Nitartha Digital Library
Tibetan
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ།


  collapse section
རྗེ་བླ་མ་ཀུན་མཁྱེན་ཆེན་པོའི་བཀའ་འབུམ་གྱི་པོ་ཏི་ཐོག་མའི་སྐབས་ལས་བསྟོད་ཚོགས་ཀྱི་སྐོར་རྣམས་བཞུགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སློབ་དཔོན་སྦྱིན་བཟང་པའི་བསྟོད་པ། ན་མོ་གུ་ར་ཝེ། དགེ་ལེགས་རིན་ཆེན་ཀུན་གྱི་གཏེར་གྱུར་པ། །ལེགས་གསུང་འདུལ་བ་རྒྱ་མཚོའི་དབུས་གནས་ཤིང་། །བསླབ་གསུམ་གདེངས་ཀས་བརྗིད་པའི་གཟི་འོད་ཅན། །འདུལ་འཛིན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །རླབས་ཆེན་བྱང་ཆུབ་སེམས་ཀྱི་ཆུ་མཚོ་ལས། །སྦྱིན་སོགས་སྤྱོད་པའི་འདབ་སྟོང་རབ་རྒྱས་ཏེ། །ཕྲིན་ལས་བཟང་པོའི་ཟེའུ་འབྲུས་ལེགས་སྤྲས་པའི། །རྒྱལ་སྲས་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །རྣམ་མང་རྒྱུད་སྡེའི་རིན་ཆེན་ལས་གྲུབ་ཅིང་། །རྨད་བྱུང་དབང་བཞིའི་བང་རིམ་ཕྲེང་བ་ཅན། །རིམ་གཉིས་ཉི་ཟླ་གསལ་བའི་མདངས་ལྡན་པ། །རྡོ་རྗེ་འཛིན་པའི་ཞབས་ལ་གསོལ་བ་འདེབས། །དཔལ་ལྡན་བླ་མར་ཚུལ་བཞིན་བསྔགས་པ་ཡི། །དགེ་ཚོགས་གང་དེས་གནས་འདི་ལོངས་སྤྱོད་དང་། །ཆོས་ཀྱིས་རྒྱས་ཤིང་མཐའ་ཡས་འགྲོ་བ་ཀུན། །ཀུན་མཁྱེན་རྒྱལ་པོའི་གོ་འཕང་མྱུར་ཐོབ་ཤོག །བསྟན་པའི་རྩ་ལག་སྦྱིན་པ་བཟང་པོ་ཞེས། །རབ་ཏུ་གྲགས་པ་དེ་ཡི་བསྟོད་ཚིག་འདི། །དད་ལྡན་བློ་གྲོས་འབུམ་གྱིས་ལེགས་བསྐུལ་ནས། །མང་ཐོས་དགེ་སློང་བསོད་ནམས་སེང་གེས་སྦྱར། །དགེའོ།། །།
   
   
ཀྱེ་རྡོར་འགྲེལ་པ་ལུགས་ཀྱི་བརྒྱུད་པའི་ཁ་སྐོང་། བློ་གྲོས་ཕུན་ཚོགས་ཐུབ་བསྟན་རྒྱལ་མཚན་འཛིན། །དཔལ་ལྡན་ཕྲིན་ལས་བཟང་པོ་སྐྱེ་རྒུའི་མགོན། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །འཕགས་པས་རྗེས་བཟུང་རྒྱུད་དོན་མ་ལུས་རིག །རྨད་བྱུང་བཤད་པའི་སྲོལ་འཛིན་དགའ་ལྡན་པ། །བཀྲ་ཤིས་དཔལ་གྱི་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རབ་དཀར་བསོད་ནམས་བརྒྱ་ཡི་གངས་རི་ལས། །རྨད་བྱུང་མཁྱེན་བརྩེའི་དཔལ་གྱི་ཆུ་རྒྱུན་ཅན། །རྒྱལ་བ་བྲག་ཕུག་པ་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རྣམ་དག་བློ་གྲོས་ནམ་མཁའ་ཡངས་པ་ལ། །རབ་ཏུ་བརྟན་པའི་ཏིང་འཛིན་དཀྱིལ་འཁོར་རྒྱས། །མཚུངས་མེད་རི་ཁྲོད་པ་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཚོགས་གཉིས་དཔལ་ལྡན་སྒྲིབ་གཉིས་གཡུལ་ལས་རྒྱལ། །སྡོམ་གསུམ་ཚུལ་ཁྲིམས་ཉེས་གསུམ་དྲི་མས་དབེན། །དཔལ་ལྡན་ཚུལ་ཁྲིམས་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཡེ་ཤེས་ཁང་བཟང་ཐུགས་རྗེའི་རྒྱལ་མཚན་གྱིས། །ལེགས་པར་སྤྲས་པའི་དཔལ་འབྱོར་བཟང་པོ་ཅན། །རྗེ་བཙུན་རྟོག་མེད་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཁྱོད་ཐུགས་ཤེས་བྱ་ཀུན་ལ་ལེགས་སྦྱངས་པས། །རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པར་གྱུར། །འདྲེན་མཆོག་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རྣམ་དག་མཁྱེན་པས་ཆོས་ཀུན་སྒྱུ་མར་གཟིགས། །དམིགས་མེད་ཐུགས་རྗེས་གཞན་ལ་ཕན་དགོངས་པ། །དཀོན་མཆོག་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་འདི་ནི་ཆོས་ཀྱི་རྒྱལ་པོ་འཕགས་པས་མཛད་པའི་ཀྱེ་རྡོར་འགྲེལ་པ་ལུགས་ཀྱི་བརྒྱུད་པའི་ཁ་སྐོང་དུ་དགེ་སློང་བསོད་ནམས་སེང་གེས་སྦྱར་བའོ།། །།དགེའོ།། །།
   
   
   
   
ཚད་མའི་བརྒྱུད་འདེབས། མཐའ་དག་འགྲོ་ལ་ཕན་བཞེད་ཐུགས་རྗེ་ཡིས། །བདེན་བཞི་རྟོགས་པའི་ཐབས་ལ་མངོན་སྦྱོར་ནས། །གྲངས་མེད་གསུམ་དུ་བརྩོན་པས་ལེགས་བསྒོམས་པས། །བདེ་གཤེགས་སྐྱོབ་པ་བརྙེས་ལ་གསོལ་བ་འདེབས། །བསམ་ཡས་མཁྱེན་པའི་གཏེར་ཆེན་འཇམ་པའི་དབྱངས། །ཉོན་མོངས་དགྲ་ལས་རྣམ་རྒྱལ་འཆོས་སྐྱོབ་ཞབས། །དེ་སྲས་ཐུ་བོ་པཎ་ཆེན་མེ་ཝང་འགའ། །མཁས་མཆོག་དབྱིག་གཉེན་རྣམས་ལ་གསོལ་བ་འདེབས། །ཕས་རྒོལ་འདམ་བུའི་གྲོང་འཇོམས་ཕྱོགས་གླང་པོ། །རྨད་བྱུང་བཤད་པའི་སྲོལ་འཛིན་དབང་ཕྱུག་སྡེ། །སྡེ་བདུན་ཆོས་ཀྱི་སྒྲ་སྒྲོགས་གྲགས་པའི་མཚན། །ལྷ་དབང་བློ་གྲོས་རྣམས་ལ་གསོལ་བ་འདེབས། །ཤཱཀྱའི་རིང་ལུགས་འཛིན་པ་བློ་གྲོས་བཟང་། །ཕུལ་བྱུང་ཤེས་རབ་འབྱུང་གནས་བློ་གྲོས་ཆེ། །འཆི་བདག་བདུད་ཀྱི་དཔུང་འཇོམས་ཡཱ་མ་ཤྲཱི། །རྒྱལ་རྔ་བདུན་པ་རྣམས་ལ་གསོལ་བ་འདེབས། །དམ་པ་རང་གཞན་སྐྱོང་མཛད་དུལ་བ་ལྷ། །བྲམ་ཟེ་ལྔ་རིག་བདེ་བྱེད་དགའ་བ་དང་། །ཐེག་ཆེན་ཆོས་ཀྱི་ནུས་ལྡན་ཝང་གུའི་ཞབས། །འཕགས་ཡུལ་སྒྲོན་མེ་རྣམས་ལ་གསོལ་བ་འདེབས། །དཔལ་ལྡན་ཁ་ཆེའི་མཁན་པོ་བསོད་སྙོམས་པ། །དེ་སྲས་བདེ་གཤེགས་དཔལ་དང་སམ་ག་ཤྲཱི། །དཱ་ནཱ་ཤཱི་ལ་འཇམ་དབྱངས་བླ་མ་ཡི། །སྒྲ་ཚད་འབྱུང་གནས་བཞི་ལ་གསོལ་བ་འདེབས། །དཔལ་ལྡན་ས་སྐྱ་བསྟན་པའི་གངས་རིར་གནས། །མུ་སྟེགས་རྒོལ་ངན་ཝ་ཚོགས་མཐར་མཛད་ཅིང་། །སྐལ་ལྡན་བློ་གསལ་རི་དྭགས་ཚོགས་སྐྱོང་བ། །འཇམ་མགོན་བླ་མའི་ཞབས་ལ་གསོལ་བ་འདེབས། །དངོས་སྟོབས་རིགས་པའི་སེང་གེ་འུ་ཡུག་པ། །སངས་རྒྱས་བསྟན་པ་རྒྱས་མཛད་མདོ་སྡེ་དཔལ། །མཁྱེན་པའི་སྤྱན་གསལ་འཇམ་དབྱངས་སྐྱ་བོའི་ཞབས། །བློ་གྲོས་བརྟན་པ་རྣམས་ལ་གསོལ་བ་འདེབས། །འགྲོ་བའི་མགོན་པོ་བསོད་ནམས་རྒྱལ་མཚན་དཔལ། །རིགས་ལམ་གསལ་མཛད་མཁས་པ་བརྩོན་འགྲུས་དཔལ། །དགའ་ལྡན་ཆོས་ཀྱི་རྒྱལ་ཚབ་སངས་རྒྱས་དཔལ། །ཤེས་བྱ་ཀུན་རིག་རྣམས་ལ་གསོལ་བ་འདེབས། །སྲིད་གསུམ་འགྲོ་བའི་རྩ་ལག་གྲགས་པའི་མཚན། །བདེ་གཤེགས་བསྟན་པའི་རྩ་ལག་སངས་རྒྱས་འཕེལ། །ཟབ་དོན་གནད་ཀྱི་རྩ་ལག་ཡོངས་འཛིན་མཆོག །རིགས་ལམ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཁམས་གསུམ་འགྲོ་ལ་དམིགས་པའི་སྙིང་རྗེ་ཡི། །དམིགས་རྣམ་སྐྱེ་བ་དུ་མར་གོམས་པའི་མཐུས། །འབད་རྩོལ་མེད་པར་རང་གི་ངང་ཉིད་ཀྱིས། །སེམས་ཉིད་ཐུགས་རྗེར་འགྱུར་བར་བྱིན་གྱིས་རློབས། །ཡིད་ཆེས་ལུང་དང་དངོས་སྟོབས་རིགས་པ་ཡིས། །སྡུག་བསྔལ་རྒྱུ་དང་གཉེན་པོ་ལེགས་བརྟགས་ནས། །བདག་མེད་རྟོགས་པ་གཉེན་པོར་ཤེས་གྱུར་ཏེ། །བརྩོན་པ་གཉིས་ཀྱིས་བསྒོམ་པར་བྱིན་གྱིས་རློབས། །ལམ་མཆོག་གོམས་པ་རབ་མཐར་ཕྱིན་པའི་མཐུས། །རྟོགས་པ་ཁྱད་པར་གསུམ་དང་ལྡན་པ་ཡི། །སྤངས་པ་ཁྱད་པར་གསུམ་ལྡན་མངོན་གྱུར་ཏེ། །བདེ་གཤེགས་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཉིད་ཀྱི་ཇི་ལྟར་གཟིགས་པའི་ཐེག་གསུམ་གྱི། །ལམ་བཟང་འཁྲུལ་མེད་གཞན་ལ་ལེགས་བསྟན་པ། །ཇི་སྲིད་འཁོར་བའི་རྒྱ་མཚོ་གནས་ཀྱི་བར། །འགྲོ་བའི་སྐྱོབ་པར་འགྱུར་བར་བྱིན་གྱིས་རློབས། །སྒྲུབ་དང་སུན་འབྱིན་གསལ་བའི་ཉི་འོད་ཀྱིས། །གཞན་གཞུང་ལོག་སྨྲའི་མུན་པ་ཀུན་བསལ་ནས། །ཡང་དག་དོན་གྱི་པད་མོ་ཁ་བྱེ་སྟེ། །དོན་གཉེར་བུང་བ་སྐྱོང་བར་བྱིན་གྱིས་རློབས། །ཚུལ་འདི་རིགས་ལམ་བརྒྱུད་པ་ལ། །དད་པའི་བསོད་ནམས་ལུས་སྟོབས་རྒྱས། །ལྟ་ངན་ལོག་རྟོག་ཀུན་སེལ་བ། །དམ་ཆོས་སྨྲ་བའི་སེང་གེས་བསྡེབས། །ཆུ་མོ་གླང་གི་ལོ་ཆོ་འཕྲུལ་ཆེན་པོའི་ཟླ་བ་ལ་སྦྱར་བ་འདི་ཡོངས་སུ་རྫོགས་སོ།། །།གང་ཞིག་དད་པས་བླ་མའི་ཚོགས་རྣམས་ལ། །ཚིག་འདིས་རྟག་ཏུ་གསོལ་བ་འདེབས་བྱེད་ན། །དེ་ཡི་རྒྱུད་ལ་སྨྲ་མཆོག་དེ་དག་གི །ཡང་དག་རིགས་པའི་སྣང་བ་འཇུག་པར་འགྱུར། །དགེའོ།། །།
   
   
   
  expand section
  expand section
  expand section
རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རྣམ་པར་བཤད་པ་ཀུན་ཏུ་བཟང་པོའི་འོད་ཟེར། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རྣམ་པར་བཤད་པ་ཀུན་ཏུ་བཟང་པོའི་འོད་ཟེར་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །མ་ལུས་འགྲོ་ལ་མ་ལྟར་བརྩེ་བའི་དམིགས་མེད་ཐུགས་རྗེའི་ལྷ་ལམ་ཡངས་པར་ནི། །རྒྱུ་བཅས་སྡུག་བསྔལ་རྒྱུ་ཡི་གཉེན་པོ་ཐབས་མཆོག་རྟོགས་པ་སྟོན་པའི་རྟ་བདུན་གྱིས། །ཁྱད་པར་གསུམ་གྱིས་ཁྱད་པར་བྱས་པའི་བདེ་གཤེགས་ཉི་མའི་དཀྱིལ་འཁོར་ལེགས་དྲངས་ཏེ། །རྣམ་མང་གདུལ་བྱ་རྣམ་དཀར་སྣང་བས་སྐྱོབ་མཛད་ཚད་མར་གྱུར་པ་དེ་ལ་འདུད། །ཉི་བཟང་འཆར་ཀའི་དམར་སེར་ལ་འགྲན་དམར་སེར་འོད་ཀྱི་ཁོར་ཡུག་ཅན། །གློག་ཕྲེང་འགྱུ་བའི་ཕྲེང་མཛེས་དང་འགྲོགས་ཕྲེང་མཛེས་གཡོ་བའི་སིལ་སྒྲ་འབྱིན། །ལྷ་བརྒྱའི་གཙུག་ནོར་འོད་ཟེར་དང་འདྲེས་འོད་ཟེར་ཕྲེང་ལྡན་པདྨར་འགྱིང་། །ལྷ་མཆོག་གང་དེ་བདག་གི་ཡིད་ལ་བདག་གི་རེ་བ་རྫོགས་པར་མཛོད། །ཕྱོགས་ཀྱི་གླང་པོ་གཞན་ལ་ཕན་པའི་བསམ་པ་ཅན་ཞེས་ཉི་མའི་གཉེན་གྱིས་ལུང་བསྟན་ཅིང་། །ཕྱི་མའི་དུས་ན་བསྟན་བཅོས་ཀུན་གྱི་མིག་གཅིག་འགྱུར་ཞེས་འཇམ་དབྱངས་མགོན་པོས་དབུགས་དབྱུང་མཛད། །ཕས་རྒོལ་འདམ་བུའི་གྲོང་རྣམས་རིགས་པའི་རྩལ་གྱིས་བརླག་ཞེས་སྲིད་ན་གྲགས་པའི་གོམ་སྟབས་གཡོ། །ཕྱིན་དྲུག་སྤྱོད་པའི་དྲྭ་བས་མཛེས་ཤིང་ཐུབ་བསྟན་དྲི་མེད་ཁུར་གྱིས་བརྗིད་པ་དེ་ལ་འདུད། །གང་ཞིག་དངོས་སྟོབས་རིགས་པའི་རིན་ཆེན་རྡུལ་བརྩེགས་བརྩོན་པ་གཉིས་ཀྱིས་སྲུབ་ཐག་བསྒྱུར་བ་ཡིས། །རང་གཞན་གྲུབ་མཐའི་རྒྱ་མཚོ་བསྲུབས་པ་ལས་བྱུང་སྡེ་བདུན་བདུད་རྩིའི་ཐིག་ལེ་འོད་དཀར་ཅན། །ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་ཆ་ཤས་ཡོངས་རྫོགས་རྣམ་དཀར་གྲགས་པའི་བསིལ་ཟེར་འཕྲོ་བ་ཡིས། །ཐུབ་བསྟན་ཀུ་མུད་སྐྱོང་མཛད་སྨྲ་བའི་ཟླ་བར་འདུད་དོ་བདག་བློའི་ཀུན་དའང་རྒྱས་པར་མཛོད། །དགེ་ལེགས་ཡོན་ཏན་དུ་མའི་གཞིར་གྱུར་ཟབ་ཡངས་མཁྱེན་པའི་གཏིང་མཐའ་མི་མངོན་ཡིད་མཚོར་ནི། །བཅུ་དྲུག་ཕྱེད་ཕྱེད་པཎ་ཆེན་བློ་ཡི་མ་དྲོས་ལས་བྱུང་སྒྲ་ཚད་རྒྱུན་བཞི་ལེགས་འབབ་ཅིང་། །སྒྲུབ་དང་སུན་འབྱིན་རིགས་པའི་ཕུཊ་སྒྲ་ཆེར་སྒྲོགས་རྣམ་དཔྱོད་སྤོབས་པའི་ཀླུ་དབང་བསྟི་བའི་གནས། །ཡོན་ཏན་རྒྱ་མཚོ་ས་སྐྱ་པ་ཞེས་གྲགས་པའི་རྦ་རླབས་གཡོ་བ་དེ་ལ་སྙིང་ནས་འདུད། །རིགས་པའི་སྟོབས་རྒྱས་རིགས་པ་སྨྲ་བའི་སེང་གེ་ལ་སོགས་བརྒྱུད་པའི་ཚོགས་རྣམས་དང་། །སངས་རྒྱས་བསྟན་ལ་སངས་རྒྱས་གསུང་གི་དཔལ་གྱིས་རྣམ་རོལ་མཁས་མཆོག་གང་དེ་དང་། །ཤཱཀྱའི་རིགས་འཁྲུངས་ཤཱཀྱའི་བསྟན་པའི་རྒྱལ་མཚན་སྲིད་པ་གསུམ་ན་འཛིན་མཛད་དང་། །རབ་འབྱམས་འགྲོ་ལ་རབ་འབྱམས་གཞུང་གི་དགའ་སྟོན་འགྱེད་མཛད་ཡོངས་འཛིན་མཆོག་ལ་འདུད། །གང་ཞིག་ཐོས་ན་འབྲུག་སྒྲ་ལྟ་བུར་དོན་གཉེར་ཆར་འདོད་བྱེའུའི་རྣར་སྙན་ཅིང་། །ལེགས་པར་བསམས་ན་གློག་ཕྲེང་ལྟ་བུར་མཁས་མང་རྩྭ་ལྗང་མྱུ་གུའི་རྩེ་ན་མཛེས། །ཚུལ་བཞིན་བསྒོམས་ན་གནམ་ལྕགས་ལྟ་བུར་གཟུང་འཛིན་རྟོག་པའི་བྲག་རི་བཤིག་བྱེད་པའི། །གཞུང་ལུགས་ནམ་མཁར་རྣམ་དཔྱོད་སྤྲིན་ལས་ལེགས་བཤད་ཆར་གྱིས་སྐྱེ་དགུ་ཚིམ་པར་བྱེད།། །།འགྲོ་བ་མཐའ་དག་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མ་ལུས་པ་སྦྱིན་པའི་གཉེན་གཅིག་པུ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དེའི་བསྟན་པ་ལ་ཕས་ཀྱི་རྒོལ་བའི་ལོག་སྨྲའི་དྲི་མ་མཐའ་དག་བསལ་ནས་རྗེས་འཇུག་གི་གདུལ་བྱ་རྣམས་ངེས་པ་སྐྱེས་པའི་སྒོ་ནས་འཇུག་པའི་ཆེད་དུ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མའི་བསྟན་བཅོས་ཐོར་བུ་བ་མང་དུ་མཛད་ཅིང་ཕྱིས་དེ་དག་གི་དོན་ཕྱོགས་གཅིག་ཏུ་བསྡུས་ནས་ཚད་མ་ཀུན་ལས་བཏུས་པ་མཛད་དོ། །འདི་ཉིད་ཀྱི་དོན་རྣམ་པར་འགྲེལ་བར་བྱེད་པ་མང་དུ་བྱུང་ཡང་། ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པ་ནི་འཇམ་དཔལ་རྩ་བའི་རྒྱུད་ལས། ཡི་གེ་དྷཿཞེས་སྡོམ་བརྩོན་ཉིད། །ལྷོ་ཡི་ཕྱོགས་སུ་རྣམ་པར་བསྒྲགས། །ཕ་རོལ་རྒོལ་བ་བཟློག་ནས་ནི། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་འགྲུབ། །ཅེས་ལུང་བསྟན་པའི་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པ་ཡིན་ལ། དེས་དགོངས་འགྲེལ་གྱི་བསྟན་བཅོས་རབ་ཏུ་བྱེད་པ་སྡེ་བདུན་མཛད་དེ། ཡང་དག་པའི་ཤེས་པ་བདེ་བླག་ཏུ་རྟོགས་པའི་ཐབས་སུ་གཞན་ལུགས་དགག་པ་དང་། རང་ལུགས་གཞག་པ་གཉིས་ཀ་རྒྱས་པ་རྣམ་འགྲེལ། རང་ལུགས་གཞག་པ་རྒྱས་ཤིང་གཞན་ལུགས་དགག་པ་ཅུང་ཟད་བསྡུས་པ་འབྲིང་རྣམ་ངེས། རང་ལུགས་གཞག་པ་ཡང་བསྡུས་ཏེ་སྟོན་པ་བསྡུས་པ་རིགས་ཐིགས་ཏེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ། མངོན་གསུམ་ལེའུ་ལས་འཕྲོས་པ་ནི་མེད་ལ། རང་དོན་ལེའུ་ལས་འཕྲོས་ནས་ཕྱོགས་ཆོས་དང་ཁྱབ་པ་སྤྱིར་གཏན་ལ་འབེབས་པ་གཏན་ཚིགས་ཐིགས་པ། རྟོགས་དཀའ་བ་བཏགས་ཆོས་ཀྱི་འབྲེལ་བ་གཏན་ལ་འབེབས་པ་འབྲེལ་པ་བརྟག་པ་གཉིས་དང་། གཞན་དོན་ལེའུ་ལས་འཕྲོས་ནས་རྒོལ་ཕྱིར་རྒོལ་རྩོད་པ་བྱེད་པའི་རྣམ་གཞག་དང་། ཚར་གཅད་ཀྱི་གནས་ལ་སོགས་པ་གཏན་ལ་འབེབས་པ་རྩོད་པའི་རིགས་པ་དང་། ངག་ལས་གཞན་གྱི་བློ་ཐ་སྙད་དུ་སེམས་ཙམ་པ་ལ་ཡང་མི་འགལ་བར་སྟོན་པ་རྒྱུད་གཞན་གྲུབ་པ་གཉིས་ཏེ་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་མཛད་དོ། །དེ་དག་ལས་འདིར་སྐབས་སུ་བབ་པ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་འཆད་པ་ལ་དོན་གསུམ་སྟེ། སྒྱུར་བྱེད་དམ་པའི་ཀླད་ཀྱི་དོན། རྩོམ་བྱེད་དམ་པའི་གཞུང་གི་དོན། བསྒྱུར་བ་མཐར་ཕྱིན་མཇུག་གི་དོན་ནོ། །


 
no previousརྗེ་བླ་མ་ཀུན་མཁྱེན་ཆེན་པོའི་བཀའ་འབུམ་གྱི་པོ་ཏི་ཐོག་མའི་སྐབས་ལས་བསྟོད་ཚོགས་ཀྱི་སྐོར་རྣམས་བཞུགས།next

རྗེ་བླ་མ་ཀུན་མཁྱེན་ཆེན་པོའི་བཀའ་འབུམ་གྱི་པོ་ཏི་ཐོག་མའི་སྐབས་ལས་བསྟོད་ཚོགས་ཀྱི་སྐོར་རྣམས་བཞུགས།

