ཆོས་གོས་དག་གར་བབ་བབ་ཏུ་མི་བཞག་གོ། །ཆོས་གོས་བཞག་པ་དེའི་དོན་དུ་གོས་འགེལ་བའི་ཕྱིར་གདང་བུ་བཅའོ། །གོས་ཀྱི་གདང་བུ་བཅའ་


K8Z004_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེའི་དོན་དུ་རྩིག་ངོས་ལ་སྦུབས་ཁུང་བྱའོ། །གང་གི་ཚེ་སྦུབས་ཁུང་གདོད་ཅེ་ན། གཙུག་ལག་ཁང་རྩིག་པའི་ཚེ་ནའོ། །གཙུག་ལག་ཁང་བྱས་ཟིན་ན་སྦུབས་ཁུང་བྱ་བའི་ཕྱིར་གཙུག་ལག་ཁང་ལ་བུ་གུ་མི་བྱའོ། །གང་ཟག་སྒོས་ཀྱི་ཁང་ཁྱིམ་ལ་ཡང་དེ་བཞིན་ནོ། །ཆོས་གོས་བཞག་པའི་གདང་བུ་དེ་ནི་ཤིང་བུའམ་ཐག་པས་འགྲུབ་བོ། །ཆོས་གོས་ཀྱི་སྣོད་གཏུར་བུའི་ནང་དུ་གོས་དག་བཅུག་ནས་གོས་དག་བསྐུར་ན་བཟང་ངོ་། །གཏུར་བུ་དེ་བྱའོ། །དེའི་ཚད་ནི་སྲིད་དུ་ཁྲུ་གསུམ་དང་ཞེང་དུ་ཕྱེད་དང་གསུམ་ཉིས་བལྟབ་ཏུ་བྱས་ཏེ་བཅོམ་མོ། །འོུ་ན་ལུང་ཕྲན་ཚེགས་ལས། གཏུར་བུ་ནི་རས་གང་ཆུར་ཁྲུ་གསུམ། ཞེང་དུ་ཁྲུ་ཕྱེད་དོ་པ་དེ་གཉིས་སུ་བལྟབ་ལ་དྲུབ་པར་བྱའོ། །ཞེས་གསུངས་པ་དང་། འགྲེལ་ཆུང་གི་མདོ་རྩ་བ་ཉིད་ལས་ཀྱང་ཁྲུ་གསུམ་དང་ཕྱེད་དང་དོ་སྦྱར་བ་དེ་བཅོམ་ཞེས་པ་དང་། འགྲེལ་ཆུང་དང་བསྡུས་པ་ལས་ཀྱང་། ཞེང་དུ་ཁྲུ་ཕྱེད་དང་དོ་བྱ། ཞེས་བཤད་པ་སྟེ། དེ་ལྟར་གཞུང་བཞི་དང་གཞུང་འདི་འགལ་ཅེ་ན། གཞུང་འདིར་བཤད་པ་འདི་ནི་ཆོས་གོས་བཞི་ལྟེབ་ཏུ་འཇུག་པའི་དབང་དུ་བྱས་པ། ལུང་ལས་གསུངས་པ་དེ་ནི་ཆོས་གོས་བརྒྱད་བལྟབ་ཏུ་བྱས་ཞེས་རྒྱ་གསུངས་སོ། །གཏུར་བུ་དེའི་དབུས་སུ་ཁ་གདོད་དོ། །གཏུར་བུའི་ཁ་དེར་ཁ་རན་སྦུ་གུ་ཅན་བྱའོ། །ཁ་རན་སྦུ་གུ་ཅན་ཅི་ལས་བྱ་ཞེ་ན། ཐ་གུ་ལས་སོ། །གཏུར་བུའི་དབུས་སུ་ཁ་གཏོད་པ་དེའི་ཁའི་མུ་གཡས་གཡོན་གཉིས་ཀ་ལ་ཐ་གུ་ཁུག་པ་དུ་མ་ཡོད་པ་བྱ་སྟེ། ཁ་རན་སྦུ་གུ་དུ་མ་ཡོད་པར་བྱའོ། །ཁ་རྒྱན་དེ་ཁའིི་བསྡུས་པའི་སྲད་བུ་གཞན་ཡང་གདགས་པའོ། །ཁ་རྒྱན་དེ་ནི་ཁ་རན་གཡས་ངོས་ཀྱི་ཐ་གུའི་ཁུག་པ་བཙུགས་ནས་ཁ་རན་གཡོན་ངོས་ཀྱི་ཐ་གུའི་ཁུག་པ་ལ་གཞུག་ཅིང་། དེ་ལྟར་ཁ་རན་ཕན་ཚུན་གཉིས་ཀྱི་ཐ་གུའི་ཁུག་པ་ལ་ཁ་རྒྱུན་དེས་


K8Z004_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་བའོ། །ལུང་ལས། སྲད་བུ་དྲ་བ་ལྟ་བུ་བྱས་ལ་སྲད་བུ་གཞན་གྱིས་བརྒྱུ་བར་བྱའོ། །ཞེས་སོ། །འགྲེལ་ཆུང་ལས་ནི། གཏུར་བུ་ཁ་བཅད་པའི་ཕྱིར་སྒྲོ་གུ་གཅིག་གི་མིག་ཏུ་གཅིག་གཞུག་སྟེ། ལུ་གུ་རྒྱུད་དུ་བཙེམ་ཞེས་ཀྱང་བཤད་དོ། །གོས་འཕྲལ་དུ་ལོངས་སྤྱད་པར་བྱ་བ་དག་གཏུར་བུའི་ཁ་ལོགས་སྟེང་དུ་གཞུག་གོ། །གཉིས་པ་ནི། སང་འགྲོ་བར་འགྱུར་བ་ཉིད་ན་བླ་མ་ལ་ཞུས་ཏེ་གནང་ན་འགྲོའོ། །འགྲོ་ཁར་གང་དུ་གནས་པའི་རང་གི་གནས་སུ་ཆག་ཆག་ལ་སོགས་པ་བྱས་ཏེའོ། །དགེ་སློང་ལམ་དུ་ཆོས་དང་ལྡན་པའི་གཏམ་གྱིས་སམ། འཕགས་པའི་མི་སྨྲ་བ་ཉིད་ཀྱིས་འགྲོ་བར་བྱའོ། །ངལ་གསོ་བའི་གནས་སུ་གཙུག་ལག་དག་གི་ཚིགས་སུ་བཅད་པ་འདོན་ནོ། །ཞེས་པ་ལ་སོགས་པ་འདུལ་བ་ལས་སྤྱིར་ན་ཚིགས་བཅད་གདོན་པའི་སྐབས་བཅུ་བདུན་ཡོད་དེ། ངལ་གསོ་གནས་དང་ཆུ་བཅུས་པ་ན་ཆུ་བདག་པོ་ཁྲོམ་པ་བྱེད་པོ་ལ་སོགས་པའི་ཕྱིར་དང་ཆུ་ལྷའི་ཕྱིར་དང་། །ཆུ་ལོངས་སྤྱོད་དང་ཆུ་འཐུང་བ་དང་ཁྲུས་བྱེད་པ་ན་ཡང་ཁྲོན་པ་ལ་སོགས་པ་བྱེད་པ་དང་། དེའི་ཆུ་ལྷ་རྣམས་ཀྱི་ཕྱིར་སྦྱིན་པའི་རབ་དང་མཐུན་པའི་ཚིགས་སུ་བཅད་པ་གདོན་པར་བྱའོ་སྦྱིན་བདག་ཟས་སྤྱོད་དང་། །སྦྱིན་བདག་གིས་བསྔོ་བ་ངན་པ་བཟློག་དང་མོད་བསྐུལ་ནི་གཙུག་ལག་ཁང་གི་བདག་པོ་དང་ལྷ་རྣམས་ཀྱི་ཕྱིར་ཚིགས་བཅད་རེ་རེ་སྟེ་དེ་ལྟར་གཉིས། །ལྷུང་བཟེད་ཀྱི་ཆུ་སྦྱིན་པ་དང་དྲི་གཙང་ཁང་དུ་འཇུག་དང་། །མཆོད་རྟེན་ལ་སོགས་པའི་གྲིབ་མ་འགོང་ངན་མཚོན་པ་སྟེ་རྣམ་ལྔ་མཎྜལ་བྱས་པ་ལྟ་བུ་དཀོན་མཆོག་གི་ཕྱགས་དར་བྱས་པ་དང་ཞལ་ཞལ་བྱས་པ་ལ་གཙུག་ལག་ཁང་གི་ཚིགས་སུ་བཅད་པ་གདོན་ཅིང་འགོམ་མོ་ཞེས་སོ་དང་ཕྱི་རོལ་མུ་སྟེགས་པ་དང་འཇིག་རྟེན་པའི་ལྷ་གནས་དེར་ཕྱིན་པ་དང་། །བསོ་ཁང་བསྟེན་པའི་མཇུག་ཏུ་དང་ལྗོན་ཤིང་གཅོད་ནུས་དང་། །སྤོང་བ་པ་ཡི་ཅི་བདེར་བྱ་བ་དང་། །ཁྱིམ་དུ་མཚན་མོ་གནས་པ་


K8Z004_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

དང་རོ་བསྲེག་ནི་ལུང་ལས་དངོས་སུ་མ་གསུངས་ཀྱང་རོ་བསྐྱབ་པའི་གནས་སུ་ལུང་ལས་རྒྱུན་ཆགས་གསུམ་གྱི་ཆོས་མཉན་པ་བྱིན་ནས་འདོང་བར་བྱའོ་ཞེས་གསུངས་པ་ལ་སོགས་པའོ། །ཞེས་བསྡུས་པའི་ཚིགས་སུ་བཅད་པའོ། །དེ་ཡང་དང་པོ་ལྔ་ལ་སྦྱིན་པ་རབས་མཐུན་གྱི་ཚིགས་སུ་བཅད་པ་གདོན་ནོ། །དེའི་འོག་བདུན་ལ་ཆོས་ཀྱི་ཚིགས་སུ་བཅད་པ་གང་ཡང་རུང་བ་གདོན་ནོ། །ཐ་མ་ལྔ་ལ་རྒྱུན་ཆགས་གསུམ་པ་ཚིགས་སུ་བཅད་པར་ཡང་གདོན་རུང་ལ་ལྷུག་པས་ཀྱང་ངོ་། །འབབ་ཆུའམ་ཁྲོན་པ་ལ་སོགས་པའི་ཆུ་བཅུས་པར་ཡང་ངོ་། །སུའི་ཕྱིར་གདོན་ཞེ་ན། ཆུ་དེ་གང་གི་ཡིན་པ་ཡུལ་གྱི་བདག་པོའམ་ཁྲོན་པའི་བདག་པོ་དེའི་ཕྱིར་རོ། །ཚིགས་བཅད་བཀླག་པ་ནི་ཁྲོན་པའམ། ཡུར་བ་འདྲེན་པའི་མི་དེ་ཉིད་ཀྱི་ཕྱིར་བསྔོ། འབབ་ཆུ་ནི་རྒྱལ་པོ་ལ་བསྔོ་ཞེས་སོ། །ཆུ་བཅུས་པའི་གནས་དེར་ཆུའི་ལྷ་རྣམས་ཀྱི་ཕྱིར་ཡང་གཙུག་ལག་གི་ཚིགས་བཅད་གཞན་གདོན་ནོ། །ལམ་དུ་ཞག་ལོན་པར་གནས་པས་ནི་རྒྱུད་ཆགས་གསུམ་པའོ། །འབབ་ཆུ་དཀོན་པའི་ཡུལ་དུ་ཁྲོན་པ་ལ་བལྟོས་ཤིང་འགྲོ་བའི་ཚེ་ན་དཔྱང་ཐག་བཅང་བར་བྱའོ། །དེའི་སྲིད་ཚད་ནི་ཁྲུ་བརྒྱ་ཡན་ཆད་ནས་བརྒྱ་ལྔ་བཅུ་མན་ཆད་དོ། །ལུང་ཁ་ཅིག་ལས་ནི་དཔྱང་ཐག་གི་ཚད་ཡུལ་གྱི་ཁྲོན་པའི་དོང་རིང་ཐུང་གིས་རྗེས་སུ་མཐུན་པ་བཅང་བར་བྱའོ་ཞེས་སོ། །དཔྱང་ཐག་དེ་མེད་པ་ཁྲོན་པའི་ཆུ་མ་ཡིན་པ་སྟེ། འབབ་ཆུ་དཀོན་པའི་ཡུལ་ཀུན་ཏུ་རྒྱུ་བར་མི་བྱའོ། །དགེ་སློང་ལམ་དུ་འགྲོ་བས་གཙུག་ཁང་དུ་ཕྱིན་ཉེ་བ་ན། ཆོས་གོས་སྤྲུག་ཅིང་ཁྲུས་བྱ་བའམ་རྐང་ལག་བཀྲུས་ཏེ་ཆུ་ཐོགས་ནས་མཆིལ་ལྷྭམ་ཕྱིས་ཤིང་། ཆོས་གོས་གསུམ་གྱོན་ཏེ་སྤྱོད་ལམ་ཞི་བས་གཙུག་ལག་ཁང་དུ་འཇུག་པར་བྱའོ། །གཙུག་ལག་ཁང་གཞན་དུ་སོང་ནས་གཉུག་མར་གནས་པའི་དགེ་སློང་རྒན་རིམ་བཞི་ཙམ་ལ་ཕྱག་བྱས་ནས་ཐ་


K8Z004_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མལ་པའི་ཕྱོགས་སུ་བསྡད་པར་བྱའོ། །དེ་ན་སྡོད་ཅིང་གཞན་དང་ཕྲད་པའི་ཚེ་སྒྲ་བསྐྱུང་བ་དང་། མཛེས་པ་དང་། ཤིན་ཏུ་བསྡམས་པ་དང་། སྤྱོད་ལམ་རན་པར་རོ། །གློ་བུར་དུ་འོང་བ་དེའི་མིང་དང་གནས་ལ་སོགས་པ་རྒྱུས་ཤེས་པ་དང་ལྡན་པས་བསུ་བར་བྱའོ། །དེའི་མིང་ལ་སོགས་པ་རྒྱུས་མི་ཤེས་ན་མུ་གཅིག་པ་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཀྱང་བསུ་བར་མི་བྱའོ། །དགེ་སློང་བྲང་ཁང་གི་བདག་པོས་དགེ་སློང་གཞན་ལ་འདི་སྐད་ཅེས་གནས་འདིའི་སྒོ་ཆོད་ལ་གཞན་སུ་ཡང་ནང་དུ་མ་བཏང་ཞིག །ཁོ་བོའམ་གཞན་གྱི་རྫས་ཚོལ་ན་མ་སྦྱིན་ཅིག །ཐུག་ཐུབ་ཏུ་ལེན་ན་ཟློག་ཅིག །ཅེས་བཅོལ་བ་ན། དགེ་སློང་གཞན་དེས་ཀྱང་དེ་ཁས་བླངས་ནས་ཡལ་བར་བོར་ཏེ་སྒོ་ཡང་མ་བཅད། ཚོལ་ན་ཡང་བྱིན། ལེན་ན་ཡང་མ་བཟློག་པར་རམ། དགེ་སློང་གཞན་ཞིག་གིས་དགེ་སློང་བྲང་ཁང་གི་བདག་པོའི་གནས་སུ་གང་ཟག་གཞན་ཞིག་ཁྲིད་དེ་འོང་ཞིང་འདི་སྐད་ཅེས་མི་འདི་ཁོ་བོའི་གྲོགས་ཡིན་ནོ། །འདི་ནང་དུ་འཇུག་ན་སྒོ་མ་བཅད་ཅིག་ཅེས་བྱ་བ་ལ་སོགས་པའི་ཚིག་གིས་ཡིད་གཅུགས་པའི་དངོས་པོ་ཉིད་དུ་བསྒྲུབ་པ་ལས་བརླག་པར་གྱུར་ན་གཞལ་བར་བྱ་བ་ཉིད་ཡིན་ནོ། །དགེ་སློང་ལ་གཞན་གྱིས་ཆོས་གོས་ལ་སོགས་པ་བཅོལ་ཏེ་བཞག་པ་ལས། བདག་པོ་དེ་མ་ཡིན་པ་ཞིག་ལེན་དུ་འོངས་ཏེ་རྗས་དེ་བདག་པོས་ཁོ་བོ་ལ་བྱིན་གྱིས་སྐུར་ཅིག་ཅེས་ཟེར་ན། དེ་ལ་བསྐུར་དུ་རུང་ངམ་ཞེ་ན། ཡིད་ཆེས་པ་ལ་བསྟབ་པར་བྱའོ། །ལུང་སིལ་བུ་ལས། གཏན་ཚིགས་ཡོད་ན་བྱིན་ཅིག །ཅེས་སོ། །གང་ཟག་གཞན་གྱི་རྒྱུས་མི་ཤེས་པའི་ཚིག་གི་བྱེ་བྲག་གམ། ལག་རྟགས་ལ་སོགས་པའི་བྱེ་བྲག་བརྟགས་པ་ནི་ལེན་པ་པོ་དེས་ཚིག་བདེན་རྫུན་བགམ་པའི་ཐབས་ཡིན་ནོ། །


