Nitartha Digital Library
Tibetan
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སློབ་དཔོན་སྦྱིན་བཟང་པའི་བསྟོད་པ། ན་མོ་གུ་ར་ཝེ། དགེ་ལེགས་རིན་ཆེན་ཀུན་གྱི་གཏེར་གྱུར་པ། །ལེགས་གསུང་འདུལ་བ་རྒྱ་མཚོའི་དབུས་གནས་ཤིང་། །བསླབ་གསུམ་གདེངས་ཀས་བརྗིད་པའི་གཟི་འོད་ཅན། །འདུལ་འཛིན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །རླབས་ཆེན་བྱང་ཆུབ་སེམས་ཀྱི་ཆུ་མཚོ་ལས། །སྦྱིན་སོགས་སྤྱོད་པའི་འདབ་སྟོང་རབ་རྒྱས་ཏེ། །ཕྲིན་ལས་བཟང་པོའི་ཟེའུ་འབྲུས་ལེགས་སྤྲས་པའི། །རྒྱལ་སྲས་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །རྣམ་མང་རྒྱུད་སྡེའི་རིན་ཆེན་ལས་གྲུབ་ཅིང་། །རྨད་བྱུང་དབང་བཞིའི་བང་རིམ་ཕྲེང་བ་ཅན། །རིམ་གཉིས་ཉི་ཟླ་གསལ་བའི་མདངས་ལྡན་པ། །རྡོ་རྗེ་འཛིན་པའི་ཞབས་ལ་གསོལ་བ་འདེབས། །དཔལ་ལྡན་བླ་མར་ཚུལ་བཞིན་བསྔགས་པ་ཡི། །དགེ་ཚོགས་གང་དེས་གནས་འདི་ལོངས་སྤྱོད་དང་། །ཆོས་ཀྱིས་རྒྱས་ཤིང་མཐའ་ཡས་འགྲོ་བ་ཀུན། །ཀུན་མཁྱེན་རྒྱལ་པོའི་གོ་འཕང་མྱུར་ཐོབ་ཤོག །བསྟན་པའི་རྩ་ལག་སྦྱིན་པ་བཟང་པོ་ཞེས། །རབ་ཏུ་གྲགས་པ་དེ་ཡི་བསྟོད་ཚིག་འདི། །དད་ལྡན་བློ་གྲོས་འབུམ་གྱིས་ལེགས་བསྐུལ་ནས། །མང་ཐོས་དགེ་སློང་བསོད་ནམས་སེང་གེས་སྦྱར། །དགེའོ།། །།
   
   
ཀྱེ་རྡོར་འགྲེལ་པ་ལུགས་ཀྱི་བརྒྱུད་པའི་ཁ་སྐོང་། བློ་གྲོས་ཕུན་ཚོགས་ཐུབ་བསྟན་རྒྱལ་མཚན་འཛིན། །དཔལ་ལྡན་ཕྲིན་ལས་བཟང་པོ་སྐྱེ་རྒུའི་མགོན། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །འཕགས་པས་རྗེས་བཟུང་རྒྱུད་དོན་མ་ལུས་རིག །རྨད་བྱུང་བཤད་པའི་སྲོལ་འཛིན་དགའ་ལྡན་པ། །བཀྲ་ཤིས་དཔལ་གྱི་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རབ་དཀར་བསོད་ནམས་བརྒྱ་ཡི་གངས་རི་ལས། །རྨད་བྱུང་མཁྱེན་བརྩེའི་དཔལ་གྱི་ཆུ་རྒྱུན་ཅན། །རྒྱལ་བ་བྲག་ཕུག་པ་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རྣམ་དག་བློ་གྲོས་ནམ་མཁའ་ཡངས་པ་ལ། །རབ་ཏུ་བརྟན་པའི་ཏིང་འཛིན་དཀྱིལ་འཁོར་རྒྱས། །མཚུངས་མེད་རི་ཁྲོད་པ་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཚོགས་གཉིས་དཔལ་ལྡན་སྒྲིབ་གཉིས་གཡུལ་ལས་རྒྱལ། །སྡོམ་གསུམ་ཚུལ་ཁྲིམས་ཉེས་གསུམ་དྲི་མས་དབེན། །དཔལ་ལྡན་ཚུལ་ཁྲིམས་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཡེ་ཤེས་ཁང་བཟང་ཐུགས་རྗེའི་རྒྱལ་མཚན་གྱིས། །ལེགས་པར་སྤྲས་པའི་དཔལ་འབྱོར་བཟང་པོ་ཅན། །རྗེ་བཙུན་རྟོག་མེད་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཁྱོད་ཐུགས་ཤེས་བྱ་ཀུན་ལ་ལེགས་སྦྱངས་པས། །རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པར་གྱུར། །འདྲེན་མཆོག་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རྣམ་དག་མཁྱེན་པས་ཆོས་ཀུན་སྒྱུ་མར་གཟིགས། །དམིགས་མེད་ཐུགས་རྗེས་གཞན་ལ་ཕན་དགོངས་པ། །དཀོན་མཆོག་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་འདི་ནི་ཆོས་ཀྱི་རྒྱལ་པོ་འཕགས་པས་མཛད་པའི་ཀྱེ་རྡོར་འགྲེལ་པ་ལུགས་ཀྱི་བརྒྱུད་པའི་ཁ་སྐོང་དུ་དགེ་སློང་བསོད་ནམས་སེང་གེས་སྦྱར་བའོ།། །།དགེའོ།། །།
   
   
   
   
ཚད་མའི་བརྒྱུད་འདེབས། མཐའ་དག་འགྲོ་ལ་ཕན་བཞེད་ཐུགས་རྗེ་ཡིས། །བདེན་བཞི་རྟོགས་པའི་ཐབས་ལ་མངོན་སྦྱོར་ནས། །གྲངས་མེད་གསུམ་དུ་བརྩོན་པས་ལེགས་བསྒོམས་པས། །བདེ་གཤེགས་སྐྱོབ་པ་བརྙེས་ལ་གསོལ་བ་འདེབས། །བསམ་ཡས་མཁྱེན་པའི་གཏེར་ཆེན་འཇམ་པའི་དབྱངས། །ཉོན་མོངས་དགྲ་ལས་རྣམ་རྒྱལ་འཆོས་སྐྱོབ་ཞབས། །དེ་སྲས་ཐུ་བོ་པཎ་ཆེན་མེ་ཝང་འགའ། །མཁས་མཆོག་དབྱིག་གཉེན་རྣམས་ལ་གསོལ་བ་འདེབས། །ཕས་རྒོལ་འདམ་བུའི་གྲོང་འཇོམས་ཕྱོགས་གླང་པོ། །རྨད་བྱུང་བཤད་པའི་སྲོལ་འཛིན་དབང་ཕྱུག་སྡེ། །སྡེ་བདུན་ཆོས་ཀྱི་སྒྲ་སྒྲོགས་གྲགས་པའི་མཚན། །ལྷ་དབང་བློ་གྲོས་རྣམས་ལ་གསོལ་བ་འདེབས། །ཤཱཀྱའི་རིང་ལུགས་འཛིན་པ་བློ་གྲོས་བཟང་། །ཕུལ་བྱུང་ཤེས་རབ་འབྱུང་གནས་བློ་གྲོས་ཆེ། །འཆི་བདག་བདུད་ཀྱི་དཔུང་འཇོམས་ཡཱ་མ་ཤྲཱི། །རྒྱལ་རྔ་བདུན་པ་རྣམས་ལ་གསོལ་བ་འདེབས། །དམ་པ་རང་གཞན་སྐྱོང་མཛད་དུལ་བ་ལྷ། །བྲམ་ཟེ་ལྔ་རིག་བདེ་བྱེད་དགའ་བ་དང་། །ཐེག་ཆེན་ཆོས་ཀྱི་ནུས་ལྡན་ཝང་གུའི་ཞབས། །འཕགས་ཡུལ་སྒྲོན་མེ་རྣམས་ལ་གསོལ་བ་འདེབས། །དཔལ་ལྡན་ཁ་ཆེའི་མཁན་པོ་བསོད་སྙོམས་པ། །དེ་སྲས་བདེ་གཤེགས་དཔལ་དང་སམ་ག་ཤྲཱི། །དཱ་ནཱ་ཤཱི་ལ་འཇམ་དབྱངས་བླ་མ་ཡི། །སྒྲ་ཚད་འབྱུང་གནས་བཞི་ལ་གསོལ་བ་འདེབས། །དཔལ་ལྡན་ས་སྐྱ་བསྟན་པའི་གངས་རིར་གནས། །མུ་སྟེགས་རྒོལ་ངན་ཝ་ཚོགས་མཐར་མཛད་ཅིང་། །སྐལ་ལྡན་བློ་གསལ་རི་དྭགས་ཚོགས་སྐྱོང་བ། །འཇམ་མགོན་བླ་མའི་ཞབས་ལ་གསོལ་བ་འདེབས། །དངོས་སྟོབས་རིགས་པའི་སེང་གེ་འུ་ཡུག་པ། །སངས་རྒྱས་བསྟན་པ་རྒྱས་མཛད་མདོ་སྡེ་དཔལ། །མཁྱེན་པའི་སྤྱན་གསལ་འཇམ་དབྱངས་སྐྱ་བོའི་ཞབས། །བློ་གྲོས་བརྟན་པ་རྣམས་ལ་གསོལ་བ་འདེབས། །འགྲོ་བའི་མགོན་པོ་བསོད་ནམས་རྒྱལ་མཚན་དཔལ། །རིགས་ལམ་གསལ་མཛད་མཁས་པ་བརྩོན་འགྲུས་དཔལ། །དགའ་ལྡན་ཆོས་ཀྱི་རྒྱལ་ཚབ་སངས་རྒྱས་དཔལ། །ཤེས་བྱ་ཀུན་རིག་རྣམས་ལ་གསོལ་བ་འདེབས། །སྲིད་གསུམ་འགྲོ་བའི་རྩ་ལག་གྲགས་པའི་མཚན། །བདེ་གཤེགས་བསྟན་པའི་རྩ་ལག་སངས་རྒྱས་འཕེལ། །ཟབ་དོན་གནད་ཀྱི་རྩ་ལག་ཡོངས་འཛིན་མཆོག །རིགས་ལམ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཁམས་གསུམ་འགྲོ་ལ་དམིགས་པའི་སྙིང་རྗེ་ཡི། །དམིགས་རྣམ་སྐྱེ་བ་དུ་མར་གོམས་པའི་མཐུས། །འབད་རྩོལ་མེད་པར་རང་གི་ངང་ཉིད་ཀྱིས། །སེམས་ཉིད་ཐུགས་རྗེར་འགྱུར་བར་བྱིན་གྱིས་རློབས། །ཡིད་ཆེས་ལུང་དང་དངོས་སྟོབས་རིགས་པ་ཡིས། །སྡུག་བསྔལ་རྒྱུ་དང་གཉེན་པོ་ལེགས་བརྟགས་ནས། །བདག་མེད་རྟོགས་པ་གཉེན་པོར་ཤེས་གྱུར་ཏེ། །བརྩོན་པ་གཉིས་ཀྱིས་བསྒོམ་པར་བྱིན་གྱིས་རློབས། །ལམ་མཆོག་གོམས་པ་རབ་མཐར་ཕྱིན་པའི་མཐུས། །རྟོགས་པ་ཁྱད་པར་གསུམ་དང་ལྡན་པ་ཡི། །སྤངས་པ་ཁྱད་པར་གསུམ་ལྡན་མངོན་གྱུར་ཏེ། །བདེ་གཤེགས་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཉིད་ཀྱི་ཇི་ལྟར་གཟིགས་པའི་ཐེག་གསུམ་གྱི། །ལམ་བཟང་འཁྲུལ་མེད་གཞན་ལ་ལེགས་བསྟན་པ། །ཇི་སྲིད་འཁོར་བའི་རྒྱ་མཚོ་གནས་ཀྱི་བར། །འགྲོ་བའི་སྐྱོབ་པར་འགྱུར་བར་བྱིན་གྱིས་རློབས། །སྒྲུབ་དང་སུན་འབྱིན་གསལ་བའི་ཉི་འོད་ཀྱིས། །གཞན་གཞུང་ལོག་སྨྲའི་མུན་པ་ཀུན་བསལ་ནས། །ཡང་དག་དོན་གྱི་པད་མོ་ཁ་བྱེ་སྟེ། །དོན་གཉེར་བུང་བ་སྐྱོང་བར་བྱིན་གྱིས་རློབས། །ཚུལ་འདི་རིགས་ལམ་བརྒྱུད་པ་ལ། །དད་པའི་བསོད་ནམས་ལུས་སྟོབས་རྒྱས། །ལྟ་ངན་ལོག་རྟོག་ཀུན་སེལ་བ། །དམ་ཆོས་སྨྲ་བའི་སེང་གེས་བསྡེབས། །ཆུ་མོ་གླང་གི་ལོ་ཆོ་འཕྲུལ་ཆེན་པོའི་ཟླ་བ་ལ་སྦྱར་བ་འདི་ཡོངས་སུ་རྫོགས་སོ།། །།གང་ཞིག་དད་པས་བླ་མའི་ཚོགས་རྣམས་ལ། །ཚིག་འདིས་རྟག་ཏུ་གསོལ་བ་འདེབས་བྱེད་ན། །དེ་ཡི་རྒྱུད་ལ་སྨྲ་མཆོག་དེ་དག་གི །ཡང་དག་རིགས་པའི་སྣང་བ་འཇུག་པར་འགྱུར། །དགེའོ།། །།
   
   
   
  expand section
  expand section
རྟགས་འཇུག་གི་ཊཱིཀ་བཞུགས་སོ།།
  expand section
རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རྣམ་པར་བཤད་པ་ཀུན་ཏུ་བཟང་པོའི་འོད་ཟེར། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རྣམ་པར་བཤད་པ་ཀུན་ཏུ་བཟང་པོའི་འོད་ཟེར་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །མ་ལུས་འགྲོ་ལ་མ་ལྟར་བརྩེ་བའི་དམིགས་མེད་ཐུགས་རྗེའི་ལྷ་ལམ་ཡངས་པར་ནི། །རྒྱུ་བཅས་སྡུག་བསྔལ་རྒྱུ་ཡི་གཉེན་པོ་ཐབས་མཆོག་རྟོགས་པ་སྟོན་པའི་རྟ་བདུན་གྱིས། །ཁྱད་པར་གསུམ་གྱིས་ཁྱད་པར་བྱས་པའི་བདེ་གཤེགས་ཉི་མའི་དཀྱིལ་འཁོར་ལེགས་དྲངས་ཏེ། །རྣམ་མང་གདུལ་བྱ་རྣམ་དཀར་སྣང་བས་སྐྱོབ་མཛད་ཚད་མར་གྱུར་པ་དེ་ལ་འདུད། །ཉི་བཟང་འཆར་ཀའི་དམར་སེར་ལ་འགྲན་དམར་སེར་འོད་ཀྱི་ཁོར་ཡུག་ཅན། །གློག་ཕྲེང་འགྱུ་བའི་ཕྲེང་མཛེས་དང་འགྲོགས་ཕྲེང་མཛེས་གཡོ་བའི་སིལ་སྒྲ་འབྱིན། །ལྷ་བརྒྱའི་གཙུག་ནོར་འོད་ཟེར་དང་འདྲེས་འོད་ཟེར་ཕྲེང་ལྡན་པདྨར་འགྱིང་། །ལྷ་མཆོག་གང་དེ་བདག་གི་ཡིད་ལ་བདག་གི་རེ་བ་རྫོགས་པར་མཛོད། །ཕྱོགས་ཀྱི་གླང་པོ་གཞན་ལ་ཕན་པའི་བསམ་པ་ཅན་ཞེས་ཉི་མའི་གཉེན་གྱིས་ལུང་བསྟན་ཅིང་། །ཕྱི་མའི་དུས་ན་བསྟན་བཅོས་ཀུན་གྱི་མིག་གཅིག་འགྱུར་ཞེས་འཇམ་དབྱངས་མགོན་པོས་དབུགས་དབྱུང་མཛད། །ཕས་རྒོལ་འདམ་བུའི་གྲོང་རྣམས་རིགས་པའི་རྩལ་གྱིས་བརླག་ཞེས་སྲིད་ན་གྲགས་པའི་གོམ་སྟབས་གཡོ། །ཕྱིན་དྲུག་སྤྱོད་པའི་དྲྭ་བས་མཛེས་ཤིང་ཐུབ་བསྟན་དྲི་མེད་ཁུར་གྱིས་བརྗིད་པ་དེ་ལ་འདུད། །གང་ཞིག་དངོས་སྟོབས་རིགས་པའི་རིན་ཆེན་རྡུལ་བརྩེགས་བརྩོན་པ་གཉིས་ཀྱིས་སྲུབ་ཐག་བསྒྱུར་བ་ཡིས། །རང་གཞན་གྲུབ་མཐའི་རྒྱ་མཚོ་བསྲུབས་པ་ལས་བྱུང་སྡེ་བདུན་བདུད་རྩིའི་ཐིག་ལེ་འོད་དཀར་ཅན། །ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་ཆ་ཤས་ཡོངས་རྫོགས་རྣམ་དཀར་གྲགས་པའི་བསིལ་ཟེར་འཕྲོ་བ་ཡིས། །ཐུབ་བསྟན་ཀུ་མུད་སྐྱོང་མཛད་སྨྲ་བའི་ཟླ་བར་འདུད་དོ་བདག་བློའི་ཀུན་དའང་རྒྱས་པར་མཛོད། །དགེ་ལེགས་ཡོན་ཏན་དུ་མའི་གཞིར་གྱུར་ཟབ་ཡངས་མཁྱེན་པའི་གཏིང་མཐའ་མི་མངོན་ཡིད་མཚོར་ནི། །བཅུ་དྲུག་ཕྱེད་ཕྱེད་པཎ་ཆེན་བློ་ཡི་མ་དྲོས་ལས་བྱུང་སྒྲ་ཚད་རྒྱུན་བཞི་ལེགས་འབབ་ཅིང་། །སྒྲུབ་དང་སུན་འབྱིན་རིགས་པའི་ཕུཊ་སྒྲ་ཆེར་སྒྲོགས་རྣམ་དཔྱོད་སྤོབས་པའི་ཀླུ་དབང་བསྟི་བའི་གནས། །ཡོན་ཏན་རྒྱ་མཚོ་ས་སྐྱ་པ་ཞེས་གྲགས་པའི་རྦ་རླབས་གཡོ་བ་དེ་ལ་སྙིང་ནས་འདུད། །རིགས་པའི་སྟོབས་རྒྱས་རིགས་པ་སྨྲ་བའི་སེང་གེ་ལ་སོགས་བརྒྱུད་པའི་ཚོགས་རྣམས་དང་། །སངས་རྒྱས་བསྟན་ལ་སངས་རྒྱས་གསུང་གི་དཔལ་གྱིས་རྣམ་རོལ་མཁས་མཆོག་གང་དེ་དང་། །ཤཱཀྱའི་རིགས་འཁྲུངས་ཤཱཀྱའི་བསྟན་པའི་རྒྱལ་མཚན་སྲིད་པ་གསུམ་ན་འཛིན་མཛད་དང་། །རབ་འབྱམས་འགྲོ་ལ་རབ་འབྱམས་གཞུང་གི་དགའ་སྟོན་འགྱེད་མཛད་ཡོངས་འཛིན་མཆོག་ལ་འདུད། །གང་ཞིག་ཐོས་ན་འབྲུག་སྒྲ་ལྟ་བུར་དོན་གཉེར་ཆར་འདོད་བྱེའུའི་རྣར་སྙན་ཅིང་། །ལེགས་པར་བསམས་ན་གློག་ཕྲེང་ལྟ་བུར་མཁས་མང་རྩྭ་ལྗང་མྱུ་གུའི་རྩེ་ན་མཛེས། །ཚུལ་བཞིན་བསྒོམས་ན་གནམ་ལྕགས་ལྟ་བུར་གཟུང་འཛིན་རྟོག་པའི་བྲག་རི་བཤིག་བྱེད་པའི། །གཞུང་ལུགས་ནམ་མཁར་རྣམ་དཔྱོད་སྤྲིན་ལས་ལེགས་བཤད་ཆར་གྱིས་སྐྱེ་དགུ་ཚིམ་པར་བྱེད།། །།འགྲོ་བ་མཐའ་དག་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མ་ལུས་པ་སྦྱིན་པའི་གཉེན་གཅིག་པུ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དེའི་བསྟན་པ་ལ་ཕས་ཀྱི་རྒོལ་བའི་ལོག་སྨྲའི་དྲི་མ་མཐའ་དག་བསལ་ནས་རྗེས་འཇུག་གི་གདུལ་བྱ་རྣམས་ངེས་པ་སྐྱེས་པའི་སྒོ་ནས་འཇུག་པའི་ཆེད་དུ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མའི་བསྟན་བཅོས་ཐོར་བུ་བ་མང་དུ་མཛད་ཅིང་ཕྱིས་དེ་དག་གི་དོན་ཕྱོགས་གཅིག་ཏུ་བསྡུས་ནས་ཚད་མ་ཀུན་ལས་བཏུས་པ་མཛད་དོ། །འདི་ཉིད་ཀྱི་དོན་རྣམ་པར་འགྲེལ་བར་བྱེད་པ་མང་དུ་བྱུང་ཡང་། ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པ་ནི་འཇམ་དཔལ་རྩ་བའི་རྒྱུད་ལས། ཡི་གེ་དྷཿཞེས་སྡོམ་བརྩོན་ཉིད། །ལྷོ་ཡི་ཕྱོགས་སུ་རྣམ་པར་བསྒྲགས། །ཕ་རོལ་རྒོལ་བ་བཟློག་ནས་ནི། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་འགྲུབ། །ཅེས་ལུང་བསྟན་པའི་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པ་ཡིན་ལ། དེས་དགོངས་འགྲེལ་གྱི་བསྟན་བཅོས་རབ་ཏུ་བྱེད་པ་སྡེ་བདུན་མཛད་དེ། ཡང་དག་པའི་ཤེས་པ་བདེ་བླག་ཏུ་རྟོགས་པའི་ཐབས་སུ་གཞན་ལུགས་དགག་པ་དང་། རང་ལུགས་གཞག་པ་གཉིས་ཀ་རྒྱས་པ་རྣམ་འགྲེལ། རང་ལུགས་གཞག་པ་རྒྱས་ཤིང་གཞན་ལུགས་དགག་པ་ཅུང་ཟད་བསྡུས་པ་འབྲིང་རྣམ་ངེས། རང་ལུགས་གཞག་པ་ཡང་བསྡུས་ཏེ་སྟོན་པ་བསྡུས་པ་རིགས་ཐིགས་ཏེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ། མངོན་གསུམ་ལེའུ་ལས་འཕྲོས་པ་ནི་མེད་ལ། རང་དོན་ལེའུ་ལས་འཕྲོས་ནས