Nitartha Digital Library
Tibetan
 
previousདྲུག་པ་དེ་རྣམས་ཀྱིས་བསྟན་བཅོས་ཇི་ལྟར་མཛད་པ། no next

དྲུག་པ་དེ་རྣམས་ཀྱིས་བསྟན་བཅོས་ཇི་ལྟར་མཛད་པ།

དྲུག་པ་དེ་རྣམས་ཀྱིས་བསྟན་བཅོས་ཇི་ལྟར་མཛད་པ་ནི། རྒྱལ་བས་གདུལ་བྱའི་བསམ་པ་དང་རྗེས་སུ་མཐུན་པར་མདོ་རྒྱུད་ཀྱི་གསུང་རབ་མཐའ་ཡས་ཤིག་བཀའ་བསྩལ་པ་དང་། དེའི་དགོངས་པ་གསལ་བར་མཛད་པའི་ཤིང་རྟ་ཆེན་པོ་རྣམས་ཀྱི་བསྟན་བཅོས་རྩོད་བྲལ་དུ་མ་ཞིག་མཛད་པ་དེ་ཐམས་ཅད་བཀའ་གདམས་རིན་པོ་ཆེའི་ཁུངས་སུ་བྱེད་པའི་གཞུང་ཡིན་ལ། དེ་རྣམས་ཀྱི་ནང་ནས་བསླབ་སྤྱོད་གཉིས། ས་རྒྱན་གཉིས། སྐྱེས་ཚོམས་གཉིས་དང་དྲུག་ལ་བཀའ་གདམས་གཞུང་དྲུག་ཅེས་གསུངས་པའི་དོན་ཡང་། ཟབ་མོ་ལྟ་བའི་རྒྱུད་ཀྱི་གཞུང་བསམ་གྱིས་མི་ཁྱབ་ཀྱང་། དོན་བསླབ་སྤྱོད་གཉིས་སུ་འདུ་བ་དང་། རྒྱ་ཆེན་སྤྱོད་པའི་རྒྱུད་ཀྱི་གཞུང་བསམ་གྱིས་མི་ཁྱབ་ཀྱང་། དོན་ས་རྒྱན་གཉིས་སུ་འདུ་བ་དང་། སྐྱེས་རབས་ཀྱིས་བཅོམ་ལྡན་འདས་ཀྱི་སྔོན་གྱི་མཛད་པ་ལས་བརྩམས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ། ཕ་རོལ་ཏུ་ཕྱིན་པ་དྲུག་དབྱེ་བ་དང་བཅས་པའི་དོན་ཉམས་སུ་ལེན་ཚུལ་གསུངས་པ་དང་། ཆེད་དུ་བརྗོད་པའི་ཚོམས་དགྲ་བཅོམ་པ་ཆོས་སྐྱབས་ཀྱིས་མཛད་པ། བརྗོད་བྱ་སྣ་ཚོགས་པ་ཚོམས་སུ་བསྡུས་ནས་གསུངས་པས། ཆོས་སྤྱི་ལ་གལ་ཆེ་བར་དགོངས་ཏེ་གཞུང་དྲུག་ཏུ་མཛད་དོ། །བཤེས་གཉེན་གོང་མ་རྣམས་འདུལ་སྤྱོད་གཉིས་ཞེས། འདུལ་བས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། སྤྱོད་འཇུག་གིས་བྱང་ཆུབ་སེམས་དཔའི་བསླབ་པ་གསུམ་ལ་སློབ་པ་སྟོན་པས་དེ་རྣམས་ཟབ་ལམ་རྡོ་རྗེ་ཐེག་པའི་རྟེན་དུ་ཡང་ངེས་པར་དགོས་པ་ལ་དགོངས་སོ། །གཞན་ཡང་ཇོ་བོའི་ཆོས་ཆུང་བརྒྱ་རྩར་གྲགས་པའམ། བྱང་ཆུབ་སེམས་དཔའི་སྤྱོད་པ་གཙོ་བོར་སྟོན་པས་སྤྱོད་ཕྱོགས་བརྒྱ་རྩ་ཞེས་པའི་གླེགས་བམ་ལ། ཐོག་མར་མཆོད་བརྗོད་ཀྱི་ཚུལ་གྱིས་བསྟོད་པའི་སྐོར་ལ། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ། ལྷ་ལས་ཕུལ་བྱུང་བར་བསྟོད་པ་བདེ་བྱེད་བདག་པོས་མཛད་པ། བཤགས་པའི་བསྟོད་པ་ཙནྡྲ་གོ་མིས་མཛད་པ། ཡོན་ཏན་མཐའ་ཡས་པར་བསྟོད་པ་དཀོན་མཆོག་འབངས་ཀྱིས་མཛད་པ། དེའི་འགྲེལ་པ་དང་། དོན་བསྡུས་པའི་ཚིགས་བཅད་ཕྱོགས་ཀྱི་གླང་པོས་མཛད་པ་དང་དྲུག སྐྱབས་འགྲོའི་སྐོར་ལ། སྐྱབས་གསུམ་བདུན་ཅུ་པ་ཟླ་གྲགས་ཀྱིས་མཛད་པ། སྐྱབས་འགྲོ་དྲུག་བཅུ་པ་བི་མ་ལ་མི་ཏྲས་མཛད་པ། སྐྱབས་འགྲོ་བསྟན་པ་ཇོ་བོ་རྗེས་མཛད་པ་དང་གསུམ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་ལ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། སློབ་དཔོན་བྱང་བཟང་གི་མཛད་པ། ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ། སེམས་བསྐྱེད་པའི་ཆོ་ག་དང་། བླ་མའི་བྱ་བའི་རིམ་པ་གཉིས་ཇོ་བོས་མཛད་པ། སྡོམ་པ་ཉི་ཤུ་པ་ཙནྡྲ་གོ་མིས་མཛད་པ། དེའི་འགྲེལ་པ་ཞི་བ་འཚོས་མཛད་པ་དང་བདུན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པའི་སྐོར་ལ། བྱང་ཆུབ་ལམ་གྱི་སྒྲོན་མ། དེའི་རང་འགྲེལ་དང་། སྤྱོད་པ་བསྡུས་པའི་སྒྲོན་མ། བསྡུས་དོན་སྒྲོན་མེ། དབུ་མའི་མན་ངག སྙིང་པོ་བསྡུ་བ། སྙིང་པོ་ངེས་པར་བསྡུ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ནོར་བུའི་ཕྲེང་བ། འདི་བཀའ་གདམས་གླེགས་བམ་གྱི་རྩ་ཚིག་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བརྗོད་པ་ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་པ། ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ། རང་གི་བྱ་བའི་རིམ་པ་བསྐུལ་བ་དང་བཅས་པ་ཡི་གེར་བྲིས་པ། མདོ་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག ཀླུ་སྒྲུབ་ཀྱིས་མཛད་པའི་མདོ་ཀུན་ལས་བཏུས་པའི་དོན་བསྡུས་པ། མི་དགེ་བཅུའི་ལས་ཀྱི་ལམ་བསྟན་པ། ལས་རྣམ་པར་འབྱེད་པ། ཁ་ཏོན་དང་གླེགས་བམ་ཀློག་པ་སྔོན་དུ་བྱ་བའི་ཆོ་ག ཕ་རོལ་ཏུ་ཕྱིན་པའི་ཚ་ཚ་གདབ་པའི་ཆོ་ག བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ལམ་ལ་འཇུག་པ། དེ་ལྟར་བཅུ་དགུ་ཇོ་བོ་ཆེན་པོས་མཛད། འཕགས་པ་རྟོག་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་སྡེའི་སྡིག་བཤགས་དང་། སྒྲུབ་པ་མདོ་དེ་ཉིད་ལས་ཕྱུང་བ་ལས་དང་པོ་པའི་ས་སྦྱང་བ། དགྲ་ལས་རྒྱལ་བའི་གསང་བས་མཛད་པ། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པའི་སྒོ་ནས་སྡིག་པ་བཤགས་པ་ཞི་བ་ལྷས་མཛད་པ་དང་ཉི་ཤུ་རྩ་གཉིས་སྒོམ་རིམ་དང་བསམ་གཏན་གྱི་ཡི་གེ་སྣ་ཚོགས་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། དེའི་རྣམ་པར་བཤད་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། སྒོམ་རིམ་གསུམ་དང་། རྣལ་འབྱོར་བསྒོམ་པ་ལ་འཇུག་པ་ཀ་མ་ལ་ཤི་ལས་མཛད་པ། དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་པ་རིན་པོ་ཆེའི་སྒྲོན་མེ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྒོམ་པ་པདྨ་སྤུང་པ་གཉིས་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། རྣལ་འབྱོར་གྱི་མཚན་ཉིད་ཀྱི་བདེན་པ། ཡང་ཏིང་ངེ་འཛིན་གྱི་ལེའུ་ནག་པོ་ཞབས་ཀྱིས་མཛད་པ། བསམ་གཏན་གྱི་ཆོས་དྲུག་རྣམ་པར་བཞག་པ་ཨ་ཝ་དྷུ་ཏི་པས་མཛད་པ། དེའི་འགྲེལ་པ་དྷ་ན་ཤྲཱི་ལས་མཛད་པ། རྣལ་འབྱོར་པའི་རྟོགས་པའི་གེགས་སེལ་བ་སངས་རྒྱས་གསང་བས་མཛད་པ། རྣལ་འབྱོར་ཀྱི་མཚན་ཉིད་ཀྱི་བདེན་པ་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། དབུ་མའི་མན་ངག་རིན་ཆེན་ཟ་མ་ཏོག་ཁ་ཕྱེ་བ་དང་། བདེན་པ་གཉིས་ལ་འཇུག་པ་དང་། དྲན་པ་ཅིག་པའི་མན་ངག་གཉིས་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྣལ་འབྱོར་སྒོམ་པའི་ལམ་ཡེ་ཤེས་སྙིང་པོས་མཛད་པ། རྣལ་འབྱོར་ལ་འཇུག་པ་ཕྱོགས་ཀྱི་གླང་པོས་མཛད་པ། མི་སྡུག་པ་བསྒོམ་པའི་རིམ་པ་དགེ་བའི་གོ་ཆས་མཛད་པ། ལུས་ཡོངས་སུ་སྤྱད་པའི་སྒོམ་རིམ་ནག་པོ་ཞབས་ཀྱིས་མཛད་པ། སེམས་མགུ་བར་བྱ་བའི་ཚིགས་སུ་བཅད་པ་ཐེག་ཆེན་ཉི་ཤུ་པ་ཀླུ་གྲུབ་ཀྱིས་མཛད་པ། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་རིམ་པའི་མན་ངག་དཔལ་ཡེ་ཤེས་གྲགས་པས་མཛད་པ། སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པའི་མདོ་སྡེའི་རྗེས་སུ་འགྲོ་བ་མཧཱ་མ་ཏིས་མཛད་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་རིན་ཆེན་འབྱུང་གནས་ཞི་བས་མཛད་པ། རྣལ་འབྱོར་ལ་འཇུག་པའི་མན་ངག་ཆོས་ཀྱི་དབང་པོས་མཛད་པ། རྣལ་འབྱོར་སྤྱོད་པའི་སྒོམ་པའི་དོན་བསྡུས་ཏེ་བསྟན་པ་ཡེ་ཤེས་ཟླ་བས་མཛད་པ་དང་ཉི་ཤུ་རྩ་བདུན། གསང་སྔགས་ཀྱི་ལམ་རིམ་ལ། ཡི་གེ་དྲུག་པའི་གླུ། སྤྱོད་པའི་གླུ། དེའི་འགྲེལ་པ། འཁོར་བ་ལས་ཡིད་ངེས་པར་འབྱུང་བའི་གླུ། ཆོས་ཀྱི་གླུ། ཏིང་ངེ་འཛིན་གྱི་གླུ། རྡོ་རྗེ་གདན་གྱི་གླུ། དེའི་འགྲེལ་པ་ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པའི་ཆོ་ག རབ་ཏུ་གནས་པའི་ཆོ་ག་དང་། བཅུ་གཅིག་ཇོ་བོ་རྗེས་མཛད་པ། བདེ་བ་བཅུ་གསུམ་པའི་གླུ་ཨ་ཏི་ཤས་མཛད་པ། མན་ངག་བདུད་རྩིའི་འཁོར་ལོ་ཕྱག་ན་རྡོ་རྗེས་བསྡུས་པ། བྱང་ཆུབ་སེམས་ཀྱི་རྣམ་པར་བཤད་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། མཎྚལ་གྱི་ཆོ་ག་དགྲ་ལས་རྣམ་རྒྱལ་གྱིས་མཛད་པ། མཎྚལ་གྱི་ཆོ་ག་སངས་རྒྱས་གསང་བས་མཛད་པ། མཎྚལ་གྱི་ཆོ་ག་རྡོ་རྗེ་གདན་པས་མཛད་པ། མཎྚལ་གྱི་ཆོ་ག་ཀ་མ་ལ་ཤི་ལས་མཛད་པ། མཎྚལ་གྱི་ཆོ་ག་རྙོག་མེད་རྡོ་རྗེས་མཛད་པ་དང་བཅུ་དགུ གཏམ་དུ་བྱ་བ་སྣ་ཚོགས་ལ། རྨི་ལམ་ཡིད་བཞིན་གྱི་ནོར་བུའི་གཏམ་ཀླུ་སྒྲུབ་ཀྱིས་མཛད་པ། ཡོན་ཏན་བདུན་རབ་ཏུ་བརྗོད་པའི་གཏམ་དབྱིག་གཉེན་གྱིས་མཛད་པ། སྦྱིན་པའི་གཏམ་སློབ་དཔོན་གུ་ན་པྲ་བྷ་བས་མཛད་པ། ཚུལ་ཁྲིམས་ཀྱི་གཏམ། ཚོད་ཟིན་པའི་གཏམ། ཚོགས་ཀྱི་གཏམ་དང་གསུམ་དབྱིག་གཉེན་གྱིས་མཛད་པ། མི་ཁོམ་པ་བརྒྱད་ཀྱི་གཏ་རྟ་དབྱངས་ཀྱིས་མཛད་པ། ལེགས་བཤད་ཟ་མ་ཏོག་ལྟ་བུའི་གཏམ་སློབ་དཔོན་དཔའ་བོས་མཛད་པ། ཕྱིན་ཅི་ལོག་བཞི་སྤང་བའི་གཏམ་དང་། རྩོད་པའི་དུས་ཀྱི་གཏམ་མ་ཏི་ཙི་ཏྲས་མཛད་པ། དབེན་པའི་གཏམ་ས་མཚོ་སྦྱིན་གྱིས་མཛད་པ་དང་བཅུ་གཅིག་གོ །སྤྲིངས་ཡིག་གི་སྐོར་ལ། བཤེས་པའི་སྤྲིངས་ཡིག་ཀླུ་སྒྲུབ་ཀྱིས་མཛད་པ། སློབ་མ་ལ་སྤྲིངས་པ། ཙནྟྲ་གོ་མིས་མཛད་པ། རྒྱལ་པོ་ཀ་ནི་ཀ་ལ་སྤྲིངས་པ་མ་ཏི་ཙི་ཏས་མཛད་པ། རབ་གསལ་གཞོན་ནུ་ལ་སྤྲིངས་པ་འཕགས་པ་སྤྱན་རས་གཟིགས་ཀྱིས་མཛད་པ། སེམས་རིན་པོ་ཆེ་རྣམ་པར་སྦྱང་བའི་སྤྲིངས་ཡིག་ཛེ་ཏ་རིས་མཛད་པ། དྲི་མ་མེད་པ་རིན་པོ་ཆེའི་སྤྲིངས་ཡིག