K8Z004_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་སིལ་བུ་ལས། གཏན་ཚིགས་ཀུན་གྱིས་ཤེས་ཤིང་གྲགས་པར་ཕྲིན་སྤྲིང་བ་སྟེ། དེ་གཞན་གྱིས་ཐོས་ནས་བརྐུས་པ་དང་བཀའ་སྩལ་པ། གསངས་ཏེ་གཏན་ཚིགས་སྨྲོས་ཤིག །དེའང་གཏན་ཚིགས་འདི་འདྲ་བར་ཤེས་པ་ཞིག་འོངས་ན་དེ་ལ་བྱིན་ཅིག་ཅེས་བསྒོའོ་ཞེས་སོ། །ལྷུང་བཟེད་དམ་གཏུར་བུ་ལ་སོགས་པ་དགེ་སློང་གཅིག་གི་ལག་ནས་གཅིག་ཏུ་བཏང་བའི་ཚེ་ན་དབུལ་བར་བྱ་བའི་དངོས་པོའི་ལག་ཏུ་མ་སོན་པར་ལྷུང་སྟེ་ཆག་པའམ་ཆུ་བོས་ཁྱེར་བ་ལ་སོགས་པར་གྱུར་པ་ནའོ་སྟེ། གཞལ་བར་བྱ་བ་ཉིད་ཡིན་ནོ་ཞེས་སྔ་མར་སྦྱར་ཏེ་སྟོབ་པ་པོ་དེས་དེའི་རིན་གཞལ་བར་བྱ་དགོས་སོ། །ཐམས་ཅད་དུའམ་ཞེ་ན། གལ་ཏེ་ལེན་པ་པོས་དངོས་པོ་དེ་མ་བླངས་པར་སྟོབ་པ་པོ་དེས་བཏང་སྟེ་ལྷུང་ཞིང་ཆུད་ཟོད་ནའོ་སྟེ། སྟོབ་པ་པོ་དེས་གཞལ་དགོས་སོ། །གལ་ཏེ་ལེན་པ་པོས་དེ་བླངས་ཟིན་ནས་དངོས་པོ་དེ་ལྷུང་ཞིང་ཆུད་ཟོས་ན་ནི། ལེན་པ་པོ་དེས་དེའི་རིན་གཞལ་བར་བྱ་བ་ཉིད་ཡིན་ནོ། །རང་འགྲེལ་ལས། མ་བླངས་པ་དེ་ལ་བག་མེད་པས་དངོས་པོ་དེ་བར་དུ་ལྟུང་སྟེ་ཆགས་པ་ལ་སོགས་པར་མི་འགྱུར་བར་བྱ྄་བའི་ཕྱིར། ཁྱོད་ཀྱིས་ཟིན་ཏམ་མ་ཟིན་ཅེས་དྲི་བར་བྱའོ། །གལ་ཏེ་དྲིས་པ་ན་ཁོ་བོས་ཟིན་ཏོ་ཞེས་ཟེར་ནས་དངོས་པོ་དེ་ལྷུང་སྟེ་ཆུད་ཟོས་ན་ནི་ལེན་པར་བྱེད་པས་དེ་ཡི་རིན་གཞལ་དགོས་སོ། །ཁོ་བོས་མ་ཟིན་ནོ་ཞེས་ཟེར་བའི་སྐབས་སུ་དངོས་པོ་དེ་ལྷུང་སྟེ་ཆུད་ཟོས་ན་ནི་འབུལ་བར་བྱེད་པས་དེའི་རིན་གཞལ་དགོས་སོ། །ཞེས་སོ། །གོས་ལ་སོགས་པ་བརྙས་པ་བཤང་གཅི་ལ་སོགས་པ་མི་གཙང་བས་མ་རུང་བར་གྱུར་པ་བཀྲུ་བ་ལ་སོགས་པས་བདག་པོའི་སེམས་བཟུང་བར་མ་གྲུབ་ན་བདག་པོ་དེ་ལ་རྫས་དེའི་རིན་སྦྱིན་ནོ། །གཉུག་གནས་ཀྱིས་གློ་བུར་དུ་འོང་བ་དེའི་ལྷུང་བཟེད་དང་ཆོས་གོས་བླང་བར་བྱའོ། །


K8Z004_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བ་དེའི་སྟན་བཏིང་བར་བྱའོ། །རྐང་པ་བཀྲུ་བའི་ཆུ་བསྟབ་པ་ལ་སོགས་པ་བྱས་པས་མགྲོན་དུ་གཉེར་བར་བྱའོ། །བཏུང་བའི་ཆུས་ཀྱང་ངོ་། །འོང་བ་དེ་བསླབ་པ་རྒན་ན་གཉུག་གནས་དེས་ཕྱག་བྱའོ། །སྤྱོད་པ་བདེའམ་དྲིའོ། །ཁམས་བདེ་ན་སྤྱོད་ལམ་བཞི་ཀ་རང་དབང་དུ་བདེ་བའི་ཕྱིར་རོ། །འོང་བ་དེ་ལ་ཅི་ནུས་ཀྱིས་ཡང་དག་པར་དགའ་བར་འགྱུར་བར་བྱའོ། །དེ་ལ་གནས་མལ་མཐུན་པའི་རྐྱེན་དུ་འབབ་པ་སྦྱིན་ནོ། །གཉུག་མར་གནས་པའི་དགེ་འདུན་གྱིས་གནས་བརྟན་གྱི་གན་དུ་གློ་བུར་དུ་ཡོང་བ་དེ་འགྲོ་བར་བྱའོ། །དགེ་འདུན་གྱི་གནས་བརྟན་དེས་གློ་བུར་དུ་འོང་བ་དེ་གནས་འཆའ་བ་ལ་སྦྱར་བར་བྱའོ། །གལ་ཏེ་གློ་བུར་དུ་འོང་བ་དེ་བསླབ་པ་རྒན་ན་གློ་བུར་དུ་འོང་བ་དེ་ལ་གནས་མལ་བསྟབ་པའི་ཕྱིར་དགེ་འདུན་གྱི་གནས་བརྟན་གྱིས་གནས་མལ་དེ་བསྟབ་པའི་དགེ་སློང་བསྐོ་བར་བྱའོ། །སྐབས་ལ་མ་བསྙད་པར་བབ་ཅོལ་དུ་གནས་མལ་བརྙར་འཇུག་པར་གསོལ་ཅེས་བརྙར་འཇུག་པར་མི་བྱའོ། །ཆོས་གོས་ཀྱི་མཐའ་ཟེགས་ན་མཐའ་སྐོར་གྱི་གླན་ཅིང་ཕྱིར་བཅོས་སོ། །ཁབ་བསུབས་སྨྱུང་ཚེམས་ལྟ་བུ་རིང་པོ་བཙེམས་པ་དག་གིས་མཐའ་བསྐོར་ཏེ་ཟུངས་གདབ་བོ། །གསུམ་པ་ནི། དུར་ཁྲོད་པས་རོ་ཡི་གོས་ནི་བླ་གབ་མེད་པར་ཤིང་ལྗོན་པ་ལ་སོགས་པའི་སྟེང་དུ་ཉི་མ་བདུན་ནམ་བརྒྱད་དམ། ལུང་ཁ་ཅིག་ལས། ལྔའམ་དྲུག་བཞག་སྟེ་འཁྲུར་བཅུག་ནས་ལོངས་སྤྱད་པར་བྱའོ་ཞེས་སོ། །དུར་ཁྲོད་པ་གཙུག་ལག་ཁང་དང་ཁྱམས་ཀྱི་འདབ་ཏུ་ཕྱིན་པ་ན་བདག་དུར་ཁྲོད་པའོ་ཞེས་གོ་བར་བྱས་ནས། དུར་ཁྲོད་པ་ཡིན་ཀྱང་སླའི། ཚུར་ཤོག་ཅེས་འབོད་ན་གཙུག་ལག་ཁང་དང་ཁྱིམ་དག་ཏུ་འཇུག་པར་བྱའོ། །སྦྱིན་བདག་དེས་བདག་གིར་བྱ་བ་བཏང་སྟེ་བལྟོས་མེད་དུ་བྱིན་པའི་སྟན་དང་། གོས་ལ་དུར་ཁྲོད་པས་ལོངས་སྤྱད་དུ་རུང་བར་མ་ཟད་དུར་ཁྲོད་པས་སྦྱིན་བདག་གི་སྟན་རེ་ཞིག་གཡར་པོའི་ཚུལ་དུ་བཏིང་བ་ལྟ་བུ།


K8Z004_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་བདག་དེས་བདག་གིར་བྱ་བ་མ་བཏང་བ་ལ་ཡང་སྦྱིན་བདག་བསོད་ནམས་འདོད་པས་སྟན་འདིར་འདུག་ཅིག་ཅེས་པ་ལྟ་བུ་ལ་སྤྱད་པ་བསྟེན་པར་བྱའོ། །དུར་ཁྲོད་པས་དགེ་འདུན་གྱི་གནས་མལ་ལ་སྤྱད་པར་མི་བྱའོ། །དུར་ཁྲོད་པས་མཆོད་རྟེན་འདོམ་གང་ཙམ་གྱིས་འགྱེད་དོ། །བཞི་པ་ལ། བདེར་གནས་སྦྲང་གཡབ་བསྟེན་པ་དང་། །བདེར་གནས་སྦྲང་སྐྱབས་བསྟེན་པ་དང་། །བསིལ་གཡབ་བསྟེན་པར་བྱ་བ་དང་། །བདེར་གནས་མལ་ཆ་བསྟེན་པའོ། །དང་པོ་ནི། སྦྲང་བུས་ཟ་བའི་ཡུལ་དུ་དགེ་སློང་ཐམས་ཅད་ཀྱིས་སྦྲང་གཡབ་བཅང་བར་བྱའོ། །ལུང་ཕྲན་ཚེགས་ལས། སྦྲང་གཡབ་ནི་ལྔ་སྟེ། བལ་ལས་བྱབ་དང་། ཤ་ན་ལས་བྱ་བ་དང་། རས་བལ་ལས་བྱས་པ་དང་། སྣམ་བུའི་རས་མའམ་ཤིང་གི་འདབ་མའི་དོག་པའོ་ཞེས་སོ། །གླང་པོ་ཆེ་དང་། རྟ་དང་། བ་ལང་གི་སྤུ་ལ་སོགས་པ་ལས་བྱས་པ་མི་རུང་ངོ་། །ཊཱི་ཀ་ལས། སྦྲང་བུ་འཆི་བའི་བདག་ཉིད་ཅན་ཡིན་པའི་ཕྱིར། ཞེས་སོ། །སྦྲང་གཡབ་ཀྱི་ཡུ་བ་ཁོ་ནར་མ་ཟད་ཀྱི། ཐམས་ཅད་དུ་གང་ཟག་གི་མཁར་བརྩི་ཅན་ཉིད་དང་ཁྲ་བོ་ཉིད་དུ་མི་རུང་ངོ་། །གཉིས་པ་ནི། སྦྲང་བུ་སྐྱོབ་པའི་སྦྲང་སྐྱོབ་ཀྱང་བཅང་བར་བྱའོ། །སྦྲང་སྐྱོབ་དེ་ཇི་ལྟ་བུ་ཞེ་ན། ཤིང་བུ་དབྱུག་པ་ལས་ཁང་བུའི་དབྱིབས་སུ་བྱས་པའི་སྟེང་དུ་རས་ཀྱིས་གཡོགས་པའོ། །ཇི་ལྟར་ཤིང་བུ་རས་ཀྱིས་གཡོགས་པར་བྱ་ཞེ་ན། བཅིང་བས་སོ་སྟེ་ངོས་བཞི་བསྐོར་བའི་རས་ཀྱིས་བཅིང་བས་སོ། །དོན་འདི་ལྟར་དུ་རང་འགྲེལ་དང་ཊཱི་ཀས་བཤད་དེ། སྟེང་ནས་གཡོགས་པའི་རས་དེའི་ཚད་ཇི་ཙམ་ཞེ་ན། སྲིད་དུ་ཁྲུ་བཞི་པ་དང་། ཞེང་དུ་ཁྲུ་དོ་པའོ། །ངོས་བཞི་པོ་དེ་ཅིས་གཡོགས་ཞེ་ན། རས་སྲིད་དུ་ཁྲུ་བཅུ་གཉིས་པས་ངོས་བཞི་པོ་བསྐོར་ཅིང་གཡོགས་སོ། །སྟེང་ནས་གཡོགས་པའི་རས་དང་ངོས་བཞི་པོ་བསྐོར་བའི་རས་ཀྱི་མཐའ་མ་རྣམས་མཚམས་འབྱར་བ་དང་བཅས་པས་སོ། །གཡོགས་མའི་རས་


K8Z004_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་མ་མཐའ་ནི་མལ་ཆས་སྦྱར་རོ། །ཁང་བུའི་གློར་བསྐོར་བའི་རས་ཀྱི་ཐ་མ་མལ་གྱི་འོག་ཏུ་ཆུད་པར་མནན་ནོ། །སྦྲང་སྐྱབས་ཀྱི་སྒོ་གསོག་ཀར་ཏེ་བསྣོལ་མར་གདོད་དོ། །གསུམ་པ་ནི། ཡུལ་ཚ་བར་ནི་བསིལ་ཡབ་སྦྱར་རོ། །བསིལ་ཡབ་བཅང་བར་བྱའོ། །བསིལ་ཡབ་ནི་གཉིས་ཏེ། བཅོས་མ་ནི་བསིལ་ཡབ་མཁན་གྱིས་སྨྱུག་མ་ལས་བཏགས་པར་བྱས་པའམ། རང་འཁྲུངས་ནི་ཤིང་ཏ་ལའི་ཆང་བུའོ། །གང་ཟག་གི་བསིལ་ཡབ་ཁྲ་ཁྲ་བོ་མི་རུང་ངོ་། །དགེ་འདུན་གྱི་ནི་ཁྲ་ཁྲ་བོ་མ་ཡིན་པ་ལས་གཞན་ཀོ་པགས་ལས་བྱས་པ་དང་རྨ་བྱའི་གཤོག་པ་ལས་བྱས་པ་ཡང་ངོ་། །ཡུ་བ་ནོར་བུ་དང་རྔ་མའི་བསིལ་ཡབ་རྙེད་ན་མཆོད་རྟེན་ལ་དབུལ་ལོ། །ཉན་ཐོས་ཀྱི་མཆོད་རྟེན་ལ་ཡང་དབུལ་ལོ། །བཞི་པ་ནི། སྟན་ནང་ཚངས་ཅན་དང་། ལྭ་བ་དང་། སྔས་ནང་ཚངས་ཅན་དང་། གོར་བུ་ནི་སྟན་ཟླུམ་པོ་ལ་སོགས་པའོ། །ཞེས་ཊཱི་ཀའི་སྐབས་གཞན་ནས་སོ། །དེ་དག་དགེ་འདུན་ནམ་དགེ་སློང་གང་ཟག་གིས་ཀྱང་བཅང་བར་བྱའོ། །གཉིས་པ་ནི། རྙེད་ཡུལ་ཇི་ལྟར་བསྒྲུབ་པ་དང་། །རྙེད་པ་བླང་ཚུལ་ཞར་བྱུང་བཅས། །རྙེད་པ་བགོ་ཚུལ་ཞར་བྱུང་བཅས། །རྙེད་འོས་མི་འོས་རྣམ་གཞག་སྐབས། །རྙེད་གསུམ་རྣམ་གཞག་སྤྲོས་པའོ། །དང་པོ་ནི། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལྟ་བུའི་བུ་དང་ཆུང་མ་དགེ་འདུན་ལ་ཕུལ་བའི་རྙེད་པ་ནི་བཞག་པར་བྱའམ་བཙོང་དུ་རུང་ཞེ་ན། སྦྱིན་པར་བྱེད་པའི་བསམ་པའི་དབང་གིས་བཞག་པའམ་བཙོང་བར་བསྒྲུབ་བོ། །ལེན་པར་བྱེད་པའི་དབང་གིས་ནི་མི་བསྒྲུབ་བོ་ཞེས་ཤུགས་ཀྱིས་བསྟན་ཏེ། ལེན་པོ་དྲུག་སྡེ་ལྟ་བུ་ནི་དེ་དག་འཚོང་བར་འདོད་ཀྱང་སྦྱིན་པ་པོས་ནི་བཞག་པའི་ཕྱིར་ཕུལ་ན་ཅི་བདེར་བཞག་ཅིང་། བསླུ་བའི་ཕྱིར་ཕུལ་ན་ནི་བསླུར་གཞུག་པའོ། །གལ་ཏེ་བུ་དང་