་ཕྱོགས་ཆོས་དང་ཁྱབ་པ་སྤྱིར་གཏན་ལ་འབེབས་པ་གཏན་ཚིགས་ཐིགས་པ། རྟོགས་དཀའ་བ་བཏགས་ཆོས་ཀྱི་འབྲེལ་བ་གཏན་ལ་འབེབས་པ་འབྲེལ་པ་བརྟག་པ་གཉིས་དང་། གཞན་དོན་ལེའུ་ལས་འཕྲོས་ནས་རྒོལ་ཕྱིར་རྒོལ་རྩོད་པ་བྱེད་པའི་རྣམ་གཞག་དང་། ཚར་གཅད་ཀྱི་གནས་ལ་སོགས་པ་གཏན་ལ་འབེབས་པ་རྩོད་པའི་རིགས་པ་དང་། ངག་ལས་གཞན་གྱི་བློ་ཐ་སྙད་དུ་སེམས་ཙམ་པ་ལ་ཡང་མི་འགལ་བར་སྟོན་པ་རྒྱུད་གཞན་གྲུབ་པ་གཉིས་ཏེ་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་མཛད་དོ། །དེ་དག་ལས་འདིར་སྐབས་སུ་བབ་པ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་འཆད་པ་ལ་དོན་གསུམ་སྟེ། སྒྱུར་བྱེད་དམ་པའི་ཀླད་ཀྱི་དོན། རྩོམ་བྱེད་དམ་པའི་གཞུང་གི་དོན། བསྒྱུར་བ་མཐར་ཕྱིན་མཇུག་གི་དོན་ནོ། །


 
previousརྟགས་འཇུག་གི་ཊཱིཀ་བཞུགས་སོ།། next

རྟགས་འཇུག་གི་ཊཱིཀ་བཞུགས་སོ།།

གསལ་བྱེད་ལ་རྟགས་ཀྱི་དབྱེ་བ་སྤྱིར་བསྟན་པ།

མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བྱཱ་ཀ་ར་ཎ་རྟགས་ཀྱི་འཇུག་པ་འདི་ལ་དོན་གསུམ་སྟེ། གསལ་བྱེད་ལ་རྟགས་ཀྱི་དབྱེ་བ་སྤྱིར་བསྟན་པ། སྔོན་འཇུག་ལ་རྟགས་བཞིར་དབྱེ་བ། རྗེས་འཇུག་ལ་རྟགས་གསུམ་དུ་དབྱེ་བའོ། །དང་པོ་ལ་གཉིས་ཏེ། དབྱེ་བ་དངོས་དང་། དེ་ལས་འཇུག་པའི་ཡི་གེ་བཅུ་བྱུང་བའོ། །དང་པོ་ནི། ཕོ་ཡི་ཡི་གེ་ཞེས་སོགས་ཚིགས་བཅད་གསུམ་སྟེ། སྡེ་ཚན་ལྔ་ནི་ཕོ་དང་། མ་ནིང་དང་། མོ་དང་། ཤིན་ཏུ་མོ་དང་། མོ་གཤམ་མོ། །དང་པོ་ནི་ཀ་སོགས་ལྔའོ། །གཉིས་པ་ནི་ཁ་སོགས་ལྔའོ། །གསུམ་པ་ནི་ག་སོགས་ལྔ་དང་། ཝ་དང་། ལྷག་མ་ཞ་ཟ་འ་ཡ་ཤ་ས་སྟེ་བཅུ་གཉིས་སོ། །བཞི་པ་ནི་ང་སོགས་བཞིའོ། །ལྔ་པ་ནི་ར་ལ་ཧ་གསུམ་མོ། །རྟགས་ལྔ་པོ་དེ་དག་ཀྱང་ཕོ་དང་མ་ནིང་མོ་གསུམ་དུ་བསྡུ་བའི་ཚེ། ཤིན་ཏུ་མོ་དང་མོ་གཤམ་གྱི་ཡི་གེ་རྣམས་མོ་ཡིག་ཏུ་བསྡུ་དགོས་ཏེ། འཇུག་པའི་ཡི་གེ་བཅུ་ཆར་མོ་ཡིག་ལས་འབྱུང་བར་བཤད་པའི་ཕྱིར་རོ། །གཉིས་པ་ནི། མོ་ཡི་ཡི་གེའི་ཞེས་སོགས་ཚིགས་བཅད་གཅིག་སྟེ། དབྱུང་བའི་ཚུལ་སུམ་ཅུ་པ་ལྟར་ཤེས་པར་བྱའོ། །གཉིས་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། འཇུག་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྔོན་འཇུག་ཅེས་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། སྔོན་འཇུག་ལྔ་ལས་བ་ནི་ཕོ་ཡིག་གོ །ག་ད་གཉིས་ནི་མ་ནིང་ངོ་། །འ་ནི་མོ་ཡིག་གོ །མ་ནི་ཤིན་ཏུ་མོ་སྟེ། བཞི་པོ་དེ་དག་རེ་རེའང་བཞི་བཞི་བྱེད་ཅེས་པའོ། །

སྔོན་འཇུག་ལ་རྟགས་བཞིར་དབྱེ་བ།

གཉིས་པ་ལ་བཞི་སྟེ། གང་ལ་འཇུག་པ། གང་གིས་འཇུག་པ། ཇི་ལྟར་འཇུག་པ། ཅིའི་ཕྱིར་འཇུག་པར་བྱེད་པའོ། །དང་པོ་གཉིས་ཕྱོགས་གཅིག་ཏུ་འཆད་པ་ནི། ཕོ་ནི་ཞེས་སོགས་ཚིགས་བཅད་གསུམ་སྟེ། ཕོ་ཡི་ཡི་གེ་བ་ནི་ཕོ་ཡིག་ཀ་ཅ་ཏ་ཙ་བཞི་དང་། མོ་ཡིག་ག་ད་ཞ་ཟ་ཤ་ས་དྲུག་དང་། ཤིན་ཏུ་མོའི་ན་དང་། མོ་གཤམ་གྱི་ཡི་གེ་ར་ལ་གཉིས་ལ་སྔོན་དུ་འཇུག་གོ །དེ་ལ་ར་ལ་གཉིས་ནི་བརྩེགས་པ་ཁོ་ན། ཀ་ག་ས་གསུམ་ནི་བརྩེགས་པ་དང་རྐྱང་པ་གཉིས་ཀ གཞན་རྣམས་ནི་རྐྱང་པ་ཁོ་ན་ལ་འཇུག་གོ །མོ་ཡི་ཡི་གེ་འ་ནི་མོ་ཡིག་ག་ཇ་ད་བ་ཛ་ལྔ་དང་། མ་ནིང་ཁ་ཆ་ཐ་ཚ་སྟེ་རྐྱང་པ་བཅུའི་སྔོན་དུ་འཇུག་གོ །མ་ནིང་གི་ཡི་གེ་ལས་ག་ནི་ཕོ་ཡིག་ཅ་ཏ་ཙ་དང་། མོ་ཡིག་ད་ཞ་ཟ་ཡ་ཤ་ས་དང་། ཤིན་ཏུ་མོ་ཉ་ན་སྟེ་རྐྱང་པ་བཅུ་གཅིག་གི་སྔོན་དུ་འཇུག་གོ །ད་ནི་ཕོ་ཡིག་ཀ་པ་དང་། མོ་ཡིག་ག་བ་དང་། ཤིན་ཏུ་མོ་ང་མ་སྟེ་རྐྱང་པ་དྲུག་གི་སྔོན་དུ་འཇུག་གོ །ཤིན་ཏུ་མོའི་ཡི་གེ་མ་ནི་མ་ནིང་ཁ་ཆ་ཐ་ཚ་དང་། མོ་ཡིག་ག་ཇ་ད་ཛ་དང་། ཤིན་ཏུ་མོ་ང་ཉ་ན་སྟེ་རྐྱང་པ་བཅུ་གཅིག་གི་སྔོན་དུ་འཇུག་གོ །མི་འཇུག་པ་ནི་བ་ཡིག་ནི་མ་ནིང་ཁ་ཆ་ཐ་ཕ་ཚ་ལ་མི་འཇུག་གོ །མ་དང་འ་ནི་ཕོ་ཀ་ཅ་ཏ་པ་ཙའི་སྔོན་དུ་མི་འཇུག་གོ །ག་ད་གཉིས་ནི་མ་ནིང་གི་ཡི་གེ་ཁ་ཆ་ཐ་ཕ་ཚ་ལ་མི་འཇུག་གོ །ག་དའི་ཡི་གེ་ག་དའི་སྔོན་དུ་ཞུགས་པ་ནི་མོའི་སྔོན་དུ་མ་ནིང་ཞུགས་པ་ཡིན་གྱི། མ་ནིང་རང་ལ་རང་ཞུགས་པ་མ་ཡིན་ཏེ། མིང་གཞིའི་སྔོན་རྟགས་ནི་སྡེ་ཚན་ལྔ་རུ་དྲིལ་བའི་རྟགས་ལས་རྟགས་སོ་སོར་བཞག་པའི་ཕྱིར་རོ། །འཇུག་པ་རྣམས་ལས་དམིགས་བསལ་ནི། བ་ཡིག་ནི་རང་གི་སྡེ་བའི་མོ་ཡིག་དང་ཤིན་ཏུ་མོ་མའི་སྔོན་དུ་མི་འཇུག་གོ །མ་ནིང་ག་ད་གཉིས་ནི་རང་གི་སྡེ་དང་ཕྲད་པ་ན་མོའི་སྔོན་དུ་མི་འཇུག་གོ །མོ་ཡིག་མ་དང་འ་གཉིས་ཀྱང་རང་གི་སྡེ་པའི་མ་ནིང་གི་སྔོན་དུ་མི་འཇུག་གོ །གསུམ་པ་ནི། ཇི་ལྟར་ཞེས་སོགས་ཚིགས་རྐང་ལྔ་སྟེ། སྔོན་འཇུག་གི་རྟགས་བཞི་ནི་རིམ་པ་ལྟར་མིང་གཞིའི་སྒྲ་ལས་རང་གི་སྒྲ་ཆེས་གསལ་བ་དང་། དེ་དང་འཚམས་པ་དང་། དེ་ལས་ཞན་པ་དང་། དེ་དང་མཉམ་པར་ཀློག་པར་བྱའོ་ཞེས་པའི་དོན་ཏོ། །བཞི་པ་ནི། ཅིའི་ཕྱིར་ཞེས་སོགས་ཚིག་རྐང་ལྔ་སྟེ། ཕོ་ཡི་ཡི་གེ་བ་ནི་འདས་པ་ལ་འཇུག་པ་དང་། གཞན་པ་ལ་འཇུག་པ་དང་། བྱ་བ་བསྒྲུབ་པ་ལ་འཇུག་པ་གསུམ་ལས། དང་པོ་ནི་གསོལ་བ་བཏབ། ཕྲེང་བ་བཏགས་ཞེས་པ་ལྟ་བུའོ། །གཉིས་པ་ནི་གཏོར་མ་བཞེས་ཏེ་བཞེངས་ཞེས་པ་ལྟ་བུའོ། །གསུམ་པ་ནི་སྨོན་ལམ་བཏབ། སེམས་བསྐྱེད་ཅེས་པ་ལྟ་བུའོ། །མ་ནིང་ལ་ག་ད་གཉིས་ལས། ག་ཡིག་བདག་གཞན་གཉིས་ཀ་ལ་འཇུག་པ་ནི་སེམས་བསྐྱེད་དུ་གཞུག་ཅེས་པ་ལྟ་བུའོ། །ད་ལྟར་བ་ལ་འཇུག་པ་ནི་བགེགས་གཞོམ། ཕྲེང་བ་གཏད་ཅེས་པ་ལྟ་བུའོ། །ད་ཡིག་རང་གཞན་གཉིས་ཀ་ལ་འཇུག་པ་ནི་དཔའ། དབྱངས། དབང་པོ་ཞེས་པ་ལྟ་བུ། ད་ལྟར་བ་ལ་འཇུག་པ་ནི་མེ་ཏོག་དགོད། དྲིལ་བུ་དཀྲོལ་ཞེས་པ་ལྟ་བུའོ། །མོ་ཡིག་འ་ནི་བདག་ལ་འཇུག་པ་ནི་བདག་འཚལ་ལོ་ཞེས་པ་ལྟ་བུའོ། །མ་འོངས་པ་ལ་འཇུག་པ་ནི་བདེ་བ་ལ་འགོད། བགེགས་འཇོམས་ཞེས་པ་ལྟ་བུའོ། །ཤིན་ཏུ་མོ་མ་ཡིག་ནི་མཉམ་པ་སྟེ་བདག་དང་། གཞན་དང་། བདག་གཞན་གཉིས་ཀ་དང་། དུས་གསུམ་ག་ལ་འཇུག་པ་བཞི་ལས། དང་པོ་ནི་བདག་སྐྱབས་སུ་མཆི་ཞེས་པ་ལྟ་བུ། གཉིས་པ་ནི་རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད་ཅེས་པ་ལྟ་བུ། གསུམ་པ་ནི་མཁས། མཛེས། མཆོག་ཅེས་པ་ལྟ་བུའོ། །བཞི་པ་ལ། འདས་པ་ལ་འཇུག་པ་ནི་མཛད་པ་མཛད་ཅེས་པ་ལྟ་བུ། ད་ལྟར་བ་ལ་འཇུག་པ་ནི་སྤྱོད་ལམ་མཛེས་ཞེས་པ་ལྟ་བུ། མ་འོངས་པ་ལ་འཇུག་པ་ནི་མཇལ་ཀ་ཞུ་ཞེས་པ་ལྟ་བུའོ། །སྔོན་འཇུག་བཤད་ཟིན་ཏོ། །

རྗེས་འཇུག་ལ་རྟགས་གསུམ་དུ་དབྱེ་བ།

གསུམ་པ་ལ་གཉིས་ཏེ། དབྱེ་བ་སྤྱིར་བསྟན། འཇུག་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྗེས་འཇུག་ཡི་གེ་ཞེས་སོགས་ཚིགས་བཅད་ཕྱེད་དང་གཉིས་ཏེ། རྗེས་འཇུག་བཅུ་ལ་གསུམ་དུ་དབྱེ་བའི་ཕོ་ནི་ག་ད་བ་ས་བཞིའོ། །མོ་ནི་ང་ན་མ་ར་ལ་ལྔའོ། །མ་ནིང་ནི་འ་འོ། །ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ་དུ་དབྱེ་སྟེ། ས་ནི་སྐྱེས་བུ་རབ་བོ། །བ་ནི་འབྲིང་ངོ་། །ག་ད་གཉིས་ནི་ཐ་མའོ། །མོ་ལ་མོ་དང་ཤིན་ཏུ་མོ་གཉིས་སུ་དབྱེ་སྟེ། མོ་ནི་ར་ལ་གཉིས་སོ། །ཤིན་ཏུ་མོ་ནི་ང་ན་མ་གསུམ་མོ། །མ་ནིང་ལ་གྲོགས་ཀྱིས་གསུམ་དུ་དབྱེ་སྟེ། དེ་ལྟར་ན་ཡན་ལག་གི་དབྱེ་བ་བརྒྱད་དོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ཡང་ཞེས་སོགས་ཚིག་རྐང་གསུམ་མོ། །གཉིས་པ་ལ་བཞི་སྟེ། གང་ལ་འཇུག་པ། གང་གིས་འཇུག་པ། ཇི་ལྟར་འཇུག་པ། ཅིའི་ཕྱིར་འཇུག་པར་བྱེད་པའོ། །དང་པོ་ནི། གང་ལ་ཡི་གེ་ཐམས་ཅད་ལ། །ཞེས་པ་སྟེ་ཡི་གེ་སུམ་ཅུ་པོ་ཐམས་ཅད་ལ་འཇུག་གོ །གཉིས་པ་ནི། གང་གིས་བཅུ་པོ་དེ་དག་གིས། །ཞེས་པའོ། །གསུམ་པ་ནི། ཇི་ལྟར་རྣམ་པ་གཉིས་ཡིན་ཏེ། །སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ། །ཞེས་པས་མདོར་བསྟན་ནས། དང་པོ་སྒྲའི་འཇུག་ཚུལ་ནི། ཕོ་གསུམ་ཞེས་སོགས་ཚིགས་བཅད་བཞི་སྟེ། སྔར་བཤད་པའི་ཕོ་གསུམ་དང་། མོ་གཉིས་དང་། གྲོགས་ཀྱིས་ཕྱེ་བའི་མ་ནིང་གསུམ་ནི་ཀློག་འདོན་པའི་དུས་སུ་རིམ་པ་ལྟར། མིང་གཞིའི་སྒྲའི་གདངས་ལས་རང་གི་གདངས་ཆེས་གསལ་བ་དང་། དེ་ལས་ཞན་པ་དང་། དེ་དང་འཚམས་པར་འདོན་པར་བྱའོ། །གལ་ཏེ་ཚེག་བར་གཅིག་གི་བར་དུ་ཕོའི་སྐྱེས་བུ་རབ་འབྲིང་གསུམ་མམ། གཉིས་ཕྲད་པའམ། མོའི་སྐྱེས་བུ་གཉིས་ནང་ཕྲད་ན་ནང་སེལ་གྱིས་དྲག་ཞན་དུ་དབྱེ་སྟེ། རབ་ཏུ་ནི་ཤིན་ཏུ་དྲག་པོ་དང་། འབྲིང་ནི་དྲག་པོའི་འབྲིང་པོ་དང་། ཐ་མ་ནི་དྲག་པོའི་ཆུང་ངུར་འདོན་ནོ། །མོ་ནི་ཞན་པར་འདོན། ཤིན་ཏུ་མོ་ནི་མཉམ་པར་འདོན། དེ་ལ་གསུམ་ཕྲད་པ་ནི་གོ་ཆ་བགོས། ཐུགས་དགེས་ཞེས་པ་ལྟ་བུའོ། །གཉིས་ཕྲད་པ་ནི་གབ་ཡིག