Nitartha Digital Library
Tibetan
 
no previousསྟོན་པ་སངས་རྒྱས་ཀྱི་བྱོན་ཚུལ། next

སྟོན་པ་སངས་རྒྱས་ཀྱི་བྱོན་ཚུལ།

༄༅། །དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ངོ་མཚར་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།

ན་མོ་ཤྲཱི་ཝན་གུ་རུ་དྷརྨ་སྭ་མི་བུདྡྷ་དྷྭ་ཛ་ཡེ། །ལྷ་མིའི་བླ་མ་སྟོན་མཆོག་ཉི་མའི་གཉེན། །སྒྲིབ་གཉིས་དྲི་མ་ཀུན་སེལ་དམ་པའི་ཆོས། །ཡང་དག་ལམ་གྱིས་རྒྱུད་གྲོལ་དགེ་འདུན་ཚོགས། །སྐྱབས་མཆོག་རྣམས་ལ་བྱང་ཆུབ་བར་དུ་འདུད། །རྒྱལ་བ་མར་མེ་མཛད་དང་འབྲོམ་སྟོན་རྗེ། །ཕུ་ཆུང་པ་དང་སྤྱན་སྔ་པོ་ཏོ་བ། །ཡབ་སྲས་སྐུ་མཆེད་བརྒྱུད་པར་བཅས་པ་ཡི། །རྣམ་ཐར་དྲན་པས་ལན་བརྒྱར་ཕྱག་བགྱི་འོ། །འཇིག་རྟེན་དབང་ཕྱུག་ཞིང་ཁམས་གངས་ལྗོངས་འདིར། །ཡོངས་རྫོགས་བསྟན་པའི་མངའ་བདག་ས་སྐྱ་པ། །ཀུན་དགའ་སྙིང་པོ་སྲས་དང་དབོན་དུ་བཅས། །རིམ་པར་བྱོན་ལ་བདག་ཅག་སྙིང་ནས་དད། །སྙིགས་དུས་བསྟན་པའི་མེ་རོ་གསོ་བ་ལ། །བསམ་བཞིན་སྐྱེ་བ་བཞེས་པའི་སྔགས་འཆང་རྗེ། །གང་གི་ཐུགས་སྲས་བསོད་ནམས་དབང་པོ་དང་། །གྲགས་པ་བློ་གྲོས་སྐྱེ་དགུའི་གཙུག་ན་མཛེས། །ཨ་ཏི་ཤ་དང་རྒྱལ་བའི་འབྱུང་གནས་ལྟར། །བདག་ལ་གཅིག་ཏུ་དགོངས་པའི་ཐུགས་རྗེ་ཅན། །བཀའ་དྲིན་མཉམ་མེད་རྒྱལ་བ་མུས་པ་ཆེ། །སངས་རྒྱས་བསྟན་པའི་རྒྱལ་མཚན་འཛིན་ཁྱོད་བསྔགས། །གང་གི་ཟབ་ཡངས་གསུང་གི་བདུད་རྩིའི་རྒྱུན། །ངོམ་པར་གསོལ་བའི་སྐྱེས་ཆེན་མཆོག་རྣམས་དང་། །གཞན་ཡང་འགྲོ་ཀུན་དགའ་མཛད་རང་གཞན་གྱི། །དོན་གཉིས་ལྷུན་གྲུབ་སྤྱན་སྔ་རིན་ཆེན་རྒྱལ། །གང་བློ་འཇམ་པའི་རྡོ་རྗེས་ཉེར་བཟུང་བས། །དེང་སང་མཁས་པ་ཀུན་གྱི་གཙུག་གི་རྒྱན། །ངག་གི་དབང་ཕྱུག་ཆོས་ཀྱི་གྲགས་པ་ཡིས། །ཀུན་ཁྱབ་ཐམས་ཅད་མཁྱེན་དེར་ཕྱག་བཙལ་ནས། །རྒྱལ་བའི་རྒྱལ་