K8Z004_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་མ་དེ་སྦྱིན་བདག་དེ་ཉིད་ཀྱིས་སླུ་བར་བྱེད་ན་རིན་ཇི་ཙམ་དུ་གཞལ་བར་འདོད་པ་དེ་ཙམ་དུ་བཙོང་བ་ཉིད་ཡིན་ནོ། །ཕུལ་ཟིན་པའི་དངོས་པོ་ལེན་པ་པོ་དེ་ཉིད་ལ་ཡང་དང་ཡང་དུ་འབུལ་དུ་རུང་ངོ་སྟེ། སྦྱིན་པར་བྱེད་པའི་དད་པ་སྤེལ་བའི་ཕྱིར་རོ། །ལུང་ལས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དགེ་འདུན་ལ་རྒྱལ་བྱེད་ཀྱི་ཚལ་སླར་ཡང་འབུལ་བ་ན། ཕོའི་མིང་ཅན་གྱི་ཤིང་རྣམས་ཕོ་རྒྱན་གྱིས་བརྒྱན། མོའི་མིང་ཅན་གྱི་མོ་ཤིང་རྣམས་མོ་རྒྱན་གྱིས་བརྒྱན་ཏེ་ཕུལ་ནས་འདི་གསུངས་སོ། །ཤིང་ལྗོན་པ་བཟའ་ཤིང་དང་གྲིབ་ཤིང་ལ་ཕུལ་བ་གལ་ཏེ་དར་དཔྱངས་ལ་སོགས་པའི་རྒྱན་ཡིན་ན་མི་མང་པོ་འདུ་བའི་དུས་སྟོན་གྱི་ཚེ་ཤིང་ལྗོན་པ་དེ་ཉིད་བརྒྱན་པར་བྱ་བའི་ཕྱིར་བཞག་གོ། །ད་ནི་གནས་ཁང་མེ་ཁང་རུང་ཁང་དང་། །བཀད་ས་སྐྱེམས་མལ་བསྲོ་ཁང་གནས། །འཁོར་གྱི་ཁྱམས་དང་དཔང་ས་དང་། །བར་རིམ་འཆག་ས་སྒོ་ཁང་ཁྱམས། །དེ་ལྟར་བཅུ་གཉིས་པོ་འདི་རྣམས་ཀྱི་རྩིག་པ་ལ་ཕུལ་བ་དང་། ཀ་བ་ལ་ཕུལ་བ་དང་། ས་གཞི་ལ་ཕུལ་ན་ཇི་ལྟར་བྱ་བ་རྣམས་གོ་རིམ་བཞིན་དུ་སྟོན་ཏེ་རྩིག་པ་ལ་ཕུལ་ན། གལ་ཏེ་གནས་ཁང་གི་ནི་རྫས་དེ་གནས་ཁང་བརྩིག་པ་ན་རི་མོ་བྱ་བའི་ཕྱིར་སྤྱད་དོ། །རྩིག་པ་ལ་ཕུལ་ན་གལ་ཏེ་རྩིག་པ་དེ་གནས་ཁང་གི་རྩིག་པ་མ་ཡིན་ནམ་སྟེ། མེ་ཁང་ལ་སོགས་པ་བཅུ་གཅིག་པོ་འདི་རྣམས་ཀྱི་རྩིག་པ་ལ་ཕུལ་བ་ཡིན་ན་ལས་གསར་པའི་ཕྱིར་ཞེས་སྦྱར་རོ། །ལུང་ལས། གནས་ཁང་དང་མེ་ཁང་ལ་སོགས་པ་བཅུ་གཉིས་ཀྱི་ཀ་བ་ལ་ཕུལ་ན་རྫས་དེ་ལས་གསར་པ་ཁར་ལན་བྱ་བའི་ཕྱིར་བཞག་པར་བྱའོ། །ཞེས་སོ། །མེ་ཁང་གི་སྣང་མོར་ཞེས་པ་ནས་རྫིང་བུའི་ཡང་ངོ་ཞེས་འབྱུང་བ་ཡན་ཆད་ཀྱི་ཚིག་བཅུས་ཇི་སྐད་བསྟན་པ་འདི་རྣམས་ནི་ས་གཞི་ལ་ཕུལ་ནའོ་ཞེས་མདོ་འོག་མ་


K8Z004_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྤྱིར་བསྟན་པ་ཡིན་ནོ། །མེ་ཁང་གི་ས་ལ་ནའོ་ཞེས་སྦྱར་ཏེ་ས་གཞི་ལ་ཕུལ་ན་ནི་མེ་མར་ལ་སོགས་པ་སྣང་མེར་རོ། །མེ་ཁང་གི་སྒྲོན་མེར་བྱ་བ་མ་ཟད་དགེ་འདུན་གྱི་སྒྲོན་མེ་གང་དུ་དགོས་པའི་རྒྱུར་སྤྱད་པར་བྱའོ། །མེ་ཁང་གི་ས་ལ་ཕུལ་བའི་རྫས་དེ་ཡང་ན་དགེ་འདུན་གྱི་སྣུམ་བག་རྙེད་པ་སྟེ། ཤའམ་མར་རམ་ཞུན་མར་ལ་སོགས་པར་བསྒྱུར་ཞིང་སྤྱད་པར་བྱའོ། །ནད་པའི་བཏུང་བའི་ཁང་པའི་ས་ལ་ནའོ་ཞེས་སྔ་མར་སྦྱར་ཏེ། ས་གཞི་ལ་ཕུལ་ན་ནི་ན་བའི་སྨན་དུ་བསྒྱུར་ཞིང་བཞག་གོ། །ལུང་ལས། ཚང་མང་བཀད་སའི་ས་ལ་ནའོ་ཞེས་སྔ་མར་སྦྱར་ཏེ་ས་གཞི་ལ་ཕུལ་ན་ནི་ཟས་སུ་བསྒྱུར་བར་བྱའོ། །ཞེས་སོ། །ལུང་ལས། ཆུ་ཁར་སྐྱེམས་མལ་གྱི་ས་གཞི་ལ་ཕུལ་ན་ནི་བཏུང་བར་བསྒྱུར་རོ། །ཞེས་སོ། །བསྲོ་ཁང་གི་གནས་ཀྱི་ས་གཞི་ལ་ཕུལ་ན་ནི་བསྲོ་ཁང་གི་ཡོ་བྱད་དང་། དགེ་འདུན་གྱི་སྣུམ་བག་གི་རྙེད་པར་བྱའོ། །འཁོར་གྱི་ཁྱམས་སམ་དཔང་་སའི་ར་བའི་ས་གཞི་ལ་ཕུལ་ན་ནི་དགེ་འདུན་གྱི་སྣུམ་བག་གི་རྙེད་པར་བྱའོ། །སྔ་མ་དེ་གཉིས་ཀྱི་ས་ལ་ཕུལ་བའི་རྫས་དེ་ཡང་ན་ནི་སྐྱེས་པའི་རབས་ཀྱི་སྡེ་བྲི་བར་བྱའོ། །བང་རིམ་དང་འཆགས་དང་སྒོ་ཁང་དང་ཁྱམས་དག་གི་ས་གཞི་ལ་ཕུལ་བ་ན་རྫས་དེ་ནི་དགེ་འདུན་གྱིས་བགོའོ། །གཙུག་ལག་ཁང་གི་དབུས་ཀྱི་མཐོངས་ཀྱི་རྫིང་བུའི་ས་ལ་ནའོ་ཞེས་སྔ་མར་སྦྱར་ཏེ་ས་གཞི་ལ་ཕུལ་ན་ཡང་བགོ་བར་བྱའོ། །ལུང་ཁ་ཅིག་ལས། རྫིང་བུའི་ས་ལ་ཕུལ་བའི་རྫས་དེ་ནི་ཕྱོགས་བཞིའི་དགེ་འདུན་གྱི་ཉིད་དུ་བཞག་གོ། །ཞེས་སོ། །གཉིས་པ་ནི། དཀོན་མཆོག་གསུམ་ལས་གང་རུང་གི་དོན་དུ་དགེ་སློང་གཞན་ལ་ཡོ་བྱད་བླང་དུ་རུང་ངོ་། །བསྒྲག་ཏུ་ཡང་རུང་ངོ་། །སྦྱིན་པར་བྱ་བ་དང་སྦྱིན་བདག་རྣམས་ཀྱི་མིང་ཉན་དུ་གཞུག་


K8Z004_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་བསྒྲག་པ་ཞེས་བྱ་སྟེ་བསྔོ་བྱ་དང་སྨོན་ལམ་བཀླག་པའོ། །གང་གི་ཚེ་བསྒྲག་པར་བྱ་ཞེ་ན། རྙེད་པ་འབུལ་བ་ལེན་པའི་ཚེའོ། །སྒྲོག་པར་བྱེད་པ་དེ་གཞན་གྱིས་མཐོང་བར་བྱ་བའི་ཕྱིར་འཕང་ལོ་གཉིས་དང་ལྡན་པའི་ཤིང་རྟ་བྱའོ། །ཊཱི་ཀར། དེའི་སྟེང་ནས་བསྒྲག་བསྒྲུབ་པར་བྱའོ། །ཞེས་སོ། །ཚ་བ་དང་རླུང་དང་ཆར་པའི་གནོད་པས་སྒྲོག་པར་བྱེད་པའི་དགེ་སློང་ལ་མི་རེག་པར་བྱ་བའི་ཕྱིར། འཕང་ལོ་གཉིས་དང་ལྡན་པའི་ཤིང་རྟ་དེའི་སྟེང་དུ་ཁང་པ་བརྩེགས་པ་སྒོ་བཞི་དང་ལྡན་པར་བྱའོ། །དུས་སྟོན་ཟིན་པ་ཉིད་ཀྱི་རྗེས་ལ་འཕང་ལོ་འཁོར་ལོ་དང་ལྡན་པའི་ཤིང་རྟ་བརྟུལ་ལོ། །དུས་སྟོན་དེ་ལ་རྙེད་པ་བྱུང་བ་དེ་དག་དགེ་སློང་སྣོད་སྤྱད་འབྲབ་པར་བསྐོས་པས་རྙེད་པ་འབྲུབ་བར་བྱའོ། །དགེ་སློང་ཕ་མའི་དགེ་འདུན་གཉིས་ཀ་ལ་མཐུན་མོང་དུ་མ་བསྔོས་པས་སྟོན་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཆོད་པའི་ཚེ་ཕུལ་བ་དགེ་སློང་ཕའི་དགེ་འདུན་གྱི་རྙེད་པ་ལ་དགེ་སློང་མ་རྣམས་ཀྱི་འཇུག་པ་མེད་དོ། །སྟོན་པ་མཆོད་པ་འདི་ལ་སྐྱེ་བོ་མང་པོ་འདུས་པའི་ཁྲོམ་འཚོགས་པ་གཅིག་གི་ནང་དུ་དགེ་སློང་མ་དེ་དག་གིས་འཕང་ལོ་ལྡན་པའི་ཤིང་རྟར་སྐུ་གཟུགས་བཞུགས་པར་དགེ་སློང་རྣམས་ཀྱིས་བཙུགས་པ་ལས་ཐ་དད་པར་བཙུགས་ན་དབྱེན་དུ་གཏོགས་པའི་ཉེས་པ་སྦོམ་པོའོ། །གསུམ་པ་ནི། དུས་སྟོན་དེ་ལ་རྙེད་པ་བྱུང་བ་དེ་དགེ་སློང་སྣོད་སྤྱད་འགེད་པར་བསྐོས་པས་བགོ་བར་བྱའོ། །འགེད་པོ་དེ་གསོལ་གཉིས་ཀྱིས་བསྐོ་བར་བྱའོ། །དེས་ཇི་ལྟར་བགོ་ན་བཙོང་བར་བྱ་བ་གོས་ལྟ་བུ་ཞིག་ཕུལ་ཏེ་བགོར་མི་བདེ་བ་རྣམས་བཙོངས་ཏེའོ། །སུ་ལ་བཙོང་ཞེ་ན། དགེ་འདུན་འདུས་པ་ལའོ། །ཇི་ལྟར་བཙོང་ཞེ་ན། བསྐྱེད་པ་སྟེ་གནས་བརྟན་གྱིས་རིན་རན་པར་བཅད་པ་དེ་ལས་སུ་ཉོ་འདོད་པས་སོ། །དགེ་འདུན་


K8Z004_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཐར་གྱིས་དྲིས་ཏེ་གང་གིས་རིན་ཆེར་བསྟབ་པ་ལ་བཙོང་ངོ་། །སྣོད་སྤྱད་འགེད་པའི་དགེ་སློང་དེ་ཉིད་ཀྱིས་དགེ་འདུན་འདུ་བའི་གནས་དེར་དགེ་འདུན་འདུ་བའི་སྐབས་རྗེས་སུ་བསྒྲུབ་པར་བྱའོ། །དགེ་འདུན་གྱི་གནས་བརྟན་གྱིས་བཙོང་བྱའི་རིན་ཐང་གདབ་བོ། །ཇི་ཙམ་གདབ་ན་རན་པར་རོ། །གནས་བརྟན་གྱིས་རིན་བསྟབ་པ་དེ་ནི་དེ་ཙམ་འཇལ་བ་མ་བྱུང་ཡང་གནས་བརྟན་དེ་ལ་རྫས་ཉོ་བ་མི་འབབ་པ་ཉིད་དོ། །རྫས་དེའི་རིན་ཐང་ཡང་ཆེར་བསྐྱེད་པ་གཞན་མི་བྱུང་བར་ངེས་པར་བྱས་ནས་རྫས་དེའི་རིན་སྔར་བཅད་པ་དེ་ལས་རིན་ཐང་ཆེར་བསྐྱེད་པ་དེ་ལ་རྫས་དེ་ཉོ་བ་འབབ་བོ། །དེ་ལྟར་རིན་ཆེར་བསྐྱེད་པའི་འོག་ཏུ་གཞན་ཞིག་གིས་རིན་ཆེར་བསྐྱེད་ན་དེ་ལ་ཉོ་བ་འབབ་བོ། །དེ་བསྐྱེད་པའི་གོང་གཞན་ཞིག་གིས་བསྐྱེད་ན་ཡང་དེ་ལ་ཉོ་བ་འབབ་སྟེ། གོང་ནས་གོང་དུ་བསྐྱེད་པའི་ཐ་མར་དེ་ལས་གོང་དུ་སྐྱེད་པར་བྱེད་པ་གཞན་སུ་ཡང་མ་བྱུང་ན་དེའི་ཚེ་སྣོད་སྤྱད་འགེད་པ་པོ་དེས་དགེ་འདུན་ཐམས་ཅད་ཀྱི་མགོ་མཇུག་ཏུ་ལན་གཅིག་ཏུ་བཟླས་ཏེ། རྫས་འདི་གང་ཟག་ཆེ་གེ་མོ་རིན་འདི་ཙམ་གྱིས་བསྐྱེད་དོ། །ཉོས་སོ་ཞེས་སྤྱིར་བསྒྲགས་ཏེ་ཏོག་བརྡུངས་ནས་རྫས་དེ་གང་ཟག་དེའི་མདུན་དུ་བཞག་གོ། །དེ་ཕྱིན་ཆད་ནི་གཞན་གྱིས་བསྐྱེད་ཅིང་ཉོར་མི་གནང་ངོ་། །བདག་ཉིད་དགེ་འདུན་གྱི་རྫས་དེ་མི་ཉོ་བས་རྫས་དེ་རིན་ཐང་ཆེར་བསྐྱེད་པར་མི་བྱའོ། །དགེ་འདུན་གྱི་གནས་བརྟན་གྱིས་རིན་ཐང་གདབ་བོ་ཞེས་སྨོས་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དགེ་འདུན་ལ་བུ་དང་ཆུང་མ་ཕུལ་ནས་བསླུ་བ་ལྟ་བུ་ལ་ཡང་རིན་ཐང་གདབ་བོ་སྙམ་ན་བུད་མེད་ལས་བསླུ་བ་ལ་རིན་གདབ་པར་མི་བྱའོ། །དགེ་འདུན་གྱི་གོས་ལ་སོགས་པའི་རྫས་ཉོས་པ་དེས་དགེ་འདུན་ལ་རིན་མ་ཕུལ་གྱི་བར་དུ་སྤྱད་པ་དང་བྱི་དོར་


K8Z004_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་བྱའོ། །རྙེད་པའི་བགོ་སྐལ་བ་རྣམས་མང་པོ་ཉིད་ཡིན་ན་བཅུ་ལ་སོགས་པའི་ཚོམས་སུ་བཅད་པའི་ཚོགས་ཀྱིས་བགོ་བར་བྱའོ། །བཅུའི་ཚོམས་ལྟ་བུ་ཚོམས་སོ་སོའི་སྐལ་བ་ལོགས་སུ་ཕོག་པ་མཚམས་དེའི་སྒོ་བསེས་སུ་མ་བགོས་པར་ཚོམས་དེ་ལས་གང་ཟག་འགའ་ཞིག་ཤི་ན་ཤི་བ་དེའི་སྐལ་བ་ཚོམས་དེ་ལ་དབང་བ་ཉིད་ཡིན་ནོ། །བཞི་པ་ནི། སྐབས་འདིར་ལུང་གླེང་གཞི་ལས། དད་རྫས་ལ་ལོངས་སྤྱོད་པའི་ཚུལ་ལྔ་གསུངས་ཏེ། བདག་པོའི་ཚུལ་གྱིས་ལོངས་སྤྱོད་པ་དང་། བྱིན་ལེན་གྱི་ཚུལ་གྱིས་ལོངས་སྤྱོད་པ་དང་། རྗེས་སུ་གནང་བའི་ཚུལ་གྱིས་དང་། ལྕགས་སྲེག་འབར་བའི་ཚུལ་གྱིས་དང་། བུ་ལོན་གྱི་ཚུལ་གྱིས་ལོངས་སྤྱོད་པའོ། །དང་པོ་གསུམ་ནི། ལུང་གླེང་གཞི་ལས་གསུངས་པ་ཚིགས་བཅད་དུ་བསྡུས་ཏེ། དགེ་ཚུལ་གྱི་ལོ་དྲི་བ་ལས། མི་སློབ་པ་དགྲ་བཅོམ་ནི་བདག་པོའི་ཚུལ་གྱིས་ལོངས་སྤྱོད་པར་བཤད། །སློབ་པ་རྒྱུན་ཞུགས་སོགས་བྱིན་ལེན་གྱི་ཚུལ་གྱིས་ལོངས་སྤྱོད་པ་ཡིན། །ཚུལ་ཁྲིམས་དང་ལྡན་ཅིང་དགེ་བའི་སྦྱོར་བ་ལ་བརྩོན་པའི་སོ་སོའི་སྐྱེ་བོ་བསམ་གཏན་ཁ་ཏོན་གདོན་དང་ལྡན་པ་ནི། །རྗེས་སུ་གནང་ངམ་ཚངས་སྤྱོད་དཀའ་ཐུབ་ཅན། །ཞེས་གསུངས་ཤིང་། ལུང་གླེང་གཞི་ལས། སོ་སོའི་སྐྱེ་བོ་དགེ་བ་ཅན་བསམ་གཏན་དང་ཀློག་པ་ལ་ཞུགས་པ་རྣམས་ནི་གནང་བས་ཡོངས་སུ་བཅད་པའོ། །ཞེས་གསུངས་སོ། །མྱ་ངན་ལས་འདས་པའི་བསམ་པས་རབ་ཏུ་བྱུང་བའི་ཚུལ་ཁྲིམས་དང་ལྡན་པ་དགེ་སློང་མ་ལ་ནི་གོས་སྟོང་ཕྲག་བརྒྱ་པ་མི་འོས་ཏེ། གོས་ལྕི་བ་བསྟེན་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །དགེ་སློང་དགེ་བའི་སྦྱོར་བ་ཅན་ལ་ནི་གོས་སྟོང་ཕྲག་བརྒྱ་པ་སོགས་ཀཪྵ་པ་ཎ་འབུམ་རི་བ་དང་། ཟས་རོ་བརྒྱ་པ་དང་ཁང་པ་བརྩིགས་པ་ལྔ་བརྒྱ་པ་ཞེས་མི་ལྔ་བརྒྱ་ཡོད་པའི་ཁང་པ་བརྩེགས་པ་ཞེས་ལུང་ལས་གསུངས་སོ། །ཊཱི་ཀ་


K8Z004_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ལས། གང་ལ་མི་ལྔ་བརྒྱའི་གནས་བཅར་རུང་བའམ། ཡང་ན་ནེ་ཙོའི་སྣ་ལྟ་བུ་ལྔ་བརྒྱ་ཡོད་པ་དེ་ནི་ཁང་པ་བརྩེགས་པ་ལྔ་བརྒྱ་པ་ཞེས་བྱའོ། །ཞེས་སོ། །མཛོད་ཀྱི་འགྲེལ་བཤད་གང་བ་སྤེལ་ལས། ནེ་ཙོའི་སྣ་དང་དབྱིབས་འདྲ་བའི་ཕྱིར་ནེ་ཙོའི་སྣ་ཞེས་བྱའོ། །ཞེས་སོ། །མཛོད་ཀྱི་འགྲེལ་བཤད་རྒྱལ་སྲས་མར། གཟུགས་མཁན་གྱི་ཁྱིམ་ལ་སོགས་པའི་ནང་དུ་བྱས་པ་སྟེ། ནེ་ཙོའི་སྣ་དང་དབྱིབས་འདྲ་བའི་ཕྱིར་ནེ་ཙོའི་སྣ་ཞེས་བྱའོ། །ཞེས་སོ། །དེས་ན་ནེ་ཙོའི་སྣ་ལྟ་བུ་ཁང་པའི་དབྱིབས་ཟུར་གསུམ་པས་མཚོན་ཏེ་ཟླུམ་པོ་དང་ལོགས་མང་པོ་དང་། ཟུར་མང་པོ་བརྩེགས་མར་བྱས་པ་ཞིག་ཡོད་ཅེས་ཁ་ཅིག་སྨྲ་བ་ནི་མ་དག་པ་སྟེ། རྒྱ་གར་ཤར་ཕྱོགས་ཀྱི་པཎ་ཆེན་ཝརྟུ་མཱུལ་ཞེས་པ་ཞིག་གི་ངག་སྒྲོས་ལས། འགྲེལ་པ་རྒྱལ་སྲས་མའི་གཟུགས་མཁན་ནི་རྩིག་མཁན་གྱི་དོན་ཏེ། ནེ་ཙོའི་སྣ་ལ་མཆུ་ཁང་སྟོང་ནས་སྣ་བུག་གི་ཕྱི་རོལ་ནས་ཁུར་དང་ནང་རོལ་ཐོད་པའི་ནང་དུ་ལམ་ཡོད་པས་ཁང་པ་གཅིག་ལ་ཁང་བཀོད་མི་འདྲ་བ་ལྔ་བརྒྱ་ཡོད་པ་ལ་ཟེར་ཞེས་དཔང་ལོའི་མཆན་ཡིག་གཅིག་ན་སྣང་ལ། ཁ་ཅིག་གི་དགེ་སློང་མི་སྡུག་པ་བསྒོམ་པ་རྣམས་ཀྱིས་ཁང་པ་ལ་ནེ་ཙོ་སོགས་སེམས་ཅན་གྱི་ཀེང་རུས་མི་འདྲ་བ་ལྔ་བརྒྱ་སོ་སོར་བཏགས་པས་མཚོན་ནས། དེའི་ཤུགས་ཀྱིས་ཁང་པ་ལྔ་བརྒྱ་པ་བརྩེགས་པ་ལ་བྱེད་ཅེས་བཅོམ་རལ་བའི་ངག་རྒྱུན་ཡིན་ནོ། །ཡང་འོས་སོ་ཞེས་པ་ནི་ལོངས་སྤྱོད་དམན་པ་ལས་མཆོག་ཀྱང་ངོ་ཡི་དོན་ནོ། །དེས་ན་འདི་ཡང་རྗེས་སུ་གནང་བའི་ཚུལ་གྱིས་ལོངས་སྤྱོད་པའོ། །རྗེས་སུ་གནང་བ་དེ་ཡང་འདུལ་བ་བསྡུས་པ་ལས། དགེ་སློང་འདུལ་བའི་བསླབ་པ་ལ། །བརྩོན་པ་དེ་ནི་འདུ་ཤེས་ཀྱི། །གནས་པ་རྣམ་པ་ལྔས་གནས་ཏེ། །གྲོང་དུ་འཇུག་པར་བྱེད་པ་ན། །བཙོན་རར་འཇུག་པའི་འདུ་ཤེས་དང་། །གཙུག་


K8Z004_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཁང་དུ་འདུག་པ་ན་མདོ་སྡེ་ལས་དགེ་སྦྱོང་གི་འདུ་ཤེས་བཅུ་གཉིས་གསུངས་པ་བཞིན། །རྟག་ཏུ་དགེ་སློང་འདུ་ཤེས་དང་། །ཟས་ལ་རྒྱགས་པའི་ཕྱིར་མ་ཡིན། མཚན་བསྐྱེད་པའི་ཕྱིར་མ་ཡིན། རོ་ལ་ཆགས་པའི་ཕྱིར་མ་ཡིན། རྟག་པར་བཀྲེས་པའི་ནད་ཀྱི་ནི། །གཉེན་པོ་ཉིད་ཀྱི་འདུ་ཤེས་དང་། །རབ་ཏུ་དབེན་པ་ན་ཤེས་བྱ་གཟུགས་དང་སྒྲ་རྣམ་གཉིས་ལ། །ལོང་བ་གཟུགས་མཐོང་ཡང་མངོན་རྟོགས་དང་མཚན་མར་མི་འཛིན་པ་ལ་སོགས་པ་འོན་ལྐུགས་འདུ་ཤེས་དང་། །གཉིད་ཉལ་ན་དགོན་པ་སྟེ་ས་ཕྱོགས་སྟོང་པའི་རི་དྭགས་ལྟར། །ཐུམ་ཕྲས་ཀྱི་ནི་འདུ་ཤེས་ལྟར། །དེ་ལྟར་གནས་པའི་དགེ་སློང་ནི། །རྒྱལ་པོ་ཆེན་པོ་ལ་འོས་པའི་ལོངས་སྤྱོད་ལ། །གནས་ཀྱང་འདོད་པས་བསོད་སྙོམས་ཀྱི། །རྗེས་སུ་སྦྱོར་བར་མི་འགྱུར་རོ། །ཞེས་གསུངས་ཏེ། དེ་ཡང་རྗེས་སུ་གནང་བའི་ཚུལ་གྱིས་ལོངས་སྤྱོད་པའོ། །མྱ་ངན་ལས་འདས་པའི་བསམ་པས་རབ་ཏུ་བྱུང་བའི་ཚུལ་ཁྲིམས་ལྡན་པ་ལ་ནི་དགེ་འདུན་གྱི་རྫས་ཀྱང་ངོ་སྟེ་འོས་སོ་ཞེས་སྦྱར་ཏེ་བླང་ཞིང་སྤྱད་པར་འོས་སོ། །དགེ་འདུན་གྱི་རྫས་ཅི་ལྟ་བུའོ་ཞེ་ན། མི་སློབ་པ་མན་ཆད་ཀྱིའོ་སྟེ་དགེ་འདུན་གྱི་རྫས་དང་། ཚུལ་ཁྲིམས་དང་ལྡན་པའི་སོ་སོའི་སྐྱེ་བོ་ལ་ཡང་འོས་སོ་ཞེས་སྔ་མར་སྦྱར་རོ། །བཞི་པ་ལྕགས་སྲེག་འབར་བའི་ཚུལ་གྱིས་ལོངས་སྤྱད་པ་ནི་ཚུལ་ཁྲིམས་འཆལ་བ་ལ་ནི་མ་ཡིན་ནོ་སྟེ། ལུང་རྣམ་འབྱེད་ལས། ལྕགས་གོང་མེ་ལྕེ་འདྲ་བ་དག །ཟོས་པར་གྱུར་པ་མཆོག་ཡིན་གྱི། །ཚུལ་འཆལ་ཡང་དག་མི་སྡོམ་པས། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །ཅེས་གསུངས་སོ། །དཀོན་མཆོག་བརྩེགས་པ་ལས། འཆལ་བའི་ཚུལ་ཁྲིམས་ཅན་དག་གིས། །ཆོས་གོས་རབ་ཏུ་བསྒོས་གྱུར་ཀྱང་། །དད་པས་སྦྱིན་པ་ཅི་ཟོས་པ། །ཐོ་ལུམ་འབར་བ་མིད་པ་འདྲ། །ཞེས་སོགས་གསུངས་པ་དང་། ལུང་གླེང་གཞི་ལས། ཚུལ་


K8Z004_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཉམས་པ་ནི་དགེ་འདུན་གྱི་ཀུན་དགའ་ར་བ་ལ་རྐང་པའི་རྟིང་པ་གཅིག་ཙམ་ཡང་ཡོངས་སུ་སྤྱད་པར་མི་གནང་ངོ་། །ཞེས་གསུངས་སོ། །ལྔ་པ་བུ་ལོན་གྱི་ཚུལ་གྱི་ལོངས་སྤྱད་པ་ནི། ཚུལ་ཁྲིམས་དང་ལྡན་པ་ལེ་ལོ་ཅན་སྒྲུབ་མི་ཕོད་པ་ལ་ནི་བླངས་པ་དང་། ཉེ་བར་སྤྱད་པ་བུ་ལོན་དུ་འགྱུར་རོ། །ཊཱི་ཀ་ལས། ཚེ་རབས་གཞན་ལ་སྦྱིན་བདག་དེ་ལ་དཔྱ་འཇལ་བ་དང་། དེའི་བྲན་གཡོག་དང་ཕྱུགས་ལ་སོགས་པར་སྐྱེ་བར་འགྱུར་རོ། །ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །ལུང་ལས། ཞིང་པ་དང་རྨོས་གླང་ལྔ་བརྒྱར་སྐྱེས་པའི་གཏམ་རྒྱུད་གསུངས་པ་དང་སྦྱར་རོ། །དགེ་འདུན་གྱི་མཚམས་ཀྱིི་ནང་ཉིད་ན་གང་ཟག་གི་གཙུག་ལག་ཁང་ཡོད་པ་དེའི་རྙེད་པས་འཚོའམ། གང་ཟག་གི་གཙུག་ལག་ཁང་མཚམས་ཀྱི་ཕྱིར་རོལ་ན་འདུག་པ་དེའི་རྙེད་པས་འཚོ་ཞིང་། མཚམས་ཀྱི་ནང་ན་གནས་པ་ལ་ནི་མཚམས་དེར་གཏོགས་པའི་དགེ་འདུན་གྱི་རྙེད་པ་ཡང་འོས་སོ། །གང་ཟག་གིས་སྦྱར་བའི་རྙེད་པ་དང་། དགེ་འདུན་གྱི་རྙེད་པ་གཉིས་ཀ་དབང་ངོ་ཞེས་ཊཱི་ཀ་ལས་སོ། །གནས་ཁང་འདི་ན་སུ་གནས་པ་དེ་ལ་རྙེད་པ་འདི་ཙམ་ཞིག་ཁུད་པར་འབུལ་ལོ། །ཞེས་ངེས་པར་བྱ་བའི་གནས་ཁང་ན་དགེ་སློང་གནས་ན་ཡང་ངོ་སྟེ། ཊཱི་ཀ་ལས། གནས་ཁང་དེའི་རྙེད་པས་འཚོ་བ་ལ་ནི་དགེ་འདུན་གྱི་རྙེད་པ་འོས་སོ་ཞེས་པ་སྟེ། གནས་ཁང་དེའི་རྙེད་པ་དང་མཚམས་དེའི་དགེ་འདུན་གྱི་རྙེད་པ་དེ་གཉིས་ཀ་དབང་ངོ་། །ཞེས་སོ། །ངེས་པའི་གནས་ཁང་དེ་དགེ་སློང་རྣམས་ལ་རེས་མོས་བསྐོའོ། །དེའི་རྙེད་པ་དུས་ཐམས་ཅད་དུ་གང་ཟག་གཅིག་ལ་མི་སྦྱིན་ནོ། །ལྔ་པ་ནི། ལྕགས་ལས་བྱས་པའི་སྣོད་སྤྱད་དག་ལས་ལྷུང་བཟེད་དང་། ལྷུང་བཟེད་བྱིན་གྱིས་བརླབ་ཏུ་མི་རུང་བ་ཆུང་ངུ་དང་། ལན་ཚྭའི་སྣོད་དང་། ལྕགས་ལས་བྱས་པའི་ཟོ་ཕོར་ཁང་ཟླུམ་


K8Z004_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བ་མཐོན་པོ་རང་ཟབ་རིང་བ་དང་། ལྡེའུ་མིག་ཀྱོག་པོ་དང་། གྲི་གུག་དང་། ཁབ་དང་། སེན་མོ་བཅད་པ་དང་། ནལ་ཟེ་དང་། ཐལ་ཕྱགས་ནི་མི་འཇོག་པ་དང་། སྟ་རེ་དང་། སླ་ང་དང་། ཕོར་བུ་དག་ནི་བགོ་བར་བྱ་བ་ཉིད་དོ། །སའི་སྣོད་སྤྱད་དག་ལས་ནི་ལྷུང་བཟེད་དང་། ལྷུང་བཟེད་ཆུང་ངུ་དང་། སླ་ང་དང་། བུམ་པ་དང་། བྱ་མ་བུམ་དང་། གཞོང་པ་དང་། རིལ་བ་སྤྱི་བླུགས་དང་། ཆུ་སྣོད་དག་བགོ་བར་བྱ་བ་ཉིད་དོ། ཁྲི་ནི་རིན་པོ་ཆེལས་བྱས་པ་ལ་སོགས་པ་མན་ཆད་ནས་ལྕགས་ལས་བྱས་པའི་བར་དག་བགོ་བར་བྱ་བ་ཉིད་དོ། །རིན་པོ་ཆེ་ལ་སོགས་པ་ལས་བྱས་པའི་ཁྲི་དེ་ཇི་ལྟར་བགོ་ཞེ་ན། བརྗེས་ཏེ་བཙོངས་ཏེ་བགོ་བར་བྱའོ། །ཤིང་ལས་བྱས་པའི་ཁྲི་ནི་བགོ་བར་བྱ་བ་ཉིད་མ་ཡིན་ནོ། །མ་མོ་ལས། ཚོན་ཆེན་པོ་ལྔ་ནི་མི་བགོའོ། །ཚོན་རྩི་ནི་ལུང་མ་མོ་ལས། མཐོང་ཤུན་ལེབ་རྒན་རྩི་དང་། རྒྱ་སྐྱེགས་དང་། གུར་གུམ་དང་། མཚལ་དང་ལྔ་ནི་སྣ་ལྔའི་རི་མོ་བྱ་བའི་ཕྱིར་བཞག་གོ། དེ་ལྟར་ལྔ་ལས་གཞན་པའོ་སྟེ་བགོ་བར་བྱ་བ་ཉིད་དོ། །ལྔ་ལས་གཞན་པའི་ཚོན་རྩི་བགོ་བར་བྱ་བ་དེ་ཡང་ཚོན་རྩིའི་རྡོ་བུའམ་ཕྱེ་མ་ལྟ་བུ་མ་བསྐོལ་བ་བགོ་བར་བྱའི། བསྐོལ་བའི་ཁུ་བ་ཡིན་ན་ནི་མི་བགོའོ། །འགྲེལ་ཆུང་ལས། མ་བཙོས་པ་ནི་བགོ། །བཙོས་པ་ནི་མི་བགོ། །ཞེས་སོ། །ཚོན་རྩི་ཆེན་པོ་བསྐོལ་བའི་ཁུ་བ་ཞིག་རྙེད་ན་ཇི་ལྟར་བྱ་ཞེ་ན། ཚོན་རྩིི་ཆེན་པོ་བསྐོལ་བ་ནི་ཁ་བསྒྱུར་བར་བྱ་བའི་གོས་ལ་སྦྱར་བ་ཉིད་དོ། །ཚོན་རྩི་ཆེན་པོ་བསྐོལ་བ་དེ་གང་གི་གོས་ལ་སྦྱར་ཞེ་ན། དགེ་འདུན་གྱི་གོས་ཁ་བསྒྱུར་བ་ལ་སྦྱར་བར་བྱའོ། །ཀུན་དགའ་ར་བ་དང་། གཙུག་ལག་ཁང་དང་གཉིས་པོ་དེ་དག་གི་ཕྱེད་ཀྱི་ས་གཞི་དང་། དགེ་འདུན་གྱི་གནས་མལ་དག་ནི་བཙོང་བར་བྱ་བ་ཡང་མ་ཡིན་ནོ། །དེ་དག་ནི་གཏའ་མར་བཞག་པར་བྱ་བ་ཉིད་མ་ཡིན་ནོ། །གོས་ཚོན་ཆེན་


K8Z004_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཁ་བསྒྱུར་བ་ནི་གང་ཟག་གིས་བྱིན་གྱིས་བརླབ་པར་བྱ་བ་ཉིད་མ་ཡིན་ནོ། །དགེ་སློང་གིས་ཕ་མ་ཟས་དང་གོས་ཀྱི་འཚོ་བས་མཐུད་མ་བཏང་བར་བྱའོ། །ཇི་ལྟར་བཏང་བར་བྱ་ཞེ་ན། གལ་ཏེ་དགེ་སློང་རང་ལ་ལྷུང་བཟེད་དང་ཆོས་གོས་ལས་ལྷག་པའི་རྙེད་པ་གཞན་མེད་ན་ཡོན་བདག་ལས་བསླངས་ཏེ་བཏང་བར་བྱའོ། །བསླངས་ཏེ་མ་གྲུབ་ན་རང་གི་ཟས་ཀྱི་སྐལ་བ་ལས་ཕྱེད་ཕ་མ་ལ་སྦྱིན་ནོ། །གཉིས་པ་ལ། གོས་དངོས་ཉིད་ཀྱི་སྤྲོས་པ་དང་། །རྙེད་པ་རྣམ་གཞག་སྤྲོད་པ་དང་། །ན་དང་ཤི་ལ་ཅི་ལྟར་བསྒྲུབ། །སྐབས་སྔ་མ་མཐར་སྦྱར་བའོ། །དང་པོ་ལ། ཆོས་གོས་བྱེ་བྲག་བསླབ་བྱ་དང་། །གོས་ལྷག་མི་རུང་བསྟེན་པའི་ཚུལ། །གོས་གསུམ་བསྟན་པའི་བྱེ་བྲག་བསྟན། །སྤང་ལྟུང་ཕྱིར་བཅོས་ཁྱད་པར་དང་། །གོས་ལ་མི་མཐུན་རྐྱེན་གཞན་སྤང་། །དང་པོ་ནི། ལུང་ཕྲན་ཚེགས་ལས། མཛེས་དགའ་བོ་འོང་བ་ན་བཅོམ་ལྡན་འདས་བྱོན་ནོ་སྙམ་སྟེ་ནོར་བ་ན། དགེ་སློང་གནས་བརྟན་དག་ཀྱང་ལྡང་བར་བྱེད་ནས་བཀའ་སྩལ་པ། འདི་ནི་སྟོན་པའོ། །འདི་ནི་ཉན་ཐོས་སོ་ཞེས་བྱེ་བྲག་ཤེས་པར་བྱ་བའི་ཕྱིར་མཛེས་དགའ་བོའི་ཆོས་གོས་དག་ལ་ཐོག་ལེ་བྱོས་ཤིག །ཅེས་སོ། །དེ་བཞིན་དུ་དགེ་སློང་གཞན་ཡང་རུང་སྟེ། དེ་ལྟ་བུའི་ཆོས་གོས་དག་ལ་ཐིག་ལེ་བྱའོ་སྟེ་ཚོན་གྱིའོ། །ཆོས་གོས་དེ་དག་ལ་མཚན་མ་གདབ་བོ། །ཞེས་པ་ནི་གོས་གཞིའི་སྐབས་ཀྱི་ལུང་གཞི་ལས། རྒྱལ་པོ་གཟུགས་ཅན་སྙིང་པོས་དགེ་སློང་དང་མུ་སྟེགས་འཚོ་བ་པ་ནོར་ནས་གླང་པོ་ཆེ་ལས་བབས་ནས་འཚོ་བ་པོ་ལ་ཕྱག་བྱས་པ་ལས་ཆོས་འདི་པའི་མཚན་མར་སྤྱིར་ཆོས་གོས་དྲ་བར་གསུངས་ལ། ལུང་གླེང་གཞི་ལས། དགེ་སློང་གི་གོས་དང་། མུ་སྟེགས་ཀུན་ཏུ་རྒྱུ་བའི་གོས་བཙག་གིས་བཙོས་པ་དག་ཆོམ་རྐུན་པས་འཕྲོགས་ནས


K8Z004_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་གོས་དེ་དག་སླར་གཏད་པ་ན། གོས་དེ་དག་ངོ་མ་ཤེས་ནས་ཆོས་གོས་ཀྱི་མཐར་སྣག་ཚའི་ཐིག་ལེ་བྱོས་ཤིག །ཅེས་གསུངས་པ་ཡང་འདིར་བསྡུས་པའོ། །ཆོས་གོས་ཀྱི་གྲྭར་སྣག་ཚའི་ཐིག་ལེ་ནི་མཚན་མ་དེ་ཞེས་བྱའོ། །ཚོན་གྱི་ལས་བྱ་བ་ན་གོས་གཟར་ཐག་ལ་གདགས་པའི་ཕྱིར་ཆོས་གོས་ཀྱི་གྲྭར་ལུང་དག་ཀྱང་གདགས་པར་བྱའོ། །ཁ་ཚར་དང་ཕུན་ཚར་བཅད་འཕྲོ་ཅན་གྱི་མཐར་ཆ་ག་བྱའོ། །སྣམ་སྦྱར་མ་ཡིན་པ་དག་ལ་དྲས་ཏེ་བྱིན་གྱིས་བརླབ་པར་བྱ་བ་ངེས་པ་མེད་དོ། །ཟླ་འཇོག་གི་ཊཱི་ཀར་ཁུངས་དྲངས་པའི་ལུང་མ་མོ་ལས། སྣམ་སྦྱར་ནི་ངེས་པར་དྲས་ཏེ་བྱའོ། །བླ་གོས་དང་མཐང་གོས་ནི་ངེས་པ་མེད་དོ། །ཞེས་གསུངས་སོ། །མེ་ཏོག་ཕྲེང་རྒྱུད་ལས། སྣམ་སྦྱར་ངེས་པར་དྲས་ཏེ་བཅང་། །གཞན་དག་མ་ངེས་གང་གི་ཕྱིར། །འདོད་ཆུང་རང་གི་ཆོས་གོས་ཀྱི། །ལས་ཀྱི་སྡུག་བསྔལ་འགྱུར་ཕྱིར་རོ། །ཞེས་སོ། །ཆར་འབབ་པ་དང་། ཆར་འབབ་པར་དོགས་པ་དང་། བགྲོད་པར་བྱ་བ་ཆུ་ཀླུང་གིས་ཆོད་པར་འགྲོ་བ་དང་། གནང་བ་སྦྱིན་པ་དང་། སྲ་བརྐྱང་བཏིང་བ་ལ་སོགས་པ་རྐྱེན་དེ་ལྟ་བུ་དག་མེད་པར་རང་འགྲེལ་དང་ཊཱི་ཀ་ལས། སྣམ་སྦྱར་མ་དྲས་པ་དེས་གྲོང་དང་། ཁྱིམ་གཞན་དུ་འཇུག་་དང་འདུག་པར་མི་བྱའོ། །ཞེས་སོ། །རྐྱེན་དེ་ལྟ་བུ་དག་མེད་པར་སྣམ་སྦྱར་མེད་པའམ། སྣམ་སྦྱར་མ་དྲས་པ་དེས་མུ་སྟེགས་ཅན་གྱི་གནས་སུ་ཡང་འཇུག་པ་དང་འདུག་པར་མི་བྱའོ་ཞེས་སྔ་མ་དེ་བཞིན་ནོ། །མུ་སྟེགས་ཅན་གྱི་འདུག་གནས་དེ་ན་མུ་སྟེགས་ཅན་དག་འཁོད་ཅིང་། མུ་སྟེགས་ཅན་ཉེ་བར་གནས་ན་རྐྱེན་དེ་ལྟ་བུ་དག་ཡོད་ཀྱང་འདུག་གནས་དེར་སྣམ་སྦྱར་མེད་པར་འཇུག་པ་དང་འདུག་པར་མི་བྱའོ། །གཉིས་པ་ནི། བེའུ་ཕྲུག་ལ་སོགས་པ་སྤུ་ཅན་ཆོས་གོས་གསུམ་པ་ཉིད་དུ་བྱིན་གྱིས་མི་རློབ་བོ། །སྤུ་ཅན་དེ་


K8Z004_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བགོ་བའི་གོས་སུ་མི་བསྟེན་ནོ། །སེང་རས་དང་སྲབ་མོར་བྱས་པ་སེང་བ་དག་བདག་གིར་(མི་བྱའོ)བྱའོ། །སེང་བ་དེ་ནི་རྣམ་པ་བཞིའོ། །བཞི་གང་ཞེ་ན། བལ་ལས་བྱས་པ་དང་། ཟར་མ་ལས་བྱས་པ་དང་། དུ་གུ་ལ་ལས་བྱས་པ་དང་། རས་བལ་ལས་བྱས་པའོ། །སྤུ་དམའ་བ་ལ་སོགས་པ་རས་ཀྱི་རྣམ་པ་མང་བ་གཞན་དག་ཀྱང་བདག་གིར་བྱར་རུང་ངོ་། །ལྭ་བ་སྣམ་ཕྲུག་སྤུ་རིང་པོ་ཅན་ཡང་བདག་གིར་བྱར་རུང་ངོ་། །དྲི་མ་དང་ཤིག་ལ་སོགས་པའི་གནོད་པ་མེད་ན་ལྭ་བ་དེ་སྤུ་ཕྱིར་བསྟན་ཏེ་བགོ་བར་མི་བྱ་སྟེ། སྤུ་ཕྱིར་བསྟན་པ་ལས་གཞན་ནང་དུ་བསྟན་ཏེ་གྱོན་རུང་བའོོ། །གནོད་པ་ཡོད་ཀྱང་ལྭ་བ་དེ་ཕྱི་སློག་དེ་བཞིན་དུ་གྱོན་པས་བཅག་པར་མི་བྱའོ། །སོག་པོ་པར་སིག་གི་ལྭ་བ་དང་བེའུ་ཕྲུགས་དང་པར་ཐང་ཁྲ་བོ་གང་ཟག་གིས་བདག་གིར་མི་བྱའོ། །འཆགས་སར་པར་ཐང་གི་གདིང་བ་མནོད་པར་བྱའོ། །མདོ་སྔ་མ་དང་མི་འགལ་ཏེ་སྦྱིན་བདག་ལ་ཡིད་བརྟན་པས་སོ། །འཆག་པའི་ཚེ་རྟག་ཏུ་ལམ་གཅིག་ཏུ་བཅག་པར་མི་བྱའོ། །པར་ཐང་སོགས་རལ་ན་ཕྱིར་བཅོས་ནུས་པ་ཉིད་ཡིན་ན་བརྩེམས་པ་དང་། ལྷན་པ་རིང་པོ་དེ་དག་གླན་པ་རིང་པོ་དག་གླན་པས་ཕྱིར་བཅོས་པར་བྱའོ། །ཕྱིར་བཅོས་མི་ནུས་པ་ཉིད་ཡིན་ན་འཆགས་ས་དེ་ཉིད་དུ་གཅི་བ་དང་སས་བྱུག་པར་བྱའོ། །སྤུ་ཅན་དང་སྤུ་དམའ་བ་ལ་སོགས་པ་སྔར་བསྟན་པ་དེ་དག་ལས་གཞན་བཅང་བར་བྱའོ། །དེ་ལ་བྱིན་རླབས་ནི་མི་འཆགས་པས་ཇི་ལྟར་བཅང་བར་བྱ་ཞེ་ན། སྦྱིན་བདག་ལ་ཡིད་བརྟན་པས་སོ། །གསུམ་པ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་དགོས་པའི་དོན་ནི། ཆོས་གོས་བསྟེན་པས་དགེ་སློང་བདེ་བ་ལ་རེག་པར་གནས་པ་དང་། སྦྱིན་བདག་གིས་བསོད་ནམས་ཐོབ་པའོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས།


K8Z004_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་གོས་དེ་རྒྱུ་གང་ལས་བསྒྲུབ་པ་ནི། ལོག་འཚོ་སྤངས་ཤིང་ཡང་དག་པའི་འཚོ་བ་ལས་བསྒྲུབ་པའོ། །གཉིས་པ་ཚུལ་ཇི་ལྟར་བསྒྲུབ་པ་ནི། ཆོས་གོས་དྲ་བ་དང་དྲུབས་པ་དང་བཀྲུ་བ་དང་ཁ་བསྒྱུར་བའི་ཚུལ་གཞུང་དུ་སྔར་བཤད་ཟིན་ཏོ། །གསུམ་པ་གོས་ཀྱི་དབྱེ་བ་ནི། རབ་ཏུ་བྱུང་བ་རྣམས་ཀྱི་གོས་ལ་རིགས་གསུམ་དུ་དབྱེ་སྟེ། འཚོ་བའི་ཡོ་བྱད་ཀྱི་གོས་དང་། ལྷག་པའི་ཡོ་བྱད་ཀྱི་གོས་དང་། མཁོ་བའི་ཡོ་བྱད་ཀྱི་གོས་སོ། །དེ་དག་ཀྱང་དངོས་དང་ཕྲན་ཚེགས་གཉིས་སོ། །དེ་ཡང་འཚོ་བའི་ཡོ་བྱད་ཀྱི་གོས་དངོས་ནི། རབ་ཏུ་བྱུང་བའི་གོས་རེ་རེ་བ་ཉིད་དུ་བསྟེན་པར་བྱ་སྟེ། འཚོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབས་པའི་སྣམ་སྦྱར་ལྟ་བུའོ། །ཆོས་གོས་སུམ་ཕྲུག་དུ་མ་སྲ་བརྐྱང་དུ་བཏིང་ན་སྣམ་སྦྱར་གསུམ་ལ་དགེ་སློང་གཅིག་གི་ཆ་ནས་ཀྱང་འཚོ་བའི་ཡོ་བྱད་ཀྱི་ཆོས་གོས་སྲ་བརྐྱང་གི་བྱིན་རླབས་གསུམ་འཆགས་ཏེ། འཚོ་བའི་ཡོ་བྱད་ཀྱི་གོས་རེ་རེ་བ་ཉིད་དུ་བསྟེན་པའི་དམིགས་བསལ་ཡིན་ནོ། །འཚོ་བའི་ཡོ་བྱད་ཀྱི་གོས་ཕྲན་ཚེགས་ནི་ཞྭ་དང་སྐ་རགས་ལ་སོགས་པ་སྟེ། འཚོ་བའི་ཡོ་བྱད་ཀྱི་སེམས་ཀྱིས་བརྟགས་པ་འཆགས་པ་རྣམས་སོ། །ལྷག་པའི་ཡོ་བྱད་ཀྱི་གོས་དངོས་ནི་སྣམ་སྦྱར་གྱི་ཐེབ་ལྟ་བུ་སྟེ། ལྷག་པའི་ཡོ་བྱད་དུ་བྱིན་རླབས་འཆགས་པ་རྣམས་ཡིན་ནོ། །ལྷག་པའི་ཡོ་བྱད་ཀྱི་གོས་ཕྲན་ཚེགས་ནི། ཞྭའི་ཐེབས་དང་སྐ་རགས་ཀྱི་ཐེབས་ལ་སོགས་པ་སྟེ་ལྷག་པའི་ཡོ་བྱད་ཀྱི་སེམས་ཀྱིས་བརྟགས་པ་འཆགས་པ་རྣམས་སོ། །མཁོ་བའི་ཡོ་བྱད་ཀྱི་གོས་དངོས་ནི། དར་ཡུག་དང་རས་ཡུག་ལ་སོགས་པ་གོས་སམ། ཟོང་ངམ། སྦྱིན་པའི་ཕྱིར་རམ། གང་དུ་ཡང་མ་ངེས་པར་བསྲལ་བའམ། ཟོང་ཉིད་དུ་བསྲེལ་བ་སྟེ་མཁོ་བའི་ཡོ་བྱད་ཀྱི་བྱིན་རླབས་འཆགས་པ་རྣམས་ཡིན་ནོ། །མཁོ་བའི་ཡོ་


K8Z004_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་ཀྱི་གོས་ཕྲན་ཚེགས་ནི། དར་ཁ་ཕྱེད་དམ་རས་ཀྱི་དུམ་བུ་ཁྲུ་གང་གྲུབ་བཞིར་མ་ལོངས་པ་ལྟ་བུ་སྟེ། མཁོ་བའི་ཡོ་བྱད་ཀྱི་སེམས་ཀྱིས་བརྟགས་པ་འཆགས་པ་རྣམས་སོ། །བཞི་པ་ཆོས་གོས་བྱིན་གྱིས་བརླབ་པའི་ཚུལ་ལ་གཉིས་ལས། དང་པོ་དགོས་པའི་དོན་ནི། འཆང་འཇོག་གི་ལྟུང་བ་ཁེགས་པ་དང་། བྱིན་གྱིས་བརླབ་པའི་ཆོས་གོས་མེད་པའི་ཉེས་པ་ཁེགས་པའོ། །གཉིས་པ་བསྡུས་པའི་དོན་ལ་ལྔ་ལས། དང་པོ་ཡུལ་གང་གི་མདུན་དུ་བྱིན་གྱིས་བརླབ་པ་ནི། ཡུལ་དགེ་སློང་ཆོས་བདུན་ལྡན་གྱི་མདུན་དུའོ། །ཡུལ་མེད་ན་ནི་རང་གཅིག་པུས་བྱིན་གྱིས་བརླབས་ཏེ་གནས་ནས་ཕྱུང་བས་ཀྱང་ངོ་། །ཞེས་པས་སོ། །གཉིས་པ་རྟེན་གང་གིས་བྱིན་གྱིས་བརླབ་པ་ནི། བརྙེན་པར་རྫོགས་པའི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང་། ཤེས་པ་རང་བཞིན་དུ་གནས་པ་དང་། ལུས་ཐ་མལ་པར་གནས་པའོ། །དགེ་སློང་གི་སྡོམ་པ་ལེན་ན་ནི་དགེ་ཚུལ་གྱིས་ཀྱང་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། །སྡོམ་པ་གཏན་ནས་མེད་པ་འགའ་ཞིག་གིས་ཀྱང་ཆོས་གོས་བྱིན་གྱིས་བརླབ་དགོས་པ་ཡོད་དེ། མ་སྐྱེས་པ་འཆང་ལྟུང་ལ་སྦྱོར་ན་ཉེས་བྱས་སུ་འགྱུར་བ་དགག་དགོས་པ་ཡོད་པའི་ཕྱིར་རོ། །གསུམ་པ་དངོས་པོ་གང་བྱིན་གྱིས་བརླབ་པ་ལ་གསུམ་ལས། དང་པོ་འཚོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབ་པའི་དངོས་པོ་ནི། གོས་རུང་ཞིང་ཚད་དང་ལྡན་པ་སྔར་བྱིན་གྱིས་བརླབ་པ་དང་མ་འབྲེལ་བའོ། །དམིགས་བསལ་ནི་གོས་མི་རུང་བ་ལ་ཡང་རྐྱེན་དབང་གིས་བྱིན་རླབས་འཆགས་ལ། ཚད་ལས་ལྷག་པ་ལ་ཡང་སྲ་བརྐྱང་གི་བྱིན་རླབས་འཆགས་ཤིང་། སྔར་བྱིན་རླབས་དང་ལྡན་པ་ལ་ཡང་དགེ་སློང་མས་ཟླ་བ་ཕྱེད་ཕྱེད་ཀྱི་བྱིན་རླབས་འཆགས་སོ། །གཉིས་པ་ལྷག་པའི་ཡོད་བྱད་དུ་བྱིན་གྱིས་བརླབས་


K8Z004_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དངོས་པོ་ནི། གོས་རུང་ཞིང་ཚད་དང་ལྡན་པ་སྔར་བྱིན་གྱིས་བརླབས་པ་དང་མ་འབྲེལ་བ་སྟེ་སྔར་དང་འདྲའོ། །འདི་ལ་ནི་སྔར་གྱི་དམིགས་བསལ་གསུམ་པོ་མེད་དོ། །འདིར་ཙང་དུ་ན་རེ། ལྷག་པའི་ཡོ་བྱད་ཀྱི་བྱིན་རླབས་ནི་གོས་ཚད་དང་ལྡན་ན་མི་རུང་བ་ལ་ཡང་འཆགས་ཏེ། སོ་སོར་ཐར་པའི་རྒྱ་ཆེར་འགྲེལ་པ་ལས། དབྱིབས་མི་རུང་བ་ཟླུམ་པོ་ནི་མཁན་པོ་ལ་ཡིད་བརྟན་ཏེ་བཅང་བར་བྱའོ་ཞེས་བཤད་པས་ཤེས་སོ། །ཞེས་ཟེར་རོ། །བྱ་ཤ་རྒྱ་གསུམ་སོགས་འགྲེལ་པ་དེའི་རྗེས་སུ་མི་འབྲང་སྟེ། ལུང་གཞི་དང་ཀརྨ་ཤ་ཏམ་ལས། རུང་བར་མ་བགྱིས་པར་རུང་བ་བགྱི་བར་འོས་པ་འདི། ཞེས་རུང་བ་དགོས་པར་གསུངས་པ་དང་འགལ་ཞིང་། རིགས་པས་ཀྱང་གནས་སྐབས་རྐྱེན་དབང་གིས་གནང་བ་ལས་གཞན་པའི་ཚེ་ན་གོས་མི་རུང་བ་རྣམས་ལོངས་སྤྱོད་མ་བཀག་པར་ཐལ་བར་གྱུར་ཏེ། གོས་མི་རུང་བ་ལ་ལྷག་པའི་ཡོ་བྱད་ཀྱི་བྱིན་རླབས་འཆགས་ལ། ཡོ་བྱད་དེར་བྱིན་གྱིས་རློབ་པ་ནི་ལོངས་སྤྱོད་པའི་ཆེད་དུ་ཡིན་པའི་ཕྱིར། རྟགས་ཟུར་སྔ་མ་ཁྱོད་ཀྱིས་ཁས་བླངས་སོ། །དེས་ན་གོས་མི་རུང་བ་དེ་དགེ་སློང་རང་གིས་བསྒྲུབ་ཏུ་མི་རུང་ལ། སྦྱིན་བདག་གིས་ཕུལ་ན་སྦྱིན་བདག་དེ་ཉིད་ལ་ཡིད་བརྟན་དེ་བཅང་བ་དང་། ལོངས་སྤྱོད་པ་གནང་བ་ཡིན་ནོ། །གསུམ་པ་མཁོ་བའི་ཡོ་བྱད་དུ་བྱིན་གྱིས་བརླབ་པ་དངོས་ནི། གོས་ཁྲུ་གང་ཡན་ཆད་ཀྱི་ཚད་དང་ལྡན་པ་དང་སྔར་བྱིན་གྱིས་བརླབས་པ་དང་མ་འབྲེལ་བའོ། །མཁོ་བའི་ཡོ་བྱད་ཀྱི་བྱིན་རླབས་འདི་ནི་གོས་མི་རུང་བ་ཡང་འཆགས་ཏེ། རབ་ཏུ་བྱུང་བ་ཁོ་ནས་ལོངས་སྤྱོད་པར་མ་ངེས་པའི་ཕྱིར་དང་། དེ་ནི་དཀར་པོ་ཉིད་དང་། ཁ་ཚར་དང་ཕུན་ཚར་དང་བཅས་པ་ལ་ཡང་ཉེས་པ་མེད་དོ་ཞེས་གསུངས་པས་སོ། །བཞི་པ་ཆོ་ག་གང་གིས་བྱིན་གྱིས་བརླབ་པ་ནི། སྦྱོར་དངོས་མཇུག་གསུམ་སྟེ་ཀརྨ་ཤ་ཏམ་ལས་ཤེས་པར་བྱའོ། །ལྔ་པ་བྱིན་


K8Z004_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབ་པ་འཇིག་པའི་རྒྱུ་ནི། སྔགས་ཀྱིས་རྒྱུ་རབ་སྟེ་གཞུང་ལས་ཆོས་གོས་བྱིན་རླབས་དབྱུང་དགོས་པར་གསུངས་ཀྱང་དབྱུང་བའི་ཆོ་ག་ནི་འདུལ་བའི་ལུང་དང་བསྟན་བཅོས་ལས་མ་གསུངས་སོ། །འོ་ན་དབྱུང་བའི་ཆོ་ག་འདི་གང་ནས་རྙེད་ཅེས་འདྲི་ན། སྔོན་མངའ་རིས་སྟོད་ཀྱི་ཀར་ཤའི་རྒྱ་དཔེའི་རྒྱབ་ལོགས་ལ་ཆོས་གོས་ཀྱི་བྱིན་རླབས་དབྱུང་བའི་ཆོ་ག་འདི་རྒྱ་ཡིག་ཏུ་བྲིས་པ་རྙེད་དོ། །རྟེན་དང་གོས་ཞིང་མ་ཡིན་པར་གྱུར་པ་དང་། གཞན་ལ་བྱིན་པ་ལ་སོགས་པའོ། །ལྔ་པ་བསམ་པ་གང་གིས་བཅང་བ་ནི། འཚོ་བའི་ཡོ་བྱད་ཀྱི་གོས་ལ་རང་གི་ཡིན་བསམ་པ་དང་། ལྷག་པོའི་ཡོ་བྱད་ཀྱི་གོས་ལ་གཞན་གྱི་ཡིན་བསམ་པ་དང་། མཁོ་བའི་ཡོ་བྱད་ཀྱི་གོས་ལ་རང་གཞན་ཐུན་མོང་དུ་གང་མཁོ་བྱ་བའི་བསམ་པས་བཅང་སྟེ་རང་རང་གི་ཆོ་ག་ལས་ཤེས་སོ། །གཉིས་པ་ལ། འཚོ་བའི་ཡོ་བྱད་གོས་བསྟེན་ཚུལ། །མཁོ་བའི་ཡོ་བྱད་གོས་བསྟེན་ཚུལ། །ལྷག་པའི་ཡོ་བྱད་བསྟེན་ཚུལ་ལོ། །དང་པོ་ནི། སྣམ་སྦྱར་དང་བླ་གོས་དང་སྟེ། བླ་གོས་འདི་ལ་འདུལ་བ་བསྡུས་པ་ལས་ཐང་པ་ཞེས་བཤད་དོ། །མཐང་གོས་དང་ཞེས་པ་ནི་ནང་གོས་ཏེ་ཆོས་གོས་གསུམ་གྱི་ཟླས་ཕྱེ་བའི་སྨད་གོས་སོ། །མཐང་གོས་ཀྱི་ཉིན་མོའི་གཟན་ཤམ་ཐབས་དང་ཞེས་པ་སྟེ། ལུང་ལས། སྔ་དྲོ་ཤམ་ཐབས་བགོ་སྟེ་ཞེས་སོ། །ཤམ་ཐབས་ཀྱི་གཟན་དང་ཞེས་ནུབ་མོའི་མཐང་གོས་ཀྱི་གཟན་ཏེ། ཊཱི་ཀ་ལས་ནུབ་མོའི་གོས། ཞེས་བཤད་དོ། །ལུང་ལས། ཤམ་ཐབས་རྣམས་རྔུལ་གྱིས་དྲི་མི་ཞིམ་པར་གྱུར་ནས་བཀའ་སྩལ་པ། ཤམ་ཐབས་ཀྱི་ཐེབས་ཆོངས་ཤིག །ཅེས་གསུངས་སོ། །ལུང་ལས། སྣམ་སྦྱར་རྔུལ་ཏེ་དྲི་མི་ཞིམ་ནས་བཀའ་སྩལ་པ། རྔུལ་གཟན་དང་སྟོད་ཆགས་ཆོངས་ཤིག །ཅེས་ལུང་ལས་སོ། །རྔུལ་གཟན་མཚན་མོའི་གོས་ཞེས་ཕྲན་ཚེགས་འགྲེལ་པ་ལས་


K8Z004_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ལུང་ལས། རྔུལ་གཟན་དེ་ཡང་དྲི་མི་ཞིམ་ནས་བཀའ་སྩལ་པ། རྔུལ་གཟན་གྱི་གཟན་དང་ཞེས་པ་ནི་ལུང་ལས་སྟོད་ཆགས་ཀྱི་ཐེབས་ཆོངས་ཤིག །ཅེས་པའོ། །གདོང་ཕྱིས་དང་རྣག་གཟན་དང་སྟེ་ཆུར་ཁྲུ་དྲུག་དང་ཞེང་དུ་ཁྲུ་གསུམ་པའི་གོས་སོ། །གཡན་པ་དགབ་པ་དང་སྐྲ་བཟེད་དང་། གདིང་བ་དང་། དབྱར་གྱི་གོས་རས་ཆེན་བཅང་བར་བྱའོ། །སྣམ་སྦྱར་སོགས་ཆོས་གོས་གནང་བ་དེ་ཉིད་དུ་བྱིན་གྱིས་བརླབ་ཏེ་བཅང་བར་བྱའོ། །གཉིས་པ་མཁོ་བའི་གཡོ་བྱད་གོས་བསྟེན་ཚུལ་ནི། མཁོ་བའི་ཡོ་བྱད་ཀྱི་གོས་ཀྱང་ངོ་སྟེ་རས་ཡུག་ལྟ་བུ་ཟོང་ལ་སོགས་པ་གང་མཁོ་བྱེད་པར་བསྔོས་པའོ། །མཁོ་བའི་ཡོ་བྱད་ཀྱི་གོས་དེ་ནི་དཀར་པོ་ཉིད་དང་། ཁ་ཚར་ཕུན་ཚར་དང་བཅས་པ་ལ་ཡང་ཉེས་པ་མེད་དོ། །དགེ་འདུན་གྱི་ཡིན་ན་ཡང་ངོ་སྟེ་དཀར་པོ་ཉིད་དང་ཕུན་ཚར་ཉིད་དང་བཅས་པ་ལ་ཡང་ཉེས་པ་མེད་དོ། །གསུམ་པ་ནི། འཚོ་བའི་ཡོ་བྱད་དང་མཁོ་བའི་ཡོ་བྱད་དེ་གཉིས་ལས་གཞན་ལྷག་པའི་ཡོ་བྱད་ཀྱི་གོས་དུ་མ་ཡང་གཞན་ལ་ཡིད་བརྟན་པའི་སྒོ་ནས་རུང་བར་བྱས་ཏེ། ལྷག་པའི་ཡོ་བྱད་དུ་བྱིན་གྱིས་བརླབ་ཏེ་བཅང་བར་བྱའོ། །བསྡུས་པ་ལས། གང་ཟག་ཅི་འདྲ་བས་ཆོས་གོས་ལྷག་པར་བཅང་བར་བྱ་ཞེ་ན། འཐོབ་པ་ཉུང་བ་དང་། བདེ་བས་བསྐྱེད་པ་དང་། ལྷ་ལས་ཚེ་འཕོས་པ་དང་། དངོས་པོ་ཡིད་དུ་འོང་བ་དང་། ན་བ་དང་། རྔུལ་དང་དྲི་མ་མང་བ་དང་། ཤིག་དང་སྲོ་མ་མང་བ་དང་། འཁྲུག་པ་མང་བའི་ཡུལ་ན་གནས་པ་དང་། ཞལ་ཏ་བྱེད་པ་ལས་ཀྱི་མཐའ་མང་བ་དང་། ཆོས་གོས་དེ་ལ་ཉོན་མོངས་པ་ཆུང་འབྲིང་ཆེན་པོ་དག་ལ་གཉེན་པོ་སོ་སོར་རྟོག་པའི་སྟོབས་ཅན་གྱིས་སོ་ཞེས་གང་ཟག་དགུས་ཆོས་གོས་ལྷག་པ་འཆང་དུ་གནང་བར་གསུངས་སོ། །ལྷག་པའི་ཡོ་བྱད་དུ་བྱིན་གྱིས་རློབ་པ་ན་སེམས་མི་བརྟན་པ་ལ་ཡིད་བརྟན་ཏེ་དེའི་མིང་གིས་རུང་བར་མི་བྱའོ། །ཡིད་བརྟན་པ་ལ་ནི་