དཔལ་ལྡན་བླ་མ་རིན་ཆེན་འབྱུང་ལྡན་ལ་གསོལ་བ་འདེབས་པ་བསོད་ནམས་རབ་རྒྱས།

བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ་ལོ། །ཕུན་ཚོགས་དངོས་གྲུབ་ཀུན་གྱི་རིན་ཆེན་གཏེར། །རྨད་བྱུང་བྱིན་རླབས་ཆུ་བོ་འབྱུང་བའི་གཞི། །བསམ་ཡས་ཕྲིན་ལས་རླབས་ཕྲེང་དང་ལྡན་པ། །ཡོན་ཏན་རྒྱ་མཚོ་རྗེ་བཙུན་བླ་མ་རྒྱལ། །ཆོས་ཉིད་མི་འགྱུར་བཻ་ཌཱུར་ས་གཞིའི་དབུས། །དངོས་གྲུབ་སྣ་ཚོགས་སྩོལ་བའི་རིན་ཆེན་ཁྲི། །འཁོར་བའི་སྐྱོན་གྱིས་མ་གོས་འདབ་སྟོང་རྩེར། །ཤེས་རབ་ཐབས་ཀྱི་རང་བཞིན་ཉི་ཟླའི་སྟེང་། །ཡོན་ཏན་ངོ་བོ་རིན་ཆེན་འབྱུང་ལྡན་དང་། །དབྱེར་མེད་རྗེ་བཙུན་བླ་མ་དམ་པ་ནི། །གསེར་བཟང་འབར་བའི་མདོག་ཅན་བརྗིད་པའི་སྐུ། །གདུལ་བྱའི་དཔལ་འབྱོར་རྒྱས་མཛད་ལ་ཕྱག་འཚལ། །ཟུང་འཇུག་སྟོང་དང་གསལ་བ་རྣམ་དག་པའི། །ཞལ་གཅིག་ཕྱག་གཉིས་གཡས་པ་མཆོག་སྦྱིན་གྱིས། །འགྲོ་བའི་རེ་འདོད་སྐོང་ཞིང་ཕྱག་གཡོན་ནི། །མཉམ་བཞག་ཏིང་འཛིན་རྒྱས་མཛད་ལ་ཕྱག་འཚལ། །ཐབས་ཤེས་ཟུང་འཇུག་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །དངོས་གྲུབ་མཆོག་སྩོལ་མཚན་དཔེ་བཟང་པོ་དང་། །གནས་སྐབས་དགོས་འདོད་སྩོལ་བའི་རིན་ཆེན་གྱི། །རྒྱན་བཟང་དུ་མས་སྒེག་ལ་བདག་ཕྱག་འཚལ། །འོད་ཟེར་བྱེ་བའི་འཕྲོ་འདུས་བརྒྱན་པའི་སྐུ། །ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པའི་གསུང་། །དཔག་ཡས་མཁྱེན་བརྩེ་ཟུང་དུ་འཇུག་པའི་ཐུགས། །བླ་མའི་སྐུ་གསུང་ཐུགས་ལ་བདག་ཕྱག་འཚལ། །རྣམ་གྲོལ་ལམ་སྟོན་བརྒྱུད་པའི་བླ་མ་དང་། །རྣམ་དག་ཆོས་དབྱིངས་ཀུན་ཁྱབ་ཡི་དམ་ལྷ། །རྣམ་མང་འགྲོ་བའི་སྐྱབས་གནས་མཆོག་གསུམ་ལ། །རྣམ་དཀར་དད་པའི་ཡིད་ཀྱིས་བདག་ཕྱག་འཚལ། །ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །མཆོད་སྤྲིན་རྒྱ་མཚོས་རྟག་ཏུ་མཆོད་པར་བགྱི། །སྒོ་གསུམ་བསགས་པའི་ཉེས་ཀུན་སོ་སོར་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང་། །ཟབ་ཡངས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །རྟག་ཏུ་མྱ་ངན་མི་འདའ་བཞུགས་པར་གསོལ། །བདག་དང་གཞན་གྱིས་དགེ་བ་ཅི་བསགས་པ། །མཁའ་མཉམ་འགྲོ་བས་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཞིང་ཁམས་རྣམ་དག་གསེར་གྱི་ས་གཞི་འདིར། །དབུས་ཀྱི་རི་རྒྱལ་རིན་ཆེན་གཞི་ལས་གྲུབ། །གླིང་བཞི་གླིང་ཕྲན་རིན་ཆེན་རི་བོ་དང་། །དཔག་བསམ་ཤིང་དང་བ་མཆོག་མ་རྨོས་ལོ། །རྒྱལ་སྲིད་སྣ་བདུན་གཏེར་གྱི་བུམ་པ་ཆེ། །སྒེག་སོགས་ལྷ་མོས་མཆོད་རྫས་དུ་མ་འཛིན། །ཉི་མ་ཟླ་བ་གདུགས་དང་རྒྱལ་མཚན་དང་། །བླ་རེ་བ་དན་རྣར་སྙན་རོལ་མོའི་ཚོགས། །རིན་ཆེན་རྒྱན་དང་ཁང་བརྩེགས་གོས་བཟང་དང་། །སྣ་ཚོགས་འབྲུ་བཟང་བཟའ་བཏུང་སྦྱར་ལེགས་སོགས། །ལྷ་མིའི་ཡོ་བྱད་ཕུན་ཚོགས་ཀྱིས་བཀང་སྟེ། །ནམ་མཁའི་དབྱིངས་ཀུན་ཁྱབ་ཅིང་འཁོར་བའི་མཐའ། །རྣམ་པར་གནས་པ་དེ་སྲིད་རྒྱུན་མི་ཆད། །གཞན་ཡང་བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་ཅི་མཆིས་རྣམས། །ཡོན་གནས་དམ་པ་རྗེ་བཙུན་ཆོས་ཀྱི་རྗེ། །བརྒྱུད་པར་བཅས་དང་ཡི་དམ་ལྷ་ཡི་ཚོགས། །རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི། །དམིགས་མེད་ཐུགས་རྗེའི་དབང་གིས་བཞེས་ནས་ཀྱང་། །བདག་དང་འགྲོ་ལ་བྱིན་གྱིས་བརླབ་ཏུ་གསོལ། །དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །སྐྱབས་མཆོག་མཚུངས་མེད་ཁྱོད་ལ་གསོལ་འདེབས་ཀྱིས། །ཚད་མེད་མཁྱེན་བརྩེའི་ཐུགས་ཀྱིས་དགོངས་སུ་གསོལ། །སྲིད་པའི་རྒྱ་མཚོ་ཆེ་ལས་རབ་བསྒྲལ་ནས། །མྱང་འདས་ཐར་པའི་སྐམ་སར་འཇོག་ཏུ་གསོལ། །བག་ཆགས་མཐུག་པོའི་ཚང་ཚིང་བསྲེགས་ནས་ཀྱང་། །ཡང་དག་ཡེ་ཤེས་སྣང་བ་བསྐྱེད་དུ་གསོལ། །རྣམ་རྟོག་རླུང་དམར་འཚུབས་མས་དཀྲུགས་པ་ཡི། །ཉོན་མོངས་རྦ་རླབས་ཞི་བར་མཛད་དུ་གསོལ། །ཤུགས་དྲག་ལས་ཀྱི་ཆུ་བོས་སྡུག་བསྔལ་གྱི། །ཆུ་སྲིན་ཁ་རུ་ཁྲིད་ལས་བཟློག་ཏུ་གསོལ། །བྱམས་དང་སྙིང་རྗེའི་རྩ་བ་རབ་བརྟན་པའི། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་བསྐྱེད་དུ་གསོལ། །ལུས་ངག་ཡིད་ལ་སྨིན་བྱེད་དབང་བཞི་ཡིས། །རྣམ་གྲོལ་སྐུ་བཞིའི་ས་བོན་གདབ་ཏུ་གསོལ། །དེ་ཚེ་ཐོབ་པའི་དམ་ཚིག་སྡོམ་པ་ལ། །ཉེས་ལྟུང་དྲི་མའི་ཚོགས་རྣམས་བཟློག་ཏུ་གསོལ། །དབང་གིས་མཚོན་པའི་ཡང་དག་ལྟ་བ་ཡིས། །བདེན་གཉིས་ཟུང་འཇུག་རྟོགས་པར་མཛད་དུ་གསོལ། །རིམ་གཉིས་རྣལ་འབྱོར་རྒྱུན་ཆད་མེད་པ་ཡིས། །ཚོགས་གཉིས་ཟུང་འཇུག་རྫོགས་པར་མཛད་དུ་གསོལ། །སྤྱོད་པས་བོགས་དབྱུང་ཉེ་རྒྱུས་མཚམས་སྦྱར་ནས། །སྐུ་བཞི་མངོན་དུ་འགྱུར་བར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་གནས་སྐབས་ཀུན་དུ་ཡང་། །བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་བཟློག་ཏུ་གསོལ། །མཐུན་པའི་རྐྱེན་གྱུར་བཤེས་གཉེན་གྲོགས་མཆོག་དང་། །མ་ནོར་དམ་ཆོས་རྒྱས་པར་མཛད་དུ་གསོལ། །འཚེ་མེད་གནས་དང་སྡིག་མེད་ཡོ་བྱད་དང་། །ནད་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །རྣམ་དཔྱོད་སྤོབས་པ་གཟུངས་དང་ཏིང་འཛིན་སོགས། །ཡོན་ཏན་དུ་མའི་དངོས་གྲུབ་སྩལ་དུ་གསོལ། །སྙན་པའི་གྲགས་པས་ཆོས་མཐུན་འཁོར་བསྡུས་ནས། །འགྲོ་ཀུན་རྟག་ཏུ་འདུན་པར་མཛད་དུ་གསོལ། །དེ་དག་སྐྱོན་མེད་ཁྲིམས་ལ་ལེགས་སྦྱར་ནས། །ཐོས་བསམ་སྒྲུབ་པ་འཕེལ་བར་མཛད་དུ་གསོལ། །རྟག་ཏུ་འཆད་རྩོད་རྩོམ་པའི་བྱ་བ་ཡིས། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པར་མཛད་དུ་གསོལ། །རྒྱལ་ཁམས་ཀུན་ཏུ་ཉེར་འཚེ་རབ་ཞི་ནས། །དཔལ་འབྱོར་ཕུན་ཚོགས་རྒྱས་པར་མཛད་དུ་གསོལ། །མདོར་ན་རྫོགས་པའི་བྱང་ཆུབ་བསྒྲུབ་པ་ཡི། །འགལ་རྐྱེན་བར་ཆད་མཐའ་དག་ཉེར་ཞི་ཞིང་། །མཐུན་རྐྱེན་ཇི་ལྟར་བསམས་པའི་དོན་རྣམས་ཀུན། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །སངས་རྒྱས་ཀུན་གྱི་ཡོན་ཏན་གཅིག་བསྡུས་པའི། །རིན་ཆེན་འབྱུང་ལྡན་ཉིད་དུ་བདག་གྱུར་ནས། །མཁའ་མཉམ་འགྲོ་བའི་རེ་འདོད་སྐོང་བ་ཡིས། །བསོད་ནམས་ཆེན་པོ་རྫོགས་པར་མཛད་དུ་གསོལ། །ཅི་ལྟར་སྣང་བ་འདི་དག་རང་གི་སེམས། །སེམས་ཉིད་གསལ་དང་སྟོང་པ་ཟུང་འཇུག་ཏུ། །ལེགས་པར་རྟོགས་ནས་རྩེ་གཅིག་བསྒོམས་པ་ཡིས། །ཡེ་ཤེས་ཚོགས་ཆེན་རྫོགས་པར་མཛད་དུ་གསོལ། །དཔལ་ལྡན་བླ་མ་རིན་ཆེན་འབྱུང་ལྡན་ལ་གསོལ་བ་འདེབས་པ་བསོད་ནམས་རབ་རྒྱས་ཞེས་བྱ་བ་འདི་ནི་རྗེ་བཙུན་བླ་མ་རྣམས་ཀྱི་བྲན་དུ་གྱུར་པ་བསོད་ནམས་སེང་གེས་མེ་ཕོ་ཁྱིའི་ལོ་ཐ་སྐར་ཟླ་བའི་ཚེས་བཅོ་ལྔ་ལ་དཔལ་བྱམས་ཆེན་གྱི་ཆོས་གྲྭ་ཆེན་པོར་སྦྱར་བའི་ཡི་གེ་པ་ནི་སྡེ་སྣོད་འཛིན་པ་བསོད་ནམས་ལྷ་དབང་དཔལ་འབྱོར་གྱིས་བགྱིས་སོ། །འདིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཆོས་དང་དཔལ་འབྱོར་རྒྱས་པར་གྱུར་ཅིག། །།ཤུ་བྷཾ།། །།

རྗེ་བཙུན་བླ་མ་ཀུན་དགའ་བཟང་པོ་ལ་བསྟོད་པ།

བསྟོད་དབྱངས་རྒྱ་མཚོ་རྣམ་པར་རོལ་པ་ཞེས་བྱ་བ། མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་རྒྱན་གྱིས་ཀུན་ནས་མཛེས་པའི་སྐུ། །ཚངས་དབྱངས་ལྟར་སྙན་དགའ་བ་བསྐྱེད་པའི་གསུང་། །མི་རྟོག་ཏིང་འཛིན་བཟང་པོའི་ཐུགས་མངའ་བ། །འགྲོ་བའི་བླ་མ་ཆོས་ཀྱི་རྒྱ་མཚོ་ལ། །རབ་མཉེན་ལག་པའི་སོར་མོ་སྙིང་གར་ཟུམ། །རབ་སྙན་ངག་གིས་སྒྲ་དབྱངས་ཆེར་སྒྲོགས་ཤིང་། །རབ་དང་སེམས་ཀྱིས་ཡོན་ཏན་རྗེས་དྲན་དེ། །རབ་ཏུ་བསྟོད་ལ་མཁྱེན་བརྩེའི་ཐུགས་ཀྱིས་དགོངས། །ཁྱོད་ཀྱི་ཡོན་ཏན་དཔག་ཡས་རྒྱལ་བ་དང་། །རྒྱལ་སྲས་རྣམས་ཀྱིས་རབ་བརྗོད་དེ་ལྟ་ནའང་། །ཉིན་བྱེད་དབང་པོ་མཁའ་ལ་རྒྱུའོ་ཞེས། །བུང་བ་གཤོག་རྩེ་སྤྱོད་པའང་འདོར་རམ་ཅི། །བློ་གྲོས་རྒྱ་མཚོའི་དབུས་ན་མངོན་མཐོ་ཞིང་། །རྣམ་དག་བསླབ་གསུམ་གསེར་གྱི་རྭ་བས་བསྐོར། །འཆད་རྩོད་རྩོམ་པའི་བང་རིམ་ཕྲེང་བ་ཅན། །རྗེ་བཙུན་རི་དབང་ཆེ་ལ་བདག་ཅག་དད། །རྒྱུད་སྡེའི་རིན་ཆེན་ལས་གྲུབ་ལྷུན་པོའི་སྤོར། །རིམ་གཉིས་བདུད་རྩིའི་ཟས་ལ་རྟག་རོལ་ཅིང་། །མན་ངག་གླིང་བཞིར་ལྟ་བའི་མིག་སྟོང་ཅན། །རིག་འཛིན་ལྷ་ཡི་དབང་པོ་དེ་ལ་འདུད། །ཕུལ་བྱུང་མཁྱེན་པ་ཐུབ་བསྟན་གསལ་བའི་འོད། །ཐུགས་རྗེ་དག་པའི་མཁའ་ལ་རྣམ་རོལ་ཞིང་། །དཔག་ཡས་དགེ་ལེགས་ལོ་ཐོག་སྨིན་མཛད་པ། །དམ་ཆོས་སྨྲ་བའི་ཉི་མ་དེ་ལ་འདུད། །ཁྱོད་ཀྱི་བློ་གྲོས་ཤེས་བྱ་ལ། །ཐོགས་མེད་འཇུག་པ་དེ་ཡི་དཔེ། །གཟུར་གནས་བློ་ཡིས་དུས་ཀུན་ཏུ། །རྣམ་པར་བཙལ་ཚེ་འདི་ལྟར་རྙེད། །སྐྱེས་སྟོབས་སྦྱངས་པའི་མཐུ་ལྡན་པས། །ཟབ་དང་གསལ་དང་རྒྱ་ཆེའི་ཕྱིར། །རྒྱ་མཚོ་ཉི་མ་ནམ་མཁའ་ནི། །ཕྱོགས་ཙམ་མཚོན་པའི་དཔེ་རུ་མཐོང་། །མུ་མཐའ་མེད་པའི་ཤེས་བྱ་ལ། །ཆགས་ཐོགས་མེད་པར་འཇུག་པའི་ཕྱིར། །འཇམ་དཔལ་དབྱངས་ཀྱི་མཁྱེན་པ་ནི། །མ་ལུས་མཚོན་པའི་དཔེ་རུ་མཐོང་། །ཀུན་མཁྱེན་གསུང་ལ་མཁྱེན་པ་རབ་རྒྱས་ཀུན་ལ་བརྩེ་བའི་ཐུགས་མངའ་ཀུན་རྟོག་མ་ལུས་འཇོམས། །དགའ་བའི་འབྱུང་གནས་རླུང་སེམས་རྫིང་བུར་དགའ་བཞིའི་འགྲོས་ཀྱིས་དགའ་མགུར་རྩེ་བར་བྱེད་པ་ཅན། །སྨོན་ལམ་བཟང་པོས་བསྐལ་པར་ལེགས་བསྒྲུབས་བརྟུལ་ཞུགས་བཟང་པོས་གདུལ་བྱ་སྐལ་བ་བཟང་པོའི་དཔེ་ལ་སྦྱོར། །མཐའ་ཡས་མཁྱེན་བརྩེའི་གཏེར་མངའ་བརྩེ་ཆེན་ཁྱོད་ལ་སྙིང་ནས་འདུད་དོ་བརྩེ་བའི་ལྕགས་ཀྱུས་ཟུང་། །རབ་འབྱམས་ཤེས་བྱའི་ནམ་མཁའ་ཡངས་པ་ལ། །རབ་གསལ་བློ་གྲོས་དཀྱིལ་འཁོར་རབ་རྒྱས་ཏེ། །རབ་ཏུ་བརྩོན་པའི་རྟ་བདུན་གྱིས་དྲངས་ནས། །རབ་རིབ་མ་ལུས་སེལ་བར་བྱེད་པ་འདི། །ངོ་མཚར་ལས་ཀྱང་འདི་ནི་ངོ་མཚར་ཞེས། །རི་བདུན་གསེར་གྱི་མེ་ཏོག་རབ་བཀྲ་ཞིང་། །མཚོ་བརྒྱད་མཆོད་ཡོན་ཕྲེང་བ་འཁྲིགས་པ་འདིས། །རྒྱུན་དུ་མཆོད་པའི་ཁྱད་པར་བཀོད་པ་འདྲ། །སྙིགས་དུས་འགྲོ་བའི་དཔལ་དུ་སུ་འགྱུར་ཞེས། །སྤྱན་རས་གཟིགས་མགོན་ཐུགས་རྗེའི་དབང་ཕྱུག་གིས། །འོད་ཟེར་དྲྭ་བས་ཕྱོགས་བཅུའི་མུན་བསལ་ཏེ། །སྟོང་ཕྲག་ཕྱག་ཏུ་དེ་སྙེད་སྤྱན་སྤྲུལ་ནས། །མི་མཇེད་ཞིང་འདིར་གཟིགས་ཚེ་མགོན་ཁྱོད་ཀྱིས། །བསྟན་ལ་སྟོན་པའི་བྱ་བ་བྱེད་མཐོང་ནས། །ཐུབ་པ་བཞིན་དུ་འདི་ནི་བཀུར་འོས་ཞེས། །འཛུམ་པའི་བཞིན་དང་ཐལ་མོ་སྦྱར་བ་འདྲ། །གང་སྐུ་ཚུལ་ཁྲིམས་འདབ་མ་འབུམ་ལྡན་ཞིང་། །ཞི་ཞིང་དུལ་བའི་གེ་སར་མཛེས་གསལ་བས། །སྡོམ་གསུམ་སྦྲང་རྩིའི་རོ་མཆོག་མྱང་བའི་ཕྱིར། །དོན་གཉེར་བུང་བ་སྤྲིན་གྱི་ཚོགས་བཞིན་འདུ། །དེ་ཚེ་མཁའ་ལ་རོལ་བའི་ལྷ་རྣམས་ཀྱིས། །མཆོད་འོས་འདི་ལ་མཆོད་པ་བྱའོ་ཞེས། །བཀོད་ལེགས་ཉིན་བྱེད་འོད་ཟེར་ལྷབ་ལྷུབ་ཅན། །མཛེས་པའི་གདུགས་མཆོག་གཡས་སུ་བསྐོར་བ་འདྲ། །ཀུན་མཁྱེན་རྒྱལ་བའི་གོ་འཕང་མཆོག་བརྙེས་ཀྱང་། །དགའ་བདེའི་འབྱུང་གནས་བསྟན་པ་སྤེལ་བའི་ཕྱིར། །ཐུགས་རྗེ་བཟང་པོས་མི་ཡི་གཟུགས་འཛིན་པ། །ཁྱོད་ལ་བསམས་པ་དག་པས་བདག་སྐྱབས་འཆི། །གང་སྐུ་མདངས་གསལ་དྲན་པས་བ་སྤུ་གཡོ། །གང་གསུང་རྣར་སྙན་དྲན་པས་མཆི་མ་ལྷུང་། །གང་ཐུགས་མཁྱེན་བཟང་དྲན་པས་དྲན་པ་སྟོར། །ཉམ་ཐག་བདག་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གང་ལས་ཐོབ་པའི་སྡོམ་གསུམ་ནོར་གྱི་མཆོག །གང་ཡང་བདག་བློའི་མཛོད་དུ་སྦས་པ་རྣམས། །གང་གི་མཁྱེན་བརྩེའི་ལྕགས་ཀྱིས་རབ་བསྡོམས་ནས། །གང་ཞིག་བྱང་ཆུབ་བར་དུ་གནས་པར་མཛོད། །རབ་དཀར་བསོད་ནམས་གངས་རི་མཐོན་པོའི་སྤོར། །དྲི་མེད་ལུང་གི་ང་རོ་ཆེར་བསྒྲགས་ཏེ། །སྨྲ་ངན་ཝ་ཚོགས་ཞུམ་ཞིང་བློ་གསལ་གྱི། །རི་དྭགས་སྐྱོང་བའི་སེང་གེར་འགྱུར་བར་མཛོད། །སྟོན་པ་བདེར་གཤེགས་ཆོས་ཀྱི་དབྱིངས་སུ་བཞུགས། །བསྟན་པ་ཉིན་བྱེད་ནུབ་རིར་སོན་དུས་འདིར། །བསྟན་འཛིན་ཁྱོད་ཀྱིས་ཞིང་འདི་སྤོང་བའི་ཕྱིར། །བསྟན་ལ་སེམས་པ་མིན་སྙམ་ཐེ་ཚོམ་གྱུར། །འོན་ཀྱང་འདུལ་འོས་གདུལ་བྱ་སྨིན་མཛད་ནས། །སླར་ཡང་སྤྲོས་བྲལ་ཆོས་སྐུར་བཞུགས་པ་ནི། །རྒྱལ་བ་ཀུན་གྱི་ངང་ཚུལ་ཡིན་པས་ན། །བདག་གིས་འཁང་པའང་རྒྱུ་མཚན་ཅི་ཞིག་ཡོད། །དཔག་མེད་བསྐལ་པར་བཞུགས་པའི་མཐུ་ལྡན་ཞིང་། །ཐུབ་བསྟན་སྤྲིན་བཞིན་དེངས་པར་རབ་མཁྱེན་ཀྱང་། །ཞིང་འདི་སྤངས་ནས་ཞིང་གཞན་གཤེགས་པ་ནི། །མཁྱེན་བཟང་ཁྱོད་ལ་བརྩེ་བ་མེད་སྙམ་སེམས། །འོན་ཀྱང་དཀོན་མཆོག་གོ་འཕང་མཆོག་བརྙེས་ནས། །ཐུབ་བསྟན་གསེར་གྱི་རྒྱལ་མཚན་འཛིན་པ་དེ། །བརྩེ་ཆེན་ཁྱོད་ཀྱི་ཐུགས་ལས་སྤྲུལ་པའི་ཕྱིར། །ཚད་མེད་ཐུགས་རྗེའི་བཀའ་དྲིན་ལྷག་པར་དྲན། །དེ་ལྟར་བསྟོད་པའི་རྣམ་དཀར་དགེ་བ་དེས། །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་མ་ཐག །འགྲོ་མགོན་ཁྱོད་ཀྱི་ཞིང་བཟང་དེར་སྐྱེས་ནས། །འཇམ་དབྱངས་བླ་མའི་ཞལ་མཆོག་མཐོང་བར་ཤོག །དེར་ཡང་དགེས་པ་ཆེན་པོས་རྗེས་བཟུང་སྟེ། །དཀྱིལ་འཁོར་བཞི་ལ་དབང་བཞིའི་ཆར་ཕབ་ནས། །ཡང་དག་ལམ་བཟང་བཞི་ཡིས་གྲོལ་བྱས་ཏེ། །སྐུ་བཞིའི་གོ་འཕང་མངོན་དུ་འགྱུར་བར་ཤོག །འབྲས་བུ་མཆོག་དེ་མ་ཐོབ་དེ་སྲིད་དུ། །ཁྱོད་སྐུ་མཚན་དཔེ་ཀུནྃ་ལྡན་བལྟ་བ་དང་། །དེའི་གསུང་ལེགས་བཤད་དགྃའ་སྟོན་རྟག་ཉན་ཅིང་། །གང་ཐུགས་མཁྱེན་བརྩེ་བཟྃང་པོྃས་སྐྱོང་བར་ཤོག །རྒྱུ་རྒྱུད་རང་བཞིན་རྣམ་དག་ལྕགས་ཀྱི་ཁམས། །ཐབས་རྒྱུད་ནུས་ལྡན་རྩི་ཡིས་ཟིན་པ་ཡིས། །འབྲས་རྒྱུད་གསེར་གྱི་ཕུང་པོར་བསྒྱུར་བ་ཡི། །གདམས་པའི་རྒྱལ་པོས་བདག་རྒྱུད་གཏམས་པར་ཤོག །བླ་ཆེན་ཁྱོད་ཀྱི་ཐུགས་རྗེའི་གཟི་འོད་དང་། །སྐྱབས་མཆོག་རིན་ཆེན་གསུམ་གྱི་བྱིན་རླབས་དང་། །དཔལ་མགོན་སྲུང་མ་རྣམས་ཀྱི་ནུས་མཐུ་ཡིས། །བདག་གི་སྨོན་ལམ་འདི་རྣམས་འགྲུབ་གྱུར་ཅིག །དེ་ལྟར་བསྟོད་འདི་བསྟོད་ཡུལ་དེ་ཉིད་ལ། །དད་དང་བསོྃད་ནམྃས་ལུས་སྟོབས་རབ་རྒྱས་ནས། །དེས་བསྟན་གཞུང་ལུགས་རལ་པའི་ཁུར་གྱིས་བརྗིད། །དེའི་གསུང་སྨྲ་བའི་སེྃང་གེྃ་གང་དེའོ། །བྷྲི་ཧ་ཏི་དང་རབ་དགའ་བསྟན་འཛིན་དང་། །སླར་ཡང་བྷྲི་ཧ་ཏི་ཡིས་རིམ་བཞིན་དུ། །དུས་མེ་ཟླ་བ་མཁའ་ལག་བསྡེབས་པ་འདི། །ཁྱུ་མཆོག་གོང་གི་ཙནྡྲ་མཁའ་ཟླར་སྦྱར།། །།

རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་བསྟོད་པ།།

ན་མོ་གུ་ར་ཝེ། ལྷར་བཅས་འགྲོ་བ་ཀུནྃ་གྱི་ཅོད་པཎ་གྱིས། །གང་གི་ཞབས་པད་དགྃའ་བས་རྟག་བསྟེན་ཅིང་། །དད་པ་བཟྃང་པོའིྃ་ཡིད་ཀྱིས་གུས་བཏུད་པ། །སྐྱབས་མཆོག་འཇམ་དཔལ་བླ་མ་དེ་ལ་འདུད། །སངས་རྒྱས་ཀུནྃ་གྱི་མཁྱེན་བརྩེ་གཅིག་བསྡུས་ནས། །དམ་ཆོས་ཀུནྃ་གྱི་སྒྲ་དབྱངས་སྙན་པའི་གསུང་། །དགེ་འདུན་ཀུནྃ་གྱི་དབུས་སུ་ཆེར་སྒྲོགས་པས། །སྐལ་ལྡན་ཀུནྃ་གྱི་འདྲེན་པར་གྱུར་ལ་འདུད། །བདེ་ཆེན་དགྃའ་བཞིའི་དཀྱིལ་འཁོར་ལས་བྱུང་བའི། །ལེགས་བཤད་དགྃའ་སྟོན་བྱེ་བའི་ཚ་ཟེར་གྱིས། །མཁས་རྣམས་དགྃའ་བའི་ཟབ་དོན་རབ་གསལ་ཞིང་། །ཕན་བདེའི་དགྃའ་ཚལ་རྒྱས་པར་མཛད་ལ་འདུད། །བློ་གྲོས་བཟྃང་པོས་ཤེས་བྱའི་དེ་ཉིད་གཟིགས། །ཐུགས་རྗེ་བཟྃང་པོྃས་འགྲོ་ཀུན་རྗེས་སུ་འཛིན། །ཕྲིན་ལས་བཟྃང་པོྃས་ཐུབ་བསྟན་རྒྱས་མཛད་པ། །དངོས་གྲུབ་བཟྃང་པོྃའི་གཏེར་ཆེན་དེ་ལ་འདུད། །རྣམ་པ་ཀུནྃ་ཏུ་དགྃའ་ཞིང་དྭང་བའི་བློས། །འདྲེན་མཆོག་བཟྃང་པོ་ཁྱོད་ལ་གསོལ་འདེབས་ཀྱི། །ཐོག་མེད་བསགས་པའི་སྡིག་སྒྲིབ་ཀུན་སྦྱངས་ནས། །རིམ་གཉིས་ཟབ་མོའི་རྟོགས་པ་བསྐྱེད་དུ་གསོལ། །གནས་སྐབས་ཀུནྃ་ཏུ་ཁྱོད་ཉིད་བཞེད་པ་ཡི། །ཕྲིན་ལས་དགྃའ་ཞིང་སྤྲོ་བས་བསྒྲུབ་པ་ལ། །མཐུན་རྐྱེན་བཟྃང་པོྃ་དེ་དག་ཕུན་ཚོགས་ཤིང་། །མི་མཐུན་ཕྱོགས་ཀུན་ཞི་བར་མཛད་དུ་གསོལ། །གང་ལ་བསྟོད་ཅིང་གསོལ་བ་བཏབ་པ་དང་། །གཞན་ཡང་དུས་གསུམ་བསགས་པའི་བསོད་ནམས་ཀུན། །མཁའ་མཉམ་འགྲོ་བ་ཀུན་དང་ཐུན་མོང་དུ། །ཤཱཀྱ་སེང་གེའི་གོང་འཕང་ཐོབ་ཕྱིར་བསྔོ། །ཅེས་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་རྗེ་བཙུན་ཀུན་དགའ་བཟང་པོ་ལ་བསྟོད་ཅིང་གསོལ་བ་གདབ་པའི་རབ་དུ་བྱེད་པ་འདི་ནི་རྗེ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པ་དགེ་སློང་བསོད་ནམས་སེང་གེས་གླིང་ཁ་བདེ་བ་ཅན་དུ་སྦྱར་བའི་ཡི་གེ་པ་ནི་རབ་མཆོག་རྒྱལ་པོའོ།། །།

རྗེ་བཙུན་བླ་མ་མུས་པ་ཆེན་པོའི་རྣམ་པར་ཐར་པ་ངོ་མཚར་ཆུ་རྒྱུན་ཅེས་བྱ་བ།

རྒྱལ་བ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །དཀོན་མཆོག་མཁྱེན་པའི་གཏེར་ཆེན་འཇམ་པའི་དབྱངས། །རྒྱལ་བའི་ཐུགས་རྗེ་གཅིག་བསྡུས་སྤྱན་རས་གཟིགས། །མཚན་མཆོག་ལྟ་བས་མི་ངོམ་རྡོ་རྗེ་འཛིན། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ནས། །སྐྱེས་ཆེན་དམ་པའི་རྣམ་ཐར་རྒྱ་མཚོ་ལས། །ཆ་ཙམ་དད་པའི་སྙིམ་པས་ལེགས་བཅུས་ནས། །བདག་བློ་ཚིམ་ཞིང་དད་ལྡན་གཞན་ལ་ཡང་། །དད་པའི་ཆུ་རྒྱུན་སྤེལ་ཕྱིར་སྦྱིན་པར་བྱ། །རྒྱ་ཆེན་སྨོན་ལམ་དག་པའི་དྲི་བཞོན་གྱིས། །དཔག་ཡས་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས། །བསྟན་པ་གསེར་རིའི་དབུས་སུ་དར་འབྱོར་གྱི། །ས་འཛིན་དཀར་པོ་བརྙེས་པ་དེ་ལ་འདུད། །གཞོན་ནུ་ཉིད་ནས་སྲིད་པའི་ཕུན་ཚོགས་ལ། །ཞེན་པ་སྤངས་ཤིང་སྔོན་སྦྱངས་བག་ཆགས་ཀྱིས། །གཏན་གྱི་བདེ་བ་ཐོབ་བྱེད་དམ་པའི་ཆོས། །རྒྱུན་ཆད་མེད་པར་བསྒྲུབ་པར་བཞེད་ལ་འདུད། །བསྟན་ལ་འཇུག་ཚེ་དབང་འོད་བཟང་པོ་ཡིས། །རྣམ་དག་ཚུལ་ཁྲིམས་བསླབ་པའི་ཁང་བཟང་དུ། །ཐབས་ཤེས་དབྱེར་མེད་ཀྱེ་ཡི་རྡོ་རྗེ་ཡི། །སྨིན་བྱེད་ནོར་གྱིས་གཏམས་པར་མཛད་ལ་འདུད། །ཐོས་པ་རྒྱ་མཚོའི་གླིང་དུ་འཇུག་པའི་ཚེ། །སངས་རྒྱས་བློ་གྲོས་ཐུགས་རྗེ་དཔལ་སོགས་ལས། །ལུང་དང་རིགས་པའི་གཞུང་ལུགས་ལེགས་སྦྱངས་ནས། །བློ་གསལ་འདུས་པའི་རྒྱན་དུ་གྱུར་ལ་འདུད། །འཛམ་གླིང་མཁས་པའི་དབང་པོ་སངས་རྒྱས་དཔལ། །དེ་སྲས་ཐུ་བོ་རོང་སྟོན་ཆོས་རྗེ་སོགས། །མཚུངས་བྲལ་ཡོངས་འཛིན་མང་པོ་ཉེར་བསྟེན་ནས། །ཐོས་པ་རྒྱ་མཚོའི་ཕ་རོལ་སོན་ལ་འདུད། །གཞོན་ནུའི་སར་གནས་རྒྱལ་སྲས་མཆོག་གྱུར་ལས། །དབུ་ཚད་རིགས་པའི་རྣམ་བཞག་མ་ལུས་དང་། །བྱམས་ཆོས་འདུལ་མངོན་ལ་སོགས་ཐུགས་ཆུད་ནས། །སྡེ་སྣོད་ཀུན་གྱི་གཏེར་དུ་གྱུར་ལ་འདུད། །དཔལ་ལྡན་ཨ་ཏི་ཤ་ཡི་གདམས་པའི་བཅུད། །བྱང་ཆུབ་སེམས་གཉིས་སྦྱོང་བའི་མན་ངག་གི །བཀའ་བབས་ཇི་སྙེད་ཀུན་ལ་དབང་འབྱོར་བས། །བྱང་ཆུབ་ཐུགས་ཀྱི་བདག་པོར་གྱུར་ལ་འདུད། །མཉམ་མེད་ནམ་མཁའི་རྣལ་འབྱོར་ཞབས་དྲུང་དུ། །ཡེ་ཤེས་མཁའ་འགྲོ་ནེ་གུའི་གདམས་པ་དང་། །ནཱ་རོ་ཆོས་དྲུག་ཕྱག་ཆེན་གཅོད་ལ་སོགས། །གདམས་པ་བདུད་རྩིས་ཚིམ་པར་མཛད་ལ་འདུད། །ཐེག་ཆེན་ཆོས་རྗེ་བརྩེ་ལྡན་བཀའ་ལྔ་པ། །ཀུན་དགའ་བླ་མ་ཡོན་ཏན་དཔལ་ལ་སོགས། །བཅུ་ཕྲག་བཞི་ཡི་བླ་མ་ཉེར་བསྟེན་ནས། །གསུང་རབ་ཀུན་གྱི་མཛོད་དུ་གྱུར་ལ་འདུད། །རབ་འབྱམས་སྨྲ་བའི་དབང་པོ་ཀུན་དགའ་དཔལ། །སེམས་དཔའ་དོན་རིན་དར་མ་རིན་ཆེན་ལས། །བསྙེན་པར་རྫོགས་པའི་སྡོམ་པ་ལེགས་མནོས་ནས། །ངུར་སྨྲིག་འཛིན་པའི་མཆོག་ཏུ་གྱུར་ལ་འདུད། །གསང་ཆེན་རྒྱུད་སྡེའི་གདམས་པ་དོན་གཉེར་ཚེ། །འཇམ་དབྱངས་བླ་མ་ཀུན་དགའ་བཟང་པོ་ཡི། །ངོ་མཚར་རྣམ་ཐར་ཐོས་པས་ཡིད་གཡོས་ཏེ། །གཡོ་བ་མེད་པར་དེ་དྲུང་བསྙེན་ལ་འདུད། །བླ་མ་མཆོག་ལས་རྣམ་དག་དབང་ནོས་ནས། །ཀྱཻ་རྡོར་རྒྱུད་གསུམ་དཔལ་ལྡན་འདུས་པ་དང་། །ཁྱད་པར་འཁོར་ལོ་བདེ་མཆོག་གསང་མཐའ་ཡི། །རྒྱུད་ལུང་མན་ངག་རྫོགས་པར་མནོས་ལ་འདུད། །གང་ཚེ་གསང་མཐའི་གདམས་པས་ཡིད་ཚིམ་ནས། །སྒྲུབ་ལ་གཞོལ་ཚེ་འདྲེན་མཆོག་བཟང་པོ་ཡིས། །མ་འོངས་སྐྱེ་རྒུའི་མགོན་དུ་གཟིགས་གྱུར་ནས། །གསུང་ངག་སྣོད་དུ་ནན་གྱིས་བསྐུལ་ལ་འདུད། །ཁྱོད་བློ་དག་པའི་རིན་ཆེན་བུམ་བཟང་དུ། །གདམས་པའི་ཆུ་རྒྱུན་རྫོགས་པར་མ་གཏམས་པ། །དེ་སྲིད་བསྟན་པའི་བྱ་བ་མ་རྫོགས་ཞེས། །མགོན་དེས་བརྩོན་པས་སྐྱོང་བ་ཁྱོད་ལ་འདུད། །དེ་ཚེ་གཞིར་གནས་དཀྱིལ་འཁོར་རྣམ་བཞི་ལ། །དབང་བཞི་ཐོབ་ཅིང་ལམ་བཟང་བཞི་བསྒོམས་པས། །ལྟ་བ་བཞི་དང་གྲུབ་མཐའ་བཞི་འདྲེན་པའི། །སྙན་བརྒྱུད་བཞི་ཡི་གདམས་པ་ཐེབས་ལ་འདུད། །རིང་བརྒྱུད་ཚད་མ་བཞི་ལ་དྲུག་ཕྲག་བཅུ། །མན་ངག་ཕྲན་ཚེགས་བཅས་དང་ཉེ་བརྒྱུད་གཉིས། །རྣམ་འགྲེལ་རྒྱས་སོགས་རྣལ་འབྱོར་དབང་ཕྱུག་གི །གདམས་པ་རྒྱ་མཚོས་ཁྱོད་ཐུགས་གང་ལ་འདུད། །གཞན་ཡང་རྒྱུད་སྡེ་རྣམ་བཞིའི་དབང་དང་ལུང་། །རྗེས་གནང་རིག་གཏད་མན་ངག་ལག་ལེན་བཅས། །རྒྱ་བོད་མཁས་པའི་ལེགས་བཤད་རྣམས་ལ་སོགས། །དཔག་ཡས་ཆོས་ཀྱི་བཀའ་དྲིན་མནོས་ལ་འདུད། །རྒྱ་ཆེན་ཐོས་པས་སྒྲོ་འདོགས་ལེགས་ཆོད་ཅིང་། །དབང་ལུང་མན་ངག་ནོར་གྱིས་རྒྱུད་ཕྱུག་ནས། །སྣ་ཚོགས་སྤྲོས་པའི་བྱ་བ་ཀུན་སྤངས་ཏེ། །དབེན་པའི་གནས་སུ་རྩེ་ཅིག་བསྒྲུབས་ལ་འདུད། །དབེན་གནས་དངུལ་ཆུར་མཐའ་བྲལ་དོན་བསྒོམ་ཚེ། །སྣོད་བཅུད་དངུལ་ཆུའི་རྒྱ་མཚོ་ཇི་བཞིན་དུ། །རྣམ་པར་གཡོ་ཞིང་ཐོགས་མེད་འཇུག་པ་ཡི། །ཉམས་མྱོང་མངོན་དུ་མཛད་པ་དེ་ལ་འདུད། །རྒྱུན་ཆད་མེད་པར་སྙིང་རྗེའི་ཆུ་རྒྱུན་གྱིས། །གྲངས་མེད་འགྲོ་བའི་སྡུག་བསྔལ་རྟག་བསལ་ཞིང་། །བདེ་དགེའི་སྤྲིན་ཚོགས་ནམ་མཁའ་ཀུན་བཀང་ནས། །མ་རྣམས་ཀུན་ལ་སྦྱིན་པར་མཛད་ལ་འདུད། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་བསྒོམ་ཚེ། །མགོན་མེད་སྐྲག་པའི་ཡིད་ལྡན་རི་དྭགས་ཚོགས། །མ་ལ་བུ་བཞིན་ཁྱོད་སྐུར་གུས་བཏུད་ནས། །རིག་རིག་མིག་གིས་ཁྱོད་ཞལ་བལྟ་ལ་འདུད། །ལས་ཀྱིས་དགྲ་ཟླར་གྱུར་པའི་གནའ་ཁྱི་ཡང་། །མགོན་པོ་གང་གི་ཞབས་དྲུང་བསྟེན་པའི་མཐུས། །འབྲལ་མི་ཕོད་པའི་བྱམས་སེམས་ལྡན་པ་སོགས། །རྨད་བྱུང་ངོ་མཚར་བསམ་ལས་འདས་ལ་འདུད། །དེ་སླད་ཐེག་ཆེན་དགེ་བའི་བཤེས་གཉེན་གྱིས། །བྱང་ཆུབ་སེམས་ཀྱི་བདག་པོར་དབང་བསྐུར་ནས། །རྒྱུན་ཆད་མེད་པར་འགྲོ་ལ་སྤེལ་ཞེས་པའི། །ལུང་བསྟན་དབུགས་དབྱུང་མཛད་པ་ཁྱོད་ལ་འདུད། །དབང་གིས་མཚོན་པའི་ཡང་དག་ལྟ་བའི་དོན། །གསལ་སྟོང་ཟུང་འཇུག་བརྗོད་བྲལ་ལྷན་ཅིག་སྐྱེས། །ཉམས་ལེན་ཀུན་ལ་ཁྱབ་པར་ལེགས་བསྒོམས་པས། །འཁྲུལ་སྣང་ཡེ་ཤེས་ཆེན་པོར་ཤར་ལ་འདུད། །ཆོ་ག་གསུམ་དང་ས་བོན་སྒྲ་ཚུལ་དང་། །མཉམ་དང་མི་མཉམ་སྦྱོར་བའི་མངོན་བྱང་ལྔས། །ཐ་མལ་སྣང་བ་ཡེ་ཤེས་ལྔར་བསྒོམས་པས། །ཅིར་སྣང་ལྷ་ཡི་འཁོར་ལོར་ཤར་ལ་འདུད། །འཁོར་ལོ་ལྔ་དང་ཉི་ཤུ་རྩ་བཞིའི་གནས། །ཚིགས་ཆེན་རྣམས་དང་དབང་པོའི་རྩ་ཐིག་རྣམས། །གདན་གསུམ་ཚང་བའི་ལྷ་རུ་ལེགས་བསྒོམས་པས། །རླུང་སེམས་མཁའ་འགྲོས་བྱིན་གྱིས་བརླབས་ལ་འདུད། །རྩ་རླུང་ཐིག་ལེའི་རྣལ་འབྱོར་དམ་པ་དང་། །རྡོ་རྗེ་ལུས་ཀྱི་འཁྲུལ་འཁོར་ལ་སོགས་ཀྱིས། །གཟུང་འཛིན་རླུང་སེམས་དབུ་མར་རབ་བཅུག་ནས། །བདེ་སྟོང་མཆོག་གི་ཡེ་ཤེས་བརྙེས་ལ་འདུད། །བསྒོམ་པའི་སྟོབས་ཀྱིས་ལུས་ལ་བདེ་དྲོད་འབར། །སེམས་ལ་སྣ་ཚོགས་ཉམས་ཀྱི་སྣང་བ་ཤར། །གཞན་སེམས་མངོན་དུ་གྱུར་པའི་མཚན་མ་སོགས། །དད་ལྡན་སློབ་མས་ངེས་པར་གྱུར་ལ་འདུད། །འཁོར་ལོ་བདེ་མཆོག་འཇམ་དབྱངས་གཤིན་རྗེའི་གཤེད། །མ་ཧཱ་ཀཱ་ལ་སྤྱན་རས་གཟིགས་སོགས་ཀྱི། །གསང་སྔགས་བྱེ་བ་དུ་མ་རབ་བཟླས་པས། །དངོས་གྲུབ་རྣམ་གཉིས་ལྷུན་གྱིས་གྲུབ་ལ་འདུད། །ཁྱད་པར་བདེ་སྟོང་དབྱེར་མེད་ཀྱེ་རྡོ་རྗེའི། །རྩ་སྔགས་འབུམ་ཕྲག་བཅུ་གསུམ་བཟླས་པའི་ཚེ། །དམ་པ་བརྒྱུད་པའི་དབང་གི་ཆུ་བོ་རྣམས། །བདག་ཉིད་དབང་གི་མཚན་མ་མཐོང་ལ་འདུད། །ཐུན་མཚམས་ཀུན་ཏུ་མཆོད་གཏོར་རྣལ་འབྱོར་དང་། །མདོ་རྒྱུད་ཀློག་དང་སྦྱིན་སྲེག་མཆོད་རྟེན་ལས། །སྐལ་ལྡན་འགའ་ལ་ཟབ་ལམ་འཆད་པ་སོགས། །རྣམ་དཀར་དགེ་བས་འདའ་བར་མཛད་ལ་འདུད། །བཟའ་བ་བདུད་རྩིས་རང་ལུས་ཡི་དམ་མཆོད། །མནལ་ཚེ་འོད་གསལ་སྟོང་པའི་ངང་ལ་འཇོག །ལྡང་ཚེ་ཟུང་འཇུག་གཟུགས་ཀྱི་སྐུར་བཞེངས་ནས། །སྣོད་བཅུད་དག་པའི་སྣང་བར་བལྟས་ལ་འདུད། །ཏིང་གྲོལ་གནས་སུ་རྣལ་འབྱོར་མ་ཞིག་གིས། །གསེར་ལས་བྱས་པའི་རྫོགས་སངས་རྒྱས་ཀྱི་གཟུགས། །རྣམ་པར་གཏད་ནས་ས་སྐྱ་པཎྜི་ཏའི། །བསྟན་པ་སྤེལ་ཞེས་ལུང་བསྟན་བརྙེས་ལ་འདུད། །མཚུངས་པ་དང་བྲལ་འཇིག་རྟེན་མགོན་པོའི་གཟུགས། །དངོས་སུ་གཟིགས་ནས་སྐལ་ལྡན་འགའ་ཞིག་གིས། །ཁྱོད་ཉིད་འཇིག་རྟེན་མགོན་པོར་གནས་པ་ལ། །དེ་ཉིད་དུ་མས་བཏུད་པ་མཐོང་ལ་འདུད། །དབེན་གནས་མཆོག་ཏུ་བསམ་གཏན་བསྒྲུབས་པའི་ཚེ། །རྣལ་འབྱོར་དབང་ཕྱུག་རྗེ་བཙུན་ས་སྐྱ་པས། །བྱིན་གྱིས་བརླབས་ཤིང་དཔག་མེད་འགྲོ་བ་ཡི། །དོན་མཆོག་བསྒྲུབ་པའི་རྟེན་འབྲེལ་བསྒྲིགས་ལ་འདུད། །འདྲེན་པ་མཆོག་གིས་སྐལ་ལྡན་ཁྱོད་ཉིད་ལ། །བསྟན་པ་རྒྱ་མཚོ་མ་གཏད་དེ་སྲིད་དུ། །བརྟན་པར་བཞུགས་ནས་ནམ་ཞིག་མངོན་གྱུར་ཚེ། །རྒྱལ་ཚབ་ཆེན་པོར་དབང་བསྐུར་མཛད་ལ་འདུད། །བླ་མ་ཉིད་ཀྱིས་ངུར་སྨྲིག་རྒྱལ་མཚན་དང་། །དམ་ཚིག་མཆོག་གི་རྡོ་རྗེ་དྲིལ་བུ་དང་། །དཔལ་ལྡན་བརྩེ་བ་ཆེན་པོའི་བྲིས་སྐུ་རྣམས། །བསྟན་པའི་རྒྱུན་དང་མཉམ་དུ་གཏད་ལ་འདུད། །དམ་ཚིག་སྡོམ་ལ་ཉེས་པ་མེད་སླད་དང་། །ལྷག་པའི་ལྷ་དང་དབྱེར་མེད་འདུ་ཤེས་ཀྱིས། །སླར་ཡང་བློ་ཆེན་དེ་ཡི་ཐུགས་དགོངས་རྣམས། །ལེགས་བསྒྲུབས་ལྷུན་གྱིས་གྲུབ་པ་དེ་ལ་འདུད། །བླ་མ་ཉིད་དང་ཤཱཀྱ་སེང་གེའི་སྐུ། །དམ་པ་བརྒྱུད་པའི་གསུང་རབ་རྒྱ་མཚོའི་ཚོགས། །རྒྱལ་མཚན་ལྟར་གྲགས་ཆོས་སྐུའི་རྟེན་མཆོག་རྣམས། །སྐུ་གསུང་ཐུགས་ཀྱི་རྟེན་དུ་བསྒྲུབས་ལ་འདུད། །འཇམ་དབྱངས་བླ་མའི་སྐུ་གདུང་རིང་བསྲེལ་རྣམས། །གསེར་སོགས་རིན་ཆེན་གྱིས་སྤྲས་མཆོད་རྟེན་ནི། །སྟོང་ཕྲག་བདུན་ཅུར་བསྒྲུབས་ནས་ཕྱོགས་བཅུ་ཡི། །དད་ལྡན་མཆོད་པའི་རྟེན་དུ་སྦྱིན་ལ་འདུད། །བླ་མ་མཆོག་གི་བཞེད་པ་བསྒྲུབ་སླད་དང་། །གྲངས་མེད་འགྲོ་ལ་ཕན་བདེ་སྐྲུན་པའི་ཕྱིར། །དམ་ཆོས་བདུད་རྩིའི་ཆར་གྱིས་དུས་ཀུན་ཏུ། །ཕན་བདེའི་ལོ་ཐོག་སྐྲུན་པར་མཛད་ལ་འདུད། །ལེགས་གསུང་འདུལ་བའི་བསླབ་པ་དོན་གཉེར་རྣམས། །དགེ་བསྙེན་དགེ་ཚུལ་དགེ་སློང་སྡོམ་པ་ལ། །སྐལ་བཞིན་དྲི་མེད་ཆོ་གས་ལེགས་བཀོད་པས། །ཀུན་གྱི་གནས་བརྟན་ཆེན་པོར་གྱུར་ལ་འདུད། །ཨ་ཏི་ཤ་ཡི་གདམས་པའི་ཉི་འོད་ཀྱིས། །བྱམས་དང་སྙིང་རྗེའི་པད་མོ་ཁ་འབྱེད་ཅིང་། །བྱང་སེམས་བསླབ་པ་སྦྲང་རྩིའི་བཅུད་གཏམས་ནས། །སྐལ་བཟང་བུང་བའི་དགའ་སྟོན་སྤེལ་ལ་འདུད། །ཐུན་མོང་ལམ་གྱིས་སྦྱངས་པའི་སློབ་མ་རྣམས། །གདན་གསུམ་ཚང་བའི་དཀྱིལ་འཁོར་ཆེན་པོ་རུ། །བརྒྱུད་པར་ལྡན་པའི་ཆོ་གས་དབང་བསྐུར་བས། །སྐུ་བཞིའི་ས་བོན་ཐེབས་པར་མཛད་ལ་འདུད། །རྒྱུད་སྡེ་རྒྱ་མཚོར་རྣམ་དཔྱོད་གྲུ་གཟིངས་བཅས། །མཐའ་དྲུག་ཚུལ་བཞིའི་རླུང་དར་རབ་བསྐྱོད་ནས། །ཟབ་དོན་ཡིད་བཞིན་ནོར་བུ་ལེགས་བླངས་ཏེ། །བློ་ལྡན་བློ་ཡི་བང་མཛོད་འགེངས་ལ་འདུད། །རིམ་པ་དང་པོའི་རྣལ་འབྱོར་འཆད་པའི་ཚེ། །རྟོག་གེ་འཁྲུལ་བའི་དྲྭ་བ་ཀུན་བསལ་ནས། །མ་དག་འཁོར་བའི་ཕུང་ཁམས་སྐྱེ་མཆེད་རྣམས། །དག་པ་ལྷ་ཡི་འཁོར་ལོར་སྟོན་ལ་འདུད། །རིམ་བཞི་རིམ་ལྔ་ཤིན་ཏུ་སྤྲོས་མེད་དང་། །སྦྱོར་བ་ཡན་ལག་དྲུག་སོགས་རྫོགས་རིམ་གྱིས། །སྐལ་ལྡན་སློབ་མའི་ལྷར་ཞེན་རྣམ་རྟོག་རྣམས། །བདེ་ཆེན་ཡེ་ཤེས་མཆོག་ཏུ་བསྒྱུར་ལ་འདུད། །ཁྱད་པར་སྙན་བརྒྱུད་ཚད་མ་བཞི་ལྡན་གྱིས། །གངས་རིའི་ཁྲོད་ཀྱི་རྣམ་གྲོལ་དོན་གཉེར་རྣམས། །ཐུན་བཞིའི་རྣལ་འབྱོར་མཆོག་ལ་ལེགས་བཀོད་ནས། །གསང་ཆེན་བསྟན་པ་རྒྱས་པར་མཛད་ལ་འདུད། །འབུམ་ཕྲག་རྒྱུད་དང་གྲུབ་པའི་གཞུང་བཟང་དང་། །རྩ་བརྒྱུད་བླ་མའི་ལེགས་བཤད་རྒྱ་མཚོའི་ཚོགས། །སྡེ་སྣོད་དགོངས་འགྲེལ་བཅས་པའི་ལུང་རྣམས་ཀྱིས། །ཐུབ་བསྟན་རྒྱུན་མི་ཆད་པར་མཛད་ལ་འདུད། །དེ་ལྟར་དྲི་མེད་བསྟན་པ་སྤེལ་བའི་མཐུས། །འཁོན་གྱི་གདུང་བརྒྱུད་སྐྱེས་ཆེན་རྣམས་ལ་སོགས། །རིགས་རུས་ཆོ་འབྲང་དཔལ་གྱིས་མངོན་མཐོ་བའི། །གངས་ཅན་ཆེ་རྒུས་ཁྱོད་ཞབས་བསྟེན་ལ་འདུད། །གཞན་ཡང་དཔག་ཡས་ལུང་དང་རིགས་པ་ལ། །དབང་བསྒྱུར་མཁས་པའི་དབང་པོ་མཆོག་རྣམས་ཀྱིས། །ཁྱོད་གསུང་ཐུབ་པའི་གསུང་ལྟར་གུས་བསྟེན་ནས། །བརྩོན་པས་བསྒྲུབ་ཅིང་ཕྱོགས་བཅུར་སྤེལ་ལ་འདུད། །རིས་བསྒྱུར་ཕྱོགས་ནི་ཐུབ་པར་བཅས་པའི་ཚེ། །གྲངས་མེད་མཁའ་འགྲོ་འདུ་བའི་གཞིར་གྱུར་པའི། །བཟའ་བའི་དམ་ཚིག་བདུད་རྩི་རིལ་བུ་མཆོག །ཚུལ་བཞིན་བསྒྲུབ་པ་མཐའ་རུ་ཕྱིན་ལ་འདུད། །སླར་ཡང་དབེན་པའི་གནས་དེར་ཟབ་མོའི་ལམ། །རྩེ་གཅིག་བསྒྲུབ་པ་མཛད་ཚེ་མནལ་ལམ་དུ། །རྗེ་བཙུན་བླ་མ་མཐུ་སྟོབས་དབང་ཕྱུག་གིས། །ཞལ་མཆོག་གཟིགས་ཤིང་བྱིན་གྱིས་བརླབས་ལ་འདུད། །འཆད་རྩོད་རྩོམ་ལ་འགྲན་གྱི་ཟླ་མེད་ཅིང་། །ཆོས་བརྒྱད་སྙོམས་པས་འཛིན་ལ་ཀུན་དང་བྲལ། །སྙན་པའི་གྲགས་པས་རྒྱ་མཚོའི་གོས་ཅན་ཁྱབ། །རྣམ་ཐར་བསམ་མི་ཁྱབ་པ་དེ་ལ་འདུད། །སྲིད་ན་ཁྱེད་འདྲའི་སྐྱབས་གཞན་འབྱུང་བ་དཀོན། །རྣམ་དག་ཐུགས་ནི་ཆོས་བརྒྱད་དྲི་མ་མེད། །ཉོན་མོངས་ཡེ་ཤེས་བསྒྱུར་བའི་མཐུ་ལྡན་པ། །རྗེ་བཙུན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །མཁྱེན་པའི་བ་དན་འཇིག་རྟེན་ཀུན་གྱི་རྒྱན། །སྙིང་རྗེའི་གདུགས་དཀར་གདུང་བ་སྐྱོབ་པའི་མཆོག །ཕྲིན་ལས་གསེར་བཟང་རྐྱེན་གྱིས་འགྱུར་བ་མེད། །རྗེ་བཙུན་བླ་མའི་ཞབས་ལ་ཕྱགས་འཚལ་ལོ། །རྒྱལ་བ་ཀུན་གྱི་ཡབ་གཅིག་རྡོ་རྗེ་འཆང་། །རྒྱལ་བའི་ཡུམ་མཆོག་ཤེས་རབ་ཕ་རོལ་ཕྱིན། །རྒྱལ་སྲས་ཐུ་བོ་བྱམས་མགོན་ཐུགས་རྗེ་ཅན། །རྗེ་བཙུན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །མཚན་གྱིས་སྤྲས་ཤིང་དཔེ་བྱད་འབར་བའི་སྐུ། །མཚན་རྟོག་ཀུན་འཇོམས་སྔགས་ཀྱི་རང་བཞིན་གསུང་། །མཚན་འཛིན་རྣམ་སྤངས་རྡོ་རྗེའི་ཐུགས་མངའ་བ། །རྗེ་བཙུན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཞིང་འདིར་དཀོན་པའི་མཆོད་པའི་རྫས་མཆོག་རྣམས། །རྒྱལ་སྲས་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལྟར། །མཚན་མེད་ཏིང་འཛིན་ངང་ནས་རབ་སྤྲུལ་ཏེ། །རྗེ་བཙུན་བླ་མ་མཉེས་ཕྱིར་དབུལ་བར་བགྱི། །བསྐྱེད་པར་དཀོན་པའི་སེམས་མཆོག་ཉམས་པ་སོགས། །རྒྱལ་བས་བཀག་པའི་ཉེས་ལྟུང་ཅི་མཆིས་རྣམས། །མཚན་དང་ཉིན་དུ་གནོང་ཞིང་འགྱོད་པ་ཡིས། །རྗེ་བཙུན་བླ་མའི་སྤྱན་སྔར་སོ་སོར་བཤགས། །བསྒྲུབ་པར་དཀོན་ཀྱང་མཆོག་ཏུ་བདེ་བའི་རྒྱུ། །རྒྱལ་དང་དེ་སྲས་རང་རྒྱལ་ལ་སོགས་ཀྱིས། །མཚན་བཅས་མཚན་མེད་དགེ་བ་མཛད་རྣམས་ལ། །དད་པས་བདག་ནི་རྗེས་སུ་ཡི་རང་ངོ་། །རྙེད་པར་དཀོན་པའི་ཐེག་མཆོག་རྡོ་རྗེའི་ཐེག །རྒྱལ་བ་ཀུན་གྱི་གསང་ཆེན་བླ་ན་མེད། །མཚན་རྟོག་ལས་སྐྱོབ་རིམ་གཉིས་ཟབ་མོའི་ལམ། །རྒྱུན་ཆད་མེད་པར་འགྲོ་ལ་བསྟན་དུ་གསོལ། །ཐོས་པར་དཀོན་པའི་ཞིང་མཆོག་ཆོས་ཀྱི་རྗེ། །རྒྱལ་བ་སྲས་བཅས་དགོངས་པ་བསྒྲུབ་སླད་དུ། །མཚན་མོའི་མགོན་དང་ཉིན་བྱེད་གནས་ཀྱི་བར། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །བསགས་པར་དཀོན་པའི་དགེ་མཆོག་ཅི་མཆིས་རྣམས། །རྒྱལ་སྲས་དཔའ་བོ་རྣམས་ཀྱིས་བསྔོ་བ་ལྟར། །མཚན་མེད་རྣམ་པར་མི་རྟོག་ཤེས་རབ་ཀྱིས། །བླ་མེད་བྱང་ཆུབ་མཆོག་ཏུ་བསྔོ་བར་བགྱི། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །དཀོན་མཆོག་གསུམ་དངོས་བླ་མ་ཡིད་བཞིན་ནོར། །འབྲལ་མེད་དད་པའི་རྒྱལ་མཚན་རྩེར་མཆོད་ནས། །ཡང་དག་གདམས་པའི་དཔལ་ལ་སྤྱོད་པར་ཤོག །དོན་མེད་ཚེ་འདིའི་བྱ་བས་མི་གཡེང་བར། །དོན་ཆེན་སྒྲུབ་བྱེད་བྱང་ཆུབ་སེམས་མཆོག་དང་། །དོན་དམ་རྟོགས་པའི་ཤེས་རབ་ཕུན་ཚོགས་རྣམས། །དོན་གཞན་སྤངས་ནས་རྩེར་གཅིག་བསྒོམ་པར་ཤོག །དམ་ཚིག་སྡོམ་པ་རྣམ་དག་ངང་ལྡན་ཞིང་། །དམ་ཆོས་སྙིང་པོ་རིམ་གཉིས་ཟབ་མོའི་ལམ། །དམ་པས་བསྔགས་པའི་གནས་སུ་ལེགས་བསྒོམས་པས། །དམ་པའི་དོན་མཆོག་ཟུང་འཇུག་རྟོགས་པར་ཤོག །དགེ་བ་འདི་ཡིས་བདག་གཞན་འགྲོ་བ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་གཉིས་མྱུར་རྫོགས་ནས། །ཤཱཀྱ་སེང་གེའི་གོ་འཕང་མངོན་གྱུར་ཏེ། །མཐའ་ཡས་འགྲོ་བ་འདྲེན་པའི་དཔལ་དུ་ཤོག །རྗེ་བཙུན་བླ་མ་མུས་པ་ཆེན་པོའི་རྣམ་པར་ཐར་པ་ངོ་མཚར་ཆུ་རྒྱུན་ཅེས་བྱ་བ་ཚིགས་སུ་བཅད་པ་དྲུག་ཅུ་རྩ་བཞི་པ་འདི་ནི། རྗེ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་བླངས་པ་ཕྱོགས་མེད་རྒྱལ་ཁམས་ཀྱི་བྱ་བྲལ་བ་བསོད་ནམས་སེང་གེས་ཆུ་ཕོ་རྟའི་ལོ་སྣྲོན་གྱི་ཟླ་བའི་ཡར་ཚེས་གཅིག་ལ་འབྲས་ཡུལ་རྫོང་དཀར་གྱི་སྐྱེད་མོས་ཚལ་དུ་སྦྱར་བ་ལས། སླར་ཡང་ཤིང་མོ་བྱའི་ལོར་ཚིགས་སུ་བཅད་པ་དྲུག་ཅིག་བསྣན་པའོ།། །།ཤུ་བྷཾ།། །།

