Nitartha Digital Library
Tibetan
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སློབ་དཔོན་སྦྱིན་བཟང་པའི་བསྟོད་པ། ན་མོ་གུ་ར་ཝེ། དགེ་ལེགས་རིན་ཆེན་ཀུན་གྱི་གཏེར་གྱུར་པ། །ལེགས་གསུང་འདུལ་བ་རྒྱ་མཚོའི་དབུས་གནས་ཤིང་། །བསླབ་གསུམ་གདེངས་ཀས་བརྗིད་པའི་གཟི་འོད་ཅན། །འདུལ་འཛིན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །རླབས་ཆེན་བྱང་ཆུབ་སེམས་ཀྱི་ཆུ་མཚོ་ལས། །སྦྱིན་སོགས་སྤྱོད་པའི་འདབ་སྟོང་རབ་རྒྱས་ཏེ། །ཕྲིན་ལས་བཟང་པོའི་ཟེའུ་འབྲུས་ལེགས་སྤྲས་པའི། །རྒྱལ་སྲས་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །རྣམ་མང་རྒྱུད་སྡེའི་རིན་ཆེན་ལས་གྲུབ་ཅིང་། །རྨད་བྱུང་དབང་བཞིའི་བང་རིམ་ཕྲེང་བ་ཅན། །རིམ་གཉིས་ཉི་ཟླ་གསལ་བའི་མདངས་ལྡན་པ། །རྡོ་རྗེ་འཛིན་པའི་ཞབས་ལ་གསོལ་བ་འདེབས། །དཔལ་ལྡན་བླ་མར་ཚུལ་བཞིན་བསྔགས་པ་ཡི། །དགེ་ཚོགས་གང་དེས་གནས་འདི་ལོངས་སྤྱོད་དང་། །ཆོས་ཀྱིས་རྒྱས་ཤིང་མཐའ་ཡས་འགྲོ་བ་ཀུན། །ཀུན་མཁྱེན་རྒྱལ་པོའི་གོ་འཕང་མྱུར་ཐོབ་ཤོག །བསྟན་པའི་རྩ་ལག་སྦྱིན་པ་བཟང་པོ་ཞེས། །རབ་ཏུ་གྲགས་པ་དེ་ཡི་བསྟོད་ཚིག་འདི། །དད་ལྡན་བློ་གྲོས་འབུམ་གྱིས་ལེགས་བསྐུལ་ནས། །མང་ཐོས་དགེ་སློང་བསོད་ནམས་སེང་གེས་སྦྱར། །དགེའོ།། །།
   
   
ཀྱེ་རྡོར་འགྲེལ་པ་ལུགས་ཀྱི་བརྒྱུད་པའི་ཁ་སྐོང་། བློ་གྲོས་ཕུན་ཚོགས་ཐུབ་བསྟན་རྒྱལ་མཚན་འཛིན། །དཔལ་ལྡན་ཕྲིན་ལས་བཟང་པོ་སྐྱེ་རྒུའི་མགོན། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །འཕགས་པས་རྗེས་བཟུང་རྒྱུད་དོན་མ་ལུས་རིག །རྨད་བྱུང་བཤད་པའི་སྲོལ་འཛིན་དགའ་ལྡན་པ། །བཀྲ་ཤིས་དཔལ་གྱི་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རབ་དཀར་བསོད་ནམས་བརྒྱ་ཡི་གངས་རི་ལས། །རྨད་བྱུང་མཁྱེན་བརྩེའི་དཔལ་གྱི་ཆུ་རྒྱུན་ཅན། །རྒྱལ་བ་བྲག་ཕུག་པ་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རྣམ་དག་བློ་གྲོས་ནམ་མཁའ་ཡངས་པ་ལ། །རབ་ཏུ་བརྟན་པའི་ཏིང་འཛིན་དཀྱིལ་འཁོར་རྒྱས། །མཚུངས་མེད་རི་ཁྲོད་པ་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཚོགས་གཉིས་དཔལ་ལྡན་སྒྲིབ་གཉིས་གཡུལ་ལས་རྒྱལ། །སྡོམ་གསུམ་ཚུལ་ཁྲིམས་ཉེས་གསུམ་དྲི་མས་དབེན། །དཔལ་ལྡན་ཚུལ་ཁྲིམས་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཡེ་ཤེས་ཁང་བཟང་ཐུགས་རྗེའི་རྒྱལ་མཚན་གྱིས། །ལེགས་པར་སྤྲས་པའི་དཔལ་འབྱོར་བཟང་པོ་ཅན། །རྗེ་བཙུན་རྟོག་མེད་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཁྱོད་ཐུགས་ཤེས་བྱ་ཀུན་ལ་ལེགས་སྦྱངས་པས། །རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པར་གྱུར། །འདྲེན་མཆོག་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །རྣམ་དག་མཁྱེན་པས་ཆོས་ཀུན་སྒྱུ་མར་གཟིགས། །དམིགས་མེད་ཐུགས་རྗེས་གཞན་ལ་ཕན་དགོངས་པ། །དཀོན་མཆོག་རྒྱལ་མཚན་ཞབས་ལ་ཕྱག་འཚལ་ལོ། །རྟག་ཏུ་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པ་འདི་ནི་ཆོས་ཀྱི་རྒྱལ་པོ་འཕགས་པས་མཛད་པའི་ཀྱེ་རྡོར་འགྲེལ་པ་ལུགས་ཀྱི་བརྒྱུད་པའི་ཁ་སྐོང་དུ་དགེ་སློང་བསོད་ནམས་སེང་གེས་སྦྱར་བའོ།། །།དགེའོ།། །།
   
   
   
   
ཚད་མའི་བརྒྱུད་འདེབས། མཐའ་དག་འགྲོ་ལ་ཕན་བཞེད་ཐུགས་རྗེ་ཡིས། །བདེན་བཞི་རྟོགས་པའི་ཐབས་ལ་མངོན་སྦྱོར་ནས། །གྲངས་མེད་གསུམ་དུ་བརྩོན་པས་ལེགས་བསྒོམས་པས། །བདེ་གཤེགས་སྐྱོབ་པ་བརྙེས་ལ་གསོལ་བ་འདེབས། །བསམ་ཡས་མཁྱེན་པའི་གཏེར་ཆེན་འཇམ་པའི་དབྱངས། །ཉོན་མོངས་དགྲ་ལས་རྣམ་རྒྱལ་འཆོས་སྐྱོབ་ཞབས། །དེ་སྲས་ཐུ་བོ་པཎ་ཆེན་མེ་ཝང་འགའ། །མཁས་མཆོག་དབྱིག་གཉེན་རྣམས་ལ་གསོལ་བ་འདེབས། །ཕས་རྒོལ་འདམ་བུའི་གྲོང་འཇོམས་ཕྱོགས་གླང་པོ། །རྨད་བྱུང་བཤད་པའི་སྲོལ་འཛིན་དབང་ཕྱུག་སྡེ། །སྡེ་བདུན་ཆོས་ཀྱི་སྒྲ་སྒྲོགས་གྲགས་པའི་མཚན། །ལྷ་དབང་བློ་གྲོས་རྣམས་ལ་གསོལ་བ་འདེབས། །ཤཱཀྱའི་རིང་ལུགས་འཛིན་པ་བློ་གྲོས་བཟང་། །ཕུལ་བྱུང་ཤེས་རབ་འབྱུང་གནས་བློ་གྲོས་ཆེ། །འཆི་བདག་བདུད་ཀྱི་དཔུང་འཇོམས་ཡཱ་མ་ཤྲཱི། །རྒྱལ་རྔ་བདུན་པ་རྣམས་ལ་གསོལ་བ་འདེབས། །དམ་པ་རང་གཞན་སྐྱོང་མཛད་དུལ་བ་ལྷ། །བྲམ་ཟེ་ལྔ་རིག་བདེ་བྱེད་དགའ་བ་དང་། །ཐེག་ཆེན་ཆོས་ཀྱི་ནུས་ལྡན་ཝང་གུའི་ཞབས། །འཕགས་ཡུལ་སྒྲོན་མེ་རྣམས་ལ་གསོལ་བ་འདེབས། །དཔལ་ལྡན་ཁ་ཆེའི་མཁན་པོ་བསོད་སྙོམས་པ། །དེ་སྲས་བདེ་གཤེགས་དཔལ་དང་སམ་ག་ཤྲཱི། །དཱ་ནཱ་ཤཱི་ལ་འཇམ་དབྱངས་བླ་མ་ཡི། །སྒྲ་ཚད་འབྱུང་གནས་བཞི་ལ་གསོལ་བ་འདེབས། །དཔལ་ལྡན་ས་སྐྱ་བསྟན་པའི་གངས་རིར་གནས། །མུ་སྟེགས་རྒོལ་ངན་ཝ་ཚོགས་མཐར་མཛད་ཅིང་། །སྐལ་ལྡན་བློ་གསལ་རི་དྭགས་ཚོགས་སྐྱོང་བ། །འཇམ་མགོན་བླ་མའི་ཞབས་ལ་གསོལ་བ་འདེབས། །དངོས་སྟོབས་རིགས་པའི་སེང་གེ་འུ་ཡུག་པ། །སངས་རྒྱས་བསྟན་པ་རྒྱས་མཛད་མདོ་སྡེ་དཔལ། །མཁྱེན་པའི་སྤྱན་གསལ་འཇམ་དབྱངས་སྐྱ་བོའི་ཞབས། །བློ་གྲོས་བརྟན་པ་རྣམས་ལ་གསོལ་བ་འདེབས། །འགྲོ་བའི་མགོན་པོ་བསོད་ནམས་རྒྱལ་མཚན་དཔལ། །རིགས་ལམ་གསལ་མཛད་མཁས་པ་བརྩོན་འགྲུས་དཔལ། །དགའ་ལྡན་ཆོས་ཀྱི་རྒྱལ་ཚབ་སངས་རྒྱས་དཔལ། །ཤེས་བྱ་ཀུན་རིག་རྣམས་ལ་གསོལ་བ་འདེབས། །སྲིད་གསུམ་འགྲོ་བའི་རྩ་ལག་གྲགས་པའི་མཚན། །བདེ་གཤེགས་བསྟན་པའི་རྩ་ལག་སངས་རྒྱས་འཕེལ། །ཟབ་དོན་གནད་ཀྱི་རྩ་ལག་ཡོངས་འཛིན་མཆོག །རིགས་ལམ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། །ཁམས་གསུམ་འགྲོ་ལ་དམིགས་པའི་སྙིང་རྗེ་ཡི། །དམིགས་རྣམ་སྐྱེ་བ་དུ་མར་གོམས་པའི་མཐུས། །འབད་རྩོལ་མེད་པར་རང་གི་ངང་ཉིད་ཀྱིས། །སེམས་ཉིད་ཐུགས་རྗེར་འགྱུར་བར་བྱིན་གྱིས་རློབས། །ཡིད་ཆེས་ལུང་དང་དངོས་སྟོབས་རིགས་པ་ཡིས། །སྡུག་བསྔལ་རྒྱུ་དང་གཉེན་པོ་ལེགས་བརྟགས་ནས། །བདག་མེད་རྟོགས་པ་གཉེན་པོར་ཤེས་གྱུར་ཏེ། །བརྩོན་པ་གཉིས་ཀྱིས་བསྒོམ་པར་བྱིན་གྱིས་རློབས། །ལམ་མཆོག་གོམས་པ་རབ་མཐར་ཕྱིན་པའི་མཐུས། །རྟོགས་པ་ཁྱད་པར་གསུམ་དང་ལྡན་པ་ཡི། །སྤངས་པ་ཁྱད་པར་གསུམ་ལྡན་མངོན་གྱུར་ཏེ། །བདེ་གཤེགས་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཉིད་ཀྱི་ཇི་ལྟར་གཟིགས་པའི་ཐེག་གསུམ་གྱི། །ལམ་བཟང་འཁྲུལ་མེད་གཞན་ལ་ལེགས་བསྟན་པ། །ཇི་སྲིད་འཁོར་བའི་རྒྱ་མཚོ་གནས་ཀྱི་བར། །འགྲོ་བའི་སྐྱོབ་པར་འགྱུར་བར་བྱིན་གྱིས་རློབས། །སྒྲུབ་དང་སུན་འབྱིན་གསལ་བའི་ཉི་འོད་ཀྱིས། །གཞན་གཞུང་ལོག་སྨྲའི་མུན་པ་ཀུན་བསལ་ནས། །ཡང་དག་དོན་གྱི་པད་མོ་ཁ་བྱེ་སྟེ། །དོན་གཉེར་བུང་བ་སྐྱོང་བར་བྱིན་གྱིས་རློབས། །ཚུལ་འདི་རིགས་ལམ་བརྒྱུད་པ་ལ། །དད་པའི་བསོད་ནམས་ལུས་སྟོབས་རྒྱས། །ལྟ་ངན་ལོག་རྟོག་ཀུན་སེལ་བ། །དམ་ཆོས་སྨྲ་བའི་སེང་གེས་བསྡེབས། །ཆུ་མོ་གླང་གི་ལོ་ཆོ་འཕྲུལ་ཆེན་པོའི་ཟླ་བ་ལ་སྦྱར་བ་འདི་ཡོངས་སུ་རྫོགས་སོ།། །།གང་ཞིག་དད་པས་བླ་མའི་ཚོགས་རྣམས་ལ། །ཚིག་འདིས་རྟག་ཏུ་གསོལ་བ་འདེབས་བྱེད་ན། །དེ་ཡི་རྒྱུད་ལ་སྨྲ་མཆོག་དེ་དག་གི །ཡང་དག་རིགས་པའི་སྣང་བ་འཇུག་པར་འགྱུར། །དགེའོ།། །།
   
   
   
  collapse section
   
   
  collapse section
   
   
   
  collapse section
རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རྣམ་པར་བཤད་པ་ཀུན་ཏུ་བཟང་པོའི་འོད་ཟེར། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་རྣམ་པར་བཤད་པ་ཀུན་ཏུ་བཟང་པོའི་འོད་ཟེར་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །མ་ལུས་འགྲོ་ལ་མ་ལྟར་བརྩེ་བའི་དམིགས་མེད་ཐུགས་རྗེའི་ལྷ་ལམ་ཡངས་པར་ནི། །རྒྱུ་བཅས་སྡུག་བསྔལ་རྒྱུ་ཡི་གཉེན་པོ་ཐབས་མཆོག་རྟོགས་པ་སྟོན་པའི་རྟ་བདུན་གྱིས། །ཁྱད་པར་གསུམ་གྱིས་ཁྱད་པར་བྱས་པའི་བདེ་གཤེགས་ཉི་མའི་དཀྱིལ་འཁོར་ལེགས་དྲངས་ཏེ། །རྣམ་མང་གདུལ་བྱ་རྣམ་དཀར་སྣང་བས་སྐྱོབ་མཛད་ཚད་མར་གྱུར་པ་དེ་ལ་འདུད། །ཉི་བཟང་འཆར་ཀའི་དམར་སེར་ལ་འགྲན་དམར་སེར་འོད་ཀྱི་ཁོར་ཡུག་ཅན། །གློག་ཕྲེང་འགྱུ་བའི་ཕྲེང་མཛེས་དང་འགྲོགས་ཕྲེང་མཛེས་གཡོ་བའི་སིལ་སྒྲ་འབྱིན། །ལྷ་བརྒྱའི་གཙུག་ནོར་འོད་ཟེར་དང་འདྲེས་འོད་ཟེར་ཕྲེང་ལྡན་པདྨར་འགྱིང་། །ལྷ་མཆོག་གང་དེ་བདག་གི་ཡིད་ལ་བདག་གི་རེ་བ་རྫོགས་པར་མཛོད། །ཕྱོགས་ཀྱི་གླང་པོ་གཞན་ལ་ཕན་པའི་བསམ་པ་ཅན་ཞེས་ཉི་མའི་གཉེན་གྱིས་ལུང་བསྟན་ཅིང་། །ཕྱི་མའི་དུས་ན་བསྟན་བཅོས་ཀུན་གྱི་མིག་གཅིག་འགྱུར་ཞེས་འཇམ་དབྱངས་མགོན་པོས་དབུགས་དབྱུང་མཛད། །ཕས་རྒོལ་འདམ་བུའི་གྲོང་རྣམས་རིགས་པའི་རྩལ་གྱིས་བརླག་ཞེས་སྲིད་ན་གྲགས་པའི་གོམ་སྟབས་གཡོ། །ཕྱིན་དྲུག་སྤྱོད་པའི་དྲྭ་བས་མཛེས་ཤིང་ཐུབ་བསྟན་དྲི་མེད་ཁུར་གྱིས་བརྗིད་པ་དེ་ལ་འདུད། །གང་ཞིག་དངོས་སྟོབས་རིགས་པའི་རིན་ཆེན་རྡུལ་བརྩེགས་བརྩོན་པ་གཉིས་ཀྱིས་སྲུབ་ཐག་བསྒྱུར་བ་ཡིས། །རང་གཞན་གྲུབ་མཐའི་རྒྱ་མཚོ་བསྲུབས་པ་ལས་བྱུང་སྡེ་བདུན་བདུད་རྩིའི་ཐིག་ལེ་འོད་དཀར་ཅན། །ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་ཆ་ཤས་ཡོངས་རྫོགས་རྣམ་དཀར་གྲགས་པའི་བསིལ་ཟེར་འཕྲོ་བ་ཡིས། །ཐུབ་བསྟན་ཀུ་མུད་སྐྱོང་མཛད་སྨྲ་བའི་ཟླ་བར་འདུད་དོ་བདག་བློའི་ཀུན་དའང་རྒྱས་པར་མཛོད། །དགེ་ལེགས་ཡོན་ཏན་དུ་མའི་གཞིར་གྱུར་ཟབ་ཡངས་མཁྱེན་པའི་གཏིང་མཐའ་མི་མངོན་ཡིད་མཚོར་ནི། །བཅུ་དྲུག་ཕྱེད་ཕྱེད་པཎ་ཆེན་བློ་ཡི་མ་དྲོས་ལས་བྱུང་སྒྲ་ཚད་རྒྱུན་བཞི་ལེགས་འབབ་ཅིང་། །སྒྲུབ་དང་སུན་འབྱིན་རིགས་པའི་ཕུཊ་སྒྲ་ཆེར་སྒྲོགས་རྣམ་དཔྱོད་སྤོབས་པའི་ཀླུ་དབང་བསྟི་བའི་གནས། །ཡོན་ཏན་རྒྱ་མཚོ་ས་སྐྱ་པ་ཞེས་གྲགས་པའི་རྦ་རླབས་གཡོ་བ་དེ་ལ་སྙིང་ནས་འདུད། །རིགས་པའི་སྟོབས་རྒྱས་རིགས་པ་སྨྲ་བའི་སེང་གེ་ལ་སོགས་བརྒྱུད་པའི་ཚོགས་རྣམས་དང་། །སངས་རྒྱས་བསྟན་ལ་སངས་རྒྱས་གསུང་གི་དཔལ་གྱིས་རྣམ་རོལ་མཁས་མཆོག་གང་དེ་དང་། །ཤཱཀྱའི་རིགས་འཁྲུངས་ཤཱཀྱའི་བསྟན་པའི་རྒྱལ་མཚན་སྲིད་པ་གསུམ་ན་འཛིན་མཛད་དང་། །རབ་འབྱམས་འགྲོ་ལ་རབ་འབྱམས་གཞུང་གི་དགའ་སྟོན་འགྱེད་མཛད་ཡོངས་འཛིན་མཆོག་ལ་འདུད། །གང་ཞིག་ཐོས་ན་འབྲུག་སྒྲ་ལྟ་བུར་དོན་གཉེར་ཆར་འདོད་བྱེའུའི་རྣར་སྙན་ཅིང་། །ལེགས་པར་བསམས་ན་གློག་ཕྲེང་ལྟ་བུར་མཁས་མང་རྩྭ་ལྗང་མྱུ་གུའི་རྩེ་ན་མཛེས། །ཚུལ་བཞིན་བསྒོམས་ན་གནམ་ལྕགས་ལྟ་བུར་གཟུང་འཛིན་རྟོག་པའི་བྲག་རི་བཤིག་བྱེད་པའི། །གཞུང་ལུགས་ནམ་མཁར་རྣམ་དཔྱོད་སྤྲིན་ལས་ལེགས་བཤད་ཆར་གྱིས་སྐྱེ་དགུ་ཚིམ་པར་བྱེད།། །།འགྲོ་བ་མཐའ་དག་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མ་ལུས་པ་སྦྱིན་པའི་གཉེན་གཅིག་པུ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དེའི་བསྟན་པ་ལ་ཕས་ཀྱི་རྒོལ་བའི་ལོག་སྨྲའི་དྲི་མ་མཐའ་དག་བསལ་ནས་རྗེས་འཇུག་གི་གདུལ་བྱ་རྣམས་ངེས་པ་སྐྱེས་པའི་སྒོ་ནས་འཇུག་པའི་ཆེད་དུ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མའི་བསྟན་བཅོས་ཐོར་བུ་བ་མང་དུ་མཛད་ཅིང་ཕྱིས་དེ་དག་གི་དོན་ཕྱོགས་གཅིག་ཏུ་བསྡུས་ནས་ཚད་མ་ཀུན་ལས་བཏུས་པ་མཛད་དོ། །འདི་ཉིད་ཀྱི་དོན་རྣམ་པར་འགྲེལ་བར་བྱེད་པ་མང་དུ་བྱུང་ཡང་། ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པ་ནི་འཇམ་དཔལ་རྩ་བའི་རྒྱུད་ལས། ཡི་གེ་དྷཿཞེས་སྡོམ་བརྩོན་ཉིད། །ལྷོ་ཡི་ཕྱོགས་སུ་རྣམ་པར་བསྒྲགས། །ཕ་རོལ་རྒོལ་བ་བཟློག་ནས་ནི། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་འགྲུབ། །ཅེས་ལུང་བསྟན་པའི་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པ་ཡིན་ལ། དེས་དགོངས་འགྲེལ་གྱི་བསྟན་བཅོས་རབ་ཏུ་བྱེད་པ་སྡེ་བདུན་མཛད་དེ། ཡང་དག་པའི་ཤེས་པ་བདེ་བླག་ཏུ་རྟོགས་པའི་ཐབས་སུ་གཞན་ལུགས་དགག་པ་དང་། རང་ལུགས་གཞག་པ་གཉིས་ཀ་རྒྱས་པ་རྣམ་འགྲེལ། རང་ལུགས་གཞག་པ་རྒྱས་ཤིང་གཞན་ལུགས་དགག་པ་ཅུང་ཟད་བསྡུས་པ་འབྲིང་རྣམ་ངེས། རང་ལུགས་གཞག་པ་ཡང་བསྡུས་ཏེ་སྟོན་པ་བསྡུས་པ་རིགས་ཐིགས་ཏེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ། མངོན་གསུམ་ལེའུ་ལས་འཕྲོས་པ་ནི་མེད་ལ། རང་དོན་ལེའུ་ལས་འཕྲོས་ནས་ཕྱོགས་ཆོས་དང་ཁྱབ་པ་སྤྱིར་གཏན་ལ་འབེབས་པ་གཏན་ཚིགས་ཐིགས་པ། རྟོགས་དཀའ་བ་བཏགས་ཆོས་ཀྱི་འབྲེལ་བ་གཏན་ལ་འབེབས་པ་འབྲེལ་པ་བརྟག་པ་གཉིས་དང་། གཞན་དོན་ལེའུ་ལས་འཕྲོས་ནས་རྒོལ་ཕྱིར་རྒོལ་རྩོད་པ་བྱེད་པའི་རྣམ་གཞག་དང་། ཚར་གཅད་ཀྱི་གནས་ལ་སོགས་པ་གཏན་ལ་འབེབས་པ་རྩོད་པའི་རིགས་པ་དང་། ངག་ལས་གཞན་གྱི་བློ་ཐ་སྙད་དུ་སེམས་ཙམ་པ་ལ་ཡང་མི་འགལ་བར་སྟོན་པ་རྒྱུད་གཞན་གྲུབ་པ་གཉིས་ཏེ་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་མཛད་དོ། །དེ་དག་ལས་འདིར་སྐབས་སུ་བབ་པ་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་འཆད་པ་ལ་དོན་གསུམ་སྟེ། སྒྱུར་བྱེད་དམ་པའི་ཀླད་ཀྱི་དོན། རྩོམ་བྱེད་དམ་པའི་གཞུང་གི་དོན། བསྒྱུར་བ་མཐར་ཕྱིན་མཇུག་གི་དོན་ནོ། །
   
  collapse section
   
  collapse section
   
  collapse section
   
  collapse section
   
  collapse section
   
   
   
   
  collapse section
དོན་དང་དོན་མིན་རྣམ་པར་འབྱེད་བྱེད་ཚད་མ་གྲུབ་པ་བཤད་པ།
   
  collapse section
   
  collapse section
   
   
   
  collapse section
   
   
   
   


 
previousདོན་དང་དོན་མིན་རྣམ་པར་འབྱེད་བྱེད་ཚད་མ་གྲུབ་པ་བཤད་པ།next

དོན་དང་དོན་མིན་རྣམ་པར་འབྱེད་བྱེད་ཚད་མ་གྲུབ་པ་བཤད་པ།

ཐོག་མར་འབྲེལ་གྱིས་མཚམས་སྦྱར་བསྟན།

ཚད་མ་གྲུབ་པའི་ལེའུ་བཞུགས། །གཉིས་པ་དོན་དང་དོན་མིན་རྣམ་པར་འབྱེད་བྱེད་ཚད་མ་གྲུབ་པ་བཤད་པ་ལ་གསུམ་སྟེ། ཐོག་མར་འབྲེལ་གྱིས་མཚམས་སྦྱར་བསྟན། །བར་དུ་ལེའུའི་གཞུང་ཉིད་བཤད། །ཐ་མར་མཚན་གྱིས་མཇུག་སྡུད་བསྟན་པའོ། །དང་པོ་ལ་ལྷ་ཤཱཀ་གཉིས་ཀྱིས་སློབ་དཔོན་གྱི་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་ནི་མདོའི་མངོན་སུམ་ལེའུ་ཡིན་ལ། དེ་འཆད་པ་ནི་རྣམ་འགྲེལ་གྱི་མངོན་སུམ་ལེའུ་ཡིན་ཅིང་། དེའི་རྒྱུའི་གཙོ་བོ་རང་དོན་རྗེས་དཔག་སྔར་བཤད་ཟིན་ནས། ད་ནི་མངོན་སུམ་གྱི་ཐོག་མར་ཚད་མ་མདོའི་མཆོད་བརྗོད་ཀྱི་འགྲེལ་པ་འཆད་ཅེས་བཞེད་དེ། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་ཞེས་སོགས་ཀྱི་དོན་དུ་བསམ་མོ། །བོད་དག་ལྷའི་དགོངས་པ་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་ཚད་མ་མདོ་སྤྱི་ལ་བྱེད་པ་ནི་བློ་གྲོས་རྩིང་བའི་མཚོ་ལས་ཅལ་ཅོལ་གྱི་ལྦུ་བ་རྡོལ་བའོ། །རྒྱན་གྱི་འགྲེལ་བཤད་གཉིས་ཀྱིས་ནི་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་བདེན་བཞིའི་གནས་ཚུལ་འབྱེད་པས་ཚད་མ་གྲུབ་པ་ཡིན་ལ། དེའི་སྔོན་དུ་རང་དོན་རྗེས་དཔག་འཆད་ཅེས་བཞེད་དེ། སྤྱིར་གོ་རིམ་གྱི་ངོ་བོ་རྩ་བའི་དགོངས་པར་སོང་ཚུལ་དང་། དོན་དང་དོན་མ་ཡིན་པ་འབྱེད་པ་ལ་ཞིབ་ཆ་སྦྱར་ཚུལ་དང་། རང་ལུགས་མཐར་ཐུག་པ་ནི་སྔར་བཤད་པ་ལས་ཤེས་པར་བྱའོ། །

བར་དུ་ལེའུའི་གཞུང་ཉིད་བཤད།

མཐའ་དཔྱད་པ།

གཉིས་པ་ལ་མཐའ་དཔྱད་པ་དང་། དོན་དངོས་གཉིས་ལས། དང་པོ་ནི། སྔ་རབས་པ་ཁ་ཅིག མདོའི་མཆོད་བརྗོད་རིམ་ཅན་དུ་བཤད་པ་དང་། རིམ་བཟློག་ཏུ་བཤད་པ་གཉིས་སུ་བྱས་ནས། དང་པོ་ལ་ཚད་མ་བཤད། གྱུར་པ་བཤད། འགྲོ་ལ་ཕན་བཞེད་པ་བཤད། ཅེས་སོགས་འཆད་པ་ནི་གཞུང་གི་སྐབས་མ་ཕྱེད་པ་སྟེ། འདིར་ཚད་མར་གྱུར་པ་བསྒྲུབ་བྱར་བྱས་ནས་དེའི་སྒྲུབ་བྱེད་བཞི་པོ་ལུགས་འབྱུང་དང་། ལུགས་བཟློག་ཏུ་བཤད་པ་ཡིན་གྱི་ཚད་མ་དང་གྱུར་པ་ལུགས་བཟློག་ཏུ་བཤད་པ་མེད་པའི་ཕྱིར་རོ། །གལ་ཏེ། གང་ཕྱིར་དེས་ན་ཚད་མ་ཉིད། །ཅེས་པས་ཚད་མ་ལུགས་བཟློག་ཏུ་བཤད་དོ་སྙམ་ན། འོ་ན་དེ་ཕྱིར་ཚད་ཡིན་ཞེས་པས་ལུགས་འབྱུང་གི་སྐབས་སུ་ཡང་ཚད་མ་ལུགས་བཟློག་ཏུ་བཤད་པར་འགྱུར་རོ། །དེས་ན་གཞུང་དེ་གཉིས་ནི་འཆད་ཚུལ་གཉིས་ཀྱི་གྲུབ་དོན་བསྡུ་བ་ཡིན་གྱི་ལུགས་བཟློག་ཏུ་བཤད་པའི་གཞུང་ནི་མ་ཡིན་ནོ། །