རྒྱལ་པོ་ནེ་ཡ་པ་ལ་གདམས་པ་དང་། པུ་ཧྲང་ཇོ་བོ་ལ་སྤྲིངས་ཡིག་སུམ་ཅུ་པ་ཇོ་བོས་མཛད་པ་དང་བདུན། དྲན་པ་ཉེར་བཞག་གི་ཚིག་ལེའུར་བྱས་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པ། ཡང་མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ་དང་། མྱ་ངན་བསལ་བ་རྟ་དབྱངས་ཀྱིས་མཛད་པ། འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ་དབྱིག་གཉེན་གྱིས་མཛད་པ་དང་ལྔ་སྟེ་བཅུ་གཉིས་སུ་བཞེད་དོ། །རྟོགས་བརྗོད་ལ། གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ་གསང་བ་བྱིན་གྱིས་མཛད་པ་གཅིག ལུགས་ཀྱི་བསྟན་བཅོས་ལ། ཤེས་རབ་བརྒྱ་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། དྲི་མེད་དྲིས་ལན་རིན་པོ་ཆེ་ཕྲེང་བ་དོན་ཡོད་ཆར་གྱིས་མཛད་པ་དང་གཉིས། བསྔོ་བ་དང་སྨོན་ལམ་ལ། ཡན་ལག་བདུན་པའི་ཆོ་ག་ཚིགས་སུ་བཅད་པ་ཉི་ཤུ་པ་ཀླུ་སྒྲུབ་ཀྱིས་མཛད་པ། སྨོན་ལམ་བདུན་ཅུ་པ་གཞན་ལ་ཕན་པའི་དབྱངས་དགོན་པ་བས་མཛད་པ་དང་གཉིས་སོ། །མདོར་ན་གླེགས་བམ་གཅིག་ལ་བརྒྱ་དང་བཅུ་གཉིས་བཞུགས་སོ། །གཞན་ཡང་ཇོ་བོ་ཆེན་པོས་མཛད་པ་ལ། བྱང་ཆུབ་ལྟུང་བཤགས་ཀྱི་འགྲེལ་པ་དམ་ཚིག་གིས་བསྡུས་པ་ཞེས་པའི་རྩ་ལྟུང་གི་བཤད་པ། གསང་འདུས་ཡེ་ཤེས་ཞབས་ལུགས་ལྷ་བཅུ་དགུའི་སྒྲུབ་ཐབས། བསྟོད་པ། འཇམ་དཔལ་རྡོ་རྗེ་དཔའ་བོ་གཅིག་པའི་སྒྲུབ་ཐབས། གསང་འདུས་འཇིག་རྟེན་དབང་ཕྱུག་ལྷ་བཅུ་དགུའི་སྒྲུབ་ཐབས་དང་། འཇིག་རྟེན་དབང་ཕྱུག་དཔའ་བོ་གཅིག་པའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་གི་གཏོར་ཆོག་རྒྱས་པ། རྒྱལ་བ་རིགས་ལྔའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། གྲུབ་ཆེན་ལཱུ་ཧི་པས་མཛད་པའི་དཔལ་མངོན་པར་རྟོགས་པའི་འགྲེལ་བ་ཆེན་མོ། འཁོར་ལོ་སྡོམ་པ་ལྷ་བཅུ་གསུམ་དང་། ལྷ་ལྔ་དང་། དཔའ་བོ་གཅིག་པའི་སྒྲུབ་ཐབས། ཤར་ཕྱོགས་བྷཾ་ག་ལའི་ཚལ་དུ་བདེ་མཆོག་དཀྱིལ་འཁོར་ཞལ་གཟིགས་དུས་སུ་བསྟོད་པ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ཆེ་བ་རིན་ཆེན་རྒྱན་ཞེས་པ་དང་། ཆུང་བ་གཅིག རྡོ་རྗེ་རྣལ་འབྱོར་མ་ཞལ་གཟིགས་པའི་དུས་སུ་བསྟོད་པ། ཡང་མཁའ་སྤྱོད་མ་དཀར་མོའི་སྒྲུབ་ཐབས་ཆེ་ཆུང་གཉིས། འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་ག རབ་ཏུ་གནས་པའི་ཆོ་ག འཕགས་པ་ཀླུ་སྒྲུབ། ན་རོ་པ། སྒེག་པའི་རྡོ་རྗེ་དང་གསུམ་སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་ཕྱོགས་གཅིག་ཏུ་མཛད་པ། སྒྲོལ་མ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས། འཕགས་པ་བཅུ་གཅིག་ཞལ་གྱི་བསྟོད་པ། སྤྱན་རས་གཟིགས་གཙོ་འཁོར་གསུམ་གྱི་སྒྲུབ་ཐབས། ཡི་གེ་དྲུག་པའི་མན་ངག སྤྱན་རས་གཟིགས་ཀྱི་རི་མོའི་བརྡ་པ། སྒྲོལ་མ་སྔོན་མོའི་བསྟོད་པ་ཞལ་གཟིགས་དུས་སུ་མཛད་པ། ཛམྦྷ་ལ་དཀར་པོའི་བསྟོད་པ། སྨན་བླ་གཙོ་འཁོར་གསུམ་གྱི་སྒྲུབ་ཐབས། ཚོགས་བདག་དཀར་པོའི་སྒྲུབ་ཐབས་ཆེ་ཆུང་གཉིས། མི་གཡོ་བ་སྔོན་པོའི་སྒྲུབ་ཐབས། མགོན་པོ་གྲི་གུག་གི་སྒྲུབ་ཐབས། རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས། རྟ་མགྲིན་ཤོ་ན་བཞི་བསྐོར་ལྷ་ལྔའི་སྒྲུབ་ཐབས་དང་། དཀྱིལ་ཆོག ཇོ་བོ་བོད་དུ་འབྱོན་ཁར་སློབ་མ་རྣམས་ལ་ཕྱི་ཆོས་སུ་གདམས་པ། རྣམ་དག་གཙུག་གི་ནོར་བུ། གཞན་ཡང་ལྷ་བཙུན་པ་བྱང་ཆུབ་འོད། ལོ་ཆེན་རིན་ཆེན་བཟང་པོ། འོལ་རྒོལ་པ་ཡེ་ཤེས་འབར། ཞང་སྣ་ཆུང་སྟོན་པ་རྣམས་ལ་གདམས་པ་དང་། ཇོ་བོས་མཛད་པའི་མདོ་བསྡུས་ཆེན་མོ། དང་པོ་རྒྱ་དཔེར་ལུས་པ། ཞང་ཤར་པ་བའི་ཕྱག་ཏུ་བྱུང་བས། པ་ཚབ་ལོ་ཙཱ་བ། གནས་གཞི་ཡ་གད་དུ་སྤྱན་དྲངས་ནས་བསྒྱུར་བར་བཤད་དེ། འདི་རྣམས་ནི་ཇོ་བོས་མཛད་པ་རྩོད་བྲལ་ཡིན་ལ། གཞན་ཡང་བསྟན་འགྱུར་གྱི་ཐོ་རྣམས་སུ་ཇོ་བོའི་མཛད་བྱང་འབྱར་བ་གཙུག་ཏོར་དྲི་མེད་དང་། གདུགས་དཀར་སོགས་རྒྱ་གཞུང་མང་དུ་འདུག་ཀྱང་འདིར་མ་བཀོད་དོ། །སྙེ་ཐང་དུ་མཛད་པར་གྲགས་པ་རིགས་ཀྱི་སྨོན་ལམ། ལྟ་སྒོམ་སྤྱོད་གསུམ་གྱི་གླུ། བསམ་གཏན་ལ་བསྐུལ་བའི་གླུ། བདེ་བ་དྲུག་གི་གླུ། ལྟ་སྤྱོད་ཟུང་དུ་འབྲེལ་བའི་གླུ། དུས་མཆོད་བཞིའི་ངོས་འཛིན་དང་ཕན་ཡོན། བདེ་མཆོག་རྒྱུད་ལ་བསྟེན་པའི་རླུང་གི་མན་ངག