Nitartha Digital Library
Tibetan
 
previousབསྟན་འཛིན་ཤིང་རྟའི་སྲོལ་འབྱེད་བྱོན་ཚུལ། next

བསྟན་འཛིན་ཤིང་རྟའི་སྲོལ་འབྱེད་བྱོན་ཚུལ།

གསུམ་པ་བསྟན་འཛིན་ཤིང་རྟའི་སྲོལ་འབྱེད་བྱོན་པའི་ཚུལ་ལ་གསུམ། ཟབ་མོ་ལྟ་བའི་བརྒྱུད་ལ་ཀླུ་སྒྲུབ་ཡབ་སྲས་བྱོན་ཚུལ། རྒྱ་ཆེན་སྤྱོད་པའི་བརྒྱུད་པ་བྱམས་པའི་རྗེས་འབྲང་ཐོགས་མེད་སྐུ་མཆེད་བྱོན་ཚུལ། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་བྱོན་ཚུལ་ལོ། །དང་པོ་ནི། བདག་ཉིད་ཆེན་པོ་འཕགས་པ་ཀླུབ་སྒྲུབ་འདི། སྔོན་བསྐལ་པ་དཔག་ཏུ་མེད་ཅིང་ཆེས་མང་པོའི་སྔ་རོལ་དུ་དེ་བཞིན་གཤེགས་པ་སྒྲ་གཅན་ཟིན་ལས། དང་པོར་ཐུགས་བསྐྱེད་པར་མཛད་ཅིང་། དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ཀྱང་ལུང་བསྟན་པར་མདོ་ལས་གསུངས་ལ་ཐུབ་པའི་དབང་པོ་འདིས་ལུང་བསྟན་པ་ནི། ལང་ཀར་གཤེགས་པ་ལས། སོ་སོ་རང་རིག་ཐེག་པ་ནི། །རྟོག་གེ་བ་ཡིས་སྤྱོད་ཡུལ་མིན། །མགོན་པོ་འདས་པའི་འོག་ཏུ་ནི། །འཛིན་པར་སུ་འགྱུར་བཤད་དུ་གསོལ། །བདེ་གཤེགས་མྱ་ངན་འདས་པའི་འོག །ཚུལ་རྣམས་འཛིན་པར་འགྱུར་བ་དེ། །དུས་དག་འདས་ནས་འབྱུང་བ་ནི། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་སྒྲུབ་སྟེ། །བདེ་བ་ཅན་དུ་དེ་འགྲོ་འོ། །ཞེས་དང་། སྤྲིན་ཆེན་པོ་ལས། ཀུན་དགའ་བོ། ལི་ཙ་བྱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱི་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི། ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན། ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ཏེ། མཐར་གྱི་རབ་ཏུ་དང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བ་འགྱུར་རོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་སོགས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་བདག་ཉིད་ཆེན་པོ་ཀླུ་སྒྲུབ་དེ་ཉིད་སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་བྲམ་ཟེ་རིགས་ཕུན་སུམ་ཚོགས་པ་ཞིག་བུ་མེད་པ་ལ། རྨི་ལམ་དུ་བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་བུ་རྙེད་ཅེས་ལྷས་ལུང་བསྟན་ནོ། །དེ་ལྟར་བྱས་ནས་གསོལ་བ་བཏབ་པས། ཟླ་བ་དགུ་ན་ཁྱེའུ་གཅིག་བཙས་ཏེ་མཚན་མཁན་ལ་བསྟན་པས། མཚན་བཟང་མོད་ཀྱི། འོན་ཀྱང་ཞག་བདུན་གྱི་ཚེ་ལས་མེད་ཟེར། དེ་ལ་ཅིས་ཕན་དྲིས་པས། བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་ཟླ་བ་བདུན་དང་། དགེ་སློང་བརྒྱ་ལ་ཆོས་སྟོན་དྲངས་ན་ལོ་བདུན་ཐུབ། དེ་ལས་ཐབས་མེད་ཟེར། དེ་ལྟར་བྱས་ཏེ་ལོ་བདུན་དུ་ཉེ་བ་ན། བུའི་རོ་མཐོང་བ་ཕ་མས་མ་བཟོད་དེ་གཡོག་དང་བཅས་པ་འཁྱམ་དུ་བཏང་སྟེ། རིམ་གྱིས་སོང་ནས་ཁར་ས་པ་ཎའི་ཞལ་ལྟས། རིམ་གྱིས་ན་ལེནྡྲའི་སྒོ་དྲུང་དུ་སོང་སྟེ། སྙན་ངག་གི་རིག་བྱེད་བསྒྲགས་པ། དེ་ན་བྲམ་ཟེ་སྒྲ་གཅན་འཛིན་བཞུགས་པས་གསན་ནས། ནང་དུ་ཁྲིད་དེ་ཇི་ལྟར་གྱུར་པའི་རྒྱུ་མཚན་ཞུས་པས། རབ་ཏུ་བྱུང་ན་ཐབས་ཡོད་གསུངས་ཏེ་རབ་ཏུ་འབྱུང་བར་ཁས་བླངས་ནས། ཚེ་དཔག་མེད་འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྐུར་སྟེ་གཟུངས་འདོན་དུ་བཅུག ཁྱད་པར་ལོ་བདུན་ལོན་པའི་ནུབ་མོ་མཚན་ཐོག་ཐག་བཏོན་པས་འཆི་བདག་གི་འཇིགས་པ་ལས་གྲོལ། དེ་ནས་ལོ་བརྒྱད་ལོན་པ་དང་། བྲམ་ཟེ་ཆེན་པོ་དེ་ཉིད་ལ་རབ་ཏུ་བྱུང་། རིག་པའི་གནས་རྣམས་དང་། ཐེག་པ་ཆེ་ཆུང་ཐམས་ཅད་ལ་མཁས་པར་སྦྱངས་སོ། །ཕྱིས་ཕ་མ་དང་མཇལ་བས་དགའ་བར་གྱུར། །དེ་ནས་བྲམ་ཟེ་ཆེན་པོ་དེ་ཉིད་ལ་དཔལ་གསང་བ་འདུས་པ་ལ་སོགས་པའི་གསང་སྔགས་ཀྱི་ཆོས་ཞུས་པས། དེས་ཀྱང་དཀྱིལ་འཁོར་དུ་བཅུག དབང་བསྐུར་རྒྱུད་བཤད། ཞལ་ནས་སྙན་དུ་བརྒྱུད་པའི་གདམས་པ་དང་། རྗེས་སུ་བསྟན་པ་མ་ལུས་པ་གནང་ངོ་། །དེ་ཉིད་ལ་མཁན་པོ་ཞུས་ཏེ་བསྙེན་པར་རྫོགས་པ་མཛད། མཚན་དགེ་སློང་དཔལ་ལྡན་ཞེས་གྲགས། དེའི་ཚེ་མཁན་པོས་ལོ་བཅུ་གཉིས་སུ་མུ་གེ་འོང་བས། གཙུག་ལག་ཁང་ཉམས་དམས་པར་གཟིགས་ནས། དགེ་འདུན་གྱི་ཞལ་ལྟ་བར་དགེ་སློང་དཔལ་ལྡན་བསྐོས་ཏེ། མཁན་པོ་དཔལ་གྱི་རི་ལ་སྤྱོད་པ་ལ་གཤེགས་པའི་མཚན་བྲམ་ཟེ་ཆེན་པོ་ས་ར་ཧ་ཞེས་གྲགས་སོ། །དེར་སློབ་དཔོན་གྱིས་ཐུགས་དགོངས་ལ་གསེར་འགྱུར་གྱི་རྩི་བྱས་ནས། དཀོན་མཆོག་དང་དགེ་འདུན་གྱི་ཞབས་ཏོག་བྱའོ་སྙམ་དུ་དགོངས་ཏེ། སློབ་དཔོན་བྷ་ལི་བ་ཞེས་བྱ་ལ་གསེར་འགྱུར་གྱི་གདམས་ངག་ཞུས། གླིང་བར་ནས་གསེར་འགྱུར་གྱི་རྫས་རྣམས་བླངས་ནས་གསེར་འགྱུར་བྱས་པས་མ་གྲུབ་པ་དང་། ཆང་ཚོང་མ་ཞིག་གི་སྐྱ་བ་གསེར་དུ་འདུག་པ་མཐོང་ནས། དེ་ལ་ཞུས་པས་གསེར་འགྱུར་གྲུབ་སྟེ། ཟངས་རྣམས་གསེར་དུ་འགྱུར། མུ་གེ་མ་བྱུང་པའི་ས་ནས་འབྲུ་མང་པོ་དྲངས་ཏེ་དགེ་འདུན་གྱི་གདུགས་ཚོད་སྦྱར། དེའི་ཚེ་ཡུལ་ཕྱོགས་ཀྱི་མི་སྟོབས་མེད་རྣམས་ཤི སྟོབས་ཆེན་རྣམས་གཞན་དུ་དེངས་ཏེ་ཡུལ་སྟོང་པར་གྱུར་པ་པཎྜི་ཏ་རྣམས་ཀྱིས་རིག་ནས། ཁྱེད་ཀྱི་དགེ་འདུན་ལ་མ་ཞུས་པར་གསེར་འགྱུར་བྱས། དགེ་འདུན་ལོག་འཚོ་ལ་བཀོད་འདུག་པས་གནས་ནས་ཕྱུང་ལ་གཙུག་ལག་ཁང་དང་། མཆོད་རྟེན་བྱེ་བ་གྱིས་ཤིག་ཅེས་བསྒོ་བའོ། །དེའི་ཚེ་དགེ་སློང་བདེ་བྱེད་ཅེས་བྱ་བས་རིགས་པའི་རྒྱན་ཞེས་བྱ་བའི་འབུམ་ཕྲག་བཅུ་གཉིས་པ་བྱས་ནས་ཐམས་ཅད་སུན་འབྱིན་པ་ལ། དེའི་གཉེན་པོར་ཆོས་སྡེ་སྣོད་མང་པོ་གསུངས་ནས། ལྟ་བ་ལོག་པ་རྣམས་སུན་ཕྱུང་ངོ་། །དེར་བྱིས་པ་གཉིས་ཆོས་ཉན་དུ་འོང་པའི་ཚེ། དྲི་ཞིམ་པོས་འཁོར་ཀུན་ཏུ་ཁྱབ་པར་གྱུར་ཅིང་། སོང་བ་ན་དྲི་མེད་པར་གྱུར་པ་དང་། དེ་གཉིས་ལ་རྒྱུ་མཚན་དྲིས་པས། ངེད་ཀླུའི་རྒྱལ་པོ་འཇོག་པོའི་བུ་ཡིན། མི་ཡུལ་དུ་འགྲོ་བ་ལ་ཙནྡ་གོར་ཤིརྵའི་སྲུང་བ་བྱས་པ་ཡིན་ཟེར་རོ། །དེར་ཙནྡ་དེ་ལ་སྒྲོལ་མའི་སྐུ་ཅིག་བཞེངས་ན་ཕན་ཡོན་ཆེ་བར་དགོངས་ནས། ཙནྡ་དེ་བླང་དུ་ཡོད་དམ་བྱས་པས། ཡབ་ལ་དྲི་ཡིས་ཟེར་ནས་དྲིས་པས། སློབ་དཔོན་ཀླུའི་ཡུལ་དུ་འབྱོན་ན་འབུལ་ཟེར་བས། ཞལ་གྱི་བཞེས་ནས་ཀླུའི་ཡུལ་དུ་བྱོན། ཀླུའི་ཁབ་སྒོ་ན་བཞུགས་པ་དང་། ཀླུའི་རྒྱལ་པོ་ན་རེ། དུག་གི་མི་ཚུགས་ན་ནང་དུ་བྱོན་ཟེར་བས་བྱོན། ཀླུའི་རྒྱལ་པོ་འཁོར་དང་བཅས་པ་ལ་ཆོས་བསྟན། བསོད་སྙོམས་བཞེས་སོ། །དེའི་ཚེ་ཀླུ་རྣམས་ཀྱི་བཞུགས་པར་ཞུས་པ་དང་། ང་མཆོད་རྟེན་བྱེ་བ་བཞེངས་འདམ་འཚོལ་བ་དང་། འབུམ་གདན་འདྲེན་དུ་འོངས་ཀྱིས། བསྡད་མི་ཁོམ། ཕྱིས་ཡོང་བ་སྲིད་གསུངས་ཏེ། འདམ་མང་པོ་དང་། འབུམ་དང་། ཡི་གེ་ཉུང་ངུ་མང་གདན་དྲངས་ཏེ། འབུམ་གྱི་ཞབས་ནས་བག་ཙམ་ཀླུས་མ་བསྐུར་ཞེས་གྲགས་སོ། །དེ་ནས་འདམ་དེས་འཛམ་བུའི་གླིང་དུ་མཆོད་རྟེན་བྱེ་བ་ལ་སོགས་པ་བཞེངས། ཀླུ་རྣམས་ཀྱིས་གྲོགས་བྱས་ཏེ་ཕལ་ཆེར་གྲུབ་ལ། འགའ་ཞིག་ཀླུའི་ཡུལ་དུ་མི་འགྲོ་བའི་ཕྱིར་མ་བྱས་ཟེར་ཏེ། དེ་ན་ཀླུ་སྒྲུབ་ཞེས་མཚན་དུ་གྲགས་སོ། །

ཀླུ་སྒྲུབ་ཀྱི་སྐད་དོད་ནཱ་གརྫུ་ནའི་ནཱ་ག་ནི་ཀླུ་སྟེ། ཆོས་དབྱིངས་སུ་སྐྱེས་པ་རྟག་ཆད་གཉིས་ཀྱི་མཐའ་ལ་མི་གནས་པ། གསུང་རབ་རིན་པོ་ཆེའི་བང་མཛོད་ལ་མངའ་བརྙེས་པ་བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་གྲུབ་མཐའ་ངན་པའི་བུ་ཤིང་བསྲེག་ཅིང་གསལ་བའི་ལྟ་བ་དང་ལྡན་པས་ཀླུའོ། །ཨར་ཛུ་ན་ནི་སྲིད་སྒྲུབ་སྟེ། ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་དང་། ཉོན་མོངས་པའི་དགྲ་ཚོགས་འདུལ་བས་སྲིད་སྒྲུབ་ཏེ་ཀླུ་སྒྲུབ་བོ། །ཚིག་གསལ་དུ། གང་ཞིག་མཐའ་གཉིས་གནས་ལ་གནས་གསལ་ཞིང་། །རྫོགས་སངས་རྒྱས་བློ་རྒྱ་མཚོ་སྐྱེ་བ་བརྙེས། །དམ་ཆོས་མཛོད་ཀྱི་ཟབ་མོ་ཉིད་ཇི་ལྟར། །རྗེས་སུ་རྟོགས་ཤིང་ཐུགས་རྗེས་སྟོན་པར་མཛད། །གང་གི་ལྟ་བའི་མི་དག་གིས། །ད་དུང་ཕས་རྒོལ་གཞུང་ལུགས་ཀྱི། །བུ་ཤིང་དང་ནི་འཇིག་རྟེན་གྱི། །ཡིད་ཀྱི་མུན་རྣམས་འཇོམས་པར་མཛད། །གང་གི་གཉིས་མེད་ཡེ་ཤེས་གསུང་མདའི་ཚོགས། །ལྷ་དང་བཅས་པའི་གདུལ་བྱའི་འཇིག་རྟེན་ལ། །ཁམས་གསུམ་དག་ཏུ་རྒྱལ་ཐབས་ལེགས་མཛད་པས། །སྲིད་པའི་དགྲ་སྡེ་མ་ལུས་འཇོམས་མཛད་པ། །ཀླུ་སྒྲུབ་དེ་ལ་ཕྱག་འཚལ་ནས་ནི་དེའི། །ཞེས་གསུངས་སོ། །དེ་ནས་ལི་ཁ་ར་ཤིང་འཕེལ་དུ་ཡང་གསེར་འགྱུར་བྱས་ཏེ་སྦྱིན་པ་རྒྱ་ཆེན་པོ་མཛད། དེའི་ཚེ་བྲམ་ཟེ་རྒན་རྒོན་གཉིས་ལ་གསེར་མང་པོ་གནང་པས་དད་སྟེ། རྒན་པོས་ཉེ་གནས་བྱས། ཆོས་བསྟན་པས་སློབ་དཔོན་ཀླུའི་བྱང་ཆུབ་ཅེས་མཆོག་བརྙེས་པར་གྱུར་ཏོ། །དེ་ནས་ཤར་ཕྱོགས་ཊ་ཝེ་ས་དང་། ཡུལ་ར་དྷར་ཡང་བྱོན་ནས་ལྷ་ཁང་མང་པོ་བཞེངས། དེ་ནས་སེང་ལྡེང་གི་ནགས། དྲི་ལྡན་གྱི་འདབས་སུ་བྱོན་ནས། དྲིལ་བུ་ལྟ་བུའི་བྲག་གསེར་དུ་བསྒྱུར་བར་རྩོམ་པའི་ཚེ། མ་ཧེ་འཚོ་བའི་བྱིས་པ་ཅིག་ནགས་ཀྱི་ནང་དུ་ཕྱིན་པ་ན། དེ་ལ་རྒན་མོ་གཅིག་སྣང་བ་ན་རེ། ཁྱོད་ཀྱི་བཙུན་པ་མ་ཀི་ཚོའི་ནང་ན་ཀླུ་སྒྲུབ་བྱ་བ་ཡོད་ཀྱིས། དེ་ལ་ཁྱོད་རང་གི་མ་རྒན་མོ་ན་རེ། རེ་ཤིག་འདིར་ཤོག་གྱིས་དང་ཟེར། ཕྱིན་པས་གང་ཡིན་ངོ་མ་ཤེས། སླར་ལོག་འོངས་པས། ཏ་ལའི་ལོ་མ་བཟུང་ནས་ཁ་ལྟ་བྱེད་པ་དེ་ཡིན། ཆོས་གོས་ཀྱི་རྒྱབ་ན་ཡི་གེ་ཨ་གཅིག་ཀྱང་ཡོད་གསུངས། དེར་དེ་ལ་དེ་སྐད་བྱས་པས། ཀླུ་སྒྲུབ་ཀྱི་བྱོན་པའི་ཚེ་དེར་སྒྲོལ་མ་ལྷ་ལྔ་ཞལ་གཟིགས། དེའི་ཞལ་ནས། ཁྱོད་ཀྱིས་གསེར་འགྱུར་གྱིས་སེམས་ཅན་གྱི་དོན་བྱས་པ་ཡང་བཟང་སྟེ། དེ་བས་ཀྱང་མཆོག་བསྒྲུབ་ན་སེམས་ཅན་གྱི་དོན་ཆེན་པོ་དེ་ལས་འབྱུང་བས། དཔལ་གྱི་རི་ལ་སྒྲུབ་པ་གྱིས་ཤིག་གསུངས་ཏེ་མི་སྣང་པར་གྱུར། དེར་དེའི་སྒྲུབ་ཐབས་ཀྱང་མཛད་དོ། །དེ་ནས་སྒྲ་མི་སྙན་དུ་གཤེགས་པའི་ལམ་དུ་གྲོང་ཁྱེར་ས་ལ་ཨ་ན་ན་བྱིས་པ་ཅིག་འཇི་ཏ་ཀའི་ལག་བྲིས་ལས། རྒྱལ་པོར་ལུང་བསྟན་ཏེ་སྒྲ་མི་སྙན་དུ་བྱོན། ན་བཟའ་ཤིང་ལ་བཀལ་ནས་ཁྲུས་འཛད་པས། གོས་དེ་གཞན་གྱིས་ཁྱེར་བ་ལ། ངའི་ཡིན་བྱས་པས་ང་བདག་ཅན་ཟེར་ནས་གཏད་སྐད། དེར་སྒྲ་མི་སྙན་པའི་དོན་བྱས་ཏེ་བྱོན། དཔལ་གྱི་རི་ལ་གཤེགས་པར་དགོངས་ནས་བྲམ་ཟེ་ཆེན་པོའི་དྲུང་དུ་ཕྱག་རྟེན་ལ་བདུད་རྩིའི་བུམ་པ་གང་ཁྱེར་ནས་བྱོན་པའི་ལམ་དུ་སྔར་ལུང་བསྟན་པའི་བྱིས་པ་དེ་རྒྱལ་པོ་བདེ་སྤྱོད་བཟང་པོ་ཞེས་པར་གྱུར་ཏེ་དེས་བདག་གི་མཆོད་གནས་སུ་མ་མཐའ་ལོ་གསུམ་བཞུགས་པ་ཞུ་ཟེར་ནས་གཏོང་དུ་མ་ཉན་ཏེ་ལོ་གསུམ་བཞུགས་ནས་རྒྱལ་པོ་ཡབ་ཡུམ་གྱི་དོན་མཛད། དེ་ནས་དཔལ་གྱི་རི་ལ་བྱོན། བྲམ་ཟེ་ཆེན་པོ་ལ་བདུད་རྩིའི་བུམ་པ་ཕུལ་བས། ཁྱེད་བདུད་རྩི་ལ་དགའ་ན་ངས་རྒྱ་མཚོ་འདི་ཡང་བདུད་རྩིར་བསྒྱུར་བར་བྱའོ་གསུངས་ནས། སྐད་ཅིག་གིས་རྒྱ་མཚོ་ཡང་བདུད་རྩིར་བྱས་སོ། །དེ་ནས་སློབ་དཔོན་ཡབ་སྲས་དཔལ་གྱི་རི་ལ་སྒྲུབ་པ་མཛད་པས་སློབ་དཔོན་གྱིས་བདེན་པ་མངོན་སུམ་དུ་གཟིགས་ཚད་མའི་སྐྱེས་བུར་གྱུར་ནས། འཛམ་བུའི་གླིང་དུ་སེང་གེའི་སྒྲ་ལན་གསུམ་དུ་བསྒྲགས་ཏེ་རིགས་ཚོགས། བསྟོད་ཚོགས། གཏམ་ཚོགས་སོགས་དང་མདོ་ཀུན་ལས་བཏུས། ཤེས་རབ་བརྒྱ་པ། གསང་བ་འདུས་པའི་སྒྲུབ་ཐབས་མདོར་བྱས། བསྐྱེད་རྫོགས་ཀྱི་གཞུང་དུ་མ། གཞན་ཡང་རིགས་གནས་ཐམས་ཅད་ལ་བསྟན་བཅོས་རེ་རེ་ཡང་མཛད། ལོ་དྲུག་བརྒྱ་བཞུགས་ནས་བསྟན་པ་ཆེས་ཆེར་གསལ་བར་མཛད་དོ། །བདག་ཉིད་ཆེན་པོ་ཀླུ་སྒྲུབ་ལ་སློབ་མའི་མཆོག ཨརྻ་དེ་བ་ཞེས་གྲགས་པ། འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན་པ་དེ་ཉིད། སྔོན་སྟོན་པའི་སྤྱན་སྔར་འཁོར་གྱི་ནང་ནས་བྱང་ཆུབ་སེམས་དཔའ་ལག་ན་པདྨོ་ཞེས་པས་མུ་སྟེགས་འདུལ་བར་སྨོན་ལམ་བཏབ་ཅིང་། སྟོན་པས་ཀྱང་རྗེས་སུ་གནང་བ་དེ། སིང་ག་ལའི་རྒྱལ་པོའི་མེ་ཏོག་གི་ལྡུམ་རར་པདྨོའི་སྦུབས་ལས་འཁྲུངས་པས། རྒྱལ་པོའི་སྲས་སུ་བཟུང་བ་ཀླུ་སྒྲུབ་ཀྱི་སྤྱན་སྔར་རབ་ཏུ་བྱུང་སྟེ། རིག་གནས་མཐའ་དག་ལ་མཁས་པར་གྱུར་པ་དེས། མ་གོམ་ཞེས་པ་ལྷ་དབང་ཕྱུག་གིས་མངལ་སྐྱེས་ཐམས་ཅད་ཀྱིས་མི་ཐུབ་པར་བྱིན་གྱིས་བརླབས་པ་བཏུལ་ནས། ཕྱིས་ནང་པ་ལ་ཞུགས་ནས་སློབ་དཔོན་དཔའ་བོ་ཞེས་པ་དང་། སློབ་དཔོན་སངས་རྒྱས་སྐྱང་ཅེས་པ་མཆོག་བརྙེས་པ་དང་། སློབ་དཔོན་ལེགས་ལྡན་འབྱེད་ཅེས་པ་སྐུ་ལུས་དེ་ཉིད་ཀྱིས་སྤྱན་རས་གཟིགས་ཀྱི་ཞིང་ཁམས་སུ་གཤེགས་པར་གྲགས་པ་དང་། སློབ་དཔོན་ན་ག་བོ་དྷི་ཞེས་རིག་པ་འཛིན་པའི་ས་ཐོབ་ནས། ལྷོ་ཕྱོགས་དཔལ་གྱི་རི་ལ་ད་ལྟའང་བཞུགས་ནས་སྐལ་བར་ལྡན་པ་རྣམས་དངོས་སུ་བྱིན་གྱིས་རློབ་པ་སོགས་མཆོག་ཐུན་མོང་གི་དངོས་གྲུབ་བརྙེས་པའི་སློབ་མ་བསམ་གྱིས་མི་ཁྱབ་པ་བྱོན་པའི་ནང་ནས་འཕགས་པའི་དགོངས་པ་གསལ་བར་མཛད་པའི་མཆོག་གོ །དཔལ་ལྡན་ཟླ་བ་གྲགས་པ་ནི་ཡུལ་རྒྱ་གར་ལྷོ་ཕྱོགས་ས་མ་ཎ་ཞེས་པའི་གྲོང་ས་མན་ཏར། ཡབ་བྲམ་ཟེ་འགྲེ་རི། ཡུམ་ཟླ་བའི་སྒྲོན་མ་གཉིས་ལ་སྲས་མེད་པ། ལྷ་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་པས། ཁྱེའུ་མཚན་དང་ལྡན་པ་རྨེ་བའི་ག་ཤལ་ཅན་གཅིག་འཁྲུངས། །མཚན་མཁན་ལ་བསྟན་པས། འདི་མིང་ཟླ་བ་གྲགས་པ་སྟེ། །སྟོང་ཉིད་ཏིང་འཛིན་སྨྲ་བར་བྱེད། །ཅེས་དང་། དེ་ནས་དབང་ཕྱུག་ཆེན་པོ་ལ་དྲིས་པས། འདི་མིང་ཟླ་བ་གྲགས་པ་སྟེ། །འདི་ནི་ང་ཡི་རིགས་འདས་ནས། །སྒྲ་གཅན་འཛིན་ནས་བདུན་འདས་པའི། །མཁན་པོ་ཟླ་བའི་མགོན་པོ་ལ། །ན་ལེནྡྲ་ཡི་གཙུག་ལག་ཁང་། །རབ་བྱུང་དགེ་སློང་ཆེན་པོར་འགྱུར། །སྟོང་ཉིད་ཏིང་འཛིན་སྨྲ་བར་བྱེད། །སངས་རྒྱས་བསྟན་པ་འདི་ཡིས་སྐྱོང་། །ཅེས་ལུང་བསྟན་པས། ཡུམ་གྱི་བསམ་པ་ལ་ཕའི་རིགས་མི་འཛིན་པའི་བུ་མ་སྐྱེས་པ་དང་འདྲ་ཟེར་ནས། མཁན་པོ་ཟླ་བའི་མགོན་པོ་ལ་ཕུལ། རབ་ཏུ་བྱུང་སྟེ། མདོ་རྒྱུད་ཀྱི་ཚིག་དོན་ལ་སྦྱངས། ཀླུ་སྒྲུབ་ཡབ་སྲས་ཀྱི་གསུང་རབ་ལ་རྟེན་ནས་མཁས་པ་ཆེན་པོར་གྱུར། སྐྱེ་བ་ལྔ་བརྒྱར་འཕགས་པ་འཇམ་དཔལ་གྱིས་བྱིན་གྱིས་བརླབས་ཤིང་། དངོས་པོར་འཛིན་པ་བཟློག་པའི་ཕྱིར་རི་མོར་བྲིས་པའི་བ་ལ་འོ་མ་འཇོས་ཏེ། དགེ་འདུན་གྱི་འཚོ་བ་སྦྱར་ཞིང་། རྡོའི་ཀ་བ་ལ་ཕྱག་མི་ཐོག་པ་དང་། དུ་རུ་ཀའི་དམག་བྱུང་པའི་ཚེ། རྡོའི་སེང་གེ་བསྐུལ་བས་དམག་ཟློག་ཏེ། ནམ་མཁའ་ནས་ལྷས། དཔལ་ལྡན་ཟླ་བ་གྲགས་པ་ཡིས། །སྟོབས་ལྡན་རྡོ་ཡི་སེང་གེ་བསྐུལ། །དུ་རུ་ཀ་ཡི་དམག་ཚོགས་ཟློག །ཤི་རྨས་མེད་པ་ངོ་མཚར་ཆེ། །ཞེས་བསྟོད་པ་དེས། རྩ་ཤིའི་འགྲེལ་པ་ཚིག་གསལ། གསང་འདུས་འགྲེལ་པ་སྒྲོན་གསལ་ཏེ་གསལ་བ་རྣམ་གཉིས་སུ་གྲགས་པ་དང་། འཇུག་པ་རྩ་འགྲེལ་ལ་སོགས་པའི་བསྟན་བཅོས་མང་དུ་མཛད་ཅིང་། བཤད་སྒྲུབ་ཀྱི་བསྟན་པ་རྒྱས་པར་མཛད་ནས་ལོ་བཞི་བརྒྱའི་བར་དུ་བཞུགས་སོ། །སློབ་དཔོན་འདི་འཕགས་པ་ཀླུ་སྒྲུབ་ཀྱི་དངོས་ཀྱི་སློབ་མ་ཡིན་མིན་ལ། བསྟན་པའི་བདག་པོ་རྗེ་བཙུན་ས་སྐྱ་པ་རྣམས། ཇོ་བོས། ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །ཞེས་པའི་དོན་ཀླུ་སྒྲུབ་ཀྱི་དགོངས་པ་སྐོང་བའམ། ཆོས་ཀྱི་རྒྱུད་པ་འཛིན་པའི་མཆོག་ལ་དགོངས་ཀྱི་དཔེར་ན་དབང་ཕྱུག་སྡེ་བར་ན་ཡོད་ཀྱང་། ཕྱོགས་གླང་ཆོས་གྲགས་ཅེས་བགྲང་པ་དང་འདྲ་ཞེས་གསུངས་ཤིང་། བཀའ་གདམས་རྒྱུད་པ་འདི་པའི་ལུགས་ཀྱི་དངོས་སློབ་ཏུ་བཞེད་དོ། །དེ་ལ་སློབ་དཔོན་ཙནྟྲ་གོ་མི་ལ་སོགས་པ་སློབ་མ་མང་དུ་བྱོན་པ་ལས། སྲས་ཀྱི་ཐུ་བོ་རིག་པའི་ཁུ་བྱུག་ཆེ་བ་ནི་བྲ་ཟེའི་རིགས་ལས་རབ་ཏུ་བྱུང་ཞིང་། གཞོན་ནུའི་དུས་ནས་ཟླ་བ་གྲགས་པའི་སྤྱན་སྔར་མཁས་པར་སྦྱངས་ནས་གྲུབ་པ་བརྙེས་ཏེ། སངས་རྒྱས་ཀྱི་བསྟན་པ་གསལ་བར་མཛད་ཅིང་། ལོ་སུམ་བརྒྱའི་བར་དུ་བཞུགས་སོ། །དེའི་སློབ་མ་རིག་པའི་ཁུ་བྱུག་ཆུང་བ་ནི། ཐོག་མར་མཚན་ཉིད་ཐེག་པ་ལ་མཁས་པར་སྦྱངས། ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཐུགས་སུ་ཆུད་དེ་རྡོ་རྗེ་ཐེག་པའི་ལམ་ལ་རྟེན་ནས་མཆོག་གི་དངོས་གྲུབ་བརྙེས་སོ། །བླ་མ་ཁ་ཅིག འདི་རི་ནག་པོའི་ཁོང་སེང་ན་བཞུགས་པའི་བླ་མ་ཨ་ཝ་དྷུ་ཏི་པ་དང་དོན་གཅིག་གསུངས་ལ། ཟབ་མོ་ལྟ་བའི་རྒྱུད་པ། དེ་དག་གི་ཡོན་ཏན་རྫོགས་པར་ནི་དཔལ་ལྡན་ཨ་ཏི་ཤ་ཉིད་ལ་མངའ་བ་ཡིན་ནོ། །ཤིང་རྟའི་སྲོལ་འབྱེད་གཉིས་པ་རྒྱ་ཆེན་སྤྱོད་པའི་བརྒྱུད་པ་བྱམས་པའི་རྗེས་འབྲང་ཐོགས་མེད་སྐུ་མཆེད་བྱོན་ཚུལ་ནི། མདོ་དགོངས་འགྲེལ་གྱི་འགྲེལ་ཆེན་དུ་ལུང་དྲངས་པར། ང་ནི་མྱ་ཅན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །ཞེས་དང་། འཇལ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡི་རིག་པ་གྲུབ་པ་ནི། །ས་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུ་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱི་དེ། །བྱང་ཆུབ་ཐོབ་པ་འགྱུར་བ་ཡིན། །ཞེས་ལུང་བསྟན་ཏེ། དེ་ཡང་ཆོས་མངོན་པ་ལ་དགྲ་ལན་གསུམ་བྱུང་བའི་ཚེ། བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཞེས་པས། རྒྱལ་པོའི་རིགས་ཐོག་མེད་དང་། བྲམ་ཟེའི་རིགས་དབྱིག་གཉེན་གཉིས་ལུས་ལས་བསྐྲུན་ཏེ། ཆེར་སྐྱེས་པའི་ཚེ། ཕའི་ལས་གང་ཡིན་དྲིས་པས། མ་ན་རེ་ཁྱེད་དེའི་ཕྱིར་མ་བསྐྱེད་ཀྱིས་བློ་སྦྱང་གྱིས་ལ་བསྟན་པ་དར་བར་གྱིས་ཤིག་གསུངས་པས། རབ་ཏུ་བྱུང་སྟེ། གཅེན་གྱི་རི་བྱ་རྐང་གི་ཕུག་ཏུ་རྗེ་བཙུན་བྱམས་པ་ལོ་བཅུ་གཉིས་ཀྱི་བར་སྒྲུབས་པས་ཞལ་མངོན་སུམ་དུ་བསྟན་ནས་ཁྱོད་ཅི་འདོད་གསུངས་པས། ཐེག་པ་ཆེན་པོའི་ཆོས་དར་བར་འདོད་ཞུས་ཏེ། བྱམས་པའི་ཆོས་གོས་ཀྱི་གྲ་ལ་འཇུས་ནས་དགའ་ལྡན་དུ་བྱོན། ལྷའི་དྲོ་སྐད་ཙམ་དུ་བཞུགས་ནས་ཡུམ་གྱི་མདོ་ལ་སོགས་པ་ཐེག་ཆེན་གྱི་མདོ་སྡེ་མང་དུ་གསན། དེ་དག་གི་དོན་སྟོན་པའི་བསྟན་བཅོས་རྩོམ་པར་ཞུས་པས། བྱམས་ཆོས་ལྔ་མཛད། དེ་ནས་ཐོགས་མེད་ཀྱི་འཛམ་བུའི་གླིང་དུ་བྱོན་ནས་བྱམས་ཆོས་ལྔ་ཡི་གེར་བཏབ། མདོའི་དགོངས་འགྲེལ་ས་སྡེ་ལྔ། སྡོམ་རྣམ་པ་གཉིས་དེ་ཉིད་རྣམ་ངེས་དང་། རྒྱུད་བླའི་འགྲེལ་པ་དང་། དགོངས་འགྲེལ་གྱི་འགྲེལ་ཆེན་སོགས་བསྟན་བཅོས་མང་དུ་བརྩམས་ཏེ་བསྟན་པ་ཆེས་གསལ་བར་མཛད་ཅིང་། ས་གསུམ་པའི་རྟོག་པ་བརྙེས་སོ། །གཅུང་དབྱིག་གཉེན་གྱིས་ཁ་ཆེར་སློབ་དཔོན་འདུལ་བཟང་གི་དྲུང་དུ་བྱོན། མངོན་པ་སྡེ་བདུན། དགྲ་བཅོམ་གཉེར་སྦས་ཀྱིས་མཛད་པའི་བྱེ་བྲག་ཏུ་བཤད་པ་གཞུང་འབུམ་ཕྲག་གཅིག་ཡོད་པ་གསན་པས་ཚེགས་མེད་པར་མཁྱེན་ནས། རྒྱ་གར་དུ་བྱོན། གཅེན་ལ་ཐེག་ཆེན་གྱི་ཆོས་མང་དུ་གསན། འབྲེལ་གཏམ་མཛད་པས། གཅུང་སྤོབས་པ་ཤིན་ཏུ་མྱུར། གཅེན་ཅུང་ཟད་བུལ་བའི་ལན་བཟང་པོ་བྱུང་། དེའི་རྒྱུ་ཅི་ཡིན་ཞུས་པས། ཁྱོད་སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་པས་སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་བ་ཡིན། ང་དེ་ལྟ་བུ་མིན་པས། ཡི་དམ་ཞིག་ལ་དྲིས་ཤིང་ལན་འདེབས་པ་ཡིན་གསུངས། དེ་བདག་ལ་སྟོན་པར་ཞུས་པས། རྗེ་བཙུན་ལ་ཞུ་ཡིས་གསུངས་ཏེ་ཞུས་པས། ཁོ་སོ་སོ་སྐྱེ་བོ་ཡིན་ཞིང་། དང་པོ་ཐེག་ཆེན་ལ་སྐུར་པ་བཏབ་པས་སྒྲིབ་པ་བྱང་བའི་ཕྱིར་དུ་ཐེག་ཆེན་གྱི་མདོ་འགྲེལ་མང་དུ་བརྩམས། གཙུག་ཏོར་རྣམ་རྒྱལ་ཐོན་ཕྱི་མ་ལ་འཇལ་གསུངས་པས། གཅེན་ལ་ལྷག་པར་དད་དེ། རྗེ་བཙུན་གྱི་གསུང་སྒྲུབ་པ་དང་། འབུམ་སྡེ་གོ་དགུའི་ཚིག་དོན་ཐུགས་ལ་མངའ་བས། བཀའ་དང་པོའི་དགོངས་པ་འགྲེལ་བ་མཛོད་རྩ་འགྲེལ། བར་པ་སེམས་ཙམ་དུ་འགྲེལ་པ་ཡུམ་གྱི་གཞུང་འགྲེལ། ཐ་མ་ངེས་དོན་དུ་བཤད་པ་རབ་ཏུ་འབྱེད་པ་སྡེ་བརྒྱད་དང་། གཞན་ཡང་ས་བཅུ་པའི་མདོ་ལ་སོགས་པའི་འགྲེལ་པ་མང་དུ་བརྩམས་ཏེ་བསྟན་པ་གསལ་བར་མཛད་དོ། །དེའི་སློབ་མ་རང་ལས་མཁས་པར་གྲགས་པ་བཞི་བྱོན་ཏེ། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་བསྟན། ཕར་ཕྱིན་རང་ལས་མཁས་པ་འཕགས་པ་རྣམ་གྲོལ་སྡེ། ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ། འདུལ་བ་རང་ལས་མཁས་པ་བྲམ་ཟེའི་བཙུན་པ་ཡོན་ཏན་འོད་དང་བཞིའོ། །དེ་ལ་སློབ་དཔོན་བློ་གྲོས་བརྟན་པ་ནས། དེའི་སློབ་མ་གང་བ་སྤེལ། དེས་ཀུ་ས་ལི་ཆེ་བ། ཀུ་ས་ལི་ཆུང་བ། དེས་དཔལ་ལྡན་ཨ་ཏི་ཤ་ལ་བརྒྱུད་དོ། །རྒྱ་ཆེན་སྤྱོད་པའི་བཤད་སྒྲུབ་ཀྱི་མན་ངག་རྫོགས་པར་མངའ་བ་འཕགས་པ་རྣམ་གྲོལ་སྡེ་ནི། ས་དང་པོ་རབ་ཏུ་དགའ་བའི་རྟོགས་པ་བརྙེས། སངས་རྒྱས་ལ་ཆོས་དངོས་སུ་གསན། མངོན་རྟོགས་རྒྱན་གྱི་འགྲེལ་པ། ཉི་ཁྲི་སྣང་བ་ལ་སོགས་པ་མཛད་དོ། །དེའི་སློབ་མ་བཙུན་པ་རྣམ་གྲོལ་སྡེ་ནི། རིག་པའི་གནས་མཐའ་དག་ལ་མཁས་པ། སངས་རྒྱས་ལ་ཆོས་གསན་ཅིང་། ཐེག་པ་ཆེན་པོ་སྦྱོར་ལམ་གྱི་རྟོགས་པ་བརྙེས་སོ། །དེའི་སློབ་མ་མཆོག་གི་སྡེ། དེའི་སློབ་མ་དུལ་བའི་སྡེ། དེའི་སློབ་མ་གྲགས་པའི་དཔལ་དང་། མཁན་པོ་རྣམ་སྣང་མཛད། མཁན་ཆེན་ཞི་བ་མཚོ་གསུམ་དོན་ཅིག་མཚན་གྱི་རྣམ་གྲངས་ཡིན་གསུངས། འདི་ཟ་ཧོར་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། ཡོད་སྨྲའི་སྡེ་ལ་རབ་ཏུ་བྱུང་ཞིང་རིག་གནས་ལ་མཁས་པར་སྦྱངས། རྗེ་བཙུན་འཇམ་དབྱངས་ཀྱིས་རྗེས་སུ་བཟུང་སྟེ། ལོ་དགུ་བརྒྱ་དང་གོ་དགུ་བཞུགས་པར་གྲགས་ལ། གངས་ཅན་གྱི་ལྗོངས་འདིར་ཡང་བཀའ་དྲིན་མཆོག་ཏུ་ཆེ་བ་དེའི་སྐུ་ཚེའི་སྟོད་ཀྱི་སློབ་མ་སློབ་དཔོན་སེང་གེ་བཟང་པོ་སོགས་དང་། སྨད་ཀྱི་སློབ་མ་ཀ་མ་ལ་ཤཱི་ལ་སོགས་ཡིན་པ་ལས། སློབ་དཔོན་སེང་གེ་བཟང་པོ་ནི་རྒྱལ་རིགས་ལས་རབ་ཏུ་བྱུང་སྟེ་ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་མཁས་པ། ཁྱད་པར་དུ་ཡུམ་གྱི་དོན་ལ་རིང་དུ་གོམས་པ་ཞིག་བྱུང་བ་ལས། དེས་རང་གི་མཁན་པོ་རྣམ་སྣང་མཛད་བཟང་པོ་ལ་བྱམས་པའི་སྒྲུབ་ཐབས་ཞུས་ནས་བསྒྲུབས་པས། རྨི་ལམ་དུ་དགེ་སློང་གུར་གུམ་གྱི་མདོག་ཅན་སྤྱོད་ལམ་མཛེས་པ་ཞིག་རྨིས་ཏེ། ཤར་ཕྱོགས་ཁརྶ་པ་ཎིར་སོངས་ཤིག་ཅེས་ལུང་བསྟན། སང་དེར་སོང་ནས་ཞག་གསུམ་དུ་སྙུང་གནས་བྱས་ཏེ་རྨི་ལམ་བརྟགས་པས། ཐོ་རངས་རྨི་ལམ་དུ་ཨོ་ཏྱནྟ་པུ་རི་པི་ཧ་རིའི་གན་ཏོ་ལའི་སྟེང་གི་ནམ་མཁའ་ལ་སྤྲིན་ཕུང་འཐུག་པོ་ཞིག་གི་གསེབ་ན་ལྷའི་བུ། ལུས་སྟོད་སྤྲིན་གྱི་གསེབ་ནས་ཕྱུང་ནས་མཆོད་རྫས་སྣ་ཚོགས་ཀྱིས་མཆོད་པ་མཐོང་སྟེ་ཅི་བྱེད་དྲིས་པས། རྗེ་བཙུན་བྱམས་པ་བརྒྱད་སྟོང་པ་གསུངས་པ་ལ་མཆོད་པ་བྱེད་པ་ཡིན་ཟེར་ཏེ་རིང་དུ་བལྟས་པས། རྗེ་བཙུན་ཞལ་གསེར་གྱི་མདོག་ཅན་སྤྱི་གཙུག་མཆོད་རྟེན་གྱིས་སྤྲས་པ། ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་ཙམ་ཞིག་མཐོང་ནས་ཕྱག་དང་མཆོད་པ་བྱས་ཏེ། ཉིད་ཀྱི་བསྟན་བཅོས་ལ་དེང་སང་འགྲེལ་པ་མང་དུ་མཆིས་ན་གང་གིས་གང་གི་རྗེས་སུ་འཇུག་པར་བགྱི། །ཞེས་ཞུས་པས། ཐམས་ཅད་ཀྱི་གཞུང་ལེགས་པར་རྟོགས་ལ་འཐད་པ་བསྡུས་ཏེ། ཁྱོད་ཀྱི་ཕྱོགས་གཅིག་ཏུ་རྩོམས་ཤིག་ཅེས་གནང་བ་ཐོབ་པའོ། །སང་དེ་མཆོད་པ་བྱས་ནས་བསྟན་བཅོས་རྩོམ་པའི་སྦྱིན་བདག་བཙལ་བའི་ཕྱིར། ཤར་ནས་ནུབ་ཏུ་བྱོན་པ་དང་། རྒྱལ་པོ་ས་སྐྱོང་ཞེས་བྱ་བ་ཡུམ་ལ་ལྷག་པར་དད་པ་ཞིག་བྱུང་སྟེ། ཕྱོགས་ཀུན་ཏུ་ཡུམ་འཆད་པ་འཚོལ་བ་ལ་ཞུགས་པ་ན། དེའི་ཚེ་ཡུམ་འཆད་པ་ལ་སློབ་དཔོན་སེང་གེ་བཟང་པོ་མཁས་པར་ཐོས་པས་སྤྱན་འདྲེན་དུ་བཏང་པའི་ཕོ་ཉ་དང་ལམ་དུ་འཕྲད་དོ། །དེ་ལས་འཕྲོས་ཏེ་རྒྱལ་པོ་ས་སྐྱོང་གི་ལོ་རྒྱུས་ནི། སྔོན་རྒྱ་གར་ཤར་ཕྱོགས་སེང་ལྡེང་གི་ནགས་སུ་ཤིང་གི་ལྷ་ཞིག་ཡོད་པ་དང་། ཡུལ་དེའི་ཕྱུགས་རྫི་དུས་ལས་འདས་པའི་ཆུང་མ་ཕྱུག་འཚོར་སོང་བ་གཉིས་ཀྱི་བུ་གཽ་པཱ་ལ་ཞེས་པ་ལ། ཕས་ནོར་བུ་རིན་པོ་ཆེ་སྦྱིན་པས་དེའི་ཕན་ཡོན་གྱིས་ས་ཐམས་ཅད་ལ་ཁ་ལོ་བསྒྱུར་བ་ཞིག་བྱུང་སྟེ། དེས་ན་ལནྡྲ་བརྩིགས་སོ། །དེའི་བཙུན་མོ་དབང་ཆུང་བས། རྒྱལ་པོ་དབང་དུ་བྱ་བའི་ཕྱིར་སློབ་དཔོན་བྲམ་ཟེ་ཞིག་ལ་རིག་པ་ཞུས་པས། དེས་རི་བོ་གངས་ཅན་ལས་སྨན་བླངས་ཏེ་རྒྱ་བཏབ་ནས། བྲན་མོ་ལ་བསྐུར་བས་དེ་ས་བཏེགས་ལས་འདྲེད་དེ་བཏུང་བ་ཆུས་ཁྱེར་ཏེ་རིམ་གྱི་རྒྱ་མཚོར་ཞུགས་པ། ཀླུའི་རྒྱལ་པོས་བླངས་ཏེ་ཟོས་པས། ཀླུའི་རྒྱལ་པོ་རྒྱ་མཚོ་སྐྱོང་དབང་དུ་གྱུར་ནས་བཙུན་མོ་དང་འཕྲད་པས་སྲས་དཔལ་ལྡན་ཆོས་སྐྱོང་བལྟམས་སོ། །དེས་ལྷ་ཁང་གཞན་ལས་ཁྱད་པར་འཕགས་པ་ཞིག་བརྩིགས་པར་འདོད་ནས་བལྟས་མཁན་ལ་དྲིས་པས། དགེ་སྦྱོང་དང་བྲམ་ཟེའི་རས་ལ་སྡོང་བུ་བྱས་ཏེ་རྒྱལ་པོ་དང་ཚོང་དཔོན་གྱི་ཁྱིམ་ནས་མར་བླངས་ཤིང་། དཀའ་ཐུབ་པའི་ལྷ་གནས་ནས་ཀོང་བུ་བླངས་ཏེ་མར་མེ་སྤར་བ། ཡིད་དམ་གྱི་མདུན་ནུ་བཞག་སྟེ་གསོལ་བ་བཏབ་ན། ཆོས་སྐྱོང་གི་སྤྲུལ་པས་ཀོང་བུ་སྐྱུར་བར་འགྱུར་བས། དེར་རྩིགས་ཤིག་ཟེར་ནས་དེ་ལྟར་བྱས་པས། བྱ་རོག་ཞིག་བྱུང་ནས་ཀོང་བུ་མཚོར་སྐྱུར་བས་ཡིད་ཆད་པ་ན། མཚན་མོ་ཀླུའི་རྒྱལ་པོ་སྦྲུལ་མགོ་ལྔ་པ་བྱུང་སྟེ། ང་ཁྱོད་ཀྱི་ཕ་ཡིན་པས་མཚོ་སྐམས་ལ་བརྩིག་ཏུ་གཞུག་གོ །ཞག་བདུན་བདུན་ན་མཆོད་པ་ཆེན་པོ་བགྱིས་ཤིག་ཟེར་ཏེ། དེ་བཞིན་བྱས་པས་ཞག་ཉེར་གཅིག་ན་མཚོ་སྐམས། ཨོ་ཏྱནྟ་པུ་རིའི་གཙུག་ལག་ཁང་བཞེངས་སོ། །རྒྱལ་པོ་དེ་ལ་སྲས་རྒྱལ་པོ་དང་། པནྜི་ཏ་དང་། གྲུབ་ཐོབ་དང་། སྡིག་སྤྱོད་ཀྱི་རྒྱལ་པོ་དང་བཞི་ལས། དེའི་སྲས་དེ་ཝ་པཱ་ལ་ཞེས་པ་བྱུང་། དེའི་སྲས་རྒྱལ་པོ་ས་སྐྱོང་ཡིན་ཏེ། དེས་གོང་དུ་བཤད་པ་ལྟར། སློབ་དཔོན་སེང་གེ་བཟང་པོ་སྤྱན་དྲངས་ཏེ་སྦྱིན་བདག་མཛད་ནས། འཕགས་པའི་འགྲེལ་པ་དང་མཐུན་པར་ཉི་ཁྲི་ལེའུ་བརྒྱད་མ་དང་། བརྒྱད་སྟོང་པ་དང་སྦྱར་བ་བརྒྱད་སྟོང་འགྲེལ་ཆེན་དང་། ཡུམ་གསུམ་ཆར་གྱི་བརྒྱན་དུ་གྱུར་པ་འགྲེལ་པ་དོན་གསལ་དང་། གཞན་ཡང་སྡུད་འགྲེལ་རྟོགས་པར་སླ་བ་དང་། ཤེར་ཕྱིན་བསྒོམ་པ་ལ་འཇུག་པ་ལ་སོགས་པ་མཛད་དེ་བསྟན་པ་ཆེས་གསལ་བར་མཛད་དོ། །དེའི་སློབ་མ་ཀུ་ས་ལི་ཆེ་བ་ཡིན་ལ། ཀུ་ས་ལི་ནི་བོད་སྐད་དུ་དགེ་བ་ཅན་ཅེས་པ་སྟེ། མཚན་དངོས་ནི། ཆེ་བ་ལ་རིན་ཆེན་བཟང་པོ། ཆུང་བ་ལ་རིན་ཆེན་མདོ་ཟེར། ཆེ་བ་ནི་རིགས་བྲམ་ཟེ་ཡིན་ལ། ལུང་གི་ཡོན་ཏན་རིག་པའི་གནས་མཐའ་དག་ལ་མཁས་པ། འཇམ་དཔལ་དབྱངས་ལ་ཆོས་དངོས་སུ་གསན་པས། རྟོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། ལམ་ཡིག་ལས། སངས་རྒྱས་མྱ་ངན་ལས་འདས་ནས་བསྟན་པ་འོད་སྲུང་ཆེན་པོ་ལ་གཏད། དེས་ཀུན་དགའ་བོ་ལ། དེས་གཅིག་ནས་གཅིག་ཏུ་བརྒྱུད་པའི་མན་ངག་མངའ་བ་ཀུ་ས་ལི་ཆེ་བ་ཡིན། གསང་བ་འདུས་པ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་མན་ངག་སློབ་དཔོན་ཀླུ་སྒྲུབ་ནས་བརྒྱུད་པ། སངས་རྒྱས་ཡེ་ཤེས་ཞབས་ནས་བརྒྱུད་པ། ཨིནྡྲ་བོ་དྷི་ནས་བརྒྱུད་པ། པཎྜི་ཏ་མགྲིན་པ་གསུམ་པ་ནས་བརྒྱུད་པའི་མན་ངག་རྫོགས་པར་མངའ་བ་ཡང་། ཀུ་ས་ལི་ཆེ་བ་ཡིན། འཕགས་པ་ཐོགས་མེད་ཀྱིས་བྱམས་པ་མཉེས་པར་བྱས་པ་ལས་བྱུང་བ། རྒྱ་ཆེན་སྤྱོད་པའི་བརྒྱུད་པའི་ཆོས་མ་ལུས་པར་མངའ་བ་ཡང་། ཀུ་ས་ལི་ཆེ་བ་ཡིན་ནོ། །ཞེས་གསུངས་སོ། །དེའི་སློབ་མ་ཀུ་ས་ལི་ཆུང་བ་ཡིན་ཏེ། བྱམས་པ་ཁོ་ན་ཁྱད་པར་དུ་སྒོམ་པས་བྱམས་པའི་རྣལ་འབྱོར་པ་ཞེས་པར་ཡང་གྲགས་ལ། བླ་མ་འདི་ལ་ཀུ་ས་ལི་ཆེ་བའི་ཡོན་ཏན་མ་ལུས་པ་མངའ་བས། གསེར་གླིང་པའི་ཡང་བླ་མ་ཡིན་ལ། བླ་མ་འདིས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དགྱེར་སྒོམ་རྡོ་རྗེའི་གླུའི་དོན་ཡུན་རིང་དུ་སྒོམ་ཞིང་ཞལ་འདོན་མཛད་པས། རེ་ཞིག་ན་ཆུ་བོ་གངྒའི་འགྲམ་དུ་བཅོམ་ལྡན་འདས་བྱམས་པ་ལྷའི་རྒྱལ་པོའི་ཆ་བྱད་དུ་བྱོན་ནས་ཆོས་གསུངས་སོ། །ཀུ་ས་ལི་ཆུང་བའི་ཡོན་ཏན་རྫོགས་པར་མངའ་བ་དཔལ་ལྡན་ཨ་ཏི་ཤའི་བླ་མའི་གཙོ་བོར་གྱུར་པ་འགྲན་ཟླ་དང་བྲལ་བའི་བླ་མ་གསེར་གླིང་པ་ཡིན་ལ། དེའི་ལོ་རྒྱུས་ནི། གསེར་གླིང་ཞེས་པ་གླིང་བཞི་གླིང་ཕྲན་བརྒྱད་གང་དུ་ཡང་མ་གཏོགས་པ། འཛམ་བུ་གླིང་དང་ཉེ་བ། རིན་པོ་ཆེ་སྣ་ཚོགས་ཡོད་པའི་གླིང་དེ་ལ་གསེར་གླིང་ཞེས་ཟེར། དེར་རེས་ནང་པའི་བསྟན་པ། རེས་ཕྱི་པའི་བསྟན་པ་འབྱུང་བ་ལས། དེ་དུས་ཕྱི་པའི་བསྟན་པ་ཡོད་པ་ལ་གླིང་དེའི་རྒྱལ་པོའི་སྲས། རྒྱལ་བུ་སེ་ན་ཞེས་པ་འཁྲུངས་མ་ཐག་དཀོན་མཆོག་ལ་སྐྱབས་འགྲོ་མཛད་པས། མུ་སྟེགས་བྱེད་རྣམས་ཀྱི་བློ་ལ་མ་རན་ཀྱང་། རྒྱལ་པོའི་སྲས་སུ་སོང་བས་ཅི་ཡང་བྱེད་མ་ནུས། རྒྱལ་བུ་ལོ་དྲུག་བདུན་ལོན་དུས་ནགས་གསེབ་ཏུ་བྱོན་པས་ཐུབ་པའི་གསེར་སྐུ་མཐོ་གང་ཙམ་ཞིག་རྙེད་པ། དེ་ལ་ཕྱག་མཆོད་འབའ་ཞིག་མཛད་པས་ཐུབ་པ་དངོས་སུ་བྱོན་ཏེ། གསེར་གླིང་པའི་དབུ་ལ་ཕྱག་གིས་བྱུགས། སྐུ་ལུས་འོད་ཀྱིས་ཁྱབ་པར་མཛད་དེ། གླིང་དེ་སྔར་བས་བདུན་འགྱུར་གྱི་ལོ་ལེགས་པ། ནད་ཉུང་བ་སོགས་བཀྲ་ཤིས་པར་གྱུར་པས་གསེར་གླིང་པ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ལ་དད་དེ། རྒྱལ་བུ་འདི་རྒྱ་གར་དུ་ཆོས་སློབ་ཏུ་བཏང་ན་ལེགས་ཟེར་བས། རྒྱལ་བུ་དགྱེས་ཏེ་ཐོག་མར་རྡོ་རྗེ་གདན་སྟོན་པ་མངོན་པར་བྱང་ཆུབ་པའི་གནས་ཡིན་པས་དེར་བྱོན། སྲིན་པོ་མཆོད་པ་བྱེད་པ་དང་དུས་འཛོམ་སྟེ། གང་ཟག་ཡོན་ཏན་ཅན་རྣམས་ཀྱང་འདུ་བ་ལས། སློབ་དཔོན་མཧཱ་ཤྲཱི་རཏྣ་ཞེས་པ་མཆོག་གི་དངོས་གྲུབ་བརྙེས་པ་ཞིག་དེར་བྱོན་པ་ལ། དམ་པ་གཞན་ལས་ཀྱང་དེ་ལ་ལྷག་པར་དད་དེ་ཞག་བདུན་འགྲོགས་ནས། སློབ་དཔོན་མི་སྣང་བར་གྱུར། དེར་གནས་ཐམས་ཅད་དུ་བཙལ་ཀྱང་མ་རྙེད་དེ། རྒྱལ་བུ་རང་གི་ཡུལ་དུ་འགྲོ་སྙམ་པ་ལ་མདུན་དུ་བུ་མོ་གཉིས་གླུ་ལེན་ཏེ། གཉེན་འདུན་འཛའ་ཤེས་མང་པོ་དང་། །ཡུལ་དང་ཁང་ཁྱིམ་ནོར་ཆེན་དང་། །ཟས་སྐོམ་གོས་ཀྱི་ལོངས་སྤྱོད་པ། །མྱ་ངན་སྐྱེ་བར་འགྱུར་བ་སྟེ། །ཆོས་དང་རིང་དུ་འགྱུར་བ་ཡིན། །ནོར་མ་རྙེད་ཀྱི་ཚོང་པ་དག །ཡུལ་དུ་སྟོང་པར་ལྡོག་པ་འདྲ། །ཟེར་བས་ངེས་པར་ང་ལ་ཟེར་སྙམ་ཙ་ན་མི་སྣང་ངོ་། །དེར་རྒྱལ་བུ་དགྱེས་ཏེ་ཆོས་སྐྱོང་མ་ཅིག་ཡིན་པར་འདུག་པ་ལ་ད་ཡལ་བས་འདྲི་ས་མེད་ཀྱང་། ལོང་ཡོད་ཀྱིས་སྙམ་སྟེ། ལོ་བདུན་རྒྱ་གར་དུ་བཞུགས་ནས་བླ་མ་མང་པོ་ལ་ཆོས་གསན། རིག་པ་བསླབས་མཁས་པར་གྱུར་ཏེ། རྡོ་རྗེ་གདན་དུ་རྒྱལ་བུས་མཆོད་པ་བྱེད་ཅིང་ཆོས་སྐྱོང་མ་དེ་དང་འཕྲད་ན་སྙམ་པ་ན། རྒན་མོ་གཅིག་ན་རེ། སྐམ་སར་ཆུ་ནི་དྲངས་པ་བཞིན། །ཉིད་དང་མཚན་མོ་འདས་པ་ཡི། །མི་རྣམས་ཚེ་ནི་ཟད་པར་བྱེད། །རྨོངས་པ་ལོངས་ཡོད་མ་ཟེར་ཅིག །ཟེར་བས་མི་སྣང་ངོ་། །དེར་རྒྱལ་བུས། སློབ་དཔོན་མཧཱ་ཤྲཱི་རཏྣ་འབའ་ཞིག་ཡིད་ལ་བྱས་པས། རྒྱལ་བུའི་རྨི་ལམ་དུ་སློབ་དཔོན་བྱོན་ཏེ། རྒྱལ་སྲིད་ནི་དམན་པའོ། །དམ་པ་མ་ཡིན་ནོ། །དམ་པ་ལས་རིང་དུ་བྱེད་པའོ། །ཁྱོད་ཀྱི་ཆོས་ཀྱི་རྒྱལ་སྲིད་འཛིན་ནུས་སམ་ཞེས་ལན་གསུམ་གསུངས་པ་ལ། རྒྱལ་བུས་ཀྱང་ནུས་སོ་ཞེས་ལན་གསུམ་ཁས་བླངས་པ་ན་གཉིད་སད་དེ། སློབ་དཔོན་དངོས་སུ་བཞུགས་ནས་བྱིན་གྱིས་བརླབས་ཏེ། སངས་རྒྱས་ཀྱི་བཀའ་དང་གདམས་པ་རྣམས་གནང་། ཁྱད་པར་དུ་བྱང་ཆུབ་ཀྱི་སེམས་ལ་བརྟེན་པའི་ཆོས་མང་དུ་གསུངས། ཆོས་ཐམས་ཅད་ཀྱི་གནས་ལུགས་ཐུགས་སུ་ཆུད་དེ་མཚན་ཆོས་ཀྱི་གྲགས་པར་བཏགས་སོ། །དེ་ནས་གསེར་གླིང་དུ་བྱོན་ཏེ། མུ་སྟེགས་པ་རྣམས་ཆོས་ཀྱི་ཚར་བཅད། སངས་རྒྱས་ཀྱི་བསྟན་པ་ལ་བཀོད་དོ། །ཆོས་དང་ཟང་ཟིང་གི་དཔལ་འབྱོར་རྒྱས་པར་མཛད་དེ། ལོ་བརྒྱ་དང་ལྔ་བཅུ་བཞུགས་མདོར་ན་ཆོས་ཀྱི་གྲགས་པས་འཛམ་གླིང་ཁྱབ་པས། མཚན་དོན་དང་ལྡན་པ་ཡིན་ཞེས་བཀའ་གདམས་པའི་བླ་མ་རྣམས་གསུངས། དེ་ལ་སློབ་མའི་མཆོག པཎྜི་ཏ་ཆེན་པོ་བཞི་ནི། ཤནྟི་པ། ཇོ་བོ་རྗེ། ཛྙཱ་ན་ཤྲཱི་མི་ཏྲ། རཏྣ་ཀིརྟི་རྣམས་ལས། ཡོན་ཏན་རྫོགས་པར་མངའ་བ་ནི། ཇོ་བོ་རྗེ་ཡིན་ཏེ། ཐོག་མར་མཇལ་བའི་ཚུལ་ནི། གསེར་གླིང་པ་དེ་ཉིད་སངས་རྒྱས་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ། ཁྱད་པར་བྱམས་སྙེང་རྗེ་ལས་བརྩམས་ཏེ་ཆོས་སྟོན་པ་ཅིག་ཡོད་པ་འདུག་ཟེར་བའི་སྙན་པ་ཇོ་བོས་གསན་པས། སྐུ་ཚེ་དཔག་ཏུ་མེད་པའི་བླ་མར་མཁྱེན་ནས། མཚན་ཐོས་པ་ཙམ་གྱིས་དད་གུས་ཚད་མེད་པ་འཁྲུངས། བརྩོན་པ་ཆེན་པོས་པཎྜི་ཏ་སའི་སྙིང་པོ་ལ་སོགས་པའི་འཁོར་མང་པོ་དང་བཅས་ཏེ། ནོར་བུ་ལེན་པའི་ཚོང་པ་དང་འགྲོགས་ནས་གཟིངས་ཆེན་པོ་བཅས་ཏེ་བྱོན་པ་ལ། དབང་ཕྱུག་ལ་སོགས་པས་བར་གཅོད་བརྩམས་ཏེ། རླུང་དམར་གཡོ་བ་དང་། ཐོག་འབེབས་པ་དང་། ཆུ་སྲིན་ཉ་མིད་ལ་སོགས་པ་གདུག་རྩུབ་ཅན་མང་པོའི་གནོད་པར་བརྩམས་ཀྱང་། དེ་དག་གི་གནོད་པ་བྱ་བར་མ་ནུས་ཤིང་། གཤིན་རྗེ་གཤེད་ཀྱི་སྐུར་སྤྲུལ་ནས་བཏུལ་བ་དང་། གསེར་གླིང་དུ་ཡང་འཛམ་བུ་གླིང་ནས་པཎྜི་ཏ་ཆེན་པོ་གཅིག་འབྱོན་པའི་གྲགས་པ་བྱུང་བས། དགེ་འདུན་རྣམས་ཀྱི་བསུ་བ་མཛད་ཚུལ་སོགས་རྣམ་ཐར་ཆོས་ཀྱི་འབྱུང་གནས་སུ་གསལ་ལོ། །དེ་ནས་བླ་མ་དང་མཇལ་བས་སྔར་འདྲིས་ཀྱི་མི་བཞིན་གཅིག་ལ་གཅིག་གི་ངོ་མཁྱེན་པར་གྱུར་ཏེ། ཇོ་བོའི་དབུ་ལ་ཕྱག་བཞག་ནས་ཤིས་པ་མང་པོ་བརྗོད། བླ་མའི་ཞལ་ནས་ཁྱོད་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སློབ་ནུས་སམ་འདིར་ལོ་བཅུ་གཉིས་སྡོད་ཁོམ་མམ་གསུངས་པ་ལ། ཇོ་བོས་ཞལ་གྱིས་བཞེས་བས་མཉེས་ཏེ། བསྟན་པའི་བདག་པོར་མངའ་གསོལ་བའི་རྟེན་འབྲེལ་ཡིན་གསུངས་ནས་སྔར་རྙེད་པའི་སྟོན་པའི་གསེར་སྐུ་ཡང་གནང་། དེ་ནས་ལོ་ངོ་བཅུ་གཉིས་སུ་དབུ་སྔས་སྦྲེལ་ཏེ་ཐེག་པ་ཆེན་པོའི་ཆོས་མཐའ་དག་གསན། ཤིང་རྟ་ཆེན་པོའི་སྲོལ། རྒྱལ་ཆེན་སྤྱོད་པའི་རྒྱུད་ཀྱི་ཡོན་ཏན་ཐམས་ཅད་རྫོགས་པར་མཛད་ནས། ཇོ་བོའི་བླ་མ་རྣམས་ཀྱི་ནང་ནས་ཀྱང་བཀའ་དྲིན་མཆོག་ཏུ་ཆེ་བར་འཛིན་པར་མཛད་དོ། །དབུ་མའི་ལྟ་བའི་གནད་རྣམས་ནི་ཇོ་བོས་གསེར་གླིང་པ་ལ་འབྲེལ་གཏམ་གྱི་སྒོ་ནས་ཡར་བསྟན་ཏེ་སྒྲོ་འདོགས་བཅད་ཅིང་། གསང་སྔགས་ཀྱི་ཆོས་རྣམས་གསན་རེས་མཛད་ཅེས་རྣམ་ཐར་ལས་འབྱུང་ཞིང་། གཞན་ཡང་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་རྣམས་ཀྱི་རྣམ་ཐར་ལ། དཀོན་མཆོག་གི་མཆོད་པ་ཕུན་སུམ་ཚོགས་པ་འབུལ་བའི་ཕྱག་སྲོལ་རྣམས་ཀྱང་བླ་མ་གསེར་གླིང་པའི་ཕྱག་སྲོལ་ཡིན་གསུངས། རྒྱས་པར་གཞན་དུ་བལྟའོ། །

