Nitartha Digital Library
Tibetan
 
previousསྲོལ་འཛིན་ཨ་ཏི་ཤའི་རྣམ་ཐར། next

སྲོལ་འཛིན་ཨ་ཏི་ཤའི་རྣམ་ཐར།

བཞི་པ་སྲོལ་འཛིན་ཨ་ཏི་ཤའི་རྣམ་ཐར་ནི། ཇོ་བོ་ཆེན་པོ་འདི་ཉིད་ནི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ཏུ། བཅོམ་ལྡན་འདས་ཐུབ་པ་ཆེན་པོ་དང་ཐུགས་མཉམ་དུ་བསྐྱེད་ཅིང་། སྟོན་པ་སངས་རྒྱས་པའི་དུས། རྒྱལ་སྲས་བཟང་སྐྱོང་ཞེས་པར་བཞུགས་ཤིང་། སྐལ་བཟང་འདི་ལ་སངས་རྒྱས་ཀྱི་མཛད་པ་སྟོན་པར་བཀའ་གདམས་བླ་མ་རྣམས་ཀྱི་གསུང་ལས་འབྱུང་། སྐུ་སྐྱེ་བ་འདིའི་རྣམ་ཐར་ཐུན་མོང་དུ་གྲགས་པ་རྣམས་ལམ་ཡིག་ཏུ་འབྱུང་བ་དང་། ཐུན་མོང་མ་ཡིན་པ་སྣོད་མིན་ལ་གསང་བ་རྣམས་ཟུར་དུ་རྒྱས་བསྡུས་དུ་མ་སྣང་ཡང་། འདིར་གདུལ་བྱ་ཐུན་མོང་བ་དང་གཙོ་ཆེར་མཐུན་པ་ཟུར་ཙམ་བཀོད་ན། ཤིང་མོ་གླང་ལ་བོད་དུ་རྒྱལ་པོ་གླང་དར་གྱིས་བསྟན་པ་ནུབ་པར་བྱས་པ་དེ་ནས། ལོ་དོན་བརྒྱད་སོང་བའི་དུས། ཇོ་བོ་ཆེན་པོ་སྐུ་འཁྲུངས་ཏེ། དེའི་རྣམ་ཐར་ནི་པཎྜི་ཏ་སའི་སྙིང་པོ་དང་། ལོ་ཙཱ་བ་ནག་ཚོ་གཉིས་ཀྱིས། ཕོ་བྲང་ན་བཞུགས་པའི་དུས་དང་། ཐར་པར་གཤེགས་པའི་ཡོན་ཏན་གཉིས་སུ་གསུངས་པའི། དང་པོ་ལ་གཉིས། ལོངས་སྤྱོད་དང་རིགས་ཕུན་སུམ་ཚོགས་པའི་ཚུལ་དང་། རྟེན་དེ་ལ་ཡོན་ཏན་མཉེས་ཚུལ་ལོ། །དང་པོ་ནི། རྡོ་རྗེ་གདན་གྱི་ཤར་ཕྱོགས་བྷཾ་ག་ལ་ཟ་ཧོར་གྱི་ཡུལ་ན། གྲོང་ཁྱེར་ཆེན་པོ་བི་ཀྲ་མ་ལ་པུ་རི་ཞེས་པ། མི་ཁྱིམ་འབུམ་ཕྲག་ཉི་ཤུ་རྩ་བདུན་ཡོད་པའི་དབུས་ན། ཕོ་བྲང་གསེར་གྱི་རྒྱལ་མཚན་ཞེས་པ་གསེར་གྱི་རྒྱལ་མཚན་སྟོང་ཕྲག་ཉི་ཤུ་ལྔ། སྐྱེད་མོས་ཚལ་དང་རྫིང་བུ་ལྔ་སྟོང་། ཏ་ལའི་ཕྲེང་བ་བདུན་གྱིས་བསྐོར་བ། མདོར་ན་ལོངས་སྤྱོད་དང་མངའ་ཐང་འབྱོར་པ་རྣམས་རྒྱ་ནག་སྟོང་ཁུན་རྒྱལ་པོ་དང་མཉམ་ལ། དེར་ཡབ་རྒྱལ་པོ་དགེ་བའི་དཔལ་དང་། ཡུམ་དཔལ་མོ་འོད་ཟེར་ཅན་གཉིས་ལ། སྲས་གསུམ་འཁྲུངས་པ། པདྨའི་སྙིང་པོ། ཟླ་བའི་སྙིང་པོ། དཔལ་གྱི་སྙིང་པོ་གསུམ་ལས། འབྲིང་པོ་ཟླ་བའི་སྙིང་པོ་བླ་མ་རྗེ་བཙུན་འདི་ཉིད་ཡིན་ཏེ། པཎྜི་ཏ་སའི་སྙིང་པོས་རིགས་ཕུན་སུམ་ཚོགས་པར་བསྟོད་པ་ལས། ཤར་ཕྱོགས་ཟ་ཧོར་ཡུལ་མཆོག་ན། །དེ་ན་གྲོང་ཁྱེར་ཆེན་པོ་ཡོད། །བི་ཀྲ་མ་ནི་པུ་ར་ཡིན། །དེ་ཡི་དབུས་ན་རྒྱལ་པོའི་ཁབ། །གསེར་གྱི་རྒྱལ་མཚན་ཅན་ཞེས་བྱ། །ལོངས་སྤྱོད་མངའ་ཐང་འབྱོར་པ་ནི། །རྒྱ་ནག་སྟོང་ཁུན་རྒྱལ་པོ་འདྲ། །ཡུལ་དེའི་རྒྱལ་པོ་དགེ་བའི་དཔལ། །བཙུན་མོ་དཔལ་མོ་འོད་ཟེར་ཅན། །ཡབ་ཡུམ་གཉིས་ལ་སྲས་གསུམ་མངའ། །པདྨའི་སྙིང་དང་ཟླ་བའི་སྙིང་། །དཔལ་གྱི་སྙིང་པོ་ཞེས་བྱ་འོ། །རྒྱལ་པོ་པདྨའི་སྙིང་པོ་ལ། །བཙུན་མོ་ལྔ་ཡོད་སྲས་ནི་དགུ། །སྲས་ཀྱི་ཐུ་བོ་བསོད་ནམས་དཔལ། །ད་ལྟའི་དུས་ན་མཁས་པ་ཆེ། །དྷ་ན་ཤྲཱི་ཞེས་བྱ་བར་གྲགས། །ཆུང་བ་དཔལ་གྱི་སྙིང་པོ་ནི། །དགེ་སློང་བིདྱ་ཙནྟྲ་ཡིན། །འབྲིང་པོ་ཟླ་བའི་སྙིང་པོ་ཡིན། །ད་ལྟ་བླ་མ་རྗེ་བཙུན་ཡིན། །ཞེས་འབྱུང་པ་ལྟར་རོ། །གཉིས་པ་རྟེན་དེ་ལ་ཡོན་ཏན་བརྙེས་ཚུལ་ནི། ཆུ་ཕོ་རྟ་ལོ་ལ་ཕོ་བྲང་གི་ཡང་ཐོག་ཏུ་འཁྲུངས་མ་ཐག ཐོག་མཚམས་ན་ཨུཏྤ་ལ་སྔོན་པོ་སྐྱེས་པ་འཁོར་ཀུན་གྱིས་མཐོང་སྟེ། རྒྱལ་བུས་སྒྲོལ་མའི་ཞལ་དངོས་སུ་གཟིགས། སྐྱེ་བ་དཔག་ཏུ་མེད་པའི་ལྷ་ཡིན་པས་འབྲལ་མེད་དུ་རྗེས་སུ་འཛིན་པ་ཡིན་གསུངས། དགུང་ལོ་བཅུའི་བར་དུ་ཡི་གེ་དང་། བཟོ་དང་། གསོ་སྤྱད་དང་། ལུགས་ཀྱི་བསྟན་བཅོས་རྣམས་ལ་ལེགས་པར་སྦྱངས། དགུང་ལོ་ཉེར་གཅིག་གི་བར་དུ་སྒྲ་དང་། ཚད་མ་དང་། སྒྱུ་རྩལ་དྲུག་ཅུ་རྩ་བཞི། ཟློས་གར་གྱི་བསྟན་བཅོས། སྙན་ངག མངོན་བརྗོད། རྩིས་ཀྱི་བསྟན་བཅོས་རྣམས་ལ་གཙོ་བོར་ལེགས་པར་སྦྱངས། བྲམ་ཟེ་ཛེ་ཏ་རི། བྱང་ཆུབ་བཟང་པོ། རིག་པའི་ཁུ་བྱུག ཨ་ཝ་དྷུ་ཏི་པ། རྣལ་འབྱོར་པ་ར་ཧུ་ལ་གུབྟ། བོད་སྐད་དུ་གསང་བའི་སྒྲ་གཅན་འཛིན་ཞེས་པ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་མཐའ་དག་དང་། ཁྱད་པར་ར་ཧུ་ལ་ལ་དགྱེས་རྡོར་ཞུས། མཚན་ཡེ་ཤེས་གསང་བའི་རྡོ་རྗེ་ཞེས་བྱ་བར་བཏགས། རྒྱུད་མན་ངག་དང་བཅས་པ་རྫོགས་པར་གསན། དེ་ནས་ལོ་དྲུག་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད། ཁྱད་པར་དུ་རྒྱུད་སྡེ་བཞི་ལ་སྦྱངས་པས་མཁས་ཤིང་གྲུབ་པ་བརྙེས། ཡི་དམ་མང་པོའི་ཞལ་གཟིགས། ཏིང་ངེ་འཛིན་དཔག་ཏུ་མེད་པ་འཁྲུངས། མངོན་ཤེས་ལྔ་ཐོབ། རྡོ་རྗེ་རྣལ་འབྱོར་མ་དང་དངོས་སུ་ཞལ་མཇལ། དཀྱིལ་འཁོར་ཆེན་པོ་སྤྲུལ་ནས་དབང་བསྐུར་ཏེ། རྒྱུད་མན་ངག་མ་ལུས་པར་གནང་ངོ་། །དེའི་ཚེ་སྔགས་ལ་མཁས་པའི་ཐུགས་རྒྱལ་བྱུང་བ་ལ། མཁའ་འགྲོ་མ་རྣམས་ཀྱིས་ཨུ་རྒྱན་ནས་རྒྱུད་ཀྱི་གླེགས་བམ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་ཐུགས་རྒྱལ་བཅག དེའི་དུས་སུ་བྷཾ་ག་ལའི་བསྟན་པ་ཕལ་ཆེར་མུ་སྟེགས་པ་ལ་ཤོར་བ་དང་། དེའི་གནས་བརྟན་མྱ་ངན་དུ་གྱུར་པ་ལ། ཇོ་བོ་འདི་སློང་མོ་པའི་ཚུལ་གྱིས་བཞུགས་པའི་ཚེ། སྐུ་ལ་འོད་ཟེར་འཕྲོ་བ་མཐོང་བས་མུ་སྟེགས་དང་རྩོད་ནུས་སམ་ཞུས་པས་ནུས་གསུངས། དེ་ནས་དུས་བྱས་ཏེ་བརྩད་པས། ཕྱི་རོལ་པ་ཐམས་ཅད་ཚར་བཅད་དེ་བསྟན་པ་ལ་བཙུད་དོ། །

སྤྱི་དོན་གཉིས་པ་ཐར་པར་གཤེགས་པའི་ཡོན་ཏན་ནི། ཇོ་བོའི་དགོངས་པ་ལ། ད་ནི་རྣལ་འབྱོར་པའི་ཆ་ལུགས་ཀྱིས་ནགས་སམ་དུར་ཁྲོད་དུ་བསྡད་ལ་གསང་སྔགས་ཀྱི་སྒོ་ནས་མཆོག་བསྒྲུབ་དགོངས་པ་ལ། ར་ཧུ་ལ་གུཔྟ་རི་བྱ་རྐང་ཅན་ན་བཞུགས་པས་མཁྱེན་ནས་རྫུ་འཕྲུལ་གྱིས་བྱོན་ཏེ་རབ་ཏུ་བྱུང་བར་བསྐུལ་བ་དང་། མནལ་ལམ་དུ་གཙུག་ལག་ཁང་ཆེན་པོ་ན་སྟོན་པ་ཉན་ཐོས་དང་བཅས་པའི་གྲལ་བཤམ་ན་བཞུགས་པ་ལ། ཐུབ་པའི་གསུངས་ནས། མི་མ་གི་ཅི་ལ་ཆགས་ནས་རབ་ཏུ་མི་འབྱུང་གསུངས་པས། ཐུགས་བསྐུལ་ཏེ་ཕལ་ཆེན་སྡེ་པའི་མཁན་པོ། སྦྱོར་ལམ་པ་ཤཱི་ལ་རཀྵི་ཏ་ཞེས་པ་ཚུལ་ཁྲིམས་བསྲུང་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་དཱི་པཾ་ཀ་ར་ཤྲཱི་ཛྙ་ན་ཞེས་བཏགས་ཏེ། དཱི་པཾ་མར་མེ་ཀ་ར་མཛད་ཤྲཱི་དཔལ། ཛྙཱ་ན་ཡེ་ཤེས་ལ་འཇུག ཏི་པཾ་ཞེས་པ་མ་དག་པར་བཤད་དོ། །དགུང་ལོ་ཉེར་བརྒྱད་དམ་ཉེར་དགུ་ལ་རབ་ཏུ་བྱུང་སྟེ། དེ་ནས་ཨོ་ཌྱན་ཏ་པུ་རིར་བླ་མ་དྷརྨཱ་རཀྵི་ཏ་ལ་བྱེ་བྲག་བཤད་མཚོ་སོགས་ཐེག་དམན་གྱི་བསྟན་བཅོས་དང་། སྡེ་པ་བཞི་ཀའི་འདུལ་བ་ལག་ལེན་དང་བཅས་པ་གསན་སྦྱོང་མཛད། གཞན་ཡང་བརྒྱུད་པ་གསུམ་ལྡན་གྱི་བླ་མ་རྣམས་ལ་སྡེ་སྣོད་མཐའ་དག་གསན་ནས་མཁས་པའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ་ལ། ཁྱད་པར་དུ་བྱང་ཆུབ་སེམས་ཀྱི་སྒོམ་པའི་མན་ངག་ལ་ནན་ཏན་སྙིང་པོར་མཛད་དེ་གསན་པས་གོང་དུ་བརྗོད་པ་ལྟར་བླ་མ་གསུམ་གྱི་གདམས་ངག་རྫོགས་པར་མངའ་ཞིང་། ལོ་ཙཱ་བའི་བསྟོད་པ་ལས་ཀྱང་། རྟག་ཏུ་བསྟེན་པའི་བླ་མ་ནི། །ཤནྟི་པ་དང་གསེར་གླིང་པ། །བྷ་དྲ་བོ་དྷི་ཛྙཱ་ན་ཤྲཱི། །དངོས་གྲུབ་ཐོབ་པ་མང་པོ་དང་། །ཁྱད་པར་དུ་ནི་ཀླུ་སྒྲུབ་ནས། །གཅིག་ནས་གཅིག་ཏུ་བརྒྱུད་པ་ཡི། །ཟབ་པ་དང་ནི་རྒྱ་ཆེ་བའི། །གདམས་པ་ཁྱེད་ལ་མངའ་བ་ཡིན། །ཞེས་གསུངས་པ་ཡིན་ལ། དེ་ལ་ཟབ་པ་ལྟ་བའི་བཤད་པ་དང་། མན་ངག་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པ་དང་། རྒྱ་ཆེན་སྤྱོད་པའི་བརྒྱུད་པ་འཕགས་པ་བྱམས་པ་ནས་བརྒྱུད་པ་སོགས་ནི་གོང་དུ་སྨོས་པ་ལྟར་དང་། གཞན་ཡང་རྗེ་བཙུན་འཇམ་དབྱངས་ཀྱིས་རྗེས་སུ་བཟུང་བ། ངོ་མཚར་ཅན་གྱི་གཏམ་བདུན་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་རྒྱལ་སྲས་ཞི་བ་ལྷ་ལ་བརྒྱུད་པའི་གདམས་ངག་རྫོགས་པར་མངའ་ཞིང་། སོ་སོར་ཕྱེ་ན་གསང་སྔགས་ལ་ཡང་བརྒྱུད་པ་ལུགས་སྲོལ་དུ་མ་ཞིག་བཞུགས་པ་ལས། ཐུན་མོང་པའི་བརྒྱུད་པ་ནི། འཇམ་དཔལ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། ཡི་གེ་པ། ཀརྞ་པ། ཛྙཱ་ན་ཤྲཱི་མི་ཏྲ་རྣམས་སོ། །

གསང་སྔགས་མཐའ་དག་གི་བརྒྱུད་པ་ལུགས་གཅིག་ནི། ཀླུ་སྒྲུབ། ཨརྻ་དེ་ཝ། མ་ཏི་ཙ་ལ། ཏེ་མ་ཛོ་ཀི ཙ་ཏི་མ། མཉྫུ་ཤྲཱི་བྷ་དྲ། བོ་དྷི་བྷ་དྲ། ཤནྟི་པ་རྣམས་སོ། །ལུགས་གཅིག་ནི། སངས་རྒྱས་ཡེ་ཤེས། སངས་རྒྱས་ཞི་བ། སངས་རྒྱས་གསང་བ། ཀུ་ས་ལི་ཆེ་བ། ཀུ་ས་ལི་ཆུང་བ་རྣམས་སོ། །གསང་འདུས་མཐའ་དག་གསན་པའི་བརྒྱུད་པ་གསུམ་ལས། དང་པོ་ནི། ཨིནྟྲ་བྷུ་ཏི། ཀླུ་མོ་རྣལ་འབྱོར་མ། ས་ར་ཧ། ཀླུ་སྒྲུབ། ཙ་ན་ཀིརྟི། བིདྱ་ཨིནྡྲ། ཙོ་བི་པ་ལ་ཏ། རོལ་པའི་རྡོ་རྗེ། ས་འགེབས་པའི་ཞབས། ཤནྟི་པ་དང་། ཡང་ཀླུ་སྒྲུབ། ཟླ་གྲགས། རིག་པའི་ཁུ་བྱུག ཀུ་ས་ལི་ཆུང་བ་རྣམས་དང་། ཡང་སངས་རྒྱས་ཡེ་ཤེས་ཞབས། པདྨ་བཛྲ། ཨིནྟྲ་བྷུ་ཏི། ལྕམ་ལེགས་སྨིན་ཀ་ར། སྤྱི་བོ་སྐྱེས། འཇམ་དཔལ་བཤེས་གཉེན། སངས་རྒྱས་ཡེ་ཤེས། ཀཾ་བི་ལི། རོལ་པའི་རྡོ་རྗེ། ས་འགེབས་པ། ཤནྟི་པ་རྣམས་སོ། །བདེ་མཆོག་མཐའ་དག་གསན་པའི་བརྒྱུད་པ། ལཱུ་ཧི་པ། ཌཱེང་གི་པ། དྷ་རི་པ། ཛེ་ཏ་རི་རྣམས་སོ། །ཀྲི་ཡ་དང་ཡོ་ག་མཐའ་དག་གསན་པའི་བརྒྱུད་པ་ནི། ཀུ་ས་ལི་ཆེ་བ་དང་། ཀུ་ས་ལི་ཆུང་བ་རྣམས་དང་། གཤིན་རྗེ་གཤེད་མཐའ་དག་ནི། ཀ་མ་ལ་རཀྵི་ཏ་དང་། ནག་པོ་ཞབས་རྣམས་ལ་གསན་ནོ། །བརྒྱུད་པའི་ལུགས་སྲོལ་འདི་དག་ནི་རྗེ་བསོད་ནམས་ལྷའི་དབང་པོས་མཛད་པའི་བཀའ་གདམས་ཆོས་འབྱུང་བ་ལས་ཇི་ལྟར་འབྱུང་བ་བཞིན་བཀོད་པ་ཡིན། དེ་ལྟར་བརྒྱུད་པ་བསམ་གྱིས་མི་ཁྱབ་པ་མངའ་བའི་གཙོ་བོ་ནི་གོང་དུ་སྨོས་པའི་བརྒྱུད་པ་གསུམ་པོ་དེར་འདུའོ། །མདོར་ན་ལྟ་བ་ལུང་སྟོན་པའི་བླ་མ་ནཱ་རོ་པ། བརྟུལ་ཞུགས་བྱིན་གྱིས་རློབ་པ་ཌོམྦྷི་བ། ལས་ཚོགས་བྱིན་བརླབས་སྟེར་བ་བ་ལིཾ་ཏ་ཨ་ཙརྻ། རྫུ་འཕྲུལ་བྱིན་རླབས་སྟེར་བ་མི་ཆེན་པོ། ཕག་མོའི་བྱིན་རླབས་སྟེར་བ་བྷུ་ཏ་ཀོ་ཊི། ཀླུ་སྒྲུབ་ཀྱི་གདམས་པ་སྟེར་བ་མཁས་པ་རྟ་མཆོག