བག་ཡངས་ཞེས་པ་ལྟ་བུའོ། །མོ་དང་ཤིན་ཏུ་མོ་ཕྲད་པ་ནི་རང་། ངན་ཞེས་པ་ལྟ་བུའོ། །མ་ནིང་གསུམ་དུ་གྲོགས་ཀྱིས་ཇི་ལྟར་དབྱེ། སྒྲའི་གདངས་ཇི་ལྟར་འདོན་ཞེ་ན། གྲོགས་ཀྱིས་དབྱེ་བས་གསུམ་དུ་གང་གཏོགས་པའི་འ་ནི་ཕོ་ཡིག་དང་ཚེག་བར་གཅིག་གི་བར་དུ་ཕྲད་ན་རང་གི་གདངས་དྲག་པོར་འདོན་ནོ། །ཞན་པ་སྟེ་མོ་ཡིག་དང་ཕྲད་ན་རང་གི་གདངས་ཞན་པར་འདོན་ནོ། །ཕོ་མོ་གཉིས་ཀ་དང་ཚེག་བར་གཅིག་གི་ནང་དུ་ཕྲད་ན་དྲག་ཞན་གཉིས་ཀ་སྟེ་གང་རུང་དུ་འདོན་ནོ། །ཕོ་མོ་གཉིས་ཀ་དང་མ་ཕྲད་པར་མ་ནིང་དང་ཕྲད་ན་མཉམ་པའི་གདངས་སུ་འགྱུར་གྱི། དྲག་ཞན་གང་དུའང་མི་འགྱུར་རོ། །འདིར་ཕོ་ཡིག་ནི་ཀ་སོགས་མི་འཇུག་པ་ལྔ་དང་། ག་སོགས་འཇུག་པ་བཞི་སྟེ་དགུའོ། །དེའང་དཔེར་ན་བཀའ་བཅའ་སོགས་དང་། དགའ་གདའ་ཞེས་སོགས་ལྟ་བུའོ། །མོ་ཡིག་ནི་བརྗོད་ཟིན་པའི་མོ་ཡིག་དགུ་དང་། མ་ནིང་གི་ཡི་གེ་ལྔ་མ་གཏོགས་པའི་ཡི་གེ་བཅུ་དྲུག་དབྱངས་དང་བཅས་པ་རྣམས་ཏེ། མངའ། འཇའ་ཞེས་སོགས་ལྟ་བུའོ། །མ་ནིང་གི་ཡི་གེ་ནི་ཁ་སོགས་ལྔ་སྟེ། མཁའ། འཆའ་ཞེས་སོགས་ལྟ་བུའོ། །དེས་ན་མ་ནིང་གི་ཡི་གེ་འ་ནི་གྲོགས་ཀྱི་བྱེ་བྲག་གིས་འགྱུར་དང་། མཚན་གཉིས། མཚན་མེད་གསུམ་དུ་འདོད་དེ། ཕོ་མོ་གང་རུང་དང་ཕྲད་ན་དྲག་ཞན་དུ་འགྱུར་བའི་ཕྱིར་དང་། གཉིས་ཀ་དང་ཕྲད་ན་གཉིས་ཀ་ཅན་དུ་འགྱུར་བའི་ཕྱིར་དང་། མ་ནིང་ཁོ་ན་དང་ཕྲད་ན་གང་དུའང་མི་འགྱུར་བའི་ཕྱིར་རོ། །གཉིས་པ་དོན་གྱི་འཇུག་ཚུལ་ལ་ནི། དོན་ནི་རྣམ་པ་གཉིས་ཡིན་ཏེ། །སྔ་མ་གང་ལྟར་གྱུར་པ་དང་། །ཕྱི་མ་གང་ལྟར་འགྱུར་བའོ། །ཞེས་པས་མདོར་བསྟན་ནས། དང་པོ་ནི། སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །ཞེས་པ་སྟེ། སྔོན་འཇུག་གི་སྐབས་སུ། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་སོགས་གསུངས་པ་ལྟར། ག་ད་བ་ས་རྣམས་ཀྱིས་འདས་པ་དང་། གཞན་དང་། བྱ་བ་བསྒྲུབ་པ་རྣམས་སྟོན་ཏེ། བཞག བཞེད། བཀབ། མཁས་ཞེས་པ་ལྟ་བུའོ། །ང་ན་མ་ར་ལ་རྣམས་ཀྱིས་ད་ལྟར་བ་དང་། བདག་གཞན་གཉིས་ཀ་སྟོན་ཏེ། གཟུང་། འཛིན། སྡོམ། འདིར། འཚལ་ཞེས་པ་ལྟ་བུའོ། །འ་ཡིག་གིས་བདག་དང་མ་འོངས་པ་སྟོན་ཏེ། མྱ་ངན་ལས་འདའ། དུས་ལས་འདའ་བར་འགྱུར་ཞེས་པ་ལྟ་བུའོ། །གཉིས་པ་ཕྱི་མ་གང་ལྟར་འགྱུར་བ་ལ་གཉིས་ཏེ། འདྲེན་ཚུལ་དངོས་དང་། ཞར་ལ་སྒྲ་སྒྱུར་གྱི་གདམས་པ་བཤད་པའོ། །དང་པོ་ནི། ཕྱི་མ་དག་གི་ཞེས་སོགས་ཚིགས་རྐང་བཅུ་གསུམ་སྟེ། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་བ་ནི། ག་སོགས་བཞིའི་མཐར་རིམ་པ་ལྟར། རིག་པ། བྱེད་པ། གྲུབ་པ། སྤངས་པ། ཞེས་པ་ལྟ་བུ་པ་འདྲེན་པ་དང་། ག་ད་བའི་མཐར་ཅེ་ན། ཅིང་། ཅེས་ཞེས་པ་ལྟ་བུ་ཅ་འདྲེན་པ་དང་། ད་བ་སའི་མཐར་ཀྱི་ཀྱང་ཀ་རྣམས་འདྲེན་པ་སྟེ། དེ་བཞིན་དུ་གཞན་ཡང་ཤེས་པར་བྱའོ། །རྣམ་དབྱེ་གཉིས་པ་དང་། བཞི་པ་དང་། བདུན་པ་རྣམས་ནི་ག་དང་བའི་མཐར་ཏུ་ཡིག་སྦྱར་ཏེ། མཆོག་ཏུ། བྱང་ཆུབ་ཏུ་ཞེས་པ་ལྟ་བུའོ། །སུམ་ཅུ་པར་བདག་པོའི་ས་ཞེས་པས་བསྟན་པའི་མཁྱེན་པ། རོལ་པ། ནོར་པ་ཞེས་སོགས་རྣམས་ནི་མོ་ཡིག་གི་མཐའ་ཅན་ཡིན་ཀྱང་ཕོའི་རྟགས་ཡིག་གིས་མིང་མཐའ་དྲང་བར་བྱའོ། །སྔོན་གྱི་མཁས་པ་སྐ་ཅོག་ལ་སོགས་པ་རྣམས་ཀྱིས་འདི་རྣམས་ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་བར་བྱ་བ་ཡིན་ལ། མོ་ཡིས་མོ་ཡི་མིང་མཐའ་དྲངས་སུ་དོགས་ནས་ད་དྲག་སྦྱར་བར་མཛད་དོ། །ཇི་ལྟར་ཞེ་ན། མཁྱེན་ཀྱང་། མཁྱེན་ཅིང་། མཁྱེན་ཏོ། །མཁྱེན་པ་ཞེས་པ་ལྟ་བུ་ན་མཐར་ད་དྲག་ཅན་དང་། སོ་ཐར་ཀྱི་སྡོམ་པ། རྣམ་ཐར་ཅི་བཞིན། ཐར་ཏོ། །ཐར་པ་ཞེས་པ་ལྟ་བུར་མཐར་དྲག་ཅན་དང་། དོན་འགྲེལ་ཀྱིས་བཤད། བཀའ་འགྲེལ་ཇི་བཞིན། འགྲེལ་ཏོ། །འགྲེལ་པ་ཞེས་པ་ལྟ་བུ་ལ་མཐར་དྲག་ཅན་རྣམས་ཤེས་པར་བྱའོ། །མདོར་ན་ཀ་ཅ་ཏ་པ་ཙ་རྣམས་ཀྱིས་ན་ར་ལ་གསུམ་གྱི་མིང་མཐའ་དྲང་བས་ཚེ་ད་དྲག་སྦྱར་བར་བྱའི། ན་ར་ལ་གསུམ་གཞན་རྣམས་ལ་སྦྱར་བར་མི་བྱའོ། །ཕྱིས་ཀྱི་མཁས་པ་ཁ་ཅིག