ཚབ་བཤེས་གཉེན་བཀའ་གདམས་པའི། །ཟབ་དང་རྒྱ་ཆེའི་དམ་ཆོས་བྱུང་བའི་ཚུལ། །ལེགས་པར་བཤད་པ་ངོ་མཚར་རྒྱ་མཚོ་འདི། །བསྟན་དང་འགྲོ་ལ་ཕན་ཕྱིར་འདིར་སྤེལ་ལོ། །དེ་ལ་འདིར་བཅོམ་ལྡན་འདས་ཐུབ་པའི་དབང་པོ་འདི་ཉིད་ཀྱིས་བསྐལ་པ་གྲངས་མེད་པའི་སྔོན་རོལ་ནས་ཚོགས་གཉིས་ཀྱི་མཛད་པ་རྨད་དུ་བྱུང་བ་དུ་མ་ཞིག་གིས་གདུལ་བྱའི་དོན་དུ་བསྒྲུབས་པའི་འབྲས་བུ་ནི། སྐྱོན་ཀུན་ཟད་ཅིང་། ཡོན་ཏན་ཀུན་རྫོགས་པའི་སངས་རྒྱས་ཉིད་ཡིན་ལ། དེའི་བསྟན་པ་རྗོད་བྱེད་ལུང་སྡེ་སྣོད་གསུམ་དང་། བརྗོད་བྱ་བསླབ་པ་རིན་པོ་ཆེ་གསུམ་ནི་ཐར་འདོད་རྣམས་ཀྱི་ཕན་བདེའི་འཇུག་ངོགས་ཁོ་ནར་གྱུར་པས། བཤད་སྒྲུབ་ཀྱིས་འཛིན་པའི་སྐྱེས་ཆེན། རྒྱ་བོད་དུ་ཇི་ལྟར་བྱོན་པའི་ཚུལ་ནི་འདིར་བཤད་པར་བྱ་བའི་དོན་ནོ། །འདི་ལ་དྲུག སྟོན་པ་སངས་རྒྱས་ཀྱི་བྱོན་ཚུལ། དེའི་བཀའ་ཇི་ལྟར་བསྡུས་པ། བསྟན་འཛིན་ཤིང་རྟའི་སྲོལ་འབྱེད་བྱོན་ཚུལ། སྲོལ་འཛིན་ཨ་ཏི་ཤའི་རྣམ་ཐར། དེའི་རྗེས་སུ་སློབ་པའི་བཤེས་གཉེན་བྱོན་ཚུལ། དེ་རྣམས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་བསྟན་བཅོས་ངོ་མཚར་ཅན་ཇི་ལྟར་མཛད་པའི་ཚུལ་བཤད་པའོ། །

དང་པོ་ལ་ཐེག་པ་མཆོག་དམན་གྱི་གདུལ་བྱའི་དབང་གིས། མི་འདྲ་བའི་ཁྱད་པར་མང་དུ་གསུངས་ཀྱང་རྒྱས་པར་མ་སྤྲོས་ལ། འདིར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་པའི་དབང་དུ་བྱས་ནས། དང་པོ་ཐུགས་བསྐྱེད་ཚུལ་ནི། སྙིང་རྗེ་པད་དཀར་ལས། བྲམ་ཟེ་རྒྱ་མཚོའི་རྡུལ་དུ་གྱུར་པའི་ཚེ། སངས་རྒྱས་རིན་ཆེན་སྙིང་པོའི་དྲུང་དུ་དང་པོར་ཐུགས་བསྐྱེད་པར་གསུངས། །སྐལ་བཟང་ནས། ང་ནི་སྔོན་ཚེ་དམན་པར་གྱུར་པ་ན། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་ཞིག་ནི་དབུལ་བ་བྱས་ནས་ཀྱང་། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