དོན་དངོས་བཤད་པ།

བསྒྲུབ་བྱ་ཚད་མ་གྱུར་པ་བཤད་པ།

གཉིས་པ་ལ་གསུམ་སྟེ། བསྒྲུབ་བྱ་ཚད་མ་གྱུར་པ་བཤད། །དེ་ཡི་སྒྲུབ་བྱེད་རྣམ་གསུམ་བཤད། །ཚད་མས་བསྟོད་པའི་དགོས་པ་བཤད་པའོ། །དང་པོ་ལ་གཉིས་ཏེ། བཅོམ་ལྡན་སྐྱེས་བུ་ཚད་མར་བསྟན། །གྱུར་པ་སྨོས་པའི་དགོས་པ་བཤད་པའོ། །དང་པོ་ལ་གསུམ་སྟེ། མདོ་ལས་འབྱུང་བའི་ཚད་མ་བསྟན། །རང་གཞུང་གཞན་དང་འགལ་བ་སྤང་། །དེ་ཉིད་སྐབས་ཀྱི་དོན་ལ་སྦྱར་བའོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་དོན་དང་བཅས་པ་བཤད། །མཚན་ཉིད་སྤྱི་ཡི་སྐྱོན་གསུམ་སྤང་། །མཚན་གཞིའི་སྟེང་དུ་ངེས་བྱེད་བཤད་པའོ། །དང་པོ་ནི་མདོའི་མཆོད་བརྗོད་དུ་བཅོམ་ལྡན་འདས་ལ་ཚད་མའི་སྒོ་ནས་བསྟོད་ན་ཚད་མའི་ངོ་བོ་ནི་ཅི་ལྟ་བུ། གང་གིས་ན་དེ་ཚད་མར་འཇོག་ཅེ་ན། འདིར་ཚད་མའི་ངོ་བོ་ནི་སླུ་བ་མེད་པ་ཅན་གྱི་ཤེས་པའོ། །མི་སླུ་བ་དེ་ཡང་ཁྱད་པར་གསུམ་ལྡན་ཡིན་ཏེ། ལས་གང་ལ་མི་སླུ་ན་འཇུག་ལྡོག་གི་ཡུལ་ལ་མི་སླུ། བྱེད་པ་པོ་གང་མི་སླུ་ན་ཤེས་པ་ཚད་མས་དོན་ཇི་ལྟར་གནས་པ་ལྟར་འཇལ་བའི་བློ་དེ་མི་སླུ། བྱ་བ་ཇི་ལྟར་མི་སླུ་ན་རང་མཚན་ཡོད་པས་འཇུག་ན་དོན་བྱེད་ནུས་པར་གནས་པ་ནི་མི་སླུ། རང་མཚན་མེད་པས་ལྡོག་ན་དོན་བྱེད་ནུས་པས་སྟོང་པ་ནི་མི་སླུ་བའི་ཕྱིར། ས་སྐྱ་པའི་བཤད་ཚུལ་དེ་གཞན་དང་ཐུན་མོང་མ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། མ་ཁྱབ་པའི། ཁྱབ་ཆེས་པའི། མི་སྲིད་པའི་སྐྱོན་སྤོང་བའོ། །དང་པོ་ནི། ཚད་མའི་མཚན་ཉིད་མི་སླུ་བ་ལ་མ་ཁྱབ་པའི་སྐྱོན་ཡོད་དེ། སྒྲ་བྱུང་གི་ཚད་མ་ལ་མི་སླུ་བ་མེད་པས་སོ་ཞེ་ན། སྒྲ་བྱུང་ཞེས་བརྗོད་བྱེད་ཀྱི་སྒྲ་ལས་ཀུན་སློང་གི་བསམ་པ་རྟོགས་པ་ལ་བྱེད་དམ། བརྗོད་བྱའི་དོན་རྟོགས་པ་ལ་བྱེད། དང་པོ་ལྟར་ན་དེ་ལྟ་བུའི་སྒྲ་ལས་བྱུང་བ་ཡང་ཆོས་ཅན། མི་སླུ་བ་ཡིན་ཏེ། སྨྲ་བ་པོའི་བརྗོད་པར་མངོན་པར་འདོད་པ་འཇུག་ཡུལ་དུ་སྟོན་པའི་ཕྱིར་རོ། །དེ་ཉིད་གསལ་བར་སྟོན་པ་སྨྲ་བ་པོའི་བྱེད་པ་སྟེ། བརྗོད་འདོད་ཀྱི་བློའི་ཡུལ་དུ་གྱུར་པའི་བུམ་པ་ལྟ་བུའི་དོན་གང་གི་རྣམ་པ་བློ་ལ་རབ་གསལ་བ་སྟེ་ཤར་བའི་བརྗོད་འདོད་དེ་སྒྲུབ་པ་ལ། གནས་སྐབས་ལྔ་བྲལ་གྱི་བུམ་པ་ཞེས་པའི་སྒྲ་ནི་ཆོས་ཅན། ཚད་མ་སྟེ་རྟགས་སུ་རུང་བ་ཉིད་ཡིན་ཏེ། ཚུལ་གསུམ་ཚང་བའི་ཕྱིར། དེས་ན་དེ་ལ་བརྟེན་པའི་བློ་དེ་འཇུག་ཡུལ་ལ་མི་སླུ་བས་ཚད་མའོ། །གཉིས་པ་ལྟར་ན་སྒྲ་དེ་ཉིད་ཆོས་ཅན། རང་གི་ཞེན་པའི་བརྗོད་བྱ་ལས་སྐྱེས་པའི་སྒོ་ནས་དེ་ལས་རང་གི་ཞེན་པའི་བརྗོད་བྱར་རྟོགས་པ་དེ་ཚད་མ་མ་ཡིན་ཏེ། རང་གི་ཞེན་པའི་བརྗོད་བྱའི་དོན་གྱི་རྒྱུ་ཅན་ཏེ་འབྲས་བུ་མིན་པའི་ཕྱིར་རོ། །གཉིས་པ་ནི། ཚད་མའི་མཚན་ཉིད་མི་སླུ་བ་ལ་ཁྱབ་ཆེས་པའི་སྐྱོན་ཡོད་དེ། ཀུན་རྫོབ་པའི་བློ་དེ་མི་སླུ་བ་ཡིན་པའི་ཕྱིར་ཞེ་ན། བུམ་འཛིན་མངོན་སུམ་གྱིས་དྲངས་པའི་བུམ་པའི་སྤྱི་སོགས་ལ་རྟོག་པ་ལྟ་བུ་ཀུན་རྫོབ་པའི་ཤེས་པ་ནི་ཆོས་ཅན། བུམ་པ་ལ་མི་སླུ་བ་ཉིད་དུ་མི་འདོད་དེ། རང་འདྲེན་བྱེད་ཀྱི་བུམ་འཛིན་མངོན་སུམ་གྱིས་བཟུང་ཟིན་པའི་བུམ་པ་ལ་བསྣན་ནས་འཛིན་པའི་ཕྱིར། གསུམ་པ་ནི། བྱེ་བྲག་ཏུ་སྨྲ་བ་ན་རེ། ཚད་མའི་མཚན་ཉིད་ཤེས་པ་ལ་མི་སྲིད་པའི་སྐྱོན་ཡོད་དེ། དེ་ཚད་མའི་མཚན་གཞི་དབང་པོ་གཟུགས་ཅན་པ་ལ་མི་སྲིད་པའི་ཕྱིར་ཞེ་ན། གཞལ་བྱ་རྟོགས་པའི་བློ་ནི་ཚད་མ་ཉིད་ཡིན་གྱི་དབང་པོ་གཟུགས་ཅན་པ་སོགས་ཚད་མ་མ་ཡིན་ཏེ། ཚད་མའི་འབྲས་བུ་ལ་ཆོད་པའི་འབྲས་བུ་དང་། མཆོད་པའི་འབྲས་བུ་གཉིས་ཡོད་པ་ལས་དང་པོ་བླང་བྱ་དང་དོར་བྱའི་དངོས་པོའི་དོན་སོ་སོར་ཤེས་ནས་འཇུག་ལྡོག་བྱེད་པ་ལ་ཤེས་པ་དེ་གཙོ་བོ་ཡིན་གྱི་དབང་པོ་སོགས་མ་ཡིན་པའི་ཕྱིར་དང་། རང་གི་གཞལ་བྱའི་རྣམ་པ་ཅན་གྱི་ཤེས་པ་དེ་ཡོད་ན་འབྲས་བུ་གཉིས་པ་དོན་རྟོགས་འདི་ཡོད་ལ། མེད་ན་དབང་སོགས་ཡོད་ཀྱང་མེད་པའི་ཕྱིར་རོ། །གཏན་ཚིགས་ཕྱི་མ་གྲུབ་སྟེ། ཡུལ་གྱི་རྣམ་པ་ཅན་གྱི་བློ་ནི་ཐ་དད་དུ་ཡོད་པ་ཉིད་ཀྱིས་བློ་ཡི་དོན་རྟོགས་པའི་ཐ་སྙད་ཐ་དད་པར་འཇོག་པའི་ཕྱིར་རོ། །གསུམ་པ་ནི། འོ་ན་ཚད་མའི་མཚན་གཞི་ལ་མཚན་ཉིད་མི་སླུ་བ་དང་ཤེས་པ་གཉིས་ཇི་ལྟར་ངེས་ཤེ་ན། ཀུན་ཏུ་ཐ་སྙད་པའི་ཚད་མ་ཆོས་ཅན། རང་རིག་པ་ལས་རང་གི་ངོ་བོ་ཤེས་པ་ཡིན་པའི་དོན་རྟོགས་ཏེ། རང་མྱོང་རང་རིག་མངོན་སུམ་དེ་རང་ཉིད་ཤེས་པ་ཡིན་པའི་དོན་ལ་ངེས་པ་འདྲེན་ནུས་ཡིན་པའི་ཕྱིར། འདིས་ཀུན་ཏུ་ཐ་སྙད་པའི་ཚད་མ་ཐམས་ཅད་མཚན་ཉིད་ཀྱི་ཟུར་ཤེས་པའི་ཆ་ལ་རང་ངེས་སུ་བསྟན་ཅིང་། རང་རིག་མངོན་སུམ་མཚན་ཉིད་ཀྱི་ཟུར་མི་སླུ་བ་ལ་རང་ངེས་སུ་དོན་གྱིས་བསྟན་ཏེ། འཇུག་ཡུལ་ལ་ངེས་པ་རང་སྟོབས་ཀྱིས་དྲངས་པ་དང་། དེ་ལ་མི་སླུ་བའི་ཆ་ལ་ངེས་པ་རང་སྟོབས་ཀྱིས་དྲངས་པ་གཉིས་གནད་གཅིག་པའི་ཕྱིར་རོ། །འོ་ན་ཤེས་པ་ལས་ཐ་མི་དད་པའི་ཕྱིར་མི་སླུ་བ་ལའང་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་སམ་སྙམ་ན། ཀུན་ཏུ་ཐ་སྙད་པའི་ཚད་མ་ཆོས་ཅན། ངེས་པ་བློའི་ཐ་སྙད་རྗེས་ཀྱི་ངེས་ཤེས་ལས་ནི་ཚད་མའི་དོན་ལྡོག་མི་སླུ་བ་ཉིད་ངེས་ཏེ། རྗེས་ཀྱི་ངེས་ཤེས་ཀྱིས་འཇུག་ཡུལ་ལ་མི་སླུ་བར་ངེས་པ་ན་ཚད་མའི་ཐ་སྙད་བྱེད་པའི་ཕྱིར། འོ་ན་ངེས་ཤེས་དེ་རང་སྟོབས་ཀྱིས་འདྲེན་ནམ་གཞན་སྟོབས་ཀྱིས་འདྲེན་ཞེ་ན། དོན་རིག་གཉིས་དང་རང་རིག་གཉིས། །རྗེས་སུ་དཔག་རྣམས་རང་ལས་ངེས། །དང་པོ་པ་དང་ཡིད་མ་གཏད། །འཁྲུལ་རྒྱུ་ཅན་རྣམས་གཞན་ལས་ངེས། །ཞེས་པ་ལྟར་ཤེས་པར་བྱའོ། །བོད་ཕལ་ཆེར། སྔ་མས་རང་ངེས་ཁོ་ན་དང་། ཕྱི་མས་གཞན་ངེས་ཁོ་ན་བསྟན་པར་འདོད་པ་ནི་གཞི་གང་ལ་རང་ངེས་གཞན་ངེས་སུ་འཇོག་པའི་ཁྱད་པར་མ་ཕྱེད་པར་སྣང་ཞིང་། རང་ངེས་གཞན་ངེས་ཀྱི་ཚད་མའང་ཀུན་ཏུ་ཐ་སྙད་པའི་ཚད་མ་ཁོ་ན་ལ་འཇོག་པའི་ཚུལ་མ་ཤེས་པར་སྣང་ངོ་། །འདིར་བཤད་པ་ནི་འཇམ་དབྱངས་ས་སྐྱ་པའི་བཤད་སྲོལ་གཞན་དང་མཚུངས་པ་མེད་པ་ཡིན་ལ། འདི་ལའང་ཤེས་པའི་ཆ་དོན་ལྡོག་ཡིན་གྱི་ཐ་སྙད་མ་ཡིན་པ་དང་། ཚད་མ་ཉིད་ཅེས་པའང་དོན་ལྡོག་ཡིན་གྱི་ཐ་སྙད་མ་ཡིན་པའི་ཁྱད་པར་གལ་ཆེ་བ་ནི་སྤྱི་དོན་དུ་བསྟན་ཟིན་ཏོ། །འོ་ན་ཤེས་པ་རང་ལས་དང་། མི་སླུ་བ་ཐ་སྙད་ལས་ངེས་ན་ཚད་མའི་བསྟན་བཅོས་དོན་མེད་པར་འགྱུར་རོ་ཞེ་ན། ཚད་མའི་བསྟན་བཅོས་ཆོས་ཅན། དོན་མེད་མིན་ཏེ། ཀུན་ཏུ་ཐ་སྙད་པའི་ཚད་མའི་མཚན་ཉིད་མི་ཤེས་ན་བཅོམ་ལྡན་ཚད་མར་སྒྲུབ་མི་ཤེས་པས་ཚད་མ་དང་ཚད་མའི་མཚན་ཉིད་ལ་རྨོངས་པ་ཟློག་ཅིང་ཕྱིན་ཅི་མ་ལོག་པར་རྟོགས་པར་བྱེད་པའི་དགོས་པ་ཅན་ཡིན་པའི་ཕྱིར་རོ། །གཉིས་པ་ནི། འོ་ན་ཕྱོགས་གླང་གི་གཞུང་གི་ཆ་ཤས་འགའ་ཞིག་ཏུ་མ་ཤེས་དོན་གསལ་གསུངས་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། མ་ཤེས་དོན་གྱི་གསལ་བྱེད་ཀྱང་སྔ་མ་དང་དོན་གཅིག་པས་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ལྷས་མཚན་ཉིད་གཞན་དུ་འདོད་པ་དང་། རྒྱན་གྱིས་མཚན་མཚོན་གཞན་དུ་འདོད་པ་རིགས་གཏེར་ལས་བཀག་ལ། ཁ་ཅིག སྔ་མས་ཆོས་གྲགས་རང་ལུགས་དང་། ཕྱི་མས་ཕྱོགས་གླང་གི་ལུགས་སྟོན་པར་འདོད་པ་ནི་སྤྱི་དོན་དུ་བཀག་ཟིན་ཏོ། །འདིས་དགག་པ་རྟོགས་པའི་ཚད་མ་ལ་མ་ཁྱབ་ཅེ་ན། དེའི་ལན་དུ་རྒྱ་གར་བ་དང་བོད་ཁ་ཅིག དགག་གཞིའི་དངོས་པོ་ཉིད་དམ། དགག་བྱའི་ཆོས་ཀྱི་དངོས་པོ་ཉིད་དམ། རྟོག་པའི་གཟུང་རྣམ་ཉིད་འཇུག་ཡུལ་དུ་སྟོན་པས་སྐྱོན་མེད་ཅེས་པའི་ལན་མཛད་ཀྱང་རྗེ་བཙུན་ས་སྐྱ་པ་ནི། རང་མཚན་ཡོད་མེད་དཔྱོད་ཕྱིར་འཐད། །ཞེས་གསུངས་ཏེ། འོག་ཏུ་འཆད་དོ། །འོ་ན་སྔོན་པོ་ལ་སོགས་རང་མཚན་གྱི་རང་གི་ངོ་བོ་མངོན་སུམ་གྱིས་རྟོགས་པའི་འོག་ཏུ་སྔོན་པོའི་སྤྱི་འཛིན་པ་ཡི་རྣམ་པར་ཤེས་པ་ཆོས་ཅན། ཚད་མ་ཡིན་པ་ཐོབ་པར་ཐལ། མ་ཤེས་དོན་གྱི་གསལ་བྱེད་ཡིན་པའི་ཕྱིར་ཏེ། སྔར་མངོན་སུམ་གྱིས་མ་ཤེས་པའི་སྤྱི་ཤེས་པའི་ཕྱིར་ཞེ་ན། དེ་ཆོས་ཅན། སྔོན་པོའི་སྤྱི་གསར་དུ་ཤེས་པ་ཡིན་ཀྱང་མ་ཤེས་དོན་གྱི་གསལ་བྱེད་དུ་མི་འགྱུར་ཏེ། རང་གི་མཚན་ཉིད་ཡོད་མེད་གང་རུང་སྔར་མི་ཤེས་པ་གསར་དུ་ཤེས་པ་གང་ཡིན་པ་ཚད་མའི་མཚན་ཉིད་ཡིན་ཞེས་པ་ནི་མཚན་ཉིད་དེའི་དགོངས་པ་སྟེ་དོན་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། རང་གི་མཚན་ཉིད་ཆོས་ཅན། ཀུན་ཏུ་ཐ་སྙད་པའི་ཚད་མ་ཡིན་ན། ཁྱོད་ཡོད་མེད་གང་རུང་དུ་ཤེས་པ་དགོས་ཏེ། དེས་དྲངས་པའི་ངེས་ཤེས་དེས་ཁྱོད་ཡོད་མེད་གང་རུང་ལ་དཔྱད་པ་བྱེད་པའི་ཕྱིར་རོ། །གསུམ་པ་ནི་བཅོམ་ལྡན་འདས་ཆོས་ཅན། སྐྱེས་བུ་ཚད་མ་ཉིད་ཡིན་ཏེ། གདུལ་བྱའི་དོན་ལ་མི་སླུ་བ་དེ་ངོ་བོར་ལྡན་པའི་སྐྱེས་བུ་ཡིན་པའི་ཕྱིར། བོད་ཕལ་ཆེར་མཚན་ཉིད་གཉིས་ཀ་ལྡན་པའི་དོན་དུ་འཆད་པ་ནི་གཞུང་སྔ་མས་མདོའི་མཆོད་བརྗོད་ཀྱི་ཚད་མའི་དོན་ངོས་བཟུང་ནས་གཞུང་ཕྱི་མས་གཞུང་གཞན་དང་འགལ་བ་སྤོང་བའི་དོན་མ་རྟོགས་པའོ། །གཉིས་པ་གྱུར་པ་སྨོས་པའི་དགོས་པ་བཤད་པ་ལ་གསུམ་སྟེ། རང་བྱུང་དགག་ཕྱིར་གྱུར་པ་སྨོས། །ཚད་མ་ཐབས་ལ་ལྟོས་པ་གྲུབ། །རང་བྱུང་དགག་པ་རྒྱས་པར་བཤད་པའོ། །དང་པོ་ནི་ཚད་མ་ཡིན་ཞེས་བསྟོད་པས་ཆོག་མོད་ཅིའི་ཕྱིར་གྱུར་པ་སྨོས་ཤེ་ན། མདོའི་མཆོད་བརྗོད་དུ་གྱུར་པ་ཉིད་གསུངས་པ་ཆོས་ཅན། དགོས་པ་ཡོད་དེ། རང་རྒྱུ་ལས་མ་སྐྱེས་པ་རང་བྱུང་གི་ཚད་མ་ཡོད་པ་ནི་བཟློག་པའི་དོན་དུ་ཡིན་པའི་ཕྱིར། གཉིས་པ་ནི་བཅོམ་ལྡན་འདས་ཆོས་ཅན། སྒྲུབ་བྱེད་ཀྱི་རྒྱུ་ཕྱིན་ཅི་མ་ལོག་པ་ལ་ནན་ཏན་མཛད་པ་ལ་ལྟོས་ནས་ཚད་མ་ཡིན་པར་རིགས་ཏེ། སྐྱེས་བུ་ཚད་མ་གང་ཞིག རང་བྱུང་གི་ཚད་མ་བཀག་ཟིན་པ་དེའི་ཕྱིར། གསུམ་པ་ལ་བཞི་སྟེ། རྟག་པ་རང་བྱུང་ཚད་མ་དགག །མི་རྟག་རང་བྱུང་ཚད་མ་དགག །རང་བྱུང་ཡོད་པའི་སྒྲུབ་བྱེད་དགག །རང་བྱུང་ཉིད་ཀྱི་བྱེད་ལས་དགག་པའོ། །དང་པོ་ནི། ཚད་མ་རྟག་པ་དགག་པའི་དོན་དུ་གྱུར་པ་སྨོས་པ་མི་རིགས་ཏེ། དབང་ཕྱུག་ངོ་བོ་ཉིད་ཀྱིས་གྲུབ་པའི་རྟག་པ་ཚད་མ་ཡིན་པའི་ཕྱིར་ཞེ་ན། དབང་ཕྱུག་ཆོས་ཅན། ཚད་མ་རྟག་པ་ཉིད་དུ་ཡོད་པ་མིན་ཏེ། དངོས་པོ་ཡོད་པ་རྟོགས་པ་ཁོ་ན་ཚད་མ་ཡིན་པའི་ཕྱིར་དང་། ཤེས་བྱའི་དངོས་པོ་མི་རྟག་པ་ཉིད་ཀྱིས་ཡུལ་ཅན་གྱི་ཤེས་པ་དེ་ནི་མི་བརྟན་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་ཚད་མ་མི་རྟག་ནའང་ཚད་མ་ཅན་གྱི་སྐྱེས་བུ་རྟག་ལ་དེ་ལས་ཚད་མ་སྐྱེའོ་ཞེ་ན། དུས་རིམ་བཞིན་སྐྱེ་བ་ཅན་གྱི་ཚད་མ་དག་ནི་ཆོས་ཅན། སྐྱེས་བུ་རྟག་པ་ལས་སྐྱེས་པ་མི་འཐད་པའི་ཕྱིར་ཏེ་མི་འཐད་པར་ཐལ། སྐྱེས་བུ་རྟག་པ་དེ་ཁྱོད་བསྐྱེད་པ་རྐྱེན་ལ་ལྟོས་པ་མི་རུང་བའི་ཕྱིར་ཏེ། རྟག་པ་དེ་རྐྱེན་གྱི་རྣམ་པ་འགས་ཕན་གདགས་བྱ་མིན་པའི་ཕྱིར་རོ། །གཉིས་པ་ནི་གལ་ཏེ་དབང་ཕྱུག་མི་རྟག་པ་ངོ་བོ་ཉིད་ཀྱིས་གྲུབ་པ་དུས་ཐམས་ཅད་དུ་ཡོད་པ་ཚད་མ་ཡིན་ནོ་ཞེ་ནའང་། དབང་ཕྱུག་དེ་འདྲ་ཆོས་ཅན། ཁྱོད་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་མི་རུང་སྟེ། ཁྱོད་ཡོད་པའི་སྒྲུབ་བྱེད་ཀྱི་ཚད་མ་མེད་པ་ཉིད་ཀྱི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི་དབང་ཕྱུག་སྒྲུབ་བྱེད་ཀྱི་ཚད་མ་མེད་པ་མ་གྲུབ་སྟེ། འཇིག་རྟེན་གྱི་གནས་ལུས་ལོངས་སྤྱོད་ལ་སོགས་པ་ཆོས་ཅན། ཕུལ་དུ་བྱུང་བའི་བློ་ཅན་གྱི་སྐྱེས་བུ་སྔོན་དུ་སོང་བ་ཡིན་ཏེ། སྡོད་ཅིང་འཇུག་པའི་ཕྱིར། སྟེའུ་བཞིན། དབྱིབས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར་གཞལ་ཡས་ཁང་བཞིན། དོན་བྱེད་ནུས་པ་ཡིན་པའི་ཕྱིར་དགྲ་སཏྭ་བཞིན། ལ་སོགས་པ་གྲངས་དང་ཚད་དང་ལྡན་པ་དག་དེ་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡིན་ལ། ཕུལ་དུ་བྱུང་བའི་བློ་ཅན་གྱི་སྐྱེས་བུ་ནི་དབང་ཕྱུག་ལས་འོས་མེད་དོ་ཞེ་ན། གཉིས་པ་ལ་གཉིས་ཏེ། བསྒྲུབ་བྱའི་དོན་ལ་བརྟགས་ནས་དགག །སྒྲུབ་པར་བྱེད་ལ་བརྟགས་ནས་དགག་པའོ། །དང་པོ་ནི། སྡོད་འཇུག་སོགས་ཆོས་ཅན། འཇིག་རྟེན་གྱི་གནས་ལུས་ཕུལ་དུ་བྱུང་བའི་བློ་ཅན་གྱི་སྐྱེས་བུ་སྔོན་དུ་སོང་བར་བསྒྲུབ་པའི་གཏན་ཚིགས་ཡང་དག་མིན་ཏེ། འཇིག་རྟེན་གྱི་གནས་ལུས་རྣམས་ལ་སྐྱེས་བུའི་བློ་སྔོན་དུ་སོང་བ་ཙམ་དུ་བསྒྲུབས་ན་འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེ་ཞེས་པའི་ཚུལ་གྱིས་སངས་རྒྱས་པའི་འདོད་པ་གྲུབ་པའི་སྟེ་གྲུབ་ཟིན་བསྒྲུབ་པར་འགྱུར་ལ། དབང་ཕྱུག་གིས་བྱས་པར་བསྒྲུབས་ན་དཔེ་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ལ་བཞི་སྟེ། སྒྲུབ་བྱེད་སྤྱི་ཙམ་འཁྲུལ་པར་བསྟན། །བྱེ་བྲག་དབྱིབས་ལྡན་བརྟགས་ནས་དགག །ཚུལ་དེས་རིགས་ཅན་གཞན་ཡང་ཁེགས། །དེ་ཡིས་གྲུབ་པའི་འཕྲོས་དོན་བཤད་པའོ། །དང་པོ་ནི། ཡང་ན་སྡོད་འཇུག་སོགས་ཆོས་ཅན། ཁྱོད་ཀྱིས་འཇིག་རྟེན་གྱི་གནས་ལུས་དབང་ཕྱུག་གིས་བྱས་པར་སྒྲུབ་པའི་ཁྱབ་པ་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། དེ་ལ་དབང་ཕྱུག་ཉིད་ཀྱིས་མ་ངེས་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། དབྱིབས་ཀྱི་དོན་ལ་བརྟགས་ནས་དགག །དབྱིབས་ཀྱི་མིང་ལ་བརྟགས་ནས་དགག་པའོ། །དང་པོ་ལ་གསུམ་སྟེ། ཁྱད་པར་ཅན་དབྱིབས་མ་གྲུབ་ལྟར་སྣང་ཡིན། །དབྱིབས་ཙམ་མཚུངས་པ་མ་ངེས་ལྟར་སྣང་ཡིན། །ཚུལ་དེ་གཞན་ལ་སྦྱར་ན་འབྲས་མཚུངས་ཡིན་པའོ། །དང་པོ་ནི། དབྱིབས་ཀྱི་ཁྱད་པར་དང་ལྡན་པའི་དོན་སྐྱེས་བུས་བྱས་པའི་དབྱིབས་ཡིན་ན་ནི། བྱིན་གྱིས་རློབ་པ་སྟེ་བྱེད་པ་པོའི་སྐྱེས་བུ་ཡོད་མེད་ཀྱི་རྗེས་སུ་འཇུག་པ་ཅན་གྱི་མཆོད་རྟེན་གྱི་དབྱིབས་སོགས་ཅི་འདྲ་བ་ཆོས་ཅན། ཁྱོད་ལས་གནས་ལུས་སོགས་སྐྱེས་བུས་བྱས་པར་གྲུབ་པ་མིན་ཏེ། གནས་ལུས་སོགས་ལ་ཁྱོད་ཕྱོགས་ཆོས་སུ་རབ་ཏུ་གྲུབ་པ་ཡིན་ན། རྟགས་དེ་ལས་གནས་ལུས་སོགས་སྐྱེས་བུས་བྱས་པར་རྗེས་སུ་དཔོག་པ་གང་ཡིན་པ་དེ་ནི་རིགས་པ་ཉིད་ཡིན་ན་ཡང་། གནས་ལུས་སོགས་ལ་ཁྱོད་ཕྱོགས་ཆོས་སུ་མ་གྲུབ་པའི་ཕྱིར། གཉིས་པ་ནི་དེ་དང་དབྱིབས་ཙམ་དུ་ཐ་དད་མེད་པ་ཡིན་ན་ནི་སྐྱེས་བུས་མ་བྱས་པ་ལས་ཐ་དད་པ་བྱས་པའི་དངོས་པོ་མཆོད་རྟེན་སོགས་ལ་སྐྱེས་བུས་བྱས་པར་རབ་ཏུ་གྲུབ་པའི་དབྱིབས་དེ་དང་། དབྱིབས་ཀྱི་སྒྲ་འཇུག་པར་མཚུངས་པས་དབྱིབས་ལྡན་དུ་ཐ་དད་མེད་པ་ཆོས་ཅན། ཁྱོད་ཡིན་པའི་ཕྱིར་ན་གནས་ལུས་སོགས་སྐྱེས་བུས་བྱས་པར་རྗེས་སུ་དཔོག་པར་རིགས་པ་མ་ཡིན་ཏེ། སྐྱེས་བུས་མ་བྱས་པའི་རི་བོ་དེ་ཁྱོད་ཡིན་པའི་ཕྱིར། དཔེར་ན་སྐྱེ་བོའི་རྫས་ལས་མེ་བསྒྲུབས་ན་ཁྱབ་པ་མ་ངེས་པ་བཞིན་ནོ། །གལ་ཏེ་སྐྱེས་བུས་བྱས་པའི་དབྱིབས་དང་དབྱིབས་ཙམ་དུ་མཚུངས་པས་སྐྱེས་བུས་བྱས་པར་མི་འགྲུབ་པ་དེ་ལྟ་མིན་པར་གྲུབ་ན་གྲོག་མཁར་ཡང་ཆོས་ཅན། རྫ་མཁན་དེས་བྱས་པར་གྲུབ་པར་འགྱུར་ཏེ། རྫ་མཁན་གྱིས་བུམ་པ་ལ་སོགས་འཇིམ་པ་ཡི་རྣམ་འགྱུར་འགའ་ཞིག་བྱེད་པ་སྟེ། བྱས་པ་དེ་དང་འཇིམ་པའི་རྣམ་འགྱུར་དུ་མཚུངས་པའི་ཕྱིར་རོ། །གསུམ་པ་ནི་དབྱིབས་ཙམ་རྟགས་སུ་བཀོད་པ་ལ་ཁྱད་པར་དུ་བརྟགས་ནས་སྐྱོན་བརྗོད་པ་འདི་འབྲས་བུ་མཚུངས་པའི་ལྟག་ཆོད་དུ་ཐལ། སྤྱི་རྟགས་སུ་བཀོད་པ་ལ་ཁྱད་པར་དུ་བཏགས་ནས་སྐྱོན་བརྗོད་པའི་ཕྱིར་ཞེ་ན། དེ་ལྟག་ཆོད་དུ་མི་འགྱུར་ཏེ། དབྱིབས་ཀྱི་སྤྱི་རྟགས་སུ་མི་རུང་བའི་ཕྱིར་རོ། །དེས་ན་སྤྱི་རྟགས་སུ་རུང་བཞིན་དུ་ཁྱད་པར་གྱི་སྒོ་ནས་སྐྱོན་བརྗོད་ན་འབྲས་མཚུངས་ཀྱི་ལྟག་ཆོད་དུ་འགྱུར་ཏེ། འདི་ལྟར་བྱས་པས་སྒྲ་མི་རྟག་པར་བསྒྲུབ་པ་ལ་བྱས་པའི་འབྲེལ་པ་ཅན་སྒྲ་དང་། བུམ་པ་ནི་ཐ་དད་ཕྱིར་ཏེ་ཐ་དད་པའི་སྒོ་ནས་བུམ་པའི་བྱས་པ་སྒྲ་ལ་མ་གྲུབ་ཅིང་། སྒྲའི་བྱས་པ་དཔེ་ལ་མེད་ཅེས་ཐ་དད་པའི་སྐྱོན་བརྗོད་པ་དེ་ཆོས་ཅན། འབྲས་མཚུངས་ཀྱི་ལྟག་ཆོད་དུ་འདོད་དེ། འབྲས་བུ་བྱས་པའི་སྤྱིས་ཀྱང་སྟེ་བྱས་ཙམ་སྒྲུབ་པར་བྱེད་པར་རུང་བ་ལ་རྟགས་བྱས་པའི་ཁྱད་པར་བརྟགས་ནས་སྐྱོན་བརྗོད་པའི་ཕྱིར་རོ། །བྱས་ཙམ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་བྱེད་དུ་རུང་སྟེ། སྒྲ་ལ་ཕྱོགས་ཆོས་གྲུབ་ཅིང་བསྒྲུབ་བྱའི་ཆོས་མི་རྟག་པ་དང་ལྡན་པ་ཁོ་ན་ལ་རྗེས་སུ་འགྲོ་བའི་ཕྱིར་རོ། །འབྲས་མཚུངས་ཀྱི་ལྟག་ཆོད་ཅེས་པ་ནི་སྔ་རབས་པ་ཁ་ཅིག་འདོད་རྒྱལ་བའི་མིང་དུ་འདོད་པ་ནི་མི་འཐད་དེ། ཕྲད་པར་མཚུངས་པ་དང་མ་ཕྲད་པ་མཚུངས་པ་སོགས་ཀྱང་འདོད་རྒྱལ་བའི་མིང་དུ་ཐལ་བའི་ཕྱིར་རོ། །ཁ་ཅིག་འབྲས་བུའི་ལྟག་ཆོད་དངོས་དང་། དེ་དང་མཚུངས་པ་ཞེས་གཉིས་སུ་སྦྱོར་བ་ཡང་འཁྲུལ་ཏེ། ཚིག་གོང་འོག་སྦྱོར་བ་ནོར་བའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། མདོ་ལས། འབྲས་ཉིད་གཞན་གྱི་ཆ་ལས་ནི། །བསྒྲུབ་བྱ་མ་གྲུབ་པར་མཐོང་གང་། །དེ་ནི་འབྲས་མཚུངས་འདི་ཡང་ནི། །སྨྲ་པོའི་བསམ་པས་རྣམ་གསུམ་མོ། །ཞེས་གསུངས་པའི་དོན་རིགས་གཏེར་དུ། འབྲས་བུ་མཚུངས་པ་ནི་དཔེར་ན་སྒྲ་མི་རྟག་སྟེ། བྱས་པའི་ཕྱིར། བུམ་པ་བཞིན། ཞེས་བརྗོད་པ་ན། སྒྲའི་བྱས་པས་སྒྲ་མི་རྟག་པར་མི་འགྲུབ། བུམ་པའི་བྱས་པ་སྒྲ་ལ་མེད་ཅེས་བརྗོད་པ་ལྟ་བུའོ། །འདི་སྨྲ་བ་པོའི་བརྗོད་འདོད་ཀྱིས་གསུམ་དུ་འགྱུར་ཏེ། བུམ་པའི་འབྲས་བུ་ཉིད་སྒྲ་ལ་མེད་དོ་ཞེས་ཟེར་ན་མ་གྲུབ་པ་ལྟར་སྣང་ངོ་། །སྒྲའི་འབྲས་བུ་ཉིད་བུམ་པ་ལ་སོགས་པའི་མི་རྟག་པ་རྣམས་ལ་མེད་དོ་ཞེས་ཟེར་ན་འགལ་བ་ལྟར་སྣང་ངོ་། །འདི་ཉིད་རྟག་པའམ་མི་རྟག་པ་ལ་དོན་མེད་དོ་ཞེས་ཟེར་ན་ཐུན་མོང་མ་ཡིན་པའི་དཔེའི་སྐྱོན་ལྟར་སྣང་ཡིན་ཏེ། ཆོས་མཐུན་པས་དཔེར་བྱས་པའི་ཕྱིར་རོ། །དེའི་རྒྱུ་མཚན་ནི་རྗེས་དཔག་སྤྱི་ལ་འཇུག་གི་ཁྱད་པར་ལ་མི་འཇུག་ལ། འདིར་དོན་སོ་སོར་ངེས་པས་རྗེས་དཔག་མི་འཇུག་པའི་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་ནི། དབྱིབས་ལྡན་གྱི་དོན་དབྱིབས་ལྡན་གྱི་སྒྲའི་སྤྱི་འཇུག་པར་མཚུངས་པ་ཡིན་ན། དབྱིབས་ཀྱི་རིགས་ཀྱི་ཁྱད་པར་མཆོད་རྟེན་སོགས་ལ་རབ་ཏུ་གྲུབ་པའི་དབྱིབས་ལྡན་གྱི་སྒྲའི་སྤྱི་ནི་ཆོས་ཅན། ཁྱོད་འཇུག་པར་མཚུངས་པར་མཐོང་བ་ལས་གནས་ལུས་སོགས་སྐྱེས་བུས་བྱས་པར་སྒྲུབ་པར་བྱེད་ན་མི་རིགས་ཏེ། སྐྱེས་བུས་མ་བྱས་པའི་རི་བོ་ལ་ཡང་ཁྱོད་འཇུག་པའི་ཕྱིར། དཔེར་ན་ངག་དང་ཕྱོགས་ལ་སོགས་པ་ཆོས་ཅན། རྭ་ཅན་ཡིན་ཏེ། གོ་ཞེས་པའི་སྒྲ་འཇུག་པ་ཉིད་ཀྱི་ཕྱིར་ཞེས་བཀོད་ན་མ་ངེས་པ་བཞིན་ནོ། །དེའང་། ངག་དང་ཕྱོགས་དང་འོད་ཟེར་དང་། །ཕྱུགས་དང་མིག་དབང་རྡོ་རྗེ་དང་། །མཐོ་རིས་ཆུ་སྟེ་དོན་དགུ་ལ། །མཁས་པས་གོ་སྒྲ་བརྟག་པར་བྱ། །ཞེས་བཤད་དོ། །གཞན་ཡང་སྐྱེས་བུ་ཐམས་ཅད་ཀྱིས་ནི་ཆོས་ཅན། འདོད་དོན་ཐམས་ཅད་གྲུབ་པར་ཐལ། རྗོད་བྱེད་ཀྱི་སྒྲ་རྣམས་དོན་གང་ནའང་འཇུག་རུང་དུ་མེད་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྗོད་བྱེད་ཀྱི་སྒྲ་དེ་ཡོད་པ་ནི་བརྗོད་བྱའི་དོན་གྲུབ་པའི་ཕྱིར་ནའོ། །གཏན་ཚིགས་གྲུབ་སྟེ། རྗོད་བྱེད་ཀྱི་སྒྲ་རྣམས་བརྗོད་པར་འདོད་པའི་གཞན་དབང་ཙམ་གྱིས་དོན་ལ་འཇུག་པའི་ཕྱིར་རོ། །གསུམ་པ་ནི། སྒྲ་ཙམ་ལས་དོན་རྗེས་སུ་དཔག་མི་ནུས་པར་བསྟན་པ་འདིས་ནི་ཆོས་ཅན། སེར་སྐྱ་སྟེ་གྲངས་ཅན་དང་། ལ་སོགས་པ་གཅེར་བུ་པ་རྣམས་ཀྱིས་ཀྱང་རིམ་པ་ལྟར་བློ་བདེ་ཆོས་ཅན། སེམས་མེད་དང་སོགས་པ་ནང་མ་ཡིན་ཏེ། མི་རྟག་པ་དང་སོགས་པ་སྐྱེ་བ་ཅན་ཡིན་པའི་ཕྱིར་ཞེས་བཀོད་པ་དང་། ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ཤུན་པ་བཤུས་ན་ནི་འཆི་བའི་ཕྱིར་ཞེས་བཀོད་པ་ལ་སྐྱོན་དཔྱད་པ་ཡིན་ཏེ། རྟགས་ཀྱི་སྒྲ་ཙམ་གྲུབ་ཀྱང་ཁྱབ་པ་མ་ངེས་ལ། རྟགས་ཀྱི་དོན་སྐྱེ་འཇིག་ཅན་རང་ཉིད་ལ་མ་གྲུབ་ཅིང་། ཤིང་ལ་སྲོག་འགག་པའི་འཆི་བ་ནི་སངས་རྒྱས་པ་ལ་མ་གྲུབ་ལ། འཆི་བའི་སྒྲ་རྟགས་སུ་འགོད་ན་མར་མེ་ལ་སོགས་པས་མ་ངེས་པར་བསྟན་པའི་ཕྱིར་རོ། །བཞི་པ་ལ་གཉིས་ཏེ། རྟགས་ཀྱི་ངོ་བོ་གཙོ་བོར་གྲུབ། །མིང་ལས་དོན་ཉིད་གཙོ་བོར་གྲུབ་པའོ། །དང་པོ་ནི་རྟགས་སུ་དགོད་བྱའི་དངོས་པོའི་ངོ་བོ་སྟེ་དོན་རྩོད་གཞི་ལ་མ་གྲུབ་ན། ཕྱོགས་ཆོས་མ་གྲུབ་པའི་ཚུལ་འདི་ཡིན་ཀྱང་རྟགས་སུ་དགོད་བྱའི་དོན་བྱས་པ་ལྟ་བུ་རྩོད་གཞི་ལ་གྲུབ་ན་དེའི་ཁྱད་པར་སྒྲ་དང་བུམ་པའི་བྱས་པ་ལྟ་བུ་རྩོད་གཞི་ལ་མ་གྲུབ་ཀྱང་། ཁྱད་པར་མ་གྲུབ་པ་དེས་གཏན་ཚིགས་གྲུབ་པ་ལ་གནོད་བྱེད་མ་ཡིན་ཏེ། དཔེར་ན་བྱས་པ་སྒྲ་མི་རྟག་པར་སྒྲུབ་པ་ལ་ཆོས་ཅན་སྒྲའི་སྟེང་དུ་རྒོལ་བ་འགའ་ཞིག་གིས་བྱས་པའི་ཁྱད་པར་དུ་བཏགས་པའི་ནམ་མཁའི་ཡོན་ཏན་ལ་བརྟེན་པ་སྟེ་དེ་དང་དོན་གཅིག་ལ་འདུ་བའི་བྱས་པ་མ་གྲུབ་ཀྱང་ཕྱོགས་ཆོས་འགྲུབ་པ་ལ་མི་གནོད་པ་བཞིན་ནོ། །གཉིས་པ་ནི་རྟགས་ཀྱི་སྒྲ་སྟེ་མིང་འགའ་ཞིག་རྒོལ་ཕྱིར་རྒོལ་གཉིས་ཀས་རྩོད་གཞི་ལ་མཐུན་སྣང་དུ་མ་གྲུབ་ཀྱང་རྟགས་ཀྱི་དངོས་པོ་སྟེ་དོན་ནི་རྒོལ་ཕྱིར་རྒོལ་གཉིས་ཀྱིས་རྩོད་གཞི་ལ་མཐུན་སྣང་དུ་གྲུབ་ན་ཕྱོགས་ཆོས་གྲུབ་པར་འགྱུར་ཏེ། དཔེར་ན་འུག་པ་བ་སྟེ་རྡུལ་ཕྲན་རྟག་པར་འདོད་པའི་བྱེ་བྲག་པ་ལ་སངས་རྒྱས་པས་རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ། ལུས་ཅན་ཡིན་པའི་ཕྱིར་དང་། སོགས་པ་ཐོགས་བཅས་ཡིན་པའི་ཕྱིར་ཞེས་སྒྲུབ་བྱེད་དུ་བཤད་པ་ནི། བྱེ་བྲག་པས་ལུས་ཅན་གྱི་མིང་འབྱུང་བཞིའི་རྡུལ་ཕྲན་ལ་མ་གྲུབ་ཀྱང་དོན་རེག་བྱ་ཅན་གྲུབ་པས་སྒྲུབ་བྱེད་ཡིན་པ་བཞིན་ནོ། །དེའང་བྱེ་བྲག་པས་རྫས་ནི་གཉིས་ཏེ། བདག་དང་ཡིད་དང་། ཕྱོགས་དང་དུས་དང་ནམ་མཁའ་ནི་ཐམས་ཅད་དུ་འགྲོ་བའི་རྫས་ཡིན་ལ། ས་སོགས་འབྱུང་བ་བཞི་ནི་ཐམས་ཅན་དུ་འགྲོ་བ་མ་ཡིན་པའི་རྫས་ཡིན་ནོ། །ཐམས་ཅད་དུ་འགྲོ་བ་མ་ཡིན་པའི་རྫས་ཀྱི་ཚད་ནི་ཡོན་ཏན་གྱི་ནང་ཚན་ཡིན་ཅིང་། དེ་ལ་ལུས་ཅན་གྱི་མིང་ཁས་ལེན། རྡུལ་ཕྲན་ལ་ཁས་མི་ལེན་པས་མིང་མ་གྲུབ་ཀྱང་དོན་རེག་བྱ་ཅན་རྒོལ་ཕྱིར་རྒོལ་གཉིས་ཀྱི་མཐུན་སྣང་དུ་གྲུབ་པས་ལུས་ཅན་གྱི་དོན་སྒྲུབ་བྱེད་ཡང་དག་ཏུ་འགྱུར་བའོ། །དེས་ན་རྟགས་ཀྱི་དོན་དེ་ཉིད་འཁྲུལ་པ་དང་ལ་སོགས་པ་མ་གྲུབ་པ་དང་འགལ་བ་ཡིན་ན། རྟགས་ཀྱི་སྒྲ་ནི་འཁྲུལ་པ་མེད་པ་ཡིན་ན་ཡང་སྒྲུབ་བྱེད་སྐྱོན་ལྡན་དུ་ཤེས་པར་བྱ་སྟེ། རྟགས་ཀྱི་དངོས་པོ་སྟེ་དོན་གཉིས་ལས་བསྒྲུབ་བྱའི་དངོས་པོ་སྟེ་དོན་ནི་གྲུབ་དགོས་པའི་ཕྱིར་རོ། །རྟགས་ཀྱི་སྒྲ་འཁྲུལ་པ་མེད་ཀྱང་དོན་འཁྲུལ་པའི་དཔེ་ནི་བ་ཁ་མོ་ཆོས་ཅན། རྭ་ཅན་ཡིན་ཏེ། འགྲོ་བའི་ཕྱིར་ཞེས་དང་། གླང་པོ་ཆེའི་ཕྲུ་གུ་ཆོས་ཅན། གླང་པོ་ཆེ་ཡིན་ཏེ། ལག་ལྡན་ཡིན་པའི་ཕྱིར་ཞེས་སྒྲུབ་བྱེད་དུ་བཀོད་པ་ན་འགྲོ་བ་དང་ལག་ལྡན་ཞེས་པ་གཉིས་པོ་འདི་ཡི་སྒྲ་ཡི་བརྗོད་བྱ་ནི་འཇིག་རྟེན་ན་བ་གླང་དང་། གླང་པོ་ཆེ་ཁོ་ན་ལ་གྲགས་པས་རྭ་ཅན་དང་གླང་པོ་ཆེ་ཐུན་མོང་མ་ཡིན་པར་གོ་བ་ཡིན་གྱི། ཚིག་དེས་བརྗོད་པར་འདོད་པའི་དོན་འགྲོ་བ་དང་ལག་ལྡན་ཆོས་ཅན། ཁྱོད་ཡིན་ན། རྭ་ཅན་དང་གླང་པོ་ཆེར་ངེས་པ་མ་ཡིན་ཏེ། མི་ཡང་ཁྱོད་ཡིན་པའི་ཕྱིར་ཞེས་པ་བཞིན་ནོ། །བཞི་པ་ལ་བཞི་སྟེ། གཅིག་ལ་རྒྱུ་དང་རྒྱུ་མིན་འགལ། །ལྡོག་པ་མེད་པས་རྒྱུར་མི་འཐད། །རྗེས་འགྲོ་མེད་པས་རྒྱུར་མི་འཐད། །སྔ་མའི་གཏན་ཚིགས་མ་ངེས་སྤང་བའོ། །དང་པོ་ནི། དབང་ཕྱུག་རྟག་པ་གཅིག་གིས་འགྲོ་བ་ཐམས་ཅད་བྱེད་པར་འདོད་ན། དབང་ཕྱུག་གི་དངོས་པོ་དེ་ཆོས་ཅན། ཇི་ལྟར་དུས་འགའ་ཞིག་གི་ཚེ་འབྲས་བུའི་རྒྱུ་ཡིན་པ་དེ་ལྟར་དེ་ཉིད་གང་གི་ཚེ་རྒྱུ་མིན་དུ་འགྱུར་ཏེ། འགྱུར་བའི་སྐབས་མི་སྲིད་པར་ཐལ། འབྲས་བུའི་རྒྱུ་ཡིན་པར་རྟག་པའི་ཕྱིར། རྟགས་གསལ་ཁས་བླངས་སོ། །ཡང་དབང་ཕྱུག་དེ་ནི་ཆོས་ཅན། ཁྱད་པར་གང་གིས་རྒྱུར་འདོད་པའི་གནས་སྐབས་ལ་རྒྱུ་མ་ཡིན་པར་མི་འདོད་དེ་འདོད་དགོས་པར་ཐལ། རྒྱུར་འདོད་པའི་སྐབས་ནའང་རྒྱུ་མིན་པའི་སྐབས་ལས་རང་བཞིན་ཁྱད་པར་ཅན་དུ་གྱུར་པ་མིན་པའི་ཕྱིར་རོ། །ཁྱབ་པ་མེད་ན། ནག་པའི་ལུས་ཀྱི་རྨ་སོས་སྐྱེ་ཆོས་ཅན། ཁྱོད་དང་འབྲེལ་པ་མེད་པའི་སྡོང་དུམ་ཡང་ཅིའི་ཕྱིར་ཁྱོད་ཀྱི་རྒྱུ་ཉིད་དུ་ནི་རྟོག་པར་མི་བྱེད་དེ་བྱེད་རིགས་པར་ཐལ། རྒྱུ་མིན་ལས་རང་བཞིན་ཁྱད་པར་དུ་མ་གྱུར་ཀྱང་རྒྱུ་ཡིན་པ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། མཚོན་སོགས་དང་ནག་པའི་ལུས་འབྲེལ་པ་ལས་ནག་པའི་ལུས་ཀྱི་རྨ་དང་། སྨན་སོགས་དང་འབྲེལ་པ་ལས་དེ་འདྲུབས་པ་སྟེ་སོས་པ་སྐྱེ་བ་ཡིན་པའི་ཕྱིར་རོ། །སྔ་མའི་གཏན་ཚིགས་མ་གྲུབ་ན་དབང་ཕྱུག་ཆོས་ཅན། རྒྱུ་མིན་གྱི་གནས་སྐབས་ལས་རང་བཞིན་ཁྱད་པར་དུ་བྱེད་པར་ཡང་ནི་མི་རུང་བར་ཐལ། སྔ་ཕྱིའི་རང་བཞིན་ཁྱད་པར་མེད་པར་ནི་རྟག་པའི་ཕྱིར། གཉིས་པ་ནི། དབང་ཕྱུག་ཆོས་ཅན། ཁྱོད་ལ་འབྲས་བུ་བསྐྱེད་པའི་ནུས་པ་ཉིད་ཀྱང་ཚད་མས་རྟོགས་པ་དཀའ་བར་ཐལ། ཁྱོད་ལོག་སྟོབས་ཀྱིས་རང་གི་འབྲས་བུ་ལྡོག་པ་མེད་པའི་ཕྱིར་ཏེ། ཁྱོད་རྟག་པ་ཡིན་པའི་ཕྱིར། གསུམ་པ་ནི་རྫ་མཁན་དང་འཇིམ་པ་སོགས་གང་དག་ཡོད་ན་བུམ་པ་གང་འབྱུང་བར་འགྱུར་བ་ཉིད་དུ་མཐོང་བ་དེ་དག་ལས་གཞན་པའི་དབང་ཕྱུག་ཆོས་ཅན། ཁྱོད་བུམ་པའི་རྒྱུ་མ་ཡིན་ཏེ། ཁྱོད་བུམ་པ་དེའི་རྒྱུར་རྟོག་པ་ཡིན་ན། འབྲས་བུ་ཐམས་ཅད་ལས་རྒྱུ་རྣམས་ཕན་ཚུན་འཆོལ་བའི་ཚུལ་གྱིས་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །བཞི་པ་ལ་གཉིས་ཏེ། ཕྱི་ཡི་རྐྱེན་གྱིས་མ་ངེས་སྤང་། །ནང་གི་རྐྱེན་གྱིས་མ་ངེས་སྤང་བའོ། །དང་པོ་ནི་གོང་གི་རྒྱུ་མིན་གྱི་གནས་སྐབས་ལས་རང་བཞིན་ཁྱད་པར་ཅན་དུ་མ་གྱུར་པའི་ཕྱིར་ན་རྒྱུ་མིན་པར་ཐལ་བ་མེད་དེ། ས་སོགས་རྟག་པ་ཡིན་པས་མྱུ་གུ་མི་སྐྱེད་པའི་གནས་སྐབས་ལས་རང་བཞིན་ཁྱད་པར་ཅན་དུ་མ་གྱུར་ཀྱང་མྱུ་གུའི་རྒྱུ་ཡིན་པའི་ཕྱིར་ཞེ་ན། ས་དང་ས་བོན་ལ་སོགས་པ་ཆོས་ཅན། མྱུ་གུ་བསྐྱེད་པ་ལ། མྱུ་གུ་མི་སྐྱེད་པ་ལས་རང་བཞིན་ཁྱད་པར་ཅན་དུ་ཡོངས་སུ་གྱུར་ན་ནི་རྒྱུ་ཡིན་གྱི། མ་གྱུར་ན་ནི་མིན་ཏེ། དེ་རྨོ་བ་སོགས་ལེགས་པར་བྱས་པ་ན་མྱུ་གུ་དེའི་ཁྱད་པར་བཟང་བ་སོགས་མཐོང་བའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དཔེ་ཇི་ལྟར་ན་དབང་པོ་ཡུལ་ལ་བྱེད་པ་ཚོགས་པ་དེ་མ་ཚོགས་པའི་གནས་སྐབས་ལས་ཁྱད་པར་ཅན་དུ་གྱུར་པ་མེད་ཀྱང་དབང་ཤེས་བསྐྱེད་པའི་རྒྱུ་ཡིན་པ་དེ་ལྟར་དབང་ཕྱུག་འདི་ཡང་རྒྱུ་མིན་ལས་ཁྱད་པར་ཅན་དུ་མ་གྱུར་བཞིན་དུ་རྒྱུ་ཡིན་པས་མ་ངེས་ཤེ་ན། རྐྱེན་གསུམ་ཚོགས་པ་དེ་ལའང་ཆོས་ཅན། མ་ཚོགས་པ་ལས་རང་བཞིན་ཁྱད་པར་ཅན་དུ་མ་གྱུར་པ་མིན་ཏེ། མ་ཚོགས་པ་ལས་ཁྱད་པར་ཅན་དུ་གྱུར་པ་ཡོད་པའི་ཕྱིར་རོ། །མེད་ན་རྐྱེན་གསུམ་ཚོགས་ཀྱང་ཆོས་ཅན། དབང་ཤེས་བསྐྱེད་པའི་ནུས་པ་མེད་པར་འགྱུར་བར་ཐལ། སོ་སོ་སོ་སོར་དབང་ཤེས་བསྐྱེད་པའི་ནུས་པ་མེད་པའི་རྐྱེན་རྣམས་ལས་རང་བཞིན་ཁྱད་པར་ཅན་དུ་གྱུར་པ་མེད་པས་ནའོ། །དེས་ན་རྐྱེན་གསུམ་ཚོགས་པ་ཆོས་ཅན། མ་ཚོགས་པ་ལས་ཁྱད་པར་ཅན་དུ་གྲུབ་པ་ཡིན་ཏེ། དབང་ཤེས་བསྐྱེད་པའི་ནུས་པ་ཡོད་པ་དེའི་ཕྱིར་རོ། །དེའི་ཕྱིར་རྐྱེན་གསུམ་པོ་དེ་དག་ཆོས་ཅན། དབང་ཤེས་སོགས་ཀྱི་རྒྱུ་ཡིན་ཏེ། སོ་སོར་གང་ལ་ཡང་དབང་ཤེས་སོགས་བསྐྱེད་པའི་ནུས་པ་མེད་ཀྱང་ཚོགས་ན་དབང་ཤེས་བསྐྱེད་ནུས་ཀྱི་ཁྱད་པར་ཅན་དུ་གྱུར་པའི་ཡོན་ཏན་སྲིད་པར་འགྱུར་བའི་ཕྱིར་རོ། །དབང་ཕྱུག་སོགས་ཆོས་ཅན། རྒྱུ་མིན་པར་ཐལ། རང་བཞིན་ཁྱད་པར་ཅན་དུ་གྱུར་པ་མེད་པའི་ཕྱིར་རོ། །

དེ་ཡི་སྒྲུབ་བྱེད་རྣམ་གསུམ་བཤད་པ།

གཉིས་པ་དེའི་སྒྲུབ་བྱེད་ཕུན་ཚོགས་བཤད་པ་ལ་གཉིས་ཏེ། མཐའ་དཔྱད་པ་དང་། གཞུང་གི་དོན་དངོས་སོ། །དང་པོ་ནི། སྔ་རབས་པ་རྣམས་གྱུར་པ་སྨོས་པའི་དགོས་པ་ལ་རྣམ་བཅད་དང་། ཡོངས་གཅོད་གཉིས་སུ་ཕྱེ་ནས་དང་པོ་ལ་རྩོད་པ་སྤོང་བ་ནི། ཚད་མ་རྟག་པ་ཉིད་ཡོད་མིན། །ཞེས་སོགས་དང་། ཕྱི་མ་ལ་རྩོད་པ་ནི། ཚད་མ་ལྐོག་གྱུར་དོན་ཤེས་ཡིན། །ཞེས་སོགས་ཚིགས་བཅད་གཅིག་དང་། ལན་ནི་མི་ཤེས་སྟོན་པར་བྱེད་པ་ལ། །ཞེས་སོགས་ཚིགས་བཅད་བཞིའོ་ཞེས་མགྲིན་གཅིག་ཏུ་སྨྲའོ། །དེ་ནི་བསྟན་བཅོས་མཁན་པོའི་དགོངས་པ་མིན་ཏེ། སྒྲུབ་བྱེད་ལ་ལྟོས་ཚད་ཡིན་རིགས། །ཞེས་པའང་རྣམ་བཅད་ཀྱི་དགོས་པའི་གྲུབ་དོན་ཡིན་གྱི་ཡོངས་གཅོད་ཀྱི་དགོས་པ་ཞེས་ལོགས་སུ་བཤད་པར་བྱ་བ་མིན་པའི་ཕྱིར་དང་། ཡིན་ནའང་རྩོད་པའི་སྐབས་སུ་རྩོད་པ་གསུམ་བསླངས་ནས་ཚིགས་བཅད་བཞི་པོས་དང་པོ་ཁོ་ནའི་ལན་བཏབ་པས་ཕྱི་མ་གཉིས་ཀྱི་ལན་མེད་པར་ཐལ་བའི་ཕྱིར་རོ། །ཕྱི་མ་གཉིས་ཀྱི་ལན་སྒྲུབ་བྱེད་ལུགས་འབྱུང་ལུགས་བཟློག་ཏུ་བཤད་པས་བཏབ་བོ་སྙམ་ན། དེ་ལྟར་ན་རྩོད་པ་གསུམ་པོ་གཞུང་འོག་མ་ཐམས་ཅད་ཀྱི་ཕྱོགས་སྔར་འཆད་རིགས་ཀྱི། ཚིགས་བཅད་བཞི་པོ་ཁོ་ནའི་ཕྱོགས་སྔར་འཆད་པ་ནི་མགོ་བོ་གོས་ཀྱིས་བཏུམ་ནས་མཇུག་མ་སུས་ཁྱེར་མི་ཚོར་བའོ། །མདོར་ན་རྩོད་པ་ཕྱི་མ་གཉིས་གྱུར་པའི་དགོས་པ་ལ་རྩོད་པ་ཡིན་ཀྱང་ཚིགས་བཅད་བཞི་པོས་དེའི་ལན་མ་བཏབ་ཅིང་། རྩོད་པ་དང་པོ་ལ་ཚིགས་བཅད་བཞི་པོས་ལན་བཏབ་ཀྱང་གྱུར་པའི་དགོས་པ་ལ་རྩོད་པ་མིན་པས་འབྲེལ་མེད་པ་ཁོ་ནའོ། །འོ་ན་ཇི་ལྟར་ཞེ་ན། འདི་ཡན་ཆད་ཀྱིས་བསྒྲུབ་བྱ་ཚད་མ་དང་གྱུར་པ་བཤད་ཟིན་ནས། ཚད་མའི་དོན་ལ་རྩོད་པ་ནི། ཚད་མ་ལྐོག་གྱུར་དོན་ཤེས་ཡིན། །ཞེས་དང་། གྱུར་པའི་དགོས་པ་ལ་རྩོད་པ་ནི་དེ་ལྟ་བུའི་ཚད་མའི་སྒྲུབ་བྱེད་མེད་ཅིང་། ཡོད་ཀྱང་དེ་ལ་ནན་ཏན་བྱེད་པ་མེད་ཅེས་པའི་རྩོད་པ་གསུམ་ནི་འདིར་ཚིགས་བཅད་གཅིག་གིས་སྟོན་ནོ། །རྩོད་པ་དང་པོའི་ལན་མདོའི་མཆོད་བརྗོད་དུ་དངོས་སུ་མ་བྱུང་ཡང་སློབ་དཔོན་གྱིས་ཁ་བསྐང་བ་ནི་ཚིགས་བཅད་བཞི་སྟེ་འདིས་དགོས་པའི་དོན་ཀུན་མཁྱེན་པའི་ཚད་མ་རིགས་པས་བསྒྲུབས་ནས་དེ་གྲུབ་པའི་ཚེ་ཤེས་བྱའི་དོན་ཀུན་མཁྱེན་པའང་བསྒྲུབ་ནུས་པ་ནི་ལེའུ་དང་པོར། བླང་དང་དོར་བྱའི་དེ་ཉིད་ནི། །ཞེས་སོགས་ཚིགས་བཅད་གཅིག་གོ །དེས་ན་དགོས་པའི་དོན་ཀུན་མཁྱེན་པའི་ཐམས་ཅད་མཁྱེན་པའི་མཚན་གཞིར་བྱང་སེམས་མཐོང་ལམ་པ་བཟུང་བ་ནི་ལུགས་འདི་ལ་བློ་ཁ་མ་ཕྱོགས་པའོ། །རྩོད་པ་གཉིས་པའི་ལན་ནི། སྒྲུབ་བྱེད་བཞི་པོ་ལུགས་འབྱུང་དུ་བཤད་པས་སྟོན་ཏེ། ཐོག་མར་སྐྱེ་བ་དུ་མར་སྙིང་རྗེའི་དམིགས་རྣམ་གོམས་པས་སེམས་ཉིད་སྙིང་རྗེའི་རང་བཞིན་དུ་གྱུར་པའི་འགྲོ་ལ་ཕན་བཞེད་པ་རིགས་པས་བསྒྲུབས་ནས། དེ་གྲུབ་ན་བརྩེ་ལྡན་སྡུག་བསྔལ་གཞོམ་པའི་ཕྱིར། །ཐབས་རྣམས་ལ་ནི་མངོན་སྦྱོར་མཛད། །ཅེས་པའི་ཚུལ་གྱིས་གཞན་གྱི་སྡུག་བསྔལ་བསལ་བའི་ཆེད་དུ་ལམ་ལ་སྦྱོར་བའི་སྟོན་པ་འགྲུབ། དེ་གྲུབ་ན། གྲུབ་ལས་དང་པོ་འབྱུང་བའི་ཕྱིར། །གཉིས་པོ་འདི་ནི་རྒྱུ་རུ་བཤད། །ཅེས་པའི་ཚུལ་གྱིས་སྤངས་པ་ཁྱད་པར་གསུམ་ལྡན་གྱི་བདེ་གཤེགས་འགྲུབ། དེ་གྲུབ་ན་ལམ་བདེན་ལ་གསལ་བ་རབ་ཀྱི་མཐར་ཕྱིན་པའི་རྟོགས་པར་འགྲུབ། དེ་གྲུབ་ན། སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ། །ཞེས་པའི་ཚུལ་གྱིས་ཉིད་ཀྱིས་གཟིགས་པའི་ལམ་གཞན་ལ་བསྟན་པའི་སྐྱོབ་པ་འགྲུབ། དེས་ན་སྒྲུབ་བྱེད་ཡོད་ཅེས་པ་ནི། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་དེ། །ཞེས་སོགས་སོ། །རྩོད་པ་གསུམ་པའི་ལན་ནི་སྒྲུབ་བྱེད་བཞི་པོ་ལུགས་བཟློག་ཏུ་བཤད་པས་སྟོན་ཏེ། ཐོག་མར་གཞན་ལ་བདེན་བཞིའི་གནས་ཚུལ་ཕྱིན་ཅི་མ་ལོག་པར་སྟོན་པའི་སྐྱོབ་པ་རིགས་པས་བསྒྲུབས་ནས། དེ་གྲུབ་ན་རྟོགས་པ་ཁྱད་པར་ཅན་གསུམ་ལྡན་མངོན་དུ་བྱས་པར་གྲུབ། དེ་གྲུབ་ན་ལམ་ལ་སྦྱོར་བའི་སྟོན་པ་སྔོན་དུ་སོང་བར་གྲུབ། དེ་གྲུབ་ན་གཞན་གྱི་སྡུག་བསྔལ་བསལ་འདོད་ཀྱི་བརྩེ་བ་སྙིང་རྗེ་ཆེན་པོ་སྔོན་དུ་སོང་བར་གྲུབ། དེས་ན་སྟོན་པ་འདིས་སྒྲུབ་བྱེད་ཀྱི་ཐབས་གཉིས་ལ་ནན་ཏན་བྱས་པར་འགྲུབ་བོ་ཞེས་པ་ནི་ཡང་ན་སྐྱོབ། བདེན་པ་བཞི་ནི་སྟོན་མཛད་པའོ། །ཞེས་སོགས་སོ། །དེས་ན་ལུགས་འབྱུང་ནི་རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་བསྒྲུབ་པའི་རང་བཞིན་གྱི་གཏན་ཚིགས་ཡིན་ལ། ལུགས་བཟློག་ནི་རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ཡིན་པས་དགོས་པ་ཡང་ཚད་མའི་སྒྲུབ་བྱེད་ཡོད་པ་ཙམ་དང་། སྟོན་པ་འདིས་སྒྲུབ་བྱེད་ལ་ནན་ཏན་བྱས་པ་གཉིས་སོ་སོར་ཤེས་པར་བྱའོ། །སྐལ་བ་དང་ལྡན་པའི་གདུལ་བྱ་ལ་ཕན་ཐོགས་པར་འགྱུར་རོ། །གཉིས་པ་གཞུང་གི་དོན་དངོས་ལ་གཉིས་ཏེ། སྒྲུབ་བྱེད་མེད་པའི་ལོག་རྟོག་བརྗོད། །ལོག་རྟོག་བཀག་ནས་སྒྲུབ་བྱེད་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཚད་མ་ཡིན་པ་དང་། དེའང་སྒྲུབ་བྱེད་ལ་ལྟོས་པ་མི་འཐད་དེ། སྤྱིར་སྐྱེས་བུ་ཚད་མ་ཡིན་ན་ལྐོག་གྱུར་གྱི་དོན་མ་ལུས་པ་ཤེས་པ་ཉིད་ཡིན་པས་དེ་མེད་པའི་ཕྱིར་དང་། དེ་སྒྲུབ་བྱེད་ཀྱི་རྒྱུ་ཉིད་ཀྱང་མེད་པའི་ཕྱིར་དང་། རྒྱུ་དེ་ལ་ནན་ཏན་བྱེད་པའང་ཡོད་པ་མ་ཡིན་པའི་ཕྱིར་ཞེས་པ་ནི་རྒྱལ་དཔོག་པ་ལ་སོགས་ཁ་ཅིག་རབ་ཏུ་བརྗོད་དོ། །གཉིས་པ་ལ་གསུམ་སྟེ། ཚད་མ་མེད་པ་བཀག་ནས་ཚད་མ་བསྒྲུབ། །སྒྲུབ་བྱེད་མེད་པ་བཀག་ནས་སྒྲུབ་བྱེད་བསྟན། །ནན་ཏན་མ་བྱས་བཀག་ནས་བྱས་པ་བསྒྲུབ་པའོ། །དང་པོ་ལ་བཞི་སྟེ། དགོས་པའི་དོན་ཀུན་ཤེས་ལྡན་འཚོལ་བ་འཐད། །དེ་ལ་དོན་ཤེས་ཡོད་མེད་དཔྱོད་པར་རིགས། །དགོས་པའི་དོན་ཀུན་ཤེས་ལྡན་ཚད་མར་བསྟན། །དེ་ཉིད་ཚད་མ་ཡིན་པའི་སྒྲུབ་བྱེད་འགོད་པའོ། །དང་པོ་ནི། ལྐོག་གྱུར་གྱི་དོན་མ་ལུས་པ་ཤེས་པའམ་མི་ཤེས་ཀྱང་རུང་ཐར་པའི་ཐབས་ལེགས་པར་ཤེས་པ་ཉིད་ཐར་པ་དོན་གཉེར་ལ་སྐྱེས་བུ་ཚད་མ་ཡིན་ཏེ། འདི་ལྟར་སྟོན་པ་པོ་འདིས་ཐར་པའི་ཐབས་མི་ཤེས་བཞིན་དུ་སྟོན་ན། ཐབས་མ་ཡིན་པ་སྟོན་སྲིད་སྙམ་དུ་སྟོན་པར་བྱེད་པ་པོ་ལ་འཁྲུལ་པར་དོགས་པ་ཅན་རྟོག་ལྡན་རྣམས་ཀྱིས་ཆོས་ཅན། ཐར་པའི་ཐབས་ཤེས་པ་དང་ལྡན་པའི་བཤེས་གཉེན་འགའ་ཞིག་འཚོལ་བར་བྱེད་དེ། སྟོན་པ་པོ་དེས་བཤད་པའི་ཐར་པའི་ཐབས་ལ་ནན་ཏན་བྱ་བའི་ཕྱིར་དུ་བཤེས་གཉེན་འཚོལ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དེའི་ཕྱིར་རྣམ་གྲོལ་དོན་གཉེར་ཆོས་ཅན། ཐར་པ་དོན་གཉེར་དེ་ཡི་བསྒྲུབ་བྱ་སྟེ་དོན་དུ་གཉེར་བྱ་རུ་གྱུར་པའི་ཡེ་ཤེས་གང་ལ་ཡོད་རྣམ་པར་དཔྱད་པར་བྱ་ཡི། བཤེས་གཉེན་འདི་ཡིས་སྲིན་བུའི་གྲངས་སོགས་མཁྱེན་ནམ་མི་མཁྱེན་དཔྱད་པར་མི་འོས་ཏེ། དེས་ཐར་པ་དོན་གཉེར་ངེད་ལ་སྐབས་འགར་ཡང་ཉེར་མཁོ་མེད་པའི་ཕྱིར་རོ། །གསུམ་པ་ནི། དེས་ན་བླང་བྱ་འགོག་བདེན་གྱི་དེ་ཁོ་ན་ཉིད་ཐབས་ལམ་བདེན་དང་བཅས་པ་དང་། དོར་བྱའི་དེ་ཁོ་ན་ཉིད་སྡུག་བསྔལ་གྱི་བདེན་པ་ནི་ཐབས་ཀུན་འབྱུང་དང་བཅས་པ་ཕྱིན་ཅི་མ་ལོག་པར་རིག་པར་མཛད་པ་གང་ཡིན་པ་དེ་ཆོས་ཅན། ཁྱོད་སྐྱེས་བུ་ཚད་མ་ཉིད་དུ་འདོད་ཀྱི། དེ་ལས་གཞན་ལྐོག་གྱུར་ཐམས་ཅད་རིག་པར་མཛད་པ་ཁོ་ན་སྐྱེས་བུ་ཚད་མ་མ་ཡིན་ཏེ། ཁྱོད་ཀྱིས་ཐར་པའི་ཐབས་མ་ལུས་པ་ལེགས་པར་ཤེས་པའི་ཕྱིར། དེའང་ཐོག་མར་རིགས་པས་བསྒྲུབ་མི་ནུས་པས་མི་འདོད་པ་ཡིན་གྱི། མི་སྲིད་ནས་མི་འདོད་པ་མ་ཡིན་ཏེ། ཐམས་ཅད་རིག་པ་མཛད་པ་ཡི། །ཐམས་ཅད་མཁྱེན་པ་འགོག་པ་མིན། །ངེད་ཀྱིས་ཤེས་པར་མི་ནུས་པས། །མཆོག་ཤེས་པར་ནི་འདོད་པ་ཡིན་ཞེས་སོ། །བཞི་པ་ནི། སྟོན་པ་པོ་འདིས་རིང་པོ་མཐོང་ངམ་མིན་ཡང་རུང་། འདོད་པའི་དེ་ཉིད་བདེན་བཞི་མཐོང་བ་དེ་ཚད་མའི་སྐྱེས་བུ་ཡིན་ཏེ། གལ་ཏེ་འདོད་དོན་མ་ཤེས་ཀྱང་ཐག་རིང་པོ་མཐོང་བ་སྐྱེས་བུ་ཚད་མ་ཡིན་ན། སྐྱེས་བུས་འདོད་པའི་དོན་ཤེས་པའི་མཁས་པ་ཐག་རིང་པོའི་དོན་མ་མཐོང་བ་དག་བོར་ལ་ཚུར་ཤོག བྱ་རྒོད་དང་མཁའ་འགྲོ་མ་སོགས་སློབ་དཔོན་དུ་བསྟེན་པར་གྱིས་ཤིག་སྟེ། བསྟེན་རིགས་པར་ཐལ་བའི་ཕྱིར་རོ། །གཉིས་པ་ལ་ལྔ་སྟེ། སྒྲུབ་བྱེད་ཐུགས་རྗེ་རིགས་པས་བསྒྲུབ། །དེ་ལས་སྟོན་པ་འབྱུང་བའི་ཚུལ། །དེ་ལས་བདེ་གཤེགས་འབྱུང་བའི་ཚུལ། །དེ་ལས་སྐྱོབ་པ་འབྱུང་བའི་ཚུལ། །དེས་ན་བསྒྲུབ་བྱེད་ཡོད་པར་གྲུབ་པའོ། །དང་པོ་ལ་གསུམ་སྟེ། སྒྲུབ་བྱེད་ཀྱི་ངོ་བོ། དེའི་རྒྱུ། དེ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། དེ་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར། །ཞེས་པ་མི་འཐད་དེ། འདི་ལྟར་སྐྱེས་བུ་ཚད་མ་ཆོས་ཅན། ཁྱོད་ཀྱི་སྒྲུབ་བྱེད་ཡོད་དེ། ཕན་བཏགས་པའི་ལན་ལ་སོགས་པ་ལ་ལྟོས་པ་མེད་པར་སེམས་ཅན་ཐམས་ཅད་ལ་སྙོམས་པར་ཤིན་ཏུ་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་གྱི་ཐུགས་རྗེ་དེ་ཁྱོད་ཀྱི་སྒྲུབ་བྱེད་ཡིན་པའི་ཕྱིར། གཉིས་པ་ནི། ཐུགས་རྗེ་དེ་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། སྐྱེ་བ་དུ་མར་སྙིང་རྗེའི་དམིགས་རྣམ་གོམས་པ་ལས་ཁྱོད་སྐྱེ་བའི་ཕྱིར། གསུམ་པ་ལ་གཉིས་ཏེ། གོམས་པ་མི་སྲིད་འགྱུར་བའི་རྩོད་པ་སྤང་། །སྲིད་ཀྱང་རང་བཞིན་ལས་འདས་མིན་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། རྩོད་པ་དགོད། སུན་འབྱིན་བཤད་པའོ། །དང་པོ་ནི། ཆད་ལྟ་བ་ན་རེ། སྙིང་རྗེ་ཆོས་ཅན། སྐྱེ་བ་དུ་མར་གོམས་པས་གྲུབ་པ་མེད་དེ། སྐྱེ་བ་སྔ་ཕྱི་མེད་པའི་ཕྱིར་ཏེ། རྟོག་བཅས་ཀྱི་བློ་ནི་ལུས་ལ་བརྟེན་པའི་ཕྱིར་ན་ལུས་ཞིག་པ་ན་བློ་རྒྱུན་ཆད་པའི་ཕྱིར། བརྟེན་ཚུལ་ཡང་ཆང་ལ་མྱོས་པའི་ནུས་པ་ལྟར་བློ་ལུས་ཀྱི་བདག་ཉིད་དམ། སྒྲོན་མེ་ལ་འོད་ལྟར་ལུས་ཀྱི་འབྲས་བུའམ། བུ་རམ་ལ་མངར་བ་ལྟར་ལུས་ཀྱི་ཡོན་ཏན་གྱི་ཚུལ་གྱིས་བརྟེན་ནོ་ཞེ་ན། གཉིས་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། སྙིང་རྗེ་ཆོས་ཅན། ཡིད་བློ་ལུས་ལ་དངོས་སུ་བརྟེན་པའི་རྒྱུ་མཚན་གྱིས་གོམས་པ་ལས་གྲུབ་པ་མེད་པ་དེ་མ་ཡིན་པར་ཐལ། ཡིད་བློ་ལུས་ལ་དངོས་སུ་བརྟེན་པ་ནི་རིགས་པས་བཀག་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཐ་མལ་པ་སྐྱེ་བ་ཡོངས་སུ་ལེན་པ་ན་དབུགས་འབྱུང་རྔུབ་དང་། དབང་པོ་དང་། ཡིད་བློ་དག་ནི་རང་གི་རིགས་འདྲ་སྔ་མ་ལ་ལྟོས་པ་མེད་པ་ཅན་ལུས་ཉིད་འབའ་ཞིག་ལས་སྐྱེ་བ་མིན་ཏེ། སྐྱེ་ན་རྡོ་བ་སོགས་ལའང་སེམས་སོགས་སྐྱེ་བར་ཧ་ཅང་ཐལ་བའི་ཕྱིར་དང་། ཚེ་འདིའི་རིག་པ་སྔ་མ་ཕྱི་མར་མཚམས་སྦྱོར་བར་ནུས་པ་དང་ལྡན་པར་མཐོང་བ་གང་དེ་ལ་རྒྱུ་མཚན་ལྷག་པོ་ཅི་ཞིག་ཡོད་པར་གྱུར་ཅིང་། རྒྱུ་མཚན་གང་མེད་པ་གང་གིས་ཕྱི་ནས་ཐ་མལ་པ་འཆི་ཁ་མའི་ཚེ་མཚམས་སྦྱོར་བ་མེད་པར་འདོད་དེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །སྔ་རབས་པ་དག་ཚིག་རྐང་དང་པོ་མདོར་བསྟན་དུ་བྱས་ནས། རྒྱས་བཤད་ལ་སྐྱེ་བ་སྔ་མ་མེད་ན་ཧ་ཅང་ཐལ། །སྐྱེ་བ་ཕྱི་མ་ཡོད་པར་རིགས་པས་བསྒྲུབ། །ཞེས་སོགས་ཀྱི་ས་བཅད་མཛད་པ་ནི་སྙིང་རྗེའི་དམིགས་རྣམ་གོམས་པར་བསྒྲུབ་པའི་སྐབས་འདིར་སྐྱེ་བ་ཕྱི་མ་བསྒྲུབ་པ་གཙོ་བོ་དང་། འོག་ཏུ་སྡུག་བསྔལ་བདེན་པའི་མཚན་གཞི་ཉེར་ལེན་གྱི་ཕུང་པོ་འཁོར་བ་ཅན་དུ་སྒྲུབ་པའི་སྐབས་སུ་སྐྱེ་བ་སྔ་མ་བསྒྲུབ་པ་གཙོ་བོ་ཡིན་པའི་ཁྱད་པར་མ་ཕྱེད་ཅིང་། གང་དུ་དྲོད་གཤེར་ཞེས་སོགས་ཀྱིས་ཧ་ཅང་ཐལ་བ་རྒྱས་པར་བཤད་པ་དང་། ཐ་མའི་སེམས་ཞེས་སོགས་ཀྱིས་མཚམས་སྦྱོར་བ་རྒྱས་པར་བཤད་པའི་གཞུང་གི་སྦྱོར་ཚུལ་ཡང་མ་ཤེས་པར་ཟད་དོ། །གཉིས་པ་ལ་གཉིས་ཏེ། ཧ་ཅང་ཐལ་བའི་རིགས་པ་རྒྱས་པར་བཤད། །མཚམས་སྦྱོར་འགལ་བ་མེད་པ་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། འབྱུང་བའི་ལུས་ལས་སྐྱེ་ན་ཧ་ཅང་ཐལ། །དབང་བཅས་ལུས་ལས་སྐྱེ་ན་ཧ་ཅང་ཐལ། །རྟག་པའི་ལུས་ལས་སྐྱེ་ན་ཧ་ཅང་ཐལ་བའོ། །དང་པོ་ནི། རྡོ་བ་སོགས་ལས་སེམས་སྐྱེ་བར་ཧ་ཅང་ཐལ་བའི་སྐྱོན་མེད་དེ། འབྱུང་བ་འགའ་ཞིག་སེམས་སོགས་ཀྱི་ས་བོན་ཡིན་ཅིང་འགའ་ཞིག་མ་ཡིན་པའི་ཕྱིར་ཞེ་ན། འབྱུང་བ་ཐམས་ཅད་སེམས་སོགས་ཀྱི་ས་བོན་གྱི་བདག་ཉིད་དུ་ཐལ། རྐྱེན་གཞན་ཚང་ན་གཞི་གང་དུ་དྲོད་གཤེར་ལ་སོགས་པ་སྐྱེ་བོ་སྐྱེ་བར་མི་འགྱུར་བའི་ས་ཕྱོགས་ཀྱི་ཆ་དེ་འགའ་ཡང་མེད་པ་དེའི་ཕྱིར་རོ། །དེས་ན་ས་སོགས་ཐམས་ཅད་སེམས་སོགས་ཀྱི་ས་བོན་གྱི་བདག་ཉིད་དུ་འགྱུར་བ་དེའི་ཕྱིར་དབང་པོ་སོགས་རང་གི་རིགས་འདྲ་སྔ་མ་ལ་ལྟོས་པ་མེད་པར་ནི་འབྱུང་བ་ཡིན་ན། ཅི་ལྟར་འབྱུང་བ་གཅིག་ནི་དབང་སོགས་སུ་ཡོངས་སུ་གྱུར་པ་བཞིན་དུ་འབྱུང་བ་ཀུན་འགྱུར་བར་ཐལ། རྒྱུ་མཚན་ཁྱད་པར་མེད་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། བཟློག་ན་རྒྱུ་འབྲས་ཉིད་དུ་གྲུབ། །དེ་ལ་ལུང་དང་འགལ་བ་སྤང་། །རིགས་པས་བསྒྲུབས་ན་ཁས་བླངས་འགལ་བའོ། །དང་པོ་ནི། ལུས་ཡིད་བློའི་དངོས་རྟེན་དུ་འདོད་ན། དབང་པོ་དང་བཅས་པའི་ལུས་ཡིད་བློའི་དངོས་རྟེན་དུ་འདོད་དགོས་ལ། དེ་ལྟར་ན་ཡིད་བློ་ཆོས་ཅན། མིག་སོགས་དབང་པོ་རྣམས་ལ་དངོས་སུ་བརྟེན་པའི་ཤེས་པ་མིན་ཏེ། མིག་ལ་སོགས་པའི་དབང་པོ་རྣམས་རེ་རེ་ལ་འགལ་རྐྱེན་གྱིས་གནོད་ན་ཁྱོད་ལ་དངོས་སུ་གནོད་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །མིག་སོགས་དབང་པོ་དེ་དག་ཀྱང་ཆོས་ཅན། ཁྱོད་ཡིད་ལ་བརྟེན་པ་ཡིན་ཏེ། ཡིད་འདི་མྱ་ངན་ལ་སོགས་པས་འགྱུར་ན་ནི་ཁྱོད་འགྱུར་བ་དག་ཏུ་མཐོང་བ་ཡིན་པའི་ཕྱིར་དང་། དབང་པོ་ཡིད་ལ་བརྟེན་པ་དེའི་ཕྱིར། ལུས་ཅན་ཆོས་ཅན། ཁྱོད་ཀྱི་ཡིད་བློ་སྔ་མ་ལས་དབང་པོ་ཕྱི་མ་སྐྱེ་བ་ཡིན་ཏེ། ཁྱོད་ཀྱི་ཡིད་བློ་ཕྱི་མ་གནས་པ་ཡི་རྟེན་ཡིད་བློ་སྔ་མ་ཉིད་ལ་ནི་བརྟེན་པའི་ལས་འགའ་ཞིག་དབང་པོ་ཕྱི་མ་རྣམས་ཀྱི་རྒྱུ་ཡིན་པ་དེའི་ཕྱིར། དེས་ན་ཡིད་བློ་སྔ་མ་ལ་བརྟེན་པའི་ལས་དེ་འདྲ་བའི་དབང་པོ་ཕྱི་མའི་འཕེན་བྱེད་ཡོད་པར་གྱུར་ན་ཕྱིས་ཀྱང་སྟེ་འཆི་ཁ་ཐ་མའི་ཚེ་ཆོས་ཅན། ཡིད་བློ་ལས་དབང་པོ་སྐྱེ་བ་དེ་འདིར་འགྱུར་བ་ཡིན་ཏེ། དེའི་རྒྱུ་ཚོགས་ཚང་ཞིང་གེགས་མེད་པའི་ཕྱིར། རིགས་གཏེར་དུ། རྒྱུ་ཚོགས་ཚང་ཞིང་གེགས་མེད་པའི། །རྟགས་ཀྱིས་ཕྱི་མཐའ་ཐུག་མེད་འགྲུབ། །ཅེས་གསུངས་པ་འདིའི་དོན་ནོ། །གཉིས་པ་ནི། འོ་ན་ལུས་དང་སེམས་དག་ཕན་ཚུན་རྗེས་སུ་བྱེད་པ་ཅན་ཉིད་དོ་ཞེས་གསུངས་པའི་ལུང་དུ་འགལ་ལོ་ཞེ་ན། དེ་ལྟ་བུའི་ལུང་ཆོས་ཅན། ཡིད་བློ་ལུས་ལ་དངོས་སུ་རྟེན་པར་མ་བཤད་དེ། ལུས་ཀྱིས་ལུས་ཤེས་ལ་ཕན་འདོགས། ལུས་དེའི་ཤེས་པས་ཡིད་བློ་ལ་ཕན་འདོགས་པའི་ཕྱིར་ན་ཡིད་ནི་ལུས་ལ་བརྒྱུད་ནས་བརྟེན་པར་བཤད་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་དབང་པོ་ཡིད་བློའི་དངོས་རྟེན་ཡིན་ཏེ། དབང་པོ་མེད་པ་ཡིད་བློ་སྐྱེ་བ་མ་ཡིན་པའི་ཕྱིར་ཞེ་ན། ཡིད་བློ་དེ་ཆོས་ཅན། ཁྱོད་ཀྱང་དབང་པོའི་དངོས་རྟེན་དུ་ཐལ། དབང་པོ་དེ་ཡང་ཁྱོད་མེད་པར་སྐྱེ་བ་མིན་པའི་ཕྱིར། འདོད་པ་དེ་ལྟ་ནའང་བློ་དབང་གཉིས་པོ་ཆོས་ཅན། ཤི་བའི་འོག་ཏུ་ཕན་ཚུན་རྒྱུ་ཅན་ཏེ་འབྲས་བུ་ཡིན་པར་ཐལ། འཆི་ཁའི་ཚེ་ཕན་ཚུན་རྒྱུ་ཉིད་ཡིན་པས་དེའི་ཕྱིར། གསུམ་པ་ལ་གཉིས་ཏེ། ཧ་ཅང་ཐལ་བའི་རིགས་པ་དགོད། །ཉེས་སྤོང་ཁས་བླངས་འགལ་བས་དགག་པའོ། །དང་པོ་ནི། རྒྱང་འཕེན་པས་ལུས་རྟག་པ་ལས་ཡིད་བློ་སྐྱེ་བར་ཁས་བླངས་པ་ལྟར་ན་ལུས་ཆོས་ཅན། ཁྱོད་ལས་ཡིད་རིམ་ཅན་དུ་སྐྱེ་བ་མིན་པར་ཐལ། ཁྱོད་རིམ་ཅན་མིན་པའི་རྟག་པ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་ཁྱབ་པ་མེད་དེ། ལུས་རྟག་པས་རྐྱེན་ལ་ལྟོས་ནས་ཡིད་རིམ་ཅན་དུ་བསྐྱེད་པའི་ཕྱིར་ཞེ་ན། ལུས་ཆོས་ཅན། རྐྱེན་ལ་ལྟོས་པའང་མེད་པར་ཐལ། རྐྱེན་གྱིས་ཁྱད་པར་ཅན་དུ་བྱ་བ་མིན་པའི་ཕྱིར་རོ། །གལ་ཏེ་བློ་རིམ་ཅན་ལ་ལྟོས་ནས་ལུས་རྟག་པ་ལས་ཀྱང་རིམ་གྱིས་བློ་སྐྱེ་བར་འགྱུར་བས་སྐྱོན་མེད་དོ་ཞེ་ན། ལུས་ཆོས་ཅན། དེའི་ཡང་རིམ་པ་གསལ་བར་བྱེད་པ་སྟེ་སྔ་ཕྱི་རིམ་པ་ཅན་དུ་ཐལ། བློ་རིམ་ཅན་ལ་ལྟོས་ནས་ཡིད་རིམ་ཅན་དུ་སྐྱེད་བྱེད་ཡིན་པའི་ཕྱིར་རོ། །འདོད་ན་ལུས་ཅན་ཆོས་ཅན། ཁྱོད་ཀྱི་ལུས་སེམས་གཉིས་ཀྱི་སྐད་ཅིག་སྔ་མ་སྔ་མ་ནི། སྐད་ཅིག་རེ་རེ་སྔོན་མེད་ཕྱི་མ་དེའི་རྒྱུ་ཡིན་པར་ཐལ། ཁྱོད་ཀྱི་ལུས་སེམས་སྔ་ཕྱི་རིམ་པ་ཅན་གྱི་རྒྱུན་ལྡན་ཡིན་པའི་ཕྱིར། འདོད་ན། ལུས་ཅན་ཆོས་ཅན། ལུས་སེམས་སྔ་མ་ལུས་སེམས་ཕྱི་མའི་རྒྱུ་ཡིན་པ་དེ་ཐམས་ཅད་ཀྱི་ཚེ་ན་ཁྱོད་འཆི་ཁ་ཐ་མའི་ཚེ་ན་ཡང་མཐོང་བ་ཉིད་དུ་ཐལ། ཁྱོད་ཀྱི་ལུས་སེམས་སྔ་མ་ལུས་སེམས་ཕྱི་མའི་རྒྱུ་ཡིན་པ་དེའི་ཕྱིར་ནའོ། །འདོད་ན་སྐྱེ་བ་ཕྱི་མ་གྲུབ་བོ། །གཉིས་པ་མཚམས་སྦྱོར་འགལ་བ་མེད་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། འཆི་སེམས་ཡིན་པའི་རྟགས་མ་ངེས། །དེ་ཡི་མཐུན་དཔེ་ཆོས་ཀྱིས་སྟོང་། །མི་སྟོང་པ་ཡི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། རྒྱང་འཕེན་པ་ན་རེ། ཐ་མལ་པ་འཆི་ཁ་ཐ་མའི་སེམས་ཆོས་ཅན། རིག་པ་ཕྱི་མར་མཚམས་མི་སྦྱོར་ཏེ། འཆི་སེམས་ཡིན་པའི་ཕྱིར། དགྲ་བཅོམ་པའི་འཆི་སེམས་བཞིན་ཞེ་ན། འཆི་ཁ་ཐ་མའི་སེམས་ཡིན་པ་ནི་ཆོས་ཅན། ཁྱོད་ཐ་མལ་པ་འཆི་ཁ་ཐ་མའི་སེམས་རིག་པ་ཕྱི་མ་མཚམས་མི་སྦྱོར་བར་བསྒྲུབ་པའི་གཏན་ཚིགས་ཡང་དག་མིན་པར་ཐལ། ཁྱོད་སེམས་གཞན་དང་མཚམས་སྦྱོར་བ་ལ་ཚད་མ་དང་འགལ་བ་དག་ནི་ཅི་ཞིག་ཡོད་དེ་མེད་པའི་ཕྱིར་རོ། །གཉིས་པ་ནི། དགྲ་བཅོམ་པ་འཆི་ཁའི་སེམས་གང་ཡིན་པ་དེ་ཡང་ཆོས་ཅན། ཁྱོད་ཐ་མལ་པ་འཆི་ཁའི་སེམས་རིག་པ་ཕྱི་མ་མཚམས་མི་སྦྱོར་བར་སྒྲུབ་པའི་མཐུན་དཔེ་ཡང་དག་མིན་པར་ཐལ། ཁྱོད་ཚད་མ་གང་ལས་མཚམས་སྦྱོར་བ་མེད་པར་འདོད་དེ། སྒྲུབ་བྱེད་ཚད་མ་མེད་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། སངས་རྒྱས་པ་ཡི་ལུང་གིས་གྲུབ་པ་དགག །རྒྱང་འཕེན་རང་གི་རིགས་པས་གྲུབ་པ་དགག་པའོ། །དང་པོ་ནི། སངས་རྒྱས་པ་ཁྱེད་ཀྱི་གྲུབ་མཐའ་ལས་གྲགས་པས་དཔེ་ཉིད་དུ་བརྗོད་དོ་ཞེ་ན། རྒྱང་འཕེན་པ་ཆོས་ཅན། སངས་རྒྱས་པའི་གྲུབ་མཐའ་ལས་དགྲ་བཅོམ་པའི་འཆི་སེམས་མཚམས་སྦྱོར་མེད་པར་འདོད་མི་རིགས་པར་ཐལ། སངས་རྒྱས་པའི་གྲུབ་མཐའ་དེ་གྲུབ་མཐའ་ཚད་མ་མ་ཡིན་པ་གང་ཞིག ཚད་མས་མ་གྲུབ་པའི་དོན་སྟོན་པ་ཅན་གྱི་གྲུབ་མཐའི་རྗེས་སུ་འབྲང་ངམ་ཅི་སྟེ་འབྲང་མི་རིགས་པའི་ཕྱིར། འདིར་ལྷ་ཤཱཀ་གིས་དགྲ་བཅོམ་འཆི་ཁའི་སེམས་ཀྱིས་སེམས་ཕྱི་མ་མི་སྐྱེད་པ་ངེས་དོན་བསྐྱེད་པ་དྲང་དོན་དུ་བཤད་ཅིང་། ཉི་མ་སོགས་ཀྱིས་དེ་ལས་བཟློག་པར་བཤད་ཀྱང་། རྒྱང་འཕེན་པ་ལ་ཁས་བླངས་ནང་འགལ་སྟོན་པའི་ཆེད་དུ་དགྲ་བཅོམ་འཆི་ཁའི་སེམས་མཚམས་སྦྱོར་མེད་པའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས་པ་ཙམ་ཡིན་གྱི་རང་ལུགས་ལ་མཚམས་སྦྱོར་བར་འདོད་པ་ནི་མ་ཡིན་ནོ། །གཉིས་པ་ལ་བཞི་སྟེ། འདོད་པ་བརྗོད་དེ་དྲི་བ་དགོད། །འགོག་བྱེད་རིགས་པ་རྒྱས་པར་བཤད། །དེ་ལ་འཁྲུལ་པའི་རྩོད་པ་སྤོང་། །བཀག་པས་གྲུབ་པའི་མཇུག་སྡུད་བསྟན་པའོ། །དང་པོ་ནི། གལ་ཏེ་དགྲ་བཅོམ་འཆི་ཁའི་སེམས་ཀྱིས་སེམས་ཕྱི་མ་མི་བསྐྱེད་དེ། སེམས་དེའི་རྒྱུ་ལུས་དང་བྲལ་བའི་ཕྱིར་ཞེ་ན། རྒྱུ་ལུས་དང་བྲལ་བ་དེ་ཉིད་ཆོས་ཅན། ཐ་མལ་པ་འཆི་ཁ་ཐ་མའི་སེམས་ཕྱི་མ་མི་སྐྱེད་པར་བསྒྲུབ་པའི་སྐབས་འདིར་ནི་ཅིས་མ་བརྗོད་དེ་བརྗོད་རིགས་པར་ཐལ། དཔེའི་སྒྲུབ་བྱེད་དུ་བརྗོད་རིགས་པ་གང་ཞིག