བྱང་ཆུབ་ཀྱི་སེམས་སྟེར་བ་ཤེས་རབ་བཟང་པོ། ཚིག་དོན་རྒྱས་པར་བྱེད་པ་ཤནྟི་པ། བསྟན་པའི་རྩ་བ་བློ་སྦྱོང་གི་སྒོར་འཇུག་པ་གསེར་གླིང་པ་ཆོས་ཀྱི་གྲགས་པ་རྣམས་ཏེ། དེ་ལྟར་མཁས་གྲུབ་ཀྱི་བླ་མ་དེ་རྣམས་བསྟེན་པས་མཁས་པའི་ཡོན་ཏན་ནི་གོང་གི་བླ་མ་བརྒྱུད་པ་དེ་ཐམས་ཅད་ཀྱི་ཡོན་ཏན་རྫོགས་པར་མངའ་ཞིང་། རྡོ་རྗེའི་གདན་བྱང་ཆུབ་ཆེན་པོའི་ཕོ་བྲང་དུ་མུ་སྟེགས་ཀྱི་སྨྲ་བ་ངན་པ་ལན་གསུམ་དུ་ཆོས་ཀྱིས་ཕམ་པར་མཛད་ནས་སངས་རྒྱས་ཀྱི་བསྟན་པ་བཟུང་ཞིང་། བཙུན་པའི་ཡོན་ཏན་ནི་སོ་ཐར་དང་འགལ་བའི་ཉེས་པ་འོང་མ་མྱོང་། བྱང་སེམས་དང་གསང་སྔགས་ཀྱི་སྡོམ་པ་ལ་ཅུང་ཟད་བྱུང་སྲིད་ཀྱང་བཤགས་བསྡམས་སོགས་ཀྱིས་ཉེས་པ་དང་ཞག་ཏུ་འགྲོགས་མ་མྱོང་ཞེས་ཇོ་བོ་ཉིད་ཀྱིས་གསུངས་པར་བཤད་པ་དང་། རྟོགས་པའི་ཡོན་ཏན་ནི། བྱང་ཆུབ་ཀྱི་ཐུགས་ལ་མངའ་བརྙེས། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་དང་། ལྷའི་སྤྱན་དང་མངོན་པར་ཤེས་པའི་ཡོན་ཏན་དང་ལྡན། དྷ་རི་ཀ་པའི་སློབ་མ་བྲམ་ཟེ་སྡོམ་པ་བཟང་པོ་སོགས་ལ་བདེ་མཆོག་གི་སྐོར་གསན་ནས། ཤར་ཕྱོགས་བྷཾ་ག་ལ་འོད་མའི་ཚལ་མེ་ཏོག་གླིང་དུ་སྒྲུབ་པ་མཛད་པས། བདེ་མཆོག་གི་དཀྱིལ་འཁོར་ཞལ་གཟིགས་བསྟོད་པ་ཡང་མཛད། མནལ་ཐུན་ཅིག་ལ་རྒྱུད་རྒྱལ་འབུམ་ཚོ་གཅིག་དང་། བཞི་བརྒྱ་ལྔ་བཅུ་རྩ་ལྔ་གསན་པར་མཛད། ཆོས་ཀྱི་གཎྚའི་སྒྲ་ནམ་མཁའ་ལ་བསྒྲགས་པ་གསན་པས་སྐྱེ་བ་མེད་པའི་དོན་ཐུགས་སུ་ཆུད་པ་སོགས། དེ་ལྟ་བུས་མཚོན་པའི་ཡོན་ཏན་བསམ་གྱི་མི་ཁྱབ་པ་རྣམས་དང་ལྡན་པའི་ཇོ་བོ་ཆེན་པོ་དེ་ཉིད་ཀྱི་སྙན་པའི་གྲགས་པས་འཕགས་ཡུལ་ཀུན་དུ་ཁྱབ་སྟེ། དེའི་ཚེ་མ་ག་དྷ་དང་། ཨོ་ཌྱན་ཏ་པུ་རི་དང་། སོ་མ་པུ་རི་དང་། ན་ལེནྟྲ་དང་། བི་ཀྲ་མ་ལ་ཤཱི་ལའི་གནས་གཞི་རྣམས་ན་པནྜི་ཏ་དང་གྲུབ་ཐོབ་ཤིན་ཏུ་མང་ཡང་། ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་བཞུགས་པའི་དུས་སུ། རྒྱལ་པོ་དྷརྨ་པཱ་ལས། ཇོ་བོ་རྗེ་རྡོ་རྗེ་གདན་ནས་བི་ཀྲ་མ་ཤཱི་ལར་སྤྱན་དྲངས་ནས་བསྟན་པའི་བདག་པོར་མངའ་གསོལ་བ་ཡིན་ཏེ། སྐབས་འདིར་བི་ཀྲ་མ་ཤཱི་ལ་བཞེངས་པའི་ལོ་རྒྱུས་ཅུང་ཟད་བཤད་ན། ན་ལེནྟྲ་ན་སློབ་དཔོན་ཀམ་པ་ལ་བྱ་བ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་གཅིག་བཞུགས་པ་དེས། ཆུ་བོ་གངྒཱའི་འགྲམ་ན་བྲག་དེའུ་ཅིག་ཡོད་པ་དེའི་སྟེང་དུ་གཙུག་ལག་ཁང་བརྩིགས་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཆེ་བ་མངོན་ཤེས་ཀྱིས་གཟིགས་ནས། དེ་བརྩིགས་པ་ལ་རབ་ཏུ་བྱུང་པ་བས། རྒྱལ་པོའི་རྟེན་ནུས་པ་ཆེ་བར་དགོངས་ཏེ། རྒྱལ་པོ་གཽ་པ་ལའི་སྲས་དེ་ཝ་ཕ་ལ་བྱ་བ་མངའ་རིས་ཕུན་སུམ་ཚོགས་པ་དང་ལྡན་པ་དེའི་བཙུན་མོའི་རྨི་ལམ་དུ། རྣམ་སྦྱར་དམར་སེར་གྱོན་པ་ལྷུང་བཟེད་དང་འཁར་སིལ་ཐོགས་པ་ཅིག་གནས་གཡར་ཟེར་བ་རྨིས་ཏེ། རྒྱལ་པོ་ལ་བརྗོད་པས། དོ་ནུབ་ཀྱང་བྱུང་ན་གནས་གཏང་གི་གྱིས་གསུངས། ཡང་བྱོན་པ་ལ་དེ་ལྟར་བྱས་པས། རྒྱལ་པོ་དེའི་སྲས་སུ་སྐུ་སྐྱེ་བ་བཞེས་པ་རྒྱལ་པོ་དྷརྨ་པཱ་ལ་བྱ་བ། ཡུལ་དབུས་མ་ག་དྷ་ཐམས་ཅད་ལ་དབང་བསྒྱུར་བ་དེས་བྲག་དེའུ་དེའི་ཁར་གཙུག་ལག་ཁང་བཞེངས་ཏེ་བི་ཀྲ་མ་ཤཱི་ལ་བྱ་བར་གྲགས་ཏེ། བོད་སྐད་དུ། ཚུལ་ཁྲིམས་ཀྱི་ངད་དང་ལྡན་པ་བྱ་བར་འོང་བར་བཤད། དེར་རྩ་བའི་སྡེ་བཞིའི་དགེ་སློང་ཚང་བར་བཞུགས་ཤིང་འཚོ་བ་ཡང་རྒྱལ་པོས་སྦྱོར་པ་དང་། རིག་པའི་གནས་ལྔའི་འཆད་ཉན་དར་བས་དེར་བཞུགས་པའི་རབ་བྱུང་ཕལ་ཆེ་བ་པཎྜི་ཏ་ཤ་སྟག་ཡིན་ནོ། །དེའི་ཚེ་རྡོ་རྗེ་གདན་ནས་ཇོ་བོ་རྗེ་བི་ཀྲ་ལ་ཤཱི་ལར་རྒྱལ་པོ་དྷརྨཱ་པཱ་ལས་སྤྱན་འདྲེན་པའི་རྒྱུ་ཡང་པན་གྲུབ་རྣམས་ཀྱི་ནང་ནས་འདི་ཁོ་ན་ལྷག་པར་གཟིགས་ཏེ་སྤྱན་དྲངས་ཤིང་མཚན་ཡང་ཨ་ཏི་ཤ་ཞེས་མཚན་གསོལ་ཞིང་། དེ་བོད་ཀྱི་སྐད་དུ་ཕུལ་དུ་བྱུང་བ་ཞེས་བྱ་སྟེ། དེ་དུས་སྐྱེས་ཆེན་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་མངའ་གསོལ་བ་ཡིན་ལ། དེ་ནས་རྗེ་བཙུན་གྱིས་ཀྱང་རྒོལ་བ་ངན་པ་ཐམས་ཅད་ཚར་བཅད། སངས་རྒྱས་ཀྱི་བསྟན་པའི་སྲོག་ཤིང་ལྟ་བུར་བཞུགས་ནས། སྡེ་པ་ཐ་དད་པ་རྣམས་ཀྱི་བྱིན་ལེན་ལ་སོགས་པ་བླང་དོར་གྱི་གནས་ཕྲ་མོ་རྣམས་ཡན་ཆད་མ་འདྲེས་པར་ཐེ་ཚོམ་བཅད་པར་མཛད་པ་ཡིན་ཏེ། ལོ་ཙཱ་བའི་བསྟོད་པ་ལས། བྱང་ཆུབ་ཆེན་པོའི་ཕོ་བྲང་དུ། །ཐམས་ཅད་འདུས་ཤིང་ཚོགས་པ་ན། །རང་དང་གཞན་གྱི་སྡེ་པ་ཡི། །གྲུབ་མཐའ་ངན་པའི་རྒོལ་བ་ཀུན། །སེང་གེའི་ང་རོའི་སྒྲ་སྐད་ཀྱིས། །ཐམས་ཅད་ཀྱི་ནི་ཀླད་པ་འགེམས། །ཞེས་དང་། ཨོ་ཏན་ཏའི་པུ་རི་ན། །རབ་བྱུང་བརྒྱ་ཕྲག་ཕྱེད་དང་གསུམ། །བི་ཀྲ་མ་ལ་ཤཱི་ལ་ན། །རབ་བྱུང་བརྒྱ་ཕྲག་མང་པོ་དང་། །རྩ་བའི་སྡེ་བཞི་ཚང་བར་བཞུགས། །སྡེ་བའི་ཁེ་གྲག་ཁྱོད་མི་མཛད། །མ་ག་དྷ་ཡི་ཡུལ་གྱི་ནི། །གནས་གཞི་མ་ལུས་ཐམས་ཅད་ཀྱི། །སྟོན་པའི་འཁོར་ནི་བཞི་པོ་ཡི། །ཀུན་གྱི་གཙུག་གི་ནོར་བུར་འགྱུར། །ཁྱོད་ནི་སྡེ་པ་བཅོ་བརྒྱད་ཀྱི། །ཀུན་གྱི་སྤྱི་ལ་བཞུགས་པས་ན། །ཐམས་ཅད་ཀྱི་ནི་ལུང་ཡང་ལེན། །ཞེས་འབྱུང་བ་ལྟར་རོ། །དེ་ཡང་བསྟན་པ་བསྲུང་བ་ལ། ཚུལ་ཁྲིམས་ཀྱི་སྟོབས་ཀྱིས་བསྲུང་བ། རྣལ་འབྱོར་གྱི་སྟོབས་ཀྱིས་བསྲུང་བ། དབང་ཕྱུག་གི་སྟོབས་ཀྱིས་བསྲུང་བ། རིག་པའི་སྟོབས་ཀྱིས་བསྲུང་པ་བཞི་ལས། དེ་བཞི་ཀའི་སྟོབས་ཀྱིས་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་ནི་ཇོ་བོ་རྗེ་ཉིད་ཙམ་ཡིན་ཞེས་དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་གསུངས་ཤིང་། རྒྱས་པར་གཞན་དུ་བལྟའོ། །དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་བོད་དུ་སྤྱན་དྲངས་པའི་ཚུལ་ནི། དེ་ཡང་སྤྱིར་བོད་ཀྱི་མི་རྣམས་བྱུང་ཚུལ་དང་། བསྟན་པ་སྔ་དར་གྱི་དུས་སུ་དམ་པའི་ཆོས་འཕེལ་འགྲིབ་བྱུང་བའི་ཚུལ་རྣམས་ཅུང་ཟད་བཤད་ན། དེ་ཡང་བོད་ཀྱི་མི་རྣམས། བཀའ་ཆེམས་ཀ་བཀོལ་མ་ལས། སྤྲེའུ་དང་བྲག་སྲིན་གྱི་རྒྱུད་དུ་བཤད། ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་འགྲེལ་ལས། སྐྱབས་སེང་བུ་སྡེ་ལྔ་དང་། དགྲ་ངན་དཔུང་ཚོགས་བཅུ་གཉིས་མ་མཐུན་པའི་ཚེ། རྒྱལ་པོ་རུ་པ་ཏི་ཞེས་པ་དཔུང་དང་བཅས་པ་ཁ་བ་ཅན་དུ་བྲོས་པའི་རྒྱུད་ཡིན་པར་བཤད་དེ། བཀའ་གདམས་བརྒྱུད་པ་འདི་པ་གཉིས་ཀའི་རྒྱུད་དུ་བཞེད་ལ། དེ་ནས་བོད་ཀྱི་རྒྱལ་པོ་ལ་སྔ་མ་རྗེ་གཉའ་ཁྲི་བཙན་པོ་ནས། རྒྱལ་རབས་ཉི་ཤུ་རྩ་བརྒྱད་པ། སངས་རྒྱས་སྨན་བླའི་སྤྲུལ་པ་ལྷ་ཐོ་ཐོ་རི་གཉན་བཙན་བྱོན་ཏེ་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ཙམ་མཛད། དེ་ནས་རྒྱལ་རབས་ལྔ་པ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུར་སྤྲུལ་ཏེ། བོད་ཀྱི་མི་རྣམས་དགེ་བ་བཅུའི་ལམ་ལ་བཀོད་ཅིང་དུད་འགྲོ་རྣམས་ཀྱི་རྣ་བར་ཡང་། ཨརྻ་ཨ་ཝ་ལོ་ཀ་ཞེས་བསྒྲགས་པ་སོགས་རིམ་གྱིས་ཐར་པའི་ས་བོན་འཇོག་པར་མཛད། དེ་ནས་རྒྱལ་རབས་བཞི་ན་འཕགས་པ་འཇམ་དཔལ་གྱི་སྤྲུལ་པར་གྲགས་པ་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེའུ་བཙན་གྱིས་ཟ་ཧོར་གྱི་མཁས་པ་ཆེན་པོ་ཞི་བ་འཚོ་སྤྱན་དྲངས་ནས། སད་མི་མི་བདུན་ལ་སོགས་པ་རབ་ཏུ་བྱུང་ཞིང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་བཏུལ། སངས་རྒྱས་ཀྱི་བསྟན་པ་བཙུགས་པ་ལས། དེ་དག་ཉིད་ཀྱི་རིང་ལ་ཕ་རོལ་ཏུ་ཕྱིན་པ་དང་། རྡོ་རྗེ་ཐེག་པའི་བསྟན་པ་མཐའ་དག་རྒྱས་པར་བྱུང་ཞིང་། དེ་དག་གི་རྒྱ་དཔེ་བསམ་ཡས་སུ་བཞུགས་པ་རྣམས་ཕྱིས་ཇོ་བོ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་གཟིགས་པས་ངོ་མཚར་བ་འཁྲུངས་ཏེ། དུས་དེར་འབྱུང་བའི་བོད་ཀྱི་བསྟན་པ་འདྲ་བ་རྒྱ་གར་དུ་ཡང་བྱུང་དཀའ་བར་འདུག་ཅེས་གསུངས་ཞེས་ལམ་ཡིག་ལས་འབྱུང་ངོ་། །དེ་ལྟ་བུའི་བསྟན་པ་ཕུན་སུམ་ཚོགས་པ་དེ་ཡང་། རྒྱལ་པོ་དར་མ་ཞེས་པས་སྡིག་ཅན་གྱི་བློན་པོ་དང་བགྲོས་ཏེ། རབ་ཏུ་བྱུང་བ་མང་པོ་ཁྱིམ་པར་ཕབ་ཅིང་། རྟགས་འདོར་དུ་མ་འདོད་པ་རྣམས་བཀྲོངས་ནས། བསྟན་པ་རིན་པོ་ཆེ་བསྣུབས་སོ། །དེའི་དུས་སྔགས་ཀྱི་བསྟན་པ་འཛིན་པར་རློམ་པའི་ཁྱིམ་པ་མང་པོས་རང་གི་ཡི་དམ་ཙམ་ལ་རྟེན་པ་དང་། སྔགས་ཀྱི་གླེགས་བམ་ལུས་པ་རྣམས་ཆུད་མ་ཟོས་པར་བྱས་ཀྱང་། བཤད་སྒྲུབ་ཀྱི་བསྟན་པ་རྣལ་མ་མེད་པས་རྒྱུད་དོན་ལོག་པར་འགྲེལ་བ་དང་། མངོན་སྤྱོད་ཀྱི་ལས་གཙོ་བོར་བྱེད་པ་མང་དུ་བྱུང་ངོ་། །དུས་དེར་གཙང་རབ་གསལ་ལ་སོགས་པ་དགེ་སློང་གསུམ་དཔལ་ཆུ་བོ་རིར་སྒྲུབ་པ་མཛད་ཅིང་བཞུགས་པ་ལ། རྒྱལ་པོས་བསྟན་པ་བསྣུབས་པ་གསན་པས། འདུལ་བའི་དཔེ་མང་དུ་བསྣམས་ནས་བྲོས་ཏེ་རིམ་གྱིས་མདོ་སྨད་ཀྱི་ཆར་བྱོན་ནས། བླ་ཆེན་དགོངས་པ་རབ་གསལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་མཛད་དེ། བླ་ཆེན་གྱིས་ཀྱང་དགེ་སློང་དང་དགེ་ཚུལ་མང་དུ་སྤེལ་ལ། དེ་ནས་བླ་མ་ཆེན་པོ་ཉིད་ཀྱིས་དགེ་སློང་གསུམ་པོ་དེ་ལས་འོང་པའི་འདུལ་བ་དང་མངོན་པའི་སྡེ་སྣོད་མང་པོ་དག་དང་། བླ་མ་གཞན་ལས་ཀྱང་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་གཞུང་མང་པོ་གསན་ཞིང་། སྐུའི་སྐྱེ་བ་ཕྱི་མ་དགའ་ལྡན་དུ་གཤེགས་པ་དེའི་སློབ་མ་བརྒྱུད་པ་དང་བཅས་པའི་དྲིན་ལས། དབུས་གཙང་གི་ས་ཆར་ཡང་མདོ་སྔགས་ཀྱི་བསྟན་པ་བྱུང་མོད་ཀྱི། འོན་ཀྱང་ཁྱིམ་པ་ཕལ་ཆེར་རྒྱལ་པོའི་མགོ་གནོན་དང་བྲལ་བས་འཐབ་རྩོད་ལ་དགའ་ཞིང་། དེའི་རིགས་ལས་བྱུང་བའི་སྔགས་པ་མང་པོས་དགྲའི་ཕྱོགས་ལ་མངོན་སྤྱོད་ཀྱི་ལས་བྱས་པས་སྐྱེ་བོ་མང་པོ་ཕུང་བར་གྱུར་པ་དང་། སྔགས་ཀྱི་གསང་པའི་སྤྱོད་པ་ལས་ཉམས་ཏེ། གསང་བའི་གནས་རྣམས་འཆོལ་པར་སྟོན་ཅིང་། སྦྱོར་སྒྲོལ་སོགས་སྔགས་ལ་སྙད་པའི་རྩིང་ཆོས་སྣ་ཚོགས་དང་། ཆོ་ག་རྣམས་ཀྱང་མ་ཚང་ཞིང་འཁྲུལ་པ་མང་དུ་བྱུང་བ་དང་། གཞན་ཡང་བམ་སྒྲུབ་སོགས་ལོགས་ཆོས་སྣ་ཚོགས་དར་ཞིང་། རྒྱ་ནག་ལུགས་ཀྱི་རྫོགས་པ་ཆེན་པོའི་ལུགས་འཛིན་པ་འགའ་ཞིག་གིས། སྟོང་པ་ཉིད་གཅིག་པུ་བསྒོམ་པས་དྲི་མ་མཐའ་དག་དང་བྲལ་བའི་ཆོས་ཀྱི་སྐུ་ཐོབ་ལ། དེ་ཐོབ་ན་གཟུགས་ཀྱི་སྐུ་ཤུགས་ལ་འབྱུང་བས། སྦྱིན་པ་ལ་སོགས་པའི་ཐབས་མང་པོ་ལ་སློབ་པ་ནི་ཚེགས་ཆེའོ་ཟེར་བ་དག་ཀྱང་བྱུང་ཞིང་ཧ་ཤང་གི་ལྟ་བ་ཞེས་མིང་ལ་སྐྱོན་དུ་ལྟ་ཡང་། དོན་ལ་མཆོག་ཏུ་འཛིན་པ་དང་། ལྟ་སྤྱོད་ཡ་བྲལ་གྱིས་སངས་རྒྱས་ཐོབ་པར་འདོད་པ་སོགས་ཆོས་ལྟར་བཅོས་པ་སྣ་ཚོགས་ཀྱིས་བསྟན་པ་རིན་པོ་ཆེ་དྲི་མ་ཅན་དུ་གྱུར་ཅིང་། དཀའ་བའི་གནད་རྣམས་ལ་ཡང་ཐེ་ཚོམ་དུ་གྱུར་པ་དེའི་ཚེ། མདོ་རྒྱུད་ནས་ལུང་བསྟན་པའི་ལྷ་བླ་མ་ཡེ་ཤེས་འོད་ཅེས་བྱ་བའི་བོད་ཀྱི་རྒྱལ་བརྒྱུད་དྲི་མ་མེད་པར་བསམ་བཞིན་དུ་བྱོན་པ་དེས། དེ་རྣམས་ལ་ཐུགས་མ་ཆེས་པར། མངའ་རིས་སྐོར་གསུམ་ནས་ཁྱེའུ་བློ་རྣོ་བ་ཉེར་གཅིག དམ་པའི་ཆོས་དང་པཎྜི་ཏ་འཚོལ་བའི་ཞལ་བཀོད་དང་བཅས་ཏེ་རྒྱ་གར་དུ་བརྫངས་པས། དེ་རྣམས་ཀྱི་ནང་ནས་ལོ་ཆེན་རིན་ཆེན་བཟང་པོ་དང་། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་མཁས་པའི་མཐར་ཕྱིན་པར་གྱུར་ཏེ། བོད་ལ་ཕན་ཐོག་པའི་པཎྜི་ཏ་བཙལ་བས། བི་ཀྲ་མ་ཤཱི་ལའི་པཎྜི་ཏ་ཆེན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནའི་ཡོན་ཏན་གྱི་ཁྱད་པར་མཐའ་ཡས་པ་རྣམས་གསན་ཀྱང་། རང་གིས་སྤྱན་འདྲེན་པ་མ་སྤོབས་ཏེ་ཚུར་བྱོན་ནས། རྒྱལ་པོ་ལ་ལོ་རྒྱུས་རྒྱས་པར་ཞུས་པས། ཐུགས་མཉེས་ཤིང་ཐེ་ཚོམ་ཡང་ཆོད་པར་མཛད་དོ། །དེའི་ཚེ་ལོ་ཙཱ་བ་རིན་ཆེན་བཟང་པོའི་དྲིན་གྱིས། གསང་སྔགས་སྤྱི་དང་། དཀྱིལ་འཁོར་ཆོ་གའི་ལག་ལེན་སོགས་མངའ་རིས་སྐོར་གསུམ་དུ་དར་བར་གྱུར་ཀྱང་། རབ་ཏུ་བྱུང་བ་འགའ་ཞིག་ཚུལ་ཁྲིམས་ཀྱི་ཀུན་ཏུ་སྤྱོད་པ་དག་པས་སོ་སོར་ཐར་པ་ཙམ་གྱིས་ཆོག་ཤེས་ནས། ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ཀུན་ཏུ་སྤྱོད་པ་ལ་གཡེལ་ཞིང་། བྱེ་བྲག་ཏུ་ཕ་རོལ་ཏུ་ཕྱིན་པ་ལ་སྒྲུབ་པ་ལྷུར་ལེན་པ་ཉུང་བ་ཉིད་དང་། སྔོན་གྱི་ལོག་པར་རྟོག་པ་མཐའ་དག་སེལ་བ་ལ་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དེ་ཉིད་བོད་དུ་སྤྱན་དྲངས་ན། བསྟན་པ་སྐྱོན་དང་བྲལ་བར་འགྱུར་རོ་སྙམ་དུ་ཆོས་རྒྱལ་ཉིད་ཀྱི་ཐུགས་ལ་དགོངས་ནས་འབད་པ་ཆེན་པོས། ལོ་ཙཱ་བ་རྒྱ་བརྩོན་སེང་འཁོར་བརྒྱ་ཙམ་གསེར་མང་པོ་དང་བཅས་ཏེ་རྒྱ་གར་དུ་བཏང་ཡང་། འཁོར་ཕལ་ཆེ་བ་ཚད་པས་གུམ། གསེར་རྣམས་ཀྱང་བརླགས་ནས། ཇོ་བོ་སྤྱན་མ་འདྲོངས། དུས་དེར་ལྷ་བླ་མ་ཡེ་ཤེས་འོད་གསེར་འཚོལ་དུ་བྱོན་པ། གར་ལོག་གི་རྒྱལ་པོས་བཟུང་བས། དེའི་དབོན་པོ་ལྷ་བཙུན་བྱང་ཆུབ་འོད་ཀྱིས་ཁུ་བོ་བསླུ་བ་དང་། ཨ་ཏི་ཤ་སྤྱན་འདྲེན་པ་ལ་དཀའ་སྤྱད་ཇི་ལྟར་མཛད་པའི་ཚུལ་རྣམས་ལམ་ཡིག་ལས་འབྱུང་བ། རྣམ་ཐར་ཆོས་ཀྱི་འབྱུང་གནས་སུ་རྒྱས་པར་གསུངས་པ་བཞིན་འདིར་བཤད་པར་བྱ་སྟེ། དེ་ཡང་ཨ་ཏི་ཤ་ཉིད་སྤྱན་འདྲེན་པའི་ཕོ་ཉ་ལ། ལོ་ཙཱ་བ་ནག་ཚོ་དེ་རྒྱུ་མཚན་དུ་མས་ལེགས་པར་དགོངས་ཏེ། ལྷ་བཙུན་པས་སྤྱན་སྔར་བོས་བསྙེན་བཀུར་ནས། འདུལ་བ་འཛིན་པ་ལ་ཞུ་ན། ངའི་ཡབ་མེས་རྒྱལ་བློན་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་སངས་རྒྱས་ཀྱི་བསྟན་པའི་དབུ་བསྙེངས། སྲོལ་གཏོད་དར་ཞིང་རྒྱས་པར་མཛད་པ་ཡིན་པ་ལ། དུས་དིང་སང་སངས་རྒྱས་ཀྱི་བསྟན་པ་ཉམས་དམས། བདུད་རིགས་ཀྱི་སེམས་ཅན་ཁ་རྒྱལ། ཆོས་ལྟར་བཅོས་པ་རྣམས་དར་བས། ཤེས་པ་སྐྱོ་བར་བྱུང་། ངེད་ཁུ་དབོན་གཉིས་ཀྱིས། མི་འདི་གོ་ཆོད་དམ། འདི་སངས་རྒྱས་ཀྱི་བསྟན་པ་ལ་སེམས་སམ་སྙམ་པ་རྣམས་ལ། གསེར་སྲང་བརྒྱ་སྐོར་རེས་མ་མཐའ་བྱས། ཇོ་བོ་གདན་འདྲེན་དུ་བཏང་པ་ཡིན་ནའང་། བསྟན་པའི་བྱ་བ་ཆེས་པས་གདན་མ་འདྲོངས་དེས་བློ་མ་སད་པར། ལྷ་ཆེན་པོ་དེས་བལ་ཡུལ་གྱི་མཐའ་འཁོབ་ཏུ། ཇོ་བོ་སྤྱན་འདྲེན་པའི་གསེར་འཚོལ་དུ་བྱོན་པས། གར་ལོག་གི་རྒྱལ་པོས། ཆོས་ཀྱི་རྒྱལ་པོ་པཎྜི་ཏ་གདན་འདྲེན་པའི་གསེར་འཚོལ་བ་རིག་ནས། འདིའི་ཕ་མེས་རྣམས་ཀྱིས་སྔོན་ཡང་སངས་རྒྱས་ཀྱི་བསྟན་པ་དར་བར་བྱས། འདིས་ཀྱང་པཎྜི་ཏ་གདན་འདྲེན་བསྟན་པ་དར་བར་བྱེད་པས་ཟུངས་ལ་བཙོན་ཁང་དུ་ཆུག་ཟེར་ནས་མནར། དེ་བདག་གིས་ཐོས་པས། ཁུ་བོ་བཟློག་ཏུ་ཕྱིན་ཡང་། གར་ལོག་གི་རྒྱལ་པོ་ཚན་ཆེས་ནས་མ་ལྡོག ཡང་དམག་བྱས་ན་བཟློག་པར་སྣང་སྟེ། དེའི་བར་དུ་འགྲོ་བ་མང་པོའི་སྲོག་འཆད་པ་དང་། ང་རང་ལ་ཡང་བར་ཆད་བྱུང་ན་ཇོ་བོ་སྤྱན་མི་འདྲོངས་པར་གདའ་བས་ཁོ་རང་དང་བསྟུན། ཁོ་ན་རེ། འོ་ན་པཎྜི་ཏ་གདན་འདྲེན་པའི་འཕྲོ་བཤོལ། ངའི་བསྟན་པ་ལ་ཞུགས། ཡང་ན་གསེར་རྒྱལ་པོ་རང་དང་མཉམ་པ་ཁྱེར་ལ་ཤོག དེ་ནས་བཏང་གི་ཟེར་བས། གསེར་ལ་འདམ་ནས་ལུས་དང་མཉམ་པས་བསླུས་ཀྱང་མ་ཉན། དེ་ནས་ཁོ་བོ་ལ། ད་ངས་དབུ་ཙམ་ཅིག་བརྙེད་པ་དང་བསླུར་འོང་གིས་ཞུས་པས། བཞད་ཅིག་མཛད་ནས། ད་དེས་ཆོག ངའི་བསམ་པ་ལ་བོད་འདི་ཆོས་ཁྲིམས་མ་འཆོས་པར་ཤི་ན་མི་རུང་སྙམ་པ་ཡིན་ཏེ། ད་ན་སོ་ཡང་རྒས། འཁོར་བ་ཐོགས་མེད་ནས་ཆོས་ཀྱི་ཕྱིར་དུ་ལུས་བཏང་པ་མེད། ད་ལེན་ཆོས་ཕྱིར་ཤི་ན་ལེགས་པ་ཡིན་པས། སྡིག་རྒྱལ་འདི་ལ་གསེར་སེ་བ་གཅིག་ཀྱང་མ་སྟེར། གསེར་ཐམས་ཅད་རྒྱ་གར་དུ་ཁྱེར་ལ། ད་དུང་ཨ་ཏི་ཤ་གདན་ཅི་འདྲོངས་གྱིས། པཎྜི་ཏ་ཆེན་པོའི་སྙན་དུ་ཡང་། ངས་ཁྱོད་དང་སངས་རྒྱས་ཀྱི་བསྟན་པའི་ཕྱིར་དུ་ལུས་སྲོག་གར་ལོག་གི་རྒྱལ་པོ་ངན་པ་ལ་བྱིན་ཡོད་པས། ཚེ་རབས་ཐམས་ཅད་དུ་བདག་ཐུགས་རྗེས་འཛིན་པ་དང་། ངའི་བསམ་པའི་གཙོ་བོ་ཁྱེད་བོད་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་བྱེད་པ་ཡིན་པས། དེ་ཁོ་ན་བཞིན་དུ་མཛད་པར་ཞུ། སྐྱེ་བ་འདིའི་འོག་རོལ་ཏུ་ཁྱེད་དང་ངེས་པར་མཇལ་བར་བྱིན་གྱིས་བརླབས་ཏུ་གསོལ། ཞེས་ང་འཕྲིན་དུ་མཛོད་ཅིག དེ་ལྟར་ལགས་པས་ང་བློས་ཐོང་ལ། སངས་རྒྱས་ཀྱི་བསྟན་པ་ལ་སོམས་ཤིག་གསུངས་པ་ཡིན་པས། དེས་ན་ཁུ་བོ་གར་ལོག་གི་རྒྱལ་པོས་མེད་པར་བྱས་པས་གཏམ་དེ་རྣམས་མགོན་པོ་ཨ་ཏི་ཤའི་སྙན་དུ་ཐོས། ངེད་བོད་མཐའ་འཁོབ་ཀྱི་སེམས་ཅན་མ་རིག་པ་རྣམས་ཀྱི་སྙིང་སྟོབས་དེ་འདྲ་ན། ཁྱེད་འགྲོ་བའི་སྐྱབས་གནས་ཐུགས་རྗེ་ཅན་ཇི་ལྟར་སོང་། ཞེས་ཞུས་ཤིག འདི་ན་གསེར་སྲང་བདུན་བརྒྱ་ཡོད་པ་བླ་མའི་ཕྱག་ཏུ་ཕུལ། ངེད་བོད་པྲེ་ཏ་པུ་རིའི་གྲོང་ཁྱེར་ལྟ་བུ་ན། གསེར་སེ་བ་རེ་ཙམ་ལའང་རྩིས་ཆེན་པོ་ཡོད་ལ། ད་འདིས་བདག་ཅག་མི་ནོར་ཐམས་ཅད་རྫོགས་ནས་ཡོད་ཀྱི། ད་ལན་ཇོ་བོ་བོད་ལ་མ་བྱོན་ན། ཁྱེད་དམ་པ་རྣམས་ཀྱི་ཐུགས་རྗེ་ཡང་དེ་ལྟར་བས་པས། ངེད་ཀྱང་བྱ་བ་ཅི་བདེར་སྤྱད་པར་བགྱིའོ། །ཞེས། ཁྱེད་འདུལ་བ་འཛིན་པས་ལོ་རྒྱུས་འདི་རྣམས། ཇོ་བོ་ལ་ཞུས་པའི་ཐ་མ་འབྱོན་དུ་མ་བཞེད་ནའང་སྙན་དུ་ཐེབས་པ་མཛོད། གསུངས་ནས་ཤུམས་ཤིང་གསུང་བྱོན་ཏེ། དེའི་ཚེ་ལྷ་བཙུན་པ་མི་ཆེན་པོ་ཅིག་གིས་དེ་ལྟར་མཛད་པས། ལོ་ཙཱ་བས་ཀྱང་ཡིན་མིན་གྱི་ཚིག་ཟུར་ཙམ་ཡང་སྨྲ་མ་ནུས། དེའི་སྟོབས་ཀྱིས་ལུས་སྲོག་དང་ལམ་གྱི་དཀའ་ཚེགས། ཚེ་འདིའི་བདེ་སྐྱིད་གང་ལ་ཡང་མ་ཆགས་པར། དཔོན་གཡོག་བདུན་གྱིས་གསེར་རྣམས་ཁྱེར་ཏེ། རྒྱ་གར་གྱི་ལམ་དུ་ཞུགས་པ་དང་ལྷ་བཙུན་པས་སྐྱེལ་ཐུང་མཛད་དེ། དགེ་སློང་ཁྱེད་ཀྱིས་ངེད་ཀྱི་བྱ་བ་བྱས། །ད་ལན་དཀའ་བ་ཆེ་ནའང་ཕར་བྱོན་ལ། །འབད་རྩོལ་ཆེན་པོས་ལུས་དང་སྲོག་ལ་བརྡོས། །འཁོར་ནས་བྱས་ཤེས་བཀའ་དྲིན་བཟོ་བར་བྱ། །ཞེས་གསུངས་ནས། ཕྱི་ཕྱག་མཛད་ནས་གཤེགས། སླར་ཡང་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་ཀྱི་གཤེགས་པར་ཞུ་གསུངས། དེ་ནས་བལ་པོ་རྫོང་ལ་བྱོན་ཙ་ན་མི་རེང་གཅིག་དང་འཕྲད་པས། ཁྱེད་ཡུལ་ས་ཐག་རིང་པོར་དོན་ཆེན་པོ་ལ་འགྲོ་བར་སྣང་བ་འདི་སྐད་ཟེར་གྱིན་སོང་དང་དོན་གྲུབ་ནས་འོང་གི དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཁ་བ་ཅན་གྱི་རྒྱལ་ཁམས་སུ། རྒྱལ་བ་ཐམས་ཅད་ཀྱི་འབྱུང་གནས། དམ་པའི་ཆོས་འཕེལ་བར་གྱུར་ཅིག ཅེས་བརྗོད་ཅིང་སོང་ན་ལམ་དུའང་ཉེ་ཞོ་མི་འབྱུང་ཟེར། ཁྱེད་སུ་ལགས་བྱས་པས། རིམ་གྱིས་ཤེས་པར་འགྱུར་གྱིས་ཟེར། དེ་ནས་བལ་པོའི་མཐའ་འཁོབ་ཏུ་སླེབ་པ་ན། ཨ་ཙ་ར་ལ་གནས་གཡར་བས་སྙུག་ཁང་ཅིག་ཏུ་བསྙལ། ཁོས་གསེར་ཡོད་པར་ཤེས་ནས། སྙུག་ཁང་ལ་མེ་སྤར་ཏེ་བསད་ནས་གསེར་འཁྱེར་བར་འདོད་པ་ན། ལོ་ཙཱ་བ་དཔོན་གཡོག་ས་ཐག་རིང་པོ་ལ་ངལ་ཞིང་། ཚད་པས་གདུངས་གཉིད་ཀྱིས་མྱོས་པའི་སྔས་མགོར། མི་རེང་དཀར་པོ་ཅིག སྙུག་ཁང་གི་མཐོངས་ཕྱེ་ནས་བྱུང་སྟེ། མ་ཉལ་མ་ཉལ་མྱུར་དུ་ཡར་ལ་ལོངས། །མ་ཕེབས་ད་ལྟ་ལོངས་ལ་ལམ་དུ་ཞུགས། །ཉལ་ན་རིན་ཆེན་སྲོག་དང་འབྲལ་བ་ཡོད། །ང་ནི་བོད་ཁམས་ཡོངས་ཀྱི་ཡི་དམ་ཡིན། །ཞེས་གསུངས་པས། ཐུགས་རྗེ་ཆེན་པོ་ལ་གསོལ་བ་བཏབ་ནས་བྲོས། ནམ་ལངས་པ་དང་། བལ་པོའི་རྒྱལ་ཕྲན་ཅིག བྷི་ཀྲ་མ་ལར་འགྲོ་བ་དང་འཛོམ་སྟེ། དེ་དང་འགྲོགས་ནས་ཆུ་བོ་གངྒཱའི་འགྲམ་དུ་སླེབས་པ་དང་། རྒྱལ་པོ་དབང་ཆེ་བས་སྔོན་དུ་གྲུ་ལ་སོང་། དེར་ཉི་མ་ཕྱིས་པས་གསེར་རྣམས་བྱེ་མའི་འོག་ཏུ་སྦས་ཏེ། ཕྱོགས་གཞན་ཞིག་ཏུ་ཉལ་བ་ན། གཉན་པ་དཀར་པོ་གཅིག་གྲུ་ལ་སྐྱ་བ་ཆལ་ཆལ་འདེབས་ཀྱིན་བྱུང་། དེར་ལོ་ཙཱ་བས་ཁྱེད་སུ་ཡིན་གར་གཤེགས་དྲིས་པས། དཔོན་གཡོག་འཁོར་བཅས་བསུ་རུ་འོང་བ་ཡིན། །སེམས་ཅན་སྙིང་སྟོབས་ཆེན་པོས་འདིར་འོང་ཚེ། །འཕགས་པ་གྲུ་དང་མཉན་པ་ལྟ་བུ་ཡིས། །འཇིགས་པའི་དུས་སུ་སུ་བསྐྱེལ་མ་བྱས་ན། །སེམས་ཅན་ཉོན་མོངས་ཅན་གྱིས་ཇི་ལྟར་འགྲུབ། །ཚུར་ཞུགས་བདུན་བརྒྱ་པོ་རྣམས་མ་ལུས་པར། །འབོལ་ལེ་ཀ་མ་ལ་རུ་སྒྲོལ་བར་བྱ། །ཞེས་ཟེར་བ་དང་། གསེར་རྣམས་བཏོན་ཏེ་གྲུར་ཞུགས་མ་ཎི་བགྲངས་པས། མཉན་པ་ན་རེ། ངེད་ཁ་བ་ཅན་གྱི་ཐུགས་རྗེ་ཆེན་པོ་དེ། །མ་ཎི་འདི་ལྟར་བྱེད་པ་ཡིན་ཟེར་ནས་བགྲངས་བྱུང་ཙ་ན། ཡིད་འཛིན་གྱུར་པས། ཐེ་ཚོམ་དུ་གྱུར་ཏེ། ཁྱེད་སུ་ཡིན་ནམ་གསུང་ཞིག་འབྱོན་པར་ཞུ་བྱས་པས། གཉན་པ་ན་རེ། ཚེ་དང་ལྡན་པ་སྔ་འགྲོགས་ཀྱི་དུས་སུ་སྤོབས་པ་མ་མྱུར། གཞུང་འགྲོགས་ཀྱི་དུས་སུ་ཁྲེལ་གཞུང་མ་ཆུང་། ཕྱི་འགྲོགས་ཀྱི་དུས་སུ་ཕྱི་ཐག་མ་ཐུང་བྱ་བ། མ་ནུས་པའི་དུས་ཕན་པ་དང་། དགོས་དུས་སླེབ་པ་བྱ་བ། ཡུན་དུ་འགྲོགས་པ་ལ་དགོས་པ་ཡིན། རིམ་གྱིས་ཤེས་པར་འགྱུར་གསུངས་དེ་མ་ཐག་གྲུ་སྒྲོལ་བ་དང་། ད་ནམ་ཕྱེད་དུ་སོང་། དུག་སྦྲུལ་དང་། ཆོམ་རྐུན་གྱི་འཇིགས་པ་འོང་བས། དོ་ནུབ་བི་ཀྲ་མ་ལའི་སྒོ་སྤེ་འོག་ཏུ་ཉོལ་གསུངས་ནས་གཞན་དུ་སོང་། དེར་སླེབ་པ་ན། རྒྱ་བརྩོན་འགྲུས་སེང་གེ་སྒོ་ཁང་སྟེང་ན་བཞུགས་པས་གསན་ཏེ། ཁྱེད་རྣམས་གང་ནས་འོང་གསུངས། ངེད་རྣམས་མངའ་རིས་སྟོད་ནས་ཡིན་ཞུས་པས། འོ་ན་སྒོ་བ་བྱིས་པ་ཅིག་ཡོད་དེ་ལ་ཁྱེད་རང་གི་ནོར་རྣམས་ཆོལ་ལ་དེར་གཟིམས་གསུངས། དེ་ནས་བྱིས་པ་ལ་གསེར་རྣམས་བཅོལ་བས། བློ་གཏད་ཐུབ་པ་གྲོགས་ཀྱི་མཆོག་བྱ་བ་ཡིན། །ཁྱེད་རང་རྣམས་བག་ཕེབས་པར་གཟིམས་ཟེར། ནངས་པར་སྒོ་ཕྱེ་མ་ཐག བྱིས་པ་གཞོན་ནུ་ཅིག་གིས་བོད་ཀྱི་སྐད་དུ། ཁྱེད་རྣམས་གང་ནས་བྱོན། ལམ་ལ་འཇིགས་པ་མི་འདུག་གམ་ཟེར་བས། ངེད་མངའ་རིས་ནས་འོང་། ལམ་འཇམ་པར་བྱུང་། ཁྱོད་སུ་ཡིན་བྱས་པས། ང་ཡང་བོད་ཅིག་ཡིན། ངེད་རང་བོད་འདི་ཁ་མང་ལ་གཏིང་ལྷོད། གཏམ་ཁམས་ཆེན་སྦེད་མི་ཤེས། བྱ་བ་གལ་ཆེན་གསང་ནས་སྒྲུབ་དགོས་པ་ཡིན། རྒྱ་བརྩོན་སེང་གེ་བོད་ཀྱི་སྤྱི་ཁང་ན་ཡོད་དེར་སོང་ཟེར་ནས། ཁོ་ཡུད་ཀྱིས་སོང་། དེ་ནས་སྲང་རིང་པོ་ཅིག་ལ་ཕྱིན་ཙ་ན་དྲང་སྲོང་རྒན་པོ་ཆུ་ཤིང་གི་འཁར་བ་ཐོགས་པ་ཅིག་དང་འཕྲད་པས། དེ་ན་རེ། ཁྱོད་གང་ནས་འོང་། གང་དུ་འགྲོ། དོན་ཅི་ལ་འོངས་ཟེར་བས། ངེད་བོད་མངའ་རིས་ནས་ཨ་ཏི་ཤ་སྤྱན་འདྲེན་དུ་འོངས་པ་ཡིན། རྒྱ་བརྩོན་སེང་གི་ཁང་པ་གང་ན་ཡོད་བྱས་པས། ཁོ་འཁར་བ་ལ་རྟེན་ནས་ཕྱིར་མིག་གཅུ་བ་ཅིག་བྱས། ད་ནངས་ཀྱི་བྱིས་པ་དེ་བདེན། བོད་ཀྱི་མི་ལ་ཨོལ་མདུད་མེད་པས། སྲང་ནང་གི་མི་འཁྱམས་པོ་ཚུན་ལ་ཡིན་ཚུལ་སང་ངེ་འཆད་པ། ཁྱོད་ཀྱིས་ཀྱང་དོན་འགྲུབ་ཏུ་རེ་བ་ཨང་། ད་ལན་ངའི་རྩར་བྱས་པས་དྲག །ད་ཇོ་བོ་མིན་པ་གཞན་གྱི་རྩར་ཁར་མ་འདོན། རྒྱ་བརྩོན་སེང་ལ་ཟུར་ཙམ་ཟེར་ནའང་རིགས། སྒོ་ངས་བསྟན་ཟེར་ནས་ཁོ་ག་ལེ་སོང་བའི་ཕྱི་ལ། ལོ་ཙཱ་བས་མགྱོགས་པོས་མ་སླེབ། ཁོ་བོད་ཀྱི་སྤྱི་ཁང་སྒོར་བསྒུགས་འདུག་པས། ལོ་ཙཱ་བ་ཡ་མཚན་ཞིང་ཐེ་ཚོམ་དུ་གྱུར་པ་དང་། ཁོ་ན་རེ། བྱ་བ་ཆེན་པོ་བསྒྲུབ་པ་ལ་གོ་ལོ་མགྱོགས་པ་ཡིན། འདོད་ཐག་མ་ཉེ་བར་རི་བོ་འགས་ཀྱིས་འཛེགས། ཁང་པ་འདི་ཡིན་ཟེར། ནང་དུ་ཕྱིན་པ་ན། ལོ་ཙཱ་བ་རྒྱ་བརྩོན་སེང་རྒྱ་དཔེ་ཚན་ཅིག་གཟིགས་ཀྱིན་འདུག་པ་ལ། ཕྱག་རྟེན་གསེར་མཚོན་བྱེད་རེ་ཕུལ་བས། ལོ་ཙཱ་བས་ཁྱེད་རྣམས་དོན་ཅི་ལ་འོངས་གསུངས། དེ་ལ་གོང་གི་ལོ་རྒྱུས་རྣམས་ཞིབ་པར་ཞུས་པས། ཁོང་གི་ཞལ་ནས་ད་ཨ་ཏི་ཤ་གདན་འདྲེན་དུ་ཡོང་སྐད་ཡེ་མ་ཟེར། སློབ་གཉེར་ལ་ཡོང་ཟེར་བ་སྨྲོས། འདི་ན་གནས་བརྟན་རཏྣ་ཨ་ཀ་ར་དབང་ཆེ་བས། དེས་ཚོར་དུ་ཡེ་མི་བཏུབ། ད་ལྟ་རང་ཁོང་ལ་གསེར་སྲང་ཕྱེད་ཕུལ་ལ། དེར་བོད་ནས་འོང་པཎྜི་ཏ་ནི་སྤྱན་མ་དྲོངས་ད་ཁྱེད་ཀྱིས་པཎྜི་ཏ་དང་ཁྱད་མེད་པའི་སློབ་གཉེར་གཅིག་ཐུགས་ལ་འདོགས་པ་ཞུ་ཞེས་ཞུས། དེ་ནས་ཀྱང་རིང་རིང་དང་བློ་མ་ཕེབས་པར་མ་བྱེད་པར། སློབ་གཉེར་གྱིས་ལ་སོས་གདོལ། དེ་ནས་འོ་ཅག་ཐབས་མཁས་པས་ཇོ་བོ་ལ་ཞུ་བ་བྱེད་པ་ཡིན་གསུངས། དེ་ནས་ནག་ཚོ་ལོ་ཙཱ་བ་ཅི་གསུངས་བལྟ་བའི་ཆེད་དུ། མགོན་པོ་ཨ་ཏི་ཤ་ཅིས་ཀྱང་གདན་མ་འདྲོངས་ན། དེའི་འོག་ནས་གང་ཆེ་བའི་པཎ་ཆེན་གཅིག་གདན་དྲངས་ན་ཞུས་པས། ལོ་ཙཱ་བའི་ཞལ་ནས། དེ་འདྲ་སོ་སྒོར་མ་འདོན། དེ་ཡིན་ན་ན་ནིང་ནས་པཎ་ཆེན་ཞིག་ལ་ཅིག་ཆེ་བ་ཉི་ཤུ་ཙམ་གདན་དྲངས་ནའང་འདྲོངས་ཏེ། འོ་སྐོལ་བོད་ཀྱི་སེམས་ཅན་གྱི་སྤྱོད་གཤིས་རྒྱུས་མེད་དམ་ཨ་ཏི་ཤ་མ་གཏོགས་སུས་ཀྱང་བོད་ཀྱི་སེམས་ཅན་མི་ཐུལ་བས། ད་དུང་ཨ་ཏི་ཤ་རང་གདན་ཅི་འདྲོངས་བྱེད་དགོས་གསུངས། གཞན་པཎྜི་ཏ་ཅི་འདྲ་ཡོད་ཞུས་པས། འདི་ལྟར་ཤནྟི་པ། ནཱ་རོ་པ། ཌོམྦྷི་པ། མར་མེ་མཛད་བཟང་པོ། ཨ་ཝ་དྷུ་ཏི་པ། བྱང་ཆུབ་བཟང་པོ། རིན་ཆེན་བཟང་པོ། རིན་ཆེན་རྡོ་རྗེ། ལྷའི་བློ་གྲོས། ངག་དབང་གྲགས་པ། ནག་པོ་པ། ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བ། རོལ་པའི་རྡོ་རྗེ། ས་འགེབས་པའི་ཞབས། ཡེ་ཤེས་གསང་བ། ཆོས་ཀྱི་བཤེས་གཉེན། ཚུལ་ཁྲིམས་དབང་པོ་ལ་སོགས་པ་པཎྜི་ཏ་བསམ་གྱིས་མི་ཁྱབ་པ་ལྔ་བཅུ་རྩ་གཉིས་ཙམ་ཡོད་ཀྱང་། ཐམས་ཅད་རང་ས་རང་ས་ན་ངོ་མཚར་ཆེ་མོད། འོ་སྐོལ་བོད་ལ་མགོན་པོ་ཨ་ཏི་ཤ་མིན་པས་ཕན་པ་མེད་གསུངས། འོ་ན་ཨ་ཏི་ཤ་སྟོན་པར་ཞུ་དང་ཞུས་པས། ཁྱོད་རང་ནངས་པར་དགེ་འདུན་གྱི་ཀུན་དགའ་ར་བར་དགེ་འདུན་སྟོང་ཕྲག་མང་པོ་འོང་གི དེའི་ནང་ན་ལྷང་ངེ་། ལྷམ་མེ་བ། སྐུ་བལྟ་བས་ཆོག་མི་ཤེས་པ། གྲལ་གང་དུ་བཞུགས་ཀྱང་མཛེས་པ་ཞིག་ཡོད་ཀྱི། དེ་ཨ་ཏི་ཤ་ཡིན་པས། དེ་ལ་ཉིན་མཚན་དུ་གསོལ་བ་ཐོབ་གསུངས། དེ་ནས་རྒྱ་བརྩོན་སེང་དཔོན་སློབ་གཉིས་ཀྱིས་གནས་བརྟན་རཏྣ་ཨ་ཀ་རའི་དྲུང་དུ་ཕྱིན། ཕྱག་བྱས་གསེར་སྲང་ཕྱེད་ཕུལ་ཏེ་རྒྱས་བསླབས་པ་བཞིན་ནག་ཚོས་ཞུས་པས། གནས་བརྟན་གྱི་ཞལ་ནས། ཤིན་ཏུ་ལེགས། ཚེ་དང་ལྡན་པ་འདི་ལྟར་ཡིན། ངེད་འདིར་མི་ལ་ཙག་པ་མིན་ཏེ། འདི་ན་ཨ་ཏི་ཤ་མེད་ན་རྒྱ་གར་སངས་རྒྱས་ཀྱི་བསྟན་པའི་འབྱུང་གནས་ཡིན་པས། འདི་ཉམས་ན་སེམས་ཅན་སྤྱིའི་བདེ་སྐྱིད་ཉམས་འགྲོ་བ་ཡིན་མོད། དེའི་རྒྱུ་མཚན། རྒྱ་གར་གྱི་ཆོས་སྲོལ་དང་། གཙུག་ལག་ཁང་ཐམས་ཅད་ཀྱི་ལྡེ་མིག་ཨ་ཏི་ཤའི་ཕྱག་ན་ཡོད་པ་ཡིན། དེ་མིན་ན་ངེད་ཀྱང་བོད་ཀྱི་སེམས་ཅན་ལ་སེམས་བརྩེ་ཞིང་། ཁྱད་པར་དུ་བོད་ཀྱི་ཆོས་རྒྱལ་དེའི་མི་ནོར་མང་པོ་ཟད་པས་ངོ་གནོང་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་བསམ་པ་ཡིན་ན་བརྩོན་འགྲུས་དྲག་པོས་སངས་རྒྱས་ཀྱི་བསྟན་པ་རབ་འབྱམས་ལ་སློབ་གཉེར་གྱིས་ངས་ཀྱང་ཕྱིས་སུ་ཅི་འགྲོ་བྱེད། ཁྱེད་བོད་རྒྱ་གར་བ་ལ་འདི་ལྟར་སེམས་པ་ངོ་མཚར་ཆེ། ཞེས་གསུངས། དེ་ནས་གནས་བརྟན་གྱིས་ཁྲིད་དེ་དགེ་འདུན་གྱི་གདུགས་ཚོད་གྲལ་དུ་ཕྱིན་ཨ་ཏི་ཤ་གྲལ་གྱི་དབུ་ལ་བཞུགས་སམ་སྙམ་པ་ལ། ཤནྟི་པ་བཞུགས་འདུག་པ། འདི་ཨ་ཏི་ཤ་ལགས་སམ་བྱས་པས། ཚེ་དང་ལྡན་པ་འདི་ནི། ཤནྟི་པ་ཞེས་པ་མཁས་གྲུབ་ཆེན་པོ་ཨ་ཏི་ཤའི་ཡང་བླ་མ་དེ་ལགས་མོད་ཟེར། དེ་ལྟར་རྗེ་བཙུན་ནཱ་རོ་པ་ལ་སོགས་པ་གྲལ་གྱི་དབུ་ལ་འདུག་པ་ལ་རེ་རེ་བཞིན་འདི་ཨ་ཏི་ཤ་ཡིན་ནམ། ཞེས་དྲིས་པས། འདི་ནཱ་རོ་པ་ཞེས་པ་དིང་སང་འགྲན་ཟླ་དང་བྲལ་བ་ཨ་ཏི་ཤའི་ཡང་བླ་མ་ཡིན་ཟེར། གཞན་དུ་ཨ་ཏི་ཤ་མ་མཐོང་པས་ཡིད་ཞུམ་པ་ན། དུས་རེ་ཞིག་བི་ཀྲ་མ་ལའི་རྒྱལ་པོ་ཁྲི་བཤམས་པའི་སྟེང་ན་འདུག་པ་པཎྜི་ཏ་ཆེ་ཆུང་གང་ལའང་ལང་བ་མི་བྱེད་པར་སྣང་བ་ལ། ཨ་ཏི་ཤ་སྐུ་གཟི་བརྗིད་ཆེ་ཞིང་ཞལ་འཛུམ་ཆགས་པ། ཅམ་པོར་གཤེགས་པ་ཅིག་ནང་དུ་བྱོན་པ་དང་། རྒྱལ་པོ་དེས་ཁྲི་ལས་ལངས་པས། པཎྜི་ཏ་དང་དགེ་འདུན་ཐམས་ཅད་ཀྱིས་ལྡང་བ་བྱས། གྲལ་སྟོད་དུ་བཞུགས་པ་མཐོང་བས། འདི་ཨ་ཏི་ཤ་ཡིན་ནམ་དྲིས་པས་ཅི་ཟེར། འདི་དཔའ་བོ་བཞད་པའི་རྡོ་རྗེ་ཞེས་པ་གནས་ངེས་མེད་དུ་བྱོན་པའི་པཎྜི་ཏ་གཅིག་ཡིན་ཟེར། འདི་ལ་ཡོན་ཏན་ཇི་ཙམ་ཡོད་བྱས་པས། འདིའི་ཡོན་ཏན་གྱི་ཚོད་ངེད་ཀྱིས་མི་ལོན་ཟེར་ནས། ཨ་ཏི་ཤ་ཡིན་པ་ལ་འཆད་མ་ཉན། དེ་ནས་ནག་ཚོས་གཙུག་ལག་ཁང་གི་སྒོ་དྲུང་དུ། ཤེས་རབ་སྙིང་པོའི་མེད་ཀྱི་ཐད་དུ། གཟུགས་ཧ། ཚོར་བ་ཧ་བྱས་པས། པཎྜི་ཏ་གཞན་རྣམས་ཅང་མི་གསུང་བ་ལ། ཇོ་བོ་བྱོན་ཞལ་འཛུམ་མཛད་དེ། ཚེ་དང་ལྡན་པ་དེ་ཕལ་སྐད་ཡིན། གཟུགས་ཨ། ཚོར་བ་ཨ་ཟེར་བ་ཡིན་གསུངས། ནངས་པར་དེ་ལྟར་བཏོན་པས། ཇོ་བོའི་ཞལ་ནས། དེ་ཡང་གྱོང་པོ་ཅིག་ཡོང་པར་སྣང་། སྤྱན་རས་གཟིགས་ཀྱི་གསུང་ཡིན་གཟུགས་མེད་ཚོར་བ་མེད་གྱིས་གསུངས་པས། ལྷག་པར་དད་དེ་རྗེས་སུ་འབྲངས་པ་ན། སྤྲང་པོའི་ཚོགས་ལ་ཟན་གནང་བ་མཐོང་བས། བྱིས་པ་ཅིག་གི་སྐལ་བ་ཆད་དེ་ཕྱི་ལ་བརྒྱུག་ཅིང་། ཨ་ཏི་ཤ། བྷ་ལ་ཧོ། བྷ་ཏ་འོན། ཞེས་པ་ཐོས་པས། ཨ་ཏི་ཤ་ཡིན་ངེས་སྙམ་ནས་ཡུས་ཀྱིས་དངངས་ཏེ་ཕྱི་ལ་ཕྱིན་པས། དེར་བཞུགས་ཏེ། ཚེ་དང་ལྡན་པ་བདེན། མཆི་མ་མ་འབྱིན། ཁྱེད་བོད་ངས་ད་དུང་བློས་བཏང་བ་མེད་ཀྱིས། དཀོན་མཆོག་ལ་གསོལ་བ་ཐོབ་གསུངས། དེ་ནས་ལན་གཅིག་རྒྱའི་གཟིམ་ཁང་དུ་ཚུལ་ཁྲིམས་རྒྱལ་བས། ཇོ་བོ་སྤྱན་དྲངས་ནས་གསེར་སྲང་བདུན་བརྒྱ་མཎྜལ་དང་བཅས་པ་ཕུལ། ཇོ་བོ་སྤྱན་འདྲེན་པ་ལ་བོད་ཀྱི་མི་ནོར་སོང་བ་དང་། ཆོས་རྒྱལ་ཁུ་དབོན་གྱིས་ཁྱེད་ཀྱི་ཕྱོགས་སུ་དཀའ་བ་སྤྱད་ལུགས། བོད་ན་ཆོས་ལོག་ཡོད་ཚུལ་ལ་སོགས་པ་ལྷ་བཙུན་པས་ཞུ་བ་བསྐུར་བ་རྣམས་རྒྱ་བརྩོན་འགྲུས་སེང་གེས་རྒྱས་པར་སྙན་དུ་གསོལ་ཏེ། ད་ཡང་ཚེ་དང་ལྡན་པ་འདི་ཇོ་བོ་སྤྱན་འདྲེན་པ་ལ་བཏང་བར་འདུག་པས། མགོན་པོ་ངེད་གཉིས་ཀྱིས་ཇི་ཙམ་པའི་དཀའ་བ་ཅིག་སྤྱད་ཀྱང་། འདོད་པའི་དོན་མ་གྲུབ་པ་ངེད་བོད་ཀྱི་སེམས་ཅན་རྣམས་སྙིང་མི་རྗེའམ། ལྷག་པར་ཡང་གུང་ཐང་པ་འདི་རབ་ཏུ་བྱུང་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཐོས་བསམ་མ་གཏོགས། མི་འགྲུབ་པའི་བྱ་བ་མ་བབས། ད་ལན་ཅིས་ཀྱང་འབྱོན་པར་མཛད་དུ་གསོལ་ཞུས་པས། ཇོ་བོའི་ཞལ་ནས། ཁྱེད་ལོ་ཙཱ་བ་རྣམས་ཤིན་ཏུ་བདེན། བོད་ཀྱི་ཆོས་རྒྱལ་དེའི་མི་ནོར་མང་པོ་སོང་བས་ངོ་གནོང་། ཁོ་བོ་སྙིང་རྗེ་ཆུང་པ་མིན་ཀྱང་བསྟན་པའི་བྱ་བ་ཆེས། གཙུག་ལག་ཁང་བརྒྱ་རྩ་བརྒྱད་ཀྱི་ལྡེ་མིག་དང་ཆོས་འཕྲོ་ཡང་མང་པོ་ཡོད་ན་ཡང་རྒས་པས་ཐོན་པར་དཀའ་མོད། འོན་ཀྱང་བོད་ཀྱི་ཆོས་རྒྱལ་ཁུ་དབོན་དང་། ལོ་ཙཱ་བ་རྣམས་ཀྱི་དཀའ་སྤྱད་ཆུད་མ་ཟོས་པ་ཞིག་བྱ་ཡིས། རེ་ཞིག་གསེར་རྣམས་ཚགས་མཛོད། ངེད་འབོད་དུ་འོང་སྐད་མ་ཟེར། ལོ་ཙཱ་མཁས་པར་སློབས་གསུངས། དེའི་ནུབ་མོ་ཇོ་བོས་རྗེ་བཙུན་མ་སྒྲོལ་མ་ལ་མཎྜལ་ཕུལ་ཏེ། བོད་དུ་ཕྱིན་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ནམ། རྒྱལ་པོ་བྱང་ཆུབ་སེམས་དཔའི་ཐུགས་དགོངས་རྫོགས་སམ། ལུས་སྲོག་གི་བར་ཆད་དུ་མི་འགྱུར་རམ། ཞེས་ཞུས་པས། སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཞིང་། རྒྱལ་པོའི་ཐུགས་དགོངས་རྫོགས། ཁྱད་པར་ཨུ་པ་སི་ཀ་གཅིག་ལ་བརྟེན་ནས་འགྲོ་བ་མང་པོ་ལ་ཕན་པས། ཐེ་ཚོམ་མེད་པར་བོད་དུ་བཞུད། ཅེས་ལུང་བསྟན། དེ་ནས་ཇོ་བོའི་ཞལ་ནས་རྡོ་རྗེ་གདན་དུ་ལྡེང་གསུངས་པས། དེར་ཕྱིན་པ་ན་བྱིས་པ་གཞོན་ནུ་དར་དཀར་གྱི་གོས་གྱོན་པ། ཤེལ་གྱི་མདའ་གཞུ་ཐོགས་པ་ཞིག་བྱུང་སྟེ་ཕྱག་འཚལ་ཞིང་ད་མགོན་པོ་བོད་དུ་བྱོན་པར་ཞུ། བོད་ཀྱི་ཚེ་དང་ལྡན་པ་འདི་ཀུན་སྙིང་རྗེ་མོད་ཟེར་ཏེ་སོང་། ཇོ་བོ་ལ་བོད་སྐད་སྨྲ་བའི་བྱིས་པ་དེ་སུ་ཡིན་ཞུས་པས། ནངས་པར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ནས་རྣལ་འབྱོར་མ་གཅིག་ཡོང་པས། དེ་ལ་དྲིས་པས། ནངས་པར་རྣལ་འབྱོར་མ་ཀྲྀཥྞ་སྐེད་ལ་དཀྲིས་པ། ཌཱ་མ་རུ་དཀྲོལ་ཞིང་གར་སྟབས་ལིང་ངེ་བ་ཞིག་བྱུང་པ་ལ། ཁ་སང་གི་ལོ་རྒྱུས་དྲིས་པས། ཁྱེད་བོད་ཀྱི་མི། ངེད་རྒྱ་གར་བ་ལ་འདྲི་བ་ཟེར་ནས་སོང་། ཡང་ཇོ་བོ་བྱང་ཆུབ་ཆེན་པོའི་དྲུང་ན་བཞུགས་པའི་གཡས་གཡོན་ན། ཁ་སང་གི་བྱིས་པ་དེ་དང་། བུ་མོ་སྔོ་ལྗང་མ་གཅིག་འདུག་པས། ལོ་ཙཱ་བའི་རྟོག་པ་ལ་འདི་གཉིས་ཀྱི་དབུས་སུ་ཇོ་བོ་བཞུགས་མི་ཐང་པ་ལ་སྙམ་པ་དང་། བུ་མོ་ན་རེ། རྒྱལ་བའི་མདུན་ན་རྒྱལ་སྲས་བཟང་པོ་སྐྱོང་། །རྒྱལ་བར་གནས་ཀྱང་མ་རྒྱལ་ལྟ་བུར་སྟོན། །རྒྱལ་བའི་མཛད་པ་མཐར་ཕྱིན་འགྲོ་བའི་མགོན། །རྒྱལ་བ་ཡབ་སྲས་གཉིས་ལ་ཕྱག་འཚལ་ལོ། །ཟེར། བྱིས་པ་ན་རེ། གང་དུ་རྒྱལ་བའི་རྣམ་ཐར་སྐྱོང་བ་ན། །བུ་མོ་ཁྱོད་ཀྱང་བདག་གི་ཁྱིམ་འོང་ཞིང་། །བུ་དང་ལོངས་སྤྱོད་དཔལ་འབྱོར་སྤེལ་བ་དང་། །དགའ་བར་འགྲོགས་ཤིང་བར་ཆད་བསལ་འཚལ་ལོ། །ཧེ་ཧེ། ད་ཇོ་བོ་ཡང་བོད་དུ་འབྱོན་རན་ཟེར་ནས་ཁོང་གཉིས་གཞན་དུ་སོང་། སྤྲུལ་པ་ཞིག་ཡིན་པར་ཤེས་ནས། ཇོ་བོ་ལ། ངེད་བོད་ནས་འཕགས་ནས་ཕན་ཐོགས་ཀྱི་སྤྲུལ་པ་ཟམ་མ་ཆད་པ་ཞིག་བྱུང་བ་དེ་རྣམས་ཀྱང་གསུང་པ་དང་། ཕར་གཤེགས་པའི་གོ་ཆ་ཡང་མྱུར་དུ་མཛད་པ་ཞུ་ཞུས་པས། ཇོ་བོའི་ཞལ་ནས། བི་ཀྲ་མའི་ཕོ་བྲང་གི་ལྷོ་སྒོ་ན་བུ་མོ་རས་འཐག་པ་ཞིག་ཡོད། དེ་ལ་དྲིས་གསུངས། དེར་ཕྱིན་ནས་དྲིས་པས། ཁྱེད་བོད་ན་དགེ་བསྙེན་གྲགས་ཆེ་བ་ཇི་སྐད་བྱ་བ་ཡོད་ཟེར་བས། དགེ་གཉེན་ཆོས་འཕེལ་བྱ་བ་ཡོད་བྱས་པས། མོ་ན་རེ། ཨུ་པཱ་སི་ཀ་དེ་ཨ་ཏི་ཤའི་སྲས་པོ་མ་ལགས་སམ། དུས་རྣམས་རྟག་ཏུ་སྤྲུལ་པ་བསྟན་པ་ཡིན། །ཞེས་སོགས་གླུ་བླངས་པས། བལ་པོ་རྫོང་གི་མི་རང་ནས། ཁ་སང་གི་བྱིས་པ་བུ་མོ་གཉིས་ཀྱི་བར་རྣམས་དགེ་བསྙེན་ཆོས་འཕེལ་གྱི་སྤྲུལ་པར་སྣང་བ་ལ་སྙམ་ནས་སེམས་ངལ་སོས་པར་གྱུར། དེ་དུས་ཇོ་བོ་ཉིད་ལ་བླ་མ་དུ་ཧ་ར་ནག་པོ་བྱ་བས། ས་སྤྱད་རིན་པོ་ཆེ་འཕྲུལ་གྱི་མེ་ལོང་ཇོ་བོ་ལ་གནང་ནས། ཁྱོད་བོད་དུ་འགྲོ་བར་འདུག གདན་ས་བྱང་སྐྱབས་པ་ལྷོ་གཞོལ་བ། རྩི་ཤིང་ནགས་ཚལ་དང་ལྡན་པ་ཞིག་འོང་། ཁྱོད་ཀྱི་བུ་སློབ་མང་པོས་དགེ་འདུན་གྱི་སྡེ་དང་། གཙུག་ལག་ཁང་མང་པོ་བཞེངས་པར་འགྱུར། དེ་ཙ་ན་འདི་དགོས་པ་ཡིན་གསུངས། དེ་ནས་རིམ་པ་ལྟར། བླ་མ་དྷརྨཱ་རཀྵི་ཏ། རྗེ་བཙུན་ཌོམྦྷི་བ། བླ་མ་ཨ་ཝ་དྷུ་ཏི་པ། ཀུ་སུ་ལུ། རིག་པའི་ཁུ་བྱུག ཡི་དམ་ལྷའི་ལུང་བསྟན་ཇི་སྙེད་ཅིག རྣམ་ཐར་རྒྱས་པ་རྣམས་སུ་འབྱུང་བ་ལས། ཕྱོགས་ཙམ་ཞིག་འདིར་བཤད་ན། ལན་ཅིག་དཀྱིལ་འཁོར་༼བསྒྲུབ་མཆོད་༽ཅིག་ལ་ཞུགས་པ་ན། །རྡོ་རྗེའི་གར་དང་མཆོད་པ་ཕུལ་བའི་ཚེ། །མ་ཅིག་རང་བཞིན་དབྱིངས་ཀྱི་རྣལ་འབྱོར་མ། །རུས་པའི་རྒྱན་ཆ་གསོལ་ནས་གར་དུ་བྱོན། །ཧཱུཾ་ཞེས་རྣམ་དག་རྡོ་རྗེ་ཀླུར་བླངས་ནས། །མི་མངོན་དབྱིངས་ནས་ཚོགས་གཉིས་དཔལ་འབྱོར་བའི། །དཔའ་བོ་ཆེན་པོ་དམ་ཚིག་རོལ་པའི་ལྷ། །ཁྱབ་བདག་རིན་ཆེན་ཚོགས་ཀྱི་བདག་པོ་ཁྱེད། །ཡེ་ཤེས་གསང་བའི་རྡོ་རྗེ་མ་ལགས་སམ། །ཁྱོད་ཀྱིས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །བྱང་ཕྱོགས་རྒྱུད་ཀྱི་མཐའ་འཁོབ་མ་བཏུལ་ན། །ལས་ཀྱི་དཔའ་བོ་ཆེན་པོར་མི་རུང་བས། །མྱུར་དུ་རི་བོ་གངས་ཆེན་རྒྱུད་དུ་སོང་། །དེ་ན་རིགས་གསུམ་མགོན་པོའི་སྤྲུལ་པ་ཡོད། །གཅིག་ནི་བྲུཾ་རྗེ་སྤྲུལ་པའི་ཆོས་འཕེལ་ལོ། །གཅིག་ནི་རྔོག་སྟོན་ལེགས་པའི་ཤེས་རབ་བོ། །གཅིག་ནི་ཁུ་སྟོན་བརྩོན་འགྲུས་གཡུང་རུང་ངོ་། །གཞན་ཡང་ཐུབ་པ་མཆོག་གིས་བྱིན་བརླབས་པའི། །སྤྲུལ་པའི་དགེ་སློང་ཤིན་ཏུ་མང་བར་ཡོད། །དེ་དག་ཐམས་ཅད་ཁྱོད་ཀྱི་སྲས་སུ་འགྱུར། །གངས་ཅན་རྒྱུད་དེར་བསྟན་པ་དར་བར་བྱེད། །དེར་སོང་ཆོས་ཀྱི་བྱ་བ་འདི་ལྟར་མཛོད། །རྡོ་རྗེ་ཐེག་པ་ནང་དུ་དར་བར་མཛོད། །གཞུང་ལུགས་རྒྱ་མཚོ་ཕྱི་རུ་དར་བར་མཛོད། །བསླབ་གསུམ་རྣམ་དག་རང་རང་དར་བར་མཛོད། །ལས་ཅན་བརྟགས་ཤིང་བཅུད་ཀྱིས་སྨིན་པར་མཛོད། །ཚིག་གི་སྤྲོས་པ་མཐའ་ནས་ཆོད་པར་མཛོད། །ཤེས་རབ་རྟོགས་པ་ནང་ནས་རྒྱས་པར་མཛོད། །འཕྲིན་ལས་བཟང་པོ་ཕྱོགས་མཐར་ཁྱབ་པར་མཛོད། །གདུལ་བྱ་ཡོངས་ལ་ཕྱོགས་རིས་མེད་པར་མཛོད། །སྒོ་གསུམ་ཐུབ་པ་ཆེན་པོ་བརྟན་པར་མཛོད། །གཉེན་པོ་མི་གཡོ་མགོན་པོ་ཚུགས་པར་མཛོད། །འགྲོ་དྲུག་ཐུགས་རྗེ་ཆེན་པོར་བརྩེ་བར་མཛོད། །འགྲོ་བའི་སྡུག་བསྔལ་ཐམས་ཅད་སྒྲོལ་བར་མཛོད། །བསླབ་པ་གསུམ་གྱིས་ཉིན་མཚན་ཕྱུག་པར་མཛོད། །ལྷ་ཆོས་བདུན་གྱི་འབྱོར་བས་ཕྱུག་པའི་ཚེ། །གསང་སྔགས་ལྷུན་གྱིས་གྲུབ་པར་མཆིས་འོ་ཨང་། །ཞེས་གསུངས་པ་ལ། དེ་ལྟར་བླ་མ་དང་ཡི་དམ་རྣམས་ཀྱིས་བོད་ཁ་བ་ཅན་དུ་འབྱོན་པར་ལུང་བསྟན་པ་ན་ཡང་། ཨ་ཏི་ཤ་རང་ཉིད་བསྟན་པའི་བྱ་བ་ལ་གཞི་ཆེས་པ་དང་། གནས་བརྟན་རཏྣ་ཨ་ཀ་ར་ལ་སོགས་པ། ཇོ་བོ་བོད་དུ་བྱོན་པ་ལ་མི་དགའ་བ་རྣམས་ཀྱིས་ཚོར་དོགས་པ་དང་། རྡོ་རྗེ་གདན་གྱི་རྒྱལ་པོ་ལ་སོགས་པ་མི་རེ་རེ་ཙམ་གྱིས་བཤོལ་བཏབ་པས། གཙུག་ལག་ཁང་མཆོད་ཅིང་ཡམ་ཡོམ་དུ་ལུས་པ་ན། ལན་ཅིག་ཇོ་བོ་རྡོ་རྗེ་གདན་དུ་བྱོན་པའི་རྗེས་སུ་ལོ་ཙཱ་བ་གཉིས་ཀྱིས་བྱོན་ནས། ཞབས་ལ་གཏུགས་ཏེ་གདོང་མཆི་མས་གང་བཞིན་དུ་གསོལ་བ་ཡང་ཡང་བཏབ་པས། ཇོ་བོས་ཀྱང་བོད་དུ་འབྱོན་པའི་ཐག་ཆོད་ཀྱི་ཞལ་བཞེས་དང་། གཙུག་ལག་ཁང་གི་གཉེར་གཏད་ཐམས་ཅད་མཛད་དེ། གཞན་གྱི་མིག་བྲིད་པའི་ཕྱིར་རེས་གར་གཤེགས། རེས་འགའ་གཤེགས་པ་ལྟར་མཛད་ནས། བོད་དུ་འབྱོན་པར་ཆས་པ་ན་སྐུ་གསུང་ཐུགས་ཀྱི་རྟེན་དང་། དཔེ་རྣམས་སྤྲུལ་པའི་མི་གཉིས་ཀྱིས་གཡག་ཁྱུ་གཅིག་དེད་བྱུང་སྟེ། ས་ཐག་རིང་པོར་འགྲོ་བ་ལ་ཟར་སྔ་དགོས་པ་ཡིན་ཟེར་ནས་དྲངས་སོང་། ནངས་པར་ཇོ་བོས། གནས་བརྟན་རཏྣ་ཨ་ཀ་ར་ལ། བོད་འདི་རྣམས་ལ་གནས་ཆེན་རྣམས་ཀྱི་གཙུག་ལག་ཁང་སྟོན་པ་དང་། མཆོད་པ་རེ་སྐྱེལ་དུ་འགྲོ་བས་བདེ་བར་བཞུགས་པ་ཞུ་གསུངས་པས། གནས་བརྟན་གྱི་ཞལ་ནས་དེ་ལྟར་ལེགས། ངེད་ཀྱང་རྗེས་སུ་འཇུག་པར་ཞུ་ཟེར་ནས། གནས་ཆེན་མང་དུ་བྱོན་པའི་རྗེས་སུ། གནས་བརྟན་ཆེན་པོ། ངེད་མི་དྲའི་གཙུག་ལག་ཁང་དུ་འགྲོ་བས། ཁྱོད་ཤུགས་ཐག་རིང་པོ་ལ་འོ་བརྒྱལ་གསུངས་པས། གནས་བརྟན་གྱི་ཐུགས་ལ། ད་བོད་དུ་འབྱོན་པར་སྣང་སྙམ་ནས། ནག་ཚོ་ལ་ཚེ་དང་ལྡན་པ་ཁྱོད་སློབ་གཉེར་ལ་འོང་ཟེར་ནས་ངའི་པཎྜི་ཏ་རྐུར་འོང་པར་སྣང་། འོན་ཀྱང་བོད་ཀྱི་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་དེ་ལ་སེམས་བརྩེ་ཞིང་། དེའི་མི་ནོར་མང་པོ་ཆུད་ཟོས་པ་དང་། ཁྱོད་ཀྱང་ངའི་སློབ་མ་ཡིན་པས་ལོ་གསུམ་སྤྱན་དྲོངས། དེ་ནས་ཚུར་སྤྱན་མ་དྲངས་ན་རྒྱ་གར་ཡང་བསྟན་པ་ནུབ་པ་ཙམ་དུ་འགྲོ་བ་ཡོད་གསུངས་པས། ནག་ཚོས་ཀྱང་ཁས་བླངས། དེར་ཇོ་བོའི་ཞལ་ནས་གསེར་སྲང་རྣམས་ཁྱེར་ཤོག་གསུངས་ནས། ཆ་བཞིར་བགོས་ཏེ་བླ་མ་རྣམས་དང་། དགེ་འདུན་སྤྱི་དང་། བི་ཀྲ་མའི་རྒྱལ་པོ་དང་། གཙུག་ལག་ཁང་རྣམས་ལ་བསྔོས། གཏད་གཉེར་ཐམས་ཅད་རཏྣ་ཨ་ཀ་ར་ལ་མཛད་དེ་ཕྱིར་ལྡོག་གོ །དེ་ཡང་ཇོ་བོ་དགུང་ལོ་ང་བདུན་བཞེས་པ་སྟག་གི་ལོ་ལ་རྒྱ་གར་ནས་བཏེགས། ཁ་ཅིག་ང་དགུ་བཞེས་པའི་ལྕགས་ཕོ་འབྲུག་ལ་བཏེགས་པ་དང་། ཁ་ཅིག་དགུང་ལོ་རེ་གཅིག་ལ་བཏེགས་པར་འདོད་དེ། སྔ་མ་འཐད་པར་སེམས་སོ། །དེ་ནས་ཇོ་བོ་དཔོན་སློབ་མི་དྲའི་གཙུག་ལག་ཁང་ནས་རྒྱ་གར་གྱི་སའི་མཐའ་ལ་བྱོན་པ་ན། མུ་སྟེགས་ཀྱི་གཅེར་བུ་པ་བཅོ་བརྒྱད་ཙམ་རྫུ་འཕྲུལ་གྱིས་ང་རྒྱལ་ལ། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བ་ལ་ཕྲག་དོག་གིས། དེར་རྫུ་འཕྲུལ་གྱིས་ལྷགས་ནས། ཇོ་བོ་དཔོན་སློབ་རྣམས་ལ་བར་ཆད་བྱེད་པར་བརྩམས་པས། ཇོ་བོས་སྒྲོལ་མའི་བསྐྱེད་རིམ་གྱིས། རེངས་པར་བྱེད་པའི་ཇག་ཆིངས་མཛད་དེ། ཐམས་ཅད་ལྡེར་བཟོ་བཞིན་དུ་སོང་། དེ་ནས་བལ་པོའི་མཐར་ཕེབས་པ་ན། མུ་སྟེགས་བསམ་པ་ངན་པས་རང་ཕུང་བར་བྱས་པ་ཡིན་གསུངས་ནས་བྱེ་མ་ལ་སྔགས་བཏབ་སྟེ་ཚོང་པ་ལ་བསྐུར་ནས། ལམ་ཁ་ན་གཅེར་བུ་བ་འདི་འདྲ་བ་ཡོད་པས་བྱེ་མ་འདི་ཐོར། ལངས་འོང་གིས་བྲེད་མི་དགོས། ངེད་ཀྱིས་བཅིངས་པ་ཡིན་གསུངས། ཚོང་པ་རྣམས་ཀྱིས་དེ་ལྟར་བྱས་པ་གྲོལ་ཏེ་སོང་ངོ་། །དེ་ནས་འཕགས་པ་ཤིང་ཀུན་ཏུ་ཕྱགས་ཕེབས་པ་ན་རྒྱ་གར་ནས་ཁྱེར་བའི་དངོས་སྤྱད་རྣམས་དང་། ལྷ་བཙུན་པའི་བསུ་བ་གཙོ་བོ་མི་དྲུག་ཀྱང་དེར་སླེབས། དཀོན་མཆོག་མཆོད་པ་དང་། བོད་ལུགས་ཀྱི་གདན་གྱི་བཀོད་པ་བཟང་པོ་བཤམས། ཇོ་བོ་ཏ་ལའི་བསིལ་གྲིབ་ལ་གྲལ་གྱི་གུང་ལ་སྤྱན་དྲངས། གཙོ་བོ་གསུམ་པ་བྱ་བས། དཀར་ཡོལ་འབྲུག་རྒྱབ་གསེར་སྲང་ལྔ་རི་བ་ཇ་བཙོ་མས་བཀང་སྟེ་ཕུལ་བས། འདི་ལ་ཅི་ཟེར་གསུངས། བོད་ཀྱི་རབ་ཏུ་བྱུང་བའི་བཏུང་བ་ཇ་ཟེར་ཞུས་པས་ཤིན་ཏུ་མཉེས། ཇ་བུ་རམ་སོགས་ཀྱིས་བསྙེན་བཀུར། གཙོ་བོ་མི་དྲུག་གིས་རྟ་མཆོག་དཀར་པོ་མཐོང་སྨོན་རླུང་གཤོག་བྱ་བ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་དང་། དར་དཀར་པོ་ཡུག་རེ་ཕུལ། དེར་དགེ་བསྙེན་ཆོས་འཕེལ་གྱི་སྤྲུལ་པ་འབྲོག་ཕྲུག་ཅིག་གིས། ལི་ཡུལ་ནས་ཇོ་བོ་འཇམ་དཔལ་རྡོ་རྗེ། ལིའི་རྒྱལ་པོའི་ཞུ་ཡིག་དང་བཅས་ཏེ་ཕེབས་པས། ཇོ་བོའི་ཞལ་ནས། རྟེན་འབྲེལ་ཐམས་ཅད་ལེགས་གསུངས་ཏེ་ཤིན་ཏུ་མཉེས། དུས་དེར་ལོ་ཙཱ་བ་རྒྱ་བརྩོན་སེང་བསྙེལ་བའི་ཚུལ་བསྟན་ནས། ད་ནི་ཨུ་པཱ་སི་ཀ་ཡོད། །ང་ནི་རང་བཞིན་གནས་སུ་འགྲོ །མི་ལ་ཡིད་ཆེས་མི་སྐྱེ་བས། །ཤི་བ་སྐད་དུ་དུར་དུ་སྐྱོལ། །ང་ནི་འོད་གསལ་སེམས་ཀྱི་ལུས། །འབྱུང་གནས་དེ་ལ་ཐིམ་ནས་འགྲོ །རྒྱ་བོད་གཉིས་སུ་བྱ་བ་བྱས། །ཁ་བ་ཅན་དུ་གཅིག་གིས་ཆོག །ཅེས་གསུངས་ཏེ་མཁའ་སྤྱོད་དུ་གཤེགས་སོ། །དེ་ནས་ཇོ་བོ་དཔོན་སློབ་བལ་པོའི་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱིས་སྤྱན་དྲངས། ཇོ་བོའི་ཆིབས་གླང་པོ་ཆེ་མཐོང་སྨོན་བྱ་བ་རྒྱལ་པོས་གནང་སྟེ། ང་ཐང་འདིར་བྷི་ཧ་ར་ཞེས་པའི་གཙུག་ལག་ཁང་བཞེངས་པས། འབྱོར་པ་ཅི་དགོས་པ་དང་། རྒྱ་གར་དང་བོད་ཀྱི་རབ་ཏུ་བྱུང་བའི་གྲངས་འཛུགས་པའི་རྒྱུ་བྱིན་ཅིག ཅེས་གསུངས་པས། རྒྱལ་པོ་དད་དེ་ཞབས་སྤྱི་བོར་བླངས། གང་བཞེད་པ་ཐམས་ཅད་བསྒྲུབ་པར་དམ་བཅས། སྲས་པདྨའི་སྙིང་པོ་ཕུལ་ནས་རབ་ཏུ་བྱུང་། མཚན་ལྷའི་དབང་པོར་བཏགས། མཁས་པར་གྱུར་ནས། ཕྱིས་ཐང་བྷི་ཧ་རའི་མཁན་པོ་མཛད་དོ། །དེ་ནས་ཨ་ཏི་ཤ་དཔོན་སློབ་རྣམས་བལ་བོའི་རྒྱལ་པོས་སྐྱེལ་ཐུང་པ་རྟ་པ་བརྒྱས་བསྐོར་བ་དང་བཅས་ཏེ་བལ་པོ་རྫོང་ལ་ཕྱགས་ཕེབས་པ་ན། དེར་ལྷ་བཙུན་པའི་རྟ་པ་སུམ་བརྒྱ་ཙམ་བསུ་བ་ལ་གོས་དཀར་པོ་འབའ་ཞིག་གྱོན། རྒྱན་ཐམས་ཅད་ཀྱང་དཀར་པོ་འབའ་ཞིག་བྱས། བློན་པོ་ཆེན་པོ་ལྷའི་དབང་ཕྱུག་དང་། ལྷའི་བློ་གྲོས་དང་། ལྷའི་ཤེས་རབ་དང་། ལྷའི་སྲིད་འཛིན་ཞེས་བྱ་བ་བཞི་ལ་དར་མདུང་དཀར་པོ་ཐོགས་པ་བཅུ་དྲུག་བཅུ་དྲུག་གིས་བསྐོར། གཞན་ཐམས་ཅད་ལ་ཡང་བ་དན་ཆུང་ངུ་རེ་དང་། ཆུ་དར་གྱི་གདུགས་ཉི་ཤུ་དང་། པི་ཝཾ་དང་། གླིང་བུའི་སྒྲ་སྙན་པོ་ཁྲོལ་བ་དང་། དཔོན་གཡོག་ཐམས་ཅད་ཀྱང་ངག་མཐུན་པར་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་འགྱུར་རོ། །ཞེས་པའི་ཁ་བརྡ་བཟང་པོ་བྱེད་པ་དང་། ཨ་ཏི་ཤ་ལ་གནོད་པའི་ཕས་རྒོལ་ཐམས་ཅད་བདག་གིས་གཞོམ་པར་བྱའོ། །ཞེས་དཔའ་བསྐྱེད་པ་དང་། ཐམས་ཅད་རྟ་ལས་མི་འབབ་པར་གྲལ་སྒོར་མོ་ཞིག་བྱས་ཏེ། དབུས་སུ་ཨ་ཏི་ཤ་ཆིབས་མཐོང་སྨོན་རླུང་གཤོག་གི་སྟེང་ན་བཞུགས་ཏེ་པཎྜི་ཏ་གཞན་དང་ཕན་པ་བཟང་པོ་དང་། པཎྜི་ཏ་བིརྻ་ཙནྜ་དང་། པཎྜི་ཏ་ཡེ་ཤེས་སྒྲོན་མེ་དང་། ལོ་ཙཱ་བ་གུང་ཐང་པ་ལ་སོགས་པ་རབ་ཏུ་བྱུང་བའི་རྟ་པ་སུམ་ཅུ་རྩ་ལྔས་བསྐོར་བ་དབུས་སུ་བཞུགས་པ་ལ་མི་རྟ་ཐམས་ཅད་ཀྱིས་མགོ་ནང་དུ་འདུད་ཅིང་། བློན་པོ་ཆེན་པོ་བཞིས་དབུས་སུ་འོང་སྟེ། སྔོན་རྒྱལ་པོ་ཡོན་མཆོད་ཞལ་འཛོམ་པའི་ཐོག་མར། མཁན་པོ་བོ་དྷི་ས་ཏྭའི་དྲུང་དུ། བློན་པོ་རིག་པ་ཅན་རྣམས་ཀྱིས་ཟེར་མའི་གླུ་བླངས་པ་ལྟར། བློན་པོ་རྣམས་ཀྱིས་གླུ་མཛད་པ་ནི། ལོ་ཞེས་བྱ་བ་གྲགས་སྟོང་སྙན་པའི་གླུ་དབྱངས་ལོ། །ཨ་ཞེས་བྱ་བ་སྐྱེ་བ་མེད་པའི་གནས་ལུགས་ཡིན། །ལེ་ཞེས་བྱ་བ་སྣང་སྟོང་ཟུང་དུ་འཇུག་པའི་གླུ། །མ་ཞེས་བྱ་བ་བྱམས་པའི་འགྲོ་བ་ཡོངས་ལ་ཁྱབ། །ལོ་དེ་ཞེས་པ་དེ་ཙམ་ཐུགས་ལ་བཞག་འཚལ་ལོ། །ཨ་ལོ་ལ་ཞེས་པ་སྐྱེ་བ་མེད་ཀྱང་གཏམ་འདི་གསོན། །ཁྱེད་རྒྱ་གར་ཡུལ་ནས་བྱོན་པའི་མཁས་གྲུབ་པཎྜི་ཏ། ཡིད་བསམ་པ་བཞིན་དུ་འགྲུབ་པའི་ནོར་བུ་རིན་ཆེན་བཞིན། །བོད་གསོལ་བ་འདེབས་པའི་རྟེན་དུ་བྱོན་པ་བཀའ་དྲིན་ཆེ། །ཞེས་པ་ནས། ངེད་སྙིང་སྟོབས་ཆེན་པོའི་ལྷ་བཙུན་དྲུང་ནས་འོངས། །ལུས་རྐང་པའི་མཐིལ་ནས་ཚངས་པ་མན་ཆད་འདི། །སེམས་གུས་དང་བཅས་ཏེ་བླ་མ་ཁྱེད་ལ་འབུལ། །ལྷ་ཁྱེད་ཀྱི་འཕྲིན་ལས་གང་དགོས་ངེད་ཀྱིས་བསྒྲུབ། །རྗེ་རྒྱལ་པོའི་མངའ་རིས་དཔལ་གྱི་གཙུག་ལག་དེ། །ཐུགས་མི་སྐྱོ་མི་བསྙེལ་རང་ཡུལ་ལགས་པར་འབྱོན་པར་ཞུ། །ལྷ་བཙུན་བྱང་ཆུབ་འོད་དེ་ལྷ་དབང་བརྒྱ་བྱིན་ལྟར། །འཁོར་ཉེ་དབང་ལྟ་བུས་བཀུར་གནས་མཛད་ཅིང་ལྷམ་མེ་བཞུགས། །ལོ་ཨ་ལེ་མ་ལོ་དེ་ཨ་ལོ་ལ། །ཞེས་བློན་པོ་རྟ་པ་སུམ་བརྒྱ་དང་བཅས་པས། རྗེའི་སྙན་དུ་གླུ་དབྱངས་དེ་ཕུལ་བ་དང་། ཨ་ཏི་ཤ་ཆིབས་ཀྱི་སྟེང་ན་ཁྲུ་གང་ཙམ་འཕགས་ཏེ། སྐུའི་དཀྱིལ་འཁོར་མཚན་དཔེས་སྤྲས་པ་ཞལ་འཛུམ་པ་དང་བཅས་པས། ཨ་ཏི། ཨ་ཏི། ཕ་ལ་ཕ་ལ། ཤིན་ཏུ་བཀྲ་ཤིས། ཞེས་སོགས་དང་། འདི་ལྟར་རྒྱན་དཀར་བ། གོས་དཀར་བ། ཚིག་ཐམས་ཅད་དམ་པའི་ཆོས་སུ་འབྱུང་བ། བློན་པོ་འདི་དག་གི་ལུགས་ཀྱི་ཆོས་ཀྱི་རྒྱལ་པོ་ལྷ་བཙུན་པ་དེ་ལྷའི་དབང་པོ་བརྒྱ་བྱིན་དང་ཁྱད་པར་མེད་པར་བཞུགས་ངེས། ཞེས་གསུངས། དེ་ནས་བློན་པོ་ཆེན་པོ་ལྷའི་དབང་ཕྱུག་གིས་ཇོ་བོའི་དྲུང་དུ་ཐལ་མོ་སྦྱར་ནས། བསྟན་པའི་བདག་པོ་བོད་དུ་བྱོན་ལགས་སམ་སེམས་ཅན་རྣམས་ལ་བརྩེ་བར་བྱོན་ལགས་སམ། །ཨེ་མ་དུས་གསུམ་འདོམས་པར་བྱོན་ལགས་སམ། །ཤུགས་རིང་ལམ་ལ་བསྙེལ་བར་མ་གྱུར་ཏམ། །ཞེས་ཞུས་ཏེ། སྤྱན་རས་གཟིགས་ཀྱི་སྐུ་རྩ་ཕྱག་བཞི་བཅུ་པ་བྲིས་མ་ཐག་ཅིག་ཕྱག་རྟེན་དུ་ཕུལ་བ་དང་། མགོན་པོ་ཤིན་ཏུ་མཉེས་ནས། དེ་མ་ཐག་རབ་གནས་མཛད་ཅིང་། སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན། །གཞན་ལ་ཕན་ཕྱིར་བརྩོན་པའི་གོ་ཆ་བསྣམས། །ཐུགས་རྗེའི་རང་བཞིན་དྲི་མེད་དཀྱིལ་འཁོར་ཅན། །འགྲོ་བའི་སྡུག་བསྔལ་སེལ་ལ་ཕྱག་འཚལ་ལོ། །དེང་སང་ཁོ་བོ་ཁྱོད་ཀྱི་ཞིང་འདིར་མཆིས། །ཐུགས་རྗེས་འགྲོ་བའི་དོན་དུ་སྐྱོབ་ཏུ་གསོལ། །ཞེས་གསུངས། དེ་ནས་བློན་པོ་གཞན་རྣམས་ཀྱིས་ཀྱང་། རས་ཡུག་དཀར་པོ་རེ་ཕྱག་རྟེན་དུ་ཕུལ་ལོ། །ཇོ་བོའི་ཞལ་ནས། ཁོ་བོ་ད་གཟོད་ཞིང་འདིར་སླེབ་པར་འོང་། །འཁོར་བའི་ནགས་སུ་བདེ་བ་མ་མཆིས་ནའང་། །ཤུགས་རིང་ལམ་ལ་འབྱུང་བཞི་སྙོམས་པར་བྱུང་། །ཆོས་རྒྱལ་འཁོར་བཅས་གཞི་ལ་བདེ་ལགས་སམ། །གསུངས། དེ་ནས་ཐམས་ཅད་ངག་མཐུན་པར། ལྷ་ཆེན་པོ་གདུལ་བྱའི་དབང་གིས་ཞིང་གཞན་དུ་གཤེགས་ནའང་། ཕྱིས་དཀོན་མཆོག་གི་སྐྱབས་འོག་ནས་ལྷ་བཙུན་ཆེན་པོས་དབུ་བགྱིས། བློན་འབངས་ཐམས་ཅད་བཀྲ་ཤིས་པར་ཡོད་ཅེས་ཞུས། དེ་ནས་ཇོ་བོ་ཆེན་པོ་དཔོན་སློབ་རིམ་གྱིས་མཚོ་མ་ཕམ་གྱི་འགྲམ་དུ་ཕྱགས་ཕེབས། དེར་ཆུ་སྦྱིན་མཛད་པ་ལ། གུང་ཐང་པས་གཟིགས་པས། མཚོའི་དཀྱིལ་ན་ཁརྶ་པ་ཎི་བཞེངས་པའི་ཕྱག་གི་མཐིལ་ནས་ཧྲིཿདཀར་པོ་ཅིག་ལས་བདུད་རྩིའི་རྒྱུན་བབས་པས་མཚོ་ལུད་པ་ཙམ་དུ་གྱུར་པ། ཡི་དྭགས་དཔག་ཏུ་མེད་པས་འཐུང་སྟེ་ཚིམ་པར་མཐོང་། དེ་ནས་ཨ་ཏི་ཤ་མཚོ་མ་ཕམ་འགྲམ་དུ་ཕེབས་ཟེར་བ་མངའ་རིས་སྐོར་གསུམ་གྱིས་ཐོས། དེའི་ཚེ་མངའ་རིས་ན་ལོ་ཆེན་རིན་ཆེན་བཟང་པོ་དང་། བལ་པོར་ཧ་སུ་ཞེས་མཉམ་པར་གྲགས་པས། ཨ་ཏི་ཤ་བསྟན་པའི་མངའ་བདག་བལ་པོའི་རྒྱལ་པོ་ལྷ་པས་ཞབས་སྤྱི་བོར་བླངས་པ། བལ་པོ་ཧ་སུས་མ་བཟོད་པར། མངའ་རིས་ན་མར་རྣལ་འབྱོར་འཁྱམས་པོ་གཏང་ནས། ཨ་ཏི་ཤའི་ཆེད་དུ་མི་ནོར་དེ་ཙམ་བཏང་པ་ལས། བལ་པོ་ཧ་སུ་བོས་ན། ད་ཙམ་མི་ནོར་ཆོས་གསུམ་འཛོམ་པ་གཅིག་ཡོང་པར་ཡོད་དེ། ཅེས་བསྒྲགས་ཀྱང་གནོད་པར་མ་ནུས། དེ་ནས་བློན་པོ་ལྷའི་བློ་གྲོས་མངའ་རིས་སུ་ལྷ་བཙུན་པའི་དྲུང་དུ་སླེབས་ནས་ཞུ་བ་མཛད་པ། ཐམས་ཅད་མཁྱེན་པས་བལ་པོར་ཕེབས། བལ་པོའི་རྒྱལ་པོ་འཁོར་དང་བཅས་པས་བསྙེན་བཀུར་ཞིང་། རྒྱལ་པོ་ཡབ་སྲས་རྟ་བ་བརྒྱའི་ཚོགས་དང་། ཨ་ཏི་ཤའི་འཁོར་པཎྜི་ཏ་ཆེན་པོ་གསུམ། གུང་ཐང་པ་ལ་སོགས་པ་སྡེ་སྣོད་འཛིན་པ་སུམ་ཅུ། རྒྱལ་པོ་སའི་ས་གྷ་ཞེས་པ་རྒྱ་གར་ནུབ་ཕྱོགས་ཐམས་ཅད་ཀྱི་བདག་པོ། རྒྱལ་སྲིད་སྤངས་ནས་ཨ་ཏི་ཤའི་ཐུགས་དམ་བསྐུལ་བའི་རྐྱེན་མཛད་དུ་བྱོན་པ། མདོར་ན་བསུ་སྐྱེལ་རྟ་པ་བཞི་བརྒྱ་སུམ་ཅུ་རྩ་ལྔ་ཙམ་མཚོ་མ་ཕམ་པའི་འགྲམ་ན་བཞུགས་ནས་སྐྱེ་བོའི་ཚོགས་དཔག་ཏུ་མེད་པའི་དོན་མཛད་དེ། རིང་པོར་མི་ཐོགས་པར་ཡང་གླིང་གསེར་གྱི་ལྷ་ཁང་དུ་ཕེབས་པར་ཡོད་པས་ཐུགས་དགྱེས་པར་ཞུ་ཞེས་ཞུས་པས། ལྷ་བཙུན་ཆེན་པོ་དགྱེས་པའི་མཐར་ཐུག་ནས། ངས་དད་གུས་མ་ལོག་པར་གསོལ་བ་རྒྱུན་དུ་བཏབ་ནས་ཡུན་རིང་སོང་སྟེ། ད་ཨ་ཏི་ཤ་དང་མཇལ་བ་ཡིན། མདང་རྨི་ལམ་ན། ནུབ་ཕྱོགས་ནས་ཉི་མའི་དཀྱིལ་འཁོར་གཅིག་ཤར་བྱུང་བ་དང་། ཤར་ཕྱོགས་ནས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ཞིག་ཤར་བྱུང་བ་ལྷན་ཅིག་ཏུ་ཚོགས་པས། སྤྲིན་དང་ཁུ་རྡུལ་ཐམས་ཅད་རང་སར་དེངས། སྐར་ཚོགས་གྲ་མ་ཉམས་པར་འདུད་པར་རྨིས་པས། ཟླ་བ་དེ་ང་ཡིན་ནམ་སྙམ་ཡང་། ཤར་ཕྱོགས་ནས་བྱུང་པ། གང་ཡིན་ཀྱང་དེས་གོ་ཆོད་པར་སྣང་། རྨི་ལྟས་ཤིན་ཏུ་བཟང་གསུངས། དེ་ནས་ལྷ་བཙུན་པས་ཡང་གླིང་གསེར་གྱི་ལྷ་ཁང་དུ་རྟ་པ་བཏང་སྟེ། ལམ་པོ་ཆེ་དང་། གནས་ཐམས་ཅད་ལ་བྱི་དོར་དང་། དར་ཟབ་ཀྱིས་བརྒྱན་ཏེ། སྐུ་གསུང་ཐུགས་ཀྱི་རྟེན་དང་། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་གཤོམ་དུ་བཅུག གཞན་ཡང་ཕྱོགས་ཀུན་དུ་ཕོ་ཉ་བཏང་སྟེ། ཇོ་བོ་ལ་བསུ་བའི་ཕྱིར་དུ་སྐྱེ་བོའི་ཚོགས་དང་། སྡེ་དགོན་རབ་ཏུ་བྱུང་བ་ཐམས་ཅད་བསྡུས་པས། ལྷ་བཙུན་པ་ཁུ་དབོན་གྱིས་དཀའ་སྤྱད་དེ་ཙམ་བྱས་པའི་པཎྜི་ཏ་དེ་ཡ་མཚན་པ་ཅི་འདྲ་ཞིག་བལྟའོ་ཟེར་ནས། ལམ་རིང་ཐུང་ཐམས་ཅད་དུ་སྐྱེ་བོའི་ཚོགས་ཆེན་པོ་འདུས། ལྷ་བཙུན་པས་ཀྱང་འཁོར་རྟ་པ་དྲུག་བརྒྱ་དང་ལྷན་ཅིག་ཏུ་བྱོན་ནས། ཇོ་བོ་དཔོན་སློབ་སྤྱན་དྲངས། དེར་ཐམས་ཅད་ཀྱིས་ཇོ་བོ་ལ་བལྟས་པ་ན་པཎྜི་ཏ་དང་། གུང་ཐང་པ་ལ་སོགས་པ་སྡེ་སྣོད་འཛིན་པ་དང་། བལ་པོའི་རྒྱལ་པོ་ལ་སོགས་པའི་དབུས་ན། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ལྷམ་མེར་བཞུགས་པ་མཐོང་བས། སྐྱབས་སུ་མཆིའོ་ཞེས་པ་དང་། ད་ནི་འཇིག་རྟེན་གྱི་མགོན་པོ་བོད་དུ་བྱོན་ནོ། །བདག་ཅག་བོད་ཀྱི་སེམས་ཅན་རྣམས་ལ་ཐུགས་རྗེས་གཟིགས་ཤིག ཞེས་དད་པ་ཕྱོགས་གཅིག་ཏུ་འུར་བ་དང་། ལྷ་བཙུན་པས་ཀྱང་། ཇོ་བོ་ལ། བླ་མ་རྗེ་བཙུན་ཆེན་པོའི་ཞལ་སྔ་ནས། །རྒྱ་གར་ཡུལ་ནས་བོད་ཀྱི་ཡུལ་དུ་བྱོན། །ཤུགས་ཐག་རིང་པ་སྐུ་ཉོན་མ་མོངས་སམ། །འདུ་བ་རྣམ་བཞིའི་སྐུ་བསྙུན་མི་མངའ་འམ། །སྐུ་ཁམས་བདེ་འམ་དགྱེས་པར་སྤྱོད་ལགས་སམ། །སྐུ་གསུང་ཐུགས་ལ་གནོད་པ་མི་མངའ་འམ། །ཞེས་གསོལ་ཏེ། བདག་ཅག་བོད་ཀྱི་སྐྱེ་བོ་ཕལ་ཆེར་ནི། །བླ་མ་དང་བྲལ་རང་དགར་སྨྲ་བ་སྟེ། །ཀླ་ཀློའི་སྤྱོད་པ་མ་རུང་སྤྱོད་པ་རྣམས། །ཨ་ཏི་ཤ་ཡིས་བཟོད་པར་མཛད་དུ་གསོལ། །ཞེས་བོད་སྤྱིའི་བཟོད་གསོལ་དང་། དེ་ནས་ལོ་ཙཱ་བ་ལ། སློབ་དཔོན་ཚུལ་ཁྲིམས་རྒྱལ་བའི་སྤྱན་སྔ་ནས། །རེ་བ་ཆེ་བས་བདག་གི་ཐུགས་དམ་ཞུས། །ཐུགས་ལ་བཏགས་ནས་རྒྱ་གར་ཡུལ་དུ་བྱོན། །དཀའ་བ་མང་པོ་སྤྱད་པ་བཟོད་པར་གསོལ། །ཞེས་གསུངས། དེ་ནས་ཇོ་བོ་བོད་དུ་འགྲོ་དོན་འབྱུང་བར་སྨོན་ལམ་བཏབ་པ་ནི། ཨེ་མ་ཧོ། དགེ་སློང་བྱང་ཆུབ་འོད་བདག་གིས། །རྟག་ཏུ་བསམ་པའི་བླ་མ་སྤྱན་འདྲོངས་པས། །བོད་ཀྱི་ཡུལ་དུ་སྐྱེས་བུ་དམ་པ་འདིའི། །གཞུང་ལུགས་ཤིན་ཏུ་དར་ཞིང་རྒྱས་པར་ཤོག །ཅེས་ཞུས་པས་ཇོ་བོ་མཉེས་ནས། བོད་ཀྱི་སེམས་ཅན་རྣམས་ཁོ་བོ་ལ་འདི་ལྟར་དད་པ་ཆེ་བ། ཕན་བདེའི་འབྱུང་གནས་དཀོན་མཆོག་གསུམ། །ངའི་གདུལ་བྱ་ཐེག་པ་ཆེན་པོའི་རིགས་ཅན་འདི་རྣམས་ལ་ཐུགས་རྗེས་ཟུང་ཞིག གསུངས་ནས། ཁྲོམ་ཐམས་ཅད་ལ་གཟིགས་ཤིང་བྱིན་རླབས་མཛད། དེ་ནས་མཐོ་ལིང་པདྨོ་གླིང་དུ་ཕེབས་ནས། ཨ་ཏི་ཤས། བལ་པོའི་རྒྱལ་པོ་ལ། ཁྱོད་ཀྱི་ཐང་བྷི་ཧ་རའི་གཙུག་ལག་ཁང་དང་། ལྷོ་ཕྱོགས་སུ་དགེ་འདུན་གྱི་འདུ་ཁང་། རྒྱ་བོད་གཉིས་ཀྱི་རབ་ཏུ་བྱུང་བ་ལ་ཆོས་གྲྭ་ལེགས་པར་ཚུགས། དེའི་ས་བརྟགས་པ་སོགས་རྟེན་འབྲེལ་ཐམས་ཅད་ཁོ་བོ་རང་གིས་ཚར་མོད། དེའི་ནང་དུ་དེ་བཞིན་གཤེགས་པའི་སྐུ་དགུང་ལོ་བརྒྱད་པའི་ཚད། སེང་ལྡེང་ལ་རྗེ་བཙུན་མ་སྒྲོལ་མའི་སྐུ། ཙནྡན་གྱེ་ལྡེ་གུ་ལ་སྤྱན་རས་གཟིགས་ཀྱི་སྐུ། གཙུག་ཏོར་དྲི་མེད་ཀྱི་སྐུ་ལ་སོགས་པ་གང་གྲུབ་བཞེངས། དེའི་བཀོད་པ་ལ་པཎྜི་ཏ་གསུམ་གཏོང་བས། ཟླ་བ་དགུའི་ནང་དུ་གྲུབ་པ་གྱིས། རབ་ཏུ་གནས་པ་ཁོ་བོ་རང་ལ་བརྡ་སྦྱོར་གསུངས། དེ་ནས་བལ་པོའི་རྒྱལ་པོའི་འཁོར་བཅས་ཕྱིར་ལྡོག་པ་ན། ལྷ་བཙུན་པས་བསྙེན་བཀུར་ཏེ། རྟ་སུམ་ཅུ་རྩ་གཉིས་དང་། པཎྜི་ཏ་གསུམ་ལ་ཡང་གསེར་སྲང་རེ་ཕུལ་ཏེ། ལྔ་བརྒྱའི་དུས་འདིར་དམ་ཆོས་རྣམ་མང་ཡང་། །ལམ་དུ་འགྲོ་བ་བརྒྱ་ལ་སྲིད་པ་ཙམ། །བླ་མར་བཞུགས་པ་ཤིན་ཏུ་མང་ན་ཡང་། །ཨ་ཏི་ཤ་ཉིད་གཅིག་པུ་ཉིད་དུ་ཟད། །བལ་པོའི་ཐང་ནས་སྐྱེལ་དུ་བྱོན་པ་ལེགས། །ཞབས་སླའི་ཚུལ་དུ་རྟའི་ཚོགས་འདི་དག་འབུལ། །སྐྱེ་རྒ་ན་འཆིའི་ཆུ་བོ་རབ་སོམས་ལ། །རྒྱལ་པོའི་དྲེགས་པ་སྤོངས་ལ་གཞན་དོན་རྟེན། །ཞེས་གསུངས་པས། བལ་པོའི་རྒྱལ་པོ་དགྱེས་བཞིན་དུ་གསེར་སྲང་སུམ་བརྒྱ། སྲས་ལྷའི་དབང་པོའི་ལག་ཏུ་གཏད་དེ། ལྷ་བཙུན་ལ་ཕུལ་ནས། བལ་པོའི་རྒྱལ་པོས་གསོལ་པ། རྒྱལ་རིགས་ལུས་ལ་རྣམ་དག་ཁྲིམས་ལྡན་ཞིང་། །སངས་རྒྱས་བསྟན་ལ་དཔའ་བའི་གོ་གྱོན་ནས། །འཇིག་རྟེན་སྒྲོན་མེ་བོད་དུ་སྤྱན་དྲངས་ཏེ། །ཐམས་ཅད་ཆོས་ལ་འགོད་པ་ངོ་མཚར་ཆེ། །བདག་གིས་བསྐྱེད་པའི་བུ་འདི་རྗེ་ལ་འབུལ། །བསམ་པ་བཟང་པོ་གསེར་དང་འདྲ་བ་འདི། །ཆོས་རྒྱལ་བོད་དུ་ཆོས་གྲྭ་འཛུགས་པ་ལ། །གསེར་སྲང་སུམ་བརྒྱ་རེ་ཞིག་འདེགས་སུ་འབུལ། །སླད་མ་སངས་རྒྱས་བསྟན་པ་དར་བ་དང་། །ཨ་ཏི་ཤ་ཡང་ཕྱོགས་འདིར་ཡུན་རིང་ཞིང་། །བདག་ཀྱང་འཕྲེང་བས་ཡུན་དུ་འགྲོགས་པར་ཞུ། །ཞེས་ཞུས་ཏེ། རྒྱལ་པོ་པཎྜི་ཏ་གསུམ་དང་བཅས་པ་བལ་པོར་བྱོན། དེ་ནས་ཨ་ཏི་ཤ་དཔོན་སློབ་ལྷ་བཙུན་པས་དབུ་བགྱིས། བསུ་བའི་རྟ་པ་དགུ་བརྒྱའི་འཁོར་དང་། རྔ་དང་རྔ་བོ་ཆེ་དང་། སིལ་སྦུག་དང་། དཀར་དུང་དང་། རག་དུང་ལ་ལོ་པཎ་སྤྱན་འདྲེན་གྱི་རྒྱུད་བྱ་བར་གྲགས་ཤིང་། དེ་ལ་སོགས་པ་རོལ་མོའི་ཚོགས་དང་བཅས་ཏེ་རྒྱལ་པོའི་ཕོ་བྲང་དུ་སྤྱན་དྲངས་བསྙེན་བཀུར་ཏེ། བོད་འདིར་ཆོས་ཟབ་ཟབ་པོ་ལས་ཀྱང་། ཐོག་མར་ལས་རྒྱུ་འབྲས་ལ་རྟེན་པའི་ཆོས་ཀྱིས་སྐྱོང་བར་ཞུ་ཞུས་པས། ཇོ་བོའི་ཞལ་ནས། ཆོས་ཀྱི་གནད་གོ་བའི་གཏམ་ཡིན། ནན་ལྟར་ཟབ་པ་ལས་རྒྱུ་འབྲས་ཁོ་ན་ཡིན། ཡི་དམ་གྱི་ལྷ་ཞལ་མཐོང་བ་བས། ལས་རྒྱུ་འབྲས་ལ་ཡིད་ཆེས་ན་དེ་ཉིད་མཆོག་ཏུ་གྱུར་པ་ཡིན་ཏེ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་དང་། བི་ཀྲ་མའི་གནས་བརྟན་གྱི་ལོ་རྒྱུས་གསུངས་ནས། དེ་ལྟར་མཛད་པས་མངའ་རིས་སུ་པཎྜི་ཏ་ལས་རྒྱུ་འབྲས་པར་གྲགས་ཏེ། ཁོ་བོའི་མིང་ཙམ་གྱིས་ཀྱང་བསྟན་པ་ལ་ཕན་པར་བྱས་གསུངས་ནས་མཉེས། དེའི་དུས་བོད་དབུས་གཙང་གི་མཁས་པ་ཕལ་ཆེ་བ་དེར་ཚོགས་ཏེ། ལྟ་བའི་གནད་ལ་སོགས་པ་བསྟན་པ་རིན་པོ་ཆེ་ལས་བརྩམས་པའི་དྲི་བ་མང་དུ་ཞུས་པས། རང་རང་གི་ཐེ་ཚོམ་གྱི་དྲ་བ་ཆོད་པར་མཛད་དོ། །དེ་ནས་ལོ་ཙ་བ་ནག་ཚོས། ད་ནི་ཇོ་བོ་བོད་དུ་ལོ་གཅིག་ལས་མི་བཞུགས་པའི་ཆད་སོ་ཡོད་པས། ཆོས་ཞུ་བ་རྣམས་ཞུས་ཤིག་ཅེས་ལྷ་བཙུན་པ་སོགས་ལ་བསྐུལ་བས། ཇོ་བོ་ལ་ལྷ་བཙུན་པས་གསེར་སྲང་སུམ་བརྒྱའི་མེ་ཏོག་དང་བཅས་ཏེ། བོད་ཀྱི་ཡུལ་འདིར་ཐེག་པ་ཆེན་པོའི་ལམ་ལ་ལོག་པར་རྟོག་པའི་གང་ཟག དགེ་བའི་བཤེས་གཉེན་གྱིས་མ་ཟིན་པ་དག ཕན་ཚུན་རྩོད་ཅིང་། རང་རང་གི་རྟོག་གེས་ཟབ་པ་དང་རྒྱ་ཆེ་བའི་དོན་ལ་སྤྱོད་པ་ལ་རྩོད་ཅིང་། སོ་སོར་མི་མཐུན་པ་དག་མཆིས་པས། དེ་དག་གི་ཐེ་ཚོམ་བསལ་དུ་གསོལ། ཞེས་པ་དང་། གཞན་ཡང་ཐེག་པ་ཐུན་མོང་པའི་དྲི་བ་གཉིས། ཕ་རོལ་ཏུ་ཕྱིན་པའི་དྲི་བ་གཉིས། གསང་སྔགས་ལ་དྲི་བ་གསུམ་ལ་སོགས་པ་མང་དུ་ཞུས་ནས། བྱམས་པ་དང་། ཀླུ་སྒྲུབ་ནས་བརྒྱུད་པའི་གདམས་ངག་བླ་མ་ཉིད་ཀྱིས་ཐུགས་ཉམས་སུ་བཞེས་པ། ཚིག་ཉུང་ལ་དོན་རྒྱས་པ་ཞིག་མཛད་པར་ཞུ་ཞུས་པས་མདོ་སྔགས་གཉིས་ཀའི་གནད་བསྡུས་ནས་སྟོན་པས། བརྗོད་བྱ་ཡོངས་སུ་རྫོགས་པ་དང་། སེམས་འདུལ་བའི་རིམ་པ་གཙོ་བོར་མཛད་པ་ལག་ཏུ་བླང་བདེ་བ་དང་། ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་མཁས་པའི་བླ་མ་གཉིས་ཀྱི་གདམས་པས་བརྒྱན་པ་ལུགས་གཞན་ལས་ཁྱད་པར་དུ་འཕགས་པ། བྱང་ཆུབ་ལམ་གྱི་སྒྲོན་མེ་རྩ་འགྲེལ་མཛད། ཡང་ལྷ་བཙུན་པས། རྒྱུད་གསང་བ་འདུས་པ། མན་ངག་ཡེ་ཤེས་ཞབས་ལུགས་དང་། གཙོ་བོ་སྤྱན་རས་གཟིགས་ཀྱིས་མཛད་པའི་སྒྲུབ་ཐབས་ཞུས་པས། གསང་འདུས་འཇིག་རྟེན་དབང་ཕྱུག་ལྷ་བཅུ་དགུའི་སྒྲུབ་ཐབས་མཛད་དེ་གནང་ངོ་། །དེའི་ཚེ་ལོ་ཙཱ་བ་རིན་ཆེན་བཟང་པོས། རྒྱལ་པོས་སྤྱན་དྲངས་ལུགས། དཀའ་སྤྱད་དུ་མའི་མཐར་སྤྱན་འདྲོངས་ཚུལ་དང་། པཎྜི་ཏའི་ཡོན་ཏན་གྱི་ཁྱད་པར་མཐའ་ཡས་པ། སྔར་ནས་ཀྱང་རང་ཕྱོགས་སུ་བྱོན་ཚུལ་རྣམས་གསན་པས། དུས་དིང་སང་ང་ལས་ཡོན་ཏན་ཆེ་བ་མེད་དམ། པཎྜི་ཏ་བྱོན་ཀྱང་ཞུ་རྒྱུ་ཙམ་མ་མཆིས། ལྷག་པར་ཡང་པཎྜི་ཏ་དེ་འདུལ་ཁྲིམས་དང་མདོ་སྡེ་ལ་རྩལ་དུ་འདོན་པ་གཅིག་འདུག་ཟེར། དེའི་རིགས་ལ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ལུགས་འབྱུང་བ་ཤིན་ཏུ་དཀའ་ལ་གང་ཟག་བཟང་པོ་ཞིག་ཡིན་པར་ཤེས། རྨི་ལྟས་ལ་སོགས་པའང་བཟང་། ཅུང་ཟད་ཅིག་བསུས་ནས་བསྙེན་བཀུར་བ་བབ་སྙམ་དུ་སེམས་པའི། དེ་ནུབ་རྨི་ལམ་ན་མི་རེང་དཀར་པོ་ཞིག་བྱུང་ནས། ཁོ་བོ་སེམས་ཅན་གྱི་དོན་ལ་བྱས་ཡུས་ཆེ། འོན་ཀྱང་རྒྱལ་བ་སྤྱན་འདྲེན་པ་ལ་དཀའ་སྤྱད་དུ་མ་བྱས། ད་དུང་མི་ཤེས་པ་ཡང་ཞུ་རྒྱུ་མང་པོ་མཆིས། ལོ་ཙཱ་བ་ཐོས་རྟགས་ཞི་ཞིང་དུལ་བ་བྱ་བ་ཡིན། རྒྱ་བོད་ཀྱི་ལོ་པཎ་ཐམས་ཅད་ཀྱི་ཡོན་ཏན་དྲིལ་ཀྱང་པཎྜི་ཏའི་གཞུང་གི་ཡོན་ཏན་མི་རྫོགས། བོད་འདི་ཀུན་མན་ངག་གི་སྣ་རྩེས་འདུལ་བ་ཡིན། མན་ངག་ཐམས་ཅད་བོད་ཀྱིས་མི་ལོན་ཟེར་ནས་གཏམ་དྲི་ལོང་མེད་པར་ཡལ་ནས་སོང་། ལོ་ཙཱ་བ་གཉིད་སད་པ་དང་། པཎྜི་ཏ་དེ་སྙིང་རྗེ་ཆེ་བ་ཞིག་ཡོད་པར་འདུག སྣ་ལ་ཐུགས་རྗེ་ཆེན་པོ་འོང་བ་དེ་བཟང་སྙམ། དེ་ནས་ནངས་པར་ཐག་རིང་པོ་ནས་བསུས་ཏེ། སྐུའི་སྤྱོད་པ་ལ་བལྟས་པས་ཆོག་མི་ཤེས། རིམ་གྱིས་རང་གི་ཁང་པར་སྤྱན་དྲངས་ནས་བསྙེན་བཀུར་བར་བཞེད་པ་ལ། པཎྜི་ཏ་དང་། ཁོང་རང་སྟན་མཉམ་པ་ཙམ་བཤམས། དེ་ནས་པཎྜི་ཏ་ནང་དུ་བྱོན་པ་དང་། ལྷ་ཁང་འོག་ན་ཐེག་པ་ཐུན་མོང་གི་ལྷ་བོད་ལུགས་སུ་བཞེངས་པ་ཡོད་པ་ལ་ཕྱག་ལ་སོགས་པ་སཾསྐྲྀ་ཏའི་སྐད་ཀྱིས་ཡན་ལག་བདུན་པ་མཛད་དེ། ལྷ་རེ་ལ་བསྟོད་པ་ཚིག་བཞི་པ་རེ་མཛད་ཅིང་འདུག