་དང་། དྲིན་ལན་བསབ་པ་ལས། སྟོན་པ་སྔོན་ལས་ཀྱི་ནུས་པས་དམྱལ་བར་ཤིང་རྟ་འདྲེན་པའི་གྱད་དུ་འཁྲུངས་པའི་ཚེ། ཟླ་བོ་སྟོབས་ཆུང་བ་ལ་སྙིང་རྗེ་སྐྱེས་པའི་རྐྱེན་གྱི་དང་པོར་ཐུགས་བསྐྱེད་པར་བཤད། ཕུང་པོ་གསུམ་པ་ལས། ཚོང་དཔོན་གྱི་མངོན་དགར་གྱུར་པས་སངས་རྒྱས་མཛེས་ཆེན་གྱི་དྲུང་དུ་ཐུགས་བསྐྱེད་པ་དང་། རྫ་མཁན་གྱི་ཁྱིའུ་སྣང་བྱེད་དུ་གྱུར་ནས་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་ལ་ཐུགས་བསྐྱེད་པར་བཤད་དེ། མི་འདྲ་བ་ནི་གདུལ་བྱའི་བྱེ་བྲག་གམ། སྔ་ཕྱི་ཡིན་པས་འགལ་བར་མི་སེམས་ཞེས་མཁས་པ་དག་གི་གསུང་རབ་ལས་འབྱུང་ངོ་། །གཉིས་པ་ཚོགས་བསགས་ཚུལ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། གྲངས་མེད་བདུན་དང་། བཅུ་དང་། སོ་གསུམ་སོགས་བཤད་ཀྱང་། མདོ་སྡེ་རྒྱན་ལས། གྲངས་མེད་གསུམ་དུ་གསུངས་པ་ལྟར་ན། མདོ་ལས། དང་པོ་གཞོན་ནུ་བརྩོན་འགྲུས་སྤྱོད་དུ་གྱུར་པ་ན་དེ་བཞིན་གཤེགས་པ་ཕུང་པོ་ཆེན་པོ་ལ་དགེ་བའི་རྩ་བ་བསྐྲུན་པ་ནས་བརྩམས་ཏེ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་དང་པོ་དང་། དེ་ནས་ཚོང་དཔོན་ཤེས་བཟུང་དུ་གྱུར་པ་ན། དེ་བཞིན་གཤེགས་པ་དཀོན་མཆོག་ཡན་ལག་བསྙེན་བཀུར་བ་ནས་བཟུང་སྟེ་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་བདུན་པ་ཐོབ་པར་གྱུར། དེ་ནས་བྲམ་ཟེའི་ཁྱིའུ་སྤྲིན་དུ་གྱུར་པའི་ཚེ། བྲམ་ཟེ་མར་མེའི་བདག་པོའི་སྲས་དེ་བཞིན་གཤེགས་པ་མར་མེ་མཛད། རྒྱལ་པོ་དགྲ་འདུལ་གྱི་ཕོ་བྲང་པདྨ་ཅན་ཞེས་པའི་ཚོང་འདུས་དང་ཉེ་བར་བཞུགས་པ་ལ་ལྷ་རྣམས་ཀྱི་མཆོད་པ་འབུལ་བ་མཐོང་ནས་དྲིས་པས། ཁྱེད་ཀྱིས་མི་ཤེས་སམ། འདི་ན་སངས་རྒྱས་མར་མེ་མཛད་བཞུགས་སོ་ཟེར་བས་དད་དེ། ཨུཏྤ་ལ་ལྔ་ཉོས་པ་སངས་རྒྱས་ལ་གཏོར། ཀྲྀཥྞ་ས་ལེའི་ལྤགས་པ་དང་རང་གི་དབུ་སྐྲ་བཏིང་ནས། མར་མེ་མཛད་དེ་བཞིན་གཤེགས་པ་ཀུན་ནས་དང་བས་སྤྱན་དྲངས་ཏེ། བདག་གི་ལྷག་པའི་བསམ་པ་ཐུགས་སུ་ཆད་པར་མཛོད་ལ། རི་དྭགས་ཀྱི་པགས་པ་རལ་པ་དང་བཅས་པ་འདི་ལ་ཞབས་མི་འཇོག་གམ། ལུང་མི་སྟོན་ན་འདི་ཉིད་དུ་ལུས་སྐམ་པར་བྱའོ། །ཞེས་ཡིད་དམ་བཅས་པས། སྟོན་པས་ཞབས་བཞག་ཏེ། མ་འོངས་པའི་དུས་སུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པས་ནམ་མཁའ་ལ་འཕགས། ཏིང་ངེ་འཛིན་བརྒྱ་སྟོང་མངོན་དུ་བྱས་ནས་ས་བརྒྱད་པ་ཐོབ་སྟེ། ཇི་སྐད་དུ། སངས་རྒྱས་མར་མེ་མཛད་ལ་ཨུཏྤལ་ལྔ། །གཏོར་ཏེ་རལ་པ་སྟན་དུ་བཏིང་བྱས་པས། །མི་སྐྱེའི་ཆོས་ལ་བཟོད་པ་ཐོབ་གྱུར་ནས། །ཤཱཀྱའི་རྒྱལ་པོར་འགྱུར་ཞེས་ང་ལུང་བསྟན། །ཞེས་པ་དང་། ལུང་ལས། གང་ཚེ་མར་མེ་མཛད་ཀྱི་ང་། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་གྱུར་ཏེ། །དབང་བཅུ་དག་ཀྱང་ཐོབ་པར་གྱུར། །ཅེས་སོ། །དེ་ན་གྲངས་མེད་གཅིག་ཏུ་ཚོགས་བསགས་པས་ས་བཅུ་རྫོགས་པར་གསུངས་པ། འདིར་དོན་ལ་གནས་སོ་ཞེས་མཁས་པ་དག་བཞེད་དོ། །ཚོགས་ཀྱི་ངོ་བོ་ནི། བསོད་ནམས་དང་ཡེ་ཤེས་ཏེ། དེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསྡུ་བའི་དངོས་པོ་བཞི་དང་ལྡན་པ་ལ་སོགས་པའི་སྒོ་ནས་འཇུག་བསོག་པར་མཛད་པ་སྟེ། རྒྱས་པར་གཞན་དུ་བལྟའོ། །གསུམ་པ་སངས་རྒྱས་པའི་ཚུལ་ནི། དེ་ཡང་བྲམ་ཟེའི་ཁྱིའུ་བླ་མ་ལས་རིམ་གྱིས་ཚེ་འཕོས་ནས། དགའ་ལྡན་དུ་ལྷའི་བུ་དམ་པ་ཏོག་དཀར་དུ་གྱུར་ཏེ་དགའ་ལྡན་གྱི་ལྷ་རྣམས་ལ་ཆོས་སྟོན་པ་ན། སྔོན་གྱི་དགེ་བའི་མཐུས། ལྷ་རྣམས་ཀྱིས་རོལ་མོའི་སྒྲ་ལས། མར་མེ་མཛད་ཀྱི་ལུང་བསྟན་དགོངས་པར་མཛད་དོ། །ཞེས་སོགས་ཀྱིས་བསྐུལ་བ་གསན་པས། འཛམ་བུའི་གླིང་དུ་གཟིགས་པ་རྣམ་པ་བཞིའམ་ལྔ་ལས། བཞི་ནི། རྒྱལ་ཆེ་རོལ་པ་ལས། གནས་འཛམ་བུ་