བརྒྱུད་པ་གསུམ་པ་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ། ཐེག་པ་ཆེན་པོ་གསང་སྔགས་ལ་ཆོས་ཁུངས་བཙུན་པར་རྟོགས་པའི་ཕྱིར། རྒྱུད་གསུངས་ཚུལ་ནས་བརྒྱུད་པ་ཟམ་མ་ཆད་པ་གོང་མ་རྣམས་ཀྱང་འདེད་པ་རིང་བརྒྱུད། ཧེ་རུ་ཀ་དང་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་དངོས་སུ་ཆོས་གསན་ནས། དེ་ཉིད་ལས་བརྒྱུད་པ་ཉེ་བརྒྱུད་དང་གཉིས་ལས། དང་པོ་ནི་སློབ་དཔོན་ཀུན་དགའ་སྙིང་པོའི་བཞེད་པས། ཁྱབ་འཇུག་ལ་སོགས་པ་འདོད་ཆགས་ཅན་རྣམས་རྗེས་སུ་གཟུང་བའི་དོན་དུ་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་གསང་བ་འདུས་པ་ལ་སོགས་པ་གསུངས་པར་བཤད་ཅིང་། རབ་ཏུ་སྒྲོན་གསལ་ལས་དགའ་ལྡན་དུ་རྒྱུད་སྡེ་ཐམས་ཅད་བསྟན་པར་ཡང་བཤད་ལ། བླ་མ་མཁས་པ་དག་གི་བཞེད་པས་ཨུ་རྒྱན་དུ་གསུངས་པར་བཞེད་དེ། དེ་ཡང་རྒྱལ་པོ་ཨིནྡྲ་བྷུ་ཏིས་ནམ་མཁའ་ལ་ཉན་ཐོས་ཀྱི་དགེ་འདུན་སྔ་དྲོ་ཤར་ནས་ནུབ་དང་། ཕྱི་དྲོ་ནུབ་ནས་ཤར་དུ་འགྲོ་བ་གཟིགས་ནས་ཅི་ཡིན་དྲིས་པས། སངས་རྒྱས་ཤཱཀྱ་ཐུབ་པའི་ཉན་ཐོས་སོ་ཟེར་བ་ཐོས་ནས་དད་པ་སྐྱེས། མཆོད་པ་རྒྱ་ཆེན་པོ་བཤམས་ཏེ། བཅོམ་ལྡན་འདས་འཁོར་དང་བཅས་པ་བདག་གི་གནས་འདིར་གཤེགས་སུ་གསོལ་ཞེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་འཁོར་དང་བཅས་པ་དེར་བྱོན་པ་ལ་མཆོད་པ་དང་བསྙེན་བཀུར་གྱིས་མཉེས་པར་བྱས་ནས། བདག་ཀྱང་ཐམས་ཅད་མཁྱེན་པའི་ལམ་ལ་འགོད་པར་ཞུ་ཞེས་ཞུས་པས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ལ་བསླབ་པ་གསུམ་ལ་སློབས་ཤིག་ཅེས་བཀའ་སྩལ་པ་དང་། བདག་འདོད་ཡོན་ལ་སྤྱོད་བཞིན་དུ་འཚང་རྒྱ་བའི་ཐབས་འཚལ། ཞེས་ཞུས་པས། སྟོན་པས་སྤྲུལ་སྐུའི་སྣང་བ་བསྡུས་ཏེ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་སྤྲུལ་ནས་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ་སོགས་པ་སྐལ་བ་དང་ལྡན་པ་རྣམས་ལ་དབང་བསྐུར། དཔལ་གསང་བ་འདུས་པའི་རྒྱུད་བསྟན་ནས། རྡོ་རྗེ་ཆོས་ལ་རྒྱུད་བསྟན་པར་བཞེད་དོ། །དེས་ན་གནས་ཨུ་རྒྱན་དུ་སྡུད་པ་པོ་ཕྱག་ན་རྡོ་རྗེས། དུས་བཅོམ་ལྡན་འདས་བཞུགས་པའི་དུས་ཉིད་དུ། སྔགས་ཀྱི་རྒྱུད་སྡེ་མཐའ་དག་བསྡུས་ནས། རྒྱལ་པོ་ཨིནྡྲ་བྷུ་ཏི་འཁོར་དང་བཅས་པ་ལ་གནང་། དེ་དག་གིས་ཀྱང་དངོས་གྲུབ་ཐོབ་པར་གྱུར་པས། རང་བཞིན་གྱིས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་ཞེས་གྲགས་ཤིང་། དེ་ནས་ཨུ་རྒྱན་གྱི་ཡུལ་དེ་སྟོང་ནས། མཚོ་ཆེན་པོ་ཀླུས་གང་བ་ཅིག་ཏུ་གྱུར། དེ་ནས་ཡང་ཕྱག་ན་རྡོ་རྗེས་རྒྱུད་མཐའ་དག་གླེགས་བམ་ལ་བྲིས་ནས། མཚོའི་ཀླུ་དེ་རྣམས་ལ་གཏད་དེ་སྨིན་པར་མཛད་པས། དེ་རྣམས་རིམ་གྱིས་མིའི་གཟུགས་སུ་བསྒྱུར་ཏེ། མཚོའི་འགྲམ་དུ་གྲོང་ཁྱེར་བྱས་ནས། རྡོ་རྗེ་ཐེག་པ་ཉམས་སུ་བླངས་པས་ཕལ་ཆེར་གྲུབ་པ་བརྙེས་པར་གྱུར་ཏོ། །སྐྱེས་བ་རྣམས་ནི་དཔའ་བོ། བུད་མེད་རྣམས་ནི་མཁའ་འགྲོ་མར་གྱུར་ཏོ། །དེའི་ཚེ་སྒྲུབ་པའི་སྐལ་བ་མེད་པ་རྣམས་གཞན་དུ་དེངས་ཏེ། མཚོ་དེ་ཡང་སྐམ་པར་གྱུར་ནས་དེའི་ཤུལ་དུ་ཧེ་རུ་ཀ་རང་བྱུང་གི་ལྷ་ཁང་ཞེས་བྱ་བ་བྱོན། དེར་ཡེ་ཤེས་ཀྱི་དཔའ་བོ་དང་མཁའ་འགྲོ་རྣམས་བཞུགས་ཤིང་། དེའི་ཚེ་ཕྱག་ན་རྡོ་རྗེ། གསང་བ་འདུས་པ་ལ་སོགས་པ་རིན་པོ་ཆེ་ཞུན་མས་བྲིས་པའི་གླེགས་བམ་དེ་རྣམས་དཔའ་བོ་དང་རྣལ་འབྱོར་མ་དེ་དག་ལ་གཏད་དོ། །དེ་ནས་རྡོ་རྗེ་ཐེག་པ་རྒྱ་གར་དུ་དར་བའི་ཚུལ་ནི། དེའི་ཚེ་རྒྱ་གར་ལྷོ་ཕྱོགས་ཨོ་བྷྱེ་ཤ་ན། རྒྱལ་པོ་བི་སུ་ཀལྤ་ཞེས་བྱ་བ་མཚན་ཉིད་ཀྱི་ཐེག་པ་ལ་མཁས་པ་ཞིག་བཞུགས་ཏེ། དེའི་ཐུགས་དགོངས་ལ་ཕ་རོལ་དུ་ཕྱིན་པའི་ཚུལ་འདིར། ལས་དང་པོ་པས་འདོད་ཡོན་སྤངས་ནས། དཀའ་ཐུབ་དང་དཀའ་སྤྱད་ཀྱིས་བསླབ་པ་གསུམ་གྱི་ལམ་བསྒོམ་སྟེ། ཉོན་མོངས་སྤངས་ནས་བྱང་ཆུབ་བསྒྲུབ་པར་གསུངས་པ་ལས་འདོད་ཡོན་ལ་སྤྱོད་བཞིན་དུ་ལམ་བསྒོམ་པ་ལ་འབྲས་བུ་འགྲུབ་པ། དེ་ལྟ་བུའི་ཐེག་པ་མཆོག་ཅིག་དང་མཇལ་བར་ཤོག་ཅིག་ཅེས་སྨོན་པའི་ཚེ། རྨི་ལམ་དུ་མཁའ་འགྲོ་མས། ཁྱོད་དེ་ལྟ་བུའི་ཐེག་པ་མཆོག་འདོད་ན། འདི་ནས་བྱང་ཕྱོགས་སུ་ཕྱིན་པ་ན། དཔལ་ཨུ་རྒྱན་གྱི་ཡུལ་ཞེས་བྱ་བར་ཧེ་རུ་ཀ་རང་བྱུང་གི་ལྷ་ཁང་ན། དཔལ་གསང་བ་འདུས་པ་ལ་སོགས་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་བདག་བྱས་ནས་ཡོད་པས། དེར་སོང་ལ་ཞུས་ཤིག་ཅེས་ལུང་བསྟན་ནོ། །དེར་རྒྱལ་པོས་དཔལ་ཨུ་རྒྱན་གྱི་གནས་སུ་བྱོན། ཧེ་རུ་ཀ་རང་བྱུང་གི་ལྷ་ཁང་གི་སྒོ་བཞི་ལ་རིམ་པ་བཞིན་ཕྱག་དང་། སླར་ཡང་ཤར་སྒོ་ནས་ཕྱག་བྱས་གསོལ་བ་བཏབ་པས། བུད་མེད་ཅིག་བྱུང་སྟེ་དེ་ནི་ཀླུ་ལས་གྱུར་པའི་རྣལ་འབྱོར་མར་གྲགས་པ་དེ་ཡིན་ཞིང་། དེས་ཁྱོད་རྒྱལ་པོ་བི་སུ་ཀལྤ་ཡིན་ནམ་གསུངས། ཡིན་ཞུས་པས། ལྷ་ཁང་གི་ནང་དུ་ཁྲིད། དཔལ་གསང་བ་འདུས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མངོན་སུམ་དུ་བཅུག་དབང་བསྐུར། རྒྱུད་བཤད། གདམས་པ་དང་རྗེས་སུ་བསྟན་པ་མཐའ་དག་གནང་ནས་གླེགས་བམ་གཏད། དེས་ཀྱང་དེའི་དོན་ཉམས་སུ་བླངས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་སོ། །དེའི་ཚེ་ཡུལ་ར་ཌའི་བྲམ་ཟེ་ཅིག་ལ། སྲས་བཞི་ཡོད་དེ། དེ་རྣམས་གཞོན་ནུའི་དུས་ན་སྒྲའི་བསྟན་བཅོས་ལ་སོགས་པ་རིག་པའི་གནས་རྣམས་ལ་ལེགས་པར་སྦྱང་ནས། ཕྱིས་བསྟན་པ་ལ་དད་པར་གྱུར་པ་དང་། དེའི་ནང་ནས་གཅིག་སྲས་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང་སྟེ། མཚན་ཡང་སྒྲ་གཅན་འཛིན་བཟང་པོར་བཏགས་སོ། །དེས་ཕྱིས་མཚན་ཉིད་ཀྱི་སྡེ་སྣོད་ལ་ལེགས་པར་སྦྱངས་པས་མཁས་པ་ཆེན་པོར་གྱུར་ཏེ། དཔལ་བཱེ་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་མཁན་པོ་མཛད་དེ། བསྟན་པའི་བྱ་བ་རྒྱ་ཆེར་མཛད་པ་དང་། རྒྱལ་པོ་བི་སུ་ཀལྤ་ལ་མཁའ་འགྲོ་མས་གནང་བའི་གསང་སྔགས་ཀྱི་ཆོས་ཡོད་པ་ཐོས་པས་དད་ནས། དེའི་དྲུང་དུ་སོང་སྟེ་མཎྜལ་སྔོན་དུ་འགྲོ་བས་གུས་པ་དང་བཅས་ཏེ། གསོལ་བ་བཏབ་པས། དེས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར། རྒྱུད་བཤད། གདམས་པ་དང་རྗེས་སུ་བསྟན་པ་མཐའ་དག་གནང་ངོ་། །དེས་ཀྱང་དེའི་དོན་ཉམས་སུ་བླངས་པས། བསྐྱེད་རྫོགས་ཀྱི་དོན་ལ་བསྟན་པ་ཅུང་ཟད་ཐོབ་པ་དང་། མཐར་ཕྱིན་པར་བྱ་བའི་ཕྱིར་འཕགས་པ་ཀླུ་སྒྲུབ་ལ་བསྟན་པ་གཏད་དེ། སྤྱོད་པ་ལ་གཤེགས་སོ། །དེའི་ཚེ་མདའ་འཕེན་པའི་སྤྱོད་པ་མཛད་དེ། མདའ་ལེགས་པར་བསྲངས་ན་གནད་དུ་འཕོགས་པ་བཞིན་དུ། སེམས་ཉིད་གནས་ལུགས་ཀྱི་སྟེང་དུ་བསྲངས་ན་གྲོགས་བར་རྟོགས་ཏེ་རྟོགས་པ་མཆོག་བརྙེས་སོ། །དེ་ནས་ས་ར་ཧ་སྟེ། མདའ་བསྣུན་ཞེས་གྲགས་ལ། དེས་རང་གི་རྟོགས་པའི་དོན་གླུར་བླངས་པ། དོ་ཧ་མཛོད་ཅེས་གྲགས་པ་དམངས་དོ་ཧ་ཡིན་ལ། བོད་ན་རྡོ་ཧ་བསྐོར་གསུམ་མཛད་ཅེས་ཟེར་ཀྱང་། རྒྱལ་པོ་དྷོ་བ་དང་། བཙུན་མོ་དྷོ་ཧ་ནི་བལ་པོ་ཨ་སུས་ཁ་གཡར་ནས་བྱས་པར། བལ་པོ་ན་གྲགས་ཤེས་ཆོས་རྗེ་བུ་སྟོན་གསུངས་སོ། །མཐར་དཔལ་གྱི་རི་ལ་གཤེགས་སྟེ་ལོ་སུམ་སྟོང་བཞི་བརྒྱ་བཞུགས་ནས་སྐལ་ལྡན་གྱི་དོན་མཛད་ཅེས་འབྱུང་ངོ་། །དེའི་ཚེ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་སོང་བ་ན་འཕགས་པ་ཀླུ་སྒྲུབ་བྱོན་ཏེ། དེའི་རྣམ་ཐར་གོང་དུ་བཤད་ལ། དེས་བྱིན་གྱིས་བརླབས་པ་ནི་དཔལ་ཤ་ཝ་རི་དབང་ཕྱུག་ཡིན་ཏེ། ཁ་ཅིག་ས་ར་ཧ་དང་། ཤ་ཝ་རི་དབང་ཕྱུག་གཅིག་ཏུ་འདོད་པ་ནི་མི་འཐད་དེ། འདི་དང་པོ་གར་མཁན་པའི་རིགས་ཡིན་པར་བཤད་ཅིང་། རི་ཕྲོད་དབང་ཕྱུག་ཅེས་ཟེར་ཀྱང་། དེས་གྲུབ་ཆེན་ལཱུ་ཧི་པ་ལ་གདམས། དེས་རྗེས་སུ་བཟུང་བ་རྒྱལ་པོ་བི་མ་ཙནྡྲའམ། དྷ་རི་ཀ་པ་དང་། སློབ་དཔོན་བྲམ་ཟེའི་རིགས་ཌཾ་གི་པ་གཉིས་ལས། དྷཱ་རི་ཀ་པས། སློབ་དཔོན་རྡོ་རྗེ་དྲིལ་བུ་པ་ལ་གདམས། དེས་རུས་སྦལ་ཞབས་ལ། དེས་ཛ་ལེནྡྷ་ར་པ་ལ། དེས་ནག་པོ་སྤྱོད་པ་ལ། དེས་གུ་ཧྱ་པ་ལ། དེས་རྣམ་རྒྱལ་ཞབས་ལ། དེ་རྣམས་ཀྱི་རྣམ་ཐར་དོན་དུ་གཉེར་ན་ཁོ་བོས་བྱས་པའི་དཔལ་འཁོར་ལོ་བདེ་མཆོག་གི་ཆོས་འབྱུང་རྒྱས་བསྡུས་སོགས་སུ་བལྟ་བར་བྱའོ། །དེ་ནས་ཏེ་ལོ་པ་དང་། ནཱ་རོ་པ་རྣམས་ལས་བརྒྱུད་པ་ནི་རིང་བརྒྱུད་ཡིན་ལ། ཉེ་བརྒྱུད་ཀྱི་དབང་དུ་བྱས་ན། ཏེ་ལོ་པའི་རྣམ་ཐར་ནི། དེ་དང་པོ་རྒྱལ་རིགས་ལས་རབ་ཏུ་བྱུང་སྟེ། མཚན་ཤེས་རབ་བཟང་པོ་ཞེས་པར་བཏགས། རིག་པའི་གནས་རྣམས་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར་ནས། བླ་མ་རྣམ་རྒྱལ་ཞབས་ལ་གཏུགས། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར། རྒྱུ་མན་ངག་དང་བཅས་པ་ཞུས། དེར་བླ་མས་ལུང་བསྟན་ཏེ་ཤར་ཕྱོགས་བྷཾ་ག་ལའི་རྒྱུད། ཧ་རི་ཀེ་ལ་ཞེས་བྱ་བ་ཟ་ཧོར་གྱི་གྲོང་ཁྱེར་དེ་ན་སྤྲུལ་པའི་རྒྱལ་པོ་ཨུཏྨ་སྐྱེས་པ་ཞེས་བྱ་བས་བྱིན་གྱིས་བརླབས་པའི་སྒྲུབ་ཐག་ཉེ་བའི་གནས་ཡོད། དེ་ན་པཉྩ་པ་ཏ་ན་ཞེས་བྱ་བའི་ཚོང་འདུས་ན་སྨད་འཚོང་མ་ཏིལ་རྡུང་བ་ཞིག་ཡོད་ཀྱིས། དེའི་གཡོག་གྱིས་ལ་རྟོགས་པ་སྦྱོངས་ཤིག་ཅེས་ལུང་བསྟན་པ་དེར་བྱོན་ཏེ། སྨད་འཚོང་མའི་གཡོག་བྱས་པས། མོས་ཏིལ་བརྡུང་དུ་བཅུག་ཏེ། སློབ་དཔོན་གྱིས་ཏིལ་བརྡུངས་ཤིང་ཉམས་སུ་བླངས་པས། ཏིལ་ལ་མར་གནས་ཀྱང་རྡུང་བ་དང་བཙིར་བ་མ་བྱས་ན་མངོན་དུ་མི་འགྱུར། དེ་བཞིན་དུ་རང་སེམས་སངས་རྒྱས་གནས་ཀྱང་ཉམས་ལེན་མ་བྱས་ན་མངོན་དུ་མི་འགྱུར་བར་དགོངས་ཏེ་ཉམས་སུ་བླངས་པས་དེ་ཁོ་ན་ཉིད་མངོན་སུམ་དུ་གྱུར་པའི་རྟོགས་པ་སྐྱེས་ཏེ། རྡོ་རྗེ་འཆང་གི་མངོན་སུམ་དུ་དབང་བསྐུར་བྱིན་གྱིས་བརླབས་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་བོ། །དེར་སྨད་འཚོང་མས་ཁོང་མཚན་མོ་ནམ་མཁའ་ལ་མེ་དཔུང་འབར་བའི་དབུས་ན་འདུག་པ་མཐོང་སྟེ་འགྱོད་ནས་བཤགས་པ་བྱས། རྗེས་སུ་གཟུང་བར་གསོལ་བ་བཏབ་པས། དེས་དབང་བསྐུར་བྱིན་གྱིས་བརླབས་པས་མོས་ཀྱང་དངོས་གྲུབ་ཐོབ་ནས་རྒྱལ་པོ་ལ་སྨྲས་པས། རྒྱལ་པོ་འཁོར་དང་བཅས་པ། སློབ་དཔོན་ལ་མཇལ་དུ་འོང་པ་ལ། ནམ་མཁར་བཞུགས་ནས་ཏིལ་མར་གྱི་དཔེས་མཚོན་པའི་ཆོས་ཟབ་མོ་གསུངས་པས། རྒྱལ་པོ་འཁོར་བཅས་དད་དེ་ཉམས་སུ་བླངས་པས་མཁའ་སྤྱོད་གྲུབ་སྟེ། རེ་ཞིག་ཡུལ་དེ་སྟོང་པ་ཙམ་དུ་གྱུར་ཏོ། །དེའི་སློབ་མ་ནཱ་རོ་པ་ནི། ཡབ་ཁ་ཆེ་བ་ཡིན་ལ། ཁ་ཅིག་རྒྱལ་རིགས་སུ་བཞེད་དེ། ཁུང་ཐུབ་ལས་བྲམ་ཟེའི་རིགས་སུ་གསུངས་པས་དེ་ལ་རིགས་དཀར་ནག་བརྒྱད་ཡོད་པའི་ནང་ནས། བཟང་ཤོས་ནཱ་རོ་ཏ་པ་ཞེས་བྱ་བའི་རིགས་ཡིན་ཞིང་། དེས་དང་པོར་སྒྲ་ལ་སོགས་པ་རིག་པའི་གནས་ཐམས་ཅད་ལ་སྦྱངས་པའི་མཁས་པ་ཆེན་པོར་གྱུར་ནས། ཕྱིས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། མཚན་ཛྙ་ན་སིདྡྷི་ཞེས་གྲགས་ལ། ནཱ་རོ་འགྲེལ་ཆེན་ལས། སྙན་གྲགས་བཟང་པོ་ཞེས་བཤད་དེ། མཚན་བརྒྱད་ཡོད་པའི་གཅིག་ཡིན་ནོ་ཞེས་བླ་མ་དག་གསུངས་སོ། །དེ་ནས་སྡེ་སྣོད་གསུམ་དང་རྒྱུད་སྟེ་བཞི་ལ་སྦྱངས་ཤིང་ཡོངས་རྫོགས་ཀྱི་པཎྜི་ཏར་གྱུར་ཏོ། །

དེའི་ཚེ་དཔལ་ན་ལེནྡྲ་ན་མཁས་པ་སྒོ་དྲུག་ཏུ་གྲགས་པ་ཡོད་པའི། ཤར་སྒོར་ཤནྟིཔ། ལྷོ་སྒོར་ངག་དབང་གྲགས་པ། ནུབ་སྒོར་ཤེར་འབྱུང་བློ་གྲོས། དབུས་ན་ཛྙཱ་ན་མི་ཏྲ་དང་། རིན་ཆེན་རྡོ་རྗེ་གཉིས་ཡོད་ཅིང་། ནཱ་རོ་པ་བྱང་སྒོ་བར་གྲགས། དེས་ཐོས་བསམ་ཉན་བཤད་ཀྱིས་འགྲོ་བའི་དོན་མཛད་ཅིང་བཞུགས་པའི་ཚེ། བདག་ཤེས་བྱ་རིག་པའི་གནས་ལ་མཁས་ཀྱང་། རང་གི་སེམས་བ་འཇོ་བའི་ཡུན་ཙམ་དུའང་མི་གནས་པས་སེམས་ལ་དབང་ཐོབ་པའི་གདམས་པ་གཅིག་དགོས་པར་འདུལ་སྙམ་ནས་གནས་དབེན་པར་དཔལ་འཁོར་ལོ་སྡོམ་པའི་ཉེ་སྙིང་ཡི་གེ་བདུན་པ་ལ་བསྙེན་པ་འབུམ་ཕྲག་བདུན་བྱས་པས། ས་གཡོ་བ་ལ་སོགས་པའི་བལྟས་བྱུང་ནས་ཤར་ཕྱོགས་སུ་བླ་མ་ཏེ་ལོ་པའི་དྲུང་དུ་སོངས་ཤིག ཅེས་མཁའ་འགྲོ་མས་ལུང་བསྟན་ཏོ། །དེ་ནས་རང་གི་གྲོགས་པོ་ལ་སྦྲན་པས་རིན་ཆེན་རྡོ་རྗེ་ན་རེ། ཁོང་ཡོངས་རྫོགས་ཀྱི་པཎྜི་ཏར་གྱུར་ནས། ཀུ་ས་ལའི་རྐང་པ་ལ་ཕྱག་མི་འཚལ་ཟེར་ནས་འགྲོར་མ་ཉན། དེར་སློབ་དཔོན་གྱི་རྒྱ་གར་ཤར་ཕྱོགས་ཛྭ་ར་བི་ཧ་ར་ཞེས་པ་དེར་བྱོན་ཏེ་མི་ཐམས་ཅད་ལ་ཏེ་ལོ་པ་ག་ན་ཡོད་དྲིས་པས། ལ་ལ་ན་རེ་རབ་ཏུ་བྱུང་བའི་ཆ་ལུགས་སུ་བཞུགས་ཟེར། ལ་ལ་ན་རེ་རྣལ་འབྱོར་པའི་ཆ་ལུགས་སུ་བཞུགས། རེས་འདིར་འོང་རེས་བི་ཧ་རིའི་གཙུག་ལག་ཁང་དུ་འགྲོ་བ་ཡིན་ཟེར་ཏེ་མ་རྙེད། ལན་ཅིག་རིམས་ནད་འཕྲོག་པའི་ལྷ་ཁང་ན་ཐམས་ཅད་ཆོས་སྟོན་ཟ་བའི་ཚེ། དགེ་འདུན་གྱི་གྲལ་བྱེད་པའི་ཕྱི་རོལ་ན་མེ་ཕུང་ཡོད་པའི་དྲུང་དུ། མི་སྔོ་བ་རིད་པ་ཉི་ལྷགས་ཀྱིས་ཁྱེར་བ་འདོམ་དཀྲིས་ཀྱི་རས་ཙམ་ལས་གོས་མེད་པ་ཞིག་བྱུང་སྟེ། ཉ་མ་ཤི་བ་ཁ་ཅིག་ཁྱེར་ནས་མེ་སེབ་ཏུ་བཅུག་ཅིང་བསྲེགས། དེ་ནཱ་རོ་པས་མཐོང་སྟེ། འདི་ལྟར་མ་བྱེད་བྱས་པས། ཉ་བསྲེགས་པ་ཆུར་བཅུག་སྟེ་ཕུས་བཏབ་པས། མ་ཤི་བར་གསོས་སོ། །འདི་ནུས་པ་ཐོབ་པ་ཅིག་འདུག་པས། ཏེ་ལོ་པ་ཡིན་ནམ་སྙམ་པ་དང་། ནཱ་རོ་པ། ང་ཏེ་ལོ་པ་ཡིན་ཟེར། དེ་ལ་སོགས་པ་མངོན་པར་ཤེས་པ་མང་དུ་གསུངས་པས་ཏེ་ལོ་པ་ཡིན་པར་ཡིད་ཆེས་ནས་ཕྱི་བཞིན་དུ་འབྲངས་ཏེ། དཀའ་སྤྱད་བཅུ་གཉིས་པ་ལ་སོགས་པ་དུ་མས་ཏེ་ལོ་པ་མཉེས་པར་མཛད་པ་ནི་གཞན་དུ་གསལ་ལོ། །དེ་ནས་དབང་དང་། རྒྱུད་དང་། མན་ངག་ལ་སོགས་པ་མཐའ་དག་རྫོགས་པར་གནང་ནས། ཀྱེ་ཧོ། འདི་ནི་རང་རིག་ཡེ་ཤེས་ཆེན་པོ་སྟེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏེ་ལོ་ང་ཡིས་ཅི་ཡང་བསྟན་དུ་མེད། །རང་ལ་རང་གིས་བརླན་ཏེ་ཤེས་པར་བྱོས། །ཞེས་གསུངས་ཏེ། འདིས་ནི་རྒྱ་མཚོ་དང་འདྲ་བའི་དོན་མཚོན་པ་བསྟན་ནས། ཁྱོད་སྒྲུབ་པ་སྙིང་པོར་གྱིས་ཤིག ཞེས་གསུངས་ནས་མི་སྣང་བར་གྱུར། དེ་ནས་ནཱ་རོ་པས་ཀྱང་བཤད་པ་དང་སྒྲུབ་པ་གཉིས་ཀ་མཛད་ཅིང་། བསྒོམས་པས་རྟོགས་པ་སྐྱེས་ཏེ་གླུར་བླངས་པ་ནི། འཆར་བ་མེད་ཅིང་ནུབ་པ་མེད། །ཉིན་མོ་མེད་ཅིང་ནུབ་མོ་མེད། །བླ་མའི་རྟོགས་པས་རྨོངས་པ་བཅད་དེ་སོང་། །གར་འགྲོ་གང་དུ་གནས་པ་མ་ཤེས་ཏེ། །བདེ་ཆེན་གྱིས་ནི་དབང་པོའི་གྲོང་འདི་བཅོམ། །བསམ་དུ་མེད་པའི་རྣལ་འབྱོར་དེ་ལས་སྐྱེས། །དེ་ལས་བདག་གིས་ཅི་ཞིག་བསམ་པར་བྱ། །ཕྱོགས་རྣམས་སྟོང་ཞེས་རང་ཡང་རྣམ་པར་བྲལ། །གང་བལྟས་པ་དེ་རྟག་ཏུ་དེ་ཡིན་ཏེ། །གཉུག་མའི་ཡིད་ནི་གདོད་ནས་སྟོང་པར་སོང་། །རྒྱུ་དང་འབྲས་བུ་བཏང་སྙོམས་དག་ཏུ་དོར། །འདི་ཡི་ཁྱད་པར་ཏེ་ལོ་པ་དབང་ངོ་། །ཞེས་གསུངས་སོ། །དེ་ལྟ་བུའི་སློབ་དཔོན་དེའང་རྒྱལ་པོ་དཔུང་དང་བཅས་པ་རེང་ནུས་པ་དང་། ཚོགས་ཀྱི་འཁོར་ལོའི་དུས་སུ་ཤིང་ཐོག་ལ་སོགས་པ་འགུགས་ནུས་པ་དང་། སྦྱིན་སྲེག་གི་ཐབ་ཏུ་འཁོར་ལོ་བདེ་མཆོག་གི་ལྷ་དྲུག་ཅུ་རྩ་གཉིས་ཞལ་བལྟ་ནུས་པ་དང་། ཏིང་ངེ་འཛིན་གྱི་རྟོགས་པ་བརྟན་པོ་ཐོབ་པས་དངོས་གྲུབ་ཐོབ་པར་གྲགས་ཤིང་། རྗེ་མར་པའི་བརྒྱུད་འཛིན་ལས་བརྒྱུད་པ་རྣམས་ནི། སྐུ་ཚེ་འདི་ལ་མཆོག་གི་དངོས་གྲུབ་བརྙེས་པར་བཞེད། བཀའ་གདམས་བརྒྱུད་པ་འདི་པ་དང་། བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ། ཞྭ་ལུ་བུ་སྟོན་པ་རྣམས་བར་དོར་མཆོག་བརྙེས་པར་བཞེད་དོ། །དེ་ལ་སློབ་མ་དཔལ་མཆོག་ཌོམྦྷི་བ། ཤནྟི་པ། ཇོ་བོ་རྗེ། དྷ་རི་པ། གུ་སུ་ལུ་བ། ཁ་ཆེ་ཛྙཱ་ན་དཔལ། ཤར་ཕྱོགས་པ་ཛ་ཡ་ཀ་ར་སྟེ། ཆེ་བར་གྲགས་པ་བདུན་དང་། ཞི་བ་བཟང་པོ། ཞི་བའི་གོ་ཆ། ཇོ་བོ་སྨྲྀཏྟི་ལ་སོགས་པ་པཎྜི་ཏའི་སློབ་མ་མང་པོ་དང་། མཻ་ཏྲི་པ། ཕཾ་ཐིང་པ་སྐུ་མཆེད་ལ་སོགས་པ་ཡུན་རིང་བསྟེན་པའི་སློབ་མ་རྣམས་དང་། གཞན་ཡང་མཁས་གྲུབ་ཀྱི་སློབ་མ་དཔག་ཏུ་མེད་པ་རྣམ་གྲོལ་ལ་བཀོད་དེ། དེའི་ནང་ནས་ཤནྟི་པ་མཁས་པ་སྒོ་དྲུག་གི་ནང་ཚན་པཎ་གྲུབ་མཉམ་པོ་ཡིན་ཡང་། ནཱ་རོ་པའི་ཞབས་ལ་གཏུགས་ནས་བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་དུ་དབང་ཞུས། རྒྱུད་མན་ངག་དང་བཅས་པ་དང་། མཧཱ་མ་ཡ་དབང་རྒྱུད་མན་ངག་དང་བཅས་པ་གསན་ཅིང་། ཇོ་བོ་ཆེན་པོའི་བླ་མ་གནས་བརྟན་བྱང་ཆུབ་བཟང་པོ་ལ་ཡང་། དཔལ་ཀྱཻ་རྡོ་རྗེའི་རྩ་རྒྱུད་གདམས་ངག་དང་བཅས་པ་ནོས་ཏེ་ཐུགས་ཉམས་སུ་བཞེས་ཤིང་། ཐམས་ཅད་མཁྱེན་པ་གཉིས་པ་ལྟ་བུར་གྲགས་པས། གསང་འདུས། དགྱེས་རྡོར། མཧཱ་མ་ཡ། དགྲ་ནག་ལ་སོགས་པའི་རྒྱུད་མང་པོ་དང་། ཉི་ཁྲི་དང་བརྒྱད་སྟོང་པ་ལ་སོགས་པའི་མདོ་མང་པོ་དང་། མདོ་སྡེ་རྒྱན་ལ་སོགས་པའི་བསྟན་བཅོས་མང་པོ་ལ་འགྲེལ་པ་མཛད་ནས། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ལ་འགྲེལ་པ་རྩོམ་པར་བཞེད་པའི་ཚེ། རྨི་ལམ་དུ་རྡོ་རྗེ་ཕག་མོས་ཞལ་བསྟན་ནས། ཀླ་ཀློའི་སྐད་ཀྱིས་ཤིན་ཏུ་སྦས་པའི་རྒྱུད་འདི་གསལ་བར་མ་འགྲོལ་བར། དོན་ཟབ་མོ་ཉམས་སུ་ལོངས་ཤིག ཅེས་པའི་ལུང་བསྟན་ཐོབ་ནས། ཕྱི་རུ་ཉན་ཐོས་ཀྱི་སྤྱོད་པ་མཛད། ནང་དུ་དོན་ཟབ་མོ་ཉམས་སུ་བླངས་པས་གྲུབ་པ་བརྙེས་པ་ཡིན་ཏེ། རྡོ་རྗེ་གདན་པས། རྒྱལ་རིགས་སྤྱོད་པ་མཐར་ཕྱིན་ནས། །འདུལ་འཛིན་གསང་སྔགས་དངོས་གྲུབ་བརྙེས། །ཤནྟི་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་འབྱུང་ངོ་། །དེ་ལྟར་ནཱ་རོ་པ་དང་། ཤནྟི་པ་གཉིས་ཀྱི་ཡོན་ཏན་རྫོགས་པར་མངའ་བ་ཡང་ཇོ་བོ་ཆེན་པོ་ཉིད་ཡིན་ཏེ་ལམ་ཡིག་ལས། བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་ཇོ་བོ་རྗེ་བཞུགས་པའི་དུས། ནཱ་རོ་པ་བྱོན་པ་ལ་དགེ་འདུན་རྣམས་ཀྱིས་བསུ་བ་རྒྱ་ཆེན་མཛད། ནཱ་རོ་པའི་ཞལ་ནས། ཇོ་བོ་ལ་ད་ནི་སངས་རྒྱས་ཀྱི་བསྟན་པའི་བདག་པོ་ཁྱེད་ཡིན་ནོ་གསུངས། ཇོ་བོས། ཁྱེད་ཉི་མ་དང་འདྲ་བ་བཞུགས་བཞིན་དུ། ཁོ་བོ་མེ་ཁྱེར་ལྟ་བུས་འཇིག་རྟེན་གསལ་བར་ག་ལ་ནུས་ཞུས་པས། ཁོ་བོ་ཡུན་རིང་དུ་མི་བསྡོད་གསུངས། དེར་ཞག་ཉི་ཤུ་ཙམ་བཞུགས། ལྷོ་ཕྱོགས་སུ་བྱོན་ཏེ་ཞག་ཉི་ཤུ་ཙམ་ན་གཤེགས་པའི་གདུང་རུས། མི་འབྲལ་བའི་དམ་ཚིག་རྟེན་རྣམས་དང་བཅས་པ་ཕྱག་ཏུ་བྱུང་བ་བོད་དུ་སྤྱན་དྲངས་ཞེས་འབྱུང་ངོ་། །དེ་ལྟར་ན་ཇོ་བོས་ནཱ་རོ་པ་ལ་ཆོས་མཐའ་དག་རྫོགས་པར་གསན་ཀྱང་། བར་དུ་དཔལ་མཆོག་ཌོམྦྷི་བ་འབྱུང་བ། བྱིན་རླབས་ཀྱི་བརྒྱུད་པ་ཡིན་པར་ལམ་ཡིག་ལས་གསུངས་ཏེ། དེའི་ལོ་རྒྱུས་ནི། ཌོམྦྷི་པ་རིགས་ངན་ཞིག་ཕྱུགས་འཚོ་བ། ནཱ་རོ་པ་ཡུལ་དབུས་ཀྱི་ནགས་ཁྲོད་ཅིག་ཏུ་སྒོམ་གྱིན་བཞུགས་པ་ལ་དད་དེ། ཉིན་རེ་བཞིན་གོ་ལའི་ཤིང་ཁྲེས་རེ་བཙོངས་པའི་རིན་གྱིས་བསྙེན་བཀུར་བྱས་པས། ཁྱོད་ང་ལ་དད་དམ་གསུངས། དད་ཞུས་པས། འོ་ན་བྱ་བ་ངན་པ་སྤོངས་ལ་ངའི་ཉེ་འཁོར་དུ་སྡོད་གསུངས་ཏེ། དབར་བསྐུར་བྱིན་གྱིས་བརླབས་སྒྲུབ་པ་མཛད་པས་མཆོག་གི་དངོས་གྲུབ་བརྙེས་ཏེ་གྲགས་པས་ཀུན་ཏུ་ཁྱབ་པའོ། །དུས་དེར་ཇོ་བོ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་ཡོན་ཏན་གྱི་ཚོགས་མ་ལུས་ཤིང་ལུས་པ་མེད་པས་ཐུགས་རྒྱུད་ཡོངས་སུ་གང་བར་གྱུར་ཀྱང་། དམ་པ་རྣམས་ནི་རང་རྒྱུད་ཡོན་ཏན་གྱིས་ངོམ་པ་མེད་པ་ཆོས་ཉིད་ཡིན་པས། སྐབས་ཅིག་ཌོམྦྷི་བའི་སྙན་པ་གསན་ནས་གསོལ་བ་བཏབ་པས། མནལ་ལམ་དུ་ནམ་མཁའ་ལ་དགེ་སློང་གཉིས་མི་ཤ་ལག་པ་གཅིག་ཟ་ཞིང་བྱུང་བ། ཇོ་བོ་ལ་ཡང་གསོལ་ཟེར་བས་དགེ་སློང་ལ་སྦོམ་པོར་མི་འགྱུར་རམ་དགོངས་པ་ན། རྒན་པ་ལ་གཞོན་པས་སངས་རྒྱས་ལ་འཁྲུལ་པ་མངའ་འམ་ཟེར་བ་ལ། རྒན་པས་མི་མངའ་ཟེར་བའི་ལན་ལ་དགོངས་ཏེ་གསོལ་བས། སང་ཉི་མ་དྲོ་ཁ་བར་ཏིང་ངེ་འཛིན་ཅིག་ཏུ་གྱུར། ཕྱིས་དངོས་སུ་མཇལ་ཏེ་གསང་སྔགས་ཀྱི་ཆོས་མཐའ་དག་རྫོགས་པར་གསན་ནོ། །དེ་དག་རྣམས་ནི་བརྒྱུད་པ་གསུམ་གྱི་ཡོན་ཏན་རྫོགས་པར་དཔལ་ལྡན་ཨ་ཏི་ཤ་ཉིད་ལ་མངའ་ཚུལ་ཟུར་ཙམ་སྨོས་པ་སྟེ། རྒྱས་པར་གཞན་དུ་བལྟ་ཞིང་། གཞན་ཡང་སྔགས་དང་མཚན་ཉིད་ཀྱི་ཆོས་རྣམས་རྫོགས་པར་གསན་པའི་སོ་སོའི་བརྒྱུད་པ་ཅུང་ཟད་འོག་ཏུ་འབྱུང་ལ། གཙོ་བོར་གྱུར་པ་ནི་བརྒྱུད་པ་གསུམ་པོ་དེ་ཉིད་ཡིན་པར་བཞེད་དེ། ཇོ་བོ་སྙེ་ཐང་ནས་དགའ་ལྡན་དུ་གཤེགས་ཁར། བཤེས་གཉེན་སྟོན་པ་ལ་བསྟན་པ་གཏད་པའི་ཚུལ། མི་ཆུག་པར་གདམས་པ་ལས། ཀ་བ་ཤཱཀྱ་དབང་ཕྱུག་ལ་སོགས་པ། །བོད་སྟོན་ཐམས་ཅད་འདུས་པའི་སློབ་གྲལ་དུ། མི་ཆུག་བསྡམས་པའི་ཁོང་གཟེར་ཞེས་བྱ་བ། །ཕ་རྗེས་བུ་ལ་བཞག་པའི་གནད་འཇུན་འདི། །མགོན་པོ་ཐུགས་རྗེ་ཅན་དེས་འབྲོམ་ལ་གཏད། །དཔལ་ལྡན་གནས་དང་རྡོ་རྗེ་གདན་ལ་སོགས། །གང་དུ་བསྟན་པའི་བདག་པོ་ནས་བཟུང་སྟེ། །བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ། །མཆོག་སྡེ་དུལ་བའི་སྡེ་དང་གྲགས་པའི་དཔལ། །སེང་བཟང་ཀུ་ས་ལི་དང་གསེར་གླིང་པ། །རྒྱ་ཆེན་སྤྱོད་པའི་བརྒྱུད་ཀྱིས་ཁོ་བོ་བཟུང་། །ང་ནི་རང་བྱུང་བཅོས་མའི་བླ་མ་མིན། །འབྲོམ་སྟོན་སྤྱི་ལ་སོམས་ལ་ཕ་རྗེས་ཟུངས། །འཇམ་དཔལ་ཀླུ་སྒྲུབ་ཟླ་བ་གྲགས་པ་དང་། །རིག་པའི་ཁུ་བྱུག་ཨ་ཝ་དྷུ་ཏི་གཉིས། །ཟབ་མོ་ལྟ་བའི་བརྒྱུད་པས་ཁོ་བོ་བཟུང་། །ལྟ་བ་ཕྱོགས་སུ་ལྷུང་བའི་དགེ་སློང་མིན། །འབྲོམ་སྟོན་སྤྱི་ལ་སོམས་ལ་ཕ་རྗེས་ཟུངས། །ཐུགས་རྗེ་ཆེན་པོ་བདེ་གཤེགས་རྡོ་རྗེ་འཆང་། །ཆོས་གཟིགས་ཏེ་ལོ་པ་དང་ནཱ་རོ་པ། །ཉམས་ལེན་བྱིན་རླབས་བརྒྱུད་པས་ཁོ་བོ་བཟུང་། །མདོ་རྒྱུད་རང་གར་ཤོར་བའི་སློབ་དཔོན་མིན། །འབྲོམ་སྟོན་སྤྱི་ལ་སོམས་ལ་ཕ་རྗེས་ཟུངས། །བོ་དྷི་སཏྭ་མཉྫུ་ཤྲཱི་བྷ་དྲ། །རཏྣ་ཤྲཱི་དང་དྷརྨ་རཀྵི་ཏ། །ཤནྟི་པ་དང་རཏྣ་ཨ་ཀ་ར། །ཝ་ཀི་ཤྭ་ར་བྲམ་ཟེ་ཛེ་ཏ་རི། །བརྒྱ་དང་ལྔ་བཅུའི་ཚོགས་རབ་བཅས་པ་ཡི། །བླ་མ་རྣམས་ཀྱི་མདོ་རྒྱུད་གཞུང་འགྲེལ་དང་། །མན་ངག་བརྒྱུད་པས་ཁོ་བོ་རྗེས་སུ་བཟུང་། །བླ་མ་བསླུ་བའི་སློབ་མ་ང་མ་ཡིན། །ཁོ་བོ་རྒྱལ་པོ་སྨྲ་བ་ལན་ཅིག་ཡིན། །འབྲོམ་སྟོན་སྤྱི་ལ་སོམས་ལ་ཕ་རྗེས་ཟུངས། །ཞེས་གསུངས་པས་སོ། །


previousབསྟན་འཛིན་ཤིང་རྟའི་སྲོལ་འབྱེད་བྱོན་ཚུལ། next