K8Z004_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་རང་བཞིན་དུ་གནས་པ་དགོས་སོ། །བསྙེན་པར་མ་རྫོགས་པ་ལ་ཡིད་བརྟན་ཏེ་དེའི་མིང་གིས་རུང་བར་མི་བྱའོ་ཞེས་པས། ཡུལ་བསྙེན་པར་རྫོགས་པ་དགོས་ཞེས་ཤུགས་ཀྱིས་བསྟན་ཏོ། །གང་ལ་ཡིད་བརྟན་པ་དེའི་མངོན་སུམ་དུ་རུང་བར་མི་བྱའོ། །ལུང་ལས། གང་ལ་ཡིད་བརྟན་པའི་དགེ་སློང་དེ་ཡུལ་གཞན་རྒྱ་མཚོའི་ཕ་རོལ་དུ་གནས་པར་གྱུར་པ་ཉིད་ན་ཡང་རུང་བར་བྱར་རུང་ཞིང་སྔར་བྱས་པ་ཡང་མི་ཉམས་སོ། །ཞེས་སོ། །གང་ལ་ཡིད་བརྟན་པའི་དགེ་སློང་དེ་ཤི་ན་རུང་བ་ཉམས་སོ། །ཤི་བ་ཁོ་ནས་འཇིག་གམ་ཞེ་ན། ཤི་བར་ཤེས་ནའོ། །ཤི་ཡང་ཤི་བར་མ་ཤེས་ན་རུང་བ་མི་འཇིག་གོ་ཞེས་ཤུགས་ཀྱིས་བསྟན་ཏོ། །བབས་སམ་ཕམ་པ་བྱུང་ངམ་མཚན་གྱུར་ཏེ་དེ་ལྟར་ཤེས་ན་ཡང་འཇིག་པར་མངོན་ཏེ་འདི་ལ་ཆོ་ག་རྣམས་གྱུར་ཏོ། །ཞེས་བཤད་པས་སོ། །རུང་བར་བྱས་པའི་དངོས་པོ་ནི་རུང་བར་བྱེད་པ་བདག་པོ་ཉིད་དོ་སྟེ། གང་ལ་ཡིད་བརྟན་པའི་ཡུལ་དེ་ནི་བདག་པོ་མ་ཡིན་ནོ་ཞེས་ཤུགས་ཀྱིས་བསྟན་ཏོ། །བཞི་པ་ནི། སྤང་ལྟུང་ཕྱིར་བཅོས་པའི་ཆོས་གོས་ལ་སོགས་པ་སྤངས་པ་བདག་གིར་མི་བྱའོ། །སྤངས་པའི་ལྟུང་བྱེད་ཕྱིར་བཅོས་པའི་ཕྱིར་བཞག་པ་ཡིན་གྱི། སྦྱིན་པའི་ཕྱིར་བཞག་པ་མ་ཡིན་པའི་ཕྱིར་རོ། །སྤང་ལྟུང་ཕྱིར་བཅོས་པ་ན་དངོས་པོ་དེ་སུ་ལ་སྤང་ཞེ་ན། དགེ་སློང་གང་ཟག་གཅིག་ལ་སྤང་བར་བྱའོ། །དགེ་སློང་མ་དང་བསྙེན་པར་མ་རྫོགས་པ་ལ་སྤང་བར་མི་བྱའོ། །དགེ་འདུན་ལ་སྤང་བར་མི་བྱའོ། །གོ་བ་མི་གསལ་བ་གླེན་པ་ལ་སོགས་པ་ཡང་སྤང་བར་མི་བྱའོ། །བླུན་ཅིང་ཚུལ་མི་ཤེས་པ་ལ་མི་སྤང་ངོ་། །སྤང་ལྟུང་ཕྱིར་བཅོས་ཟིན་ཀྱང་སྤངས་པའི་རྫས་དེ་བདག་པོ་ལ་མ་བྱིན་ན་བདག་པོ་རང་གིས་བླང་ངོ་། །བླངས་ཀྱང་མ་སྟེར་ན་མཐུས་ཀྱང་དགུག་གོ། །ལྔ་པ་ནི། གོས་ག་


K8Z004_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བུར་ལ་སོགས་པའི་དྲི་དག་གིས་བགོས་པས་བཀྲུས་ཏེ་བསྒོ་བར་བྱའོ། །གོས་ལ་ས་ལ་སོགས་པའི་ཕྱེ་མ་དག་གིས་གོས་ན་སྤྲུགས་ཏེའོ། །སྣུམ་གྱིས་གོས་ན་རྩུབ་ཆལ་གྱིས་རྩུབ་པར་བྱས་ཏེའོ་སྟེ་ཐལ་ཆུ་ལ་སོགས་པས་བསྣུབས་ཏེ་བགོ་བར་བྱའོ། །ཆར་བབ་པའི་ཚེ་ཡང་གནས་སྟེང་གཡོགས་ཡོད་པ་ནི་དགེ་འདུན་གྱི་གོས་དགེ་སློང་གིས་གོན་དུ་རུང་མོད་ཀྱི། །ཆར་འབབ་པའི་ཚེ་བླ་གབ་མེད་པར་དགེ་འདུན་གྱི་གོས་མི་བགོ་བར་བྱའོ། །བཀྲུ་བཤལ་དང་། ཚོན་དང་། ལྷུང་བཟེད་ཀྱི་ལས་དང་། ཤིང་གཤག་པ་ལ་སོགས་པ་བྱེད་པའི་ཚེ་དགེ་འདུན་གྱི་གོས་མི་བགོའོ། །གཉིས་པ་ལ། བཅོལ་འཆོལ་བྱིན་པ་ཡིན་མིན་དབྱེ། །རྙེད་བླང་མི་བླང་བྱེ་བྲག་དབྱེ། །རྙེད་བགོ་གསུམ་དང་མི་བགོ་ལྔ། །རྙེད་དབང་མི་དབང་དབྱེ་བ་ཞར། །ཟས་རྙེད་འབྲིམ་པ་ཇི་ལྟར་བསྒྲུབ། །དང་པོ་ནི། མི་གཉིས་སམ་མང་པོས་དགེ་སློང་ལ་རྫས་བཅོལ་ཏེ་བཞག་ནས་ངེད་ཅག་ལྷན་ཅིག་འཚོགས་ཏེ་ལེན་དུ་འོང་བ་ཉིད་ལ་བྱིན་ཅིག་ཅེས་མ་བསྒོ་ན། ཕྱིས་རྫས་དེ་ལེན་པའི་ཚེ་ན་དང་པོ་ནས་བཅོལ་དུ་འོང་བའི་གང་ཟག་གཅིག་གཉིས་དང་བྲལ་བའི་ཕྱིར་དང་པོ་ནས་བཅོལ་དུ་འོང་བའི་གང་ཟག་འགའ་ཞིག་མ་འཚོགས་ཀྱང་འདོམས་པར་བྱེད་པ་རྫས་དེ་འཚོལ་དུ་འོང་བ་གང་རུང་ཞིག་ལེན་དུ་འོང་བ་ལ། དགེ་སློང་གིས་རྫས་དེ་བྱིན་པ་ནི་ཡང་དག་པར་བྱིན་པ་ཉིད་ཀྱི་གྲངས་སུ་གཏོགས་པ་ཡིན་ནོ། །འདིའི་ལུང་ནི་སྐྱེ་བོ་བཞིས་དགེ་སློང་ལ་གོས་གཏམས་པར་གྱུར་པ་གཅིག་གིས་ལེན་ན་སྩལ་བར་བགྱིའམ་ཉེ་བ་འཁོར་སྦྱིན་པར་བྱའོ། །ཞེས་སོ། །ངེད་བཞི་མ་འཚོགས་ན་བྱིན་ཅིག་ཅེས་བསྒོ་ན་ནི་གཅིག་གམ་གཉིས་ལེན་དུ་འོང་ན་མི་སྦྱིན་ནོ། །རྫས་དེ་འཚོལ་ཞིང་འདོམས་པར་བྱེད་པ་གྲོགས་དང་བཅས་པ་དེ་ལས་གཞན་ལེན་པར་བྱེད་པ་ལ་མི་སྦྱིན་


K8Z004_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ནོ་སྟེ་བདག་པོ་མ་ཡིན་པས་ཐོབ་རྒྱལ་དུ་བླང་བ་སྤང་བའི་ཕྱིར་རོ། །གཉིས་པ་ནི། སྨྱོན་པས་ཕུལ་ན་བླང་དུ་རུང་ངམ་མི་རུང་སྙམ་ན། སྨྱོན་པས་དགེ་སློང་རང་གི་ཉེ་དུ་མ་ཡིན་པ་དང་། སྨྱོན་པ་དེའི་ཁྱིམ་ནས་བླངས་པ་ལས་རྫས་དེ་དགེ་སློང་གིས་བླང་བར་མི་བྱའོ། །ཕ་སྤད་ནོར་གཅིག་ན་ཁྱིམ་བདག་གི་བུ་ཕས་རེ་ཞིག་བསྐྲད་པ་དེས་ཕོའི་ཁྱིམ་ནས་བླངས་ཏེ་རྫས་དགེ་སློང་ལ་འབུལ་ན་དེ་ལས་བླང་བར་བྱའོ། །དུར་ཁྲོད་ནས་རོའི་གོས་ཕྱིར་བཟློག་པ་དགེ་སློང་ལ་འབུལ་ན་ཡང་བླང་བར་བྱའོ། །དུར་ཁྲོད་ནས་ཕྱིར་བཟློག་པའི་གོས་དགེ་སློང་ལ་ཕུལ་བ་དེ་དགེ་སློང་ལས་ཕྱིར་དགུག་ན་སྦྱིན་པར་བྱའོ། །དུར་ཁྲོད་ཀྱི་རྫས་དེ་དགེ་སློང་ལ་ཕུལ་ནས་དགེ་སློང་ལས་ཕྱིར་བཀུག་པ་དེ་སླར་ཡང་དགེ་སློང་ལ་ཕུལ་ཏེ་རྙེད་ན་བླང་ངོ་། །གསུམ་པ་མི་བགོ་བ་ནི་ལྔ་སྟེ། དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་དཀོར་དང་། འདིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་མཆོད་རྟེན་གྱི་དཀོར་ནི་འདིར་མ་གཏོགས་ཏེ། དེ་ནི་དགེ་སློང་གི་ནོར་ཉིད་དུ་བགོ་བར་བྱ་བ་ཡིན་པའི་ཕྱིར། ཞིང་དང་ལོ་ཐོག་ལ་སོགས་པ་འབྱུང་ཁུངས་དང་བགོ་བ་གསུམ་ནི། རྩ་བ་དང་འབྲས་བུ་དང་ཤིང་དང་གསུམ་བགོ་བར་བྱའོ། །དེ་གསུམ་ལས་གཞན་པའི་ཟས་ཀྱི་དོན་དུ་སྦྱར་བ་འབྲས་གྲོ་ནས་ལ་སོགས་པ་དང་། སྣོད་སྤྱད་ལ་སོགས་པ་དགེ་འདུན་གྱི་སྤྱི་བུངས་གང་ཟག་ལ་བསྐོ་བས་ཉེ་བར་འཚོ་བར་བྱ་བ་དང་། ན་བའི་རུང་བ་སྨན་ཁང་དུ་གཏོགས་པ་ཨ་རུ་ར་ལ་སོགས་པ་ནི་གང་ཟག་སོ་སོའི་བདག་གིར་བྱ་བའི་ཕྱིར་བགོ་བར་མི་བྱ་བ་ཉིད་ཡིན་ནོ། །བཞི་པ་ནི། གྲོང་མཐའི་གནས་དང་དགོན་པའི་གནས་མཚམས་ཐ་དད་པ་ན་དགོན་པའི་གནས་དེར་དགེ་སློང་དག་དབྱར་གནས་ཏེ་དགག་དབྱེ་བྱས་ནས་མཚམས་པོ་ཆེ་བཅད་ཅིང་། གནས་མཚམས་གཅིག་ཏུ་གྱུར་པ་ན་དགོན་པར་དབྱར་


K8Z004_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་སྦྱོར་བའི་སྦྱིན་བདག་གིས་དགོན་པ་དེར་གྲོང་མཐའ་བའི་དགེ་འདུན་རྣམས་ཀྱང་བོས་ནས་མཆོད་སྟོན་དྲངས་ཏེ། ཆོས་གོས་ལ་སོགས་པའི་རྙེད་པ་ཕུལ་བ་ན་སྦྱིན་བདག་གི་འདི་སྙམ་དུ་ཁོ་བོས་དགེ་འདུན་ཙམ་གྱི་ཕྱིར་འབུལ་བར་བྱ་སྟེ། རྙེད་པ་འདི་ནི་གང་དབང་བའི་དགེ་འདུན་དེས་ལེན་པར་འགྱུར་རོ་སྙམ་སྟེ། དེས་རྙེད་པ་དགེ་འདུན་ལ་འབུལ་ལོ་ཞེས་ཟེར་ན། དབྱར་གནས་དུས་ཀྱི་མཚམས་སུ་གཏོགས་པའི་དགེ་འདུན་དགོན་པ་པ་རྣམས་ཁོ་ན་དབང་ངམ། རྙེད་པ་འབུལ་དུས་ཀྱི་མཚམས་སུ་གཏོགས་པའི་དགེ་འདུན་རྣམས་ཀྱང་དབང་ཞེ་ན། རྙེད་པ་ལ་ནི་ཞེས་ཏེ་རྙེད་པ་འདི་དགེ་འདུན་ལ་འབུལ་ལོ་ཞེས་དགེ་འདུན་ཙམ་གྱི་ཕྱིར་འབུལ་བར་བྱེད་ན་དབྱར་གནས་པའི་རྙེད་པ་འདི་ལ་ནི། དབྱར་གནས་པའི་དུས་ཀྱི་མཚམས་སུ་གཏོགས་པའི་དགེ་འདུན་རྣམས་ཁོ་ན་དབང་བ་ཉིད་དུ་འཇུག་གོ། །རྙེད་པ་དེ་གནས་ཀྱི་བསྟབས་པ་ཡིན་པའི་ཕྱིར་ཞེས་སྲ་བརྐྱང་གི་གཞི་ཞུ་བ་ལས་གསུངས་ཏེ། དེའི་དོན་ནི་ཊཱི་ཀ་ལས། རྙེད་པ་དེ་དབྱར་གྱི་གནས་དེ་བསྒྲུབ་པ་ཡིན་པའི་ཕྱིར་རོ། །ཞེས་བཤད་དོ། །དེས་ན་རྙེད་པ་འབུལ་དུས་ཀྱི་མཚམས་སུ་གཏོགས་པའི་དགེ་འདུན་གཞན་གྲོང་མཐའ་པ་རྣམས་མི་དབང་ངོ་། །ཐམས་ཅད་དུའམ་ཞེ་ན། ཊཱི་ཀ་ལས། གལ་ཏེ་སྦྱིན་བདག་གིས་དགེ་སློང་འདི་དག་དང་གཞན་དག་ལ་ཡང་འབུལ་ལོ། །ཞེས་ཡོངས་སུ་ཆད་པར་བྱེད་ན་དེའི་ཚེ་གཞན་དག་ཀྱང་དབང་བར་ཐེ་ཚོམ་མེད་དོ། །དབྱར་ཡུན་རིང་དུ་གནས་ནས་དབྱར་རལ་བ་ནི་དབྱར་གནས་པའི་རྙེད་པ་མི་དབང་བ་ཉིད་མ་ཡིན་ནོ། །གནས་ནས་ཕྱུང་བ་ཉིད་དུ་གྱུར་པ་ན་དབྱར་གནས་པའི་རྙེད་པ་མི་དབང་ངོ་། །ཁྲིའམ་རེ་ལྡེའམ་སྤང་ལེབ་ལྟ་བུའི་རྫས་གཅིག་ཉིད་ཀྱིས་གཙུག་ལག་ཁང་གི་མཚམས་ཐ་དད་པ་དུ་མ་མནན་པར་རྫས་དེའི་སྟེང་དུ་འདུག་སྟེ།