རྒྱུ་མཚན་མཚུངས་པའི་ཕྱིར། འདོད་ན་ཁྱབ་པ་མ་ངེས་པའི་འཆི་སེམས་ཀྱིས་ཅི་ཞིག་བྱ་སྟེ་དོན་མེད་དོ། །གཉིས་པ་ལ་དྲུག་སྟེ། ལུས་ཉིད་ཡིད་བློའི་དངོས་རྒྱུ་ཡིན་པ་དགག །ལུས་སེམས་ཉེར་ལེན་ཅན་གྱི་རྒྱུ་འབྲས་དགག །སྐྱེད་བྱེད་མིན་པའི་རྟེན་དང་བརྟེན་པ་དགག །རིགས་པ་གཞན་གྱིས་ལུས་སེམས་རྒྱུ་འབྲས་དགག །ཡིད་བློ་ལུས་ཀྱི་རང་བཞིན་ཡིན་པར་དགག །ལུས་ལ་བརྟགས་ནས་ཡིད་བློ་བསྐྱེད་པ་དགག་པའོ། །དང་པོ་ལ་གསུམ་སྟེ། དངོས་རྒྱུ་ཡིན་པ་བརྟགས་ནས་དགག །རྒྱུ་ཙམ་ཡིན་ཡང་ལྡོག་བྱེད་མིན། །དངོས་རྒྱུ་ཡིན་ན་ཧ་ཅང་ཐལ་བའོ། །དང་པོ་ནི། རྟགས་དེ་དཔེ་དང་རྩོད་གཞི་གཉིས་ཀ་ལ་རིག་པ་ཕྱི་མ་མི་སྐྱེད་པའི་བསྒྲུབ་བྱེད་ཉིད་དུ་ངེད་བརྗོད་དོ་ཞེ་ན། ཡིད་བློ་ལུས་ལས་སྐྱེ་ན་དབང་པོ་དང་བཅས་པའམ་དབང་པོ་མེད་པའི་ལུས་ལས་སྐྱེ། རེ་ཞིག་དབང་པོ་དང་བཅས་པའི་ལུས་ལས་ཡིད་ཤེས་དངོས་སུ་སྐྱེ་བ་མིན་ཏེ། སྐྱེ་ན་ཡིད་ཤེས་ཆོས་ཅན། མིག་དེའི་བློ་བཞིན་དུ་གཟུགས་གསལ་བར་འཛིན་པར་འགྱུར་བར་ཐལ། མིག་གི་དབང་པོ་ལས་དངོས་སུ་སྐྱེས་པའི་གཞན་རིག་གི་ཤེས་པ་ཡིན་པའི་ཕྱིར། དབང་པོ་ལྷག་མ་རྣམས་ལའང་དེ་ལྟར་སྦྱར་ཏེ་དེས་དབང་པོ་རེ་རེ་ལས་སྐྱེ་བ་བཀག་ནས་ལྔ་ཆར་ཚོགས་པ་ལས་སྐྱེ་འོ་ཞེ་ན། དབང་པོ་ལྔ་ཆོས་ཅན། ཁྱོད་ཀུན་ཚོགས་པ་ལས་ཀྱང་ནི་ཡིད་ཤེས་གཅིག་དངོས་སུ་སྐྱེ་བ་མ་ཡིན་པར་ཐལ། རང་གི་བདག་འབྲས་སུ་གྱུར་པའི་མིག་ཤེས་སོགས་སོ་སོར་སྐྱེད་པའི་ནུས་པ་ཐ་དད་དུ་ཡོད་པའི་ཕྱིར་རོ། །དབང་པོ་མེད་པའི་ལུས་ལས་ཡིད་བློ་དེ་དངོས་སུ་སྐྱེ་ན། གཞན་དབང་པོ་མེད་པའི་ལུས་ཆོས་ཅན། ཁྱོད་ལས་ཡིད་བློ་རྟོག་པ་དངོས་སུ་སྐྱེ་བ་མིན་ཏེ། ཁྱོད་སེམས་མེད་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་ལུས་སེམས་རྟེན་དང་བརྟེན་པ་མ་ཡིན་ན་ལྷན་ཅིག་ཏུ་གནས་པ་དང་འགལ་ལོ་ཞེ་ན། ལུས་ཅན་གྱི་ལུས་དང་ཡིད་བློ་རྟོག་པ་ཆོས་ཅན། རྟེན་དང་བརྟེན་པ་ཡིན་པའི་རྒྱུ་མཚན་གྱིས་ལྷན་ཅིག་གནས་པ་མིན་ཏེ། རྟེན་དང་བརྟེན་པ་མིན་ཡང་རྒྱུ་གཅིག་ལས་སྐྱེས་པའི་ཕྱིར་ན་ལྷན་ཅིག་ཏུ་གནས་པ་ཡིན་པའི་ཕྱིར། དཔེར་ན་ལུས་ཅན་འགའ་ཞིག་གི་དབང་པོ་ལྔ་ལྷན་ཅིག་གནས་པ་བཞིན་དང་། ཚོགས་པ་གཅིག་ལ་རག་ལས་པའི་གཟུགས་དང་རོ་ལྷན་ཅིག་གནས་པ་བཞིན་ནོ། །གལ་ཏེ་ལུས་ནད་ལ་སོགས་པས་འགྱུར་ན་ཡིད་འགྱུར་བའི་ཕྱིར། ཡིད་ལུས་ལ་དངོས་སུ་བརྟེན་པ་ཡིན་ནོ་ཞེ་ན། གཞན་ལ་མཚོན་བསྣུན་པའི་ཁྲག་ལ་སོགས་པའི་ཕྱིའི་དོན་འགའ་ཞིག་ཀྱང་ཆོས་ཅན། ཁྱོད་ཡིད་བློའི་རྟེན་དུ་ཐལ། ཁྱོད་ཀྱི་སྒོ་ནས་ཀྱང་ཡིད་འགྱུར་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དེ་རྒྱུ་ཞེས་པའི་དོན། ལུས་དེ་སེམས་ཀྱི་ཁྱད་པར་ལ་ཕན་པའི་རྒྱུ་ཡིན་པ་ལ་བྱེད་ན་དེ་དང་བྲལ་ན་སེམས་མེད་པས་མ་ཁྱབ་སྟེ། འདི་ལྟར་འབྲས་བུ་རྣམས་ཆོས་ཅན། ཆོས་གང་ཞིག་རང་གི་སྔར་ཡོད་པས་རང་གི་ངོ་བོ་ལ་ཕན་འདོགས་བྱེད་དེ་རང་གི་ཉེར་ལེན་གྱི་རྒྱུ་ཡིན་པས་དེ་ལོག་ན་ལྡོག་སྟེ། རྟག་ཏུ་ངེས་པ་རང་གི་སྔར་ཡོད་པས་རང་གི་ངོ་བོ་ལ་ཕན་འདོགས་བྱེད་དེའི་རྗེས་སུ་འཇུག་པའི་ཕྱིར། རྒྱུ་སྔར་དང་འབྲས་བུ་ཕྱིས་འབྱུང་བ་དེའི་ཕྱིར་བཅོམ་ལྡན་འདས་ཆོས་ཅན། འདི་ཡོད་ན་འདི་འབྱུང་ཞེས་དང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་གསུངས་པའི་འདི་ཡོད་ན་ཞེས་བདུན་པའི་ཚིག་དང་། འདི་སྐྱེས་པའི་ཕྱིར་ཞེས་ལྔ་པའི་ཚིག་གིས་རྒྱུ་སྔར་ཡོད་དུ་བསྟན་ལ། འདི་འབྱུང་ཞེས་པ་དང་། འདི་སྐྱེ་ཞེས་པའི་ཚིག་གཉིས་ཀྱིས་ནི་འབྲས་བུ་ཕྱིས་ཡོད་དུ་བཤད་པ་ཡིན་ཏེ། རྒྱུ་སྔར་ཡོད་དང་འབྲས་བུ་ཕྱིས་བྱུང་རྟོགས་པའི་ཆེད་དུ་དེ་ལྟར་བསྟན་དགོས་པའི་ཕྱིར་དེ་འདྲའི་ཉེར་ལེན་དང་། ཉེར་ལེན་ཅན་གྱི་མཚན་ཉིད་ནི་ལུས་སེམས་ལ་མ་གྲུབ་ལ། གནས་སྐབས་འགའ་ཞིག་གི་ཚེ་ན་སེམས་ཀྱི་རྒྱུན་གྱི་གནས་སྐབས་ལ་ལུས་ཀྱིས་བརྒྱུད་ནས་ཕན་འདོགས་པར་བྱེད་པའང་ཡིན་སླ་སྟེ། སེམས་ཀྱི་གནས་སྐབས་ལ་ཕན་འདོགས་པ་དེ་ཙམ་གྱིས་ནི་ཆོས་ཅན། ལུས་ལྡོག་པས་སེམས་རྒྱུན་ལྡོག་པར་འགྲུབ་པ་མིན་ཏེ། ལུས་དེ་སེམས་ཀྱི་ཉེར་ལེན་དུ་མ་གྲུབ་པའི་ཕྱིར། དཔེར་ན་བུམ་སོགས་ཀྱི་ཁྱད་པར་སྲ་བ་སོགས་ལ་ནི་མེ་ལ་སོགས་པས་ཕན་འདོགས་ཀྱང་མེ་ལོག་པས་བུམ་སོགས་ཀྱི་རྒྱུན་མི་ལྡོག་པ་བཞིན་ནོ། །གསུམ་པ་ལ་གསུམ་སྟེ། ཧ་ཅང་ཐལ་བའི་རིགས་པ་དགོད། །མཐུན་རྐྱེན་མེད་པའི་གཞན་ལན་དགག །འགལ་རྐྱེན་གནས་པའི་གཞན་ལན་དགག་པའོ། །དང་པོ་ནི། དེ་རྒྱུ་ཞེས་པའི་དོན་ལུས་དེ་སེམས་ཀྱི་དངོས་རྒྱུར་འདོད་ན། ཤི་ལུས་ཆོས་ཅན། སེམས་ལྡོག་པ་མེད་པར་ཐལ་བར་འགྱུར་ཏེ། སེམས་ཀྱི་དངོས་རྒྱུ་ལུས་ནི་གནས་པ་ཉིད་ན་སྟེ་ལུས་ཡོད་པའི་ཕྱིར་རོ། །གཉིས་པ་ནི། ཤི་ལུས་ཆོས་ཅན། སེམས་མེད་དེ། སེམས་ཀྱི་མཐུན་རྐྱེན་དབུགས་མེད་པའི་ཕྱིར་ཞེ་ན། སེམས་དེ་ཆོས་ཅན། ཁྱོད་ལས་དབུགས་འབྱུང་རྔུབ་སྐྱེ་བ་ཡིན་གྱི། དབུགས་དེ་ལས་ཁྱོད་ཀྱི་རྒྱུན་སྐྱེ་བ་མ་ཡིན་ཏེ། དབུགས་ལ་ཕན་འདོགས་པའི་ཁྱོད་ཉིད་ཡོད་ན་དབུགས་ཡོད་པ་དང་། དབུགས་དེ་ཁྱོད་ཀྱི་གཞན་དབང་དུ་འགྱུར་བ་ཡིན་པའི་ཕྱིར་ཏེ། རླུང་ཕྱིར་འབྱིན་པ་དང་ནང་དུ་འདྲེན་པ་ནི་ཁྱོད་ཀྱི་འབད་རྩོལ་མེད་པར་གང་ལས་སྐྱེ་བ་ཡིན་ཏེ་མིན་པའི་ཕྱིར། གཞན་ཡང་སེམས་ཆོས་ཅན། དབུགས་འབྱུང་རྔུབ་དེ་དག་ཕུལ་དུ་བྱུང་བ་དང་འགྲིབ་པ་ལས་ཁྱོད་ཕུལ་དུ་བྱུང་བ་དང་འགྲིབ་པ་ཐོབ་པར་འགྱུར་བར་ཐལ། ཁྱོད་དབུགས་ཀྱི་ཉེར་ལེན་ལས་སྐྱེས་པའི་དངོས་པོ་ཡིན་པའི་ཕྱིར། གཞན་ཡང་ལུས་སེམས་ཀྱི་དངོས་རྒྱུར་འདོད་ཅིང་ཤི་ལུས་ལ་སེམས་ཀྱི་རྐྱེན་དབུགས་མེད་པར་འདོད་པ་དེ་དག་ལ་ཡང་ཤི་ལུས་ཆོས་ཅན། དབུགས་ཡོད་པར་ཐལ། དབུགས་ཀྱི་དངོས་རྒྱུ་ལུས་ཡོད་པའི་ཕྱིར་ཞེས་པའི་ཐལ་བ་མཚུངས་སོ། །ཁྱོད་སེམས་སྔ་མ་སེམས་ཕྱི་མའི་རྒྱུར་འདོད་པའི་ལུགས་ལ་ཡང་ཤི་ལུས་ལ་སེམས་ཡོད་པར་མཚུངས་སོ་ཞེ་ན། སེམས་ཀྱི་རྒྱུར་སེམས་ཡིན་ན། ཤི་ལུས་ཆོས་ཅན། སེམས་ཡོད་པར་ཐལ། སེམས་ཀྱི་རྒྱུ་ཚང་བའི་ཕྱིར་ཞེས་པའི་ཐལ་བ་མཚུངས་པ་མ་ཡིན་ཏེ། གང་གི་ཕྱིར་ན་ལུས་འདི་ལ་སེམས་གནས་པའི་འཕེན་བྱེད་གཞན་ཚེ་སྔ་མའི་ལས་དག་ཀྱང་ལུས་ལ་སེམས་གནས་པའི་རྒྱུ་ནི་ཡིན་པར་འདོད་པས་ཤི་ལུས་ལ་སེམས་གནས་པའི་རྒྱུ་མ་ཚང་བའི་ཕྱིར། གསུམ་པ་ལ་གསུམ་སྟེ། འདོད་པ་བརྗོད་དེ་གནོད་བྱེད་བསྟན། །དཔེ་ལ་བརྟེན་པའི་ཉེས་སྤོང་དགག །རིགས་པའི་རྣམ་གྲངས་བསྡུས་ཏེ་བསྟན་པའོ། །དང་པོ་ནི། གལ་ཏེ་སྡོང་བུ་ལ་སོགས་པ་སྒྲོན་མའི་རྒྱུ་ཡིན་ཡང་འགལ་རྐྱེན་རླན་ཡོད་ན་སྒྲོན་མེ་མི་སྐྱེད་པ་བཞིན་དུ་ལུས་སེམས་ཀྱི་དངོས་རྒྱུ་ཡིན་ཡང་ནད་ཀྱི་ཉེས་པས་མི་མཐུན་པ་སྟེ་འགལ་རྐྱེན་བྱས་པའི་ཤི་ལུས་སེམས་ཀྱི་རྒྱུ་མ་ཡིན་པས་ཤི་ལུས་ལ་སེམས་གནས་པར་ཐལ་བའི་སྐྱོན་མེད་དོ་ཞེ་ན། དུག་སོགས་ཀྱིས་ཤི་བས་དུག་སོགས་ཀྱི་ཉེས་པ་ཉམས་པ་སྟེ་ལོག་པར་གྱུར་པའི་ཚེ་ཆོས་ཅན། སླར་ཡང་འཚོ་བ་དག་ཏུ་འགྱུར་བར་ཐལ། འཚོ་བའི་འགལ་རྐྱེན་ནད་མེད་ཅིང་འཚོ་བའི་དངོས་རྒྱུ་ལུས་ཚང་བའི་ཕྱིར། གཉིས་པ་ནི། གལ་ཏེ་ཁྱབ་པ་མེད་དེ། ཤིང་བསྲེགས་ཟིན་པའི་རྗེས་སུ་མེ་ནི་ལྡོག་ན་ཡང་ཤིང་གི་འགྱུར་བ་སོལ་བ་སོགས་ཤིང་དུ་མི་ལྡོག་པ་བཞིན་དུ་ཤི་བ་ན་སེམས་འགྱུར་བའི་རྒྱུ་དུག་སོགས་ལོག་ན་ཡང་སེམས་དེ་ནི་ལྡོག་པ་མེད་པའི་ཕྱིར་ཞེ་ན། དུག་སོགས་ཀྱིས་བྱས་པའི་ལུས་སེམས་ཀྱི་འགྱུར་བ་ཆོས་ཅན། ཤིང་ཚིག་པ་དང་འདྲ་བར་གསོར་མི་རུང་བ་མིན་པར་ཐལ། གསོ་བའི་སྦྱོར་བ་སྟེ་ཐབས་ཡོད་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། འགྱུར་བ་སྐྱེད་བྱེད་ཀྱི་རྒྱུ་ལ་གཉིས་ལས་དངོས་པོ་འགའ་ཞིག་ནི་དཔེར་ན་ཤིང་ལ་མེས་བྱས་པའི་འགྱུར་བ་བཞིན་དུ་འགྱུར་བྱེད་ཀྱི་རྐྱེན་གྱིས་གནས་སྐབས་ལ་ལར་སླར་མི་འབྱུང་བར་འགྱུར་བ་སྐྱེད་པར་བྱེད། དངོས་པོ་འགའ་ཞིག་ནི་གསེར་ལ་མེས་བྱས་པའི་འགྱུར་བ་བཞིན་དུ་འགྱུར་བྱེད་ཀྱི་རྐྱེན་གྱིས་ལྡོག་རུང་གི་འགྱུར་བ་སྐྱེད་པ་ཡིན་པའི་ཕྱིར་དང་། དེ་ལྟར་གཉིས་ལས་དང་པོ་ལྡོག་མི་རུང་གི་འགྱུར་བ་ནི་ཆུང་ཡང་སླར་ལྡོག་པ་མིན་ལ། གཉིས་པ་སླར་ལྡོག་ཏུ་རུང་བར་འགྱུར་བ་བྱས་པ་གང་ཡིན་པ་དེ་ནི་སླར་ཡང་འབྱུང་བར་འགྱུར་བའི་ཕྱིར་ཏེ། གསེར་གྱི་འགྱུར་བ་ཞུ་བ་དེ་སླར་ཡང་སྲ་བ་ཉིད་དུ་འགྱུར་བ་བཞིན་ནོ། །འོ་ན་སྨན་གྱི་བསྟན་བཅོས་ལས་གསོར་མི་རུང་གི་ནད་བཤད་པ་དང་འགལ་ལོ་ཞེ་ན། སྨན་གྱི་བསྟན་བཅོས་ལས་ཅུང་ཟད་ཀྱང་གསོ་བྱ་མིན་པའི་ནད་ཡོད་པར་བརྗོད་པ་དེ་ཆོས་ཅན། ནད་ཀྱི་ཉེས་པ་འབའ་ཞིག་ལ་དགོངས་ནས་གསུངས་པ་མ་ཡིན་ཏེ། ནད་འཆོས་པར་བྱེད་པའི་སྨན་པ་དང་སྨན་རྙེད་པར་དཀའ་བའི་ཕྱིར་རམ་ནད་པའི་ཚེ་ཟད་པ་ལ་དགོངས་ནས་གསུངས་པའི་ཕྱིར་རོ། །དེ་ལས་གཞན་དུ་ནད་ཀྱི་ཉེས་པ་འབའ་ཞིག་ཡིན་ན་གསོ་བྱ་མིན་པའི་ནད་མེད་པ་ཉིད་དུ་ཐལ། ནད་ཡིན་ན་སྨན་གྱི་གསོར་རུང་ཡིན་པས་ཁྱབ་པའི་ཕྱིར། གསུམ་པ་ནི། ཤི་བའི་རྗེས་ལ་ལུས་དེ་ལ་དུག་དང་རིམས་སོགས་ལྡོག་པའི་ཕྱིར་རམ། ཡང་ན་དུག་སྦྲུལ་དེ་ཡི་སོས་ཟིན་པའི་ཤ་བཅད་པ་ལས་ཀྱང་ཆོས་ཅན། ཤི་ཟིན་དེ་ཅིས་སླར་ཡང་འཚོ་བར་མི་འགྱུར་ཏེ་འཚོ་བར་ཐལ། སེམས་འགྱུར་བའི་རྒྱུ་འགལ་རྐྱེན་དང་བྲལ་བའི་ལུས་ཡོད་པས་ནའོ། །གཉིས་པ་ལ་བཞི་སྟེ། ཉེར་ལེན་ཡིན་ན་ལྡོག་པ་གྲུབ། །ལྡོག་པ་མིན་ན་ཉེར་ལེན་མིན། །དེ་ཉིད་སྐབས་ཀྱི་དོན་ལ་སྦྱར། །ལྷན་ཅིག་གནས་དང་འགལ་བ་སྤང་བའོ། །དང་པོ་ནི། སྤྱིར་ཉེར་ལེན་གྱི་རྒྱུ་དེ་འགྱུར་བ་མེད་པར་ནི་ཉེར་ལེན་ཅན་གྱི་འབྲས་བུ་དག་འགྱུར་བར་ནི་བྱེད་པར་མི་ནུས་ཏེ། དཔེར་ན་འཇིམ་པ་འགྱུར་བ་མེད་པར་འཇིམ་པའི་ཉེར་ལེན་ལས་བྱུང་བའི་བུམ་སོགས་འགྱུར་བ་མེད་པ་བཞིན་ནོ། །གཉིས་པ་ནི། རྒྱུའི་དངོས་པོ་གང་འགྱུར་བ་མེད་པར་ནི་འབྲས་བུའི་དངོས་པོ་གང་ཞིག་རྣམ་པར་འགྱུར་བའི་རྒྱུ་དེ་འབྲས་བུ་དེའི་ཉེར་ལེན་དུ་མི་རིགས་ཏེ། དཔེར་ན་བ་གླང་འགྱུར་བ་མེད་པར་བ་མེན་ལ་སོགས་འགྱུར་བ་ཡོད་པས་བ་གླང་དེ་བ་མེན་གྱི་ཉེར་ལེན་དུ་མི་རིགས་པ་བཞིན་ནོ། །གསུམ་པ་ནི། སེམས་དང་ལུས་ཀྱང་ཆོས་ཅན། བ་གླང་དང་བ་མེན་དེ་བཞིན་དུ་ཉེར་ལེན་དང་ཉེར་ལེན་ཅན་མ་ཡིན་པར་ཐལ། རྗེས་སུ་འགྲོ་ལྡོག་མ་གྲུབ་པའི་ཕྱིར། བཞི་པ་ནི། གལ་ཏེ། ལུས་སེམས་ཉེར་ལེན་དང་ཉེར་ལེན་ཅན་མ་ཡིན་ན་ལྷན་ཅིག་གནས་པ་དང་འགལ་ལོ་ཞེ་ན། ལུས་ཅན་གྱི་ལུས་སེམས་གཉིས་ཆོས་ཅན། ཉེར་ལེན་དང་ཉེར་ལེན་ཅན་ཡིན་པའི་རྒྱུ་མཚན་གྱིས་ལྷན་ཅིག་གནས་པ་མ་ཡིན་ཏེ། ལུས་དེའི་ཉེར་ལེན་གྱི་རྒྱུས་ལུས་ཕྱི་མ་བསྐྱེད་པའི་ལྷན་ཅིག་བྱེད་རྐྱེན་སེམས་ཀྱིས་བྱས་པ་ལས་སྐྱེ་བའི་འབྲས་བུ་ཡིན་པའི་ཕྱིར་ན་ལྷན་ཅིག་གནས་པ་ཡིན་པའི་ཕྱིར། དཔེར་ན། ཟངས་མེས་བསྲེགས་པའི་ཚེ་མེ་དང་ཟངས་མའི་ཞུ་བ་ཉིད་རྒྱུ་གཅིག་ལས་སྐྱེས་པས་ལྷན་ཅིག་ཏུ་གནས་པ་བཞིན་ནོ། །གསུམ་པ་ལ་གཉིས་ཏེ། ཐལ་བ་དགོད། གཞན་ལན་དགག་པའོ། །དང་པོ་ནི་ལུས་ཆོས་ཅན། ཡིད་བློའི་དངོས་རྟེན་མ་ཡིན་པར་ཐལ། རང་དུས་ན་ཡོད་པ་དང་མེད་པའི་སེམས་དག་ལ་ཁྱོད་བརྟེན་དུ་མེད་པའི་ཕྱིར། གཉིས་པ་ལ་བཞི་སྟེ། གྲུབ་ཟིན་གནས་པའི་ཚུལ་གྱིས་བརྟེན་པ་དགག །གྲུབ་ཟིན་གནས་པར་བྱེད་པའི་མཐུན་དཔེ་དགག །ཚུལ་དེས་གྲུབ་ཟིན་གནས་པ་གཞན་ཡང་ཁེགས། །གནས་རྒྱུས་གནས་པ་འགོག་བྱེད་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། རྣམ་པར་བརྟགས་ནས་དགག །ཧ་ཅང་ཐལ་བས་དགག་པའོ། །དང་པོ་ནི། གལ་ཏེ་གཏན་ཚིགས་དང་པོ་མ་གྲུབ་སྟེ། ཡོད་པར་གྲུབ་ཟིན་པའི་སེམས་གནས་པའི་རྒྱུ་ལུས་ནི་སེམས་ཀྱི་རྟེན་ཡིན་པའི་ཕྱིར་ཞེ་ན། ལུས་འདི་ཆོས་ཅན། སེམས་གྲུབ་ཟིན་གནས་པའི་རྟེན་དུ་མེད་དེ། སེམས་ཀྱི་གནས་པ་སེམས་དང་གཅིག་དང་ཐ་དད་གང་བྱེད་བརྟགས་ན་མི་འཐད་པའི་ཕྱིར། འདི་ལྟར་སེམས་ཀྱི་གནས་པ་དེ་གནས་པ་པོ་སེམས་དང་གཅིག་ཡིན་ན། སེམས་ཀྱི་གནས་པ་ཆོས་ཅན། ལུས་ཀྱིས་ཁྱོད་མ་སྐྱེད་པར་ཐལ། ཁྱོད་གནས་པ་པོ་སེམས་ལས་གཞན་མིན་པས་སེམས་ཀྱི་རྒྱུ་ལས་སྐྱེས་པའི་ཕྱིར། སེམས་ཀྱི་གནས་པ་དེ་གནས་པ་པོ་སེམས་ལས་གཞན་ཡིན་ན་ཡང་ལུས་དེས་ནི་ཆོས་ཅན། སེམས་གནས་པའི་དངོས་པོ་ཅི་ཞིག་བྱས་ཏེ་མ་བྱས་པར་ཐལ། སེམས་ལས་གཞན་པའི་སེམས་ཀྱི་གནས་པ་དེའི་རྒྱུ་ཉིད་ཡིན་པའི་ཕྱིར། །གཉིས་པ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི་སེམས་ཆོས་ཅན། འཇིག་པ་མེད་པར་ཐལ་བར་འགྱུར་ཏེ། རང་མི་འཇིག་པར་གནས་པར་བྱེད་པའི་རྟེན་ལུས་རྟག་ཏུ་ཡོད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ལུས་ཀྱིས་སེམས་མི་འཇིག་པར་བྱེད་ཀྱང་སེམས་དེ་འཇིག་རྒྱུ་དང་ཕྲད་པ་ལས་འཇིག་པར་འདོད་པས་སྐྱོན་མེད་དོ་ཞེ་ན། སེམས་ཀྱི་འཇིག་པ་ཕྱིས་ཀྱི་རྒྱུས་བསྐྱེད་པར་འདོད་པ་དེ་ལའང་སེམས་ཀྱི་འཇིག་པ་སེམས་དང་གཅིག་གམ་ཐ་དད་བརྟགས་པའི་ཐལ་བ་མཚུངས་པ་ཡིན་ཏེ། སེམས་ཀྱི་འཇིག་པ་སེམས་དང་གཅིག་ཡིན་ན་ཕྱིས་ཀྱི་རྒྱུས་བསྐྱེད་མི་དགོས་ལ། ཐ་དད་ན་འཇིག་རྒྱུ་དེས་སེམས་འཇིག་པར་བྱེད་པ་མིན་པར་ཐལ། འཇིག་པ་སེམས་ལས་རྫས་གཞན་དུ་བྱས་པའི་ཕྱིར། གཞན་ཡང་སེམས་གནས་པའི་རྒྱུས་ཀྱང་ཆོས་ཅན། སེམས་མི་འཇིག་པ་ཅི་ཞིག་བྱས་ཏེ་མ་བྱས་པར་ཐལ། འཇིག་རྒྱུ་དང་མ་ཕྲད་ན་ཁྱོད་མེད་ཀྱང་སེམས་མི་འཇིག་པའི་ཕྱིར་དང་། འཇིག་རྒྱུ་དང་ཕྲད་ན་ཁྱོད་ཡོད་ཀྱང་སེམས་མི་འཇིག་པར་བྱེད་མི་ནུས་པའི་ཕྱིར། གལ་ཏེ་འཇིག་རྒྱུ་དང་ཕྲད་ཀྱི་བར་དུ་ལུས་དེས་སེམས་མི་འཇིག་པར་གནས་པར་བྱེད་དོ་ཞེ་ན། སེམས་ཆོས་ཅན། གནས་པའི་རྒྱུ་ལུས་ཀྱིས་ནི་ཁྱོད་ལ་ཅི་ཞིག་བྱ་སྟེ་དོན་མེད་པར་ཐལ། ཁྱོད་ཀྱི་འཇིག་པ་ཁྱོད་ཀྱི་དངོས་པོའི་ཆོས་ཉིད་དུ་ཡོད་པ་འདི་ལ་ཚད་མས་གནོད་པ་མེད་པའི་ཕྱིར། གཉིས་པ་ནི། གལ་ཏེ་གྲུབ་ཟིན་གནས་པའི་རྟེན་དཔེར་ན་ཆུ་གྲུབ་ཟིན་གནས་པའི་རྟེན་བུམ་པ་དང་། སོགས་ཀྱིས་བསྡུས་པ་ཡོན་ཏན་དང་སྤྱི་ལ་སོགས་པ་གྲུབ་ཟིན་གནས་པའི་རྟེན་རྫས་ཡིན་པ་བཞིན་དུ་ལུས་ཀྱང་སེམས་གྲུབ་ཟིན་གནས་པའི་རྟེན་ཡིན་ནོ་ཞེ་ན། བུམ་སོགས་ཆོས་ཅན། ཁྱོད་ཆུ་སོགས་མི་འཇིག་པར་གནས་པའི་རྟེན་དུ་མི་འཐད་པར་ཐལ། ཁྱོད་ཆུ་སོགས་མི་འཇིག་པར་གནས་པའི་རྟེན་དུ་འདོད་པ་འདི་ལའང་འདི་རྟེན་མེད་ཅེས་པ་ནས་ཅི་ཞིག་བྱས་ཞེས་པའི་བར་གྱི་གནོད་བྱེད་མཚུངས་པའི་ཕྱིར་རོ། །འོ་ན་དེ་དག་ལ་རྟེན་དང་བརྟེན་པའི་ཐ་སྙད་མཐོང་བ་ཇི་ལྟར་ཞེ་ན། བུམ་སོགས་དེ་ཆོས་ཅན། ཆུ་སོགས་མི་འཇིག་པར་གནས་པར་བྱེད་པའི་སྒོ་ནས་ཆུ་སོགས་ཀྱི་རྟེན་མིན་ཏེ། ཆུ་ལ་སོགས་པའི་དངོས་པོ་རྣམས་སྐད་ཅིག་རེ་རེར་ནི་འཇིག་པ་ཡིན་ན། དངོས་པོ་ཆུ་སོགས་ཀྱི་རྒྱུན་གོ་ས་མཚུངས་པ་དེ་ལྟ་བུ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ན་ཆུ་སོགས་ཀྱི་རྟེན་ཡིན་གྱི་རྟེན་གྱི་དོན་དེ་ལྟ་བུ་མིན་ན་རྟེན་དུ་རིགས་པ་མ་ཡིན་པའི་ཕྱིར་རོ། །སྣོད་ལ་སོགས་པ་ཆུ་སོགས་ཐུར་དུ་འབོ་བ་ཡི་ནི་གེགས་བྱེད་པའི་ཕྱིར་ན་ཆུ་སོགས་ཀྱིས་ནི་རྟེན་དུ་འགྱུར་གྱི། ཡོན་ཏན་དང་སྤྱི་དང་ལས་རྣམས་ལ་ནི་ཆོས་ཅན། རྟེན་དོན་གཞན་ཅི་དགོས་ཏེ་མི་དགོས་པར་ཐལ། ཡུལ་གཞན་དུ་འགྲོ་བའི་བྱ་བ་མེད་པ་ཅན་ཡིན་པའི་ཕྱིར། གསུམ་པ་ནི། གྲུབ་ཟིན་མི་འཇིག་གནས་པའི་རྟེན་དང་བརྟེན་པ་འགོག་པའི་རིགས་པ་འདིས་ནི་ཆོས་ཅན། རྟེན་དང་བརྟེན་པ་ཐ་དད་མེད་པ་འཕྲོད་པ་འདུ་བ་དང་། འཕྲོད་པ་འདུ་བ་ཅན་གྱི་རྒྱུ་བདག་ལ་སོགས་པ་དང་། བ་ལང་ཉིད་ལ་སོགས་པའི་རིགས་དང་། ལ་སོགས་པ་འབྱུང་བ་ལ་གནས་པའི་སེམས་དང་། སྣམ་བུ་ལ་གནས་པའི་དཀར་པོ་སོགས་རྟེན་གྱི་སྒོ་ནས་མི་འཇིག་པར་རྣམ་པར་གནས་པར་འདོད་པ་ཉིད་ཀྱང་བསལ་བ་ཡིན་ཏེ། མི་འཇིག་པར་གནས་པའི་རྟེན་མེད་པར་བསྟན་པའི་ཕྱིར་ནའོ། །བཞི་པ་ནི། གལ་ཏེ་འཇིག་རྒྱུ་གཞན་ལས་དངོས་པོ་དེ་འཇིག་ན་དངོས་པོ་ཆོས་ཅན། དེའི་མི་འཇིག་པར་གནས་པའི་རྒྱུས་དེ་མི་འཇིག་པར་ཅི་ཞིག་བྱས་ཏེ་མ་བྱས་པར་ཐལ། རྟེན་ཡོད་ཀྱང་འཇིག་རྒྱུས་འཇིག་པའི་ཕྱིར། གལ་ཏེ་དངོས་པོ་དེ་འཇིག་རྒྱུ་གཞན་མེད་པར་ངོ་བོ་ཉིད་ཀྱིས་འཇིག་ན་ཡང་དངོས་པོ་དེ་ཆོས་ཅན། མི་འཇིག་པར་གནས་པའི་རྒྱུ་རྣམས་ལ་ཁྱོད་མི་འཇིག་པར་བྱེད་པའི་ནུས་པ་མེད་པ་ཡིན་པར་ཐལ། ཁྱོད་ངོ་བོ་ཉིད་ཀྱིས་འཇིག་པའི་ཕྱིར། གཞན་ཡང་དངོས་པོ་ཐམས་ཅད་ནི་ཆོས་ཅན། འགའ་ཞིག་གི་ཚེ་ན་ཡང་འཇིག་པར་མི་འགྱུར་བར་ཐལ། མི་འཇིག་པར་གནས་པའི་རྟེན་དང་བཅས་པ་ཐམས་ཅད་མི་འཇིག་པ་གནས་པ་དང་ལྡན་པ་དང་། སྐྱེ་བ་ཅན་ཁྱོད་ཀུན་མི་འཇིག་པར་གནས་པའི་རྟེན་བཅས་ཡིན་པ་དེའི་ཕྱིར། གཞན་ཡང་དངོས་པོ་ཐམས་ཅད་རང་གི་ངང་གིས་འཇིག་གམ་མི་འཇིག དང་པོ་ལྟར་ན་དངོས་པོ་དེ་ཆོས་ཅན། མི་འཇིག་པར་གནས་པར་བྱེད་པའི་རྟེན་གཞན་གང་ཡོད་དེ་མེད་པར་ཐལ། གལ་ཏེ་རང་གི་ངང་གིས་འཇིག་པའི་ངང་ཚུལ་གྱི་བདག་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ལྟར་ན་དངོས་པོ་དེ་ཆོས་ཅན། མི་འཇིག་པར་གནས་པར་བྱེད་པའི་རྟེན་གཞན་གང་དགོས་ཏེ་མི་དགོས་པར་ཐལ། གལ་ཏེ་རང་གི་ངང་གིས་འཇིག་པའི་ངང་ཚུལ་གྱི་བདག་ཉིད་མིན་པར་འཇིག་མེད་དུ་གནས་པའི་ཕྱིར། བཞི་པ་ལ་བཞི་སྟེ། རྒྱུ་གཞན་འགོག་པའི་གཏན་ཚིག་དགོད། །མི་མཐུན་དཔེ་ལ་ལྡོག་ཁྱབ་བསྒྲུབ། །གཏན་ཚིགས་མ་གྲུབ་སྨྲ་བ་དགག །རང་རྒྱུ་སྒྲུབ་བྱེད་བསྡུས་ཏེ་བསྟན་པའོ། །དང་པོ་ནི། ཤེས་རབ་དང་སྙིང་རྗེ་ལ་སོགས་ཆོས་ཅན། ལུས་ཀྱི་ཉེར་ལེན་ལས་བྱུང་བ་མིན་ཏེ། ལུས་ཀྱི་ཕུལ་དུ་བྱུང་བ་དང་འགྲིབ་པ་ལ་དངོས་སུ་ལྟོས་པ་མེད་པར་བློ་ཡི་འཕེལ་འགྲིབ་བྱེད་པའི་ཁྱད་པར་གྱིས་ཕུལ་བྱུང་དང་འགྲིབ་པ་དག་ཏུ་འགྱུར་བ་ཡིན་པའི་ཕྱིར། གཉིས་པ་ནི། ཁྱབ་པ་མེད་དོ་ཞེ་ན། མར་མེའི་འོད་ལ་སོགས་པ་ཉེར་ལེན་ཕྱི་རོལ་གྱི་དོན་ལ་བརྟེན་པ་རྣམས་ལ་ཆོས་ཅན། རང་གི་ཉེར་ལེན་འཕེལ་འགྲིབ་མེད་བཞིན་དུ་བློ་ཡི་འཕེལ་འགྲིབ་ཀྱི་རྗེས་སུ་བྱེད་པ་འདི་ནི་ཡོད་པ་མ་ཡིན་ཏེ། བློ་ཡི་འཕེལ་འགྲིབ་ལ་མི་ལྟོས་པར་རང་གི་ཉེར་ལེན་འཕེལ་འགྲིབ་ཀྱི་རྗེས་སུ་འཕེལ་འགྲིབ་བྱེད་པ་ཡིན་པའི་ཕྱིར། གསུམ་པ་ནི། རྩ་བའི་གཏན་ཚིགས་མ་གྲུབ་སྟེ། ལུས་དར་གུད་ལས་ཤེས་རབ་གསལ་མི་གསལ་དུ་སྐྱེ་བའི་ཕྱིར་ཞེ་ན། ལུས་དར་རྒུད་དེ་ལས་ཀྱང་ཤེས་རབ་ལ་སོགས་པ་འདི་ཁྱད་པར་དུ་འགྱུར་བ་དེ་ཆོས་ཅན། ལུས་དར་རྒུད་ཀྱིས་ཤེས་རབ་ལ་དངོས་སུ་ཕན་བཏགས་པ་ལས་བྱུང་བ་མ་ཡིན་ཏེ། ལུས་དར་རྒུད་ཀྱིས་སེམས་དབང་ཤེས་ལ་ཕན་འདོགས་པ་མེད་པར་ཤེས་རབ་ལ་ཕན་པ་མིན་པས་ལུས་ཀྱིས་ཤེས་རབ་ལ་བརྒྱུད་ནས་ཕན་པ་ལས་བྱུང་བ་ཡིན་པའི་ཕྱིར། ཡང་ལུས་དར་རྒུད་ལས་ཆགས་སྡང་སྐྱེ་བས་རྩ་བའི་གཏན་ཚིགས་མ་གྲུབ་བོ་ཞེ་ན། ཚུལ་མིན་ཡིད་བྱེད་དང་ཚོགས་པ་འགའ་ཡི་ཚེ་ཆགས་པ་དང་སོགས་པ་ཞེ་སྡང་རིམ་པ་ལྟར་ལུས་རྒྱས་པ་དང་། སོགས་པ་རྒུད་པ་ཉིད་ཀྱིས་འཕེལ་བ་དེ་ཡང་ཆོས་ཅན། ལུས་དར་རྒུད་ལས་དངོས་སུ་སྐྱེས་པ་མིན་ཏེ། རིམ་པ་ལྟར་ལུས་དར་རྒུད་ལས་སྐྱེས་པའི་བདེ་སྡུག་ཏུ་གྱུར་པའི་དབང་ཤེས་ལས་སྐྱེས་པ་ཡིན་པའི་ཕྱིར་དང་། བདེ་སྡུག་དེ་ཡང་ལུས་དར་རྒུད་ལས་བྱུང་བའི་ཁམས་སྙོམས་པ་དང་། ལ་སོགས་པ་མ་སྙོམས་པའི་ནང་གི་དོན་རེག་བྱའི་ཁྱད་པར་ནི་ཉེ་བ་དང་། ལུས་ཀྱི་དབང་པོ་ཚོགས་པ་ལས་ལུས་ཤེས་ཀྱི་འཁོར་དུ་སྐྱེ་བ་ཡིན་པའི་ཕྱིར། ཆགས་སོགས་ལུས་ལས་དངོས་སུ་མི་སྐྱེ་བར་བསྟན་པ་འདིས་ནི་ཆོས་ཅན། འདུས་པའི་རིམས་ནད་དང་། ཆང་ལ་སོགས་པ་ལ་བརྟེན་ནས་དྲན་པ་ཉམས་པ་དང་། རྨོངས་པ་ལ་སོགས་པ་ཡང་ཆང་སོགས་ལས་དངོས་སུ་མི་སྐྱེ་བར་བཤད་པ་ཡིན་ཏེ། ཆང་སོགས་ཀྱིས་ནང་གི་དོན་རེག་བྱའི་ཁྱད་པར་བསྐྱེད་ཅིང་དེ་ལས་སྐྱེས་པའི་དབང་བློས་ནི་ཡིད་བློ་འགྱུར་བར་བྱེད་པ་ལས་དེ་དག་སྐྱེ་བར་བསྟན་པའི་ཕྱིར་རོ། །བརྒྱུད་ནས་ཕན་འདོགས་ཀྱང་ཉེར་ལེན་མ་ཡིན་པ་དཔེར་ན་རྒྱུད་ཀྱི་ཁྱད་པར་བ་སྔར་མ་འགའ་ཞིག་ལ་སྟག་ཉིད་བྱུང་ཞེས་པའི་སྒྲ་དང་ནི་གཞན་ལ་མཚོན་བསྣུན་པའི་ཁྲག་ལ་སོགས་པ་རིམ་པ་ལྟར་ཐོས་པ་དང་ནི་མཐོང་བ་ལས་ཡིད་རྨོངས་པ་དང་། སྐྲག་པ་ལ་སོགས་པ་བརྒྱུད་ནས་འབྱུང་བར་འགྱུར་ཡང་དེ་དག་གི་ཉེར་ལེན་ཅན་མ་ཡིན་པ་བཞིན་ནོ། །བཞི་པ་ནི། ལུས་ཡིད་བློའི་དངོས་རྒྱུ་མ་ཡིན་པ་དེའི་ཕྱིར་སེམས་ནི་ཆོས་ཅན། སེམས་སྔ་མ་ལ་བརྟེན་པ་ཡིན་ཏེ། སེམས་སྔ་མ་དེ་མེད་ན་མི་འབྱུང་བ་དེའི་ཕྱིར་ཏེ། ངེས་པར་སེམས་སྔ་མ་གང་ཉིད་ཀྱི་འདུ་བྱེད་གོམས་པ་ཉིད་ཀྱི་ནི་རྗེས་སུ་འཇུག་པའི་ཕྱིར་རོ། །ལྔ་པ་ལ་གསུམ་སྟེ། ལུས་སེམས་གཅིག་པ་ཧ་ཅང་ཐལ་བས་དགག །ལོག་སྲེད་སྔོན་སོང་རང་རྒྱུད་རྟགས་ཀྱིས་བསྒྲུབ། །མ་མཐོང་ཙམ་གྱིས་སྔ་ཕྱི་མེད་པ་དགག་པའོ། །དང་པོ་ནི། བློ་ལུས་ཀྱི་འབྲས་བུ་ཡིན་པ་བཀག་ཟིན་ནས། ལུས་ཀྱི་ནུས་པའམ་ཡོན་ཏན་ཡིན་པ་འགོག་པ་ནི་ལུས་ཆོས་ཅན། དཔེ་ཇི་ལྟར་ན་སེམས་སྔ་མ་ལ་བརྟེན་བྱས་ནས་ཐོས་པ་དང་བཟོ་ལ་སོགས་ལ་འདུ་བྱེད་པའི་སེམས་ལ་ནི་དུས་འགའ་ཞིག་གི་ཚེ་ཐོས་སོགས་ཀྱི་ཡོན་ཏན་གསལ་བ་དེ་ལྟར་ཁྱོད་ལའང་ཐོས་སོགས་ཀྱི་ཡོན་ཏན་གསལ་བར་འགྱུར་བར་ཐལ། ཁྱོད་ཡོན་ཏན་དེ་དག་གསལ་བའི་སེམས་དང་ཐ་དད་མེད་པའི་ཕྱིར་རོ། །གཉིས་པ་ནི། སེམས་ཅན་ཐ་མལ་པ་རྣམས་ཆོས་ཅན། བདག་ལ་ཆགས་པ་དང་ལྡན་པའི་སྒོ་ནས་བདེ་བ་ཐོབ་པར་འདོད་པ་དང་། སྡུག་བསྔལ་དོར་བར་འདོད་པ་སྔོན་དུ་སོང་བ་ཡིན་ཏེ། དབང་ཕྱུག་ལ་སོགས་པ་གཞན་གྱིས་དབང་མེད་དུ་དཀྲི་བ་མིན་པར་དམན་པའི་གནས་ལྟ་བུ་ནི་ཡོངས་སུ་ལེན་པའི་ཕྱིར། ཁྱབ་སྟེ། སྡུག་བསྔལ་ལ་བདེ་བར་འཛིན་པའི་ཕྱིན་ཅི་ལོག་གི་བློ་དང་། སྐྱེ་བར་ཀུན་ནས་འཆིང་བའི་སྲེད་པ་ནི་ཡང་སྲིད་དུ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ཏེ། གང་ལ་ལོག་སྲེད་གཉིས་པོ་དེ་མེད་པ་དེ་ནི་ཡང་སྲིད་དུ་སྐྱེ་བར་མི་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་སེམས་ཅན་ཆོས་ཅན། སྐྱེ་བ་སྔ་ཕྱི་མེད་དེ། ཕྱི་མར་འགྲོ་བ་དང་། སྔ་མ་ནས་འོང་བ་མ་མཐོང་བའི་ཕྱིར་ཞེ་ན། སྐྱེས་བུ་ཐམས་ཅད་ཀྱིས་མ་མཐོང་བ་ནི་མ་གྲུབ་ལ། བདག་ཉིད་ཀྱིས་མ་མཐོང་བ་འགོད་ན། རྒྱང་འཕེན་པ་ཆོས་ཅན། ཁྱོད་ཀྱིས་མ་མཐོང་བ་ཙམ་གྱིས་སེམས་ཅན་འགྲོ་འོང་མེད་པར་སྒྲུབ་མི་ནུས་པར་ཐལ། ཁྱོད་ཀྱི་དབང་པོ་མི་གསལ་བའི་ཕྱིར་ན་སེམས་ཅན་གྱི་སྐྱེ་བ་མ་མཐོང་བ་ཡིན་གྱི་མེད་ནས་མ་མཐོང་བ་མིན་པའི་ཕྱིར། དཔེར་ན་མིག་མི་གསལ་བ་ཡིས་དུ་བ་ཆུང་ངུ་ཡོད་ཀྱང་མི་མཐོང་བ་བཞིན་ནོ། །གལ་ཏེ་སྐྱེ་བ་ལེན་པའི་སེམས་ཅན་དེ་ཆོས་ཅན། སྐྱེ་གནས་སུ་ཐོགས་མེད་དུ་མི་འཇུག་པར་ཐལ། ལུས་ཅན་ཡིན་པའི་ཕྱིར་ཞེ་ན། སེམས་ཅན་འགའ་ཞིག་ལུས་ཅན་ལ་ལར་ཐོགས་མེད་དུ་འཇུག་པ་ཡོད་དེ། བར་དོའི་ལུས་དེ་ལུས་ཅན་ཡིན་ཡང་ཕྲ་ཞིང་དྭངས་པའི་ལུས་ཡིན་པའི་རྒྱུ་མཚན་གྱིས་མངལ་སོགས་སུ་ཐོགས་མེད་དུ་འཇུག་པའི་ཕྱིར། དཔེར་ན་རྫ་གསར་པ་ལ་ཆུ་བཞིན་དང་། འདུལ་སྦྱོང་བྱས་པའི་གསེར་ལ་དངུལ་ཆུ་བཞིན་ནོ། །གལ་ཏེ་མངལ་དུ་འཇུག་པ་ཡང་མི་འཐད་དེ། མ་མཐོང་བའི་ཕྱིར་ཞེ་ན། རྒྱང་འཕེན་ཆོས་ཅན། ཁྱོད་ཀྱིས་མ་མཐོང་བའི་ཕྱིར་ན་མངལ་དུ་འཇུག་པ་མེད་པ་མིན་ཏེ། ཁྱོད་ཀྱི་དབང་པོ་མི་གསལ་བའི་ཕྱིར་ན་མངལ་དུ་འཇུག་པ་མ་མཐོང་བར་བཤད་ཟིན་པའི་ཕྱིར། དྲུག་པ་ལ་གཉིས་ཏེ། ཡན་ལག་ཅན་གྱི་རྫས་གཅིག་རྒྱུར་མི་འཐད། །ཡན་ལག་དུ་མའི་ལུས་ཀྱང་རྒྱུར་མི་འཐད་པའོ། །དང་པོ་ལ་གསུམ་སྟེ། ཡན་ལག་ཅན་གྱི་རྫས་གཅིག་དགག །དེ་ལ་ཧ་ཅང་ཐལ་བ་སྤང་། །གཞན་གྱི་ཕྱོགས་ལ་སུན་འབྱིན་བཤད་པའོ། །དང་པོ་ནི། ལུས་སེམས་ཀྱི་ཉེར་ལེན་ཡིན་ན་རགས་པ་རྫས་གཅིག་པའི་ལུས་སམ། རྡུལ་ཕྲན་དུ་མའི་ལུས་གང་ཡིན། དང་པོ་ལྟར་ན། ལུས་ཀྱི་ཡན་ལག་ལག་པ་ལས་གཞན་ཐམས་ཅད་དག་ཆོས་ཅན། ལག་སོགས་གང་རུང་གཅིག་གཡོ་ན་ཁྱོད་གཡོ་བར་འགྱུར་བར་ཐལ། ལག་སོགས་གང་རུང་གཅིག་དང་ཆ་མེད་རྫས་གཅིག་ཡིན་པའི་ཕྱིར། ཁྱབ་སྟེ། གཡོ་མི་གཡོ་འགལ་བ་ཅན་གྱི་ལས་ནི་རྫས་ཆ་མེད་གཅིག་ལ་མི་རུང་བའི་ཕྱིར། གལ་ཏེ་ལག་པ་གཡོ་བ་ན་ཡན་ལག་གཡོ་བ་ཡིན་གྱི། ཡན་ལག་ཅན་མི་གཡོའོ་ཞེ་ན། ཡན་ལག་ཅན་ཆོས་ཅན། ཡན་ལག་ལས་རྫས་ཐ་དད་དུ་གྲུབ་པར་འགྱུར་བར་ཐལ། ཡན་ལག་གཡོ་ན་ཡང་གཞན་དུ་སྟེ་མི་གཡོ་བའི་ཕྱིར། ཡང་ལུས་ཀྱི་ཆ་ཤས་མགོ་བོ་ལས་གཞན་པ་ཐམས་ཅད་དག་ཆོས་ཅན། མགོ་བོ་ལྟ་བུ་གཅིག་གོས་ཀྱིས་བསྒྲིབས་པ་ན་ཁྱོད་བསྒྲིབ་པར་འགྱུར་བའམ་གཅིག་གོས་ཀྱིས་མ་བསྒྲིབས་ན་ཁྱོད་ཀྱང་གོས་ཀྱིས་མ་བསྒྲིབས་པར་མཐོང་བར་འགྱུར་བར་ཐལ། ཁྱོད་མགོ་བོ་དང་ཆ་མེད་རྫས་གཅིག་ཡིན་པའི་ཕྱིར། ཡང་ལུས་ཀྱི་ཡན་ལག་གདོང་པ་ལས་གཞན་ཐམས་ཅད་ཆོས་ཅན། གདོང་པ་ལྟ་བུ་གཅིག་ཚོན་གྱིས་བསྒྱུར་བ་ན་ཁྱོད་ཀྱང་ཚོན་གྱིས་བསྒྱུར་བའམ། གཅིག་མ་བསྒྱུར་ན་ཁྱོད་ཀྱང་མ་བསྒྱུར་བར་རྟོགས་པར་འགྱུར་བར་ཐལ། ཁྱོད་གདོང་པ་དང་ཆ་མེད་རྫས་གཅིག་ཡིན་པའི་ཕྱིར། དེས་རྡུལ་དུ་མ་ཚོགས་པའི་ལུས་དེ་ཆོས་ཅན། རྡུལ་དུ་མ་ཉིད་ཡིན་གྱིས་རྫས་གཅིག་ཏུ་ཡོད་པ་མིན་ཏེ། གཡོ་མི་གཡོ་སོགས་ཆ་དུ་མ་ཅན་ཡིན་པ་དེའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ཧ་ཅང་ཐལ་བ་བརྗོད། དེའི་སུན་འབྱིན་བཤད་པའོ། །དང་པོ་ནི། བྱེ་བྲག་པ་ན་རེ། ལུས་དང་བུམ་པ་ལ་སོགས་པ་ཡན་ལག་ཅན་གྱི་རྫས་གཅིག་མེད་པར་རྡུལ་ཕྲན་དུ་མ་ཉིད་དུ་ཡོད་པ་ཡིན་ནའང་ལུས་བུམ་སོགས་ཆོས་ཅན། དབང་ཤེས་ཀྱིས་རྟོགས་པ་དང་། སྒྲིབ་ཐོགས་ནུས་པ་མིན་པར་ཐལ། དབང་ཤེས་ཀྱི་ཡུལ་ལས་འདས་ཤིང་སྒྲིབ་ཐོགས་མི་ནུས་པའི་སྔར་གྱི་རྡུལ་ཕྲན་དང་ཁྱད་མེད་གཅིག་ཡིན་པའི་ཕྱིར་དང་། ཕྱིས་ཀྱང་སྔར་གྱི་རྡུལ་ཕྲ་རབ་ཉིད་ཡིན་པའི་ཕྱིར་སྔ་མ་རགས་པ་མ་བརྩམས་དུས་ཀྱི་རྡུལ་དེ་ཉིད་བཞིན་ཞེ་ན། གཉིས་པ་ལ་གཉིས་ཏེ། ཁྱད་མེད་ཕྲ་རབ་རྟགས་མ་གྲུབ། གྲུབ་ན་གཞན་གྱི་ཕྱོགས་ལའང་མཚུངས་པའོ། །དང་པོ་ནི་ལུས་སོགས་ཆོས་ཅན། ཁྱོད་རྡུལ་ཕྲན་ཡིན་ཡང་སྔར་གྱི་རྡུལ་ཕྲན་དབང་པོ་ལས་འདས་པ་དེ་དང་ཁྱད་མེད་གཅིག་ཡིན་པར་མ་གྲུབ་སྟེ། སྔར་གྱི་རྡུལ་ཕྲན་དེ་རྡུལ་གཞན་དང་ཕྲད་པ་ལས་ཁྱོད་ཀྱི་གནས་སྐབས་སྐྱེས་པ་ཡིན་པས་སྔ་མ་ལས་གཞན་ཡིན་པའི་ཕྱིར། རྡུལ་ཁྱད་པར་ཅན་ལུས་ལ་སོགས་པ་དེ་རྣམས་ནི་ཆོས་ཅན། ཁྱོད་དོན་ལ་རྡུལ་ཕྲན་ཡིན་ཡང་རྡུལ་ཕྲན་ཞེས་པའི་ཐ་སྙད་བྱེད་པ་མིན་ཏེ། ཁྱོད་རྡུལ་ཕྲན་ཡིན་ཡང་དབང་ཤེས་ལ་རྣམ་པ་གཏོད་པའི་སྒོ་ནས་དེའི་ཡུལ་ཡིན་པ་དེའི་ཕྱིར། འདི་ནི་རིགས་གཏེར་རང་འགྲེལ་དུ། ཡིད་མངོན་ཚད་མ་ཡིན་ཡང་རང་ལས་ངེས་པ་འདྲེན་མི་ནུས་པས་ཚད་མའི་ཐ་སྙད་མ་ཐོབ་པའི་དཔེར་བརྗོད་དུ་དབང་ཤེས་ཀྱི་ཡུལ་རྡུལ་ཕྲ་རབ་ཡིན་ཡང་དེར་མི་སྣང་བས་ཡུལ་དུ་མི་འཇོག་པ་བཞིན་ནོ་ཞེས་གསུངས་པའི་དོན་ནོ། །དེང་སང་ཕལ་ཆེར། རྡུལ་ཕྲན་དབང་ཤེས་ཀྱི་ཡུལ་མིན་པ་གཞུང་འདིའི་དགོངས་པར་འདོད་པ་ནི་སྡེ་བདུན་ནས་བཤད་པའི་མདོ་སྡེ་པའི་གྲུབ་མཐའ་ལ་བློ་ཁ་མ་ཕྱོགས་པ་སྟེ། མདོ་སྡེ་པས་ནི་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་ཤེས་པ་སྐད་ཅིག་སྔ་ཕྱིའི་ཆ་མེད་བདེན་པར་འདོད་ཅིང་། དེ་དག་འཛིན་པའི་དོན་རིག་མངོན་སུམ་དང་རང་རིག་མངོན་སུམ་མ་འཁྲུལ་བར་འདོད་ལ། རགས་པ་དང་རྒྱུན་ཐམས་ཅད་ཀུན་རྫོབ་ཏུ་འདོད་ཅིང་། དེ་དག་འཛིན་པའི་རྟོག་པ་འཁྲུལ་པར་འདོད་དོ། །དེས་ན་རྡུལ་ཕྲན་དུ་མས་རགས་པ་རྫས་གཅིག་རྩོམ་པ་མེད་པས་རྡུལ་ཕྲན་ལས་གཞན་དུ་གྱུར་པའི་རགས་པ་དོན་ལ་མེད་ཅིང་། དབང་ཤེས་ཀྱིས་མི་འཛིན་ལ་ཕན་ཚུན་ཕྲད་པའི་རྡུལ་ཕྲན་དུ་མ་ཉིད་དབང་ཤེས་ཀྱིས་འཛིན་ཏེ། དབང་ཤེས་ལ་རྣམ་པ་གཏོད་བྱེད་ཡིན་པའི་ཕྱིར་རོ། །རྡུལ་ཕྲན་དབང་ཤེས་ཀྱིས་མི་འཛིན་ཞེས་པ་རྣམས་ནི་ཕན་ཚུན་མ་ཕྲད་པའི་རྡུལ་ཕྲན་ཡན་གར་བ་ལ་དགོངས་པ་ནི་མདོ་དང་རྣམ་འགྲེལ་ངེས་ཀྱི་དགོངས་པ་འཁྲུལ་པ་མེད་པའོ། །དེས་ན་ལུགས་འདི་ལ་དབང་ཤེས་ཀྱིས་ཕྱི་དོན་འཛིན་པ་ལ་རྒྱུ་འབྲས་ཀྱི་རིམ་པ་གསུམ་འབྱུང་སྟེ། རྣམ་པ་གཏོད་བྱེད་ཀྱི་རྒྱུ། དེས་གཏད་པའི་རྣམ་པ། དེས་དྲངས་པའི་ངེས་ཤེས་ཀྱི་ཡུལ་ལོ། །དང་པོ་ནི་ཕན་ཚུན་ཕྲད་པའི་རྡུལ་ཕྲན་ཁྱད་པར་ཅན་ནོ། །གཉིས་པ་ནི་དབང་ཤེས་ལ་རང་དུས་སུ་སྣང་བའི་རགས་པའི་རྣམ་པའོ། །གསུམ་པ་ནི་རྗེས་ཀྱི་རྟོག་པ་ལ་ལིང་པོ་གཅིག་ཏུ་སྣང་བའི་རྣམ་པ་ལ་ཕྱི་རོལ་གྱི་དོན་དུ་སྒྲོ་བཏགས་པའི་གཞན་སེལ་ལོ། །དང་པོ་ནི་ཕྱི་རོལ་གྱི་དོན་དང་། གཉིས་པ་ནི་དབང་ཤེས་རང་གི་ངོ་བོ་ཡིན་པས་རགས་པ་མ་ཡིན་ལ། གསུམ་པ་ནི་རགས་པར་སྒྲོ་བཏགས་པའོ། །རྣམ་པ་གཏོད་བྱེད་རྡུལ་ཕྲན་ཡིན་ཡང་དབང་ཤེས་ལ་རགས་པའི་རྣམ་པར་སྣང་བའི་རྒྱུ་མཚན་གྱིས་རྣམ་རིག་པས་མདོ་སྡེ་པ་ལ། རྡུལ་ཕྲན་དེ་དག་གང་གིས་ན། །རགས་པར་སྣང་བ་དེ་འདྲར་བྱེད། །ཅེས་ཁས་བླངས་ནང་འགལ་སྟོན་པའི་གནད་ཀྱང་འདི་ཉིད་ཡིན་ནོ། །འདིར་འཇམ་སྒེག་གི་ཊཱི་ཀར་རྡུལ་ཕྲན་མ་གཏོགས་པའི་བེམ་པོ་རང་མཚན་འདོད་པ་ནང་པའི་གྲུབ་མཐའ་འཛིན་པ་ལ་མ་བྱུང་ཡང་། སྡེ་བདུན་གྱི་གྲུབ་མཐའ་གང་གི་ལུགས་འཆད་པ་ཙམ་ལའང་བློ་ཁ་མ་ཕྱོགས་ཀྱང་སྡེ་བདུན་ལ་མཁས་པར་རློམ་པའི་གངས་ཅན་གྱི་རྟོག་གེ་པ་རྣམས་གྲོས་མ་བྱས་ཀྱང་བློ་མཐུན་ནས་ཁ་འཆམ་པར་ཡན་ལག་ལས་གཞན་དུ་གྱུར་པའི་ཡན་ལག་ཅན་གྱི་མིང་འགོག་ཅིང་། རྡུལ་ཕྲན་དབང་ཤེས་ཀྱིས་གཟུང་དུ་མི་རུང་ཞིང་སྒྲིབ་ཐོགས་མི་ནུས་ཀྱང་དེ་དག་གིས་བརྩམས་ཤིང་དེ་དག་ལས་དོན་གཞན་པའི་རགས་པ་རང་མཚན་དོན་ལ་ཡོད་ལ། དེས་སྒྲིབ་ཐོགས་ནུས་ཤིང་དབང་ཤེས་ཀྱིས་འཛིན་ལ་ཡན་ལག་རྡུལ་ཕྲ་རབ་ཀྱི་ལྗིད་སྲང་ལས་མི་རྟོགས་ཀྱང་དེས་བརྩམས་པའི་རགས་པའི་ལྗིད་བདེན་པ་སྲང་གིས་རྟོགས་ཞེས་ཡན་ལག་ཅན་གྱི་གཟུགས་དང་། ལྗིད་ལྷག་པོ་བྱེ་བྲག་པས་ཇི་ལྟར་འདོད་པ་ཉིད་ཁས་ལེན་ཏོ། །ཁོ་བོ་ལ་འདི་ལྟ་བུའི་རྨོངས་པའི་ཁུར་མེད་པར་མཛད་པའི་ཐུགས་རྗེ་ཞུགས་པ་དུས་གསུམ་གྱི་བདེ་གཤེགས་སྲས་བཅས་རྣམས་བདག་ལ་བཀའ་དྲིན་རེ་ཆེ་ཞེས་གསུངས་པ་འདི་ལ་དེང་སང་གི་མཁས་རློམ་རྣམས་བརྟག་དཔྱད་རེ་མཛད་འཚལ་ལོ། །འོན་ཀྱང་སྐབས་འདིར་རགས་པའི་རྣམ་པ་དང་། རགས་པ་མ་ནོར་བ་གནད་དུ་ཆེའོ། །རྟགས་གཉིས་པོ་མ་གྲུབ་པར་བསྟན་པ་འདིས་ནི་ཆོས་ཅན། རྟགས་གཉིས་པོ་དེ་རྒྱུ་མཚན་དུ་བྱས་ནས་ལུས་སོགས་ལ་སྒྲིབ་ཐོགས་བྱེད་པ་ལ་སོགས་པ་མེད་པར་ཐལ་བ་དག་ཀྱང་བསལ་བ་ཡིན་ཏེ། ལུས་སོགས་དེ་སྔར་གྱི་རྡུལ་ཕྲན་གཞན་དང་ཕྲད་པ་ལས་སྒྲིབ་ཐོགས་ནུས་པའི་ཁྱད་པར་ཅན་དུ་སྐྱེས་པ་བསྟན་པའི་ཕྱིར། གཉིས་པ་ནི་དངུལ་ཆུ་གསེར་སོགས་དང་འདྲེས་པའམ་དྲོ་ཚན་ལ་སོགས་ཆོས་ཅན། དབང་ཤེས་ལ་ཇི་ལྟར་སྣང་སྟེ་མི་སྣང་བར་ཐལ། ཡན་ལག་ཅན་གྱི་རྫས་གཅིག་མེད་པའི་རྡུལ་དུ་མ་ཡིན་པའི་ཕྱིར། དབང་པོ་དང་ཡིད་ལ་བྱེད་པ་ལ་སོགས་པ་ཚོགས་པ་དེ་ཆོས་ཅན། རྟོགས་པ་དབང་ཤེས་དག་ནི་བསྐྱེད་པ་ཇི་ལྟར་ཡིན་ཏེ་མིན་པར་ཐལ། སོ་སོར་དབང་ཤེས་བསྐྱེད་པའི་ནུས་པ་མེད་པའི་དབང་སོགས་སྔ་མ་རྣམས་དང་ཁྱད་པར་མེད་པའི་ཕྱིར། གཉིས་ཆར་གྱི་རྟགས་ཁས་བླངས། གལ་ཏེ་དབང་སོགས་ཚོགས་པ་ལས་ལྡན་པ་སྐྱེ། ལྡན་པ་ལས་དབང་ཤེས་སྐྱེ་ཞེ་ན། དབང་སོགས་ཚོགས་པས་ལྡན་པ་བསྐྱེད་པར་འདོད་པ་འདིར་ཡང་དབང་སོགས་ཚོགས་པ་ཆོས་ཅན། ལྡན་པའང་བསྐྱེད་མི་ནུས་པར་ཐལ། ལྡན་པ་བསྐྱེད་མི་ནུས་པའི་དབང་སོགས་སྔ་མ་དང་ཁྱད་པར་མེད་པའི་ཕྱིར་ཞེས་མཚུངས་སོ། །གལ་ཏེ་གསེར་དང་དངུལ་ཆུ་ནི་འདྲེས་པ་ལ་ཡན་ལག་ཅན་གྱི་རྫས་མེད་ཀྱང་རྡུལ་རིགས་མི་མཐུན་ཕྲད་པའི་ལྡན་པ་ཡོད་པས་དེ་སྣང་བ་ཡིན་ཞེ་ན། དབང་ཤེས་ཆོས་ཅན། གསེར་དང་དངུལ་ཆུའི་རྡུལ་འདྲེས་པའི་ལྡན་པ་གང་ལས་རྟོགས་ཏེ་མི་རྟོགས་པ་ཐལ། ལྡན་པ་དེའི་རྟེན་གསེར་དངུལ་གྱི་རྡུལ་ཉིད་མཐོང་བ་མེད་པའི་ཕྱིར། གཞན་ཡང་ལྡན་པ་ནི་ཡོན་ཏན་ཡིན་ལ། ཡོན་ཏན་ལ་ཡོན་ཏན་གཉིས་པ་མེད་པར་འདོད་ན། བུར་ཆང་སྦྱར་བའི་བཏུང་བ་ཆོས་ཅན། ཁྱོད་ལ་རོ་གཟུགས་ལ་སོགས་ལྡན་པ་སྟེ་ཡོད་པར་འགལ་བར་ཐལ། ཁྱོད་ཡོན་ཏན་ཡིན་པའི་ཕྱིར། གལ་ཏེ་དེ་ལ་རོ་གཟུགས་དངོས་མེད་ཀྱང་དེ་དང་རོ་གཟུགས་དངོས་གཉིས་བཏུང་བའི་རྡུལ་ལ་འཕྲོད་པ་འདུ་བའི་ཕྱིར། དེ་ལ་རོ་གཟུགས་སོགས་ཡོད་པ་ཉེ་བར་བཏགས་པ་ལ་ཐ་སྙད་དེ་དག་འཇུག་པར་འདོད་ཅེ་ན། བུར་ཆང་སྦྱར་བའི་བཏུང་བའི་རོ་གཟུགས་ཆོས་ཅན། རོ་གཟུགས་དངོས་ལས་བློ་ལ་རྣམ་པ་ཐ་དད་པར་འགྱུར་གྱི་རོ་གཟུགས་དངོས་ཀྱི་བློ་མི་འགྱུར་བར་ཐལ། རོ་གཟུགས་བཏགས་པ་བ་ཡིན་པའི་ཕྱིར། བྱ་རྒྱ་ཚར་དུ་དངར་བའི་ཕྲེང་བ་ཆོས་ཅན། རིང་པོ་ཞེས་བྱ་བའི་ཐ་སྙད་བཏགས་ནས་ཀྱང་ཇི་ལྟར་འཇུག་པ་འགྱུར་ཏེ་མི་འགྱུར་བར་ཐལ། ཁྱོད་གྲངས་ཡིན་པས་རིང་པོའི་ཡོན་ཏན་མེད་ཅིང་རིང་པོ་དང་དོན་གཅིག་ལ་འདུ་བ་ཡང་མེད་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། གྲངས་སོགས་རྫས་ལ་ཐ་དད་ཡོད་པ་དགག །ཐ་དད་མེད་པའི་ཕྱོགས་ལ་རྩོད་པ་སྤང་བའོ། །དང་པོ་ལ་གསུམ་སྟེ། ཐ་དད་མེད་པའི་སྒྲུབ་བྱེད་དགོད། །ཐ་དད་ཡོད་པའི་སྒྲུབ་བྱེད་དགག །དེ་ལ་གཞན་གྱི་ཉེས་སྤོང་དགག་པའོ། །དང་པོ་ནི། བུམ་པའི་གྲངས་དང་། ལྡན་པ་དང་། ལས་དང་། སྤྱི་དང་། དབྱེ་བ་དང་། གཞན་དང་གཞན་མ་ཡིན་པ་ལ་སོགས་པའི་ངོ་བོ་ཆོས་ཅན། གྲངས་སོགས་དེ་དང་ལྡན་པའི་རྫས་བུམ་པ་རང་གི་ངོ་བོ་དང་། གྲངས་སོགས་བརྗོད་པའི་མིང་དག་ལས་ཐ་དད་དོན་ལ་མེད་དེ། དེ་དག་ལས་དོན་ལ་ཐ་དད་པར་བློ་མ་འཁྲུལ་བ་ལ་མི་སྣང་བའི་ཕྱིར། གཉིས་པ་ནི་བུམ་པའི་གྲངས་སོགས་ཆོས་ཅན། བུམ་པ་ལས་རྫས་ཐ་དད་དུ་ཡོད་དེ། བུམ་པ་ལས་ཡུལ་ཅན་གྱི་སྒྲ་རྟོག་ཐ་དད་དུ་འཇུག་པའི་ཕྱིར་ཞེ་ན། བུམ་པའི་གྲངས་སོགས་ཀྱི་ཡུལ་ཅན་གྱི་སྒྲ་ཤེས་ཆོས་ཅན། བུམ་པའི་ཡུལ་ཅན་གྱི་སྒྲ་བློ་ལས་ཁྱོད་ཐ་དད་དུ་འཇུག་པའི་རྒྱུ་མཚན་གྱིས་བུམ་པའི་གྲངས་སོགས་བུམ་པ་ལས་དོན་ལ་ཐ་དད་དུ་མི་འགྲུབ་སྟེ། ཁྱོད་བུམ་པའི་ལས་དངོས་པོ་སྟེ་ལྡོག་པ་ཐ་དད་པའི་རྗེས་སུ་འབྲང་བའི་རྣམ་པར་རྟོག་པས་སྒྲོ་བཏགས་པའི་བུམ་པའི་གྲངས་སོགས་ཀྱི་དོན་ཡུལ་དུ་བྱེད་པ་ཅན་ཡིན་པའི་ཕྱིར། དཔེར་ན་ཡོན་ཏན་དང་ལས་ལ་སོགས་པ་ལས་དེ་དག་གི་གྲངས་སོགས་ཐ་དད་དུ་མེད་ཀྱང་སྒྲ་རྟོག་ཐ་དད་དུ་འཇུག་པའམ་ཞིག་པ་དང་མ་སྐྱེས་པའི་དོན་དག་ལ་དེ་དག་གི་གྲངས་སོགས་ཐ་དད་དུ་མེད་ཀྱང་སྒྲ་རྟོག་ཐ་དད་དུ་འཇུག་པ་བཞིན་ནོ། །གསུམ་པ་ནི། གལ་ཏེ་ཡོན་ཏན་འདིར་ནི་གྲངས་ཀྱི་སྒྲ་དངོས་མིང་དུ་མི་འཇུག་གི་ཉེ་བར་བཏགས་པ་ལས་འཇུག་པར་འདོད་ཅེ་ན། དངོས་པོ་ཐམས་ཅད་ཆོས་ཅན། རྒྱུ་མཚན་གང་གིས་གྲངས་ལ་སོགས་པའི་སྒྲ་ཤེས་དེ་ཡོན་ཏན་ལ་བཏགས་ནས་འཇུག་པར་འདོད་པའི་རྒྱུ་མཚན་དེ་ནི་ཁྱོད་ལ་ཡང་གྲངས་སོགས་ཀྱི་སྒྲ་ཤེས་དེ་དག་གི་རྒྱུ་མཚན་དུ་ཅིས་མི་འདོད་དེ་འདོད་རིགས་པར་ཐལ། ཁྱོད་དང་ཡོན་ཏན་གྲངས་སོགས་དོན་གཞན་མེད་པར་མཚུངས་པའི་ཕྱིར། གལ་ཏེ་བུམ་སོགས་ཀུན་ལ་གྲངས་སོགས་ཀྱི་སྒྲ་ཉེ་བར་བཏགས་ནས་འཇུག་པ་མིན་ཏེ། ཡིན་ན་གྲངས་སོགས་ཀྱི་སྒྲ་དངོས་སུ་འཇུག་པ་མི་སྲིད་པར་འགྱུར་ལ། དེ་མི་སྲིད་ན་བཏགས་ནས་འཇུག་པ་ཡང་མི་སྲིད་པར་འགྱུར་བའི་ཕྱིར། དེས་ན་དངོས་པོ་གང་ལ་གྲངས་སོགས་ཐ་དད་པའི་ཁྱད་པར་བྱེད་ཆོས་ཡོད་པ་དེ་ལ་གཙོ་བོ་སྟེ་དངོས་སུ་འཇུག་ལ། དེ་མེད་པ་དེ་ལ་བཏགས་ནས་འཇུག་གོ་ཞེ་ན། གྲངས་སོགས་ཐ་དད་པ་ཁྱད་པར་བྱེད་ཆོས་སུ་ཡོད་པ་ཅན་ལ་གྲངས་སོགས་ཀྱི་སྒྲ་དངོས་མིང་དུ་འཇུག་པ་ཡིན་ཞེས་བྱ་བ་ཉིད་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། མིང་གང་ལས་གྲངས་སོགས་འཁྲུལ་མེད་དུ་གོ་བའི་མིང་དེ་གྲངས་སོགས་ཀྱི་དངོས་མིང་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྒྲ་གཞན་དོན་མེད་འགྱུར་བ་སྤོང་། །དྲུག་སྒྲ་མི་སྲིད་འགྱུར་བ་སྤོང་བའོ། །དང་པོ་ནི། བུམ་པ་དང་བུམ་པའི་གྲངས་སོགས་ཀྱི་སྒྲ་རྣམས་ཆོས་ཅན། ཐ་དད་དོན་མེད་པ་སྟེ་རྣམ་གྲངས་པར་ཐལ། བརྗོད་བྱ་ཐ་དད་པ་མེད་པ་ལ་འཇུག་པའི་མིང་དུ་མ་ཡིན་པའི་ཕྱིར་ཞེ་ན། ཡོན་ཏན་དཀར་པོ་ལ་སོགས་པ་ཆོས་ཅན། ཁྱོད་ལ་གྲངས་དང་ལ་སོགས་དང་ལྡན་པའི་སྒྲ་ནི་རྣམ་གྲངས་པར་ཐལ། ཁྱོད་ལ་གྲངས་སོགས་ལྡན་པའི་སྒྲ་དེ་ཁྱོད་ལ་ཡོད་པའི་གྲངས་སོགས་དོན་གཞན་གྱི་རྒྱུ་མཚན་ཅན་མིན་ཡང་སྟེ་མིན་པའི་ཕྱིར། རྟགས་ཁྱབ་ཁས་བླངས། འདོད་ན་རྣམ་གྲངས་པ་མིན་པས་བསལ་ལོ། །གལ་ཏེ་ཡོན་ཏན་དཀར་པོ་སོགས་དེ་ལའང་གྲངས་སོགས་དོན་གཞན་ཡོད་ཅེ་ན། ཡོན་ཏན་ཆོས་ཅན། རྫས་དང་ནི་ཁྱད་མེད་དུ་འགྱུར་བར་ཐལ། ལས་དང་ལྡན་པ། ཡོན་ཏན་དང་ལྡན་པ། འཕྲོད་པ་འདུ་བ་ཅན་གྱི་རྒྱུ་ནི་རྫས་སོ་ཞེས་པའི་རྫས་ཀྱི་མཚན་ཉིད་དེ་ཁྱོད་ཀྱི་རང་ལྡོག་ལ་བརྟེན་པའི་ཕྱིར། དེས་ན་བུམ་པ་དང་བུམ་པའི་གྲངས་སོགས་ཀྱི་སྒྲ་ཆོས་ཅན། ཁྱོད་གཉིས་ཀྱི་བརྗོད་བྱ་དོན་གཞན་མིན་ཡང་ཐ་དད་པའི་ཡུལ་ཅན་ཡིན་གྱི་རྣམ་གྲངས་པ་མ་ཡིན་ཏེ། ཁྱོད་གཉིས་ཀྱི་བརྗོད་བྱ་ལྡོག་པ་ཡི་དབྱེ་བས་ཐ་དད་པ་ཡིན་པའི་ཕྱིར་ཏེ། དཔེར་ན་ཡོན་ཏན་འདི་ལས་མ་ཡིན་ཞེས་པ་དང་། ཡོན་ཏན་འདི་རྫས་མིན་ཞེས་པའི་སྒྲ་གཉིས་ཀྱི་ཡུལ་ལྡོག་པ་ཐ་དད་པས་རྣམ་གྲངས་པ་མིན་པ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། ཆོས་དང་ཆོས་ཅན་བརྗོད་པའི་འཇུག་ཚུལ་བཤད། །རིགས་དང་ཚོགས་པ་བརྗོད་པའི་འཇུག་ཚུལ་བཤད་པའོ། །དང་པོ་ནི། བུམ་པའི་གྲངས་སོགས་ཆོས་ཅན། བུམ་པའི་གྲངས་ཞེས་སོགས་དྲུག་པའི་སྒྲས་བུམ་པ་ལས་ཐ་དད་དུ་བརྗོད་པ་མི་སྲིད་པར་ཐལ། བུམ་པ་ལས་དོན་ལ་ཐ་དད་དུ་མེད་པའི་ཕྱིར་ཞེ་ན། བུམ་པའི་གྲངས་དང་ལྡན་པ་ཞེས་སོགས་དངོས་པོ་སྟེ་ཆོས་བརྗོད་པའི་སྒྲ་རྣམས་ཀྱིས་གྲངས་དང་ལྡན་པ་སོགས་དེ་དང་ལྡན་པའི་བུམ་པ་ལས་ཐ་དད་བཞིན་དུ་བསྟན་པ་གང་ཡིན་པ་དེའང་ཆོས་ཅན། གྲངས་མ་གཏོགས་པའི་བུམ་པའི་ཆོས་གཞན་ཁྱད་པར་ཏེ་གཅོད་ཅིང་སྤོང་བར་བྱེད་པ་ཡིན་ཏེ། བུམ་པའི་གྲངས་ལ་འཇུག་པའི་ཆོས་བརྗོད་ཀྱི་སྒྲ་ཡིན་པའི་ཕྱིར། དེས་ན་ཆོས་གཞན་སྤངས་ནས་བུམ་པའི་གྲངས་དེ་ཙམ་ཤེས་པར་འདོད་པའི་ཉན་པ་པོ་ལ་བུམ་པའི་ཆོས་གཞན་ཀུན་བརྗོད་བྱར་འཕངས་པ་མེད་པར་ནི་བུམ་པའི་གྲངས་ཞེས་བརྗོད་པའི་སྒྲ་དེ་ཆོས་ཅན། ཁྱོད་ཀྱིས་བུམ་པའི་གྲངས་བུམ་པ་ལས་ཐ་དད་པའི་ཆོས་བཞིན་བརྗོད་པར་བྱེད་ཀྱང་དེ་ཙམ་གྱིས་བུམ་པའི་གྲངས་སོགས་བུམ་པ་ལས་དོན་ལ་ཐ་དད་པར་མི་འགྲུབ་སྟེ། ཁྱོད་བུམ་པའི་གྲངས་སོགས་བུམ་པ་ལས་ལྡོག་པ་ཐ་དད་པ་ཙམ་རྒྱུ་མཚན་དུ་བྱས་ནས་དེ་གཉིས་ཐ་དད་བཞིན་དུ་བརྗོད་པ་དེ་ཡིན་པའི་ཕྱིར། དཔེར་ན་སྐབས་ལ་ལར་སོར་མོའི་ལྡན་པ་སོར་མོ་ལས་དོན་ལ་ཐ་དད་མེད་ཀྱང་སོར་མོའི་ལྡན་པ་ཞེས་ཐ་དད་དུ་བརྗོད་པ་བཞིན་ནོ། །ཡང་བུམ་པ་ཞེས་པའི་སྒྲ་ཆོས་ཅན། ཁྱོད་དང་བུམ་པའི་གྲངས་ཞེས་པའི་ཆོས་བརྗོད་པ་གཉིས་ཀས་དོན་བུམ་པ་གཅིག་བརྗོད་ཀྱང་ཁྱོད་ཆོས་ཅན་བརྗོད་པའི་སྒྲར་གྲགས་པ་ཡིན་ཏེ། ཁྱོད་བུམ་པའི་ཁྱད་ཆོས་ཐམས་ཅད་ནི་བརྗོད་བྱར་འཕེན་པའི་བུམ་ཙམ་བརྗོད་པ་ཡིན་པའི་ཕྱིར་ན་ཆོས་ཅན་བརྗོད་པ་དེ་ལྟར་བརྡར་ནི་བྱས་པ་ཡིན་པའི་ཕྱིར། དཔེར་ན་སོར་མོ་ལྡན་འགྱུར་ཞེས་བརྗོད་ན་སོར་མོའི་ཁྱད་ཆོས་ཐམས་ཅད་བརྗོད་བྱར་འཕེན་པ་བཞིན་ནོ། །གཉིས་པ་ནི། འོ་ན་ཚོགས་པ་བརྗོད་པ་དང་། རིགས་བརྗོད་པའི་ཁྱད་པར་ཇི་ལྟ་བུ་ཞེ་ན། བུམ་པ་ཞེས་པའི་སྒྲ་ཆོས་ཅན། བུམ་པའི་རྡུལ་རྫས་བརྒྱད་ལ་ལྟོས་ནས་ཚོགས་པ་བརྗོད་པའི་སྒྲ་ཡིན་ཏེ། བུམ་པའི་རྩོམ་བྱེད་རྡུལ་རྣམས་ལ་ཐུན་མོང་གི་ནུས་པ་དང་སོ་སོའི་ནུས་པ་གཉིས་ཡོད་པ་ལས་གཟུགས་སོགས་སོ་སོའི་ནུས་པའི་ཁྱད་པར་གཟུགས་འཛིན་བསྐྱེད་པ་ལྟ་བུ་དེ་ནི་བརྗོད་བྱར་སྤོང་བའི་སྒོ་ནས་གཟུགས་སོགས་དེ་རྣམས་ཀྱི་མཚུངས་པ་སྟེ་ཐུན་མོང་གི་འབྲས་བུ་ཆུ་སྐྱོར་བ་ལ་སོགས་པ་ཡི་རྒྱུ་མིན་པ་ཤིང་ལ་སོགས་པ་ནི་རྣམ་པར་གཅོད་པ་ལ་ཁྱོད་འཇུག་པར་འགྱུར་བའི་ཕྱིར། དེས་ན་བུམ་པ་གཟུགས་སོགས་ཞེས་པ་ལྟ་བུ་ཚོགས་པ་དང་། ཚོགས་པ་ཅན་གཞི་གཅིག་པ་སྟེ་མཐུན་པ་ཅན་གྱི་སྒྲ་རུང་བ་མ་ཡིན་ཏེ། བུམ་པའི་སྒྲས་བུམ་པའི་གཟུགས་བརྗོད་བྱར་སྤོང་བ་དེས་ནའོ། །རིགས་བརྗོད་ཀྱི་སྒྲ་ནི་རིགས་ཅན་བརྗོད་པའི་སྒྲ་དང་གཞི་མཐུན་རུང་སྟེ། རིགས་ཅན་བརྗོད་བྱར་མ་སྤངས་པར་བརྗོད་པའི་ཕྱིར། ཤ་པ་ཤིང་ཡིན་ཞེས་པ་ལྟ་བུའོ། །རིགས་བརྗོད་ཀྱི་སྒྲ་རིགས་ཅན་བརྗོད་པ་དང་གཞི་མཐུན་རུང་ཞིང་ཚོགས་བརྗོད་ཀྱི་སྒྲ་ཚོགས་པ་ཅན་བརྗོད་པ་དང་གཞི་མཐུན་མི་རུང་བ་དེས་ན། རིགས་དང་ནི་ཚོགས་པ་བརྗོད་པའི་སྒྲ་ཆོས་ཅན། ཆོས་གཅིག་ལ་ལྟོས་ནས་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བ་དེ་ཁྱོད་ཀྱི་ཁྱད་པར་མ་ཡིན་ཏེ། ཆོས་སོ་སོ་ལ་ལྟོས་ནས་རིགས་ཅན་བརྗོད་བྱར་མི་སྤོང་བ་དང་ཚོགས་པ་ཅན་བརྗོད་བྱར་སྤོང་བ་འདི་ནི་ཁྱོད་ཀྱི་ཁྱད་པར་ཡིན་པའི་ཕྱིར། གལ་ཏེ་བུམ་པ་དང་བུམ་པའི་གཟུགས་སོགས་དོན་ལ་ཐ་དད་མེད་ན་བུམ་པའི་གཟུགས་ཞེས་པ་ལྟ་བུ་གཟུགས་དང་བུམ་པ་ཐ་དད་པར་བརྗོད་པའི་ཐ་སྙད་ལ་དགོས་པ་མེད་པར་འགྱུར་རོ་ཞེ་ན། བུམ་པའི་གཟུགས་སོགས་དེ་རྣམས་ཚོགས་པའི་སྤྱི་བུམ་པས་ཡན་ལག་ཁྱད་པར་དུ་བྱས་ཏེ། བུམ་པ་ཡི་ནི་གཟུགས་དང་དྲི་ཞེས་སོགས་བརྗོད་པའི་སྒྲ་དེ་ཆོས་ཅན། དགོས་པ་མེད་པ་མ་ཡིན་ཏེ། བུམ་པའི་གཟུགས་སོགས་དུ་མའི་ནང་ནས་གཟུགས་དང་དྲི་ལ་སོགས་པ་དེ་དག་གི་མིག་ཤེས་བསྐྱེད་པ་སོགས་ཀྱི་ནུས་པའི་ཁྱད་པར་ནི་དམིགས་ཀྱིས་བཀར་ནས་སྟོན་པར་བྱེད་པའི་ཕྱིར་རོ། །བུམ་པའི་གཟུགས་ཞེས་པའི་སྒྲས་བུམ་པའི་གཟུགས་ཀྱི་ནུས་པའི་ཁྱད་པར་སྟོན་པའི་ཕྱོགས་འདིས་ཆོས་ཅན། ཙནྡན་གྱི་དྲི་ཞེས་སོགས་གཞན་ལའང་ནུས་པའི་ཁྱད་པར་སྟོན་པར་བརྗོད་པར་བྱ་སྟེ། ཙནྡན་གྱི་དྲི་དེ་དྲི་གཞན་ལས་ཁྱད་པར་དུ་བཀར་བ་མཚོན་ནུས་པའི་ཕྱིར། གཉིས་པ་ཡན་ལག་དུ་མ་ཉིད་ཀྱང་རྒྱུ་མི་འཐད་པ་ལ་གཉིས་ཏེ། ཡན་ལག་ཚོགས་པ་རྒྱུར་མི་འཐད། །ཡན་ལག་རེ་རེ་རྒྱུར་མི་འཐད་པའོ། །དང་པོ་ནི། ཕྱོགས་གཉིས་ལྟར་ལུས་ཀྱི་ཡན་ལག་དུ་མ་ཡིད་བློའི་དངོས་རྒྱུ་ཉིད་ཡིན་ནོ་ཞེ་ན། ཡན་ལག་ཐམས་ཅད་ཚོགས་པའམ་རེ་རེ་རྒྱུ་ཡིན། དང་པོ་ལྟར་ན་ཡིད་བློ་ཆོས་ཅན། ལུས་ཀྱི་ཡན་ལག་རྣ་བ་ལྟ་བུ་གཅིག་དང་བྲལ་ནའང་ཁྱོད་འབྱུང་བ་མིན་པར་ཐལ། ལུས་ཀྱི་ཡན་ལག་མ་ལུས་པ་ཚོགས་པ་ཁྱོད་ཀྱི་རྒྱུ་ཉིད་ཡིན་ན་ནིའོ། །གཉིས་པ་ལ་གསུམ་སྟེ། གནོད་བྱེད་ཐལ་བ་བརྗོད། །དེའི་ཉེས་སྤོང་དགག །རང་ལ་མཚུངས་པ་སྤོང་བའོ། །དང་པོ་ནི། ཕྱོགས་གཉིས་པ་ལྟར་ན་ལུས་ཅན་གཅིག་ལ་ཆོས་ཅན། དུས་ཅིག་ཆར་དུ་ཡིད་བློ་རྫས་རྒྱུན་མང་པོ་འབྱུང་བར་ཐལ། ལུས་ཀྱི་ཡན་ལག་རེ་རེས་ཀྱང་ཡིད་བློ་རེ་རེ་བསྐྱེད་པར་ནུས་པ་ཉིད་ཡིན་ནའོ། །གཉིས་པ་ལ་གཉིས་ཏེ། དབུགས་གཅིག་ཡིད་བློའི་རྒྱུར་མི་འཐད། །དུ་མ་ཡིད་བློའི་རྒྱུར་མི་འཐད་པའོ། །དང་པོ་ནི། ལུས་དུ་མ་ཡིན་ན་ཡང་ཡིད་བློ་དུ་མ་ཅིག་ཆར་མི་སྐྱེ་སྟེ། དབུགས་འབྱུང་རྔུབ་གཅིག་ཁོ་ན་ཡིན་པས་དེ་ལས་ཡིད་རེ་རེ་སྐྱེ་བ་ངེས་པའི་ཕྱིར་ཞེ་ན། དབྱུགས་འབྱུང་རྔུབ་དག་ནི་ཆོས་ཅན། ཁྱོད་གཅིག་ཡིན་པའི་རྒྱུ་མཚན་གྱིས་ཡིད་བློར་རེ་རེ་ངེས་བྱེད་མིན་པར་ཐལ། ཁྱོད་ལུས་དང་རྡུལ་དུ་མ་ཉིད་དུ་མཚུངས་པའི་ཕྱིར་རོ། །གལ་ཏེ་མ་གྲུབ་སྟེ་དབུགས་དང་ལུས་རྟག་པ་གཅིག་ཉིད་ཡིན་པས་ཡིད་རིམ་བཞིན་དུ་བསྐྱེད་པའི་ཕྱིར་ཞེ་ན་ཡང་ལུས་ཅན་གཅིག་ལ་ཆོས་ཅན། དུས་ཅིག་ཆར་དུ་ཡིད་བློ་རྫས་མང་པོ་གསལ་ཞིང་སྐྱེ་བར་འགྱུར་བར་ཐལ། ཡིད་བློ་རྫས་མང་པོ་དེའི་རྒྱུ་ནུས་པ་ཐོགས་མེད་དུ་གྱུར་པའི་དབུགས་དང་ལུས་རྟག་པ་རྟག་ཏུ་ཉེ་བའི་ཕྱིར་རོ། །གལ་ཏེ་དབུགས་དང་ལུས་རྟག་པ་གཅིག་ནི་ཡིད་རྫས་དུ་མ་ཅིག་ཆར་བསྐྱེད་པའི་རྒྱུ་མིན་གྱི་རིམ་གྱིས་བསྐྱེད་དོ་ཞེ་ན། དབུགས་དང་ལུས་རྟག་པ་ཆོས་ཅན། རིམ་གྱིས་ཀྱང་ཡིད་དུ་མ་བསྐྱེད་པ་མིན་པར་ཐལ། སྔར་ཡིད་དུ་མ་མི་སྐྱེད་པ་དེ་དང་རྟག་པར་ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང་དབུགས་འབྱུང་རྔུབ་གཅིག་ཡིན་དུ་ཆུག་ནའང་ལུས་ཅན་ཆོས་ཅན། དབུགས་འབྱུང་རྔུབ་དེ་གཅིག་ཏུ་ངེས་པ་ལས་ཡིད་བློ་གཅིག་ཏུ་ངེས་པ་མ་ཡིན་པར་ཐལ། དབུགས་ཕྱིར་རྒྱུ་བ་ལྟ་བུ་གཅིག་ལ་ཡང་དོན་སྔ་ཕྱི་དུ་མ་འཛིན་པའི་བློ་སྐྱེ་བའི་ཕྱིར། གལ་ཏེ་ཁྱབ་པ་མེད་དེ། དོན་སྔ་ཕྱི་དུ་མ་བློ་ཆ་མེད་གཅིག་གིས་ཤེས་པའི་ཕྱིར་ཞེ་ན། བློ་དེ་ཆོས་ཅན། དོན་སྔ་ཕྱི་དུ་མ་དེ་ནི་དོན་སྔ་མ་འཛིན་པའི་དུས་ཉིད་ན་ཅིག་ཆར་ཉིད་དུ་འཛིན་པར་འགྱུར་ཏེ། དོན་སྔ་མ་འཛིན་པའི་དུས་ཉིད་ན་དོན་སྔ་ཕྱི་དུ་མ་ཅིག་ཆར་འཛིན་པ་འགལ་བ་མེད་པའི་ཕྱིར། མ་གྲུབ་ན་བློ་དེ་ཆོས་ཅན། རིམ་གྱིས་ཀྱང་དོན་སྔ་ཕྱི་དུ་མ་འཛིན་པར་མི་འགྱུར་བར་ཐལ། ཕྱིས་ཀྱང་དོན་དུ་མ་འཛིན་བྱེད་མ་ཡིན་པ་ལས་ཁྱད་པར་མེད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། དུ་མ་རིམ་གྱིས་འབྱུང་བས་བསྐྱེད་པ་དགག །དུ་མ་ཅིག་ཆར་འབྱུང་བས་བསྐྱེད་པ་དགག་པའོ། །དང་པོ་ནི། དབུགས་རང་གི་རིགས་འདྲ་མིན་པས་ལུས་རྟག་པ་ལས་སྐྱེས་པའི་དུས་སྔ་ཕྱི་རིམ་པ་ཅན་གྱི་དབུགས་ཀྱི་སྐད་ཅིག་མང་པོ་དག གལ་ཏེ་དེ་འདྲའི་སེམས་རྟོག་པ་རིམ་པ་ཅན་ཉིད་ཀྱི་རྒྱུ་ཡིན་པར་ནི་རྟོག་པར་བྱེད་ཅེ་ན། དབུགས་དེ་དག་ཆོས་ཅན། སྔ་ཕྱི་རིམ་ལྡན་དུ་ཅི་ལྟར་སྐྱེ་བར་འགྱུར་ཏེ་མི་འགྱུར་བར་ཐལ། གོ་རིམ་སྔ་མ་དང་ལྡན་པར་སྐྱེ་བའི་རྒྱུ་མེད་པའི་ཕྱིར། གལ་ཏེ་མ་གྲུབ་སྟེ། རང་གི་རིགས་འདྲ་སྔ་མ་ཉིད་རྒྱུ་ཡིན་ཞེ་ན། ལུས་ཅན་ཆོས་ཅན། ཚེ་འདིའི་དབུགས་དང་པོ་འབྱུང་བ་མི་འགྱུར་བར་ཐལ་ཏེ། ཚེ་འདིའི་དབུགས་ཀྱི་སྔར་དབུགས་དེའི་རྒྱུ་རིགས་འདྲ་སྔ་མ་དེ་འདྲ་ཡོད་པ་མ་ཡིན་པའི་ཕྱིར་རོ། །མ་གྲུབ་ན། སྐྱེ་བ་སྔ་མ་ཡོད་པར་འགྱུར་རོ། །དབུགས་ཀྱི་རིགས་འདྲ་སྔ་མ་ཡོད་ཀྱང་དབུགས་ཆོས་ཅན། དུ་མ་ཉིད་དུ་ངེས་པར་ཐལ། འབྱུང་ས་ཐ་དད་ཀྱི་ཡུལ་དུ་མ་ནས་འབྱུང་བ་ཅན་ཡིན་པའི་ཕྱིར། འདོད་ན། སྐྱེས་བུ་གཅིག་ལ་ཆོས་ཅན། ཡིད་བློ་རྫས་དུ་མ་ནི་ཅིག་ཆར་སྐྱེ་བར་ཐལ། དབུགས་དུ་མ་ཅིག་ཆར་དུ་ཡོད་པ་དེའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དབུགས་དུ་མ་ཡོད་ཀྱང་དེ་དག་གིས་ཡིད་བློ་རེ་རེ་བསྐྱེད་པ་མ་ཡིན་གྱི་དབུགས་དུ་མའང་གཅིག་དུས་ཏེ་དུས་གཅིག་པ་ཅན་རྟོག་པའི་སེམས་གཅིག་གི་ནི་རྒྱུ་ཡིན་པས་ཡིད་བློ་དུ་མ་ཅིག་ཆར་མི་སྐྱེའོ་ཞེ་ན། རྟོག་པའི་སེམས་ཆོས་ཅན། དབུགས་རྒྱུ་བཞིན་པ་ལ་སོགས་པའི་སྐབས་སུ་དབུགས་ཀྱི་ཆ་ཤས་གཅིག་མ་ཚང་ནའང་ཁྱོད་མི་འབྱུང་བར་འགྱུར་བར་ཐལ། དབུགས་ཀྱི་ཡན་ལག་མ་ལུས་པ་ཚང་བ་དེ་ཁྱོད་ཀྱི་དངོས་རྒྱུ་ཡིན་པའི་ཕྱིར། ཅི་སྟེ་དབུགས་ཀྱི་ཡན་ལག་ཅི་ལྟར་ཡོད་པ་ཉིད་སེམས་ཀྱི་རྒྱུ་ཡིན་ཞེ་ན། ཤེས་པ་ཆོས་ཅན། དབུགས་འཕེལ་འགྲིབ་ལས་ཁྱོད་ལ་ཡང་འཕེལ་འགྲིབ་ཀྱི་ཁྱད་པར་ཡོད་པར་འགྱུར་བར་ཐལ། དབུགས་དྲག་ཞན་ཇི་ལྟར་ཡོད་པ་དེ་ཁྱོད་ཀྱི་ཉེར་ལེན་ཡིན་པའི་ཕྱིར། ཁྱབ་སྟེ། འབྲས་བུ་གང་ཞིག་རྒྱུ་གང་གི་འཕེལ་འགྲིབ་ཐ་དད་ལས་འཕེལ་འགྲིབ་ཐ་དད་དུ་བྱེད་པ་མིན་པ་དེ་དེའི་འབྲས་བུ་མིན་པའི་ཕྱིར། གསུམ་པ་རང་ལ་མཚུངས་པ་སྤོང་བ་ནི། ཁྱོད་ལ་ཡང་སྐྱེས་བུ་གཅིག་ལ་རྟོག་པ་དུ་མ་ཅིག་ཆར་སྐྱེ་བ་མཚུངས་སོ་ཞེ་ན། རྣམ་ཤེས་རྟོག་པ་ཆོས་ཅན། སྔ་མ་གཅིག་ནི་ཕྱི་མ་གཅིག་གི་རྒྱུ་ཡིན་གྱི་རིགས་འདྲ་དུ་མ་དུས་གཅིག་ཏུ་མི་སྐྱེ་སྟེ། རིགས་འདྲ་ཕྱི་མ་རེ་རེ་བསྐྱེད་པ་ལ་ནུས་པ་ངེས་པའི་ཕྱིར། གཏན་ཚིགས་གྲུབ་སྟེ། རྣམ་ཤེས་རྟོག་པ་དེ་དོན་གཞན་སྒྲ་སྙན་ལ་ཆགས་པར་གྱུར་ན་དེ་ཡིས་གནས་སྐབས་དེར་གཟུགས་ལྟ་བུ་འཛིན་པའི་ནུས་མེད་དུ་བྱས་པའི་སྒོ་ནས་དོན་གཞན་གཟུགས་སོགས་ཉེ་ཡང་མི་འཛིན་པར་མཐོང་བའི་ཕྱིར་རོ། །གལ་ཏེ་མངལ་ལ་སོགས་པར་དང་པོར་ལུས་ལས་ཅིག་ཆར་དུ་བློ་སྐྱེ་ཞིང་ཕྱིས་ནི་བློ་རང་གི་རིགས་འདྲ་སྔ་མ་ལས་རིགས་འདྲ་ཕྱི་མ་རེ་རེ་སྐྱེ་བར་ངེས་པས་མཚུངས་སོ་ཞེ་ན། ལུས་ཆོས་ཅན། ཁྱོད་ཀྱི་བློ་བསྐྱེད་པའི་ནུས་པ་ནི་དུས་ཕྱིས་ཅིའི་ཕྱིར་ན་ལྡོག་པ་ཡིན་ཏེ་མི་ལྡོག་པར་ཐལ། ཕྱིས་ཀྱང་སྔར་བློ་སྐྱེད་བྱེད་ཀྱི་ལུས་དེ་དང་ཁྱད་མེད་ཅིག་ཡིན་པའི་ཕྱིར། གསུམ་པ་དེ་ལ་འཁྲུལ་པའི་རྩོད་པ་སྤོང་བ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། གལ་ཏེ་ཤི་བའི་གནས་སྐབས་སུ་ལུས་ནི་ལྡོག་པ་ན་ཆོས་ཅན། སེམས་འབའ་ཞིག་ཡན་གར་དུ་གནས་པར་འགྱུར་བར་ཐལ། སེམས་གནས་ཤིང་དེ་ལུས་ལ་བརྟེན་པ་མིན་པའི་ཕྱིར་ཞེ་ན། གཉིས་པ་ལ་གསུམ་སྟེ། སྐྱེ་མཆེད་ཕྱི་མའི་རྒྱུ་གཉིས་བཤད། །མཚམས་སྦྱོར་མེད་པའི་སྒྲུབ་བྱེད་དགག །མཚམས་སྦྱོར་འཐད་པའི་སྒྲུབ་བྱེད་དགོད་པའོ། །དང་པོ་ནི། ལུས་ཅན་ཆོས་ཅན། ཤི་བའི་འོག་ཏུ་སེམས་འབའ་ཞིག་ཡན་གར་དུ་གནས་པར་ཐལ་བའི་སྐྱོན་མེད་དེ། གལ་ཏེ་ཚེ་ཕྱི་མའི་ལུས་དེའི་རྒྱུ་འཆི་ཁའི་ལུས་དེ་ལས་ཚེ་ཕྱི་མའི་ལུས་བསྐྱེད་པའི་འཇུག་པ་ཐོབ་པའི་ཕྱིར་དུ་ཚེ་ཕྱི་མའི་ལུས་ལ་སེམས་ཀྱི་རྒྱུན་གནས་པའི་རྒྱུར་འཆི་ཁའི་སེམས་དེ་ཡན་ལག་སྟེ་ལྷན་ཅིག་བྱེད་རྐྱེན་དུ་མི་འགྱུར་ན། ཤི་བའི་འོག་ཏུ་སེམས་འབའ་ཞིག་ཡན་གར་དུ་གནས་ཀྱང་འཆི་ཁའི་སེམས་དེ་ཚེ་ཕྱི་མའི་ལུས་ཀྱི་ལྷན་ཅིག་བྱེད་རྐྱེན་དུ་འགྱུར་བའི་ཕྱིར་རོ། །འོ་ན་ཚེ་ཕྱི་མའི་ལུས་ཀྱི་ཉེར་ལེན་གང་ཞེ་ན། ལུས་གཞན་ཚེ་ཕྱི་མའི་ལུས་ཆོས་ཅན། ཁྱོད་ཀྱི་ཉེར་ལེན་ཡོད་དེ། ཚེ་འདི་ཉིད་ཀྱི་འཆི་ཁའི་སྐྱེ་མཆེད་ལྔ་པོ་དེ་ཁྱོད་བསྐྱེད་པའི་ཉེར་ལེན་གྱི་རྒྱུ་ཉིད་ཡིན་པའི་ཕྱིར། འདིར་ཕལ་ཆེར་ཞལ་མཐུན་པར་གནས་རྒྱུར་ཡན་ལག་མི་འགྱུར་ན་འདོད་དེ་འདོད་པ་ནས་གཟུགས་མེད་དུ་སྐྱེ་བ་བཞིན་ནོ། །འགྱུར་ན་གཏན་ཚིགས་མ་གྲུབ་སྟེ་འདོད་པ་ནས་འདོད་པར་སྐྱེ་བ་བཞིན་ནོ་ཞེས་རྣམ་པར་ཕྱེ་བའི་ལན་གྱི་དོན་དུ་འཆད་པ་ནི་མི་འཐད་དེ། སྙོམས་འཇུག་གཉིས་ཀྱི་གནས་སྐབས་ན་སེམས་རྒྱུན་ཆད་པ་དང་། གཟུགས་མེད་ཁམས་ན་གཟུགས་གཏན་མེད་པ་ནི་བྱེ་བྲག་ཏུ་སྨྲ་བའི་ལུགས་ཡིན་གྱི་མདོ་སྡེ་པའི་ལུགས་མ་ཡིན་པའི་ཕྱིར་ཏེ། སྔ་མས་དེ་མ་ཐག་རྐྱེན་གྱི་དོན་ཤེས་པ་རིས་མཐུན་གཞན་གྱིས་བར་མ་ཆོད་པ་ཡིན་གྱི་ཆོས་གཞན་གྱིས་བར་མ་ཆོད་པ་ལ་མི་འདོད་ཅིང་། ཕྱི་མས་ནི་དངོས་རྒྱུ་ལ་འདོད་པའི་ཕྱིར་དང་། བྱེ་མདོ་གཉིས་གཟུགས་མེད་ཁམས་ན་གཟུགས་ཡོད་མེད་ཀྱི་དོན་ལ་རྩོད་ལན་ཤིན་ཏུ་རྒྱས་པ་མཛོད་འགྲེལ་ལས་གསུངས་པའི་ཕྱིར་རོ། །གཞུང་གི་དོན་རྣམ་པར་ཕྱེ་བའི་ལན་གྱི་དོན་དུ་འཆད་པ་ཡང་ཡིག་དོན་ལ་མ་ཞུགས་ཏེ། ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ་ཞེས་པ་དང་མ་འབྲེལ་བའི་ཕྱིར་དང་། གལ་ཏེ་མཚུངས་པ་དེ་མ་ཐག་རྐྱེན་ལས་ངེས་པར་མི་སྨྲ་ནའོ་ཞེས་པའང་རྣམ་པར་ཕྱེ་བའི་ལན་མ་ཡིན་པ་དང་འདི་མཚུངས་པའི་ཕྱིར་རོ། །ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔས་གཟུགས་མེད་ཁམས་པའི་གཟུགས་ཀྱི་རྒྱུ་བྱེད་པ་ཡང་དེས་བག་ཆགས་བཞག་པའི་སྒོ་ནས་སེམས་ཀྱི་རྟེན་དུ་གྱུར་པའི་གཟུགས་ཕྲ་མོ་ཡོད་པའི་དོན་ཡིན་གྱི་སྐྱེ་མཆེད་ལྔ་དངོས་སུ་ཡོད་པ་ནི་མ་ཡིན་ཏེ། གཟུགས་མེད་དུ་སྐྱེ་བ་ལ་བར་དོ་ཡོད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །རྒྱན་མཛད་པ་རྗེས་འབྲང་དང་བཅས་པས་བག་ཆགས་རྒྱུར་བཤད་པའི་དགོངས་པ་ཡང་འདི་ཉིད་ཡིན་ནོ། །འདི་ཅི་ལྟ་བ་བཞིན་སྨྲ་བ་གངས་ཅན་འདིར་གཞན་མ་བྱུང་ངོ་། །གཉིས་པ་ནི། འཆི་ཁའི་ལུས་སེམས་ཆོས་ཅན། ལུས་སེམས་ཕྱི་མའི་རྒྱུ་རྐྱེན་མ་ཡིན་ཏེ། དེར་མ་དམིགས་པའི་ཕྱིར་ཞེ་ན། ལུས་ཕྱི་མ་དེའི་ཡན་ལག་སྟེ་རྐྱེན་གྱིས་དངོས་པོ་སེམས་ཡིན་པ་དང་། ཉེར་ལེན་གྱི་རྒྱུ་འཆི་ཁའི་ལུས་ཉིད་ཡིན་པ་འགོག་པ་ལ་དེ་ལྟར་མ་དམིགས་པའི་ཕྱིར་ཞེས་པའི་གཏན་ཚིགས་དེ་ཆོས་ཅན། བསྒྲུབ་བྱ་ངེས་པར་བྱེད་པའི་གཏན་ཚིགས་ཡང་དག་མིན་ཏེ། བསྒྲུབ་བྱ་ངེས་པར་བྱེད་པའི་གཏན་ཚིགས་ཡང་དག་མིན་པར་སྔར་ཡང་རབ་ཏུ་བཤད་པའི་ཕྱིར་རོ། །གལ་ཏེ་མ་དམིགས་པས་མི་ཁེགས་ཀྱང་དབང་པོ་ཡིན་པ་དང་། སེམས་ཡིན་པ་ལ་སོགས་པའི་རྟགས་ཀྱིས་ཁེགས་སོ་ཞེ་ན། དབང་སོགས་ཀྱང་ནི་ཆོས་ཅན། དེ་འགོག་པ་ལ་གོ་བྱེད་མ་ཡིན་ཏེ། དེ་འགོག་པ་ལ་ཁྱབ་པ་ལ་ཐེ་ཚོམ་གྱི་ལྷག་མ་དང་ལྡན་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། འཆི་ཁའི་དབང་པོ་ཆོས་ཅན། རྐྱེན་གཞན་ཚང་ཞིང་གེགས་མེད་ན་དབང་པོ་ཕྱི་མ་གཞན་དང་གཞན་སྐྱེ་བ་དག་ཀྱང་འགྲུབ་པ་ཉིད་ཡིན་ཏེ། དབང་པོ་ཡིན་པའི་ཕྱིར། དཔེར་ན་ཚེ་འདིའི་དབང་པོ་སྔ་མ་རང་གི་རིགས་འདྲ་ཕྱི་མ་བསྐྱེད་པ་ལ་ནུས་པ་དག་ནི་མཐོང་བའི་ཕྱིར་ཏེ། དབང་པོ་སྔ་མ་དྭངས་རྙོག་ཏུ་གྱུར་པ་ལས་ཕྱི་མ་དྭངས་རྙོག་ཏུ་འགྱུར་བ་མཐོང་བའི་ཕྱིར་རོ་ཞེས་པ་བཞིན་ནོ། །གལ་ཏེ་ཚེ་འདིའི་དབང་པོ་དེ་དབང་པོ་སྔ་མ་ལས་མི་སྐྱེའི་ལུས་རྟག་པ་གཅིག་ལས་སྐྱེ་ཞེ་ན། ལུས་ཅན་གཅིག་ལ་ཆོས་ཅན། སྔ་མ་དེ་རྒྱུ་རྟག་ཏུ་ཉེ་ཕྱིར་རོ་ཞེས་པ་བཞིན་དུ་དབང་པོ་རིགས་འདྲ་དུ་མ་ཅིག་ཆར་སྐྱེ་བར་ཐལ་བར་འགྱུར་ཏེ། དབང་པོ་རིགས་འདྲ་དུ་མའི་དངོས་རྒྱུ་ལུས་རྟག་པ་རྟག་ཏུ་ཡོད་པའི་ཕྱིར་རོ། །ཡང་སེམས་ལས་ཚེ་འདིའི་དབང་པོ་ལྔ་སྐྱེ་ཞེ་ན། ལུས་གཞན་ཚེ་ཕྱི་མའི་དབང་པོ་ལྔ་ཡང་ཆོས་ཅན། སེམས་འདི་ཉིད་ལས་ནི་སྐྱེ་བར་འགྱུར་བར་ཐལ། ཚེ་འདིའི་དབང་པོ་སེམས་ལས་སྐྱེ་བ་དང་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །བཞི་པ་བཀག་པས་གྲུབ་པའི་མཇུག་བསྡུད་བསྟན་པ་ནི། ཐ་མལ་པ་དང་། དགྲ་བཅོམ་པ་འཆི་ཁ་ཐ་མ་ཡི་ནི་སེམས་རྣམས་ཀུན་ཆོས་ཅན། ལུས་དང་དབུགས་སེམས་ཀྱི་ཉེར་ལེན་ཡིན་པའི་རྒྱུ་མཚན་གྱིས་སེམས་ཀྱི་རྒྱུ་ལུས་སམ་དབུགས་དང་བྲལ་བའི་ཕྱིར་ཞེས་རྟགས་སུ་བཀོད་པས་ཁྱོད་རིག་པ་ཕྱི་མར་མཚམས་སྦྱོར་བ་མེད་པར་འགྲུབ་པ་མིན་ཏེ། ལུས་དང་དབུགས་སེམས་ཀྱི་ཉེར་ལེན་མིན་པ་དེས་ནའོ། །གཏན་ཚིགས་དེས་མཚམས་སྦྱོར་མེད་པར་མི་འགྲུབ་པ་དེའི་ཕྱིར་དེ་དང་འདྲ་བའི་སྒྲུབ་བྱེད་གཞན་འཆི་སེམས་ཡིན་པ་དེ་ཡང་ཆོས་ཅན། སྔར་གྱི་ཆོས་ཅན་ལ་རིག་པ་ཕྱི་མ་མཚམས་མི་སྦྱོར་བར་སྒྲུབ་པའི་གཏན་ཚིགས་ཡང་དག་མིན་ཏེ། དེ་ལྟར་སྒྲུབ་པའི་མི་མཐུན་ཕྱོགས་ལ་འཇུག་སྲིད་པའི་ལྷག་ལྡན་དུ་འདོད་པའི་ཕྱིར་རོ། །གཉིས་པ་སྲིད་ཀྱང་རང་བཞིན་ལས་འདས་མིན་པ་སྤོང་བ་ལ་གསུམ་སྟེ། དཔེ་ལ་བརྟེན་པའི་རྩོད་པ་དགོད། །གཞན་གྱིས་བཀོད་པའི་དཔེ་དོན་དགག །རང་ཕྱོགས་འཐད་པའི་དཔེ་ཉིད་བཤད་པའོ། །དང་པོ་ནི། སྙིང་རྗེ་གོམས་པ་ལས་ཁྱད་པར་ཅུང་ཟད་འགྱུར་དུ་ཆུག་ནའང་སྔར་གྱི་རང་བཞིན་ལས་འདས་ནས་རང་གི་ངང་གིས་འཇུག་པའི་མཚན་ཉིད་ཅན་དུ་འགྱུར་བ་མིན་ཏེ། མཆོངས་པ་དང་ཆུ་ཡི་དྲོད་གོམས་པ་ལས་ཁྱད་པར་དུ་འགྱུར་ན་ཡང་ཚད་མེད་དུ་མི་འཕེལ་བ་བཞིན་དུའོ་ཞེ་ན། གཉིས་པ་ལ་བཞི་སྟེ། དཔེ་ལ་མཐའ་མེད་འཕེལ་བའི་ཁྱད་པར་མེད། །དོན་ལ་མཐའ་མེད་འཕེལ་བའི་ཁྱད་པར་ཡོད། །དཔེ་ལ་དོན་དང་མཚུངས་བའི་རྩོད་པ་སྤོང་། །དོན་ལ་ཧ་ཅང་ཐལ་བའི་རྩོད་པ་སྤོང་བའོ། །དང་པོ་ནི། མཆོངས་པ་དང་ཆུའི་དྲོད་ཆོས་ཅན། སྙིང་རྗེའི་རང་བཞིན་དེ་དང་འདྲ་བར་མཐའ་མེད་དུ་འཕེལ་བའང་མ་ཡིན་ཏེ། གོམས་པ་ལས་ཁྱད་པར་ཅུང་ཟད་འཕེལ་ཡང་རང་གི་ངང་གིས་འཕེལ་བའི་རང་བཞིན་ཉིད་མིན་པའི་ཕྱིར་རོ། །གཏན་ཚིགས་གྲུབ་སྟེ། མཆོངས་པ་དེ་ལ་ཕན་འདོགས་པར་ནུས་པའི་རྩོལ་བ་རྣམས་ཀྱིས་ཁྱད་པར་ཕྱི་མ་དག་ལ་ནི་མཐའ་མེད་དུ་འཕེལ་བར་བསྒྲུབ་པའི་ནུས་པ་མེད་པའི་ཕྱིར་དང་། ཆུའི་དྲོད་ཀྱི་རྟེན་ཆུ་དེ་རྟག་ཏུ་གནས་པ་མིན་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ་ལན་ཅིག་གོམས་པར་བྱས་པ་དེ་གལ་ཏེ་སླར་ཡང་ནི་འབད་རྩོལ་ཕྱི་མ་ལ་ནི་ལྟོས་པར་འགྱུར་རམ་རྟེན་མི་བརྟན་པ་ཉིད་དུ་འགྱུར་ན་གོམས་བྱའི་དངོས་པོ་དེའི་ཁྱད་པར་ཕྱི་མ་དག་ནི་མཐའ་མེད་དུ་མི་འཕེལ་བས་ཁྱབ་པའི་ཕྱིར་ནའོ། །གཉིས་པ་ནི། བརྩེ་སོགས་ཆོས་ཅན། གོམས་རྐྱེན་དང་མ་བྲལ་བར་གོམས་པར་བྱས་ན་ཁྱད་པར་ཕྱི་མ་རང་གི་ངང་གིས་འཇུག་པར་འགྱུར་ཏེ། ལུས་ཀྱི་འབད་རྩོལ་ལ་མི་ལྟོས་པར་སེམས་ལ་གོམས་པ་ལས་སྐྱེ་བའི་ཡོན་ཏན་ཡིན་པའི་ཕྱིར། དཔེར་ན་མེ་ལ་སོགས་པས་ཤིང་བསྲེགས་པའི་ཚེ་འགལ་རྐྱེན་མེད་ན་རྩོལ་བ་ལ་མི་ལྟོས་པར་ཤིང་དག་ལ་ངང་གིས་འཇུག་པ་དང་། དངུལ་ཆུ་དང་ནི་གསེར་སོགས་འདུལ་བ་ན་རྩོལ་བ་ལན་ཅིག་བྱས་པས་རྩོལ་བ་ཕྱི་མ་གཞན་ལ་མི་ལྟོས་པར་རང་གི་ངང་གིས་འདུལ་བར་འགྱུར་བ་བཞིན་ནོ། །ཁྱབ་པ་ཡོད་དེ། གང་གི་ཚེ་ལན་ཅིག་གོམས་པར་བྱས་པར་གྱུར་པ་དེ་སླར་ཡང་འབད་རྩོལ་ལ་ལྟོས་པར་མི་འགྱུར་ན་རྩོལ་བ་སྔ་མ་དེས་རྩོལ་བ་གཞན་ཁྱད་པར་དུ་བྱེད་པར་འགྱུར་བའི་ཕྱིར་རོ། །དེས་མཆོངས་པ་གོམས་པ་དང་མི་མཚུངས་པར་བསྟན་ནོ། །རང་གི་ངང་གིས་འཇུག་པའི་དཔེ་ཡོད་པ་དེའི་ཕྱིར་བརྩེ་བ་ལ་སོགས་པའི་བློ་དེ་དག་ཆོས་ཅན། གོམས་རྐྱེན་དང་མ་བྲལ་བར་གོམས་པར་གྱུར་ན་ཚད་ཅན་དུ་གང་ན་གནས་ཏེ་མི་གནས་པར་ཐལ། གང་གི་ཕྱིར་ན་རང་གི་རིགས་མཐུན་སྔ་མའི་ས་བོན་ལས་ནི་འཕེལ་བ་ཅན་གྱི་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། གོམས་པ་དེ་དག་ལས་སྐྱེས་པའི་ཡོན་ཏན་དེ་སེམས་ཀྱི་ངོ་བོ་ཉིད་དུ་སྐྱེས་པའི་ཡོན་ཏན་ཡིན་པ་དེས་ན་རྩོལ་བ་སྔ་མ་དེས་ཁྱད་པར་ཕྱི་མ་དང་ཕྱི་མ་ཁྱད་པར་དུ་བྱེད་པ་ཡིན་པས་ཁྱབ་པའི་ཕྱིར། དེས་ཆུའི་དྲོད་དང་མི་མཚུངས་པར་བསྟན་ནོ། །གསུམ་པ་ནི། བརྩེ་སོགས་མཐའ་མེད་དུ་འཕེལ་ན་མཆོངས་པའང་མཐའ་མེད་དུ་འཕེལ་བར་མཚུངས་སོ་ཤེ་ན། མཆོངས་པ་ཆོས་ཅན། ཚད་ངེས་པའི་བདག་ཉིད་ཅན་ཡིན་ཏེ། ཁྱོད་དེའི་རྒྱུ་ལུས་ཀྱི་སྟོབས་དང་འབད་རྩོལ་དག་གི་ནུས་པ་ཚད་ངེས་པ་ཉིད་ཀྱི་ཕྱིར། ཁྱབ་པ་ཡོད་དེ། བརྩེ་སོགས་རིགས་འདྲ་སྔ་མ་ལས་འཕེལ་བ་དེ་ལྟར་མཆོངས་པ་སྔ་མ་ཉིད་ལས་མཆོངས་པ་ཕྱི་མ་འཕེལ་བ་མིན་པར་སྔ་ཕྱི་རེ་རེ་བཞིན་དུ་ལུས་ཀྱི་འབད་རྩོལ་ལ་ལྟོས་པའི་ཕྱིར། འོ་ན་དང་པོ་མ་སྦྱངས་པའི་དུས་ནས་ཕྱིས་སྦྱངས་པ་བཞིན་དུ་མཆོངས་ནུས་པར་ཐལ། རྒྱུ་སྟོབས་དང་འབད་རྩོལ་སྔ་ཕྱི་ཁྱད་པར་མེད་པའི་ཕྱིར་ཞེ་ན། མཆོངས་པ་བྱེད་པའི་སྐྱེས་བུ་དེ་ཆོས་ཅན། དང་པོ་མ་སྦྱངས་པའི་དུས་ནས་ཕྱིས་སྦྱངས་པ་བཞིན་དུ་མཆོངས་པ་མིན་ཏེ། དང་པོ་མ་སྦྱངས་དུས་ནས་བད་ཀན་ལ་སོགས་པས་ལུས་ལ་མི་མཐུན་པའི་རྐྱེན་བྱས་པས་ལྗི་བའི་ཕྱིར་རོ། །ཕྱིས་རྩོལ་བས་རིམ་གྱིས་མི་མཐུན་པ་བསལ་ན་ཡང་མཆོངས་པ་བྱེད་པའི་སྐྱེས་བུ་དེ་ཆོས་ཅན། མཐའ་མེད་དུ་མཆོངས་པ་མ་ཡིན་ཏེ། རང་གི་ལུས་ཀྱི་སྟོབས་ཉིད་དུ་མཆོངས་པ་གནས་པའི་ཕྱིར་རོ། །བཞི་པ་ནི། བརྩེ་སོགས་རང་རིག་ལས་འཕེལ་ན་སྐྱེས་བུ་ཐམས་ཅད་ལ་རང་རིག་ཡོད་པས་མཐའ་མེད་དུ་འཕེལ་བར་འགྱུར་རོ་ཞེ་ན། ཐ་མལ་པ་ཆོས་ཅན། བརྩེ་སོགས་མཐའ་མེད་དུ་མི་འཕེལ་ཏེ། བརྩེ་བ་རང་གི་ས་བོན་ལས་བྱུང་བ་དེ་ཡང་གལ་ཏེ་རང་གི་ས་བོན་སྔ་མའི་རྒྱུ་ཅན་ཏེ། འབྲས་བུར་གྱུར་པའི་མི་མཐུན་ཕྱོགས་ཞེ་སྡང་སོགས་ཀྱིས་གནོད་པ་མེད་ན་སེམས་རྒྱུད་ལ་བརྩེ་བ་དེའི་བདག་ཉིད་དུ་འགྱུར་ན་ཡང་ཁྱོད་ལ་ཞེ་སྡང་སོགས་ཀྱི་འགལ་རྐྱེན་གནས་པའི་ཕྱིར། འགལ་རྐྱེན་མེད་ཅིང་མཐུན་རྐྱེན་གོམས་པ་ཡོད་ན་བརྩེ་སོགས་མཐའ་མེད་དུ་འཕེལ་བའི་རྒྱུ་མཚན་འདི་ལྟར་གོམས་པ་སྔ་མ་དང་སྔ་མའི་སེམས་ཀྱི་ཆོས་བརྩེ་བ་དང་ཆགས་བྲལ་གྱི་བློ་ལ་སོགས་པ་ནི་ཕྱི་མ་གཞན་དག་གི་ཁྱད་པར་གསལ་བ་ཡི་ནི་རྩ་བ་ཡིན་པའི་ཕྱིར་རོ། །གསུམ་པ་རང་ཕྱོགས་འཐད་པའི་དཔེ་ཉིད་བཤད་པ་ནི། བརྩེ་སོགས་མཐའ་མེད་དུ་མི་འཕེལ་བའི་དཔེ་མེད་ན་མཐའ་མེད་དུ་འཕེལ་བའི་དཔེ་ཇི་ལྟ་བུ་ཞེ་ན། བརྩེ་བ་གོམས་པ་ལས་སེམས་ཅན་སྡུག་བསྔལ་ལས་སྐྱོབ་པར་བཞེད་པའི་བརྩེ་བའི་བདག་ཉིད་དུ་གྱུར་པ་དེའི་དཔེ་ཡོད་དེ། ཆགས་བྲལ་དང་། ཆགས་པ་དང་། ཡིད་ལོག་སྟེ་མི་སྡུག་པ་བསྒོམས་པས་དེ་དག་རང་གི་ངང་གིས་འཇུག་པ་བཞིན་ནོ། །གཉིས་པ་དེ་ལས་སྟོན་པ་འབྱུང་བའི་ཚུལ་ལ་བཞི་སྟེ། བརྩེ་བས་སྟོན་པ་དྲང་བའི་ཚུལ། །སྟོན་པའི་དམིགས་རྣམ་སྦྱོང་བའི་ཚུལ། །དམིགས་རྣམ་གོམས་པ་སྟོན་པར་བསྟན། །དེས་ན་བསམ་སྦྱོར་རྒྱུ་རུ་གྲུབ་པའོ། །དང་པོ་ནི། སྒྲུབ་བྱེད་ཐུགས་རྗེ་ཞེས་གསུངས་ན་སྒྲུབ་བྱེད་དུ་འགྱུར་ཚུལ་ཇི་ལྟ་བུ་ཞེ་ན། སྤྱིར་རྒྱུ་ཙམ་ལས་འབྲས་བུ་སྒྲུབ་པ་འཁྲུལ་ནའང་། རྒྱུ་དེ་ཡོད་པ་ཙམ་གྱིས་འབྲས་བུ་རང་དབང་དུ་འབྱུང་བ་ཡང་ཡོད་དེ། སྲེད་པ་ཡོད་ན་སྡུག་བསྔལ་གྱི་ཕུང་པོ་རང་དབང་འབྱུང་བ་བཞིན་ནོ། །དེས་ན་རང་གི་ངང་གིས་འཇུག་པའི་སྙིང་རྗེ་དེ་ཡོད་ན་སྟོན་པ་སོགས་ཕྱི་མ་གསུམ་རང་དབང་དུ་འབྱུང་བས་སྒྲུབ་བྱེད་དུ་འགྱུར་རོ་ཞེས་པ་ནི་བརྩེ་ལྡན་ཆོས་ཅན། གཞན་གྱི་སྡུག་བསྔལ་གཞོམ་པའི་ཕྱིར་དུ་རང་ཉིད་སྡུག་བསྔལ་ཞི་བ་དང་རྗེས་སུ་མཐུན་པའི་ཐབས་ཏེ་ལམ་རྣམས་ལ་ནི་མངོན་པར་སྦྱོར་བ་མཛད་པ་ཡིན་ཏེ། གཞན་ལ་སྡུག་བསྔལ་ཞི་བའི་ཐབས་ཕྱིན་ཅི་མ་ལོག་པར་སྟོན་པར་བཞེད་པའི་ཕྱིར་རོ། །ཁྱབ་པ་ཡོད་དེ། ཐབས་བྱུང་སྡུག་བསྔལ་ཞི་བ་དང་། དེའི་རྒྱུ་ཐབས་དེ་དངོས་སུམ་དུ་མ་རྟོགས་པར་རང་ལ་ལྐོག་ཏུ་གྱུར་པ་དེ་གཞན་ལ་ཕྱིན་ཅི་མ་ལོག་པར་འཆད་པ་ནི་དཀའ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། སྤང་བྱའི་རྒྱུ་དང་རང་བཞིན་དཔྱད། །དེ་རྒྱུ་གཞོམ་ཕྱིར་གཉེན་པོ་དཔྱད། །དཔྱད་པས་གྲུབ་པའི་སྤོང་གཉེན་བཤད་པའོ། །དང་པོ་ནི། སྡུག་བསྔལ་མྱོང་བས་གྲུབ་པ་ན་དེའི་རྒྱུ་ལ་ལུང་དང་རིགས་པས་རྣམ་པར་དཔྱོད་པའི་བརྩེ་ལྡན་ཆོས་ཅན། སྡུག་བསྔལ་ཉིད་ཀྱི་རེས་འགའ་སྐྱེ་བའི་ཁྱད་པར་གྱིས་གང་ཞིག་སྤོང་བས་འབྲས་བུ་སྡུག་བསྔལ་འཇོམས་པར་ནུས་པའི་སྡུག་བསྔལ་གྱི་རྒྱུ་ཡོད་པ་དང་། རྒྱུ་དེ་མི་རྟེན་པ་ཡིན་པ་དང་། ལས་སོགས་པ་མཚན་ཉིད་ཀྱི་རང་བཞིན་རྟོག་པར་མཛད་དེ། འབྲས་བུ་སྡུག་བསྔལ་གཞོམ་པར་འདོད་པའི་ཕྱིར། ཁྱབ་སྟེ། གང་གི་ཕྱིར་ན་སྔ་མ་དེ་ལྟར་སྡུག་བསྔལ་གྱི་རྒྱུ་དེ་གནས་ན་འབྲས་བུ་སྡུག་བསྔལ་སོག་པ་གཟིགས་པ་མེད་པའི་ཕྱིར་རོ། །གཉིས་པ་ནི་བརྩེ་ལྡན་ཆོས་ཅན། སྡུག་བསྔལ་གྱི་རྒྱུ་དེའི་ནི་མི་མཐུན་ཕྱོགས་ལ་བརྟག་པ་མཛད་པ་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་དེ་གཞོམ་པར་འདོད་པའི་ཕྱིར། དེ་ལྟར་བརྟགས་པ་ན་བརྩེ་ལྡན་ཆོས་ཅན། སྡུག་བསྔལ་གྱི་རྒྱུ་དེའི་མི་མཐུན་ཕྱོགས་ཀྱང་ངེས་པར་གྱུར་ཏེ། སྡུག་བསྔལ་གྱི་རྒྱུ་ཡི་ངོ་བོ་རྟོགས་པའི་ཕྱིར། ནད་ངོ་ཤེས་ན་ནི་སྨན་ངོས་ཟིན་པ་བཞིན་ནོ། །གསུམ་པ་ནི། འོ་ན་སྡུག་བསྔལ་གྱི་རྒྱུ་དང་དེའི་གཉེན་པོ་གང་ཞེ་ན། རྒྱུ་བདག་དང་བདག་གིར་འཛིན་པས་བྱས་པས། འདུས་བྱས་ཕུང་པོ་ལྔའི་སྤྱོད་ཡུལ་ཅན་གྱི་ཆགས་པ་སྟེ་སྲེད་པ་ནི་ཆོས་ཅན། སྡུག་བསྔལ་གྱི་རྒྱུའི་གཙོ་བོ་ཡིན་ཏེ། སྡུག་བསྔལ་རང་དབང་དུ་སྐྱེད་བྱེད་ཡིན་པའི་ཕྱིར། བདག་མེད་མཐོང་བའི་ཡེ་ཤེས་ཆོས་ཅན། སྡུག་བསྔལ་གྱི་རྒྱུ་དེའི་གནོད་བྱེད་གཉེན་པོ་ནི་ཡིན་ཏེ། སྡུག་བསྔལ་གྱི་རྒྱུ་བདག་འཛིན་དང་དམིགས་པ་གཅིག་ལ་དམིགས་ཤིང་འཛིན་སྟངས་འགལ་བ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། སྡུག་བསྔལ་ཞི་བའི་ཐབས་ཏེ་ལམ་བདག་མེད་མཐོང་བ་དེ་རྣམ་པ་དུ་མར་མང་པོ་སྟེ་རྒྱུན་མི་ཆད་པར་ཡུན་རིང་དུས་སུ་གོམས་པ་ཆོས་ཅན། ཁྱོད་ལས་འབྲས་དུས་ཀྱི་སྟོན་པ་འབྱུང་སྟེ། ཁྱོད་ལས་སྤང་བྱ་འཁོར་བའི་རྒྱུ་འབྲས་དང་། གཉེན་པོ་བདག་མེད་མཐོང་བ་དེ་ལ་རིམ་པ་ལྟར་སྐྱོན་དང་ཡོན་ཏན་ཇི་སྙེད་ཡོད་པ་དག་རབ་ཏུ་གསལ་བ་ཉིད་དུ་འགྱུར་བའི་ཕྱིར། འཁོར་འདས་ཀྱི་སྐྱོན་ཡོན་ཐམས་ཅད་གསལ་བ་དེས་ན་བཅོམ་ལྡན་འདས་ཆོས་ཅན། སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པའི་བག་ཆགས་ལུས་ངག་ཡིད་གསུམ་ལས་སུ་མི་རུང་བའི་མཚན་ཉིད་ཅན་སྤངས་པ་ཡིན་ཏེ། ཐུགས་ཀྱང་གསལ་བའི་མཐར་ཐུག་པའི་ཕྱིར་རོ། །དེས་ན་ཐུབ་པ་ཆེན་པོ་གཞན་དོན་ལ་ངང་གིས་འཇུག་པ་ཅན་གྱི་སངས་རྒྱས་ཆོས་ཅན། བསེ་རུ་ལྟ་བུའི་རང་སངས་རྒྱས་དང་། ལ་སོགས་པ་ཉན་ཐོས་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཉོན་མོངས་བག་ཆགས་དང་བཅས་པ་སྤངས་ཤིང་འཁོར་འདས་ཀྱི་སྐྱོན་ཡོན་མཐའ་དག་མཁྱེན་པ་འདི་ཡིན་པའི་ཕྱིར་རོ། །སྔར་ཐབས་གོམས་པར་མཛད་པ་དེ་ཉིད་ཆོས་ཅན། མདོའི་མཆོད་བརྗོད་དུ་སྟོན་པ་ཞེས་བསྟན་པ་ཡིན་པར་འདོད་དེ། གཞན་ལ་ལམ་སྟོན་པ་དེའི་རྒྱུའི་དོན་ཡིན་པའི་ཕྱིར་ནའོ། །བཞི་པ་ནི། བསམ་པ་འགྲོ་ལ་ཕན་བཞེད་པ་དང་། སྦྱོར་བ་ཐབས་གོམས་པའི་སྟོན་པ་གཉིས་པོ་འདི་ནི་ཆོས་ཅན། བདེ་གཤེགས་དང་སྟོན་པའི་རྒྱུ་རུ་མདོའི་མཆོད་བརྗོད་ལས་བཤད་དེ། མདོའི་མཆོད་བརྗོད་དུ་རང་གཞན་གྱི་དོན་གྲུབ་པའི་བདེ་གཤེགས་དང་སྐྱོབ་པ་ལས་དང་པོ་འབྱུང་བའི་ཕྱིར་རོ། །གསུམ་པ་དེ་ལས་བདེ་གཤེགས་འབྱུང་བའི་ཚུལ་ལ་གཉིས་ཏེ། སྤངས་པ་ཕུན་ཚོགས་བདེ་བར་གཤེགས་སུ་བསྟན། །སྤངས་པ་ཕུན་ཚོགས་མེད་པའི་རྩོད་པ་སྤོང་བའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། བདེ་བར་གཤེགས་པའི་སྐད་དོད་སུ་ག་ཏ་ཞེས་པ་ཡིན་ལ། སུ་ཞེས་པ་ལེགས་པ་སོགས་དང་། ག་ཏ་སྤོང་བ་ལ་འཇུག་པ་ལྟར་ན་བདག་མེད་མཐོང་བ་ཡུན་རིང་དུས་སུ་གོམས་པ་ལས་སྡུག་བསྔལ་གྱི་རྒྱུ་བག་ཆགས་དང་བཅས་པ་སྤངས་པའི་སྤངས་པ་དེ་ཆོས་ཅན། བདེ་གཤེགས་ཉིད་ཡིན་ཏེ། ཡོན་ཏན་གསུམ་ལྡན་གྱི་སྤངས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ལེགས་པར་སྤངས་པ། སླར་མི་ལྡོག་པར་སྤངས་པ། མ་ལུས་པར་སྤངས་པའོ། །དང་པོ་ནི། སངས་རྒྱས་ཀྱི་སྤངས་པ་ཆོས་ཅན། ལེགས་པར་སྤངས་པ་ཡིན་ཏེ། ཟག་བཅས་ཀྱི་སྡུག་བསྔལ་གྱི་རྟེན་མིན་པའི་སྤངས་པ་ཡིན་པའི་ཕྱིར། འདིས་ཕྱི་རོལ་པ་ལས་ཁྱད་པར་དུ་འཕགས་པར་གྲུབ་སྟེ། སྤངས་པ་དེ་ནི་བདག་མེད་པ་མངོན་སུམ་དུ་མཐོང་བའམ་དེའི་ཐབས་ལ་སྦྱོར་བ་ལས་སྤངས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སངས་རྒྱས་ཀྱི་སྤངས་པ་ཆོས་ཅན། སླར་མི་གཤེགས་པར་སྤངས་པ་ཉིད་ཡིན་ཏེ། བདག་ལྟའི་ས་བོན་སྤངས་པའི་སྤངས་པ་ཡིན་པའི་ཕྱིར། འདིས་ཐེག་དམན་སློབ་པ་ལས་ཁྱད་པར་དུ་འཕགས་པར་གྲུབ་སྟེ། ཐེག་དམན་སློབ་པ་ལ་སྐྱེ་བ་སྡུག་བསྔལ་གྱི་བདེན་པ་དང་། འདོད་ཆགས་ལ་སོགས་པའི་སྐྱོན་ནི་ཀུན་འབྱུང་པ་དག་ལན་གཅིག་སྤངས་ཀྱང་སླར་ཡང་ལྡོག་ཅེས་བཤད་པ་ཡིན་པའི་ཕྱིར་རོ། །སྤངས་པ་དེའི་རྒྱུ་གང་ཞེ་ན། བདག་མེད་རྟོགས་པའི་ཡེ་ཤེས་དེ་ཆོས་ཅན། སླར་མི་ལྡོག་པར་སྤངས་པའི་རྒྱུ་ཡིན་ཏེ། དམིགས་རྣམ་བདེན་པ་སྟེ་ཕྱིན་ཅི་མ་ལོག་པ་དང་བདག་འཛིན་དང་འཛིན་སྟངས་ཐ་དད་པ་སྟེ་འགལ་བ་དང་། སེམས་ཀྱི་བདག་ཉིད་དེ་རང་བཞིན་དུ་གྱུར་པ་ཉིད་ཀྱིས་སོ། །གསུམ་པ་ནི། སངས་རྒྱས་ཀྱི་སྤངས་པ་ཆོས་ཅན། མ་ལུས་པར་སྤངས་པ་ཉིད་ཡིན་ཏེ། རྣམ་པ་དུ་མར་ཐབས་མང་པོ་ཡུན་རིང་དུས་སུ་གོམས་པ་ལས་ཉོན་མོངས་པའི་བག་ཆགས་སྤངས་པའི་སྤངས་པ་ཡིན་པའི་ཕྱིར། འདི་ཉན་རང་དགྲ་བཅོམ་པ་ལས་ཁྱད་པར་དུ་འཕགས་པར་གྲུབ་སྟེ། དེ་དག་ལ་རྒྱུ་ཉོན་མོངས་མེད་པ་དང་། འབྲས་བུ་སྡུག་བསྔལ་གྱི་ནད་མེད་པ་ཡིན་ཀྱང་ཐེག་པ་གསུམ་གྱི་ལམ་བཤད་པ་ལ་ཐུགས་མི་གསལ་བ་ཉིད་ལུས་པ་ཡིན་པའི་ཕྱིར་དང་། ལུས་ཀྱི་གནས་ངན་ལེན་བསོད་སྙོམས་ལ་གཤེགས་པ་ན་སྤྲེའུ་ལྟར་མཆོངས་བྱེད་པ་དང་། ངག་གི་གནས་ངན་ལེན་འགའ་ཞིག་ལ་དམངས་རིགས་ཞེས་བརྗོད་པ་ལྟ་བུ་དང་། སེམས་ཀྱི་གནས་ངན་ལེན་རེས་འགའ་མཉམ་པར་མ་བཞག་པས་ལུང་དུ་མ་བསྟན་པའི་སེམས་ཀྱི་གནས་སྐབས་ལྟ་བུ་དང་ལྡན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྩོད་པ་དང་། ལན་ནོ། །དང་པོ་ནི། རྒྱལ་དཔོག་པ་ཁ་ཅིག ཐུབ་པ་ཆོས་ཅན། སྐྱོན་ཟད་པ་མིན་ཏེ། ངག་སྨྲ་བའི་ཕྱིར་དང་། སྐྱེས་བུ་ཉིད་ལ་སོགས་པའི་ཕྱིར་ནའོ་ཞེས་ཟེར་རོ། །གཉིས་པ་ལ་གཉིས་ཏེ། སྒྲུབ་བྱེད་ལྷག་ལྡན་ཉིད་དུ་བསྟན། །བསྒྲུབ་བྱའི་དོན་ལ་བརྟགས་ནས་དགག་པའོ། །དང་པོ་ནི། ངག་སྨྲ་སོགས་འདི་ཆོས་ཅན། ཐུབ་པ་སྐྱོན་ཟད་པ་མ་ཡིན་པར་སྒྲུབ་པ་ལ་འཁྲུལ་ཏེ་དེ་ལྟར་སྒྲུབ་པ་ལ་ལྡོག་པ་ལ་ཐེ་ཚོམ་ཟ་བ་དེའི་ཕྱིར་རོ། །གཉིས་པ་ནི། སྐྱོན་རྣམས་མི་ཟད་པ་ཉིད་ཅེས་དམ་བཅས་ན་དེའི་སྒྲུབ་བྱེད་རྟག་པ་ཉིད་ཀྱི་ཕྱིར་རམ། དེ་སྤོང་བའི་ཐབས་མེད་པའི་ཕྱིར་རམ། ཡང་ན་ཐབས་ནི་ཡོད་ཀྱང་མི་ཤེས་པའི་ཕྱིར་ཞེས་བྱ་བར་ཡོངས་སུ་རྟོག་གྲང་ན་རྟགས་གསུམ་ཀ་མ་གྲུབ་སྟེ། རྒྱུ་མཚན་རིམ་པ་ལྟར་ཁྱོད་ཀྱི་རྒྱུ་ཡོད་པའི་ཕྱིར་དང་། ཁྱོད་ཀྱི་རྒྱུ་ཡི་ནི་གཉེན་པོ་གོམས་པས་ཁྱོད་ཀྱི་རྒྱུ་ཟད་པར་འགྱུར་བའི་ཕྱིར་དང་། ཁྱོད་ཀྱི་རྒྱུའི་རང་བཞིན་ཤེས་པ་ཡིས་རྒྱུའི་གཉེན་པོ་དེ་ཤེས་པའང་གྲུབ་པ་ཡིན་པའི་ཕྱིར་རོ། །བཞི་པ་དེ་ལས་སྐྱོབ་པ་འབྱུང་བའི་ཚུལ་ནི། བཅོམ་ལྡན་འདས་ཆོས་ཅན། མདོའི་མཆོད་བརྗོད་ལས་གསུངས་པའི་སྐྱོབ་པ་ཡིན་ཏེ། རང་ཉིད་ཀྱིས་གཟིགས་ཤིང་ཉམས་སུ་མྱོང་བའི་ལམ་ཕྱིན་ཅི་མ་ལོག་པར་གསུངས་པའི་སྒོ་ནས་གདུལ་བྱ་སྡུག་བསྔལ་ལས་སྐྱོབ་པར་མཛད་པའི་ཕྱིར། ཇི་ལྟར་ཕྱིན་ཅི་མ་ལོག་པར་གསུངས་ཤེ་ན། བཅོམ་ལྡན་འདས་ཆོས་ཅན། བརྫུན་ཏེ་ལམ་ཕྱིན་ཅི་ལོག་ཏུ་མི་གསུངས་ཏེ། དེ་གསུངས་པ་ལ་འབྲས་བུ་སྟེ་དགོས་པ་མེད་པའི་ཕྱིར་ནའོ། །གལ་ཏེ་བརྩེ་བ་མེད་པས་ཕྱིན་ཅི་ལོག་གསུང་ངོ་སྙམ་ན། བཅོམ་ལྡན་འདས་ཆོས་ཅན། བརྩེ་བ་མེད་པས་ཕྱིན་ཅི་ལོག་གསུང་པ་མ་ཡིན་ཏེ། ཐུགས་བརྩེ་བ་ཆེན་པོ་དང་ལྡན་པའི་ཕྱིར་ཏེ། སྐུ་གསུང་ཐུགས་ཀྱི་རྩོམ་པ་ཀུན་ཡང་གཞན་གྱི་དོན་དུ་བསྐལ་པ་གྲངས་མེད་དུ་མར་སྦྱོར་ཞིང་གོམས་པར་མཛད་པའི་ཕྱིར་རོ། །ལྔ་པ་དེས་ན་སྒྲུབ་བྱེད་ཡོད་པར་གྲུབ་པ་ནི། བཅོམ་ལྡན་འདས་ཆོས་ཅན། ཁྱོད་སྐྱེས་བུ་ཚད་མ་ཡིན་པའི་སྒྲུབ་བྱེད་ཡོད་དེ། ཁྱོད་ཀྱི་སྒྲུབ་བྱེད་ཐུགས་རྗེ་རིགས་པས་བསྒྲུབས་ཟིན་ཅིང་དེ་ལས་སྟོན་པ་དང་། བདེར་གཤེགས་དང་། སྐྱོབ་པ་རང་དབང་དུ་འབྱུང་བར་བསྒྲུབ་ཟིན་པ་དེའི་ཕྱིར། གསུམ་པ་ནན་ཏན་མ་བྱས་བཀག་ནས་བྱས་པར་བསྒྲུབ་པ་ལ་ལྔ་སྟེ། སྐྱོབ་པ་དངོས་སྟོབས་རིགས་པས་བསྒྲུབ། །དེ་ལས་བདེར་གཤེགས་གྲུབ་པའི་ཚུལ། །དེ་ལས་སྟོན་པ་གྲུབ་པའི་ཚུལ། །དེ་ལས་བརྩེ་བ་གྲུབ་པའི་ཚུལ། །དེས་ན་ནན་ཏན་བྱས་པར་གྲུབ་པའོ། །དང་པོ་ལ་གཉིས་ཏེ། བདེན་བཞི་སྟོན་པ་སྐྱོབ་པར་བསྟན། །བསྟན་བྱ་བདེན་བཞི་རིགས་པས་བསྒྲུབ་པའོ། །དང་པོ་ནི། སྐྱོབ་པའི་དོན་ལམ་བདེན་གསུངས་པ་ལ་བཤད་པ་ལས་ཡང་ན་ཞེས་པའམ་སྒྲུབ་བྱེད་བཞི་པོ་ལུགས་འབྱུང་དུ་བཤད་པས་སྒྲུབ་བྱེད་ཡོད་ཙམ་གྲུབ་པ་ལས་ཡང་ན་ལུགས་ཟློག་ཏུ་བཤད་པས་སྒྲུབ་བྱེད་ལ་ནན་ཏན་བྱས་པ་ཡང་གྲུབ་བོ་ཞེས་པ་ནི་བཅོམ་ལྡན་འདས་ཆོས་ཅན། སྐྱོབ་པ་ཡིན་ཏེ། རྣམ་གྲོལ་དོན་གཉེར་ལ་ཤེས་བྱ་སྡུག་བསྔལ། སྤང་བྱ་ཀུན་འབྱུང་། ཐོབ་བྱ་འགོག་པ། བསྟེན་བྱ་ལམ་སྟེ་བདེན་པ་བཞི་ནི་ཕྱིན་ཅི་མ་ལོག་པར་སྟོན་པར་མཛད་པ་ཡིན་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པར་སྟོན་པའི་སྒྲུབ་བྱེད་སྟོན་པ་འདིས་བདེན་བཞི་ཇི་ལྟར་བསྟན་པ་ལྟར་དངོས་སྟོབས་ཀྱི་རིགས་པས་གྲུབ་པའི་ཕྱིར་ཞེས་པ་ནི་གཞུང་འོག་མ་རྣམས་དང་སྦྱོར་རོ། །གཉིས་པ་ལ་བཞི་སྟེ། མཚན་གཞི་མཚན་ཉིད་བསྒྲུབས་ཏེ་སྡུག་བདེན་བཤད། །སྡུག་བསྔལ་རྒྱུ་བཅས་བསྒྲུབས་ཏེ་ཀུན་འབྱུང་བཤད། །སྡུག་བསྔལ་འགགས་པ་བསྒྲུབས་ཏེ་འགོག་བདེན་བཤད། །བདག་ལྟའི་གཉེན་པོ་བསྒྲུབས་ཏེ་ལམ་བདེན་བཤད་པའོ། །དང་པོ་ལ་གཉིས་ཏེ། མཚན་གཞི་འཁོར་བ་ཅན་དུ་བསྒྲུབ། །མཚན་ཉིད་མི་རྟག་ལ་སོགས་བསྒྲུབ་པའོ། །དང་པོ་ལ་གསུམ་སྟེ། སྡུག་བསྔལ་འཁོར་བ་ཅན་དུ་བསྟན། །འཁོར་བ་ཡོད་པར་རིགས་པས་བསྒྲུབ། །འཁོར་བ་མེད་ན་ཧ་ཅང་ཐལ་བའོ། །དང་པོ་ནི། ཉོན་མོངས་པ་དང་། ལས་དང་། རྣམ་སྨིན་གསུམ་པོ་བར་མེད་པར་འཁོར་བ་ཅན་གྱི་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། སྡུག་བསྔལ་བདེན་པ་ཡིན་ཏེ། སྡུག་བསྔལ་གསུམ་གྱིས་དངོས་སམ་བརྒྱུད་ནས་སྡུག་བསྔལ་བའི་འདུས་བྱས་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། གོམས་ལས་གསལ་བའི་རྟགས་ཀྱིས་བསྒྲུབ། །ཉེར་ལེན་རིགས་མཐུན་རྟགས་ཀྱིས་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། གཏན་ཚིགས་དགོད། རྩོད་པ་སྤོང་བའོ། །དང་པོ་ནི། ཆད་ལྟ་བ་ན་རེ། འཁོར་བ་ཅན་ཞེས་པ་མི་འཐད་དེ། སྐྱེ་བ་སྔ་ཕྱི་མེད་པའི་ཕྱིར་ཞེ་ན། སྐྱེས་མ་ཐག་པའི་སྐྱེས་བུ་ཆོས་ཅན། ཆགས་སོགས་གོམས་པ་སྔོན་དུ་སོང་སྟེ། རང་རྒྱུད་ལ་ཆགས་སོགས་གསལ་བར་སྐྱེ་བའི་ཕྱིར། ཁྱབ་སྟེ། ཚེ་འདིར་སྔར་ཆགས་སོགས་གོམས་པ་ཉིད་ལས་ཕྱིས་འདོད་ཆགས་ལ་སོགས་པ་གསལ་བར་མཐོང་བའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ཆགས་སོགས་རྒྱུ་མེད་སྐྱེ་བ་དགག །རིགས་མི་མཐུན་ལས་སྐྱེ་བ་དགག །དེས་ན་རིགས་མཐུན་རྒྱུ་རུ་གྲུབ་པའོ། །དང་པོ་ནི། ཆགས་སོགས་གོམས་པ་ལས་མི་སྐྱེ་ན་རྒྱུ་མེད་དམ་རྒྱུ་གཞན་ཡོད། དང་པོ་ལྟར་ན་ཆགས་སོགས་ཆོས་ཅན། འདོད་རྒྱལ་བ་རྒྱུ་མེད་ཉིད་མ་ཡིན་ཏེ། རེས་འགའ་སྐྱེ་བར་མཐོང་བའི་ཕྱིར། ཁྱབ་སྟེ། རྒྱུ་མེད་ཡིན་ན་རེས་འགའ་སྐྱེ་བ་འགལ་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ནད་ཀྱི་རྒྱུ་ལས་སྐྱེ་བ་དགག །འབྱུང་བའི་རྒྱུ་ལས་སྐྱེ་བ་དགག་པའོ། །དང་པོ་ལ་བཞི་སྟེ། ལྡོག་པ་མེད་པས་འབྲས་བུ་མིན། །རྗེས་འགྲོ་མེད་པས་འབྲས་བུ་མིན། །འབྲས་བུ་ཡིན་ན་ཧ་ཅང་ཐལ། །རང་ལ་མཚུངས་པའི་རྩོད་པ་སྤོང་བའོ། །དང་པོ་ནི། ཆགས་སོགས་རྒྱུ་མེད་མ་ཡིན་ཀྱང་གོམས་པ་ལས་མི་སྐྱེ་སྟེ། རླུང་མཁྲིས་བད་ཀན་གསུམ་ལས་རིམ་པ་ལྟར་གཏི་མུག་དང་ཞེ་སྡང་འདོད་ཆགས་གསུམ་གསལ་བར་སྐྱེ་བའི་ཕྱིར་ཞེ་ན། གཏི་མུག་སོགས་ཆོས་ཅན། རིམ་པ་ལྟར་རླུང་དང་། སོགས་པ་མཁྲིས་པ་དང་། བད་ཀན་གྱི་འབྲས་བུའི་ཆོས་མ་ཡིན་ཏེ། རིམ་པ་ལྟར་དེ་གསུམ་ལ་ལྡོག་པ་འཁྲུལ་བའི་ཕྱིར་ཏེ། བད་ཀན་ཤས་ཆེ་ཞིང་མཁྲིས་པ་མེད་པ་ལ་ཞེ་སྡང་ཆེ་བ་སོགས་མཐོང་བའི་ཕྱིར་རོ། །གལ་ཏེ་དེའི་ཚེ་བད་ཀན་ལ་མཁྲིས་པའི་རང་བཞིན་འདྲེས་པའི་ཕྱིར་ཞེ་སྡང་མཁྲིས་པ་ལ་འཁྲུལ་པའི་སྐྱོན་མེད་ཅེ་ན། བད་ཀན་ཅན་དེ་ལ་ཆོས་ཅན། མཁྲིས་པ་དེའི་ཆོས་ཞེ་སྡང་དེ་ལས་གཞན་ཤ་སེར་བ་དང་། དྲི་ང་བ་ལ་སོགས་པ་ཡང་ཅིས་མ་མཐོང་སྟེ་མཐོང་བར་ཐལ། དེའི་རྒྱུ་མཁྲིས་པ་ནུས་པ་ཐོགས་མེད་ཡོད་པའི་ཕྱིར་རོ། །གལ་ཏེ་རླུང་མཁྲིས་བད་ཀན་རེ་རེས་ཀྱང་དུག་གསུམ་ཀ་བསྐྱེད་དོ་ཞེ་ན། གཏི་མུག་སོགས་ཆོས་ཅན། རླུང་སོགས་ཀུན་གྱི་འབྲས་བུའི་ཆོས་མ་ཡིན་པར་ཐལ། ཡིན་ན་བད་ཀན་མཚུངས་པའི་ལུས་ཅན་ཐམས་ཅན་ཆོས་ཅན། འདོད་ཆགས་མཚུངས་པར་ནི་ཐལ། བད་ཀན་མཚུངས་པར་ཡོད་པའི་ཕྱིར་ཞེས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །གལ་ཏེ་རྒྱུ་འབྱུང་བཞི་མཚུངས་ཀྱང་འབྲས་བུ་སེམས་ཅན་གྱི་གཟུགས་སོགས་མི་མཚུངས་པ་བཞིན་དུ་རྒྱུ་བད་ཀན་མཚུངས་ཀྱང་འབྲས་བུ་འདོད་ཆགས་མི་མཚུངས་པས་སྐྱོན་མེད་ཅེ་ན། གལ་ཏེ་སེམས་ཅན་གྱི་གཟུགས་སོགས་དེ་ལ་ཁྱད་པར་ཅན་གྱི་ལས་བཟང་ངན་རྣམས་བདག་པོའི་རྐྱེན་མ་ཡིན་པར་འབྱུང་བཞི་ཉིད་ལས་སྐྱེས་ན་འབྱུང་བཞི་ལས་གཟུགས་སོགས་སྐྱེ་བ་དེར་ཡང་ལུས་ཅན་རྣམས་ཆོས་ཅན། གཟུགས་སོགས་མཚུངས་པར་ཐལ། རྒྱུ་འབྱུང་བ་མཚུངས་པའི་ཕྱིར་ཞེས་རྩོད་པ་མཚུངས་པ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། གཏན་ཚིགས་དགོད། ཚུལ་གསུམ་བསྒྲུབ། ཉེས་སྤོང་དགག་པའོ། །དང་པོ་ནི། གཏི་མུག་སོགས་ཆོས་ཅན། རླུང་སོགས་སོ་སོའི་ཉེར་ལེན་ཅན་མ་ཡིན་ཏེ། སྐྱོན་རླུང་སོགས་རྣམས་འཕེལ་འགྲིབ་ཀྱི་ཁྱད་པར་ཡོད་ན་ཡང་ཁྱོད་འཕེལ་འགྲིབ་ཀྱི་ཁྱད་པར་མེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་རྟགས་མ་གྲུབ་སྟེ། མཁྲིས་པ་འཕེལ་བ་ན་ལུས་གདུངས་བས་ཞེ་སྡང་འཕེལ་བར་མཐོང་བས་སོ་ཞེ་ན། དེ་ཙམ་གྱིས་རྟགས་དེ་མ་གྲུབ་པ་ཉིད་དུ་འགྱུར་བ་མིན་ཏེ། ཡིན་ན་རླུང་མཁྲིས་བད་ཀན་ཐམས་ཅད་ཆོས་ཅན། ཞེ་སྡང་གི་ཉེར་ལེན་དུ་ཐལ། ཁྱོད་འགྱུར་བ་ཡིས་ལུས་གདུངས་པ་ལས་ཞེ་སྡང་འཕེལ་བར་འགྱུར་བ་ཡིན་པའི་ཕྱིར། འདོད་ན་རླུང་སོགས་ཀུན་ལ་ཞེ་སྡང་སྐྱེ་བའང་མིན་ཏེ། ཐམས་ཅད་ཞེ་སྡང་མཚུངས་པར་ཐལ་བའི་ཕྱིར་རོ། །རྩ་བའི་རྟགས་ལ་ཁྱབ་པ་ཡོད་དེ། ཆགས་སོགས་ཀྱི་ཉེར་ལེན་གྱི་རྒྱུ་བད་ཀན་སོགས་ནི་འཕེལ་བར་གྱུར་པ་ན་ཉེར་ལེན་ཅན་གྱི་འབྲས་བུ་ཆགས་སོགས་འགྲིབ་པར་མི་རུང་བའི་ཕྱིར་ཏེ། མཁྲིས་པ་འཕེལ་བ་ན་དེའི་འབྲས་བུ་ཚ་བའི་ནད་འགྲིབ་པ་སོགས་མི་རུང་བ་བཞིན་ནོ། །གལ་ཏེ་ནད་གསུམ་ཆ་མཉམ་པ་ལས་ཆགས་པ་དང་། མི་མཉམ་པ་ལས་ཞེ་སྡང་སྐྱེ་བའི་ཕྱིར་ན་རྩ་བའི་གཏན་ཚིག་མ་གྲུབ་བོ་ཞེ་ན། ནད་གསུམ་ཆ་མཉམ་མི་མཉམ་གྱིས་བྱས་པའི་ཆགས་སོགས་ཀྱི་འགྱུར་བ་ཆོས་ཅན། ནད་གསུམ་ལས་དངོས་སུ་སྐྱེས་པ་མིན་ཏེ། ནད་གསུམ་ཆ་མཉམ་མི་མཉམ་གྱིས་བྱས་པའི་བདེ་སྡུག་ལས་སྐྱེས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། ཉེས་སྤོང་རྗོད་བྱེད་རྒྱུ་ཉིད་དྲི། །སྨྲས་པའི་རྒྱུ་གཉིས་སོ་སོར་དགག་པའོ། །དང་པོ་ནི། གལ་ཏེ་སྤྱིར་བད་ཀན་ཆགས་པའི་རྒྱུ་ཡིན་ཡང་ནད་གསུམ་ཆ་མི་མཉམ་པ་ལས་སྐྱེས་པའི་སྡུག་བསྔལ་གྱིས་གེགས་བྱས་པའི་ཚེ་བད་ཀན་ཡོད་ཀྱང་འདོད་ཆགས་མི་སྐྱེད་ཅེ་ན། ནད་གསུམ་ཆ་མཉམ་པའི་ཚེ་རྒྱུ་ཅིས་འདོད་ཆགས་སྐྱེད་སྨྲོས་ཤིག