ཁ་སྐོང་།

ན་མོ་གུ་ར་ཝེ། གང་ལ་ཡོན་ཏན་མཆོག་མངའ་ཞིང་། །ཉེས་པ་བག་ཆགས་བཅས་སྤངས་ནས། །གཅིག་ཏུ་གཞན་དོན་ལ་གཞོལ་བ། །མཚུངས་མེད་རྗེ་བཙུན་དེ་ལ་འདུད། །གང་དེའི་རྣམ་ཐར་མདོ་ཙམ་ཞིག །ངོ་མཚར་རྒྱ་མཚོར་སྔར་བསྟན་ཟིན། །དེ་ཡི་ཁ་སྐོང་ཐུན་མོང་དུ། །གྲགས་པ་འདིར་ནི་བརྗོད་པར་བྱ། །ཐུགས་རྗེས་གཞན་དོན་ལྷུར་བླངས་ནས། །སྐུ་ཚེའི་འདུ་བྱེད་བྱིན་བརླབས་ཏེ། །གྱ་གཉིས་བར་དུ་གདུལ་བྱ་ཡི། །འདྲེན་པ་མཛད་པ་དེ་ལ་འདུད། །ཞིང་འདིའི་གདུལ་བྱ་སྨིན་མཛད་ནས། །འཇིག་རྟེན་ཁམས་ནི་རྣམ་མང་དུ། །སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས། །གྲངས་མེད་འགྲོ་བའི་དོན་མཛད་ཕྱིར། །གཞི་དུས་འབྱུང་བཞིའི་ཐིམ་རིམ་རྣམས། །ལམ་གྱིས་ཉམས་སུ་བསྒྱུར་མཛད་ནས། །རྣམ་ཤེས་འོད་གསལ་ཐིམ་པའི་ཚེ། །མཆོག་གི་དངོས་གྲུབ་བརྙེས་ལ་འདུད། །དེ་ཚེ་འགྱུར་མེད་བདེ་སྟོང་གི །ཡེ་ཤེས་བརྙེས་པའི་ཕྱི་རྟགས་སུ། །བཅུ་དྲུག་ལོ་ལོན་བྱིས་པ་ཡི། །རྣམ་པ་ཇི་བཞིན་གཞོན་ཤ་ཅན། །ཞལ་གྱི་དཀྱིལ་འཁོར་གཉེར་མ་མེད། །དཀར་དམར་མདངས་གསལ་འོད་འཕྲོ་ཞིང་། །སྤྱན་ནི་དཀར་གནག་འབྱེས་པ་སོགས། །མཚན་མཆོག་མངོན་དུ་གྱུར་ལ་འདུད། །རླུང་སེམས་དབུ་མར་ཚུད་པའི་བརྡར། །ཉིན་ཞག་བཅུ་བདུན་འདས་ཀྱི་བར། །འཕགས་ཡུལ་གྲུབ་པའི་དབང་ཕྱུག་གི །བཞུགས་སྟངས་ཇི་བཞིན་དྲང་པོར་བསྲང་། །ཕྱག་གཡས་རྡོ་རྗེའི་ཁུ་ཚུར་དང་། །གཡོན་པ་སྡིགས་མཛུབ་བསྣོལ་བ་ཡིས། །གྲིམ་ཤར་བཅས་པས་སྐུ་ལ་འཁྱུད། །གཟི་བརྗིད་མདངས་ལྡན་དེ་ལ་འདུད། །བྱམས་དང་སྙིང་རྗེའི་རྒྱུ་མཐུན་གྱིས། །བྱ་དང་རི་དྭགས་ཚོགས་རྣམས་ཀྱང་། །གནས་གཞན་སྤངས་ནས་དེ་ཉིད་དུ། །བཀོད་པ་བཞིན་དུ་འཁོད་གྱུར་ཅིང་། །མཁའ་ལ་འཇའ་འོད་གུར་ཆེན་ཕུབ། །ཁོར་ཡུག་དྲོད་ཀྱི་རྣམ་པ་དང་། །ཚུལ་ཁྲིམས་དག་པའི་དྲི་བཟང་གིས། །ཀུན་ཏུ་ཁྱབ་པ་དེ་ལ་འདུད། །ཀྱེ་མ་འཇིག་རྟེན་ཀུན་གྱི་མིག །འགྲོ་མགོན་ཉི་མ་འདས་གྱུར་ནས། །སྙིགས་དུས་གདུལ་བྱའི་དད་པ་དང་། །བློ་གྲོས་པད་མོ་སུ་ཡིས་འབྱེད། །ཁྱོད་འདྲའི་མགོན་དང་བྲལ་བའི་ཚེ། །བདག་སྙིང་ཚལ་བརྒྱར་མ་གས་པ། །ལྕགས་སམ་རྡོ་ཡི་ཁམས་ཉིད་ལས། །བྱས་པ་ཉིད་དམ་ཡང་ན་ཅི། །འོན་ཀྱང་རང་སེམས་དག་པ་འདི། །བླ་མ་མཆོག་དང་ཡི་དམ་དུ། །སྣང་བའི་ཕྱིར་ན་མགོན་ཁྱོད་དང་། །འབྲལ་བ་མེད་པར་བདག་གིས་རྟོགས། །དཔེ་བྲལ་ཁྱོད་ཀྱི་ཡོན་ཏན་ནི། །མ་ལུས་མཚོན་པའི་དཔེ་ཟླ་ཞིག །སྐྱོན་བྲལ་མིག་གིས་རྙེད་དཀའ་ན། །བདག་བློས་བཙལ་ཡང་ཇི་ལྟར་རྙེད། །འོན་ཀྱང་སྲིད་ན་གྲགས་པ་ཡི། །དཔེ་ཡི་ཡོན་ཏན་ཐམས་ཅད་ཀྱིས། །ཁྱོད་ཀྱི་ཡོན་ཏན་ཕྱོགས་རེ་ཡི། །ཆ་ཙམ་མཚོན་པ་འདི་ལྟར་མཐོང་། །གང་གི་རྣམ་ཐར་མངོན་བསམ་ན། །རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི། །རྣམ་ཐར་བཟང་པོ་མ་ལུས་པ། །གཅིག་ཏུ་བསྡུས་ནས་སྤུངས་པ་བཞིན། །གང་གི་བརྩོན་པ་རྣམ་གཉིས་ཀྱིས། །བླ་མེད་བྱང་ཆུབ་བསྒྲུབ་པ་ནི། །མར་མེའི་རྩེ་མོ་རབ་བཅིངས་དང་། །ཆུ་བོའི་རྒྱུན་ནི་རབ་འབབ་བཞིན། །གང་གི་མཁྱེན་རབ་དྲི་མེད་ཀྱིས། །ཤེས་བྱའི་གནས་ལུགས་གསལ་བ་ནི། །སྤྲིན་མེད་ནམ་མཁར་ཉི་མ་ཡི། །དཀྱིལ་འཁོར་ཤར་བ་ཇི་བཞིན་ནོ། །གང་གི་བྱམས་དང་སྙིང་རྗེ་ཡིས། །འགྲོ་ཀུན་བདག་གིར་མཛད་པ་ནི། །སྲེད་ལྡན་སྐྱེས་བུ་རང་ཉིད་ཀྱི། །བུ་ལ་བྱམས་པ་ཇི་བཞིན་ནོ། །གང་གི་རྣམ་དཀར་ཕྲིན་ལས་ཀྱིས། །ཐུབ་བསྟན་ཀུན་ཏུ་ཁྱབ་པ་ནི། །རྒྱ་མཚོའི་གོས་ཅན་རྩྭ་ལྗང་གི །མྱུ་གུས་བྲེས་པ་ཇི་བཞིན་ནོ། །རྗེ་བཙུན་དབང་གི་རྒྱལ་པོ་གང་། །དད་པའི་རྒྱལ་མཚན་རྩེར་མཆོད་ན། །དགོས་འདོད་མ་ལུས་སྩོལ་བ་ནི། །ཡིད་བཞིན་ནོར་བུ་ཇི་བཞིན་ནོ། །དེ་སླད་བདག་སོགས་གདུལ་བྱ་རྣམས། །རྩེ་གཅིག་གུས་པས་གསོལ་འདེབས་ཀྱིས། །དམིགས་མེད་ཐུགས་རྗེའི་སྤྱན་རས་ཀྱིས། །རྣམ་པ་ཀུན་ཏུ་གཟིགས་སུ་གསོལ། །ཚེ་འདིར་དངོས་སུ་མཐོང་བ་ཡི། །སྐལ་བ་མེད་མོད་དེ་ལྟ་ནའང་། །རྨི་ལམ་ཉིད་དུ་ཞལ་བསྟན་ནས། །ཐེ་ཚོམ་དྲྭ་བ་གཅད་དུ་གསོལ། །ཁྱོད་ཀྱི་ཕྲིན་ལས་བསྒྲུབ་པ་ལ། །འགལ་རྐྱེན་བར་དུ་གཅོད་པའི་ཚོགས། །ཕྱི་ནང་ཉེར་འཚེ་མ་ལུས་པ། །ཉེ་བར་ཞི་བར་མཛད་དུ་གསོལ། །མཐུན་རྐྱེན་འཚེ་མེད་གནས་དང་ནི། །སྡིག་མེད་ཟས་དང་ཡོ་བྱད་སོགས། །ཡིད་ལ་འདོད་དགུ་མ་ལུས་པ། །ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཚེ་རབས་ཀུན་ཏུ་མགོན་ཁྱོད་ཀྱིས། །ཚུལ་བཞིན་རྗེས་སུ་བཟུང་ནས་ཀྱང་། །སྨིན་བྱེད་དབང་གི་ཆུ་བོ་ཡིས། །བདག་རྒྱུད་གཏམས་པར་མཛད་དུ་གསོལ། །རིམ་གཉིས་གདམས་པ་ཟབ་མོ་ཡིས། །དབང་ལས་ཐོབ་པའི་བསྐྱེད་རྫོགས་ཀྱི། །སྡོམ་པ་གོང་ནས་གོང་ཉིད་དུ། །འཕེལ་བར་བྱིན་གྱིས་བརླབ་ཏུ་གསོལ། །འདུས་པ་གསུམ་པོ་མཐར་ཕྱིན་ནས། །མཆོག་གི་དངོས་གྲུབ་ཐོབ་གྱུར་ཏེ། །སླར་ཡང་དཀྱིལ་འཁོར་བཞིའི་རྟེན་འབྲེལ། །རྒྱུན་དུ་འགྲིག་པར་མཛད་དུ་གསོལ། །འབྲས་དུས་དབང་གི་ཆུ་བོ་ཡིས། །འགྲོས་བཞི་གཙུག་ཏོར་མཆོག་ཉིད་དུ། །ཐིམ་ནས་ཆེ་བ་གསུམ་ལྡན་པའི། །མཐར་ཐུག་འབྲས་བུ་སྩལ་དུ་གསོལ། །མདོར་ན་མང་དུ་སྨོས་ཅི་འཚལ། །སྤང་རྟོགས་མཛད་པའི་ཡོན་ཏན་རྣམས། །མཐར་ཕྱིན་རྗེ་བཙུན་ཁྱོད་ཉིད་དང་། །རྣམ་དབྱེར་མེད་པར་བྱིན་གྱིས་རློབས། །ཚུལ་འདི་བསོད་ནམས་སེང་གེ་ཡིས། །བླ་མའི་ཡོན་ཏན་རྗེས་དྲན་ནས། །ས་གླང་སྨལ་པོའི་བཅུ་གཅིག་ལ། །གླེ་ལུང་ཆོས་སྡེར་ལེགས་པར་སྦྱར། །དགེ་བ་འདི་དང་དགེ་བ་གཞན། །མཁའ་མཉམ་འགྲོ་བ་མ་ལུས་པ། །སྐྱོན་མེད་བླ་མ་དམ་པ་ཡིས། །རྗེས་སུ་འཛིན་པའི་རྒྱུ་རུ་བསྔོ། །འདི་ལ་ཐེ་ཚོམ་དོགས་མེད་པར། །ངེས་ཤེས་གང་གིས་སྐྱེས་གྱུར་པ། །འདྲེན་མཆོག་བླ་མ་དམ་པ་ཡི། །ཐུགས་ཀྱིས་རྗེས་སུ་འཛིན་པར་ངེས།། །།ཤུ་བྷཾ།། །།

མཚན་སྤེལ་གྱི་བསྟོད་པ་རིན་ཆེན་དཀོན་མཆོག་མ།

ན་མོ་རཏྣ་དྷྭ་ཛཱ་ཡ། རིན་ཆེན་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །རྒྱལ་བ་ཀུན་འདུས་དྲུག་པ་རྡོ་རྗེ་འཆང་། །མཚན་ཙམ་དྲན་པས་སྲིད་ཞིའི་དཔལ་སྟེར་བ། །དངོས་གྲུབ་བཟང་པོའི་གཏེར་ལ་གསོལ་བ་འདེབས། །མཁྱེན་རབ་འོད་ཀྱིས་ཟབ་དོན་པད་ཚལ་འབྱེད། །ཐུགས་རྗེའི་ལྕགས་ཀྱུས་ཉམ་ཐག་འགྲོ་བ་འདྲེན། །ཕྲིན་ལས་ཆར་གྱིས་གདུལ་བྱ་ཚིམ་མཛད་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཉེས་སྤྱོད་འདམ་བུའི་ཚལ་རྣམས་ཀུན་ཏུ་བཅོམ། །གཞན་ཕན་གསེར་གྱི་དྲྭ་བས་གདོང་མཛེས་ཤིང་། །གསང་ཆེན་གདམས་པའི་ཁུར་གྱིས་མི་ངལ་བའི། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཡིད་བཞིན་ནོར་འདྲའི་ཐུགས་ལ་དབང་བསྒྱུར་ཞིང་། །ཡང་དག་ལྟ་བས་ཆོས་ཀུན་སྒྱུ་མར་གཟིགས། །ཡི་དམ་ལྷ་དང་བླ་མའི་ལུང་བསྟན་བརྙེས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཁྱོད་ཀྱི་ཕུང་ཁམས་རྒྱལ་དང་རྒྱལ་བའི་ཡུམ། །དབང་སོགས་སེམས་དཔའ་ཡུལ་རྣམས་ལྷ་མོར་སྟོན། །ཉིད་སྐུའི་ཆ་ཤས་ཁྲོ་བོ་བཅུར་སྤྲུལ་པའི། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །དུས་གསུམ་རྒྱལ་བ་མཆོད་པའི་བསོད་ནམས་ཀུན། །གང་གི་བ་སྤུའི་ཁུང་བུ་གཅིག་ཉིད་ལ། །རྣམ་པར་གནས་ཞེས་རྒྱལ་བས་བདེན་གསུངས་པ། །དེ་སླད་དངོས་པོ་ཀུན་གྱིས་རབ་ཏུ་མཆོད། །རབ་མང་ཉེས་པའི་ཚོགས་རྣམས་སོ་སོར་བཤགས། །རབ་དཀར་དགེ་བ་ཀུན་ལ་རྗེས་ཡི་རང་། །རབ་ཟབ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །རབ་འབྱམས་འགྲོ་བའི་དོན་དུ་བཞུགས་སུ་གསོལ། །དཀོན་མཆོག་གསུམ་དངོས་རྗེ་བཙུན་ཁྱོད་ཉིད་ལ། །སེམས་མཆོག་དད་པས་གསོལ་བ་བཏབ་པའི་མཐུས། །དགེ་མཆོག་བསགས་པ་གང་དེས་འགྲོ་བ་ཀུན། །འདྲེན་མཆོག་བླ་མས་རྗེས་སུ་འཛིན་པར་ཤོག །དོན་མེད་ཚེ་འདིའི་བྱ་བས་མི་གཡེང་བར། །དོན་ཆེན་སྒྲུབ་བྱེད་བྱང་ཆུབ་སེམས་མཆོག་དང་། །དོན་དམ་རྟོགས་པའི་ཤེས་རབ་ཕུན་ཚོགས་རྣམས། །དོན་གཞན་སྤངས་ནས་རྩེ་གཅིག་བསྒོམ་པར་ཤོག །དམ་ཚིག་སྡོམ་པ་རྣམ་དག་དང་ལྡན་ཞིང་། །དམ་ཆོས་སྙིང་པོ་རིམ་གཉིས་ཟབ་མོའི་ལམ། །དམ་པས་བསྔགས་པའི་གནས་སུ་ལེགས་བསྒོམས་པས། །དམ་པའི་དོན་མཆོག་ཟུང་འཇུག་རྟོགས་པར་ཤོག །དགེ་བ་འདི་ཡིས་བདག་གཞན་འགྲོ་བ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་གཉིས་མྱུར་རྫོགས་ནས། །ཤཱཀྱ་སེང་གེའི་གོ་འཕང་མངོན་གྱུར་ཏེ། །མཐའ་ཡས་འགྲོ་བ་འདྲེན་པའི་དཔལ་དུ་ཤོག །ཅེས་པ་འདི་ཡང་དད་ལྡན་གྱིས། །བསྐུལ་ནས་བསོད་ནམས་སེང་གེ་ཡིས། །བདེ་བ་ཅན་དུ་ལེགས་པར་སྦྱར། །དགེ་ཚོགས་བྱང་ཆུབ་ཆེན་པོ་བསྔོ།། །།ཤུ་བྷཾ།། །།

བདག་ཆེན་ཆུ་མིག་པ་ལ་བསྟོད་པ།

ན་མོ་གུ་ར་ཝེ། ཟབ་ཡངས་བློ་གྲོས་དབང་ལུང་ནོར་གྱིས་ཕྱུག །དགེ་ལེགས་ཐར་པའི་འབྱུང་གནས་རིན་པོ་ཆེ། །བདེ་གཤེགས་བསྟན་པའི་རྒྱལ་མཚན་རྩེར་མཆོད་པ། །དཔལ་འབྱོར་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །ཡོན་ཏན་གཞིར་གྱུར་ས་བཅུའི་རྟོགས་པ་མཆོག །ཁ་བ་དུང་དང་ཀུ་མུད་ལྟར་སྐྱ་བ། །གང་གིས་བརྙེས་ནས་མ་རིག་ལས་འཁོན་པའི། །ཆོ་འབྲང་མཆོག་ཏུ་འཁྲུངས་ལ་ཕྱག་འཚལ་ལོ། །མཐའ་དག་འགྲོ་ལ་བརྩེ་བའི་ཐུགས་རྗེ་དང་། །གནས་ལུགས་འཁྲུལ་མེད་རྟོགས་པའི་བློ་གྲོས་ཀྱིས། །མཐའ་ཡས་གསུང་རབ་དོན་ལ་དབང་འབྱོར་ཞིང་། །སྙན་བརྒྱུད་གདམས་པས་ཕྱུག་ལ་ཕྱག་འཚལ་ལོ། །ཐུབ་བསྟན་རྣམ་པར་རྒྱལ་བའི་ཁང་བཟང་ན། །ལེགས་པར་བཤད་པའི་རྔ་སྒྲ་ཆེར་འབྱུང་ཞིང་། །བློ་གསལ་ཉེ་དབང་བསྟི་བའི་གནས་གྱུར་པ། །མཁས་མཆོག་ལྷ་ཡི་དབང་པོ་ལ་ཕྱག་འཚལ། །ངུར་སྨྲིག་རྒྱལ་མཚན་འཛིན་པ་ཀུན་གྱི་གཙོ། །ཐེག་ཆེན་བསླབ་པའི་དཔལ་གྱིས་རབ་ཏུ་བརྗིད། །དངོས་གྲུབ་བཟང་པོའི་གཏེར་གྱུར་རིམ་གཉིས་ཀྱི། །རྣལ་འབྱོར་མཐར་ཕྱིན་དེ་ལ་ཕྱག་འཚལ་ལོ། །བྱིན་རླབས་རྒྱ་མཚོའི་དབུས་ན་གནས་བཅས་ཤིང་། །སྡེ་སྣོད་རྒྱུད་སྡེའི་གདེངས་ཀ་བདུན་དང་ལྡན། །ལྷག་བསམ་སྤྱི་བོ་ཡོངས་འཛིན་ནོར་བུས་སྤྲས། །འདྲེན་མཆོག་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །སྲིད་པ་གསུམ་གྱི་སེམས་ཅན་དོན་སླད་དུ། །དཀོན་མཆོག་གསུམ་གྱི་མཁྱེན་བརྩེ་གཅིག་བསྡུས་ནས། །ཁམས་གསུམ་འགྲོ་ལ་སྐྱེ་བོའི་སྐུར་སྟོན་པ། །འཇམ་དབྱངས་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པའི་རྣམ་དཀར་དགེ་ཚོགས་ཀྱིས། །དཔལ་ལྡན་བླ་མ་སྐུ་ཚེ་རབ་བརྟན་ཅིང་། །ཕྲིན་ལས་འགྲོ་བ་ཀུན་ལ་ཁྱབ་པ་དང་། །གདུལ་བྱའི་རྒྱུད་ལ་བྱིན་རླབས་འཇུག་པར་ཤོག །བདག་ཀྱང་གསོལ་བ་འདེབས་པའི་དོན་སླད་དང་། །གྲགས་པ་རྒྱལ་མཚན་ངག་གིས་བསྐུལ་བའི་ངོར། །བསྟོད་ཚིག་འདི་ནི་བསོད་ནམས་སེང་གེ་ཡིས། །དཔལ་ལྡན་ཨུ་རྒྱན་ཆོས་རྫོང་དགོན་པར་སྦྱར། །ཤུ་བྷཾ།། །།