གཞན་ཡང་སྟོང་ཐུན་བརྒྱད་བཅུ་རྩ་གཉིས་སོགས་མཛད་བྱང་འབྱར་བ་མང་དུ་སྣང་ཞིང་། ཕལ་ཆེར་མཛད་པར་མངོན་ཏེ། འདིར་དཔྱད་པ་ཞིབ་ཏུ་མ་བྱས་སོ། །རྩ་ལྟུང་གི་འགྲེལ་པ་སོགས་ཁ་ཅིག་ལ་ཡང་། ཇོ་བོས་མཛད་པ་ཡིན་མིན། བོད་སྔ་མ་དག་དཔྱད་པ་མཛད་མོད། འདིར་ཞིབ་ཏུ་མ་བྲིས་སོ། །བཀའ་གདམས་གླེགས་བམ་དུ་གཏོགས་པ་ལ། སྤྱིར་དཔེ་ཚན་ལྔ་བཅུ་ང་བཞི་ལས། སྦྱོར་བའི་ཆོས་ལ་དཔེ་ཚན་བཞི་སྟེ། འབྲོམ་ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་ལོགས་སུ་ནན་གྱིས་གཏད་པའི་བཀའ་རྒྱ་དང་། རང་རྒྱུད་བསྐུལ་མ་འདེབས་པ་དད་པའི་ལྗོན་ཤིང་གཉིས། སྦྱོར་དངོས་གཉིས་ཀར་གལ་ཆེ་ལ། ལོ་རྒྱུས་ངོ་མཚར་རྨད་དུ་བྱུང་བའི་དཔལ་འབྱོར་ཞེས་པ་གླེགས་བམ་གྱི་ཆོས་འབྱུང་དང་། སྙིང་གི་ཐིག་ལེའི་གསལ་བྱེད་ཟུང་འཇུག་ཉི་མའི་ཐིག་ལེ་གཉིས་ཏེ་དཔེ་ཚན་བཞི་པོ་འདི་གླེགས་བམ་དངོས་གཞི་ལ་མི་ཐེའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ནོར་བུའི་ཕྲེང་བ་ནི། དངོས་གཞི་ཕ་ཆོས། བུ་ཆོས་གཉིས་ཀའི་རྩ་ཚིག་ཡིན་ལ། ཕ་ཆོས་ནི། བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པ་ནས་མང་པོའི་ནང་དུ་ངག་ལ་བརྟག གཅིག་པུར་འདུག་ན་སེམས་ལ་བརྟག ཅེས་པའི་བར་ལེའུ་ཉི་ཤུ་རྩ་གསུམ་དུ་བསྡུས་ནས་གསུངས་པའི་སྟེང་དུ། བཀའ་རྒྱ་མ། མ་འོངས་ལུང་བསྟན། འཆི་མེད་རྡོ་རྗེའི་གླུའི་ལེའུ་དང་གསུམ་བསྣན་པས་ཉི་ཤུ་རྩ་དྲུག་དང་། བུ་ཆོས་ལ། ཐེ་ཚོམ་ཐམས་ཅད་སྤང་བྱ་ཞིང་། །ཞེས་པ་ལས་འཕྲོས་ཏེ། བྲམ་ཟེའི་ཁྱེའུ་གསལ་པའི་སྐྱེས་རབས་དང་། དེ་ནས་རིམ་པ་བཞིན་རྩ་ཚིག་ལས་བརྩམས་ཏེ། རྔོག་གི་ཞུས་པའི་སྐྱེས་རབས་ཉི་ཤུ་ལ། རྔོག་ཆོས་ཉི་ཤུ་དང་། ཁུ་སྟོན་ཕེབས་ནས་ཞུས་པ་གཉིས་ལ། ཁུ་ཆོས་གཉིས་ཏེ་ཉི་ཤུ་རྩ་གཉིས་བུ་ཆོས་ཡིན་ལ། ཁ་སྐོང་གི་ལེའུ་སྟེ་བཞི་བཅུ་ཞེ་དགུ་ནི་གླེགས་བམ་དངོས་གཞིའོ། །རྒྱལ་བ་ཡབ་སྲས་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་གཏེར་ཞེས་པ་ཕྱིས་སྣར་ཐང་པས་བྱས་པར་སྣང་བས། དོན་བསྡུ་ལྟ་བུར་སྣང་ལ་འདི་དངོས་གཞི་ལ་མི་ཐེའོ། །གཞན་ཡང་ལམ་རིམ་དང་། གསུང་བགྲོས་ཐོར་བུ་བ་དང་། འཕྲིན་ཡིག་དང་། མན་ངག་སྣ་ཚོགས་པའི་སྐོར་རོ། །དང་པོ་ལམ་རིམ་ལ། པོ་ཏོ་བ་ནས་བརྒྱུད་པ། སྤྱན་སྔ་ནས་བརྒྱུད་པ། གསང་ཕུ་བ་ནས་བརྒྱུད་པའོ། །དང་པོ་ནི། དོལ་པ་དམར་ཞུར་གྱི་བེའུ་བུམ་གྱི་རྩ་ཚིག་དང་། དེའི་འགྲེལ་པ་ལྷ་དོན་སྟེངས་པས་མཛད་པ་ལ། ན་བཟའ་ལས་མཚན་དུ་གསོལ་བ། བེའུ་བུམ་སྔོན་པོ་དང་། བེའུ་བུམ་དམར་པོ་ཞེས་པ་ལོ་རྒྱུས། རྩ་བ། འགྲེལ་བ། ས་བཅད་དང་བཞི་འདུག་པ། ཡེར་པའི་ཞང་བཙུན་གྱིས་མཛད་པ་ཟེར་ཡང་། ཞང་ཡེར་པ་བ་དང་གཉིས་གང་གིས་མཛད་བརྟག་པར་བྱའོ། །བེའུ་བུམ་ཁྲ་བོ་ཞེས་པ་བཀའ་གདམས་ཀྱི་གསུང་བགྲོས་སྣ་ཚོགས་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་སྣང་བ་ལས། གཅེར་སྒོམ་གྱི་བཀའ་གདམས་ཐོར་བུ་བ་བཏུས་པར་མངོན་ནོ། །དགེ་བཤེས་གྲབ་པས་མཛད་པའི་དཔེ་ཆོས་དང་། བྲག་དཀར་བས་དེ་ཉིད་རྒྱས་སུ་བཏང་བ་གཉིས་ལ་བརྟེན་ནས་གཅེར་སྒོམ་གྱི་དཔེ་ཆོས་རིན་ཆེན་སྤུངས་པ་རྩ་འགྲེལ་མཛད་པར་གྲགས་ཆེ་ལ། འདིའི་ཞབས་སུ་སྤྲོས་བསྡུས་བྱས་ཞེས་པ། གྲབ་པས་མཛད་པ་ལས་ཅུང་ཟད་སྤྲོས། བྲག་དཀར་བས་མཛད་པའི་རྒྱས་པ་ལ་བསྡུས་ཞེས་པའི་དོན་ནོ། །གཞན་ཡང་ཤ་ར་བས་མཛད་པའི་ལམ་རིམ་ཆེ་ཆུང་གཉིས། བྱ་འཆད་ཀྱི་གསུང་བགྲོས་ཐོར་བུ་བ་རྣམས་དང་། དེ་ལས་བརྒྱུད་པ་བློ་སྦྱོང་གི་ཡིག་ཆ་ཆེ་ཆུང་དང་། སེ་སྤྱིལ་བའི་ལམ་སྒྲོན་ས་བཅད། ཊིཀྐ། སྦས་པ་སྟོན་གཞོན་གྱི་ལམ་རིམ་དང་། ལམ་སྒྲོན་ཊིཀྐ་སོགས་ཐོར་བུ་བ་འགའ་དང་། རྣལ་འབྱོར་བྱང་སེང་གི་བསྟན་རིམ་ལེགས་པ་ཞིག་ཀྱང་སྣང་ངོ་། །སྣར་ཐང་པས་ཀྱང་ཡིག་ཆ་འགའ་རེ་མཛད་ལ། ཁ་རག་སྐོར་གསུམ་དུ་དཔལ་ལྡན་དགོན་པ་བའི་གསུང་བགྲོས་བསྒྲིགས་པའི་ལམ་རིམ་དང་། གཞན་ཡང་གཞུང་པ་བརྒྱུད་པའི་གསུང་བགྲོས་མཛད་བྱང་མེད་པ་མང་དུ་སྣང་ངོ་། །གཉིས་པ་བཤེས་གཉེན་སྤྱན་སྔ་ནས་བརྒྱུད་པ་ལ། དགེ་བཤེས་སྟོན་པའི་གསུང་། སྤྱན་སྔ། བྱ་ཡུལ་བ། གཙང་པ་རིན་པོ་ཆེ་རྣམས་སྙན་ནས་སྙན་དུ་བརྒྱུད་པ། རིན་པོ་ཆེ་གླང་ལུང་པས་བསྒྲིགས་པའི་ལམ་རིམ་དང་། ཡང་རྣལ་འབྱོར་པ་ནས་སྟོད་ལུང་པ་ཆེན་པོ། དགེ་བཤེས་ལྷ་བཟོ། ཉ་ག་མོ་པ། གླང་ལུང་པ་ནས་བླ་མ་ན་རིམ་གྱིས་བསྟན་རིམ་ཆེན་མོ་ལ་ཟིན་བྲིས། མཛད་བྱང་ཡོད་མེད་མང་དུ་སྣང་བའི་འབེ་སངས་རྒྱས་སྒོམ་པས་མཛད་པའི་ཟིན་བྲིས་དང་། རིན་པོ་ཆེ་གསེར་ཁང་པའི་ཟིན་བྲིས་དང་། རིན་པོ་ཆེ་ཚུལ་ཁྲིམས་དར་གྱི་ཞལ་སྔ་ནས་མཛད་པའི་བསྟན་རིམ་ཆེན་པོ་ཉིད་མཆོག་ཡིན་ནོ། །དེ་ལྟ་བུའི་བསྟན་རིམ་དེ་ནི་ཚོགས་སུ་འཆད་ན་བསྟན་པའི་རིམ་པ། ཉམས་ལེན་དུ་དྲིལ་བ་ལམ་གྱི་རིམ་པ། གཞུང་དུ་བཀོད་པ་བྱང་ཆུབ་ལམ་གྱི་སྒྲོན་མ་སྟེ། དོན་གཅིག་ལ་མིང་གསུམ་བཏགས་པ་དང་འདྲ་གསུངས་པ་དང་། ཐར་པ་དོན་གཉེར་གྱི་གང་ཟག་སངས་རྒྱས་ཀྱི་སར་འགྲོ་བ་ལ་བསྟན་པའི་ཆོས་ཐམས་ཅད་ལམ་གྱི་རིམ་པར་དྲིལ་ནས་ཉམས་སུ་ལེན་པས་ལམ་བསྟན་པའི་རིམ་པ་ཞེས་གསུངས་པ་ལྟར་ན། ཁྱད་པར་ཆེར་མེད་ཀྱང་། ཅུང་ཟད་འབྱེད་ན། ཆོས་ཁུངས་བཙུན་པར་རྟོགས་པའི་ཕྱིར། ཐོག་མར་ལོ་རྒྱུས་དང་། དེ་ནས་བརྒྱུད་པ་རྗོད་བྱེད་སྡེ་སྣོད་གསུམ་དང་། བརྗོད་བྱ་བསླབ་པ་གསུམ། གང་ཟག་གཅིག་གི་ལམ་དུ་ལུང་རྣམ་དག་དང་སྦྱར་ཏེ་འགལ་མེད་དུ་སྟོན་པ་བསྟན་པའི་རིམ་པ་དང་། དེའི་དོན་ཐེག་པ་ཆེན་པོའི་ལམ་གྱི་རིམ་པར་དྲིལ་ནས་སྟོན་པ་ལམ་རིམ་ཞེས་གསུངས་པ་ཡིན་ནོ། །ཡང་སྟོད་ལུང་པ་ནས་བརྒྱུད་པའི་བདེན་གཉིས། བདེན་བཞིའི་ཆོས་སྐོར་དང་། ཆོས་ཐུན་རེར་ཉམས་ལེན་དོན་ཚན་བཞི་བཞིར་བསྡུས་པ། བཞི་ཚན་ཆོས་ཐུན་བཅུ་དགུ ཇ་ཆོས་ཆོས་ཐུན་ལྔ་བཅུ་དང་། ཇོ་བོས་མང་ཡུལ་ལྕོག་ཀ་རི་ལ། ལྗོངས་རྒྱུ་བའི་དུས་གསུངས་པ། རི་ཆོས་སུ་གྲགས་པ་དང་། ལམ་སྒྲོན་ལ་གོང་དུ་སྨོས་པའི་ཊིཀྐ་དང་། འཆིམ་ནམ་མཁའ་གྲགས། ཆུ་མིག་པ་གཉིས་ཀྱི་ཊིཀྐ། གཞན་ཡང་གསུང་བགྲོས་བཀོད་པའི་ཊིཀྐ་མཛད་བྱང་མེད་པ་མང་དུ་སྣང་བ་ནི། བཀའ་གདམས་ཀྱི་བཤེས་གཉེན་གོང་མ་རྣམས་བླ་མའི་གསུང་ལ་ཟིན་བྲིས་ཙམ་ལས། མཛད་བྱང་མི་སྦྱོར་བ་དང་། སློབ་མ་རྣམས་ཀྱིས་ཀྱང་བཀའ་འབུམ་བསྒྲིགས་པ་སོགས་ཆེར་མ་མཛད་ཅིང་། གསུང་བགྲོས་ཐོར་བུ་འདུག་པ་ཡང་ཡུན་རིང་བས་ཁ་ཐོར་བ་སོགས་མ་སྤྲོས་སོ། །གསུམ་པ་གསང་ཕུ་བ་ནས་བརྒྱུད་པ་ལ། རྔོག་ལེགས་ཤེས་མཛད་པའི་ལམ་རིམ་ཤླཽ་ཀ་དྲུག་དང་། དེའི་གསལ་བྱེད་བློ་ལྡན་ཤེས་རབ་ཀྱིས་མཛད་པ་ཤོག་བུ་ཉི་ཤུ་ཙམ་དང་། དེ་ཉིད་རྒྱས་པར་འཆད་པ་གྲོ་ལུང་པས་མཛད་པའི་བསྟན་རིམ་ཆེན་མོ་ཉིད་ཡིན་ནོ། །གཉིས་པ་གསུང་བགྲོས་ཐོར་བུ་བའི་སྐོར་ལ། བློ་སྦྱོང་མཚོན་ཆ་འཁོར་ལོ། རྨ་བྱ་དུག་འཇོམས། དགྱེས་སྒོམ་རྡོ་རྗེའི་གླུ། བློ་སྦྱོང་སེམས་པའི་རིམ་པ། གསེར་གླིང་པས་ཇོ་བོ་ལ་གནང་བའི་རྟོག་པ་འབུར་འཇོམས་རྩ་འགྲེལ། བློ་སྦྱོང་ཐབས་བཞི་པ། དེའི་སྒོ་ནས་སྡིག་པ་བཤགས་པ་དང་། འཁོན་སྦྱང་བའི་ཆོ་ག ཀུ་སུ་ལུའི་ཚོགས་བསག བློ་སྦྱོང་ཀུན་ཏུ་བཟང་པོ། བློ་སྦྱོང་སྟན་ཐོག་གཅིག་མ། བློ་སྦྱོང་ཐུན་བརྒྱད་མ། གླང་ཐང་པའི་ཚིག་རྐང་བརྒྱད་མ། དེའི་འགྲེལ་པ་བྱེད་སྟོན་གྱིས་མཛད་པ། བློ་སྦྱོང་རྟེན་འབྲེལ་སྙིང་པོ་དང་། བཀའ་གདམས་ཐོར་བུ་བ་སོགས་དང་། གཞན་ཡང་རྒྱལ་པོ་སའི་ས་གྷས་བོད་ཀྱི་རྣམ་གཞག ལོ་ཆེན་དང་། ནག་ཚོ་ལ་ཞུས་ཀྱང་གསལ་བར་མ་བྱུང་པ། ཐོ་མཐིང་གསེར་གྱི་ལྷ་ཁང་དུ་ཇོ་བོ་དང་སྟོན་པ་ཞལ་འཛོམ་པར་ཞུས་པས། སྟོན་པས་མངོན་པར་ཤེས་པས་གཟིགས་ཏེ། བོད་ཀྱི་ས་བཅད་དང་གནས་ལུགས་རྣམས་ཞིབ་པར་གསུངས་པ་སོགས་མང་དུ་སྣང་ངོ་། །གསུམ་པ་འཕྲིན་ཡིག་གི་སྐོར་དང་། ཇོ་བོས་མཛད་པ་གོང་དུ་བཤད་ལ། ལོ་ཙཱ་བ་རིན་ཆེན་བཟང་པོས་སྐུ་མཚམས་ནས་གྲོགས་པོ་རྣམས་ལ་སྤྲིངས་པ། དགེ་བཤེས་སྟོན་པས་ཇོ་བོ་སྤྱན་འདྲེན་པའི་དུས་མངའ་རིས་ནས་བོད་སྟོན་རྣམས་ལ་སྤྲིངས་པ་ཚིགས་སུ་བཅད་པ་བཅུ་དགུ་པ། ཞང་འཕྲང་ཁ་བེར་ཆུང་ལ་སྤྲིངས་པ་སྔ་ཕྱི་གཉིས། སྒོམ་ཆེན་བྱང་ཆུབ་ལ་སྤྲིངས་པ། བཤེས་གཉེན་བློ་གྲོས་འབྱུང་གནས་ལ་སྤྲིངས་པ། ཨ་ལི་སྨན་རྒན་སོགས་ལ་གདམས་པའོ། །པོ་ཏོ་བས་རང་གི་སློབ་མ་རྣམས་ལ་སྤྱིར་སྤྲིངས་པ། རང་གི་གྲོགས་པོ་དོལ་པའི་བླ་མ་ལ་སྤྲིངས་པ། གཡའ་ངོས་དགོན་པར་སྤྲིངས་པ། ཡུང་ངའི་ཆང་འཐུང་རྣམས་ལ་སྤྲིངས་པ། བྱ་ཡུལ་གྱི་མཆོད་གནས་ལོ་ཆུང་ལ་སྤྲིངས་པ། ཞོགས་ཡ་གད་དུ་སྤྲིངས་པའི་ཡི་གེ་རྣམས་སོ། །སྤྱན་སྔས་སྣེའུ་ཟུར་པ་ལ་དང་པོ་སྤྲིངས་པ། རྗེས་སུ་སྤྲིངས་པ་གདམས་ངག་ཚིག་དྲུག་མ་དང་། དགེ་བཤེས་དབང་སེང་ལ་སྤྲིངས་པ། བྱ་ཡུལ་བ་ཉེར་གནས་མཛད་དུས་གདམས་པ་ཟེར་བ་སོགས་དང་། སྟབས་ཀ་བས་མངའ་རིས་རྒྱལ་པོ་ལ་སྤྲིངས་པ། ཤ་ར་བས་རྔོག་བློ་ལྡན་ལ་སྤྲིངས་པ། མཆོད་གནས་དབང་ངེ་ལ་སྤྲིངས་པ། ཤའོ་སྒང་པ་ལ་སྤྲིངས་པ། སྒོམ་ཆེན་སེངྒེ་སྐུ་ལ་སྤྲིངས་པ་སོགས། ཤ་ར་བའི་འཕྲིན་ཡིག་སུམ་ཅུ་རྩ་བཞི། གཞན་ཡང་དཔལ་ལྡན་དགོན་པ་བའི་བཅའ་ཡིག པོ་ཏོ་བའི་བཅའ་ཡིག ཞང་སྟོན་ཤར་བ་པས་སྔ་ཕྱིར་བྱས་པ་གཉིས་ཏེ་དགེ་འདུན་སྤྱིའི་བཅའ་ཡིག་བཞིའོ། །དེ་རྣམས་ནི་ཐོས་ཚོད་ཙམ་མིན་པར་མཐོང་བ་རྣམས་བཀོད་དོ། །བཞི་པ་མན་ངག་གི་སྐོར་ལ་བཀའ་གདམས་ལྷ་བཞིར་གྲགས་པ། དམ་ཚིག་གསུམ་བཀོད་ཀྱི་རྒྱུད་ལ་རྟེན་པ། ཐུབ་པ་གཙོ་འཁོར་གསུམ་བསྒོམས་ཏེ། དེ་བཞིན་གཤེགས་པའི་ཡིག་བརྒྱ་བཟླས་ནས། སྡིག་པ་སྦྱངས་པ་དང་། བྱང་ཆུབ་སེམས་དཔའི་ལྟུང་བ་བཤགས་པ། གཙུག་ལག་ཁང་བཞེངས་ཚུལ་སོགས་སྣང་ངོ་། །སྤྱན་རས་གཟིགས་ཀྱི་སྐོར་ལ། ཇོ་བོས་མཛད་པ་གོང་དུ་སྨོས་ལ། དེའི་གསལ་བྱེད་ཀྱི་སྒྲུབ་ཐབས། རྫོགས་རིམ། ལས་ཚོགས་མ། རྣལ་འབྱོར་ལྔ་དང་། དུག་གསུམ་ཤད་ཀྱིས་སྦྱོང་བའི་མན་ངག ཞི་དྲག་གི་སྦྱིན་སྲེག་སོགས་ཉི་ཤུ་ཙམ་དང་། སྒྲོལ་མའི་སྐོར་ལ། ཇོ་བོ་རྒྱ་གར་ནས་བོད་དུ་འབྱོན་ཁར། རྡོ་རྗེ་གདན་ལ་སྐོར་བ་མཛད་པའི་དུས། སྒྲོལ་མ་ཉིད་ཀྱིས་གསུངས་པའི་བསྟོད་པ་ཤླཽཀ་ཉེར་གཅིག་དང་སྦྱར་བའི་སྒྲུབ་ཐབས། ལས་ཚོགས་རྣམས་དང་། སྒྲོལ་མ་དཀར་མོ་ལ། ཇོ་བོའི་གཞུང་དང་རྗེས་སུ་འབྲེལ་བ། ངག་དབང་གྲགས་པ་དང་། གསེར་གླིང་པ་ནས་བརྒྱུད་པའི་ཚེ་ཁྲིད་ལས་ཚོགས་མང་བ་དང་བཅས་པ། མི་གཡོ་བ་སྔོན་པོ་ལ་ཇོ་བོའི་གཞུང་དང་། དཔལ་ལྡན་དགོན་པ་བ། གུར་གྱི་ཉ་ག་མོར་སྒོམ་མཛད་ཀྱིན་བཞུགས་པ་ལ་བར་ཆད་ཀྱི་མཚན་མ་བྱུང་བ། ཇོ་བོ་ལ་ཞུས་པས། ང་ལ་རྣལ་འབྱོར་སྲུང་བའི་མན་ངག་ཡོད་གསུངས་ནས། མི་གཡོ་བའི་དམིགས་པ་སྐོར་གསུམ་དང་། སྒྲུབ་ཡིག་ཆེ་ཆུང་རྒྱུད་མན་ངག་དང་བཅས་པ་རྫོགས་པར་གནང་། ཁ་ཅིག སྒྲུབ་ཡིག་ཆེ་བ་བྱ་རྒྱུད་ཀྱི་ནང་གི་མི་གཡོ་བའི་རྒྱུད་ལ་ལེའུ་དང་ལས་ཚོགས་མང་དུ་ཡོད་པ་འདི་ཡིན་ཞེས་ཟེར། སྒྲུབ་ཡིག་བར་པ་སོགས་མན་ངག་རྣམས། དགོན་པ་བ་ནས་སྣེའུ་ཟུར་པ་ལ་བརྒྱུད་པ་དང་། བྱ་ཡུལ་བ་ནས་བརྒྱུད་པ་གཉིས་སྒྱེར་སྒོམ་ལ་བཞུགས་པ་སངས་རྒྱས་དབོན་ལ་གནང་། དེའི་གསུང་ལ་རྟོགས་ལྡན་བཟང་མོ་བས་ཟིན་བྲིས་སུ་བཏབ་པ་ད་ལྟ་ཡོད་པ་འདིའོ། །མི་གཡོ་བ་བླ་མེད་ཀྱི་རྒྱུད། ཕྱིས་ཤུད་སྒྱེ་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་ཅིང་། དབང་རྒྱུད་དང་བཅས་པ་བྱུང་ངོ་། །གཞན་ཡང་ཚོགས་བདག་དཀར་པོ་ལ། གསེར་གླིང་པ། ན་རོ་པ། ཁ་ཆེ་རིན་ཆེན་རྡོ་རྗེ་རྣམས་ཀྱི་རྒྱ་གཞུང་རེ། ཇོ་བོས་མཛད་པ་གཉིས་དང་ལྔ། ཚོགས་བདག་གི་སྐྱེས་རབས། གཟུངས་རིང་། ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ་ཀྱི་སྐོར། གསེར་གླིང་པས་ཇོ་བོ་ལ་གནང་བ་དང་། གཞན་ཡང་ལས་ཚོགས་ལེའུ་བཅོ་ལྔ་པ་དང་། ལེའུ་སུམ་ཅུ་སོ་གཅིག་པ་རྣམས་ཇོ་བོས་རྣལ་འབྱོར་པ། དེས་སྤྱན་སྔ་པ། དེས་བྱ་ཡུལ་པ་ལ་བརྒྱུད་པའོ། །ཚོགས་བདག་དཀར་པོ་འདི་འཇིག་རྟེན་པའི་ཚུལ་བསྟན་ཀྱང་། ཁ་ཅིག་སྤྱན་རས་གཟིགས་ཀྱི་སྤྲུལ་པར་བཞེད། བཀའ་བརྒྱུད་འདིའི་ལུགས་ཀྱིས་བདུད་རྩི་འཁྱིལ་པའི་སྤྲུལ་པར་བཞེད་དེ་མི་འགལ་ལོ། །ཡང་ཛམྦྷ་ལ་དཀར་པོ་འབྲུག་བཞོན་ལྷ་མོ་བཞིས་བསྐོར་བ་ནི་ཇོ་བོ་རི་བོ་པོ་ཏ་ལའི་འགྲམ་ན་བྱོན་པའི་དུས། སྤྱན་རས་གཟིགས་ཀྱིས་ཞལ་དངོས་སུ་བསྟན་ནས་གནང་སྟེ། ཕྱི་ནང་གསང་གསུམ་གྱི་ལས་ཚོགས་དང་། ཆུ་སྦྱིན་བྱ་ཐབས་སོགས་དང་། སྨེ་བརྩེགས་ལྗང་ཁུའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དང་། གཙུག་ཏོར་དྲི་མེད། གཙུག་ཏོར་གདུགས་དཀར་གྱི་རྗེས་གནང་ལ་སོགས་པ་ཇོ་བོ་ནས་བརྒྱུད་པ་ད་ལྟ་མ་ཆད་པ་མང་དུ་བཞུགས་སོ། །ཇོ་བོ་ནས་བརྒྱུད་པའི་དབང་བརྒྱུད་ཡོད་པ་ལ། བདེ་མཆོག་ལཱུ་ཧི་པ། བདེ་མཆོག་བཅུ་གསུམ་མ། གསང་འདུས་འཕགས་ལུགས། ཡེ་ཤེས་ཞབས་ལུགས། ཇོ་བོ་ཉིད་ཀྱི་གསང་འདུས་འཇིག་རྟེན་དབང་ཕྱུག མཧཱ་མ་ཡ། ཡོ་ག་གཙུག་དགུ ཀུན་རིག་ཇོ་ལུགས། སྣུར་པ་རྣམས་དེ་ལས་བརྒྱུད་ཅིང་ཕྱག་ལེན་མཛད་པས་སྣུར་ལུགས་སུ་གྲགས་པ་དང་། རྡོ་རྗེ་ཕག་མོ་རིན་ཆེན་རྒྱན་དང་། སྤྱན་རས་གཟིགས་ལྷ་མང་དུ་གྲགས་པ། ཀླུ་སྒྲུབ་དང་། ཇོ་བོ་ཉིད་ཀྱིས་མཛད་པའི་གཞུང་དང་རྗེས་སུ་འབྲེལ་བའི་དབང་བཀའ་ལ་སོགས་པ་ད་ལྟ་བཞུགས་པ་མང་དུ་ཡོད་པར་སེམས་སོ། །ཆོས་སྐྱོང་སྐོར་ལ། བཀའ་གདམས་པ་སྤྱི་ལ་གྲགས་པ། མགོན་པོ་གྲི་གུག་ལ་གཙོ་རྐྱང་ལྷ་གསུམ། ལྷ་བཞི། ལྷ་ལྔ། ལྷ་མང་སོགས་ལུགས་མང་དུ་འདུག་པ་རྣམས་ལ་མགོན་པོའི་རྒྱུད་འགའ་རེ་དང་། རྒྱ་གཞུང་ཆེ་ཆུང་བཅོ་ལྔ་ཙམ་སྣང་བའི་གཙོ་རྐྱང་ལ་ཇོ་བོ་ཆེན་པོ་དང་། ཨ་ཝ་དྷཱུ་ཏི་པ་གཉིས་ཀྱི་གཞུང་རེ་དང་། དེ་ལ་པཎྜི་ཏ་འཇམ་དཔལ་དབྱངས་ཀྱི་འགྲེལ་པ་དང་། གཙོ་འཁོར་གསུམ་དུ་བྱེད་པ་པཎྜི་ཏ་གྲགས་པ་རྡོ་རྗེའི་རྒྱ་གཞུང་དང་། དེའི་གསལ་བྱེད་བྱ་ཡུལ་བས་མཛད་པ་ལ་བརྟེན་པ་བྱིན་རླབས་ཀྱི་བརྒྱུད་པ་ཡང་མངའ་བས། བླ་མ་གོང་མ་རྣམས་འདི་མཛད་པ་མང་ལ། ལྷ་བཞི་བྱེད་ན། མགོན་པོའི་མདུན་དུ་གནོད་སྦྱིན་ལག་ན་རྡོ་རྗེ། རྡོ་རྗེ་གསོར་ཐབས་སུ་འཛིན་པ། གནོད་སྦྱིན་གྲངས་མེད་པའི་ཚོགས་ཀྱིས་བསྐོར་བ། ན་རོ་པའི་གཞུང་དང་། བསྐུལ་ནས་འབྱུང་བ་བཞིན་བསྐྱེད་པ་དང་། ཡང་ལག་ན་རྡོ་རྗེའི་དོད་དུ་མགོན་པོ་ཏྲག་ཤད་ཡོད་པ། བོད་ཀྱིས་བྱས་པའི་ལྷ་བཞི་ཞིག་ཀྱང་འདུག་གོ །ལེགས་སྲེད་དམར་པོ་འདི་ལྷོ་ནུབ་པ་ཡིན་པར་བཞེད་ཅིང་། མདུན་དུ་བསྐྱེད་ནས། ལས་ལ་སྐུལ་བའི་སྒྲུབ་ཡིག་ཀྱང་ཡོད་དོ། །ཡང་ཇོ་བོའི་རྒྱ་གཞུང་དུ། གཙོ་བོ་ལ་མཁའ་འགྲོ་མ་བཞིས་བསྐོར་བའི་ལྷ་ལྔ་ཞིག་གསུངས་པ་དང་། ཡང་གྲི་གུག་རིགས་ལྔ་དང་། གཙོ་བོ་ལ་གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་ཀྱིས་བསྐོར་བ། ལྷ་བཅུ་བདུན་ཟངས་གྲི་ཅན་དུ་གྲགས་པ་གཉིས་ལ། བྲམ་ཟེ་མཆོག་སྲེད་ཀྱི་གཞུང་ཆེ་ཆུང་། དབང་རྒྱུད་དང་བཅས་པ་ཡོད་པ་དང་། ཡང་གཙོ་བོ་ལ་ཡེ་ཤེས་ཞབས་ལུགས་ཀྱི་ཕྱོགས་སྐྱོང་བཅོ་ལྔས་བསྐོར་བ་དང་། མགོན་པོ་རྟ་མང་དུ་གྲགས་པ་མགོན་པོས་བསྐུལ་ནས་འབྱུང་བ་སོགས་ཡོད་པས། དེ་དག་གི་མངོན་རྟོགས་དང་། རྒྱ་གཞུང་གང་ནས་གང་བཤད་སོགས་དོན་དུ་གཉེར་ན་གཞན་དུ་བལྟའོ། །ཡང་མགོན་པོ་ལྷོ་ནུབ་པ། ཞལ་དམར་བ། མི་ཐུང་གསོད་བྱེད། མཐར་སྐྱེས་མ་ཞེས་མཚན་གྱི་རྣམ་གྲངས་བཞི་དང་ལྡན་པ་འདི་ལ། ཇོ་བོའི་རྒྱ་གཞུང་དང་། དེའི་གསུང་བཤེས་གཉེན་སྟོན་པས་བཀོད་པའི་གབ་པ་སྔོན་བྱུང་དུ་གྲགས་པ། ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ་སོགས་ལ་ཕྱིས་ཀྱིས་བྱས་པའི་ཡིག་ཆ་མང་དུ་འདུག་ལ། འདི་དབང་གི་གྲི་གུག་ཡིན་པར་རིན་པོ་ཆེ་ཆོས་ཀྱི་རྗེས་བཞེད་དོ། །གྲི་གུག་གི་འཁོར་དུ་ཡོད་པའི་མགོན་པོ་ཅེ་སྤྱང་གདོང་ཅན་ལ་གླང་རི་ཐང་པ་ནས། རྒྱ་ལྕགས་རི་གང་ཁ་བ་ལ་བརྒྱུད་པའི་རྗེས་གནང་། ལས་ཚོགས་སོགས་འདུག་ལ།  མགོནཔོབེང ་ལ། ཇོ་བོ་ནས་བརྒྱུད་པ་གཙོ་འཁོར་ལྔའི་རྗེས་གནང་དགོས་སྒྲུབ་སོགས་དང་། མགོན་པོ་ཏྲག་ཤད་ལ་མི་འདྲ་བ་མང་ཡང་། བཀའ་གདམས་པ་ནས་བརྒྱུད་པ། རྐང་ཐང་དང་། སེང་ཞོན་དུ་ངེས་པས། འདི་ལ་སྒྲུབ་ཐབས། ཞི་དྲག་གི་ལས་ཚོགས་མང་ངོ་། །ནམ་མཁའི་གོས་ཅན་ལ། བཀའ་གདམས་གླེགས་བམ་ནས་མཆེད་བཅུ་གཉིས་སུ་གསུངས་པ་ནི། གསེར་མཚོ་མ་དང་འོ་མཚོ་མ། །བསྟན་སྐྱོང་མ་དང་ཡིད་འཛིན་མ། །སྟོབས་མོ་ཆེ་དང་དྲག་ཤུལ་ཅན། །ཁྲག་མདོག་མ་དང་དུད་ཁ་མ། །ཐོགས་མེད་མ་དང་སྟོབས་མོ་ཆེ། །དབང་བསྡུད་མ་དང་ལས་འཇོམས་མ། །བཅུ་གཉིས་སྟོབས་ཆེན་བསྟན་སྲུང་ཀུན། །ཁོ་བོའི་བསྟན་པ་མི་སྐྱོང་ན། །ཅི་སྟེ་ཁོ་བོའི་སླད་བཞིན་འབྲངས། །ཞེས་གསུངས་ཤིང་། ལམ་ཡིག་ལས། མཆེད་བཞིར་གསུངས་པ་ནི། རྡོ་རྗེ་ཤུགས་ཆེན་མ། འོད་ལྡན་མ། དུང་སྐྱོང་མ། ནམ་མཁའི་གོས་ཅན་རྣམས་སོ། །མགོན་པོ་ལྷོ་ནུབ་པ་དང་། ནམ་མཁའི་གོས་ཅན་ནི་རྒྱ་གར་ནས་ཇོ་བོའི་ཕྱག་ཕྱིར་ལུགས་སྐུ་དང་། རྒྱ་དཔེའི་དགོས་ཀྱི་བཀའ་སྲུང་ལ་བྱོན་ཞེས་འབྱུང་ལ། ནམ་མཁའི་གོས་ཅན་ཞེས་པ་སྐུ་གཅེར་བུའི་དོན་ཡིན་ཡང་། རྒྱན་ཅན་སོགས་ནི་ཞལ་གཟིགས་ཡིན་ནོ། །བྱ་ཡུལ་གྱི་ལྷ་མོ་དམར་མོ་ནི། རེ་མ་ཏི་མཆེད་བཞིའི་དབང་གི་རེ་མ་ཏི་ཡིན་ཏེ། འདི་ལ་ཙཎྚི་དམར་མོ་ཞེས་པ་གཏུམ་མོ་དམར་མོ་ཞེས་པའོ། །གཞན་ཡང་སྔོན་གྱི་སྐྱེས་ཆེན་རྣམས་ཀྱི་གསན་ཡིག་ཆེ་ཆུང་དང་། བླ་མ་རྣམས་ཀྱི་གསུང་ལས་མང་དུ་ཐོབ་ཀྱང་འདིར་རྒྱས་པར་མ་སྤྲོས་ཤིང་། དེང་སང་དུས་ཀྱི་དབང་གིས་ལུགས་འདི་དག་དོན་དུ་གཉེར་བ་དཀའ་བར་སྣང་ཡང་། འདི་དག་ལ་བརྟེན་ནས་ཀྱང་རགས་པ་ཙམ་རྟོགས་ཤིང་། ཞིབ་ཏུ་འཚོལ་བའི་སྒོར་འགྱུར་བ་སྲིད་དམ་སྙམ་ནས་བཀོད་ལ། བློ་གྲོས་དང་ལྡན་ཞིང་། བཀའ་གདམས་བརྒྱུད་པ་འདི་ལ་དད་པ་དང་ལྡན་པ་རྣམས་ཀྱིས་ཇི་ལྟར་རིགས་པ་བསྣན་ཅིང་སྤེལ་བར་བྱའོ། །འདིར་སྨྲས་པ། ཐོག་མཐའ་བར་གསུམ་དགེ་བ་རྒྱལ་བའི་བཀའ། །དེ་དོན་བསླབ་པ་གསུམ་གྱིས་རྒྱུད་གཏམས་པའི། །བཤེས་གཉེན་དམ་པ་རིམ་པར་བྱོན་རྣམས་ཀྱི། །རྣམ་ཐར་