དོན་དམ་ཀྱང་ཞེས་པ་ལྟ་བུ་མ་མཐར་དྲག་ཅན་དང་། རྐང་པ་ཞེས་པ་ལྟ་བུ་ང་མཐར་དྲག་ཅན་ཡང་བཞེད་དོ། །མོ་ཡིས་མོ་ཡི་མིང་མཐའ་དྲང་བ་ནི། ཐུང་བ། རིང་བ་ཞེས་དང་། ཚེ་དང་ལྡན་པ། དམན་པ་ཞེས་དང་། བསམ་པ། སྒོམ་པ་ཞེས་དང་། ཚོར་བ། དོར་བ་ཞེས་དང་། ཉལ་བ། གྲོལ་བ་ཞེས་པ་སྟེ། འདི་དག་ནི་མོ་ཡིག་བ་ཡིག་གིས་ང་ན་མ་ར་ལའི་མིང་མཐའ་དྲང་བའོ། །དེ་བཞིན་དུ་དེ་དག་གི་མཐར། དུ་དང་། གི་དང་། གྱི་དང་། ཞེ་ན་དང་། ཞིང་དང་། ཡང་རྣམས་སྦྱར་བར་བྱའི། རུ་དང་། ཏོ་དང་། ཀྱི་དང་། ཅེ་ན་དང་། ཅིང་དང་། ཀྱང་རྣམས་སྦྱར་བར་མི་བྱའོ། །མ་ནིང་གིས་མ་ནིང་གི་མིང་མཐའ་དྲང་པ་ནི། བྱང་ཆུབ་སེམས་དཔའ་རུ་འགྱུར། དགའ་རུ་སོང་ན་ཞེས་པ་ལྟ་བུའོ། །ཕོ་མོ་མ་ནིང་གི་མིང་མཐའ་དེ་དག་ཉིད་ཀྱིས་རང་རང་གི་རྟགས་དང་མཐུན་པར་རྣམ་དབྱེ་བདུན་བོད་པ་དང་བཅས་པ་དྲངས་ཏེ། ཆོས་དངོས་ནི་རྣམ་དབྱེ་དང་པོའོ། །ལས་ནི་གཉིས་པའོ། །བྱེད་པ་ནི་གསུམ་པའོ། །དགོས་ཆེད་ནི་བཞི་པའོ། །འབྱུང་ཁུངས་ནི་ལྔ་པའོ། །འབྲེལ་པ་ནི་དྲུག་པའོ། །གནས་ནི་བདུན་པའོ། །བོད་པ་ནི་དང་པོའི་ཆ་ཤས་སོ། །དེ་ལ་རྣམ་དབྱེ་དང་པོ་ལ་མིང་མཐའ་དང་མཐུན་པའི་འདྲེན་ཚུལ་མེད་ལ། གཉིས་པ་དང་། བཞི་པ་དང་། བདུན་པ་རྣམས་ཀྱི་འདྲེན་ཚུལ་ནི། སའི་མཐར་སུའོ། །རའི་མཐར་རུའོ། །དའི་མཐར་དུའོ། །དེ་དག་ཀྱང་སུམ་ཅུ་པར། རྗེས་འཇུག་ཡི་གེ་བཅུ་པོ་ལ། །གང་མིང་མཐའ་ན་བཅུ་པ་གནས། །ཞེས་སོགས་ཚིག་རྐང་བཅུས་སྟོན་ནོ། །རྣམ་དབྱེ་གསུམ་པའི་འདྲེན་ཚུལ་ནི། ནས་དང་། ལས་ཞེས་སྦྱར་རོ། །དྲུག་པའི་འདྲེན་ཚུལ་ནི། ག་ངའི་མཐར་གིའོ། །ད་བ་སའི་མཐར་ཀྱིའོ། །འའི་མཐར་འིའོ། །ན་མ་ར་ལའི་མཐར་གྱིའོ། །བདུན་པའི་འདྲེན་ཚུལ་ནི། གའི་མཐར་རུ་ལ་སྦྱར་བ་སོགས་སོ། །བོད་པའི་འདྲེན་ཚུལ་ནི། མིང་གང་ཡིན་གྱི་ཐོག་མར་ཀྱེ་ཞེས་སྦྱར་རོ། །གཞན་ཡང་རྟགས་གསུམ་པོ་དེ་དག་གིས་རང་རང་གི་རྟགས་དང་མཐུན་པར་སླར་བསྡུ་སོགས་དགུ་འདྲེན་ཏེ། དེ་ལ་སླར་བསྡུ་ནི་རྗེས་འཇུག་བཅུའི་མཐར་ཨོ་སྦྱར་བ་སྟེ། གཞག་གོ་ཞེས་སོགས་ལྟ་བུའོ། །ལྷག་བཅས་ནི་དངོས་སུ་བསྟན་པའི་སྟེ་དང་། ཤུགས་ལ་བསྟན་པའི་དེ་དང་། ནས་དང་། ཅིང་ལ་སོགས་པའོ། །འབྱེད་སྡུད་ནི་རྗེས་འཇུག་བཅུ་ལ་མ་སྦྱར་བ་སྟེ། འཛེག་གམ། འོང་ངམ་ཞེས་སོགས་ལྟ་བུའོ། །བསྣན་པ་ནི་ངེས་གཟུང་སྟེ། དངོས་སུ་བསྟན་པའི་ནི་དང་། ཤུགས་ལ་བསྟན་པའི་ཁོ་ན་ཉིད་དང་། ན་ཞེས་པ་རྣམས་སོ། །ན་མཐའ་ཡིན་ན། ངེས་གཟུང་ནི་ཞེས་སྦྱར་ཏེ། ཐ་དད་པ་ཡིན་ན་ནི་ཞེས་པ་ལྟ་བུའོ། །བདག་པོ་ནི། མཁྱེན་པ་ཞེས་པ་ལྟ་བུ་ཕོའི་རྟགས་ཡིན་པས་ཕོའི་ཡི་གེ་སྦྱར་བ་དང་། གསུམ་པ་ཞེས་པ་ལྟ་བུ་མོའི་རྟགས་ཡིན་ཀྱང་ཕོའི་ཡི་གེ་སྦྱར་བ་གཉིས་སོ། །དགག་པ་ནི། མིང་མཐར་ཕོ་ཡིག་ཐོབ་པ་ལ་མོ་ཡིག་སྦྱར་བ་ནི་མ་རིག་པ་མེད་ཅེས་པ་ལྟ་བུའོ། །མོ་ཡིག་ཁོ་ན་ཐོབ་པ་ནི་རེག་བྱ་ཞེས་སོགས་ལྟ་བུའོ། །སྒྲུབ་པ་ནི། འགྱུར། ཡིན། ཡོད་ཅེས་མིང་མཐའ་དང་མཐུན་པར་སྦྱར་བའོ། །ཚིག་རྒྱན་ནི། ས་རི་ཞེས་པ་ཡོངས་སུ་དང་། ཨ་ནུ་ཞེས་རྗེས་སུ་ལ་འཇུག་པ་ལྟ་བུའོ། །དུས་ལ་འཇུག་པ་འདྲེན་པ་ནི། དེའི་ཚེ་ཞེས་པ་ལྟ་བུ་སྟེ། དུས་འདས་པ་དང་མ་འོངས་པ་གཉིས་ལ་འཇུག་གོ །དེ་དག་ཀྱང་སྔ་ཤུགས་འདྲེན་པས་འབྱུང་ཞེས་པ་ནི། རྣམ་དབྱེ་བདུན་བོད་པ་དང་བཅས་པ་དང་། སླར་བསྡུ་སོགས་དགུ་པོ་དེ་དག་རང་རང་གི་ཡི་གེ་སྔ་མའི་ཤུགས་ཀྱིས་སྦྱོར་ཚུལ་ཇི་ལྟར་ཡིན་པ་འདྲེན་པས་རང་གི་ངོ་བོ་གང་ཡིན་པ་དེ་འབྱུང་བ་ཡིན་ནོ། །གཉིས་པ་ནི། དེ་དག་ནང་སེལ་གང་འཇུག་པ། །ཞེས་སོགས་ཚིགས་ཅད་ཕྱེད་དང་ལྔ་སྟེ། ལོ་ཙྭ་བ་རྣམས་ཀྱིས་འགྱུར་བྱེད་པའི་ཚེ་གོང་དུ་བཤད་པ་དེ་དག་ནང་ཚན་གྱི་བྱེ་བྲག་གང་ལ་འཇུག་པ་བརྟག་སྟེ། སཾ་སྐྲྀ་ཏའི་སྐད་དུ་ཁྱད་གཞི་ཕལ་ཆེ་བ་ཅིག་ཁྱད་པར་གྱི་ཆོས་ཀྱི་མཐར་སྦྱར་ཡོད་པ་རྣམས། འོག་མ་ཁྱད་པར་གྱི་གཞི་གང་ཡིན་པ་དེའི་མིང་དོན་ལས་བསྒྲུབ་པར་བྱ་ཞེས་སྦྲེལ་ལོ། །གང་བསྒྲུབ་ཅེ་ན། སྤྱིར་འཇུག་སོགས་བསྒྲུབ་པར་བྱའོ། །དེ་ལ་སྤྱིར་འཇུག་ནི་གང་ཞེས་པ་ལྟ་བུ། བྱེད་པ་ནི་རྣམ་དབྱེ་གསུམ་པ། ཆེད་བྱེད་ནི་བཞི་པ། རྟེན་བྱེད་ནི་བདུན་པ། ལས་བྱ་ནི་གཉིས་པ། བླང་བྱ་ནི་ལྔ་པ་སྟེ། དེ་དག་གི་ཤུགས་ལ་དྲུག་པ་དང་། དང་པོའང་གཟུང་ངོ་། །བོད་སྐད་དུ་ཁྱད་ཆོས་ཀྱི་སྔོན་དུ་སྦྱོར་བར་འོས་པའི་ཁྱད་གཞི་རྣམས་སཾ་སྐྲྀ་ཏའི་སྐད་ལའང་དེ་ལྟར་དུ་གནས་པ་རྣམས་ནི་དེ་བཞིན་དུ་སྒྱུར་ཅིག་ཅེས་གདམས་པའོ། །གཞན་ཡང་ཚིག་དོན་ཞེས་སོགས་གསུམ་གྱི་དོན་ནི། གར་ཡང་དྲང་དུ་རུང་བའི་ཚིག་བྱུང་ན་ཕྱོགས་གཅིག་ཏུ་མ་ཆད་པར་སྤྱིར་སྙེགས་སུ་རུང་བར་གྱིས་ཤིག་ཅེས་པའོ། །རྣམ་གྲངས་སུ་གཏོགས་པའི་ཚིག་རྣམས་ནི་བསྐྱར་བ་ཡོད་པས་ཏེ་མ་འདོམས་ན་ཚིག་གར་བདེ་བར་སྤྱིར་ཐོགས་ཤིག འདོམས་ན་སོ་སོར་བཏགས་པ་བཞིན་དུ་ཐོགས་ཤིག ཕོ་སྒྲ་ཞེས་སོགས་ཀྱི་དོན་ནི། སཾ་སྐྲྀ་ཏའི་སྐད་ལ་དོན་དུ་མ་ལ་འཇུག་ཏུ་རུང་བའི་ཚིག་དོན་གང་ལ་འཇུག་པ་མི་ཤེས་པ་དེ་དག་ལ་མིང་མཐར་ཕོ་མོ་མ་ནིང་གི་རྟགས་ཡོད་མེད་བརྟགས་ནས་དོན་གང་ལ་འཇུག་པ་ཤེས་པར་བྱའོ། །ཚིག་རྒྱན་ལ་དོན་ལ་སྙེགས་པ་ཡོད་པ་རྣམས་ནི་བསྒྱུར་བར་བྱའི། མེད་པ་རྣམས་ནི་བསྒྱུར་བར་མི་བྱའོ། །སཾ་སྐྲྀ་ཏའི་སྐད་ལ་བསྟན་བྱ་ལྷག་མ་ཡོད་པ་རྣམས་ལ་ནི་ཏེ་སོགས་སྦྱོར་ཞིང་། མེད་ན་སྦྱར་མི་དགོས་སོ། །སཾ་སྐྲྀ་ཏའི་སྐད་ལ་ཚིག་དོན་རྫོགས་ན་བོད་སྐད་ལའང་ཚིག་དོན་རྫོགས་པར་བྱ་ལ། མེད་ན་མི་བྱའོ། །དེ་དག་ནི་ལོ་ཙཱ་བ་རྣམས་ལ་སྒྲ་སྒྱུར་གྱི་གདམས་པ་གནང་བའོ། །བཞི་པ་ནི། ཅིའི་ཕྱིར་ཞེས་སོགས་ཚིགས་སུ་བཅད་པ་དྲུག་སྟེ། རྗེས་འཇུག་དེ་དག་དགོས་པ་ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། ཡི་གེའི་ཁོང་ནས་ཞེས་སོགས་ཚིག་རྐང་གསུམ་གྱིས་བསྟན་ཏེ། དེའི་ཆེད་དུ་འཇུག་པར་བྱེད་ཅེས་པའོ། །མོའི་ཡི་གེ་དབྱངས་ཡིག་བཞི་མེད་ན་ཕོ་ཡིག་བརྗོད་མི་ཤེས་ཏེ། དྲི་མེད་འོད་དུ་ཀ་ཡིག་གསལ་བྱེད་བརྗོད་དུ་མེད་པ་ཞེས་བཤད་པའི་ཕྱིར། མོ་ཡིག་སྲོག་ཏུ་ཞུགས་པའི་ཕོ་ཡིག་རྣམས་ལའང་འཇུག་པའི་ཡི་གེ་བཅུ་སྔོན་རྗེས་གང་རུང་དུ་འཇུག་པ་མེད་ན་མིང་ཚིག་གསལ་མི་ནུས་ཤིང་། དེ་མེད་ན་དོན་རྣམས་བརྗོད་པར་མི་འགྱུར་རོ། །དེ་ལྟར་གྱུར་ན་འཇིག་རྟེན་གྱི་དོན་མཚོན་པའི་བརྗོད་པ་སྟེ། ལུགས་ཀྱི་བསྟན་བཅོས་དང་། རིག་བྱེད་སྨྲ་བ་སྟེ་ཕྱི་རོལ་པའི་བསྟན་བཅོས་དང་། ནང་པའི་ཐེག་པ་གསུམ་སྟོན་པའི་བཀའ་དང་དགོངས་འགྲེལ་རྣམས་ཀྱང་མེད་པར་འགྱུར་ཏེ། མིང་ཚིག་གིས་དོན་བརྗོད་པ་མེད་པའི་ཕྱིར་རོ། །དེ་དག་མེད་ཀྱང་རང་རང་གིས་དེ་དག་གི་དོན་རྟོགས་སོ་ཞེ་ན། མ་ཡིན་ཏེ། འཇིག་རྟེན་ན་སེམས་ཅན་རྣམས་རང་ལ་ཡོད་པའི་ཕུང་ཁམས་སྐྱེ་མཆེད་དང་། རང་ལ་མེད་པའི་གྲུབ་མཐའ་རྣམས་སྟོན་པ་པོ་མེད་ན་རང་ཉིད་ཀྱིས་མི་ཤེས་པ་བཞིན་དུ། ཡི་གེ་སྔོན་འཇུག་དང་རྗེས་འཇུག་གི་ཚུལ་སྨྲ་བ་ཀུན་ལ་གནས་པར་གྱུར་ཀྱང་། བརྗོད་བྱའི་དོན་གྱི་རང་གི་ཚུལ་གྱིས་དེ་ཁོ་ན་ཉིད་མི་ཤེས་པས། དོན་ལ་བརྟགས་ནས་དེ་དང་མཐུན་པར་སྦྱོར་བ་ག་ལ་ཤེས་ཏེ། མི་ཤེས་སོ། །དེས་ན་གོང་གི་ཉེས་པ་དེར་མ་གྱུར་ཅིག་སྙམ་དུ་བསམས་ནས། དེའི་ཕྱིར་སྨྲ་བའི་དབང་ཕྱུག་གིས། །རྗེས་སྨྲས་འདི་ཀུན་རྟོགས་གྱུར་ཅིག །ཅེས་སྨྲས་པའོ། །བྱཱ་ཀ་ར་ཎའི་རྟགས་ཀྱི་འཇུག་པའི་རྣམ་འགྲེལ་ཚིག་ཉུང་ཞིང་དོན་གསལ་བར་སྟོན་པ་འདི་ནི། བློ་ལྡན་བསོད་ནམས་སེང་གེས་མཁས་པ་སྔ་མའི་ལེགས་བཤད་ལ་བརྟེན་ནས་རང་གཞན་ལ་ཕན་པའི་ཕྱིར་བྲིས་པའོ།། །།འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་གང་དང་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །འཇམ་དབྱངས་ཡེ་ཤེས་ཐོབ་པར་ཤོག །དགེའོ། །དགེའོ། །དགེའོ།། །།


previousརྟགས་འཇུག་གི་ཊཱིཀ་བཞུགས་སོ།། next