ཀུན་དགའ་དབང་ཕྱུག་པའི་བསྟོད་པ།

ན་མོ་གུ་ར་ཝེ། དཔལ་ལྡན་ཀུན་དགའི་ལམ་བཟང་བྱེད་པོ་ཡིས། །ཡོངས་བཟུང་གསུང་རབ་དོན་ལ་དབང་འབྱོར་ཞིང་། །སྙན་བརྒྱུད་གདམས་པའི་ནོར་གྱིས་རྒྱུད་ཕྱུག་པ། །རྒྱལ་ཚབ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །མཁྱེན་རབ་ནམ་མཁའི་ཁྱོན་ལྟར་ཟབ་ཅིང་ཡངས། །ཐུགས་རྗེ་ཉི་མའི་འོད་ལྟར་ཀུན་ལ་སྙོམས། །ཕྲིན་ལས་དཔག་བསམ་ཤིང་ལྟར་གསལ་གྱུར་པ། །དགེ་མཚན་བྱེ་བའི་གཏེར་ལ་ཕྱག་འཚལ་ལོ། །ཉམས་དང་རྟོགས་པའི་རྣལ་འབྱོར་མཐར་ཕྱིན་ཅིང་། །ངེས་དོན་ཟབ་མོའི་དེ་ཉིད་ལེགས་གཟིགས་ནས། །སྐལ་ལྡན་འགྲོ་ལ་ཚུལ་བཞིན་འདོམས་མཛད་པ། །རྣལ་འབྱོར་དབང་ཕྱུག་ཞབས་ལ་ཕྱག་འཚལ་ལོ། །ཁམས་གསུམ་འགྲོ་བ་སྲིད་ལས་བསྒྲལ་བྱའི་ཕྱིར། །དུས་གསུམ་རྒྱལ་བའི་བགྲོད་པ་གཅིག་པའི་ལམ། །སྡོམ་གསུམ་ཉམས་ལེན་བསྲུང་ལ་གཡེལ་མེད་པའི། །མཆོག་གསུམ་བསྟན་པ་སྤེལ་ལ་ཕྱག་འཚལ་ལོ། །དམ་པ་བརྒྱུད་པའི་བྱིན་རླབས་འདུས་པ་ཡིས། །སངས་རྒྱས་ངོ་བོ་བླ་མས་མནལ་ལམ་དུ། །དོན་ཀུན་འགྲུབ་པའི་བཀྲ་ཤིས་སྦྱིན་གྱུར་པས། །ཕྱོགས་ལས་རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །ཕྱི་ནང་རྟེན་འབྲེལ་ངོ་མཚར་ཟབ་མོ་ཡིས། །ས་སྐྱོང་དབང་པོས་འབྱོར་པས་ལེགས་མཆོད་ཅིང་། །མཁས་བཙུན་འདུས་པའི་ཚོགས་ཀྱིས་གུས་བཏུད་ནས། །མཛད་པ་ལྷུན་གྱིས་གྲུབ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མའི་རྣམ་ཐར་རྒྱ་མཚོ་ལས། །ལེགས་ཚོགས་ཅུང་ཟད་བརྗོད་པའི་བསོད་ནམས་ཀྱིས། །མཁྱེན་རབ་དབང་ཕྱུག་རྗེ་བཙུན་ས་སྐྱ་པའི། །བསྟན་པ་དྲི་མེད་ཕྱོགས་བཅུར་རྒྱས་པར་ཤོག །ཚུལ་འདི་དད་ལྡན་སློབ་མས་རྒྱང་རིང་ནས། །བསྐུལ་བའི་ངོར་ནི་བསོད་ནམས་སེང་གེ་ཡིས། །ལྕགས་སྟག་ས་གའི་རྒྱལ་གྱི་ཉི་མ་ལ། །མདོ་མཁར་ཆོས་རྫོང་དགོན་པར་སྦྱར་བ་དགེ །ཤུ་བྷཾ།། །།

རབ་འབྱམས་པ་ཤེས་རབ་དཔལ་བཟང་པོ་ལ་བསྟོད་པ།

ན་མོ་གུ་ར་ཝེ། རྒྱལ་ཆེན་ཤེས་བྱའི་ནམ་མཁའ་ཡངས་པ་ལ། །ཟབ་དོན་རབ་གསལ་མཁྱེན་པའི་དཀྱིལ་འཁོར་རྒྱས། །དཔལ་འབྱོར་བཟང་པོའི་འོད་ཟེར་སྟོང་འཕྲོ་བ། །ཐུབ་བསྟན་ཉིན་མོར་བྱེད་པ་དེ་ལ་འདུད། །བྱིན་རླབས་རྒྱ་མཚོ་བླ་མའི་ཚོགས་རྣམས་ལ། །དད་པ་རྒྱ་མཚོའི་ཡིད་ཀྱིས་ལེགས་བསྟེན་པས། །གསུང་རབ་རྒྱ་མཚོའི་ཚོགས་ལ་དབང་འབྱོར་པ། །འཛམ་གླིང་མཁས་པའི་དབང་པོ་དེ་ལ་འདུད། །རྣམ་མང་རྒྱུད་སྡེའི་ཆུ་གཙང་ལས་འཁྲུངས་པའི། །སྨིན་བྱེད་འདབ་སྟོང་རིམ་གཉིས་ཟེའུ་འབྲུས་སྤྲས། །དངོས་གྲུབ་རྣམ་གཉིས་སྦྲང་རྩི་འབྱུང་བའི་གནས། །གསང་ཆེན་ཐེག་པའི་ཆུ་སྐྱེས་དེ་ལ་འདུད། །ལྷག་པའི་ལྷ་ཡིས་བྱིན་བརླབས་སྒོ་འབྱེད་ཅིང་། །དཔའ་བོ་མཁའ་འགྲོས་དགོས་འདོད་ཆར་ལྟར་འབེབས། །བསྟན་སྲུང་རྒྱ་མཚོའི་ཚོགས་ཀྱིས་བཀའ་བཞིན་སྒྲུབ། །མཚུངས་བྲལ་གྲུབ་པའི་དབང་པོ་དེ་ལ་འདུད། །པདྨ་འབྱུང་གནས་ཐུགས་ཀྱི་ཕྲིན་ལས་ལས། །མིའུ་ཐུང་མགོན་པོའི་གཟུགས་སུ་རྣམ་སྤྲུལ་ཏེ། །སྙིགས་དུས་གདུག་ཅན་དྲག་པོ་འདུལ་མཛད་པ། །སྤྲུལ་སྐུ་འགྲོ་བའི་དོན་མཛད་དེ་ལ་འདུད། །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །གང་ཞིག་ཁྱོད་འདྲའི་སྐྱེས་ཆེན་དམ་པ་ལ། །མཆོད་དང་བརྙས་པ་བྱས་པའི་སྐྱེ་བོ་ཀུན། །མཚུངས་པ་ཉིད་དུ་རྣམ་གྲོལ་བདེ་ཐོབ་ཤོག །ལྷག་པར་གསོལ་བ་འདེབས་པའི་སློབ་མ་ཀུན། །ཚེ་འདི་ཉིད་ལ་འགལ་རྐྱེན་ཀུན་སྤངས་ནས། །བསམ་པའི་དོན་རྣམས་ཡིད་བཞིན་འགྲུབ་འགྱུར་ཏེ། །འགྲོ་བའི་དོན་དུ་སངས་རྒྱས་མྱུར་འགྲུབ་ཤོག །མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་ཆེན་པོ་རབ་འབྱམས་ཆོས་རྗེ་ཤེས་རབ་དཔལ་བཟང་པོ་ལ་བསྟོད་པ་ཕྲིན་ལས་ཆར་འབེབས་ཞེས་བྱ་འདི་ནི། དབོན་པོ་འཇམ་དབྱངས་དཔལ་གྱིས་བསྐུལ་ནས་རྗེ་དེ་ཉིད་ཀྱི་སློབ་མ་བྱ་བྲལ་བ་བསོད་ནམས་སེང་གེས་མདོ་མཁར་ཆོས་རྫོང་དུ་སྦྱར་བའོ།། །།ཤུ་བྷཾ།། །།

རབ་བྱམས་པ་སངས་རྒྱས་འཕེལ་ལ་བསྟོད་པ་ཀཱ་ལི་སྤེལ་བ།

ཨོཾ་སྭ་སྟི། ཀ་ལ་པ་སོགས་རིག་གནས་མཐར་སོན་ནས། །ཁ་བ་ཅན་འདིར་སངས་རྒྱས་གསུང་རབ་མཆོག །ག་ན་བཞུགས་ཀྱང་བསམ་འཕེལ་ནོར་བུ་ལྟར། །ང་བདག་སྤངས་ནས་ལྷུན་གྲུབ་སྟོན་ལ་འདུད། །ཅ་ཅོ་མི་མངའ་ལེགས་བཤད་སྟོན་པའི་གསུང་། །ཆ་ཤས་ཉེས་ལྟུང་དྲི་མས་དབེན་པའི་སྐུ། །ཇ་སོགས་སྲེད་པས་མི་རྫི་དག་པའི་ཐུགས། །ཉ་བའི་ཟླ་ལྟར་དྲི་མེད་དེ་ལ་འདུད། །ཏ་ཐཱ་ག་ཏའི་སྲས་ཀྱི་ཐུ་བོ་སྟེ། །ཐ་མལ་སྤྱོད་པ་རིང་དུ་རབ་སྤངས་ནས། །ད་ལྟ་བློ་གསལ་བུང་བ་འདུས་པ་ལ། །ན་རྒ་སེལ་མཛད་བདུད་རྩི་སྟོན་ལ་འདུད། །པ་སངས་ལྟར་གསལ་བློ་གྲོས་ལྡན་རྣམས་ལ། །ཕ་རོལ་ཕྱིན་སོགས་ཟབ་མོ་མདོ་སྡེ་དང་། །བ་མཆོག་ལྟ་བུར་འདོད་འཇོའི་འདུལ་བ་དང་། །མ་མོ་མངོན་པའི་མིག་དོན་སྟོན་ལ་འདུད། །ཙ་ར་ཀ་སོགས་མུ་སྟེགས་གཞུང་ལུགས་རྣམས། །ཚ་ཟེར་རྒྱལ་པོས་མུན་པ་ལྟར་འཇོམས་ཤིང་། །ཛ་ཡ་སྲས་བཅས་སྟོང་ཉིད་སེང་གེའི་སྒྲས། །ཝ་ལྟར་ལོག་སྨྲ་སྐྲག་མཛད་དེ་ལ་འདུད། །ཞྭ་བཟང་ལྟ་བུར་མཁས་པའི་ཐོད་དུ་མཛེས། །ཟ་མ་ཏོག་ལྟར་ཡོན་ཏན་རིན་ཆེན་གནས། །འ་འུར་སྙན་ལྟར་དམ་ཆོས་སྒྲ་དབྱངས་ལྡན། །ཡ་མཚན་ཀུན་གྱི་འབྱུང་གནས་དེ་ལ་འདུད། །རྭ་རྩེ་ལྟ་བུར་རྣོ་བའི་རིགས་པ་ཡིས། །ལ་ལ་དག་ཏུ་ལོག་རྟོག་གླང་པོའི་ལུས། །ཤ་རུས་བཅས་པ་མ་ལུས་བཤིག་ནས་ཀྱང་། །ས་སྟེང་འགྲན་ཟླ་བྲལ་བ་དེ་ལ་འདུད། །ཧ་ཧ་བཞད་པའི་བདེ་ཉམས་ལྡན་པའི་ཐུགས། །ཨཱ་ལི་ཀཱ་ལིའི་སྔགས་ཀྱི་རང་བཞིན་གསུང་། །ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་བརྙེས་ནས། །མཐའ་ཡས་འགྲོ་བ་རྗེས་སུ་འཛིན་ལ་འདུད། །ཀུན་མཁྱེན་སངས་རྒྱས་འཕེལ་ལ་བསྟོད་པ་བོད་ཀྱིས་ཀཱ་ལི་སུམ་ཅུ་དང་སྤེལ་བ་འདི་ནི་བྱ་བྲལ་བ་བསོད་ནམས་སེང་གེས་སྦྱར་བའོ།། །།ཤུ་བྷཾ།། །།

ཀུན་མཁྱེན་སངས་རྒྱས་འཕེལ་བ་ལ་བསྟོད་པ།

ན་མོ་དྷརྨཱ་སྭ་མི་བུད་དྷ་ཝར་དྷ་ཡེ། དཔལ་ལྡན་ལྷ་དབང་ཀླུ་རྒྱལ་དཔག་བསམ་ཤིང་། །རྟ་བདུན་རི་དྭགས་རྒྱལ་པོ་ཡིད་བཞིན་ནོར། །གླང་པོ་བསིལ་ཟེར་ཅན་འདྲའི་བླ་མ་ལ། །རྗེས་བསྔགས་སྡེབ་སྦྱོར་ཕྲེང་བས་བསྟོད་པར་བགྱི། །དགེ་ཚོགས་ལྷུན་པོའི་སྤོ་ལ་བརྟན་བཞུགས། །བློ་གྲོས་སྤྱན་སྟོང་ལྡན་པའི་གཟི་ལྡན། །བློ་གསལ་ཉེ་དབང་ཚོགས་ཀྱིས་ཉེར་བསྟེན། །ཀུན་མཁྱེན་སངས་རྒྱས་འཕེལ་ལ་ཕྱག་འཚལ། །མཐའ་གཉིས་གནས་བསལ་དབུ་མའི་རྒྱ་མཚོར། །ཡང་དག་རིགས་པའི་གདེངས་ཀས་བརྗིད་ཅིང་། །སྟོང་ཉིད་སྨྲ་བའི་ཕུཊ་སྒྲ་ཆེར་སྒྲོགས། །ཀུན་མཁྱེན་སངས་རྒྱས་འཕེལ་ལ་ཕྱག་འཚལ། །རྣམ་མང་ཐོས་པའི་རྩ་བ་བརྟན་ཅིང་། །བསམ་བྱུང་རིགས་པའི་ཡལ་གས་ཉེར་མཛེས། །ཟབ་དོན་བསྒོམ་པའི་འབྲས་བུ་སྟོང་ལྡན། །ཀུན་མཁྱེན་སངས་རྒྱས་འཕེལ་ལ་ཕྱག་འཚལ། །མ་ལུས་གསུང་རབ་མཁྱེན་པའི་ནམ་མཁའ། །སྐྱོང་བྲལ་སྡོམ་གསུམ་དཀྱིལ་འཁོར་ཡོངས་རྫོགས། །བྱམས་དང་སྙིང་རྗེའི་འོད་ཟེར་སྟོང་འཕྲོ། །ཀུན་མཁྱེན་སངས་རྒྱས་འཕེལ་ལ་ཕྱག་འཚལ། །ལེགས་བཤད་འཆད་པའི་ལུས་སྟོབས་ཆེར་རྒྱས། །རིགས་ལམ་རྩོད་པའི་མཆེ་སྡེར་རྣོ་ཞིང་། །སྤེལ་ལེགས་རྩོམ་པའི་རལ་པའི་ཁུར་ལྡན། །ཀུན་མཁྱེན་སངས་རྒྱས་འཕེལ་ལ་ཕྱག་འཚལ། །སངས་རྒྱས་བསྟན་པ་དབང་གི་རྒྱལ་པོ། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་མཆོད་ནས། །གདུལ་བྱའི་དགོས་འདོད་འཕེལ་བའི་མཐུ་ལྡན། །ཀུན་མཁྱེན་སངས་རྒྱས་འཕེལ་ལ་ཕྱག་འཚལ། །རྣམ་དཀར་འདུལ་བའི་དྲྭ་བས་ཉེར་མཛེས། །རྒྱ་ཆེན་མངོན་པའི་ཡན་ལག་བདུན་ལྡན། །ཟབ་མོ་མདོ་སྡེའི་ཁུར་གྱིས་བརྗིད་པའི། །ཀུན་མཁྱེན་སངས་རྒྱས་འཕེལ་ལ་ཕྱག་འཚལ། །དངོས་སྟོབས་རིགས་པའི་དཀྱིལ་འཁོར་ལས་འབྱུང་། །སྒྲུབ་དང་སུན་འབྱིན་འོད་དཀར་དྲྭ་བས། །ཐུབ་བསྟན་ཀུན་དའི་ཕྲེང་བ་རྒྱས་མཛད། །ཀུན་མཁྱེན་སངས་རྒྱས་འཕེལ་ལ་ཕྱག་འཚལ། །བསྔགས་འོས་གང་དེའི་ཡོན་ཏན་ཆ་ཙམ། །རྗེས་བསྔགས་སྡེབ་སྦྱོར་ཕྲེང་བས་སྤེལ་བའི། །བསྔགས་འོས་དགེ་དེས་ཀུན་མཁྱེན་བླ་མ། །འགྲོ་བའི་གཙུག་ན་བསྔགས་པར་ཤོག་ཅིག །ཐུབ་བསྟན་པད་མོའི་ཚལ་རབ་རྒྱས་ཤིང་། །འགྲོ་ལ་ལམ་བཟང་སྣང་བའི་ཆེད་དུ། །འདྲེན་མཆོག་ཉིན་བྱེད་སྐུ་ཚེ་བརྟན་ཞིང་། །ཕྲིན་ལས་ཕྱོགས་བཅུར་རྒྱས་པར་ཤོག་ཅིག །ཚུལ་འདི་བསོད་ནམས་སེང་གེའི་མགུར་ནས། །ཕྱུང་སྟེ་སྐྱེད་ཚལ་མཛེས་པའི་བློ་གསལ། །འདུས་པའི་ཚོགས་ལ་སྐྱེས་སུ་འབུལ་གྱི། །བསྟོད་དབྱངས་སྙན་པའི་རྫ་རྔ་སྒྲོགས་ཤིག །ཤུ་བྷཾ།། །།

མཁས་པ་གུང་རུ་ལ་བསྟོད་པ།

ཤེས་བྱའི་མཁའ་ལ་མཁྱེན་པའི་འོད་སྟོང་གིས། །རབ་ཏུ་གསལ་བའི་སྣང་བ་རྒྱ་ཆེ་ཞིང་། །ཕྲིན་ལས་བཟང་པོ་གདུལ་བྱ་པད་མོའི་གཉེན། །མཚུངས་མེད་བསྟན་པའི་ཉི་མ་དེ་ལ་འདུད། །རྒྱ་ཆེན་ཐོས་པའི་གངས་རི་མཐོན་པོའི་ངོས། །ཕུལ་བྱུང་བསམ་པའི་ཟླ་འོད་ཀྱིས་འཁྱུད་པས། །ཟབ་དོན་བསྒོམ་པའི་སྣང་བ་རབ་རྒྱས་ཏེ། །དམ་ཆོས་བསིལ་ཟེར་འཕྲོ་བ་དེ་ལ་འདུད། །རྣམ་མང་ལུང་གི་གདེངས་ཀས་སྤྱི་བོ་མཛེས། །རྣམ་དག་སྡེབ་སྦྱོར་ཕྲེང་བས་མགུལ་པ་བརྒྱན། །རྣམ་དཔྱོད་རིགས་པའི་ཕུཊ་སྒྲ་ཆེར་སྒྲོགས་པའི། །མཁས་མཆོག་ཀླུ་ཡི་དབང་པོ་དེ་ལ་འདུད། །མཐའ་ཡས་རྒྱུད་སྡེའི་དགོངས་པ་བདུད་རྩིའི་རྒྱུན། །ཟབ་ཡངས་བློ་གྲོས་བུམ་པར་ལེགས་བསྡུས་ནས། །བློ་གསལ་བློ་ཡི་སྤྱི་བོར་དབང་བསྐུར་བ། །མན་ངག་བཅུད་གཏམས་བུམ་བཟང་དེ་ལ་འདུད། །དམ་པའི་ཡོན་ཏན་ཆ་ཙམ་བརྗོད་པ་ལས། །དམ་ཆོས་དགེ་བ་གང་ཞིག་ཐོབ་པ་དེས། །དམ་ཚིག་སྡོམ་པ་རྣམ་དག་དང་ལྡན་ཞིང་། །དམ་པས་བསྔགས་པའི་ལམ་ལ་གནས་པར་ཤོག །མཁས་པའི་མཁས་པ་ཤེས་རབ་བཟང་པོ་ལ། །བསྟོད་པའི་རབ་བྱེད་དོན་ལྡན་སྦྲང་རྩི་འདི། །བསོད་ནམས་སེང་གེའི་བློ་ཡི་པད་མོ་ལས། །ཕྱུང་སྟེ་དོན་གཉེར་བུང་བའི་ཚོགས་ལ་སྦྱིན། །ཚེ་རབས་ཐམས་ཅད་དུ་ཡང་དཔལ་ལྡན་བླ་མས་རྗེས་སུ་འཛིན་པར་གྱུར་ཅིག །དགེའོ།། །།

དཀོན་མཆོག་རྒྱལ་པོ་ལ་བསྟོད་པ།

རིགས་རུས་ཆོ་འབྲང་ལྡན་ཞིང་རིག་འཛིན་གྱི། །རིགས་འཁྲུངས་དཀོན་མཆོག་གསུམ་དང་དབྱེར་མེད་པའི། །ཆོས་ཀྱི་རྒྱལ་པོ་བླ་མ་མཆོག་ཁྱོད་ལ། །རྟག་ཏུ་གུས་པས་བདག་ནི་སྐྱབས་སུ་མཆི། །དགེའོ།། །།

བདག་ཆེན་བློ་གྲོས་པ་ལ་བསྟོད་པ།

ན་མོ་གུ་ར་ཝེ། ཟབ་ཡངས་བློ་གྲོས་རྒྱ་མཚོའི་དབུས་གནས་ཤིང་། །རིམ་གཉིས་རྒྱལ་མཚན་གདེངས་ཀས་མངོན་པར་བརྗིད། །དཔལ་འབྱོར་བཟང་པོའི་ནོར་བུ་གཙུག་ན་མཛེས། །ཡོངས་འཛིན་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །ཕུལ་བྱུང་རིགས་ཀྱི་གངས་རི་མཐོ་བའི་ངོས། །ལྷག་བསམ་དཀར་པོའི་ཟླ་ཟེར་དང་ལྡན་ཞིང་། །དམ་པའི་སྤྱོད་ཚུལ་ཆུ་གཙང་འབྱུང་བའི་གཞི། །འདྲེན་པ་རི་དབང་ཆེ་ལ་མགོས་ཕྱག་འཚལ། །རྣམ་མང་ཐོས་པའི་རྩ་བ་རབ་བརྟན་ཞིང་། །བསམ་བྱུང་རིགས་པའི་ཡལ་ག་ཕུན་ཚོགས་ལྡན། །ཟབ་དོན་བསྒོམས་པའི་འབྲས་བཟང་སྩོལ་བ་ཅན། །བླ་ཆེན་དཔག་བསམ་ལྗོན་པ་ལ་ཕྱག་འཚལ། །དཔག་ཡས་ཐུགས་རྗེའི་སྤྱན་ཟུར་དྲི་མེད་ཀྱིས། །སྲིད་གསུམ་འགྲོ་བའི་སྡུག་བསྔལ་མ་བཟོད་ནས། །བླ་མེད་བྱང་ཆུབ་བསྒྲུབ་ལ་བརྩོན་མཛད་པ། །མཚན་ནས་བརྗོད་པར་དཀའ་བ་ཁྱོད་ཕྱག་འཚལ། །བློ་གྲོས་སྤྱི་བོར་བླ་མའི་ཅོད་པཎ་འཛིན། །ཕྲིན་ལས་རྒྱལ་མཚན་མཁའ་འགྲོས་ཕྱོགས་བཅུར་སྤེལ། །སྙན་གྲགས་དཔལ་འབྱོར་སྲུང་མས་སྒྲུབ་མཛད་པ། །དགེ་མཚན་བཟང་པོའི་གཏེར་ལ་མགོས་ཕྱག་འཚལ། །འགྲོ་མགོན་བླ་མའི་ཡོན་ཏན་རྗེས་བསྔགས་པའི། །བསོད་ནམས་གང་དེས་ཁམས་གསུམ་འགྲོ་བ་ཀུན། །སྡུག་བསྔལ་རྒྱ་མཚོ་ཆེ་ལས་རབ་བསྒྲལ་ནས། །བདེ་ཆེན་ཐར་པའི་གནས་ལ་འཇོག་པར་ཤོག །ཁྱད་པར་མཁྱེན་རབ་དབང་ཕྱུག་ས་སྐྱ་པའི། །བསྟན་པ་དྲི་མེད་གདུལ་བྱའི་པདྨོ་ལ། །རྒྱུན་དུ་ཁྱབ་ཅིང་ལམ་མཆོག་གསལ་བ་དང་། །ཕན་བདེའི་ལོ་ཐོག་རྒྱས་པའི་རྒྱུར་གྱུར་ཅིག །འགྲོ་བའི་བླ་མ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ལ་བསྟོད་པ་ཡོན་ཏན་གསལ་བའི་ཉི་འོད་ཅེས་བྱ་བ་འདི་ནི་དད་ལྡན་གྱི་སློབ་མ་རྣམས་ཀྱིས་བསྐུལ་བའི་ངོར། ཤཱཀྱའི་དགེ་སློང་བསོད་ནམས་སེང་གེས་དཔལ་ལྡན་ས་སྐྱ་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་སུ་སྦྱར་བའི་ཡི་གེ་པ་ནི་དབུས་པ་གྲགས་བཟང་ངོ་།། །།

སློབ་དཔོན་ཀུན་དགའ་འབུམ་གྱི་བསྟོད་པ།

ཐུགས་རྗེས་ནམ་ཡང་འགྲོ་བ་མི་གཏོང་ཞིང་། །གསུང་རབ་མཁའ་ལ་མཁྱེན་པའི་ཉི་འོད་ཀྱིས། །ཟབ་དོན་དཔལ་འབྱོར་བཟང་པོའི་སྣང་བ་ཅན། །ཡོངས་འཛིན་དམ་པའི་ཞབས་ལ་གུས་ཕྱག་འཚལ། །གསུང་རབ་ཀུན་གྱི་ཆ་ཤས་ཡོངས་སུ་རྫོགས། །དམ་ཆོས་དགའ་སྟོན་གདུལ་བྱའི་མཁའ་ལ་འཆར། །དགེ་ལེགས་འབུམ་ཕྲག་དུ་མའི་འོད་དཀར་ཅན། །སྨྲ་བའི་ཟླ་བ་བླ་མའི་ཞབས་ལ་འདུད།། །། ༄། །ཨོཾ་སྭ་སྟི། རྒྱ་ཆེན་བསོྃད་ནྃམས་ལུས་སྟོབས་རབ་རྒྱས་ཏེ། །བདེ་གཤེགས་གསུང་རབ་སེྃང་གེྃའི་ང་རོ་ཡིས། །ལོག་སྨྲའི་རི་དྭགས་མཐའ་དག་སྐྲག་བྱེད་པའི། །ཐུབ་བསྟན་གངས་རི་སྐྱོང་བ་དེ་ལ་འདུད། །དགེའོ།། །། ༄། གདམས་པའི་རིན་ཆེན་ལྷུན་བརྩེགས་མཆོག །བསོྃད་ནྃམས་རྒྱ་མཚོའི་དབུས་གནས་ཤིང་། །ལེགས་བཤད་སེྃང་གེྃའི་བསྟི་གནས་ཆེ། །ཡོན་ཏན་རི་དབང་ལ་ཕྱག་འཚལ། །དགེའོ།། །། ༄། ཨོཾ་སྭ་སྟི། དཀོན་མཆོག་གསུམ་དངོས་བླ་མ་ཉེར་བསྟེན་ནས། །རྨད་བྱུང་ཡོན་ཏན་ཀུན་གྱི་གཏེར་མངའ་ཞིང་། །གསང་ཆེན་བསྟན་པ་འཕེལ་བའི་ཕྲིན་ལས་ཅན། །འདྲེན་མཆོག་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། །དགེའོ།། །།