གླིང་། དུས་ཚེ་ལོ་བརྒྱ་པ། རིགས་རྒྱལ་རིགས། ཡུམ་སྒྱུ་མ་ལྷ་མཛེས་སམ། ལུང་ལྟར་ན་བཙུན་མོའི་འཁོར་དང་ལྔ་ལ་གཟིགས་ཏེ་གཤེགས་པར་བཞེད་པ་ན། མི་ཕམ་པ་ཉིད་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར། དེ་ནས་མང་པོས་བཀུར་པའི་རྒྱལ་པོ་ནས་མི་རབས་ས་ཡ་གཅིག བདུན་ཁྲི། ཆིག་སྟོང་ལྔ་བརྒྱ། ལྔ་བཅུ་འདས་པ་ན། ཤཱཀྱ་གཞུ་བརྟན་བྱུང་། དེའི་བུ་སེང་གེ་འགྲམ་དང་། སེང་གེ་སྒྲ་གཉིས། སེངྒེ་འགྲམ་གྱི་བུ་ཟས་གཙང་། ཟས་དཀར། བྲེའོ་ཟས། བདུད་རྩི་ཟས་བཞི་དང་། བུ་མོ་གཙང་མ། དཀར་མོ། བྲེ་མོ། བདུད་རྩི་མོ་རྣམས་སོ། །དེ་དག་གི་ནང་ནས་རྒྱལ་པོ་ཟས་གཙང་དང་། ཡུམ་སྒྱུ་འཕྲུལ་ཆེན་མོ་གཉིས་ཀྱི་སྲས་སུ། ཇོ་བོ་རྗེའི་བཞེད་པ་ནི། ཤིང་ཕོ་བྱི་བའི་ལོ་དཔྱིད་ཟླ་ཐ་ཆུང་ས་ག་ཉ་བའི་ཚེས་བཅོ་ལྔའི་ཉིན། ཁ་ཅིག་སྐར་མ་རྒྱལ་འཆར་བའི་དུས་སྦྱོར་ཞེས་གསུངས་ལ། དེ་ཡང་གླང་པོ་ཆེའི་ཕྲུ་གུ་ཐལ་དཀར་མཆེ་བ་དྲུག་པ་གསེར་གྱི་དྲ་བས་བརྒྱན་པའི་གཟུགས་ཀྱིས་ཡུམ་གྱི་གློ་གཡས་ནས་ཞུགས་པ་ནི་དགའ་ལྡན་ནས་འཕོས་པ་དང་། ལྷུམས་སུ་ཞུགས་པའི་མཛད་པ། དེ་ནས་ཟླ་བ་བཅུ་རྫོགས་པ་ཤིང་མོ་གླང་གི་ལོ་ལ་སྐུ་བལྟམས་པའི་མཛད་པ། དེ་ནས་ལོ་ཉི་ཤུ་རྩ་དགུའི་བར་དུ་ཁབ་ཏུ་བཞུགས་ནས། བཟོའི་གནས་ལ་མཁས་པའི་མཛད་པ་དང་བཙུན་མོའི་འཁོར་གྱི་རོལ་པའི་མཛད་པ། ལོ་ཉི་ཤུ་རྩ་དགུ་པ་ཆུ་མོ་སྦྲུལ་གྱི་ལོ་ལ་ཁབ་ནས་ངེས་པར་འབྱུང་བའི་མཛད་པ་བསྟན་ཏེ། མཆོད་རྟེན་རྣམ་དག་གི་དྲུང་དུ་རབ་ཏུ་བྱུང་ནས། ཆུ་ཀླུང་ནྱེའི་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ་དཀའ་བ་སྤྱད་པའི་མཛད་པ། བྱང་ཆུབ་སྙིང་པོ་རྡོ་རྗེ་གདན་དུ་གཤེགས་པའི་མཛད་པ་དང་། ལོ་སུམ་ཅུ་རྩ་ལྔ་བཞེས་པ་ས་མོ་ཕག་གི་ལོ་དཔྱིད་ཟླ་ཐ་ཆུང་ས་ག་ཟླ་བའི་ཡར་ངོ་ཚེས་བཅོ་ལྔའི་སྲོད་ལ་ལྷའི་བུའི་བདུད་བཅོམ་པའི་མཛད་པ། ཐོ་རངས་མངོན་པར་སངས་རྒྱས་པའི་མཛད་པའོ། །དེ་ནས་དམ་པའི་ཆོས་ཀྱི་ཆེ་བ་བྱུང་བའི་ཕྱིར། སངས་རྒྱས་སྟོང་པོ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་པོ་མི་བརྗེད་ཀྱི་བདག་པོ་ལྷ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས་གསོལ་བ་བཏབ་ཀྱང་ཞག་བདུན་ཕྲག་བདུན་དུ་ཆོས་མ་གསུངས་པར། བདུན་ཕྲག་ཐ་མ་ལ་ཝ་ར་ན་སིར་དབྱར་ཟླ་འབྲིང་པོ་ཆུ་སྟོད་ཟླ་བའི་ཡང་ངོའི་ཚེས་བཞི་ལ། ལྔ་སྡེ་བཟང་པོ་ལ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་བསྟན་ཏོ། །

དེ་ནས་སྐུ་དངོས་ཀྱི་གདུལ་བྱ་རྣམས་ལ་ཆོས་ཀྱི་འཁོར་ལོ་རིམ་གྱིས་བསྐོར་ནས་སྨིན་པར་མཛད་དེ། ཤིང་ཕོ་སྤྲེའུའི་ལོ་ལ་མྱ་ངན་ལས་འདའ་བའི་མཛད་པ་བསྟན་པར་བཞེད་དོ། །དེ་ཡང་སྟོན་པའི་འཁྲུངས་ལོ་སོགས་ལ་བཞེད་ཚུལ་མི་འདྲ་བ་ཅུང་ཟད་ཡོད་ཀྱང་། འདི་ཇོ་བོ་རྗེའི་བཞེད་པ་ལྟར་ཡིན་ལ། ཆོས་རྗེ་ས་སྐྱ་པ་ནི། མེ་མོ་ཡོས་ལ་ལྷུམས་སུ་ཞུགས། ས་ཕོ་འབྲུག་ལ་བལྟམས། ཆུ་ཕོ་སྟག་ལ་སངས་རྒྱས། མེ་མོ་ཕག་ལ་གཤེགས་པར་བཞེད། དུས་འཁོར་ལས། མེ་ཕོ་རྟའི་ལོ་ལ་ལྷུམས་སུ་ཞུགས་པར་བཞེད་དོ། །དེ་ཡང་ཀ་མ་ལ་ཤི་ལས། ཐུབ་པའི་མཛད་པ་བསམ་གྱིས་མི་ཁྱབ་ཀྱང་། གཙོ་བོ་དང་གྲངས་ལ་དགའ་བ་རྗེས་སུ་བཟུང་བའི་ཕྱིར་མཛད་པ་བཅུ་གཉིས་སུ་བསྡུས། ཞེས་གསུངས་པ་ལྟར་མཛད་པའི་གཙོ་བོ་རྣམས་ཡིན་ལ། དེ་དག་ལ་ཡང་འདྲེན་ཚུལ་མི་འདྲ་བ་འགའ་རེ་འདུག་ཀྱང་རྒྱུད་བླ་ལས་གསུངས་པ་ལྟར་ཡིན་ནོ། །མཛད་པ་བཅུ་གཉིས་རྒྱས་པར་ནི། རྒྱ་ཆེར་རོལ་པ། མདོ་མངོན་བྱུང་། འདུལ་བ་ལུང་རྣམས་ལས་འབྱུང་ཞིང་། བོད་ཀྱིས་མཛད་པའི་ཆོས་འབྱུང་སོགས་རྒྱས་བསྡུས་མང་དུ་སྣང་བ་རྣམས་ལས་ཤེས་ཤིང་། འདིར་མང་པས་མ་སྤྲོས་སོ། །


no previousསྟོན་པ་སངས་རྒྱས་ཀྱི་བྱོན་ཚུལ། next