K8Z004_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་གཅིག་གིས་གཙུག་ལག་ཁང་མཚམས་ཐ་དད་པ་དུ་མར་དབྱར་གནས་པར་ཁས་བླངས་པ་ནི་དབྱར་གནས་པའི་རྙེད་པའི་སྐལ་བ་གཅིག་ཁོ་ནའོ། །དགེ་སློང་གཅིག་གིས་རྫས་ཀྱིས་མནན་ཏེ་གཙུག་ལག་ཁང་བཞིར་དབྱར་གནས་པར་ཁས་བླངས་ན་ཡང་དབྱར་གནས་པའི་རྙེད་པའི་སྐལ་བ་ནི་བཞི་མི་འོང་ངོ་། །སྐལ་བ་གཅིག་ཁོ་ནའོ། །གཅིག་དེ་གནས་གང་ནས་སྦྱིན་པར་བྱ་ཞེ་ན། རྫས་ཀྱིས་མནན་ཏེ་གནས་པར་ཁས་བླངས་པའི་གང་ཟག་དེ་ལ་གཙུག་ལག་ཁང་མཚམས་ཐ་དད་པ་དུ་མའི་གྲངས་ཇི་སྙེད་མནན་པ་རྣམས་སུ་བདག་ཉིད་གཏོགས་པར་བགྲང་བའི་ཆ་བསྡུས་ཏེ་མི་གཅིག་གི་སྐལ་བ་དབང་བ་ཉིད་དོ། །མཚམས་གཉིས་མནན་ན་མཚམས་རེ་རེ་ནས་སྐལ་བ་ཕྱེད་ཕྱེད་དབང་། །མཚམས་བཞི་མནན་མཚམས་རེ་རེ་ནས་བཞི་ཆ་རེ་དབང་སྟེ། དེ་དག་སྤྱིར་བསྡུས་པས་སྐལ་བ་རངས་པོ་གཅིག་སྦྱིན་ནོ། །རྫས་ཀྱིས་མནན་ཏེ་གནས་པར་ཁས་བླངས་པ་ལས་གཞན་པ་རྫས་ཀྱིས་མནན་པར་གནས་གཅིག་ཏུ་དབྱར་གནས་པར་ཁས་བླངས་ནས་དེ་མ་ཐག་ཏུ་གནས་ཐ་དད་གཞན་གཅིག་ཏུ་ཁས་བླངས་ཏེ། དགེ་སློང་གཅིག་གིས་ཉི་མ་གཅིག་ལ་སྔ་ཕྱི་རིམ་གྱིས་གཙུག་ལག་ཁང་དུ་མར་དབྱར་གནས་པར་ཁས་བླངས་པ་ལ་ནི་དབྱར་གང་དུ་སྡོད་པ་ཡུན་རིང་བ་ཉིད་ཀྱིས་དེའི་རྙེད་པ་རྣམ་པར་བཞག་གོ། །གང་དུ་ཡུན་རིང་དུ་གནས་པའི་གནས་དེ་གཅིག་པུ་ནས་དེའི་རྙེད་པའི་སྐལ་བ་རངས་པོ་གཅིག་སྦྱིན་པར་བྱའི། གནས་དེ་དག་ཐམས་ཅད་ནས་སྐལ་བ་རེ་རེ་ཡང་མི་སྦྱིན་ལ། དེ་དག་ནས་ཆ་བསྡུ་བ་ཡང་མི་བྱའོ། །དགེ་ཚུལ་དང་དགེ་ཚུལ་མ་དག་ནི་དབྱར་གནས་པ་ལ་སོགས་པའི་དགེ་འདུན་ལ་ཕུལ་བའི་གོས་སམ། གོས་ཀྱི་རིན་གྱི་རྙེད་པ་ལ་སུམ་ཆད་བྲི་བ་སྟེ་


K8Z004_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་གཉིས་དབང་བ་ཉིད་དོ། །འོ་ན་ལུང་སིལ་བུ་ལས། དགེ་ཚུལ་དང་དགེ་ཚུལ་མ་དག་ལ་ནི་སུམ་ཆ་གཅིག་བྱིན་ཅིག །ཅེས་གསུངས་ལ། དེ་ཁོ་ན་ལྟར་ལུང་ཞུ་བ་དང་འོད་ལྡན་ལས་བཤད་ཅིང་། རྩ་བ་སུམ་བརྒྱ་པ་ལས་ཀྱང་། དགེ་ཚུལ་སུམ་ཆ་གཅིག་ཉིད་དབང་བར་འགྱུར། བསྙེན་པར་རྫོགས་པར་འདོད་ན་ཆ་གཉིས་ཏེ། ཞེས་བཤད་པ་དང་འགལ་ཅེ་ན། ལུང་ལ་འདོན་པ་ཐ་དད་པ་ལུགས་གཉིས་སུ་བྱུང་ཡང་ལུང་གང་ལས་མདོ་རྩ་བ་བསྡུས་པའི་ལུང་དེ་གཙོ་བོར་བྱས་ཏེ་མདོ་རྩ་འགྲེལ་ལྟར་བཟུང་ངོ་། །ལུང་སིལ་བུ་ལས། དགེ་སློང་ལ་ནི་ཆོས་གོས་གསུམ་དགོས་ཀྱི། དགེ་ཚུལ་ལ་ནི་སྟོད་གཡོགས་དང་མཐང་གོས་སུ་ཟད་ན། ཞེས་གསུངས་པས་ཀྱང་དགེ་ཚུལ་རྣམས་གོས་ཀྱི་རྙེད་པ་སུམ་གཉིས་དབང་བར་འཐད་དོ། །དགེ་ཚུལ་དང་དགེ་ཚུལ་མ་དག་ཟས་ཀྱི་རྙེད་པ་ལ་ནི་བསྙེན་རྫོགས་དང་མཉམ་པ་ཉིད་དོ། །ཤི་བའི་ཡོ་བྱད་ལ་ཡང་མཉམ་པ་ཉིད་དོ་སྟེ་འདི་ལ་བསྙེན་པར་མ་རྫོགས་པ་དག་ཀྱང་དབང་བ་ཉིད་དོ། །དགེ་ཚུལ་བསྙེན་པར་རྫོགས་པར་འདོད་པ་དང་དགེ་སློང་མ་དག་ཀྱང་གོས་ཀྱི་རྙེད་པ་ལ་དགེ་སློང་དང་མཉམ་པ་ཉིད་དོ། །འོ་ན་ལུང་སིལ་བུ་ལས། དགེ་ཚུལ་ཕ་བསྙེན་པར་རྫོགས་པར་འདོད་པ་དང་། དགེ་སློབ་མ་ལ་སུམ་གཉིས་བྱིན་ཅིག་ཅེས་གསུངས་ལ། རྩ་བ་སུམ་བརྒྱ་པ་ལས། བསྙེན་པར་རྫོགས་པར་འདོད་ན་ཆ་གཉིས་ཏེ། །ཞེས་བཤད་པ་དང་འགལ་ཅེ་ན། ལུང་ལས། འདོད་པ་ཐ་དད་པ་ལུགས་གཉིས་སུ་བྱུང་ཡང་སྔར་བཞིན་མདོ་རྩ་འགྲེལ་ལྟར་བཟུང་ངོ་། །དགེ་སློང་ཕ་མ་གཉིས་ཀའི་དགེ་འདུན་འཚོགས་པ་ལ་རྙེད་པ་སྤྱིར་ཕུལ་ན་དགེ་སློང་དང་དགེ་སློང་མ་རྣམས་ཀྱི་སྐལ་བ་བགོ་བ་ནི་གང་ཟག་གི་གྲངས་སུ་ཡོད་པ་ལས་མཉམ་པར་བགོ་བ་ཡིན་གྱི། དགེ་འདུན་གྱི་གྲངས་ལས་ཕྱེད་ཕྱེད་དུ་བགོ་བ་ནི་མ་ཡིན་ནོ། །སྔར་དགེ་འདུན་ལ་


K8Z004_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྟོན་དྲངས་ནས་ཟས་ཀྱི་མཇུག་ཐོགས་སུ་རས་ཡུག་ལ་སོགས་ཀྱི་རྙེད་པ་འབུལ་བ་ན། དགེ་འདུན་ལ་འབུལ། ཞེས་སྤྱི་ཙམ་དུ་ཕུལ་གྱི། དགེ་སློང་རྣམས་ཁོ་ན་ལ་འབུལ་ལོ་ཞེས་བྱེ་བྲག་ཏུ་མ་བཅད་པ་དེ་ལ་དགེ་སློང་མ་དག་གིས་གནས་དེར་ཟས་ཟོས་པ་ཉིད་དག་ཀྱང་རྙེད་པའི་སྐལ་བ་དབང་བར་མི་འཇུག་པ་མ་ཡིན་ནོ། །དགེ་སློང་གསར་དུ་ཁྲིམས་རྫོགས་ན་དགེ་སློང་མ་ཁྲིམས་རྫོགས་ནས་ལོ་ཉི་ཤུ་ལོན་ཀྱང་། སྟན་དང་ཆུ་དང་བསོད་ནམས་དག་ལ་དགེ་སློང་ནི་དགེ་སློང་མ་དག་པས་གཙོ་བོ་ཉིད་མ་ཡིན་པ་མ་ཡིན་ནོ། །དགེ་སློང་མ་རྣམས་ཀྱི་ཚོགས་པ་ན་རྒན་མཐར་གྲལ་དུ་སྟན་བཞག་གོ། །ལུང་སིལ་བུ་ལས། དགེ་ཚུལ་ཕ་ཞིག་འོང་ན་ཡང་དེར་འདུག་ལ་ཟོ་ཞིག །ཅེས་སོ། །མཆོད་སྟོན་ལ་སོགས་པ་ལ་དགེ་སློང་དང་བཅས་པ་ཉིད་ན་དགེ་སློང་དེ་དག་གིས་ཡོན་བཤད་བྱེད་མི་ནུས་ན་དགེ་སློང་མས་ཡོན་བཤད་པར་བྱའོ། །ལྔ་པ་ནི། དགེ་འདུན་ལ་ཟས་འབྲིམ་པར་བྱེད་པ་ཁྱིམ་པ་ལ་སོགས་པས་དགེ་འདུན་ལ་ཟས་སྦྱིན་པའི་ཕྱིར་དགེ་འདུན་གྱི་མདུན་དུ་ཟས་ཉེ་བར་བཞག་པ་ན། དགེ་འདུན་གྱི་གནས་བརྟན་གྱིས་ཟས་ལེན་པའི་དང་པོར་ཐམས་ཅད་ལ་སྙོམས་པར་བྲིམས་ཤིག་ཅེས་བསྒོ་བར་བྱའོ། །དགེ་འདུན་གྱིས་གནས་བརྟན་གྱི་འཁོར་ལ་བལྟས་ཏེ་འཁོར་མང་ལ་ཟས་ཉུང་བ་ཉིད་ཡིན་ན། དེའི་ཚེ་སྔ་མ་འཁོར་མང་ལ་ཟས་ཉུང་ཞེས་བརྗོད་ཅིང་ཁྱབ་པར་བྲིམས་ཤིག་ཅེས་སོ། །འཁོར་མང་ལ་ཟས་ཉུང་བ་ལས་གཞན་འཁོར་ཉུང་ལ་ཟས་མང་བ་ཉིད་ཡིན་ན་གནས་བརྟན་གྱིས་ཟས་འབྲིམ་པ་པོ་དེ་ལ་འཁོར་ཉུང་ལ་ཟས་མང་བ་ཡིན་ནོ་ཞེས་བརྗོད་ཅིང་། ཅི་འབྱོར་བ་ཇི་ཙམ་གསོལ་སྤྱོད་པ་བྲིམས་ཤིག་ཅེས་བྱའོ། །དགེ་འདུན་གྱིས་རྒན་པའི་མཐར་ས་མ་བྲ་བ་ཏ་ཞེས་པ་ནི་བི་ཤམ་པྲ་མ་ཏ་ཞེས་པ་མི་མཉམ་པར་འགྱུར་བ་སྟེ། བི་ཤ་


K8Z004_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ཡིན་པས་དུག་ཏུ་གྱུར་པ་ཞེས་པའི་དོན་ཡིན་ལ། དེ་ལས་བཟློག་པ་ས་མ་པྲ་བ་ཏ་ཞེས་པ་མཉམ་པར་གྱུར་ཏེ་དུག་མེད་པར་འགྱུར་བའི་དོན་ཡིན་པས་འབྲིམ་མཁན་གྱི་དགེ་སློང་གིས་དེ་སྐད་བརྗོད་ན་ཟས་དུག་ཅན་ཡང་དུག་མེད་པར་འགྱུར་རོ། །དེས་ན་དེ་མ་བརྗོད་པར་དགེ་འདུན་གྱིས་གནས་བརྟན་གྱི་གྲལ་དེའི་དང་པོར་ཟས་བླང་བར་མི་བྱའོ། །ཟས་དྲང་བའི་ཕྱིར་སྦྱིན་བདག་གིས་ཟས་བསྡོགས་ཕན་ཡོན་བདག་གིས་གྲངས་བཅད་དེ་སྤྱན་དྲངས་པ་ལ་མགྲོན་དུ་བསྐོས་པའི་དགེ་སློང་དག་ལས་གཞན་པའི་དགེ་སློང་དག་གློ་བུར་དུ་ལྷགས་ན། སྦྱིན་བདག་དེ་ལ་མགྲོན་དུ་བསྐོས་པའི་དགེ་སློང་དག་གིས་སྦྲན་པར་བྱའོ། །གསུམ་པ་ནི། དགེ་སློང་གི་ཆོས་གོས་གསུམ་དགེ་འདུན་ནམ་གང་ཟག་ལ་སྦྱིན་དུ་གཞུག་པར་མི་བྱའོ། །དགེ་སློང་ནད་པས་དགེ་འདུན་ལ་ཆོས་གོས་གསུམ་འབུལ་ན་དགེ་འདུན་གྱིས་ནད་སོས་པར་འགྱུར་བ་ཉིད་ན་འདི་ལ་ཕྱིས་སྦྱིན་ནོ་སྙམ་པ་དེ་ལས་གཞན་པའི་ཡིད་ཀྱིས་བླང་བར་མི་བྱའོ། །ཤི་བའི་རོ་ནི་སྟོད་གཡོགས་དང་སྨད་གཡོགས་གཉིས་ཀྱིས་གཡོགས་ཏེ་རོ་བོར་རོ། །སྟོད་གཡོགས་དང་སྨད་གཡོགས་འབྲིང་གིས་སོ་ཞེས་པ་ནི་འདིས་བཅས་པ་གསུམ་བསྟན་ཏེ། སྒྲུབ་པ་དངོས་སུ་བསྟན་པས་དགག་པ་གཉིས་ཤུགས་ཀྱིས་བསྟན་ཏེ། ལུང་གླེང་གཞི་ལས། གོས་བཟང་པོས་ཀྱང་མདོར་ཅིག །ངན་པ་དང་ཡང་མདོར་བར་འབྲིང་པོ་དང་ལྷན་དུ་དོར་ཅིག །ཅེས་གསུངས་སོ། །སྟོད་གཡོགས་དང་སྨད་གཡོགས་གཉིས་ཀྱི་རྫས་ལྷག་མས་རོ་དོར་བར་མི་བྱ་སྟེ། སྟོད་གཡོགས་དང་སྨད་གཡོགས་ཟུང་ཞིག་ལས་གཞན་པའི་གོས་མང་པོ་རྣམས་དང་ལྷུང་བཟེད་དང་བཅས་ཏེ་དོར་བར་མི་བྱའོ། །ཞེས་གསུངས་སོ། །བཞི་པ་ནི། སྐ་རགས་ཀྱིས་ཤམ་ཐབས་མ་བཅིངས་པར་གྲོང་དུ་འཇུག་པར་མི་བྱའོ། །སྐ་རགས་ཁྲིས་གཅིག་
གིས་ཀྱང་མི་བྱའོ། །གོས་ཀྱི་གཞི་ཕྲན་ཚེགས་ལ་སོགས་པ་ཞུ་བ་དང་བཅས་པའི་སྐབས་སོ།། །།འདིར་སྨྲས་པ། ཡུལ་གྱི་དུག་གི་རྣམ་པར་མ་ཟིན་ཅིང་། །འདོད་པའི་སྦྲང་རྩིའི་རོ་ལ་མ་གཡེང་བར། །འཁོར་བའི་སྲིད་པ་གཅོད་པའི་ཁུར་ཁྱེར་བའི། །བརྟུལ་ཞུགས་ཅན་གྱིས་དགེ་ལ་ཅི་ཡང་སྤྲོ། །རང་ཕྱོགས་ལ་ཆགས་གཞན་ལ་རྣམ་འཚེ་བ། །དམྱལ་བའི་བུད་ཤིང་རྒྱུ་གཅིག་ལས་རྣམས་ནི། །བསྟན་ཞུགས་གཟུགས་བརྙན་རྣམས་ཀྱིས་བསྒྲུབ་པ་སྟེ། །འདི་འདྲའི་དགེ་སྦྱོང་མཐོང་བར་མ་གྱུར་ཅིག །ཤ་ཁྲག་ཟད་པས་མལ་དུ་གནས་བཅས་ཤིང་། །སྲོག་གི་འགྲོ་བ་ཟད་པའི་ཤུགས་རིངས་ཅན། །ད་ལྟ་འཆི་བར་ངེས་པའི་སྐྱེས་བུ་བཞིན། །རྟག་ཏུ་ངེས་འབྱུང་ཐོབ་དེས་དལ་བ་རྙེད། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། གོས་ཀྱི་གཞིའི་སྐབས་ཀྱི་རྣམ་བཤད་རྫོགས་སོ།། །།


previousདབྱར་གྱི་གཞི།next