པཎྜི་ཏ་གྲགས་པ་རྡོ་རྗེའི་བསྟོད་པ།

མ་ཧཱ་པཎྜི་ཏ་གྲགས་པ་རྡོ་རྗེ་ལ་བསྟོད་པ་དད་པའི་པད་མོ་རྒྱས་བྱེད་ཅེས་བྱ་བ། དཔལ་ལྡན་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །བློ་གྲོས་དཀྱིལ་འཁོར་གྲགས་པའི་གཟི་འབར་བ། །མི་འགྱུར་རྡོ་རྗེའི་མཁའ་ལ་རྣམ་རོལ་ཞིང་། །བདེ་གཤེགས་བསྟན་པའི་པད་ཚལ་རྒྱས་མཛད་པ། །མཁས་མཆོག་ཉིན་བྱེད་དབང་པོ་ལ་ཕྱག་འཚལ། །ལེགས་གསུང་འདུལ་བ་རྒྱ་མཚོའི་དབུས་གནས་ཤིང་། །རྣམ་དག་ཚུལ་ཁྲིམས་བསླབ་པའི་མེ་འོད་ཀྱིས། །འཆལ་ཚུལ་སྨག་རུམ་མུན་པ་བསལ་མཛད་པ། །གནས་བརྟན་གདེངས་ཅན་དབང་པོ་ལ་ཕྱག་འཚལ། །སྲིད་གསུམ་འགྲོ་བའི་སྡུག་བསྔལ་སེལ་བའི་ཕྱིར། །ཐེག་མཆོག་ལམ་གྱི་ཐེམ་སྐས་ཀུན་འཛེགས་ཏེ། །རྒྱལ་བའི་ཕྲིན་ལས་མ་ལུས་བསྒྲུབ་མཛད་པ། །རབ་འབྱམས་རྒྱལ་སྲས་དབང་པོ་ལ་ཕྱག་འཚལ། །མཐའ་ཡས་རྒྱུད་སྡེའི་དགོངས་པ་བདུད་རྩིའི་རྒྱུན། །རྨད་བྱུང་བརྩོན་པའི་སྙིམ་པས་ལེགས་གསོལ་ནས། །སྐལ་ལྡན་འགྲོ་ལ་ཚུལ་བཞིན་འདོམས་མཛད་པ། །གསང་ཆེན་གདམས་པའི་དབང་ཕྱུག་ལ་ཕྱག་འཚལ། །རིག་གནས་པད་མོ་ཟུམ་པ་མ་བཟོད་ནས། །ཡོངས་རྫོགས་བསྟན་པའི་མངའ་བདག་པཎྜི་ཏ། །འཇམ་དབྱངས་ཉི་མ་སླར་ཡང་གསལ་བྱོན་པ། །འཛམ་གླིང་མཁས་པའི་དབང་པོ་ལ་ཕྱག་འཚལ། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་ཆེན་འབུལ། །སྡིག་པ་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཟབ་ཡངས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །རྟག་ཏུ་མྱ་ངན་མི་འདའ་བཞུགས་སུ་གསོལ། །གང་སྐུ་རིན་ཆེན་གསེར་ལྟར་བཟང་བ་དང་། །དེའི་གསུང་གྲགས་པས་ས་དང་མཁའ་ཁྱབ་ཅིང་། །ཁྱོད་ཐུགས་རྡོ་རྗེ་ལྟ་བུར་བརྟན་པ་ཡིས། །བདེ་གཤེགས་བསྟན་པ་ཕྱོགས་བཅུར་རྒྱས་བྱེད་ཤོག །པཎ་ཆེན་གྲགས་པ་རྡོ་རྗེ་ཡི། །ཡོན་ཏན་ཆ་ཙམ་བརྗོད་པས་ཀྱང་། །དད་པའི་པད་མོ་རྒྱས་བྱེད་འདི། །བསོད་ནམས་སེང་གེས་སྦྱར་བ་དགེ། །།

གླིང་སྨད་པཎྜི་ཏ་ལ་བསྟོད་པ།

ཤེས་བྱའི་དེ་ཉིད་གཟིགས་པའི་བློ་གྲོས་ཀྱིས། །རབ་འབྱམས་གཞུང་གི་དགོངས་པ་པདྨོའི་ཚལ། །ལེགས་པར་འབྱེད་པའི་དཔལ་ཡོན་ཕུན་ཚོགས་ལྡན། །ཀུན་མཁྱེན་ཆོས་ཀྱི་རྗེ་ལ་ཕྱག་འཚལ་ལོ། །སྔོན་ཚེ་འཕགས་ཡུལ་དམ་ཆོས་རྒྱ་མཚོའི་གླིང་། །མཛེས་པར་བརྒྱན་པའི་ཡོངས་རྫོགས་པཎྜི་ཏར། །ལེགས་འཁྲུངས་ཐུགས་རྗེའི་དབང་གིས་གངས་ཅན་འདིར། །བསྟན་པའི་དཔལ་དུ་ཤར་ལ་གུས་ཕྱག་འཚལ། །རྣལ་འབྱོར་དབང་ཕྱུག་དགེ་བའི་ངང་ཚུལ་ཅན། །རིགས་པའི་རྒྱལ་མཚན་འཛིན་པའི་ཐུགས་ཀྱི་སྲས། །བཤད་དང་སྒྲུབ་པའི་རིགས་ཀྱི་གདུང་འཚོབ་པ། །དམ་པའི་རྣམ་ཐར་སྐྱོང་ལ་གུས་ཕྱག་འཚལ། །ལུང་རིགས་བྱེ་བའི་འབྲུག་སྒྲ་འབྱུང་བའི་གཞི། །ཐུབ་བསྟན་སྤྲིན་སྔོན་རོལ་པའི་ཁང་བཟང་དེར། །ས་བཅུའི་དབང་ཕྱུག་བློ་ལྡན་བཟང་པོ་ཡི། །རྒྱལ་ཚབ་དམ་པ་གྱུར་ལ་གུས་ཕྱག་འཚལ། །སྡེ་སྣོད་རྒྱ་མཚོའི་དབུས་ན་གནས་བཅས་ཤིང་། །རྣམ་མང་རྒྱུད་སྡེ་གསེར་རིའི་དབུས་ན་བརྗིད། །རྣམ་དག་བསྒྲུབས་པའི་རིན་ཆེན་ལས་གྲུབ་པ། །ཡོན་ཏན་ཀུན་གྱིས་ལྷུན་པོ་ལ་ཕྱག་འཚལ། །དགེ་ལེགས་ཡོན་ཏན་ཀུན་གྱིས་བརྒྱན་པའི་མཐུས། །སྐལ་ལྡན་འགྲོ་བ་ཀུན་གྱི་སྐྱབས་གྱུར་ཅིང་། །ལུང་རིགས་མན་ངག་དུ་མའི་དཔལ་སྟེར་བ། །ཕྲིན་ལས་དབང་ཕྱུག་དེ་ལ་གུས་ཕྱག་འཚལ། །ཤེས་རབ་ཟབ་མོའི་དཔལ་ལྡན་སྐྱེས་ཆེན་གྱི། །ལེགས་ཚོགས་ཅུང་ཟད་བརྗོད་པའི་བསོད་ནམས་དེས། །མཁའ་མཉམ་འགྲོ་ལ་ཕན་བདེས་ཀུན་ཁྱབ་ཅིང་། །ཡོངས་འཛིན་དམ་པའི་བྱིན་རླབས་འཇུག་པར་ཤོག །ཚུལ་འདི་དད་ལྡན་ནམ་མཁའ་བཟང་པོ་ཡིས། །བསྐུལ་ནས་བསོད་ནམས་སེང་གེའི་རྣམ་དཔྱོད་ལས། །འབད་མེད་ལྷུན་གྱིས་གྲུབ་པར་ཕྱུང་ནས་ནི། །ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པར་བྲིས། །དགེའོ།། །།

ཀརྨ་པའི་བསྟོད་པ།

ན་མོ་ལོ་ཀི་ཤྭ་རཱ་ཡ། ཁམས་གསུམ་འགྲོ་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །དུས་གསུམ་ཤེས་བྱ་མཁྱེན་པའི་ཡེ་ཤེས་ཅན། །གནས་གསུམ་མཁའ་འགྲོ་འདུས་པ་ཀུན་གྱི་གཙོ། །སྐྱེས་མཆོག་ཀརྨ་པ་ལ་ཕྱག་འཚལ་ལོ། །དུས་གསུམ་མཁྱེན་པ་མཚུངས་བྲལ་པག་ཤིའི་མཚན། །རང་བྱུང་རོལ་པའི་རྡོ་རྗེ་དེ་བཞིན་གཤེགས། །མཐོང་བ་དོན་ལྡན་རྣམས་སུ་སྐུ་བརྒྱུད་ནས། །མཐའ་ཡས་འགྲོ་བ་འདྲེན་མཛད་ལ་ཕྱག་འཚལ། །མཉམ་གཞག་རང་བྱུང་བདེ་ཆེན་ངང་ལ་བཞུགས། །རྗེས་ཐོབ་ཆོས་ཀུན་དབྱེ་བ་སོ་སོར་གཟིགས། །ཕྲིན་ལས་དམ་པའི་ཆོས་ཀྱི་འོད་ཟེར་འགྱེད། །སྐལ་ལྡན་ཀུན་གྱི་རྒྱལ་པོ་ལ་ཕྱག་འཚལ། །སྐྱེས་མ་ཐག་ནས་བྱིས་པའི་སྤྱོད་པ་ལས། །ཤིན་ཏུ་འདས་ཤིང་ང་ནི་ཀརྨ་པ། །སྲིད་པ་གསུམ་ན་འགྲན་ཟླ་བྲལ་ལོ་ཞེས། །མི་འཇིགས་དམ་བཅའ་མཛད་ལ་ཕྱག་འཚལ་ལོ། །ཚད་མེད་བཞི་ལྡན་ལྷག་བསམ་རྒྱ་མཚོའི་དབུས། །བསྡུ་དངོས་བཞི་ཡི་བང་རིམ་ཕྲེང་བ་ཅན། །རྒྱུད་སྡེ་བཞི་ཡི་ལྕོག་གིས་ཉེར་མཛེས་པ། །གསང་བ་ཀུན་གྱི་ལྷུན་པོ་ལ་ཕྱག་འཚལ། །དུག་ལྔའི་ཆུ་བོ་ཐབས་མཁས་བདུད་རྩི་ཡིས། །ཡེ་ཤེས་ལྔ་ཡི་ལམ་དུ་བསྒྱུར་མཛད་ཅིང་། །རིགས་ལྔའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་གྱི། །གོ་འཕང་མངོན་དུ་མཛད་ལ་ཕྱག་འཚལ་ལོ། །རིགས་དྲུག་འགྲོ་ལ་སྤྲུལ་པ་འགྱེད་པའི་སྐུ། །ཡིག་དྲུག་སྒྲ་དབྱངས་ཕྱོགས་བཅུར་སྒྲོགས་པའི་གསུང་། །མངོན་ཤེས་དྲུག་པོ་ཆགས་ཐོགས་མེད་པའི་ཐུགས། །ཡོན་ཏན་ཕྲིན་ལས་ལྷུན་གྲུབ་ལ་ཕྱག་འཚལ། །སྟེང་ནས་ལྷ་ཡིས་མཆོད་པའི་ཆར་ཆེན་ཕབ། །བར་དུ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར། །འོག་ནས་གདེངས་ཅན་གཙུག་གི་ནོར་བུས་གཏུགས། །ས་གསུམ་འགྲོ་བའི་མགོན་པོ་ལ་ཕྱག་འཚལ། །གང་སྐུ་མཐོང་བ་ཙམ་གྱིས་རབ་ཏུ་དང་། །གསུང་མཆོག་ཐོས་པས་ངན་འགྲོའི་འཇིགས་ལས་སྐྱོབ། །མཁྱེན་བརྩེ་དྲན་པས་སྲིད་ཞིའི་དཔལ་འབྱོར་སྟེར། །རྣམ་ཐར་བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །སྙིགས་དུས་འགྲོ་བའི་སྐྱབས་མགོན་ཀརྨ་པ། །ཚུལ་བཞིན་བསྔགས་པའི་རྣམ་དཀར་དགེ་ཚོགས་ཀྱིས། །མར་གྱུར་འགྲོ་བའི་སྡུག་བསྔལ་རབ་ཞི་ནས། །བདེ་ཆེན་ཐར་པའི་འབྱོར་བ་ཐོབ་པར་ཤོག །བསྟོད་པའི་ཚུལ་འདི་བསྟོད་ཡུལ་དེ་ཉིད་ལ། །སངས་རྒྱས་ཉིད་འཛིན་སངས་རྒྱས་རྒྱལ་མཚན་གྱིས། །ལེགས་པར་བསྐུལ་ནས་ལེགས་པའི་བློ་ལྡན་པ། །བསོད་ནམས་ཐོབ་ཕྱིར་བསོད་ནམས་སེང་གེས་བྲིས། །དགེའོ།། །།

རྗེ་རིན་པོ་ཆེ་སྐུ་སྐྱེ་བའི་དྲུང་གི་བསྟོད་པ།

ཨོཾ་སྭསྟི། ཆོས་རྗེ་བསོད་ནམས་ཆོས་ཀྱི་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་ལ་བསྟོད་པ། ཡོན་ཏན་གསལ་བའི་མཚན་གྱི་ཟླ་ཟེར་ཞེས་བྱ་བ། མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཕུན་ཚོགས་བསོད་ནམས་དཔལ་ལས་འཁྲུངས་པའི་སྐུ། །ལེགས་བྱས་བསོད་ནམས་བརྒྱ་ཡིས་བསྐྲུན་པའི་གསུང་། །རྒྱ་ཆེན་བསོད་ནམས་ཡེ་ཤེས་ལྡན་པའི་ཐུགས། །གང་ལ་མངའ་བའི་སྐྱེས་ཆེན་དེ་ལ་འདུད། །ཐེག་ཆེན་ཆོས་ཀྱི་སྙིང་པོ་བསྡུས་པའི་བཅུད། །ཟབ་ཡངས་ཆོས་ཀྱི་དེ་ཉིད་རྟོགས་པའི་ཐབས། །གསུང་ངག་ཆོས་ཀྱིས་རང་རྒྱུད་རྣམ་གྲོལ་ནས། །གཞན་རྒྱུད་སྨིན་པར་མཛད་པ་དེ་ལ་འདུད། །མཁས་པ་ཀུན་དགའི་མཁྱེན་པ་ཟབ་མོ་དང་། །འགྲོ་བ་ཀུན་དགའི་ཐུགས་རྗེ་རྨད་བྱུང་གིས། །རྒྱལ་བ་ཀུན་དགའ་ཕྲིན་ལས་སྒྲུབ་མཛད་པ། །མཁྱེན་བརྩེ་ནུས་པ་མཐར་ཕྱིན་དེ་ལ་འདུད། །ཐོས་མང་བཀྲ་ཤིས་རྩ་བ་རབ་བརྟན་ཞིང་། །བསམ་བྱུང་བཀྲ་ཤིས་མེ་ཏོག་རྣམ་པར་བཀྲ། །བསྒོམས་པའི་བཀྲ་ཤིས་ཉམས་རྟོགས་འབྲས་བུས་བརྒྱན། །དཔག་ཡས་ཡོན་ཏན་ལྗོན་པ་དེ་ལ་འདུད། །དཀོན་མཆོག་རྒྱལ་མཚན་གསུང་གི་མན་ངག་ལས། །ཆོས་ཀྱི་རྒྱལ་མཚན་དྲི་མེད་ལེགས་བཟུང་ནས། །བསྟན་པའི་རྒྱལ་མཚན་འཛིན་པར་དབང་བསྐུར་ཏེ། །ལུང་བསྟན་དབུགས་དབྱུང་བརྙེས་པ་དེ་ལ་འདུད། །ཚོགས་གཉིས་དཔལ་འབྱོར་གཏིང་མཐའ་མི་མངོན་ཞིང་། །སྲིད་ཞིའི་དཔལ་འབྱོར་རིན་ཆེན་དུ་མས་གཏམས། །དོན་གཉིས་དཔལ་འབྱོར་རྦ་རླབས་རབ་གཡོ་བ། །དགེ་ལེགས་ཀུན་གྱི་རྒྱ་མཚོ་དེ་ལ་འདུད། །གྲགས་པ་བཟང་པོ་ལ་སོགས་མཚུངས་བྲལ་བའི། །ཡོངས་འཛིན་བཟང་པོའི་བཀའ་ལུང་མཐར་ཕྱིན་ནས། །ཕྲིན་ལས་བཟང་པོས་ཐུབ་བསྟན་རྒྱས་མཛད་པ། །སྟོན་པའི་བསྟན་འཛིན་དེ་ལ་ཕྱག་འཚལ་ལོ། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་ཆེར་འབུལ། །ཀུན་རྟོག་ངན་པའི་ཉེས་རྣམས་སོ་སོར་བཤགས། །ཀུན་གྱི་དགེ་བ་ཀུན་ལ་རྗེས་ཡི་རང་། །ཀུན་མཁྱེན་ཆོས་འཁོར་བསྐོར་ཞིང་རྟག་བཞུགས་གསོལ། །སྒོ་གསུམ་དྭང་བས་བསྟོད་པའི་བསོད་ནམས་དང་། །དུས་གསུམ་བསགས་པའི་དགེ་གཞན་ཅི་མཆིས་པ། །འཁོར་གསུམ་རྣམ་པར་མི་རྟོག་ཤེས་རབ་ཀྱིས། །སྐུ་གསུམ་མངོན་འགྱུར་སངས་རྒྱས་ཐོབ་ཕྱིར་བསྔོ། །རྒྱལ་བ་འགྲོ་ལ་དམ་ཆོས་སྟོན་པ་དང་། །དམ་ཆོས་སྤྱོད་པས་དགེ་འདུན་རྒྱས་པ་དང་། །དགེ་འདུན་བདེར་གཤེགས་བསྟན་པ་སྐྱོང་བ་ཡིས། །བསྟན་པ་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །ཚུལ་འདི་ཐོས་བསམ་རི་མོ་རབ་བཀྲ་སྟག་དང་ནི། །སྒོམ་པའི་ལོག་ཞོལ་འཕྱང་བའི་གནས་བརྟན་རྒྱ་བོ་ཡིས། །ཡང་ཡང་བསྐུལ་ནས་གསུང་རབ་བྲག་ལ་གནས་བཅས་ཤིང་། །ལུང་རིགས་གཤོག་ཡངས་རྒྱས་པ་གོ་བོས་སྦྱར། །དགེའོ།། །།

ཆུ་འདུས་མཁས་བཙུན་པ་ལ་བསྟོད་པ།

ན་མོ་གུ་ཎ་སཱ་ག་ར། ལྷག་བསམ་གསེར་གྱི་ས་འཛིན་ཆེར་ཡངས་པར། །རྨད་བྱུང་ཡོན་ཏན་ཆུ་བོ་ཀུན་འདུ་ཞིང་། །ཕྲིན་ལས་རྒྱ་མཚོའི་རྦ་རླབས་གཡོ་བ་ཅན། །མཁས་བཙུན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །ཚུལ་ཁྲིམས་ཕུང་པོས་མངོན་པར་བརྗིད་པའི་སྐུ། །མན་ངག་བདུད་རྩི་དུས་སུ་འདོམས་པའི་གསུང་། །ཏིང་འཛིན་ཟབ་ཅིང་ཡངས་པའི་ཐུགས་མངའ་བ། །མཁས་བཙུན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །ཐོས་པའི་ཁང་བཟང་དབང་ལུང་ནོར་གྱིས་ཕྱུག །བསམ་བྱུང་རིག་པའི་རི་མོ་རྣམ་བཀྲ་ཞིང་། །ཉམས་རྟོགས་ཡོན་ཏན་ནོར་བུ་ལེགས་སྤྲས་པ། །མཁས་བཙུན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །ཀུན་མཁྱེན་བླ་མའི་གསུང་གི་འོད་ཟེར་གྱིས། །བློ་གྲོས་པདྨོ་རྣམ་པར་ཕྱེ་བ་ལས། །ཕྲིན་ལས་སྦྲང་རྩིའི་དགའ་སྟོན་འགྱེད་མཛད་པ། །མཁས་བཙུན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས། །ཡོན་ཏན་རྒྱ་མཚོ་བླ་མའི་རྣམ་ཐར་ལས། །ཆ་ཙམ་དད་པ་རྒྱ་མཚོས་ལེགས་བརྗོད་པའི། །བསོད་ནམས་རྒྱ་མཚོ་གང་ཞིག་ཐོབ་པ་དེས། །སངས་རྒྱས་ཡེ་ཤེས་རྒྱ་མཚོར་འཇུག་པར་ཤོག །བླ་མའི་ཡོན་ཏན་རྗེས་བསྔགས་པ། །ཐུགས་སྲས་དམ་པས་བསྐུལ་བའི་ངོར། །བསོད་ནམས་རིགས་པའི་སེང་གེ་ཡིས། །བསྟོད་ཚིག་སྒྲ་དབྱངས་འདི་བསྒྲགས་སོ། །དགེའོ།། །།

འཆུམ་སྡེ་ཆེན་གྱི་མཁན་པོ་ནམ་མཁའ་དཔལ་སྐྱོང་གི་བསྟོད་པ།

ན་མོ་གུ་ར་ཝེ། ལྷག་བསམ་ནམ་མཁར་ཐུགས་རྗེའི་སྤྲིན་བསྡུས་ནས། །དམ་ཆོས་བདུད་རྩིའི་དཔལ་གྱི་ཆར་རྒྱུན་གྱིས། །རྣམ་གྲོལ་དགེ་བའི་ལོ་ཐོག་སྐྱོང་མཛད་པ། །མཁན་ཆེན་རིན་པོ་ཆེ་ལ་གུས་ཕྱག་འཚལ། །རླབས་ཆེན་སྨོན་ལམ་རྣམ་པར་དག་པའི་མཐུས། །རྒྱལ་བའི་རིང་ལུགས་འཛིན་པའི་རིགས་འཁྲུངས་ཏེ། །གཞོན་ནུ་ཉིད་ནས་ཐུབ་བསྟན་རྒྱལ་སྲིད་ཀྱི། །ཁུར་ཆེན་འཛིན་པར་མཛད་ལ་གུས་ཕྱག་འཚལ། །དཀྱིལ་འཁོར་རྒྱ་མཚོའི་རིགས་བདག་རྡོ་རྗེ་འཆང་། །སྲས་ཀྱི་ཐུ་བོར་བཅས་པའི་ལེགས་བཤད་ཀྱི། །བདུད་རྩིའི་རྒྱུན་བཟང་ངོམས་པར་ལེགས་གསོལ་ནས། །མན་ངག་གཏེར་དུ་གྱུར་ལ་གུས་ཕྱག་འཚལ། །རྣམ་དག་བསླབ་གསུམ་རིན་ཆེན་གྱིས་གཏམས་པའི། །ལེགས་གསུང་འདུལ་བའི་རླབས་ཕྲེང་གཡོ་བ་ཅན། །བྱང་ཆུབ་མཆོག་གི་གདེངས་ཅན་བསྟི་བའི་གནས། །གནས་བརྟན་ཆེན་པོའི་ཞབས་ལ་གུས་ཕྱག་འཚལ། །བྱམས་དང་སྙིང་རྗེའི་རྩ་བ་རབ་བརྟན་པའི། །བྱང་ཆུབ་སེམས་ཀྱི་ལྗོན་པའི་ལོ་འདབ་ཀྱིས། །སྲིད་དང་ཞི་བའི་གདུང་བ་ཀུན་སྐྱོབ་པ། །སེམས་དཔའ་ཆེན་པོའི་ཞབས་ལ་མགོས་ཕྱག་འཚལ། །རྨད་བྱུང་གདམས་པས་རང་རྒྱུད་རྣམ་གྲོལ་ནས། །གསང་ཆེན་བསྟན་པ་ཉི་མའི་འོད་ཟེར་གྱིས། །སྐལ་ལྡན་འགྲོ་ལ་ལམ་མཆོག་སྣང་མཛད་པ། །རྡོ་རྗེ་འཛིན་པའི་ཞབས་ལ་གུས་ཕྱག་འཚལ། །གཅིག་ཏུ་འགྲོ་ལ་བརྩེ་བའི་ཐུགས་རྗེ་ཡིས། །བསྟན་ལ་ཕན་བདེ་འབྱུང་བར་ལེགས་གཟིགས་ནས། །རྒྱལ་བའི་བསྟན་ལ་མཆོག་ཏུ་གཅེས་འཛིན་པ། །འགྲོ་བ་ཀུན་གྱི་འདྲེན་པ་ལ་ཕྱག་འཚལ། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་ཆེན་དབུལ། །སྡིག་པ་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཞིང་མྱ་ངན་མི་འདའ་བར། །འགྲོ་བའི་དོན་དུ་རྟག་པར་བཞུགས་སུ་གསོལ། །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པ་ལས། །བྱུང་བའི་དགེ་ཚོགས་ཉི་ལྟར་གསལ་བ་ཡིས། །མཁའ་མཉམ་འགྲོ་བའི་སྙིང་མུན་ཀུན་བསལ་ནས། །བླ་མེད་བྱང་ཆུབ་མཆོག་ལ་འགོད་པར་ཤོག །ཉེ་བར་བསྟེན་པའི་གནས་མཆོག་སྡེ་ཆེན་འདི། །སྲིད་ཞིའི་དཔལ་འབྱོར་ཀུན་གྱིས་ལེགས་གང་ནས། །ཐུབ་བསྟན་དྲི་མེད་རྒྱུན་དུ་སྐྱོང་བ་དང་། །དམ་ཆོས་སྒྲ་ཆེན་སྒྲོགས་པའི་གཞིར་གྱུར་ཅིག །ཅེས་པ་འདི་ཡང་གནས་མཆོག་དེའི། །སློབ་ཚོགས་ཀུན་གྱིས་རབ་བསྐུལ་ནས། །བློ་ལྡན་བསོད་ནམས་སེང་གེ་ཡིས། །གཞན་ལ་ཕན་པའི་ཆེད་དུ་སྦྱར། །དགེའོ།། །།

སློབ་དཔོན་སྦྱིན་བཟང་པའི་བསྟོད་པ། ན་མོ་གུ་ར་ཝེ། དགེ་ལེགས་རིན་ཆེན་ཀུན་གྱི་གཏེར་གྱུར་པ། །ལེགས་གསུང་འདུལ་བ་རྒྱ་མཚོའི་དབུས་གནས་ཤིང་། །བསླབ་གསུམ་གདེངས་ཀས་བརྗིད་པའི་གཟི་འོད་ཅན། །འདུལ་འཛིན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །རླབས་ཆེན་བྱང་ཆུབ་སེམས་ཀྱི་ཆུ་མཚོ་ལས། །སྦྱིན་སོགས་སྤྱོད་པའི་འདབ་སྟོང་རབ་རྒྱས་ཏེ། །ཕྲིན་ལས་བཟང་པོའི་ཟེའུ་འབྲུས་ལེགས་སྤྲས་པའི། །རྒྱལ་སྲས་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །རྣམ་མང་རྒྱུད་སྡེའི་རིན་ཆེན་ལས་གྲུབ་ཅིང་། །རྨད་བྱུང་དབང་བཞིའི་བང་རིམ་ཕྲེང་བ་ཅན། །རིམ་གཉིས་ཉི་ཟླ་གསལ་བའི་མདངས་ལྡན་པ། །རྡོ་རྗེ་འཛིན་པའི་ཞབས་ལ་གསོལ་བ་འདེབས། །དཔལ་ལྡན་བླ་མར་ཚུལ་བཞིན་བསྔགས་པ་ཡི། །དགེ་ཚོགས་གང་དེས་གནས་འདི་ལོངས་སྤྱོད་དང་། །ཆོས་ཀྱིས་རྒྱས་ཤིང་མཐའ་ཡས་འགྲོ་བ་ཀུན། །ཀུན་མཁྱེན་རྒྱལ་པོའི་གོ་འཕང་མྱུར་ཐོབ་ཤོག །བསྟན་པའི་རྩ་ལག་སྦྱིན་པ་བཟང་པོ་ཞེས། །རབ་ཏུ་གྲགས་པ་དེ་ཡི་བསྟོད་ཚིག་འདི། །དད་ལྡན་བློ་གྲོས་འབུམ་གྱིས་ལེགས་བསྐུལ་ནས། །མང་ཐོས་དགེ་སློང་བསོད་ནམས་སེང་གེས་སྦྱར། །དགེའོ།། །།

རྗེ་ཉིད་ཀྱིས་བཞེངས་པའི་གསུང་ངག་བརྒྱུད་པའི་བྲིས་སྐུའི་ངོས་ནས་བཤུས་ཏེ་བྲིས་པའི་བརྒྱུད་འདེབས།

ཨོཾ་སྭསྟི། ཟུང་འཇུག་མཆོག་གི་ས་བརྙེས་རྡོ་རྗེ་འཆང་། །གསང་བ་ཀུན་བདག་ཡེ་ཤེས་མཁའ་འགྲོའི་གཙོ། །ཕུང་སོགས་རྣམ་དག་གདན་གསུམ་ཚང་བ་ཡི། །སྐུར་བསྐྱེད་དཀྱིལ་འཁོར་ལྷ་ལ་གུས་ཕྱག་འཚལ། །མཐུ་སྟོབས་བསམ་ཡས་དཔལ་ལྡན་བིརྺ་པ། །རྡོ་རྗེའི་ཚིག་གིས་རྣམ་གྲོལ་ནག་པོ་པ། །བདེ་སྟོང་མཆོག་གི་དབང་ཕྱུག་ཌཱ་མ་རུ། །གཉིས་སྤངས་སྤྱོད་པ་མཛད་ལ་གུས་ཕྱག་འཚལ། །གངས་ཅན་འདུལ་མཛད་ག་ཡ་དྷ་ར་དཔལ། །དམ་ཆོས་གཏེར་མཛོད་བླ་ཆེན་འབྲོག་མིའི་ཞབས། །ནུས་མཐུ་མཐར་ཕྱིན་སེ་སྟོན་ཀུན་རིག་དང་། །ཡོན་ཏན་མངའ་བརྙེས་ཆོས་འབར་ལ་ཕྱག་འཚལ། །འགྲོ་ཀུན་ཐུགས་རྗེས་དགའ་མཛད་སྤྱན་རས་གཟིགས། །རྒྱལ་བའི་ཡེ་ཤེས་སྙིང་པོ་འཇམ་པའི་དབྱངས། །གསང་གསུམ་ཀུན་འདུས་གསང་བདག་རྡོ་རྗེ་འཛིན། །རྗེ་བཙུན་ས་སྐྱ་པ་ལ་གུས་ཕྱག་འཚལ། །མི་ཐུབ་ཟླ་བའི་སྤྲུལ་པ་བསོད་ནམས་རྩེ། །རྡོ་རྗེ་འཛིན་ས་བདུན་བརྙེས་གྲགས་པའི་མཚན། །འཇམ་དབྱངས་མི་ཡིས་དོན་མཛད་ཆོས་ཀྱི་རྗེ། །བླ་ཆེན་འཕགས་པའི་ཞབས་ལ་གུས་ཕྱག་འཚལ། །སྒྲུབ་པའི་རྒྱལ་མཚན་ལེགས་འཛིན་ཚོགས་སྒོམ་པ། །ཉམས་དང་རྟོགས་པ་མཐར་ཕྱིན་ཉན་ཆེན་པ། །སྙན་བརྒྱུད་གདམས་པའི་མཛོད་འཛིན་དཀོན་མཆོག་དཔལ། །རིམ་གཉིས་མཐར་ཕྱིན་བྲག་ཕུག་པ་ལ་འདུད། །འགྲོ་བའི་བླ་མ་བསོད་ནམས་རྒྱལ་མཚན་དཔལ། །མདོ་རྒྱུད་ཀུན་མཁྱེན་མཚུངས་མེད་རི་ཁྲོད་པ། །སྙན་བརྒྱུད་གདམས་པའི་བདག་པོ་དཔལ་ལྡན་པ། །སྦས་པའི་རྣལ་འབྱོར་བུདྡྷ་ཤྲཱི་ལ་འདུད། །གསུང་རབ་ཀུན་འཛིན་མཁྱེན་པའི་གཏེར་མངའ་བ། །ཀུན་དགའ་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །འགྲོ་བ་ཀུན་འཛིན་ཐུགས་རྗེའི་གཏེར་མངའ་བ། །དཀོན་མཆོག་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ། །གྲོང་ཁྱེར་གསུམ་འཇིག་ཐུབ་བསྟན་གྲོང་ཁྱེར་སྐྱོང་། །འཇིགས་རུང་ཞལ་གདངས་འཇིགས་རུང་གད་རྒྱང་སྒྲོགས། །དཔུང་ཆེན་ནུས་མཐུས་བདུད་ཀྱི་དཔུང་ཆེན་འཇོམས། །བསྟན་སྲུང་ཁྱོད་ཀྱིས་བསྟན་པ་འདི་སྐྱོངས་ཤིག། །།

ཀྱེ་རྡོར་འགྲེལ་པ་ལུགས་ཀྱི་བརྒྱུད་པའི་ཁ་སྐོང་། བློ་གྲོས་ཕུན་ཚོགས་ཐུབ་བསྟན་རྒྱལ་མཚན་འཛིན། །དཔལ་ལྡན་ཕྲིན་ལས་བཟང་པོ་སྐྱེ་རྒུའི་མགོན། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །འཕགས་པས་རྗེས་བཟུང་རྒྱུད་དོན་མ་ལུས་རིག །རྨད་བྱུང་བཤད་པའི་སྲོལ་འཛིན་དགའ་ལྡན་པ། །བཀྲ་ཤིས་དཔལ་གྱི་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རབ་དཀར་བསོད་ནམས་བརྒྱ་ཡི་གངས་རི་ལས། །རྨད་བྱུང་མཁྱེན་བརྩེའི་དཔལ་གྱི་ཆུ་རྒྱུན་ཅན། །རྒྱལ་བ་བྲག་ཕུག་པ་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རྣམ་དག་བློ་གྲོས་ནམ་མཁའ་ཡངས་པ་ལ། །རབ་ཏུ་བརྟན་པའི་ཏིང་འཛིན་དཀྱིལ་འཁོར་རྒྱས། །མཚུངས་མེད་རི་ཁྲོད་པ་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཚོགས་གཉིས་དཔལ་ལྡན་སྒྲིབ་གཉིས་གཡུལ་ལས་རྒྱལ། །སྡོམ་གསུམ་ཚུལ་ཁྲིམས་ཉེས་གསུམ་དྲི་མས་དབེན། །དཔལ་ལྡན་ཚུལ་ཁྲིམས་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཡེ་ཤེས་ཁང་བཟང་ཐུགས་རྗེའི་རྒྱལ་མཚན་གྱིས། །ལེགས་པར་སྤྲས་པའི་དཔལ་འབྱོར་བཟང་པོ་ཅན། །རྗེ་བཙུན་རྟོག་མེད་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཁྱོད་ཐུགས་ཤེས་བྱ་ཀུན་ལ་ལེགས་སྦྱངས་པས། །རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པར་གྱུར། །འདྲེན་མཆོག་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རྣམ་དག་མཁྱེན་པས་ཆོས་ཀུན་སྒྱུ་མར་གཟིགས། །དམིགས་མེད་ཐུགས་རྗེས་གཞན་ལ་ཕན་དགོངས་པ། །དཀོན་མཆོག་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་འདི་ནི་ཆོས་ཀྱི་རྒྱལ་པོ་འཕགས་པས་མཛད་པའི་ཀྱེ་རྡོར་འགྲེལ་པ་ལུགས་ཀྱི་བརྒྱུད་པའི་ཁ་སྐོང་དུ་དགེ་སློང་བསོད་ནམས་སེང་གེས་སྦྱར་བའོ།། །།དགེའོ།། །།

བདེ་མཆོག་བརྒྱུད་པའི་གསོལ་འདེབས་ཁ་སྐོང་།

བདུད་དང་མུ་སྟེགས་འཆི་བདག་སོགས། །རྒོལ་བ་ཀུན་གྱི་ང་རྒྱལ་འཇོམས། །ལྷ་དང་དགེ་སྦྱོང་བྲམ་ཟེ་སོགས། །བསྟན་ལ་དགའ་བ་ཀུན་དགའ་མཛད། །མཚུངས་པ་མེད་པའི་རྒྱལ་མཚན་ཅན། །རྨད་དུ་བྱུང་བའི་དཔལ་མངའ་བ། །བཟང་པོ་ཁྱོད་ཀྱི་ཞབས་རྡུལ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཟབ་ཅིང་རྒྱ་ཆེའི་བློ་གྲོས་ཅན། །ཐུགས་རྗེའི་རྒྱལ་མཚན་དྲི་མ་མེད། །ཕྲིན་ལས་དཔལ་འབྱོར་བཟང་པོ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །རྙེད་པར་དཀོན་པའི་བདེ་གཤེགས་གསུང་། །གདམས་པ་མཆོག་ཏུ་ཤར་བ་ཡི། །སྐྱེ་རྒུའི་དཔལ་དུ་གྱུར་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །སྙན་བརྒྱུད་གདམས་པའི་མཛོད་འཛིན་ཅིང་། །རིམ་གཉིས་རྣལ་འབྱོར་མཐར་ཕྱིན་པ། །རྗེ་བཙུན་བྲག་ཕུག་པ་ཡི་ཞབས། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །བློ་གྲོས་རྒྱ་མཚོའི་དབུས་ན་གནས། །བསླབ་གསུམ་བང་རིམ་རབ་ཏུ་བརྟན། །བསྡུ་བཞིའི་ཅོག་གིས་མཛེས་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །མན་ངག་རྒྱ་མཚོའི་དཔལ་དང་ལྡན། །བརྩེ་བས་འགྲོ་ལ་ལེགས་འདོམས་ཤིང་། །སྡོམ་གསུམ་ཚུལ་ཁྲིམས་ལྡན་པ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཡེ་ཤེས་ཆེན་པོའི་རྒྱལ་མཚན་འཛིན། །དཔལ་འབྱོར་བཟང་པོས་འགྲོ་ཀུན་སྐྱོང་། །རྗེ་བཙུན་རྟོག་མེད་ཞབས་པད་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཤེས་བྱ་ཀུན་སྦྱངས་བློ་གྲོས་ཅན། །འགྲོ་ཀུན་དགའ་མཛད་ཐུགས་རྗེ་ཅན། །དྲི་མེད་བརྟུལ་ཞུགས་བཟང་པོ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །གང་གི་མཚན་ཙམ་དྲན་པས་ཀྱང་། །སྲིད་ཞིའི་རྒུད་པ་ཀུན་སེལ་བ། །འདྲེན་མཆོག་རྩ་བའི་བླ་མ་ལ། །རྟག་ཏུ་ཕྱག་འཚལ་གསོལ་བ་འདེབས། །ཞེས་པ་འདིའི་ཚིགས་བཅད་དང་པོ་གཉིས་ནི། །གླིང་ཀ་བདེ་བ་ཅན་གྱི་ཕྱག་དཔེ་རྙིང་པ་ཞིག་གི་དཀྱུས་ན་འདུག་པ་བྲིས་པ་ཡིན་ལ་ལྷག་མ་རྣམས་ནི། དཔལ་ལྡན་ས་སྐྱ་པཎྜི་ཏས་མཛད་པའི་འཁོར་ལོ་བདེ་མཆོག་གི་བླ་མ་བརྒྱུད་པའི་གསོལ་འདེབས་ཀྱི་ཁ་སྐོང་དུ་དགེ་སློང་བསོད་ནམས་སེང་གེས་བྲིས་པའོ། །དགེའོ།། །།

གསང་འདུས་རིམ་ལྔའི་བརྒྱུད་འདེབས་ཁ་སྐོང་།

ཨེ་ཝཾ་ཟབ་ཅིང་རྒྱ་ཆེའི་དམ་ཆོས་ཀྱི། །དཔལ་ལྡན་གནས་མཆོག་དབུས་བཞུགས་རྡོ་རྗེ་འཆང་། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གུས་པས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས།། །།

ཕར་ཕྱིན་བརྒྱུད་འདེབས།

ན་མོ་ཨཱརྻ་མཻ་ཏྲི་ནཱ་ཐཱ་ཡ། འགྲོ་བའི་བླ་མ་སྟོན་པ་རྫོགས་སངས་རྒྱས། །འགྲོ་ཀུན་བྱམས་པས་རྗེས་བཟུང་མི་ཕམ་མགོན། །འགྲོ་ལ་བརྩེ་བས་རྗེས་ཆགས་ཐོགས་མེད་ཞབས། །འགྲོ་བའི་འདྲེན་པ་གསུམ་ལ་གསོལ་བ་འདེབས། །རྒྱལ་བ་གཉིས་པ་ཀུན་མཁྱེན་དབྱིག་གི་གཉེན། །རྒྱལ་བའི་གདུང་འཛིན་འཕགས་པ་རྣམ་གྲོལ་སྡེ། །རྒྱལ་སྲས་ཐུ་བོ་བཙུན་པ་རྣམ་གྲོལ་སྡེ། །རྒྱལ་བའི་རྒྱལ་ཚབ་གསུམ་ལ་གསོལ་བ་འདེབས། །དགེ་འདུན་འདུས་པའི་རྒྱན་གྱུར་མཆོག་གི་སྡེ། །དགེ་ལེགས་བྱམས་པའི་ཐུགས་མངའ་དུལ་བའི་སྡེ། །དགེ་བའི་གཏེར་མཛོད་མཁན་པོ་རྣམ་སྣང་མཛད། །དགེ་བའི་འབྱུང་གནས་གསུམ་ལ་གསོལ་བ་འདེབས། །ཡུམ་དོན་དགོངས་པ་གསལ་མཛད་སེང་གེ་བཟང་། །ཡུམ་དོན་རྟོགས་པས་རྣམ་གྲོལ་ཡེ་ཤེས་ཞབས། །ཡུམ་དོན་ཐུགས་ཆུད་ཡོན་ཏན་གཤེས་གཉེན་ཏེ། །ཡུམ་དོན་མཐར་ཕྱིན་གསུམ་ལ་གསོལ་བ་འདེབས། །མཁས་པའི་གཙུག་རྒྱན་རིན་ཆེན་བཟང་པོ་དང་། །མཁས་ཤིང་གྲུབ་པ་བརྙེས་པ་ཟླ་བ་བཟང་། །མཁས་མང་འདུས་པའི་གཙོ་བོ་བསྟན་སྐྱོང་ཞབས། །མཁས་གྲུབ་དམ་པ་གསུམ་ལ་གསོལ་བ་འདེབས། །རབ་འབྱམས་ཤེས་བྱ་ཀུན་མཁྱེན་ལོ་ཙྪ་བ། །རབ་མཆོག་ཤེར་ཕྱིན་རྒྱས་མཛད་ཤེས་རབ་འབར། །རབ་གསལ་ཐུགས་མངའ་བྱང་ཆུབ་ཡེ་ཤེས་ཞབས། །རབ་དཀར་བློ་ལྡན་གསུམ་ལ་གསོལ་བ་འདེབས། །མཐའ་གཉིས་རྣམ་གྲོལ་གཞོན་ནུ་ཚུལ་ཁྲིམས་དང་། །མཐའ་བྲལ་སྟོང་ཉིད་དོན་རྟོགས་ཤེས་རབ་འབུམ། །མཐའ་ཡས་བྱང་ཆུབ་སེམས་ལྡན་བྱང་ཆུབ་འབུམ། །མཐའ་དག་ཡོངས་འཛིན་གསུམ་ལ་གསོལ་བ་འདེབས། །ཀུན་རྟོག་རྣམ་སྤངས་འཇམ་པའི་རྡོ་རྗེ་དང་། །ཀུན་ཏུ་གསལ་བའི་མཁྱེན་ལྡན་དར་ཚུལ་ཞབས། །ཀུན་ལ་ཕན་དགོངས་བརྩོན་འགྲུས་རྡོ་རྗེ་སྟེ། །ཀུན་གྱི་རེ་སྐོང་གསུམ་ལ་གསོལ་བ་འདེབས། །སྲིད་ཞིའི་དགྲ་ལས་རྣམ་རྒྱལ་རིན་པོ་ཆེ། །སྲིད་པའི་ཉེས་སྤོང་གྲུབ་པ་སེང་གེ་དང་། །སྲིད་གསུམ་མཁས་པ་ཚད་མའི་སྐྱེས་བུའི་ཞབས། །སྲིད་པའི་འདྲེན་པ་གསུམ་ལ་གསོལ་བ་འདེབས། །མཁྱེན་ལྡན་སྡོམ་བརྩོན་བུ་སྟོན་རིན་ཆེན་གྲུབ། །མཁྱེན་པའི་སྤྱན་གསལ་རིན་ཆེན་རྣམ་རྒྱལ་ཞབས། །མཁྱེན་བཟང་བསྟན་པའི་མངའ་བདག་སངས་རྒྱས་དཔལ། །མཁྱེན་རབ་དབང་ཕྱུག་གསུམ་ལ་གསོལ་བ་འདེབས། །ཐུབ་དབང་གཉིས་པ་རོང་སྟོན་ཆོས་ཀྱི་རྗེ། །ཐུབ་པའི་བསྟན་པ་གསལ་མཛད་སངས་རྒྱས་འཕེལ། །ཐུབ་མཆོག་དགེས་པའི་བཤེས་གཉེན་རྣམ་གཉིས་ལ། །ཐུབ་པ་བཞིན་དུ་དད་པས་གསོལ་བ་འདེབས། །རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་ན། །རབ་མཛེས་མཆོད་པའི་ཡོ་བྱད་ཅི་མཆིས་རྣམས། །རབ་མཆོག་ཞིང་གྱུར་བླ་མའི་ཚོགས་རྣམས་ལ། །རབ་དཀར་དད་པའི་སེམས་ཀྱིས་རྒྱས་པར་འབུལ། །མ་དག་ཉེས་པའི་ཚོགས་རྣམས་སོ་སོར་བཤགས། །མ་ལུས་དགེ་བ་ཀུན་ལ་རྗེ་ཡི་རང་། །མ་རིག་བསལ་ཕྱིར་ཆོས་འཁོར་བསྐོར་བ་དང་། །མ་རྣམས་དོན་དུ་བརྟན་པར་བཞུགས་སུ་གསོལ། །དེ་ཉིད་དོན་གཟིགས་བླ་མའི་ཚོགས་རྣམས་ལ། །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །དེ་བཞིན་གཤེགས་པའི་ཡུམ་མཆོག་ཤེར་ཕྱིན་ལ། །དེ་དོན་རྟོགས་ཕྱིར་ཐོས་བསམ་བྱེད་པར་ཤོག །རྣམ་དག་ཐོས་དང་བསམ་པས་རྒྱུད་སྦྱངས་ནས། །རྣམ་མངའ་འགྲོ་ལ་ཕན་བདེ་བསྒྲུབ་པའི་ཕྱིར། །རྣམ་དཀར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །རྣམ་གྲོལ་ཐེག་ཆེན་ལམ་དུ་འཇུག་པར་ཤོག །རྣམ་པ་ཀུན་ཏུ་འབྲས་བུ་ཐོབ་ཕྱིར་དུ། །ལམ་གསུམ་ཤེས་པའི་ཚུལ་ལ་ལེགས་སྦྱངས་ཏེ། །གཞི་ཀུན་ཤེས་པ་གཉིས་སུ་རབ་ཕྱེ་ནས། །ལམ་དང་ལམ་མིན་སྒྲོ་འདོགས་ཆོད་པར་ཤོག །མཁྱེན་གསུམ་བསྡུས་ནས་བསྒོམས་པའི་རྣལ་འབྱོར་གྱིས། །རྟོགས་པ་རབ་ཀྱི་མཐར་ཕྱིན་ཐོབ་ནས་ཀྱང་། །སླར་ཡང་དེ་དག་གོ་རིམ་ཇི་བཞིན་དང་། །ཅིག་ཆར་བསྒོམས་པའི་ཉམས་ལེན་མཐར་ཕྱིན་ཤོག །ཟག་མེད་ཡོན་ཏན་ཀུན་ལྡན་རང་བཞིན་སྐུ། །ཡིད་འོང་མཚན་དཔེ་རབ་མཛེས་ལོངས་སྤྱོད་རྫོགས། །སྣ་ཚོགས་གདུལ་བྱའི་རེ་སྐོང་སྤྲུལ་པའི་སྐུ། །མངོན་དུ་གྱུར་ནས་ཕྲིན་ལས་དབང་བསྐུར་ཤོག །ཟུང་འཇུག་ཆོས་སྐུ་མ་ཐོབ་དེ་སྲིད་དུ། །དགའ་ལྡན་ཆོས་ཀྱིས་མཐོ་བའི་ཁང་བཟངས་དེར། །མི་ཕམ་ཆོས་ཀྱི་བླ་མའི་ཞབས་དྲུང་དུ། །ཐེག་ཆེན་ཆོས་ཀྱི་དགའ་སྟོན་མྱོང་བར་ཤོག །ཚེ་འདིར་ཚེ་རིང་ནད་མེད་ཚུལ་ཁྲིམས་དག །ཐོས་མང་ཐོས་པའི་དོན་སེམས་སྒོམ་བྱེད་ཅིང་། །ཡོངས་འཛིན་ཡོངས་ཀྱི་ལེགས་བཤད་བདུད་རྩི་ཡིས། །བློ་ལྡན་བློ་ཡི་རེ་བ་སྐོང་བར་ཤོག །བརྩེ་ཆེན་བླ་མ་རྣམས་ཀྱི་ཐུགས་རྗེ་དང་། །རིན་ཆེན་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། །ཡུམ་ཆེན་ཕ་རོལ་ཕྱིན་པའི་བདེན་པ་ཡིས། །རྒྱ་ཆེན་སྨོན་ལམ་འདི་དག་མྱུར་འགྲུབ་ཤོག །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པའི་རིམ་པ་བསྟོད་ཚིག་རྒྱན་གྱི་ཕྲེང་བ་ཞེས་བྱ་བ་འདི་ནི་ཕྱོགས་མེད་རྒྱལ་ཁམས་ཀྱི་བྱ་བྲལ་བ་བསོད་ནམས་སེང་གེས་ཆུ་ཕོ་རྟའི་ལོ་ཆོ་འཕྲུལ་ཆེན་པོའི་ཟླ་བ་ལ་འབྲས་ཡུལ་རྫོང་དཀར་གྱི་སྐྱེད་མོས་ཚལ་དུ་སྦྱར་བའོ།། །།དགེའོ།། །།

ཚད་མའི་བརྒྱུད་འདེབས། མཐའ་དག་འགྲོ་ལ་ཕན་བཞེད་ཐུགས་རྗེ་ཡིས། །བདེན་བཞི་རྟོགས་པའི་ཐབས་ལ་མངོན་སྦྱོར་ནས། །གྲངས་མེད་གསུམ་དུ་བརྩོན་པས་ལེགས་བསྒོམས་པས། །བདེ་གཤེགས་སྐྱོབ་པ་བརྙེས་ལ་གསོལ་བ་འདེབས། །བསམ་ཡས་མཁྱེན་པའི་གཏེར་ཆེན་འཇམ་པའི་དབྱངས། །ཉོན་མོངས་དགྲ་ལས་རྣམ་རྒྱལ་འཆོས་སྐྱོབ་ཞབས། །དེ་སྲས་ཐུ་བོ་པཎ་ཆེན་མེ་ཝང་འགའ། །མཁས་མཆོག་དབྱིག་གཉེན་རྣམས་ལ་གསོལ་བ་འདེབས། །ཕས་རྒོལ་འདམ་བུའི་གྲོང་འཇོམས་ཕྱོགས་གླང་པོ། །རྨད་བྱུང་བཤད་པའི་སྲོལ་འཛིན་དབང་ཕྱུག་སྡེ། །སྡེ་བདུན་ཆོས་ཀྱི་སྒྲ་སྒྲོགས་གྲགས་པའི་མཚན། །ལྷ་དབང་བློ་གྲོས་རྣམས་ལ་གསོལ་བ་འདེབས། །ཤཱཀྱའི་རིང་ལུགས་འཛིན་པ་བློ་གྲོས་བཟང་། །ཕུལ་བྱུང་ཤེས་རབ་འབྱུང་གནས་བློ་གྲོས་ཆེ། །འཆི་བདག་བདུད་ཀྱི་དཔུང་འཇོམས་ཡཱ་མ་ཤྲཱི། །རྒྱལ་རྔ་བདུན་པ་རྣམས་ལ་གསོལ་བ་འདེབས། །དམ་པ་རང་གཞན་སྐྱོང་མཛད་དུལ་བ་ལྷ། །བྲམ་ཟེ་ལྔ་རིག་བདེ་བྱེད་དགའ་བ་དང་། །ཐེག་ཆེན་ཆོས་ཀྱི་ནུས་ལྡན་ཝང་གུའི་ཞབས། །འཕགས་ཡུལ་སྒྲོན་མེ་རྣམས་ལ་གསོལ་བ་འདེབས། །དཔལ་ལྡན་ཁ་ཆེའི་མཁན་པོ་བསོད་སྙོམས་པ། །དེ་སྲས་བདེ་གཤེགས་དཔལ་དང་སམ་ག་ཤྲཱི། །དཱ་ནཱ་ཤཱི་ལ་འཇམ་དབྱངས་བླ་མ་ཡི། །སྒྲ་ཚད་འབྱུང་གནས་བཞི་ལ་གསོལ་བ་འདེབས། །དཔལ་ལྡན་ས་སྐྱ་བསྟན་པའི་གངས་རིར་གནས། །མུ་སྟེགས་རྒོལ་ངན་ཝ་ཚོགས་མཐར་མཛད་ཅིང་། །སྐལ་ལྡན་བློ་གསལ་རི་དྭགས་ཚོགས་སྐྱོང་བ། །འཇམ་མགོན་བླ་མའི་ཞབས་ལ་གསོལ་བ་འདེབས། །དངོས་སྟོབས་རིགས་པའི་སེང་གེ་འུ་ཡུག་པ། །སངས་རྒྱས་བསྟན་པ་རྒྱས་མཛད་མདོ་སྡེ་དཔལ། །མཁྱེན་པའི་སྤྱན་གསལ་འཇམ་དབྱངས་སྐྱ་བོའི་ཞབས། །བློ་གྲོས་བརྟན་པ་རྣམས་ལ་གསོལ་བ་འདེབས། །འགྲོ་བའི་མགོན་པོ་བསོད་ནམས་རྒྱལ་མཚན་དཔལ། །རིགས་ལམ་གསལ་མཛད་མཁས་པ་བརྩོན་འགྲུས་དཔལ། །དགའ་ལྡན་ཆོས་ཀྱི་རྒྱལ་ཚབ་སངས་རྒྱས་དཔལ། །ཤེས་བྱ་ཀུན་རིག་རྣམས་ལ་གསོལ་བ་འདེབས། །སྲིད་གསུམ་འགྲོ་བའི་རྩ་ལག་གྲགས་པའི་མཚན། །བདེ་གཤེགས་བསྟན་པའི་རྩ་ལག་སངས་རྒྱས་འཕེལ། །ཟབ་དོན་གནད་ཀྱི་རྩ་ལག་ཡོངས་འཛིན་མཆོག །རིགས་ལམ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཁམས་གསུམ་འགྲོ་ལ་དམིགས་པའི་སྙིང་རྗེ་ཡི། །དམིགས་རྣམ་སྐྱེ་བ་དུ་མར་གོམས་པའི་མཐུས། །འབད་རྩོལ་མེད་པར་རང་གི་ངང་ཉིད་ཀྱིས། །སེམས་ཉིད་ཐུགས་རྗེར་འགྱུར་བར་བྱིན་གྱིས་རློབས། །ཡིད་ཆེས་ལུང་དང་དངོས་སྟོབས་རིགས་པ་ཡིས། །སྡུག་བསྔལ་རྒྱུ་དང་གཉེན་པོ་ལེགས་བརྟགས་ནས། །བདག་མེད་རྟོགས་པ་གཉེན་པོར་ཤེས་གྱུར་ཏེ། །བརྩོན་པ་གཉིས་ཀྱིས་བསྒོམ་པར་བྱིན་གྱིས་རློབས། །ལམ་མཆོག་གོམས་པ་རབ་མཐར་ཕྱིན་པའི་མཐུས། །རྟོགས་པ་ཁྱད་པར་གསུམ་དང་ལྡན་པ་ཡི། །སྤངས་པ་ཁྱད་པར་གསུམ་ལྡན་མངོན་གྱུར་ཏེ། །བདེ་གཤེགས་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཉིད་ཀྱི་ཇི་ལྟར་གཟིགས་པའི་ཐེག་གསུམ་གྱི། །ལམ་བཟང་འཁྲུལ་མེད་གཞན་ལ་ལེགས་བསྟན་པ། །ཇི་སྲིད་འཁོར་བའི་རྒྱ་མཚོ་གནས་ཀྱི་བར། །འགྲོ་བའི་སྐྱོབ་པར་འགྱུར་བར་བྱིན་གྱིས་རློབས། །སྒྲུབ་དང་སུན་འབྱིན་གསལ་བའི་ཉི་འོད་ཀྱིས། །གཞན་གཞུང་ལོག་སྨྲའི་མུན་པ་ཀུན་བསལ་ནས། །ཡང་དག་དོན་གྱི་པད་མོ་ཁ་བྱེ་སྟེ། །དོན་གཉེར་བུང་བ་སྐྱོང་བར་བྱིན་གྱིས་རློབས། །ཚུལ་འདི་རིགས་ལམ་བརྒྱུད་པ་ལ། །དད་པའི་བསོད་ནམས་ལུས་སྟོབས་རྒྱས། །ལྟ་ངན་ལོག་རྟོག་ཀུན་སེལ་བ། །དམ་ཆོས་སྨྲ་བའི་སེང་གེས་བསྡེབས། །ཆུ་མོ་གླང་གི་ལོ་ཆོ་འཕྲུལ་ཆེན་པོའི་ཟླ་བ་ལ་སྦྱར་བ་འདི་ཡོངས་སུ་རྫོགས་སོ།། །།གང་ཞིག་དད་པས་བླ་མའི་ཚོགས་རྣམས་ལ། །ཚིག་འདིས་རྟག་ཏུ་གསོལ་བ་འདེབས་བྱེད་ན། །དེ་ཡི་རྒྱུད་ལ་སྨྲ་མཆོག་དེ་དག་གི །ཡང་དག་རིགས་པའི་སྣང་བ་འཇུག་པར་འགྱུར། །དགེའོ།། །།