དྲན་པས་སླར་ཡང་ཕྱག་བགྱི་འོ། །དེ་ལྟའི་སྐྱེས་ཆེན་རྣམས་ཀྱིས་གངས་ལྗོངས་འདིར། །ཟབ་རྒྱས་ཆོས་ཀྱི་སྒྲོན་མེ་ཆེར་སྦར་ནས། །བོད་ཡུལ་རྨོངས་པའི་མུན་པ་བསལ་ཚུལ་གྱི། །གཏམ་འདི་དཔྱོད་ལྡན་ཡིད་རབ་འཕྲོག་བྱེད་ཡིན། །སྔོན་ཚེ་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་ཡིས། །བསྟན་འགྲོའི་ཆེད་དུ་རང་གི་སྲོག་ཀྱང་བཏང་། །འདི་འདྲ་ཐོས་ཀྱང་ཇི་སྙམ་མི་སེམས་པའི། །སྙིགས་མའི་སྐྱེ་བོ་འདི་ཀུན་ཆེས་རབ་བླུན། །ཁོ་བོ་སྔོན་བསགས་ལས་ཀྱི་འཕྲོ་བཟང་བས། །ཕན་བདེའི་འབྱུང་གནས་བསྟན་པ་རིན་ཆེན་རྒྱུན། །ཕྱོགས་གཅིག་མ་ཡིན་ཀུན་ཀྱང་རྒྱས་འདོད་པ། །འདི་ལ་དཀོན་མཆོག་ཐུགས་རྗེས་ཅིས་མི་གཟིགས། །ཆོས་སྒོར་ཞུགས་ནས་མཁས་བཙུན་བཟང་གསུམ་གྱི། །ཡོན་ཏན་ཐོབ་ཀྱང་ཚེ་འདིའི་ཆེ་ཐབས་ལ། །གཅིག་ཏུ་གཞོལ་བས་མི་ཚེ་སྟོང་ཟད་མཁན། །དེང་སང་ཆོས་པ་ཕལ་གྱི་རྣམ་ཐར་ལགས། །དཀོན་མཆོག་དད་དང་དལ་འབྱོར་རྙེད་དཀའ་དང་། །མི་རྟག་རྒྱུ་འབྲས་ཆོས་ལ་ཡིད་ཆེས་ནས། །ཐེག་ཆེན་ལྟ་སྤྱོད་ཟུང་འབྲེལ་ཉམས་ལེན་གྱིས། །མི་ཚེ་སྐྱེལ་རྣམས་བཀའ་གདམས་བཤེས་གཉེན་ཡིན། །མདོར་ན་ཚུལ་གནས་ཐོས་བསམ་སྒོམ་པ་སོགས། །སྒོ་གསུམ་དགེ་བ་ཆེ་ཕྲ་ཅི་བགྱིད་ཀྱང་། །ཕྱི་མའི་དོན་དུ་དམིགས་ནས་བསྒྲུབ་པ་ལ། །བཀའ་གདམས་གསུང་རབ་འདི་རྣམས་ཆེས་ངོ་མཚར། །དོན་གྱི་སྙིང་པོ་དྲིལ་ན་འདི་ལྟ་སྟེ། །ཕྱི་མ་མི་བསམ་འདིར་སྣང་ཨ་འཐས་ཀྱི། །མཁས་བཙུན་བཟང་པོར་རློམ་པ་མང་ན་ཡང་། །རང་གཞན་གཉིས་ཕུང་ཆོས་པའི་གཟུགས་བརྙན་ཡིན། །དེས་ན་སྔོན་བྱོན་བཀའ་གདམས་བཤེས་གཉེན་གྱི། །རྣམ་ཐར་བཞིན་དུ་སྒོ་གསུམ་དགེ་བའི་ལས། །ཅི་བྱེད་འཇིག་རྟེན་ཕྱི་མའི་དོན་ཆེན་དུ། །དམིགས་ནས་སྒྲུབ་འདི་ཆོས་ཀྱི་སྲོག་རྩ་ལགས། །དེ་ལྟར་རྒྱལ་བ་གཉིས་པ་ཨ་ཏི་ཤའི། །ཆོས་བརྒྱུད་བྱུང་ཚུལ་ངོ་མཚར་རྒྱ་མཚོ་འདི། །ཕྱོགས་འདིར་རང་ཉིད་མོས་པ་གཙོར་བྱས་ཤིང་། །གཞན་ཡང་བསྟན་དང་འགྲོ་ལ་ཕན་ཕྱིར་སྦྱར། །འདི་བརྩམས་དགེ་བས་བདག་ཅག་དཔོན་སློབ་རྣམས། །ཇོ་བོ་ཡབ་སྲས་སློབ་མར་བཅས་པ་བཞིན། །ནམ་ཡང་འབྲལ་མེད་བསམ་དོན་མཐར་ཕྱིན་ནས། །ཕྱི་མ་ལྷན་ཅིག་བདེ་བ་ཅན་བགྲོད་ཤོག ཅེས་དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་དམ་པའི་ཆོས་བྱུང་ཚུལ་ལེགས་པར་བཤད་པ་ངོ་མཚར་རྒྱ་མཚོ་ཞེས་བྱ་འདི་ཡང་། འཇམ་མགོན་གྲུབ་པའི་འཁོར་ལོ་བསྒྱུར་བ་བསོད་ནམས་དབང་པོའི་ཞལ་སྔ་ནས་དང་། ཡབ་རྗེ་སྦས་པའི་སངས་རྒྱས་སྔགས་འཆང་གྲགས་པའི་མཚན་ཅན་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་རྒྱལ་བ་མུས་པ་ཆེན་པོ་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། སྤྲུལ་པའི་སྐུ་ལོ་ནས་སྤྱན་སྔ་རིན་པོ་ཆེ་ཀུན་དགའ་དོན་གྲུབ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་ཀྱི་གྲགས་པ་ལ་སོགས་ཏེ་ཡོངས་འཛིན་དགེ་བའི་བཤེས་གཉེན་བསླུ་མེད་ཀྱི་བླ་མ་དུ་མའི་ཞབས་སེན་རིན་པོ་ཆེ་དབང་གི་རྒྱལ་པོ་སྤྱི་བོའི་ཅོད་པན་དུ་འཛིན་པའི་སྐལ་བ་བཟང་པོ་ཅན་དཔལ་ས་སྐྱ་པ་ཤཱཀྱའི་དགེ་བསྙེན་པཎྜི་ཏ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་བསམ་པ་དག་ཅིང་སྦྱོར་བ་གུས་པའི་སྒོ་ནས་ཆོས་ཀྱི་རྗེ་བསོད་ནམས་ལྷའི་དབང་པོས་མཛད་པའི་བཀའ་གདམས་ཆོས་འབྱུང་ཉིན་མོར་བྱེད་པའི་འོད་སྟོང་ཞེས་བྱ་བའི་གསུང་རབ་ལ་གཞི་བྱས། ཚིག་སྦྱོར་ཅུང་ཟད་མ་ངེས་པ་རྣམས་བཏང་སྙོམས་སུ་བྱས་ཏེ། འཕགས་པའི་ཡུལ་ན་བྷ་ཝ་ར། ཞེས་པ། གངས་ཅན་གྱི་ཡུལ་དུ་དངོས་པོ་ཞེས་གྲགས་ཤིང་། རྒྱ་ནག་ལུགས་ལ་ཤིང་ཕོ་ཁྱིའི་ལོ་ནག་པ་ཟླ་བའི་དཀར་ཕྱོགས་དགའ་བ་གསུམ་པའི་ཚེས་ལ་བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོ་བཞི་ཐོག་བླ་བྲང་གི་ཡང་རྩེ་དཔེ་ཁང་གསར་པ་ཆོས་མཛོད་ཆེན་མོར་སྦྱར་བའི་ཡི་གེ་པ་ནི་ལུགས་འདིའི་འདུ་བྱེད་ལ་མཁས་པའི་ཕུལ་དུ་ཕྱིན་པ་བསམ་འགྲུབ་ཀྱིས་ལེགས་པར་བགྱིས་སོ། །འདི་བགྱིས་དགེ་བས་བདག་ཅག་དཔོན་སློབ་ཀྱི་འདི་ཕྱིའི་དོན་ཐམས་ཅད་ཡིད་བཞིན་དུ་གྲུབ་སྟེ་སྤྱི་དང་བྱེ་བྲག་གི་བསྟན་པ་ནམ་ལངས་པ་ལ་ཉི་མ་ཤར་བ་ལྟ་བུ་བྱ་ནུས་པའི་མཐུ་དང་ལྡན་པར་གྱུར་ཅིག དེ་དེ་བཞིན་དུ་གྱུར་ཅིག དེ་ལས་གཞན་དུ་ནམ་ཡང་མ་གྱུར་ཅིག །སྭ་སྟི་ཛ་ཡནྟུ་སརྦ་མངྒ་ལཾ།། །།


previousདྲུག་པ་དེ་རྣམས་ཀྱིས་བསྟན་བཅོས་ཇི་ལྟར་མཛད་པ། no next