དེ་བཞིན་དུ་བར་ཁང་ན་ཐེག་པ་ཆེན་པོའི་ལྷ་སྐུ་མང་པོ་ཡོད་པ་དང་། གསུམ་ཐོག་ན་གསང་སྔགས་བླ་མེད་ཀྱི་ལྷ་སྐུ་མང་པོ་ཡོད་པ་ལའང་ཡན་ལག་བདུན་པ་ཕུལ་ནས། ལྷ་རེ་རེ་ལ་རང་རང་གི་རྒྱུད་དང་མཐུན་པའི་བསྟོད་པ་ཚིགས་སུ་བཅད་པ་ཚིག་བཞི་པ་རེ་མཛད། དེར་ལོ་ཙཱ་བས་སཾསྐྲྀ་ཏའི་སྐད་སྙན་པོ་དེ་ཐོས་པས་སྙན་ངག་ཕུལ་དུ་ཕྱིན་པ་འདུག་པ་དང་། སྔར་མ་གཟིགས་པའི་ལྷ་རིས་རྣམས་ལའང་བསྟོད་པ་མཛད་པས། ཐེག་པ་ཆེན་པོ་ལའང་དེ་འདྲ་ན། དང་ཚུགས་ཉེ་བ་འཁོར་ཡིན་ནམ་སྙམ་པ་ལ་བརྟེན་ནས། རང་གི་སྟན་ལ་འབྲིད་ཐེབས་གསུམ་བྱས། མཐར་སྟན་མེད་པ་ཙམ་དུ་ང་རྒྱལ་སྐྱུངས། དེ་ནས་བསྙེན་བཀུར་ཏེ་ལོ་ཙཱ་བས། རྒྱ་གར་གྱི་ལོ་རྒྱུས་མང་པོ་དྲིས་པས། སྒྲོ་བསྐུར་མེད་པ་ཚར་བ་ལན་དུ་བྱུང་། དེ་ནས་ཡོན་ཏན་གང་ལ་མཁས་ཞུས་པས། ཁྱེད་ཐུན་མོང་པ་ལ་ཟེར་རམ། ཐུན་མོང་མ་ཡིན་པ་ལ་ཟེར་གསུངས། ལོ་ཙཱ་བས་ཐུན་མོང་བ་ལ་ཤིན་ཏུ་མཁས། ཐུན་མོང་མ་ཡིན་ལ་འདྲི་བ་ཡིན་ནམ་གསུང་བར་གོ་ནས། ཐུན་མོང་མ་ཡིན་པ་ལ་ལགས་མོད་ཞུས་པས། ཁོ་བོ་འདི་དང་འདི་ལའང་མཁས་གསུངས་ནས། ལོ་ཙཱ་བས་རྣ་བར་མ་ཐོས་པའང་མང་པོ་བཏོན་ནས་བྱུང་། དེར་ལོ་ཙཱ་བའི་ང་རྒྱལ་ཐམས་ཅད་ཞི། དེ་ནས་པཎྜི་ཏའི་ཞལ་ནས། འདུ་བླ། མདོ་སྡེ། མངོན་པ། གསང་སྔགས་ལ་སོགས་པ་དུ་མ་ལས་བརྩམས་ཏེ། འདི་ཤེས་སམ་འདི་ཤེས་སམ་ཞེས་དྲིས་པས། ཁོ་བོ་དེ་ལའང་མཁས་ཟེར་བ་མིན་པ་མ་བྱུང་། པཎྜི་ཏ་དེ་ལ་ཤིན་ཏུ་མཉེས་ནས་ཁྱེད་ལྟ་བུ་ཡོད་པ་ལ་ཁོ་བོ་བོད་དུ་འོང་མི་འཚལ་བ་འདུག་པ་ལ་ཞེས་པའང་གསུངས། ཡང་ལོ་ཙཱ་བ་དེ་དག་ཐམས་ཅད་གདན་ཐོག་གཅིག་ཏུ་ཧྲིལ་ནས་ཉམས་སུ་ལེན་པ་ཇི་ལྟར་བྱེད་གསུངས་པས། ལོ་ཙཱ་བ་ན་རེ། ཐེག་པ་མ་འདྲེས་སོ་སོར་གསལ། །བྱ་བ་ཁྱེད་ལ་མ་འདྲེས་པར། །རང་སར་ཉམས་སུ་ལེན་ལགས་མོད། །ཞུས་པས། ཇོ་བོའི་ཞལ་ནས། ལོ་ཙཱ་བ་ངན་པར་ཐལ། བོད་ལ་ཁོ་བོ་དགོས་པར་འདུག་གསུངས་ནས་ལན་གཞན་མི་སྨྲ་བར་བཞུགས། དེའི་ནུབ་མོ་ལོ་ཙཱ་བས་ནམ་ཐུན་གསུམ་དུ་བགོས་ནས། གནས་གསུམ་དུ་རིམ་གྱིས་ཐེག་པའི་མཐོ་དམན་དང་བསྟུན་ཏེ་བསྒོམས་པས། ཁོང་གི་སྤྱོད་པ་ཐམས་ཅད་པཎྜི་ཏས་མཁྱེན་ནས། ནངས་པར་ལོ་ཙཱ་བ་ཙབ་ཏ་ཙོབ་ཏ་མང་པོས་ཅི་བགྱི། གང་ཟག་དམ་པ་རྡོ་རྗེའི་གདན་ནོན་དགོས་པ་ཡིན་གསུངས། དེར་ལོ་ཙཱ་བས། ཐེག་པའི་ཉམས་སུ་ལེན་ལུགས་ཞུས་པས། ལོ་ཙཱ་བ། དེས་མི་འོང་གསུངས། འོ་ན་ཁྱེད་རང་ཇི་ལྟར་མཛད་ལགས་ཞུས་པས། ཅི་ཟེར། གནས་གར་སྡོད། གྲོགས་སུ་དང་འགྲོགས། སྤྱོད་ལམ་ཅི་བྱེད་ཀྱང་འདུལ་ཁྲིམས་ལ་གཞི་བྱས་ལ། སེམས་ཅན་ཐམས་ཅད་མ་ཡིན་པས་དེར་བསྒོམ་དགོས། མ་ལྟར་དག་སྣང་སྦྱོངས། ལྷ་སྐྱེ་མེད་ཡིན་པས་དེར་སྒོམས། འདྲིལ་མ་ཤེས་ན་སྙིང་པོ་མི་ལོན་ཞེས་གསུངས་ནས། འདི་སྐད་དུ། ཁྲིམས་ནི་ཡོན་ཏན་ཀུན་གྱི་གཞིར། །རང་གི་སྟོན་པས་ལེགས་པར་གསུངས། །སྙིང་རྗེ་ཆེན་པོ་དང་འབྲེལ་བའི། །བྱང་ཆུབ་སེམས་ནི་མཆོག་ཏུ་བསྔགས། །བཟང་རྟོག་མཚན་མས་མ་བཅིངས་པའི། །བསྐྱེད་རྫོགས་ཟུང་འབྲེལ་ངེས་འཚང་རྒྱ། །སྐྱེས་བུ་ཆུང་དང་ཆེར་གྱུར་པའི། །བྱ་བ་འདི་ཡིན་འབྲིང་པོ་ལའང་། །མི་རྟག་བརྩོན་པས་བསྐུལ་བ་གཅེས། །རང་དགའ་སྤངས་ནས་རྒྱལ་བའི་བཀའ། །རྒྱས་པར་འབྱེད་པ་མཁས་པ་ཡིན། །སྙིང་པོར་བསྡུས་ནས་ཉམས་ལེན་པའི། །སྐྱེས་བུ་དེ་ནི་བཟང་པོར་གྲགས། །ལས་འབྲས་ཁྱད་དུ་མི་གསོད་པའི། །བག་ཡོད་ཅན་དེ་བཙུན་པར་བཞེད། །ཀུན་ཤེས་གཅིག་སྡུག་མཁས་པའི་སྐྱོན། །ལག་ལེན་མི་བྱེད་འཆལ་བ་ཡིན། །བླང་དོར་མི་བྱེད་བཙུན་པོའི་གསོག །ཤེས་པར་མཛོད་ཅིག་རིན་ཆེན་བཟང་། །ཐུགས་རྗེ་ཆེན་པོས་བསྐུལ་བར་ཟད། །ཅེས་གསུངས། ལོ་ཙཱ་བས་དམ་པར་ཤེས་ནས། ལྷ་ཡི་ལྷར་གྱུར་པཎྜི་ཏ། །རྣམ་དག་སྐུ་མཆོག་ཁྲིམས་ཀྱིས་སྤྲས། །དོན་གཉིས་འབྱོར་པའི་ནོར་གྱིས་ཕྱུག །གྲོལ་ནས་འདྲེན་པར་ཁོ་བོས་འཚལ། །ཁོ་བོའི་ལུང་རིགས་སྒྲོན་མེ་ཡིས། །སྦས་པ་ཁྱོད་ཀྱི་ཡོན་ཏན་མཐོང་། །སྔོན་ཆད་ཚིག་དང་འགལ་ན་ཡང་། །ད་ནི་ཁྱོད་བཞིན་ཉམས་སུ་ལེན། །ཞེས་བསྟོད་དོ། །གཞན་ཡང་མདོ་སྔགས་ཀྱི་ཆོས་རང་རང་གི་སྐལ་བ་དང་འཚམས་པར་གནང་སྟེ། བོད་ལོག་པར་ལྟ་བ་ལུང་རིགས་ཀྱིས་ཚར་བཅད། ཐེ་ཚོམ་ཟ་བ་སྤང་བླང་གི་མིག་ཕྱེ་ནས་བསྟན་པ་ཆེས་གསལ་བར་མཛད་དོ། །དེ་ལྟར་ན་ཇོ་བོ་ཆེན་པོས་ཆོས་ཀྱི་རྒྱལ་པོ་ལྷ་བཙུན་པ་སོགས་ཀྱི་ཐུགས་དགོངས་རྫོགས་པར་མཛད་ནས། བལ་པོའི་རྒྱལ་པོ་པཎྜི་ཏ་དང་བཅས་པས་གཙུག་ལག་ཁང་བཞེངས་ཚར་བའི་ཞུ་བ་བྱུང་སྟེ་འབྱོན་དུ་ཉེ་བ་ན། ཇོ་བོ་ཆེན་པོ་དགུང་ལོ་རེ་གཅིག་བཞེས་པའི་དུས། བླ་མ་དང་ཡི་དམ་གྱིས་ལུང་བསྟན་པའི་བཤེས་གཉེན་སྟོན་པ་རང་ལོ་སོ་དགུ་བཞེས་པ། དང་པོར་ཡང་གླིང་གསེར་གྱི་ལྷ་ཁང་དུ་མཇལ་ནས་བྱིན་གྱིས་བརླབས་པའི་ཚུལ་སྟོན་པའི་རྣམ་ཐར་གྱི་སྐབས་སུ་འབྱུང་ལ། དེ་ནས་བཤེས་གཉེན་སྟོན་པ་དང་། ལྷ་བཙུན་པས། ཇོ་བོ་རྒྱ་གར་དུ་འབྱོན་དུ་མ་སྟེར། དབུས་ཀྱི་རྒྱལ་ཁམས་སུ་བསུ་བ་གནད་ལ་དགར་བའི་སྤྲིང་ཡིག་ཚིགས་སུ་བཅད་པ་བཅུ་དགུ་པ་བཏང་། བོད་སྟོན་རྣམས་ལ་སློབ་རིང་ལ་ཐབས་དུ་མས་ཇོ་བོའི་ཐུགས་དང་བསྲིངས་ཏེ། རྒྱ་དཔེ་རྟེན་གསུམ་ལ་སོགས་པའི་གཞི་ཐམས་ཅད་བལ་པོར་མ་བཀུར། དེའི་དུས་ཇོ་བོའི་ཕྱག་ཕྱིར་གུང་ཐང་པ། སའི་ས་ཀ ཨུ་པཱ་སི་ཀ ཨེ་ལ་བྷ་རི་ལ་སོགས་པ་དཔོན་སློབ་ཉི་ཤུས་བལ་པོར་བྱོན་ནས། མུ་སྟེགས་བཅིངས་པའི་མཆོད་རྟེན་ནག་པོ་བཞི་མཛད། ཨུ་པཱ་སི་ཀས། བཀྲ་ཤིས་པའི་མཆོད་རྟེན་དཀར་ཆེན་ཞེས་པ་ཆེ་བ་གཅིག་བཞེངས། གུང་ཐང་པས། ཇོ་བོ་ཡབ་སྲས་ཞལ་སྤྲོད་ཀྱི་རས་བྲིས་ཆེ་བ་གཅིག ཨུ་པཱ་སི་ཀས། ཇོ་བོའི་སྐུ་ལ་ལྷ་བཙུན་པ་དང་། གུང་ཐང་པ་ལྡེམ་དུ་བྱས་པ་གྱང་རིས་ལ་བཀོད་དེ་རབ་གནས་ལ་སོགས་པ་ཞག་ཉི་ཤུ་རྩ་གཉིས་ལ་ཚར་བར་མཛད་དོ། །དེ་ནས་ཇོ་བོ་རྒྱ་གར་དུ་འབྱོན་པར་བཞེད་ཀྱང་། ཨུ་པཱ་ས་ཀ་དང་། བོད་ཀྱི་བསོད་ནམས་ཀྱི་མཐུས། སླར་ཡང་མང་ཡུལ་དུ་བྱོན་ནས། ལྷ་ཁང་ཀེང་རུ་བྱ་བ་བཞེངས། དེ་ནས་ལྷ་བཙུན་པས་དབུས་སུ་སྤྱན་དྲངས་ཏེ་ལས་སྟོད་དུ་ཕེབས། བོད་སྟོན་རྣམས་ཀྱང་དེར་བྱོན། གཙང་གི་ས་ཆ་རྣམས་སུ་བོད་ཀྱི་རྡོ་རྗེ་གདན་དཔལ་ས་སྐྱ་དང་། སྣར་ཐང་ལ་སོགས་པ་ལུང་བསྟན་མང་དུ་མཛད་དེ། ལོ་ཕྱེད་བཞུགས། དེ་ནས་བསམ་ཡས། ཐང་པོ་ཆེ། ལྷ་ས་རྣམས་སུ་ལྷ་བཙུན་བོ་དྷི་རཱ་ཛ། ཁུ་སྟོན་རྔོག་ལེགས་ཤེས་རྣམས་ཀྱིས་རིམ་གྱིས་སྤྱན་དྲངས་ནས་ཆོས་མང་དུ་གསུངས། གསང་ཕུ་ལ་སོགས་པ་ལུང་བསྟན། ཁྱད་པར་ལྷ་སར་ཀ་བ་བུམ་པ་ཅན་གྱི་ཉེ་འཁོར་ནས་རྒྱལ་རབས་ཀ་བཀོལ་མ་མཁའ་འགྲོས་ལུང་བསྟན་ནས་བཏོན། དེ་ནས་རྔོག་བྱང་ཆུབ་འབྱུང་གནས་གྱིས་ཡེར་པར་སྤྱན་དྲངས། དུས་དེར་བཀའ་གདམས་གླེགས་བམ་གྱི་ཞུ་ལན་ཕལ་ཆེ་བ་རྔོག་གིས་ཞུས་ནས་གནས་དེར་མཛད། དེ་ནས་དཔང་སྟོན་གྱིས་སྙེ་ཐང་དུ་སྤྱན་དྲངས། ལོ་ངོ་དགུ་བཞུགས་པའི་ལོ་དྲུག་གི་བར་ལ་འགྱུར་མང་པོ་དང་། རྒྱུད་སྒྲུབ་ཐབས། མན་ངག་སོགས་གང་ལ་གང་འདུལ་གྱི་ཆོས་གསུངས། རིན་པོ་ཆེ་སྣ་ལྔའི་མེ་ཏོག་གི་ཆར་བབས། ལོ་གསུམ་མམ། ངོ་བཞིར་མཁའ་འགྲོའི་དབུས་སུ་རྡོ་རྗེའི་གླུ་རྣམས་གསུངས། དེ་རྣམས་སུ་ཡང་ཡི་དམ་དཔག་ཏུ་མེད་པའི་ཞལ་གཟིགས་པ་སོགས་རྒྱས་པར་ལམ་ཡིག་ཏུ་གསལ་ལོ། །མདོར་ན་གངས་རིའི་ཁྲོད་དུ་བསྟན་པ་སྔ་དར་ལ་མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨ་སམྦྷ་བ། སློབ་དཔོན་ཀ་མ་ཤི་ལ་རྣམས་བཀའ་དྲིན་ཆེས་ཤིན་ཏུ་ཆེ་ལ། བསྟན་པ་ཕྱི་དར་ལ། ལྟ་སྤྱོད་ལོག་པར་སྨྲ་བ་འགའ་ཞིག་ཤིང་རྟ་ཆེན་པོའི་གཞུང་རྣམས་ལ་ཉམས་ལེན་གྱི་གནད་མེད་པའི་བཤད་ཆོས་སུ་བསམ་ཞིང་། ཉམས་ལེན་སྙིང་པོའི་དོན་སྟོན་པའི་མན་ངག་ཟུར་དུ་ཡོད་པར་འདོད་པས། བཤད་པ་དང་སྒྲུབ་པའི་ཆོས་དོན་ཐ་དད་དུ་འཛིན་པ་དང་། སྡོམ་པ་གསུམ་འགལ་བར་བསམས་ནས་ཚུལ་ཁྲིམས་ཀྱི་བསླབ་པ་ཁྱད་དུ་གསོད་པ་དང་། ལམ་ཕྱོགས་རེ་བས་ཐར་པ་ཐོབ་པར་འདོད་པ་རྣམས་འགོག་པ་ལ། དཔལ་ལྡན་ཨ་ཏི་ཤ་ཉིད་ཁ་བ་ཅན་པ་ཐམས་ཅད་ལ་བཀའ་དྲིན་ཆེ་བ་ཡིན་ཏེ། རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་། ཐོགས་མེད་གཉིས་ཀྱི་ལམ་སྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་སར་འགྲོ་བའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱི་ཉམས་སུ་བླང་བའི་རིམ་པ་མ་ཚང་བ་མེད་པར་བསྡུས་པ་བྱང་ཆུབ་ལམ་གྱི་སྒྲོན་མེའི་སྒོ་ནས་སྐལ་བ་དང་ལྡན་པ་རྣམས་རིམ་གྱིས་སངས་རྒྱས་ཀྱི་སར་ཁྲིད་པའི་ལམ་མ་ནོར་བ་གསལ་བར་མཛད་པས་བཀའ་དྲིན་ཆེ་བ་ཡིན་ནོ། །དེ་ཡང་སྤྱིར་རྒྱལ་བའི་ལུང་གི་བསྟན་པ་ཐམས་ཅད་སྡེ་སྣོད་གསུམ་དུ་འདུ་བས། རྟོགས་པའི་བསྟན་པ་ཡང་བསླབ་པ་གསུམ་དུ་འདུ་ལ། ཚུལ་ཁྲིམས་ཀྱི་བསླབ་པ་ནི། ཏིང་ངེ་འཛིན་གྱི་བསླབ་པ་སོགས་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གསུངས་ཤིང་། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་སོགས་ལ་གཙོ་བོར་སློབ་པ་བྱང་ཆུབ་སེམས་དཔའི་ལམ་དངོས་ཡིན་ཞིང་། རྡོ་རྗེ་ཐེག་པ་ཉམས་སུ་ལེན་པ་རྣམས་ཀྱིས་ཀྱང་དབང་བསྐུར་རྣམ་དག་ཐོབ་ནས་དམ་ཚིག་དང་སྡོམ་པ་བསྲུང་བ། བསྐྱེད་རྫོགས་ཉམས་སུ་ལེན་པ་རྣམས་ཐབས་ཀྱི་ཆ་ནས་ཁྱད་ཆེ་ཡང་། འདུལ་ལུགས་ཀྱི་དབང་དུ་བྱས་ན་བསླབ་པ་གསུམ་དུ་མ་འདུས་པ་མེད་པས། དེས་ན་ཇོ་བོ་ཆེན་པོ་འདིས་བསྟན་པ་ཐམས་ཅད་འགལ་མེད་དུ་གསལ་བར་མཛད་དོ། །དེ་ལྟ་བུའི་བླ་མ་ཡོན་ཏན་རྒྱ་མཚོ་ལྟ་བུ་མངའ་བ་དེའི་རྣམ་ཐར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་དུ་གྱུར་པ། སོ་སོ་སྐྱེ་བོ་བློ་དམན་པ་དག་གི་ཡུལ་མ་ཡིན་ཞིང་། ཡི་གེ་ཉུང་ངུ་དག་གིས་ཀྱང་རྟོགས་པར་དཀའ་ལ། མཐོང་ཚོད་ཙམ་ཞིག་བྲིས་ནའང་མང་པས། འདིར་ནི་ཟུར་ཙམ་ཞིག་བརྗོད་པ་སྟེ། རྣམ་ཐར་རྒྱས་པ་དོན་དུ་གཉེར་ན་བླ་མ་དང་ཡི་དམ་གྱི་ལྷས་ལུང་བསྟན་པ་དངོས་གྲུབ་ཀྱི་འོད་ཟེར་དང་། ལམ་ཡིག་དམ་པ་ཆོས་ཀྱི་འབྱུང་གནས་ཆུང་བ་དང་། ཆོས་ཀྱི་འབྱུང་གནས་ཆེ་བ་ལ་གསང་སྐོར་དུ་གྲགས་པ་རྣམས་སྟོན་པས་མཛད་པ་དང་། དེ་རྣམས་དང་ཕྱོགས་མཐུན་པ་ལོ་ཙཱ་བས་བསྟོད་པ་བརྒྱད་ཅུ་པ་དང་། ཐུན་མོང་མ་ཡིན་པ་རྣམས་བཀའ་གདམས་གླེགས་བམ་དུ་སྐྱེས་རབས་ཉི་ཤུ་རྩ་གཉིས་གསུངས་པ། ཇོ་བོ་ཡབ་སྲས་གཉིས་ཀའི་རྣམ་ཐར་ཤུགས་ལ་རྒྱས་པར་འབྱུང་བ་རྣམས་སུ་ཤེས་པར་བྱའོ། །དེ་ལྟར་སྐལ་བ་དང་ལྡན་པ་རྣམས་ལ་མདོ་སྔགས་ཀྱི་གཞུང་གདམས་ངག་མ་ལུས་པ་བསྟན་ནས། བསྟན་པའི་སྲོལ་ནུབ་པ་རྣམས་གསར་དུ་བཙུགས། སྲོལ་ཅུང་ཟད་ཡོད་པ་རྣམས་འཕེལ་བར་མཛད། ལོག་པར་རྟོག་པའི་དྲི་མས་སྦགས་པ་རྣམས་ལེགས་པར་བསལ་ཏེ། བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་ནས་དགུང་ལོ་དོན་གསུམ་ཤིང་ཕོ་རྟའི་དབྱུག་གུ་ཟླ་བའི་ཚེས་ཉི་ཤུ་ལ་དགའ་ལྡན་དུ་གཤེགས་པ་ལམ་ཡིག་ཏུ་གསུངས་ཀྱང་། སྟོན་པའི་གསུང་གི་གྲལ་ཚེས་བཅོ་བརྒྱད་ལ་བྱོན་པར་བཞེད་དེ། དགའ་ལྡན་དུ་རྗེ་བཙུན་བྱམས་པའི་དྲུང་དུ་ལྷའི་བུ་ནམ་མཁའ་དྲི་མ་མེད་པ་ཞེས་བྱ་བར་གྱུར་ཏེ། བཀའ་གདམས་པའི་བླ་མ་དམ་པ་རྣམས་ཀྱི་གསུང་ལས། བསྐལ་བཟང་འདི་ལ་རྗེ་བཙུན་བྱམས་པའི་རྗེས་སུ། རྒྱལ་བ་སེང་གེ་འབྱོན་པར་གསུངས་པ་དེ་ཇོ་བོ་རྗེ་ཡིན་པར་བཞེད་དོ། །


previousསྲོལ་འཛིན་ཨ་ཏི་ཤའི་རྣམ་ཐར། next