རྒྱལ་ཚབ་བྱམས་པའི་བསྟོད་པ་བཞུགས།

ན་མ་ཨཱརྻ་མཻ་ཏྲི་ནཱ་ཐཱ་ཡ། བྱམས་པའི་དཀྱིལ་འཁོར་ཆོས་དབྱིངས་མཁའ་ལ་འཆར། །མཁྱེན་པའི་ཉི་འོད་གདུལ་བྱ་པད་མོའི་གཉེན། །སྲིད་ཞིའི་མུན་པ་སྟོང་གིས་མ་ཕམ་པ། །རྒྱལ་ཚབ་ཆོས་ཀྱི་ཉི་མ་དེ་ལ་འདུད། །ཆགས་པའི་སྐྱོན་བྲལ་པད་མོའི་ལྟེ་བར་ནི། །ཐུགས་རྗེའི་ཆ་ཤས་ཡོངས་རྫོགས་ཟླ་གདན་ལ། །སེམས་ཅན་དོན་ལ་དགྱེས་པའི་སྐུ་མཆོག་ནི། །གསེར་བཟང་མདོག་ཅན་རྣམ་པར་འགྱིང་ལ་འདུད། །ཞལ་གཅིག་ཕྱག་གཉིས་གཡས་པ་ཐུགས་ཁར་ནི། །གྲངས་མེད་ཆོས་ཀྱི་སྒོ་རྣམས་འབྱེད་པའི་ཚུལ། །ཕྱག་གཡོན་ཏིང་འཛིན་བྱེ་བ་རྒྱས་མཛད་པའི། །མཉམ་བཞག་ཕྱག་རྒྱས་བཞུགས་པ་དེ་ལ་འདུད། །རབ་མཛེས་པད་མོའི་ལྟེ་བར་སྤྱི་བླུགས་ཀྱི། །ཟེའུ་འབྲུ་རྣམ་པར་རྒྱས་པའི་རྩེ་མོར་ནི། །ཟུར་ཕུད་ལྔ་ལྡན་ལྕང་ལོ་འཁྱིལ་བ་ཡི། །བུང་བ་གཞོན་ནུ་རོལ་པ་དེ་ལ་འདུད། །བིལ་བ་ལྟར་དམར་མཆུ་སྒྲོས་ཡིད་འོང་ཞིང་། །ཁ་བ་ལྟར་དཀར་མཛོད་སྤུ་གཡས་སུ་འཁྱིལ། །མིག་སྨན་ལྟར་གནག་རལ་པའི་ཐོར་ཅོག་ནི། །ཆོས་སྐུའི་རྟེན་གྱིས་མཛེས་པར་བྱས་ལ་འདུད། །ལང་ཚོའི་དཔལ་ཡོན་རྒྱས་པའི་ལྗོན་པ་ལ། །མཚན་གྱི་མེ་ཏོག་དཔེ་བྱད་ཟེའུ་འབྲུས་སྤྲས། །རིན་ཆེན་མཆོག་གི་འབྲས་བུའི་ཆུན་འཕྱང་ཅན། །སྣ་ཚོགས་དར་གྱི་ན་བཟས་མཛེས་ལ་འདུད། །ཉི་མ་འབུམ་གྱི་མདངས་ལས་གསལ་བ་ཡི། །རྣམ་བཀྲ་འོད་ཀྱི་འཕྲོ་འདུའི་སྐད་ཅིག་ལ། །འགྲོ་བའི་ལས་ཉོན་ཚང་ཚིང་ཀུན་བསལ་ནས། །ཡེ་ཤེས་སྣང་བ་རྒྱས་པར་མཛད་ལ་འདུད། །ཉེ་རིང་ཀུན་ལ་སྙོམས་པ་ཚངས་པའི་དབྱངས། །ཐར་ལམ་སྟོན་པ་ལྷ་ཡི་རྔ་བོ་ཆེ། །སྐྱེ་མེད་འགག་པ་མེད་པ་བྲག་ཆའི་གསུང་། །ཡན་ལག་དྲུག་ཅུའི་དབྱངས་ལྡན་དེ་ལ་འདུད། །ཆོས་ཉིད་དག་པ་གཉིས་ལྡན་མངོན་དུ་གྱུར། །ཆོས་ཅན་ཇི་སྙེད་དབྱེ་བ་སོ་སོར་གཟིགས། །ཆོས་རྣམས་རྣམ་ཀུན་མངོན་རྫོགས་བྱང་ཆུབ་པ། །སྒྲིབ་བྲལ་རྣམ་པར་དག་པའི་ཐུགས་ལ་འདུད། །སྟོབས་ཉིད་རྡོ་རྗེ་མི་འཇིགས་སེང་གེ་བཞིན། །མ་འདྲེས་མཁའ་དག་ཐུབ་བསྟན་ཆུ་ཟླ་ལྟར། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ཡི། །ཡོན་ཏན་དྲུག་ཅུ་བཞིས་བརྒྱན་དེ་ལ་འདུད། །བརྒྱ་བྱིན་རྔ་སྤྲིན་ཚངས་ཉི་ཡིད་བཞིན་ནོར། །སྒྲ་བརྙན་ནམ་མཁའ་ས་བཞིན་སྲིད་མཐའི་བར། །འབད་མེད་ལྷུན་གྱིས་གྲུབ་པའི་མཛད་པ་ནི། །རྒྱུན་མི་ཆད་པར་འཇུག་པ་དེ་ལ་འདུད། །གུས་པས་ཕྱག་འཚལ་ཀུན་བཟང་མཆོད་སྤྲིན་འབུལ། །སྡིག་པ་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཞིང་བརྟན་པར་བཞུགས་སུ་གསོལ། །རབ་དཀར་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །དཔག་མེད་ཡོན་ཏན་གཏེར་མངའ་མགོན་ཁྱོད་ལ། །མཐའ་མེད་འགྲོ་བ་སྲིད་ལས་བསྒྲལ་བའི་ཕྱིར། །ཡེངས་མེད་རྩེ་གཅིག་ཡིད་ཀྱིས་གསོལ་འདེབས་ཀྱི། །དམིགས་མེད་བྱམས་པའི་ཐུགས་ཀྱིས་དགོངས་སུ་གསོལ། །ཁམས་གསུམ་འཁོར་བའི་སྡུག་བསྔལ་རྒྱུ་བཅས་ཀུན། །དུས་གསུམ་རྟག་ཏུ་བདག་ལ་བླངས་བྱས་ནས། །སྒོ་གསུམ་འབད་པས་བསགས་པའི་བདེ་དགེ་རྣམས། །ཁམས་གསུམ་འགྲོ་ལ་སྨིན་པར་བྱིན་གྱིས་རློབས། །ཕ་རོལ་ཕྱིན་དྲུག་སྤྱོད་པའི་གོ་བགོས་ནས། །ཡང་དག་ལྟ་བའི་ཉམས་མྱོང་གསལ་བ་ཡི། །རང་བཞིན་དག་པའི་གནས་ལུགས་མངོན་གྱུར་ཏེ། །བག་ཆགས་སྤང་ཕྱིར་བསྒོམ་པར་བྱིན་གྱིས་རློབས། །སྒྲིབ་གཉིས་སྤྲིན་བྲལ་ཆོས་དབྱིངས་ནམ་མཁའ་ལ། །སྐུ་གསུམ་ཉིན་བྱེད་དཀྱིལ་འཁོར་རབ་རྒྱས་ཏེ། །ཕྲིན་ལས་ཚ་ཟེར་ཕྱོགས་བཅུར་འཕྲོ་བ་ཡིས། །འགྲོ་ལ་ལམ་བཟང་སྟོན་པར་བྱིན་གྱིས་རློབས། །གནས་སྐབས་ཀུན་ཏུ་མགོན་པོ་ཁྱོད་ཉིད་ཀྱི། །གསུང་གི་དགོངས་པ་འཁྲུལ་མེད་ལེགས་རྟོགས་ནས། །ལྷག་བསམ་དག་པས་ཕྱོགས་བཅུར་སྤེལ་བ་ཡིས། །ཐེག་མཆོག་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཚེ་འདིའི་སྣང་བ་ནུབ་པར་གྱུར་མ་ཐག །དགའ་ལྡན་གནས་སུ་ཐུགས་རྗེའི་ཕྱག་གིས་དྲོངས། །ཇི་སྲིད་ས་རབ་དགའ་བ་ཐོབ་བར་དུ། །དམ་ཆོས་བདུད་རྩིས་ཚིམ་པར་བྱིན་གྱིས་རློབས། །མདོར་ན་སྲས་བཅས་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་དགོངས་པ་ལེགས་ཚོགས་ཇི་རྙེད་ཀུན། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ལ། །མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །རྒྱལ་བ་མི་ཕམ་མགོན་པོ་ལ་བསྟོད་པ་ཐེག་མཆོག་གནད་ཀྱི་སྒོ་འབྱེད་ཅེས་བྱ་བ་འདི་ནི་ཁྲོ་ཕུའི་བྱམས་ཆེན་ལ་གསོལ་བ་འདེབས་པའི་དོན་དུ་བྱ་བྲལ་བ་བསོད་ནམས་སེང་གེས་སྦྱར་བའོ། །དགེའོ།། །།

རྗེ་བཙུན་མ་སྒྲོལ་མའི་བསྟོད་པ།

ན་མོ་ཨཱརྻ་ཏཱ་རེ་ཡེ། ཕུན་ཚོགས་དངོས་གྲུབ་གཏེར་ཆེན་རྗེ་བཙུན་མ། །སྤངས་རྟོགས་ཡོངས་རྫོགས་བདེ་གཤེགས་བཅོམ་ལྡན་མ། །མཐའ་མེད་འཁོར་བའི་མཚོ་ལས་སྒྲོལ་མཛད་མ། །ཡི་དམ་ལྷ་མོ་དེ་ལ་བདག་སྐྱབས་མཆི། །ལྷ་དང་ལྷ་མིན་ཀླུ་དབང་ཅོད་པན་ལ། །གང་གིས་ཞབས་པད་བཀོད་པའི་འོད་ཟེར་གྱི། །ཕྲེང་བ་འཇིག་རྟེན་ཀུན་ན་རབ་མཛེས་མ། །ཡི་དམ་ལྷ་མོ་དེ་ལ་བདག་སྐྱབས་མཆི། །རྣམ་དག་ཆོས་དབྱིངས་ཟླ་བའི་དཀྱིལ་འཁོར་དབུས། །ཏཱཾ་ཡིག་ལས་འཁྲུངས་མར་གད་ལྟ་བུའི་སྐུ། །ཞལ་གཅིག་ཕྱག་གཉིས་ཞི་བའི་གཟུགས་ཅན་མ། །ཡི་དམ་ལྷ་མོ་དེ་ལ་བདག་སྐྱབས་མཆི། །ཕྱག་གཡས་མཆོག་སྦྱིན་འགྲོ་ལ་དངོས་གྲུབ་སྟེར། །གཡོན་པ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱ་ཡིས། །ཨུཏྤལ་ཡུ་བ་ཐུགས་ཁར་འཛིན་མཛད་མ། །ཡི་དམ་ལྷ་མོ་དེ་ལ་བདག་སྐྱབས་མཆི། །ཐབས་མཁས་འགྲོ་དོན་ལ་བཞེངས་ཞབས་གཡས་བརྐྱང་། །ཤེས་རབ་གཟུང་འཛིན་རབ་སྤངས་གཡོན་བསྐུམ་གྱིས། །མི་འབྲལ་མཚོན་ཕྱིར་འཁྲིལ་བའི་ཚུལ་མཛད་མ། །ཡི་དམ་ལྷ་མོ་དེ་ལ་བདག་སྐྱབས་མཆི། །སྐྲ་འཁྱིལ་མེ་ཏོག་གིས་བརྒྱན་མཛེས་པའི་དབུ། །ཅུང་ཟད་ཡོ་བའི་ཐུགས་རྗེའི་སྤྱན་ཟུར་གྱིས། །མཐའ་དག་འགྲོ་ལ་རྟག་ཏུ་གཟིགས་མཛད་མ། །ཡི་དམ་ལྷ་མོ་དེ་ལ་བདག་སྐྱབས་མཆི། །རྒྱབ་ཡོལ་ཟླ་བ་ལ་ནི་རྒྱབ་བརྟེན་ནས། །འགྱིང་བག་གཞོན་ནུ་ལང་ཚོ་འགྱིང་མཛད་ཅིང་། །རྒྱན་མཆོག་རིན་ཆེན་ཀུན་གྱི་རྒྱན་ལྡན་མ། །ཡི་དམ་ལྷ་མོ་དེ་ལ་བདག་སྐྱབས་མཆི། །ནུ་འབུར་ཟུང་མཛེས་ཉི་ཟླ་ལྟ་བུ་སྟེ། །དྲི་ཞིམ་ངད་ལྡན་མ་ལ་ཡ་ཡི་རི། །ཨུཏྤལ་བསྣམས་པས་རྫིང་བུ་དང་མཚུངས་མ། །ཡི་དམ་ལྷ་མོ་དེ་ལ་བདག་སྐྱབས་མཆི། །བཀྲ་ཤིས་ཨོཾ་གྱི་ང་རོས་རབ་དྲངས་ནས། །སྐྱོབ་མཛད་ཏཱ་རེས་འཇིགས་སྒྲོལ་ཏུཏྟཱ་རེ། །མྱུར་མགྱོགས་ཏུ་རེ་སྭཱ་ཧཱ་དང་ལྡན་མ། །ཡི་དམ་ལྷ་མོ་དེ་ལ་བདག་སྐྱབས་མཆི། །སྤྲིན་བྲལ་མཁའ་ལ་རྒྱུ་བའི་ཉི་ཟེར་གྱིས། །པད་མོ་གཞོན་ནུ་ཕྱེ་བ་ཇི་བཞིན་དུ། །ཤེས་བྱའི་གནས་ལ་མཁྱེན་པ་རབ་རྒྱས་མ། །ཡི་དམ་ལྷ་མོའི་ཐུགས་ལ་བདག་སྐྱབས་མཆི། །འཇིག་རྟེན་མགོན་པོའི་སྤྱན་ཆབ་ལས་འཁྲུངས་ཚེ། །མཐའ་ཡས་འགྲོ་བ་སྐྱོབ་པའི་དོན་མཛད་ཅེས། །དམ་བཅའ་ཞལ་བཞེས་བསྙེལ་བ་མི་མངའ་བར། །བདག་དང་མཁའ་མཉམ་འགྲོ་ལ་བསྐྱབ་ཏུ་གསོལ། །སྟོབས་སོགས་ཡོན་ཏན་ཀུན་གྱི་གཏེར་གྱུར་པ། །སྙིང་པོ་ཡོད་ཀྱང་དྲི་མས་བསྒྲིབས་གྱུར་ནས། །ཡོན་ཏན་འབྱོར་བས་དབུལ་བའི་འགྲོ་རྣམས་ལ། །ཐུགས་རྗེའི་ཆུ་ཡིས་དྲི་མ་སྦྱང་དུ་གསོལ། །བདེ་ནས་བདེ་བར་འགྲོ་བའི་ལམ་མཆོག་ལ། །ཐོས་བསམ་ཚུལ་གྱིས་ངེས་པ་རྙེད་གྱུར་ཀྱང་། །བསྒོམས་པའི་རོ་མཆོག་མྱང་བར་མ་གྱུར་པ། །དམན་པ་བདག་ལ་ཉམས་རྟོགས་སྩལ་དུ་གསོལ། །སྙིགས་དུས་བདེ་གཤེགས་བསྟན་པ་འཛིན་པ་ཡི། །ཕྱི་ནང་བར་ཆད་མཐའ་དག་ཉེར་ཞི་ནས། །རྒྱལ་བས་བསྔགས་པའི་མཐུན་རྐྱེན་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཚེ་འདིའི་སྣང་བ་ནུབ་པར་གྱུར་མ་ཐག །འོད་དཔག་མེད་པའི་ཞིང་མཆོག་དམ་པ་དེར། །རྗེ་བཙུན་སྒྲོལ་མའི་དྲུང་དུ་སྐྱེས་ནས་ཀྱང་། །ས་རབ་དགའ་བ་ཐོབ་པར་མཛད་དུ་གསོལ། །རྒྱལ་ཡུམ་སྒྲོལ་མ་ལ་བསྟོད་པ་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ་འདི་ནི་གནས་སྐབས་དང་མཐར་ཐུག་གི་འདོད་པའི་དོན་ཞུ་བའི་ཆེད་དུ་ཤཱཀྱའི་དགེ་སློང་བསོད་ནམས་སེང་གེས་ལྕགས་ཕོ་སྟག་གི་རྒྱལ་གྱི་ཉི་མ་ལ་དགའ་བ་ཚལ་གྱི་དགོན་པར་སྦྱར་བའོ། །དགེའོ།། །།

ཆོས་སྐྱོང་གི་བསྟོད་པ།

དཔལ་ས་སྐྱའི་བཀའ་སྲུང་རྣམས་ལ་བསྟོད་པ་རྣམ་པར་རྒྱལ་བའི་རྔ་ཆེན་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །རབ་འབར་བསྐལ་པའི་མེ་དཔུང་ཀློང་དཀྱིལ་ན། །རབ་འཇིགས་གཟུགས་ཐུང་མདོག་ནག་ཆེར་འབར་ཞིང་། །རབ་གསལ་སྤྱན་གསུམ་མེ་སྟག་ལྟ་བུར་འཕྲོས། །རབ་གདངས་ཞལ་དམར་རྣམ་པར་གཡོ་ལ་འདུད། །ཤིན་ཏུ་རྒྱས་པའི་ཕྱག་གཉིས་ཐུགས་ཁར་ནི། །གྲི་གུག་ཐོད་པ་རྣམ་འཕྲུལ་གཎྜི་བསྣམས། །ཟླུམ་པོའི་སྟབས་ཀྱིས་ཞབས་གཉིས་དགྲ་བགེགས་ཀྱི། །སྙིང་ཁར་བརྡབས་པས་ས་གསུམ་གཡོ་ལ་འདུད། །རབ་མཛེས་རིན་ཆེན་དར་གྱི་ཅོད་པཎ་བཀླུབས། །མི་སྡུག་སྦྲུལ་དང་རུས་པའི་རྒྱན་ཆ་འཁྲོལ། །འཇིགས་རུང་ཁྲག་འཛག་མགོ་བོའི་དོ་ཤལ་བྱས། །དཔའ་བོ་སྟག་གི་ཤམ་ཐབས་ཅན་ལ་བསྟོད། །རིགས་ལྔའི་ངོ་བོ་ཁྱུང་ཆེན་ནམ་མཁར་སྤྲོ། །བྱ་ནག་གཤོག་བསྐོར་ཁྱི་ནག་འཁང་ཞིང་ཟུག །ལྕེ་སྤྱང་འབྲོས་འདེད་མི་ནག་བཤུགས་གླུ་ལེན། །སྤྲུལ་པའི་ཕོ་ཉས་དགྲ་བགེགས་སྒྲོལ་ལ་འདུད། །ཧ་ཧ་འདོད་ཁྲོ་རྨོངས་པའི་གྲོང་ཁྱེར་བསྒྱེལ། །ཧཱུྃ་ཧཱུྃ་གཟུང་འཛིན་རྟོག་པའི་བྲག་རི་བཤིག །ཕཊ་ཕཊ་བདུད་དང་ལོག་འདྲེན་སྙིང་རབ་འགས། །སྲིད་གསུམ་སྐྲག་མཛད་དྲག་པོའི་གསུང་ལ་འདུད། །སྤྲོས་ཀུན་ཉེར་ཞི་ཆོས་སྐུ་མངོན་གྱུར་ཀྱང་། །གདུག་ཅན་ཞི་བས་འདུལ་བར་མི་ནུས་པ། །རྣམ་འཕྲུལ་དྲག་པོས་འདུལ་བའི་ཐབས་མཁྱེན་ནས། །ཚར་གཅོད་རྗེས་འཛིན་མངའ་བའི་ཐུགས་ལ་འདུད། །དུས་གསུམ་རྒྱལ་བའི་ཡུམ་གཅིག་དཔལ་ལྡན་མ། །སྤྱན་གསུམ་ལྡན་པའི་ཞལ་གཅིག་མཆེ་བ་གཙིགས། །ཁམས་གསུམ་ཟིལ་གནོན་རལ་གཅིག་གཡོན་དུ་འཕྱང་། །སྲིད་གསུམ་གསོ་མཛད་ཡུམ་ཆེན་མ་ལ་འདུད། །འདོད་ཁམས་ཟིལ་གནོན་འདོད་ཁམས་དབང་ཕྱུག་མ། །མཁའ་འགྲོའི་གཙོ་མོ་མཁའ་འགྲོ་འབུམ་གྱིས་བསྐོར། །ཁྲག་གི་མཚོར་གནས་ཁྲག་གི་ཐིག་ལེས་བརྒྱན། །འཇིགས་པའི་མཚོན་ཆས་འཇིགས་རུང་མ་ལ་འདུད། །ཞལ་བཞི་ཕྲིན་ལས་བཞི་ཡིས་འགྲོ་བ་སྐྱོང་། །མཆེ་བ་བཞི་ཡིས་བདུད་བཞི་རྣམ་པར་འཇོམས། །ཕྱག་བཞི་སྣ་ཚོགས་མཚོན་ཆས་རྒྱུད་བཞི་བསྲུང་། །སྲིང་མོ་བཞི་ལྡན་གདོང་བཞི་པ་ལ་འདུད། །གནོད་སྦྱིན་ཡབ་ཡུམ་བདུད་ཀྱི་མགོ་བོ་གཅོད། །བཀའ་སྡོད་པུ་ཏྲ་དགྲ་བོའི་ཀླད་ཁྲག་འདྲེན། །འཇིགས་བྱེད་བྷ་ཊ་དགྲ་སྙིང་སྦར་གྱིས་འདེབས། །བསྟན་དགྲ་སྲེག་བྱེད་ཁ་འབར་མ་ལ་འདུད། །མགོན་པོའི་བཀའ་ཉན་ལས་མཁན་མ་རུངས་པ། །བུད་མེད་སྐྱེས་པ་དགེ་སློང་སྔགས་པའི་ཚུལ། །བརྒྱ་ཕྲག་བཞི་ཡིས་ཕྱོགས་བཞིའི་རུ་འདྲེན་པ། །སྤྲུལ་པའི་དམག་ཚོགས་རྣམས་ལ་བསྟོད་པར་བགྱི། །རྡོ་རྗེ་འཆང་དབང་ཐུགས་ཀྱི་ཡེ་ཤེས་ལས། །བཀའ་བསྟོད་སྲུང་མའི་ཚུལ་དུ་རྣམ་སྤྲུལ་ནས། །བསྟན་པ་རིན་ཆེན་བང་མཛོད་བསྲུང་མཛད་པ། །དམ་ཅན་རྒྱ་མཚོ་འཁོར་དང་བཅས་པ་རྣམས། །ཏིང་འཛིན་སྔགས་རྒྱས་སྤེལ་བའི་གཏོར་མ་དང་། །དམ་རྫས་སྤྱན་གཟིགས་མཆོད་པ་འདི་བཞེས་ལ། །བླ་མ་རྡོ་རྗེ་འཛིན་པས་བཀའ་བསྒོས་ལྟར། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ནད་དང་གདོན་དང་གཞན་གྱི་བྱད་ཁ་སོགས། །དམ་ཆོས་བསྒྲུབ་པའི་འགལ་རྐྱེན་ཀུན་ཞི་ནས། །ཚེ་དང་བསོད་ནམས་འཁོར་དང་ལོངས་སྤྱོད་སོགས། །མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས་པར་མཛོད། །བསྟན་འཛིན་ཐམས་ཅད་སྐུ་ཚེ་བརྟན་པ་དང་། །བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་པ་དང་། །བསྟན་ལ་གནོད་བྱེད་དགྲ་བགེགས་འདུལ་བ་དང་། །བསྟན་པས་ཁྱབ་པའི་འགྲོ་རྣམས་བདེ་བར་མཛོད། །དཔལ་ས་སྐྱ་པའི་བཀའ་སྲུང་རྣམས་ལ་བསྟོད་པ་རྣམ་པར་རྒྱལ་བའི་རྔ་ཆེན་ཞེས་བྱ་བ་འདི་ནི། རྗེ་བཙུན་དམ་པ་ཀུན་དགའ་བཟང་པོ་ཡབ་སྲས་ཀྱི་ཞབས་ཀྱི་པད་མོ་ལ་ཡན་ལག་མཆོག་གིས་རེག་པ་ཤཱཀྱའི་དགེ་སློང་བསོད་ནམས་སེང་གེས་རྟ་ནག་གསེར་གླིང་གི་དགོན་པར་སྦྱར་བའོ།། ༈ །།འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག། །།དགེའོ།། །།


no previousརྗེ་བླ་མ་ཀུན་མཁྱེན་ཆེན་པོའི་བཀའ་འབུམ་གྱི་པོ་ཏི་ཐོག་མའི་སྐབས་ལས་བསྟོད་ཚོགས་ཀྱི་སྐོར་རྣམས་བཞུགས།next