གཉིས་པ་ལ་གཉིས་ཏེ། ཁུ་བ་ཆགས་པའི་རྒྱུར་མི་འཐད། །གཟུགས་སོགས་ཆགས་པའི་རྒྱུ་མི་འཐད་པའོ། །དང་པོ་ནི། དེའི་ལན་དུ་ནད་གསུམ་ཆ་མཉམ་པ་ལས་ཁུ་བ་འཕེལ། དེ་ལས་འདོད་ཆགས་སྐྱེ་བ་ཡིན་ཞེ་ན། ཆགས་པ་ཆོས་ཅན། ཁྱོད་ནད་གསུམ་ཆ་མཉམ་པ་དང་། དེ་ལས་བྱུང་བའི་ཁུ་བའི་དངོས་འབྲས་མ་ཡིན་པར་ཐལ། ནད་གསུམ་ཆ་མི་མཉམ་པ་ལའང་ཁྱོད་དང་ལྡན་པ་ཅན་མཐོང་བའི་ཕྱིར་དང་། གཞན་ཆགས་བྲལ་ནི་ནད་གསུམ་ཆ་མཉམ་པའང་ཁྱོད་སྐྱེ་བ་མིན་པར་མཐོང་བའི་ཕྱིར་དང་། གཞན་ཆགས་ལྡན་ནི་ཁུ་བ་ཟད་ནས་ཁྲག་འཛག་ཀྱང་ཁྱོད་སྐྱེ་བ་མཐོང་བའི་ཕྱིར་རོ། །གཞན་ཡང་ཆགས་ལྡན་དེ་ཆོས་ཅན། བུད་མེད་གཟུགས་མཛེས་པ་གཅིག་ལ་ཆགས་པ་དྲག་པོ་སྐྱེ་བར་མི་འགྱུར་བར་ཐལ། བུད་མེད་གཅིག་པོ་དེ་ལ་ཁུ་བ་ངེས་པར་འཕེལ་བ་མེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་བུད་མེད་ཀྱི་གཟུགས་དང་སྤྱོད་ལམ་མཛེས་པ་སོགས་ཀྱང་ཁུ་བས་འདོད་ཆགས་བསྐྱེད་པའི་ཡན་ལག་སྟེ། ལྷན་ཅིག་བྱེད་རྐྱེན་ཡིན་པས་བུད་མེད་གཅིག་ལ་ཆགས་པ་དྲག་པོ་སྐྱེ་བ་མི་འགལ་ལོ་ཞེ་ན། བུད་མེད་ཀྱི་གཟུགས་མཛེས་ཆོས་ཅན། ཁྱོད་ཆགས་པའི་དངོས་རྒྱུ་མ་ཡིན་པར་ཐལ། ཁྱོད་ཉེ་བར་སྤོང་བའི་གང་ཟག་ཀུན་ཆགས་པ་སྐྱེ་བར་མ་ངེས་པའི་ཕྱིར་རོ། །ཆགས་པ་ཆོས་ཅན། གཟུགས་མཛེས་པའི་ངེས་པ་མེད་པར་གཟུགས་ངན་པ་ལ་གཏན་ནས་འབྱུང་བའང་མིན་པར་ཐལ་བ་དང་། གཟུགས་མཛེས་ཡོན་ཏན་དུ་མི་འཛིན་པ་ལའང་ཁྱོད་སྐྱེ་བར་འགྱུར་བར་ཐལ། གཟུགས་མཛེས་དེ་ཁྱོད་ཀྱི་དངོས་རྒྱུ་ཡིན་པའི་ཕྱིར། གལ་ཏེ་གཟུགས་མཛེས་སོགས་ལ་ཡོན་ཏན་དུ་འཛིན་པ་དེ་ཡང་ཆགས་པ་བསྐྱེད་པའི་ཡན་ལག་ཡིན་ཞེ་ན། གཟུགས་མཛེས་མཐོང་བའི་སྐྱེས་བུ་ཁུ་བ་ཅན་ཐམས་ཅད་ཀྱིས་ཆོས་ཅན། གཟུགས་མཛེས་ལ་ཡོན་ཏན་དུ་འཛིན་པ་ཅན་དུ་འགྱུར་ཏེ། གཟུགས་མཛེས་ལ་ཡོན་ཏན་དུ་འཛིན་པའི་དངོས་རྒྱུ་གཟུགས་མཛེས་དང་ཁུ་བ་ཡོད་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །རྟགས་ཁས་བླངས། གསུམ་པ་འབྲས་བུ་ཡིན་ན་ཧ་ཅང་ཐལ་བ་ནི། བད་ཀན་དེ་ཆགས་པ་ཁོ་ནའི་རྒྱུ་ཡིན་ན། བད་ཀན་ཅན་གྱི་གནས་སྐབས་གང་ལ་ཆོས་ཅན། གནས་སྐབས་དེར་དེ་འདྲ་ཞེ་སྡང་ཅན་དུ་མི་འགྱུར་བར་ཐལ། གནས་སྐབས་དེར་ཆགས་པ་ཅན་དུ་འདོད་པའི་ཕྱིར། ཁྱབ་སྟེ། ཆགས་སྡང་དེ་གཉིས་ངོ་བོ་མི་མཚུངས་པ་སྟེ་འགལ་བའི་ཕྱིར། འདོད་མི་ནུས་ཏེ། བད་ཀན་གྱི་གནས་སྐབས་འདི་ལ་ངེས་པར་ཏེ། མཐའ་གཅིག་ཏུ་ཞེ་སྡང་མི་སྐྱེ་བར་མཐོང་བའམ་མེད་པས་སོ། །བཞི་པ་རང་ལ་མཚུངས་པའི་རྩོད་པ་སྤོང་བ་ནི། ཆགས་སོགས་རླུང་སོགས་ལས་སྐྱེ་བ་ལ་བརྗོད་པའི་སྐྱོན་རྣམས་ཁྱོད་ལ་ཡང་མཚུངས་སོ་ཤེ་ན། སངས་རྒྱས་པ་དེ་ལ་ཆོས་ཅན། ཆགས་སོགས་རླུང་སོགས་ལས་སྐྱེ་བ་ལ་བཀོད་པའི་སྐྱོན་འདིར་ཐལ་བ་མེད་དེ། ཁྱོད་གང་གི་ལུགས་ལ་འདོད་ཆགས་ལ་སོགས་པ་རིགས་མཐུན་པ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། ཆགས་སོགས་སྔ་མས་བསྒོས་པའི་བག་ཆགས་ཀྱི་ཁྱད་པར་ལ་རག་ལས་པ་ལས་ནི་འཇུག་པར་འགྱུར་བ་ཡིན་པའི་ཕྱིར། གཉིས་པ་འབྱུང་བའི་རྒྱུ་ལས་སྐྱེ་བར་དགག་པ་ལ་གཉིས་ཏེ། སྔར་མེད་གསར་དུ་བསྐྱེད་པ་དགག །གྲུབ་ཟིན་གནས་པར་བྱེད་པ་དགག་པའོ། །དང་པོ་ནི། ཆགས་སོགས་འབྱུང་བའི་འབྲས་བུ་ཡིན་ཏེ། ས་ཆུ་ཤས་ཆེ་བ་ལས་ཆགས་པ་དང་། མེ་རླུང་ཤས་ཆེ་བ་ལས་སྡང་བ་དང་། ཆུ་རླུང་ཤས་ཆེ་བ་ལས་གཏི་མུག་སྐྱེ་བའི་ཕྱིར་ཞེ་ན། ཆགས་སོགས་རླུང་སོགས་ཀྱི་འབྲས་བུ་ཡིན་པ་བཀག་པའི་རིགས་པ་འདིས་ནི་ཆགས་སོགས་འབྱུང་བའི་ཆོས་སམ་འབྲས་བུ་ཉིད་ཡིན་པའང་བཀག་སྟེ། རླུང་མཁྲིས་བད་ཀན་གསུམ་ནི་རིམ་པ་ལྟར་རླུང་མེ་ཆུ་གསུམ་གྱི་བདག་ཉིད་ཡིན་པས་སོ་ཞེས་ཤཱཀྱས་སོ། །གཉིས་པ་ལ་གསུམ་སྟེ། རིགས་པ་སྔ་མས་ཁེགས། ཁས་བླངས་འགལ་བ་སྤོང་། ཧ་ཅང་ཐལ་བ་དགག་པའོ། །དང་པོ་ནི། ཆགས་སོགས་ཆོས་ཅན། ཁྱོད་གྲུབ་ཟིན་འབྱུང་བ་ལ་བརྟེན་པ་ཡང་མིན་ཏེ། ཁྱོད་གྲུབ་ཟིན་འབྱུང་བ་ལ་བརྟེན་པ་ཡང་སྔར། ཡོད་མེད་དག་ལ་བརྟེན་མེད་ཕྱིར། །ཞེས་པའི་རིགས་པས་བཀག་པ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ནི། སྤྱིར་རྟེན་དང་བརྟེན་པ་འགོག་ན། འབྱུང་བ་ལ་བརྟེན་ནས་འབྱུང་གྱུར་གྱི་གཟུགས་གནས་པར་ཁས་བླངས་པ་དང་འགལ་ལོ་ཞེ་ན། དཀར་པོ་ལ་སོགས་པ་འབྱུང་གྱུར་གྱི་གཟུགས་ཆོས་ཅན། གྲུབ་ཟིན་གནས་པར་བྱེད་པའི་ཚུལ་གྱིས་ས་སོགས་ལ་བརྟེན་པ་ཉིད་ནི་མ་ཡིན་ཏེ། གྲུབ་ཟིན་གནས་པའི་རྟེན་མི་སྲིད་པའི་ཕྱིར། འོ་ན་འབྱུང་གྱུར་འབྱུང་བ་ལ་བརྟེན་ཅེས་པའི་དོན་གང་ཞེ་ན། གཟུགས་སོགས་ཆོས་ཅན། ཁྱོད་འབྱུང་བ་དེ་ལ་བརྟེན་ཅེས་པའི་སྒྲ་དོན་ཡང་གྲུབ་ཟིན་གནས་པར་བྱེད་པའི་དོན་མིན་ཏེ། འབྱུང་བ་སྔ་མ་དེ་ཁྱོད་ཀྱི་རྒྱུའི་དོན་ནམ་ཡང་ན་དུས་མཉམ་པའི་རང་གི་རྟེན་འབྱུང་བ་དག་དང་དབྱེར་མེད་པར་ནི་སྟེ་འབྲལ་མི་ཤེས་སུ་གནས་པའི་ཕྱིར་ན་ཁྱོད་འབྱུང་བ་ལ་བརྟེན་པ་ཡིན་གྱི། རྒྱུ་འབྲས་དང་འབྲལ་མི་ཤེས་ལས་གཞན་དུ་ཁྱོད་འབྱུང་བ་ལ་བརྟེན་པར་འཐད་པ་མ་ཡིན་པའི་ཕྱིར། གལ་ཏེ་ཆང་མ་ལོག་ཀྱང་མྱོས་པ་ལ་སོགས་པའི་ནུས་པ་ལྡོག་པས་དབྱེར་ཡོད་ཀྱི་ཚུལ་དུ་བརྟེན་པ་བཞིན་དུ་འབྱུང་བ་དང་འབྱུང་གྱུར་ཡང་དབྱེར་ཡོད་ཀྱི་ཚུལ་དུ་བརྟེན་པ་ཡིན་ནོ་ཞེ་ན། ཆང་གི་མྱོས་པའི་ནུས་པ་ཆོས་ཅན། དོན་དམ་པར་ཆང་ལ་བརྟེན་པ་མིན་ཏེ། ཆང་གི་དངོས་པོ་ལས་དོན་གཞན་མ་ཡིན་པའི་ཕྱིར་ཏེ། ཁྱེད་ཞིག་ན་རྟེན་ཆང་གི་དངོས་པོ་འཇིག་པར་འགྱུར་ཞིང་། རྟེན་ཆང་གནས་པ་ན་བརྟེན་པ་ཁྱོད་འཇིག་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཆང་དང་ཆང་གི་མྱོས་པའི་ནུས་པ་དེ་བཞིན་དུ་འབྱུང་སེམས་ཀྱང་ངོ་བོ་དབྱེར་མེད་ཡིན་པར་མཚུངས་སོ་ཞེ་ན། འབྱུང་སེམས་ཆོས་ཅན། དབྱེར་མེད་མིན་པར་ཐལ། རྫས་ཐ་དད་པ་ཉིད་ཡིན་པའི་ཕྱིར་ཏེ། སྣང་བ་ཐ་དད་པ་ཅན་གྱི་ཤེས་པ་མ་འཁྲུལ་བས་རྫས་ཐ་དད་དུ་རྟོགས་པས་སོ། །གསུམ་པ་ནི། འབྱུང་བའམ་ལུས་ཡིད་གནས་པར་བྱེད་པའི་རྟེན་ཡིན་ན་ཡིད་བློ་རྟོག་པ་ཆོས་ཅན། ཇི་སྲིད་ལུས་ནི་གནས་སྐབས་མི་འདྲ་བར་འགྱུར་གྱི་བར་དུ་ཁྱོད་ཀྱི་ངོ་བོ་སྟེ་རྣམ་པ་མཚུངས་པ་ཁོ་ནར་སྐྱེ་བར་འགྱུར་བར་ཐལ། ལུས་དེ་ཁྱོད་གནས་པར་བྱེད་པའི་རྟེན་ཡིན་པ་གང་ཞིག ཁྱོད་ཤེས་པ་ཡིན་པའི་ཕྱིར། ལུས་མ་གྱུར་གྱི་བར་དུ་དེ་ལ་བརྟེན་པའི་གཟུགས་སོགས་མཚུངས་པར་སྐྱེ་བ་བཞིན་དུའོ། །གལ་ཏེ་ཁྱབ་པ་མེད་དེ། རྟེན་མཚུངས་ཀྱང་གཟུངས་དོན་གྱི་དབང་གིས་རྣམ་པ་གཞན་དུ་འགྱུར་རོ་ཞེ་ན། རྣམ་པར་རྟོག་པ་ནི་ཆོས་ཅན། གཟུང་དོན་གྱི་གཞན་དབང་ཅན་ཉིད་གང་ལས་ཡིན་ཏེ་མིན་པར་ཐལ། འདོད་པ་ཙམ་གྱིས་འཇུག་པའི་ཕྱིར། གསུམ་པ་དེས་ན་རིགས་མཐུན་རྒྱུ་རུ་གྲུབ་པ་ནི། ཆགས་སོགས་སྔ་མ་འགའ་ཞིག་ལས། ཆགས་སོགས་ཕྱི་མ་འགའ་ཞིག་སྐྱེ་བ་ཡིན་ཏེ། གང་གི་ཚེ་སྟེ་གང་གི་ཕྱིར་ན་ལུས་ལ་ལྟོས་པ་མེད་པར་ཤེས་པ་སྔ་མ་འགའ་ཞིག་ཕྱི་མ་འགའ་ཞིག་གི་བག་ཆགས་སད་པའི་རྒྱུར་འགྱུར་བ་དེས་ནའོ། །གཉིས་པ་ཉེར་ལེན་རིགས་མཐུན་རྟགས་ཀྱིས་སྒྲུབ་པ་ལ་གཉིས་ཏེ། རྣམ་ཤེས་ཡིན་པས་ཉེར་ལེན་རིགས་མཐུན་གྲུབ། །གྲུབ་ཟིན་སྒྲུབ་པའི་གྲངས་ཅན་རྩོད་པ་སྤོང་བའོ། །དང་པོ་ནི། སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། རིག་པ་སྔ་མ་སྔོན་དུ་སོང་སྟེ། རིག་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར། ཞེས་པས་སྐྱེ་བ་སྔ་མ་གྲུབ་བོ། །ཡང་གི་སྒྲས་ལུས་རྟག་པ་སོགས་ལས་སྐྱེ་ན། སྔ་ཕྱི་ཐམས་ཅད་ཅིག་ཆར་སྐྱེ་བར་ཐལ་བས་དེ་གྲུབ་ཅེས་པ་སྡུད་དོ་ཞེས་འཆད་ཀྱང་། གོམས་ལས་གསལ་བའི་རྟགས་ཀྱིས་གྲུབ་པར་མ་ཟད་ཅེས་པའི་དོན་ནོ། །གཉིས་པ་ནི། གལ་ཏེ་གྲངས་ཅན་ན་རེ། རྩྭ་ལ་སོགས་པའི་དངོས་པོ་ཐམས་ཅད་ན་རྣམ་ཤེས་ནུས་པའི་ངོ་བོར་ལྡན་པའི་ཕྱིར་ན། སྐྱེས་མ་ཐག་པའི་རྣམ་ཤེས་དེ་རྣམ་ཤེས་སྔ་མ་སྔོན་སོང་དུ་འདོད་དོ་ཞེ་ན། རྩྭ་དང་འབྱུང་བ་ལ་སོགས་པའི་རྩེ་ན་གླང་ཆེན་རྒྱ་དང་། རྣམ་ཤེས་སྔོན་ཚེ་མ་མཐོང་ཡང་ཡོད་དོ་ཞེས་པའི་དམ་བཅའ་ཆོས་ཅན། ཁྱོད་དེ་སྐད་གྲངས་ཅན་ཕྱུགས་ལས་གཞན་ངོ་ཚ་བཅས་པ་སུ་བརྗོད་རྩོལ་ཏེ་བརྗོད་མི་ནུས་པར་ཐལ། ཁྱོད་ལ་སྣང་རུང་མ་དམིགས་པའི་རྟགས་ཀྱིས་གནོད་པའི་ཕྱིར། ཇི་ལྟར་ཅེ་ན། རྒྱུ་རྩྭ་དང་འབྱུང་བ་སོགས་ནི་ཆོས་ཅན། ཁྱོད་ལ་ཅི་ལྟར་ན་གླང་ཆེན་བརྒྱ་དང་རྣམ་ཤེས་དེ་ནི་ཡོད་པར་འགྱུར་ཏེ་མེད་པར་ཐལ། ཁྱོད་ལན་བརྒྱར་རྣམ་པར་ཕྱེ་ཡང་གླང་ཆེན་བརྒྱ་དང་རྣམ་ཤེས་ཀྱི་ངོ་བོ་གང་ཞིག་ཡོད་ན་སྣང་རུང་དུ་གྱུར་པའི་ངོ་བོ་དེ་ནི་སྔར་མི་སྣང་བའི་ཕྱིར་རོ། །གསུམ་པ་འཁོར་བ་མེད་ན་ཧ་ཅང་ཐལ་བ་ལ་གཉིས་ཏེ། ཆགས་སོགས་བཅས་པར་འབྱུང་བའི་ངེས་པ་མེད་པར་ཐལ། ཆགས་སོགས་རེས་འགའ་སྐྱེ་བའི་ངེས་པ་མེད་པར་ཐལ་བའོ། །དང་པོ་ལ་གཉིས་ཏེ། ཧ་ཅང་ཐལ་བ་དགོད། ཁྱབ་པ་མ་ངེས་སྤང་བའོ། །དང་པོ་ནི། ཐ་མལ་པ་ལ་ཆོས་ཅན། སྐྱེས་མ་ཐག་ཏུ་ཆགས་སོགས་དང་ལྡན་པར་འབྱུང་བའི་ངེས་པ་མེད་པར་ཐལ་བར་འགྱུར་ཏེ། ཁྱོད་དང་ཆགས་སོགས་རིགས་འདྲ་སྔ་ན་མེད་པ་འབྱུང་བ་ལས་གསར་དུ་འབྱུང་བ་མིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྒྱུའི་སྒོ་ནས་མ་ངེས་སྤོང་། དཔེའི་སྒོ་ནས་མ་ངེས་སྤོང་བའོ། །དང་པོ་ལ་གསུམ་སྟེ། འབྱུང་བའི་བདག་ལས་བྱུང་ན་ཧ་ཅང་ཐལ། འབྱུང་ཁྱད་ཡིན་ན་ཆགས་བྲལ་སྲིད་པར་ཐལ། ཆགས་བྲལ་མེད་པར་སྒྲུབ་པའི་གཞན་ལན་དགག་པའོ། །དང་པོ་ནི། གལ་ཏེ་ལུས་ཅན་ཀུན་ཆོས་ཅན། ཆགས་སོགས་དང་ལྡན་ཏེ། ཆགས་སོགས་ཀྱི་དངོས་རྒྱུ་འབྱུང་བའི་བདག་ཉིད་ཡོད་པ་ལས་མ་འདས་པའི་ཕྱིར་ཞེ་ན། ལུས་ཅན་ཐམས་ཅད་ཆོས་ཅན། འདོད་ཆགས་ཆེ་ཆུང་མཚུངས་པར་འགྱུར་བར་ཐལ། འདོད་ཆགས་ཀྱི་དངོས་རྒྱུ་འབྱུང་བ་ཁྱད་མེད་དུ་ཡོད་པའི་ཕྱིར། གཉིས་པ་ནི། གལ་ཏེ་རྟགས་མ་གྲུབ་སྟེ། འབྱུང་བ་ཆེ་ཆུང་གི་ཁྱད་པར་ཡོད་པ་ལས་ཆགས་སོགས་ཆེ་ཆུང་དུ་སྐྱེ་བ་ཡིན་པའི་ཕྱིར་རོ་ཞེ་ན། འོ་ན་འབྱུང་བ་རྣམས་ལས་སྐྱེས་པའི་སྲོག་ཆགས་རྣམས་ལ་སྲོག་ཆགས་ཙམ་དང་། ཆེས་སྲོག་ཆགས་དང་ཆེས་ཤིན་ཏུ་སྲོག་ཆགས་ཀྱི་ཁྱད་པར་ཡོད་པར་ཐལ། འབྱུང་བ་ཆེ་ཆུང་གི་ཁྱད་པར་ལས་ཆགས་པ་ཆེ་ཆུང་གི་ཁྱད་པར་ཡོད་པའི་ཕྱིར། དེ་ལྟ་བུའི་ཁྱད་པར་མེད་ཀྱང་ཐ་མལ་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་འབྱུང་བ་གང་ཡིན་པ་དེ་ནི་ཕུལ་དུ་བྱུང་བ་དང་འགྲིབ་པ་ཡོད་པའི་རྒྱུ་མཚན་གྱིས་མཐར་འབྱུང་བ་རྒྱུན་ཆད་པར་འགྱུར་བ་བཞིན་དུ་ཆགས་པ་དེ་ཁྱོད་ལ་སྔར་ཡོད་པ་ལས་ཁྱོད་ཀྱི་ཁྱད་པར་ཕྱི་མ་འགའ་ཞིག་ལ་དེ་མེད་པར་འགྱུར་བར་ཐལ། འབྱུང་བ་དེ་ཁྱོད་ཀྱི་རྒྱུད་ཀྱི་ཆགས་པ་ལ་འཕེལ་འགྲིབ་ཀྱི་ཁྱད་པར་འདིའི་རྟེན་ཡིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། རྒྱུའི་སྒོ་ནས་ཆགས་བྲལ་མེད་པ་དགག །དཔེའི་སྒོ་ནས་ཆགས་བྲལ་མེད་པ་དགག་པའོ། །དང་པོ་ནི་གལ་ཏེ་འབྱུང་བ་འཕེལ་འགྲིབ་ལས་ཆགས་སོགས་འཕེལ་འགྲིབ་ཐ་དད་ཀྱང་ཐ་མལ་པ་ཆོས་ཅན། ཆགས་པ་གཏན་མེད་དུ་འགྲོ་བ་མིན་ཏེ། ཆགས་སོགས་ཀྱི་རྒྱུ་མཚུངས་པའི་བདག་ཉིད་འབྱུང་བ་མི་ལྡོག་པའི་ཕྱིར་ཞེ་ན། ལུས་ཅན་ཀུན་ལ་ཆོས་ཅན། འདོད་ཆགས་སོགས་ཆེ་ཆུང་ཡང་འདྲ་བར་འགྱུར་བར་ཐལ། ཆགས་སོགས་ཀྱི་བདག་ཉིད་འདྲ་བ་བསྐྱེད་པའི་རྒྱུ་འབྱུང་བ་ཙམ་ཁྱད་མེད་དུ་ཡོད་པའི་ཕྱིར། ཁྱབ་པ་ཡོད་དེ། རྒྱུ་བ་ལང་དུ་མཚུངས་པའི་བདག་ཉིད་ལས་བྱུང་བའི་བ་ལང་གི་ཡུལ་ཅན་གྱི་ཤེས་པ་ལ་བ་གླང་དང་། ཤིན་ཏུ་བ་གླང་དང་། ཆེས་ཤིན་ཏུ་བ་གླང་ངོ་སྙམ་པའི་ཁྱད་པར་མེད་པའམ། ཚུ་རོལ་མཛེས་པ་བས་ས་སོགས་ལ་སྲོག་ཆགས་སྐྱེ་བར་འདོད་པའི་སྐབས་འདིར་ཡང་ས་སོགས་ལས་སྐྱེས་པའི་སྲོག་ཆགས་རྣམས་ལ་སྲོག་ཆགས་དང་། ཆེས་སྲོག་ཆགས་ཉིད་ལ་སོགས་པའི་ཁྱད་པར་གྱི་རིམ་པ་ལ་ལར་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། མེ་ལ་དྲོ་བའི་རེག་པ་ཆེ་ཆུང་གི་རིམ་པའི་ཁྱད་པར་ཡོད་ན་ཡང་དྲོ་བ་མེད་པའི་མེ་འགའ་ཡོད་པ་མིན་པ་དེ་བཞིན་དུ། འདིར་ཡང་འབྱུང་བ་འཕེལ་འགྲིབ་ལས་ཆགས་སོགས་འཕེལ་འགྲིབ་ཀྱི་ཁྱད་པར་ཡོད་ཀྱང་ཆགས་པ་གཏན་མེད་དུ་འགྱུར་བ་མི་སྲིད་པས་དེ་ཡོད་པ་ལས་དེ་མེད་འགྱུར་ཞེས་པའི་ཁྱབ་པ་མ་ངེས་སོ་ཞེ་ན། སྐྱོན་མེད་དེ། ངེད་ཀྱི་རྟགས་ལ་དོན་གཞན་འཕེལ་འགྲིབ་དང་ལྡན་པ་ཞེས་པའི་ཁྱད་པར་ཡོད་པས་དེ་མེ་དང་དྲོ་བ་ལ་མ་ཞུགས་ཏེ། འདི་ལྟར་དྲོ་བ་ཆོས་ཅན། མེ་ལས་དོན་གཞན་པའི་ཚུལ་གྱིས་མེ་འཕེལ་འགྲིབ་ལས་ཁྱོད་འཕེལ་འགྲིབ་བྱེད་པ་མིན་ཏེ། ཁྱོད་ལས་མེ་དོན་གཞན་ཡིན་པ་ཚད་མས་བཀག་པའི་ཕྱིར་རོ། །དེས་ན་ཆགས་སོགས་ཆོས་ཅན། ཁྱོད་འབྱུང་བ་ལ་རྒྱུན་ཆད་པར་འགྱུར་བ་སྲིད་དེ། འབྱུང་བ་ལས་དོན་གཞན་པའི་ཚུལ་གྱིས་འབྱུང་བ་འཕེལ་འགྲིབ་ལས་ཁྱོད་འཕེལ་འགྲིབ་བྱེད་པའི་ཕྱིར། ཁྱབ་སྟེ། ཡོན་ཏན་གང་ཞིག ཡོན་ཏན་ཅན་ལས་གཞན་དུ་ཡོད་པའི་ཡོན་ཏན་ནི། ཡོན་ཏན་ཅན་དེ་ལས་འཕེལ་འགྲིབ་ཀྱི་ཁྱད་པར་གྱི་རིམ་པ་དང་ལྡན་པའི་ཡོན་ཏན་དེ་དག་ཡོན་ཏན་ཅན་དེའི་ཁྱད་པར་ཕྱི་མ་ནི་ལ་ལར་ཆད་པར་འགྱུར་བའི་ཕྱིར། དཔེར་ན་འབྱུང་བ་ལས་དོན་གཞན་པའི་དཀར་སོགས་ཀྱི་ཡོན་ཏན་འབྱུང་བའི་ཁྱད་པར་ཕྱི་མ་འགའ་ཞིག་ལ་ཆད་པར་འགྱུར་བ་དེ་བཞིན་ནོ། །གཉིས་པ་ནི། གཟུགས་སོགས་འབྱུང་བ་ལས་གསར་དུ་བྱུང་ཡང་འབྱུང་བ་ལ་ངེས་པར་ཡོད་པ་དེ་བཞིན་དུ་ཆགས་སོགས་ཀྱང་ཡིན་པས་སྔ་ན་མེད་པ་འབྱུང་བ་ལ་ཞེས་པའི་ཐལ་བ་མ་ངེས་སོ་ཞེ་ན། ཆགས་སོགས་ཆོས་ཅན། གཟུགས་སོགས་བཞིན་དུ་འབྱུང་བ་ལ་ཁྱོད་ཡོད་པར་ངེས་པ་མིན་ཏེ། གཟུགས་སོགས་དེ་དག་འབྱུང་བ་དང་འབྲལ་མི་ཤེས་ཀྱི་དབྱེར་མེད་ཡིན་ལ། ཁྱོད་འབྱུང་བ་དང་འབྲལ་རུང་ཡིན་པའི་ཕྱིར་རོ། །གལ་ཏེ་གཟུགས་སོགས་འབྱུང་བ་དང་འབྲལ་མི་ཤེས་ཡིན་པ་དེ་ཆགས་སོགས་ལ་ཡང་མཚུངས་ཞེ་ན། གཟུགས་སོགས་ཆོས་ཅན། ཁྱོད་འབྱུང་བ་དང་འབྲལ་མི་ཤེས་ཡིན་པ་དེ་ཆགས་སོགས་ལ་མཚུངས་པ་མིན་པར་ཐལ། གལ་ཏེ་མཚུངས་ན་ཆགས་སོགས་དང་འབྱུང་བ་ཆོས་ཅན། རྣམ་པ་ཐམས་ཅད་དུ་ལྷན་ཅིག་སྐྱེ་བར་ཐལ། འབྲལ་མི་ཤེས་ཀྱི་དངོས་པོ་ཡིན་པའི་ཕྱིར་ཞེས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །གལ་ཏེ་ཆགས་སོགས་ཕྱི་རོལ་གྱི་དམིགས་རྐྱེན་ལ་ལྟོས་པས་འབྱུང་བ་ཡོད་ཀྱང་རེས་འགའ་མི་འབྱུང་ཞེ་ན། ཆགས་སོགས་ཆོས་ཅན། ཕྱི་རོལ་གྱི་གཟུང་ཡུལ་ཡང་ཁྱོད་རེས་འགའ་སྐྱེ་བར་ངེས་པར་བྱེད་པ་མ་ཡིན་པར་ཐལ། ཁྱོད་ཕྱི་རོལ་གྱི་ཡུལ་མེད་ཀྱང་རང་གིས་རྣམ་པར་བརྟགས་པ་ཙམ་ཡུལ་དུ་བྱས་ནས་སྐྱེ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ཆགས་སོགས་རེས་འགའ་སྐྱེ་བའི་ངེས་པ་མེད་པར་ཐལ་བ་ནི། ཆགས་སོགས་ཆོས་ཅན། སྐྱེས་བུ་འགའ་ཞིག་ལ་འབྱུང་བའི་ངེས་པ་མེད་པར་འགྱུར་ཏེ་རྒྱུ་མེད་ཡིན་པའི་ཕྱིར་ཏེ། སྐལ་མཉམ་སྟེ་རིགས་འདྲའི་རྒྱུ་དང་བྲལ་བའི་ཕྱིར་ཞེས་པའམ། གལ་ཏེ་འབྱུང་བ་དངོས་རྒྱུ་ཡིན་པར་འདོད་ན། འདོད་ཆགས་ལ་སོགས་པའི་བློ་རྣམས་ཀུན་ཆོས་ཅན། སྐྱེས་བུ་ཐམས་ཅད་ལ་དུས་ཀུན་གྱི་ཚེ་སྐྱེ་བར་འགྱུར་བར་ཐལ། སྐྱེས་བུ་ཐམས་ཅད་ལ་དེའི་དངོས་རྒྱུ་འབྱུང་བ་ནི་ཀུན་གྱི་ཚེ་ཉེ་བར་ཡོད་པའི་ཕྱིར། རྟགས་ཁས་བླངས་སོ། །གཉིས་པ་མཚན་ཉིད་མི་རྟག་ལ་སོགས་སྒྲུབ་པ་ལ་བཞི་སྟེ། མི་རྟག སྡུག་བསྔལ། བདག་མེད། སྟོང་པ་བསྒྲུབ་པའོ། །དང་པོ་ནི། སྡུག་བསྔལ་བདེན་པའི་མཚན་གཞི་ཉེར་ལེན་གྱི་ཕུང་པོ་དེ་ནི་ཆོས་ཅན། མི་རྟག་པ་ཡིན་ཏེ། རེས་འགའ་དམིགས་པ་སྟེ་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། སྡུག་བསྔལ་བ་ཡིན་ཏེ། ཉེས་པ་བདག་དང་། བདག་གིར་ཞེན་པ་དང་། སྐྱེ་རྒ་ན་འཆི་ལ་སོགས་པའི་རྟེན་ཡིན་པའི་ཕྱིར་དང་། རྒྱུ་སྲེད་པའི་གཞན་དབང་དུ་གྱུར་པའི་ཕྱིར་ཡང་ངོ་། །གསུམ་པ་ནི། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། བདག་མིན་ཏེ། བདག་དང་མཚན་ཉིད་མི་མཐུན་པའི་ཕྱིར་ཏེ། མི་རྟག་དུ་མ་གཞན་དབང་ཅན་ཡིན་པའི་ཕྱིར་རོ། །བཞི་པ་ནི། ཉེར་ལེན་གྱི་ཕུང་པོ་ཆོས་ཅན། བདག་གིས་བྱིན་གྱིས་བརླབས་པའི་བདག་གི་བའང་མིན་ཏེ། བདག་དེ་ཁྱོད་བྱིན་གྱིས་རློབ་པ་པོ་མིན་པའི་ཕྱིར་ཏེ། བདག་དེ་ཁྱོད་ཀྱི་རྒྱུ་མིན་པའི་ཕྱིར་ཏེ། བདག་དེ་རྟག་པ་ཡིན་པའི་ཕྱིར་རོ། །ཁྱབ་སྟེ། རྟག་པའང་ཇི་ལྟར་འབྲས་བུ་སྐྱེད་བྱེད་ཡིན་ཏེ་མིན་པས་སོ། །བདག་ཆོས་ཅན། ཁྱོད་རྟག་པ་གཅིག་ལས་འབྲས་བུ་དུ་མ་ནི་དུས་ཐ་དད་པར་ཏེ་རིམ་ཅན་དུ་སྐྱེ་བར་མི་འགྱུར་བར་ཐལ། རྟག་པ་འབྲས་བུ་སྐྱེད་བྱེད་མིན་པ་དེའི་ཕྱིར། གཞན་ཡང་བདག་ལ་སོགས་པའི་རྟག་པ་རྣམས་ཆོས་ཅན། སྡུག་བསྔལ་སོགས་ཀྱི་རྒྱུ་ཡིན་མི་སྲིད་པར་ཐལ། སྡུག་བསྔལ་སོགས་ཀྱི་རྒྱུ་གཞན་ཚོགས་ན་ཡང་ཁྱོད་མེད་པའི་རྒྱུ་མཚན་གྱིས་སྡུག་བསྔལ་སོགས་ལྡོག་པ་དེ་ནི་ཁྱོད་ལ་ཡོད་པ་མིན་པའི་ཕྱིར་རོ། །ཁྱབ་སྟེ། འབྲས་བུ་འགའ་ཞིག་གི་རྒྱུ་གཞན་དག་ནི་ཚོགས་ན་ཡང་ཆོས་གང་ཞིག་མེད་པས་འབྲས་བུ་སྐྱེ་བ་མེད་པའི་ཕྱིར་ན། ཚོགས་པ་དེ་ལས་རྒྱུ་གཞན་རྗེས་སུ་དཔོག་པར་འགྱུར་གྱི། གཞན་དུ་མིན་པའི་ཕྱིར་རོ། །གཉིས་པ་སྡུག་བསྔལ་རྒྱུ་བཅས་བསྒྲུབས་ཏེ་ཀུན་འབྱུང་བདེན་པ་བཤད་པ་ནི། འདིར་རྒྱན་རྗེས་འབྲང་དང་བཅས་པས་བདེན་པ་ལྷག་མ་གསུམ་ལ་ཡང་རྣམ་པ་བཞི་བཞིར་ཕྱེ་བ་དང་། ལྷས་ཀུན་འབྱུང་གི་རྒྱུ་དང་། འགོག་བདེན་གྱི་འགོག་པ་དང་། ལམ་བདེན་གྱི་ལམ་གྱི་རྣམ་པ་གསུམ་བསྟན་པས་རྣམ་པ་ལྷག་མ་གསུམ་གསུམ་གྲུབ་པར་འགྱུར་བར་བཤད་པ་དང་གཉིས་ལས། ཕྱི་མ་ལྟར་བཤད་ན་གསུམ་སྟེ། སྡུག་བསྔལ་རྒྱུ་དང་བཅས་པར་བསྒྲུབ། །རྒྱུ་ཉིད་གཞན་དུ་རྟོག་པ་དགག །རྒྱུ་ཡི་གཙོ་བོ་སྲེད་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། རེས་འགའ་སྐྱེ་བས་རྒྱུ་བཅས་བསྒྲུབ། །རྒྱུ་མེད་སྒྲུབ་པའི་གཏན་ཚིགས་དགག་པའོ། །དང་པོ་ནི། སྡུག་བསྔལ་འདི་ཆོས་ཅན། རྒྱུ་དང་བཅས་པ་ཉིད་དུ་གྲུབ་སྟེ། རེས་འགའ་སྐྱེ་བ་ཉིད་ཡིན་པས་ནའོ། །ཁྱབ་སྟེ། རྒྱུ་མེད་ཡིན་ན་རྟག་ཏུ་ཡོད་པའམ་གཏན་མེད་པར་འགྱུར་གྱི་རེས་འགའ་བ་མ་ཡིན་པས་ཁྱབ་པའི་ཕྱིར་ཏེ། རྒྱུ་མེད་ཡིན་ན་རྐྱེན་གཞན་ལ་མི་ལྟོས་དགོས་པའི་ཕྱིར། གཉིས་པ་ནི། ཁ་ཅིག་སྟེ། ངོ་བོ་ཉིད་རྒྱུར་སྨྲ་བ་ན་རེ། ཅི་ལྟར་ཚེར་མ་ལ་སོགས་ཀྱི་རྣོ་བ་ཉིད་སོགས་རྒྱུ་མེད་པ་དེ་ལྟར་སྡུག་བསྔལ་འདི་དག་རྒྱུ་མེད་དུ་འབྱུང་བར་འགྱུར་ཞེས་ནི་རབ་ཏུ་བརྗོད་དོ། །མི་འཐད་དེ། ཚེར་མའི་རྣོ་བ་སོགས་དང་སྡུག་བསྔལ་གྱི་བདེན་པ་དེ་རྣམས་ལ་ཡང་ཆོས་ཅན། རྒྱུ་ཡོད་དེ། དོན་གཞན་སྔ་མ་རང་གི་རྗེས་སུ་འགྲོ་ལྡོག་བྱ་ས་དེ་ནི་ཡོད་པའི་ཕྱིར། ཁྱབ་སྟེ། དོན་གཞན་སྔ་མ་གང་ཡོད་པ་ཉིད་ནི་དེ་ལ་བརྟེན་ནས་དོན་གཞན་ཕྱི་མ་གང་སྐྱེ་བའམ་དོན་གཞན་སྔ་མ་གང་འགྱུར་བ་སྟེ་ལོག་པ་ན་ཡང་ཕྱི་མ་ལྡོག་པར་རྣམ་པར་འགྱུར་བའི་ཕྱི་མའི་རྗེས་སུ་འགྲོ་ལྡོག་བྱ་ས་དེ་ནི་ཕྱི་མ་དེའི་རྒྱུར་རབ་ཏུ་བརྗོད་པའི་ཕྱིར་རོ། །འོ་ན་མིག་ཤེས་ཀྱི་དམིགས་རྐྱེན་གྱི་རྒྱུར་གྱུར་པའི་རེག་བྱ་ཆོས་ཅན། མིག་ཤེས་དེའི་རྒྱུར་ཐལ། དོན་གཞན་ཕྱི་མ་མིག་ཤེས་དེའི་རྗེས་སུ་འགྲོ་ལྡོག་བྱ་ས་ཡིན་པའི་ཕྱིར་ཞེ་ན། མིག་ཤེས་ཀྱི་དམིགས་རྐྱེན་གྱི་རྒྱུར་གྱུར་པའི་རེག་པ་ཆོས་ཅན། མཐོང་བ་སྟེ་མིག་ཤེས་ལ་ནི་རྒྱུ་མཚན་ཏེ་བརྒྱུད་རྒྱུ་ཡིན་ཏེ། མིག་ཤེས་ཀྱི་དམིགས་རྐྱེན་དུ་གྱུར་པའི་གཟུགས་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་སྡུག་བསྔལ་རྒྱུ་དང་བཅས་པར་གྲུབ་ཅིང་། རིགས་མི་མཐུན་གྱི་རྒྱུ་ལས་ཀྱང་མི་སྐྱེ་སྟེ། འདི་ལྟར་སྡུག་བསྔལ་ཆོས་ཅན། དབང་ཕྱུག་དང་གཙོ་བོ་རྟག་པ་ལ་སོགས་པ་ལས་ཀྱང་སྐྱེ་བ་སྲིད་པ་མིན་ཏེ། སྤྱིར་རྟག་པ་རྣམས་རྒྱུ་ཡིན་པ་བཀག་པའི་ཕྱིར་ཏེ། རྟག་པ་འབྲས་བུ་སྐྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། སྲེད་པ་རྐྱེན་གྱི་གཙོ་བོར་བསྟན། །དེ་ལ་ལུང་གི་སྒྲུབ་བྱེད་དགོད། །སྲེད་པ་ཁོ་ན་བཤད་པའི་རྒྱུའོ། །དང་པོ་ནི། སྡུག་བསྔལ་རྒྱུ་མེད་དང་རྟག་པའི་རྒྱུ་ཅན་མ་ཡིན་པ་དེའི་ཕྱིར། ཉོན་མོངས་པའི་ཀུན་འབྱུང་གི་མིང་ཅན་སྲིད་པས་བསྡུས་པའི་ལུས་ལོངས་སྤྱོད་འདོད་པའི་སྲེད་པ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་ཏེ། གང་གི་ཕྱིར་ན། མིས་མཚོན་ནས་སེམས་ཅན་རྣམས་ཡུལ་གྱི་ཁྱད་པར་ནི་གང་ཅུང་ཟད་ཡོངས་སུ་འཛིན་པ་སྟེ་ལེན་པ་དེ་ཐམས་ཅད་ཡུལ་དེ་ཐོབ་འདོད་ཀྱི་བསམ་པ་སྟེ་སྲེད་པས་བྱས་པའི་ཕྱིར་རོ། །སྲིད་འདོད་སྡུག་བསྔལ་གྱི་རྒྱུ་ཡིན་ན་མདོར། སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་གང་ཞེ་ན་གང་སྲེད་པ་འདི་ནི་ཡང་སྲིད་པར་འབྱུང་བ་ཅན་དགའ་བའི་འདོད་ཆགས་དང་བཅས་པ་དེ་དང་དེ་ལ་མངོན་པར་དགའ་བའི་ངང་ཚུལ་ཅན་འདི་ལྟ་སྟེ། འདོད་པའི་སྲེད་པ་དང་། སྲིད་པའི་སྲེད་པ་དང་། འཇིགསཾ་པའི་སྲེད་པའོ་ཞེས་སྲེད་པ་གསུམ་ཆར་རྒྱུར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། ཇི་སྐད་བཤད་པ་དེ་ནི་སྲིད་པའི་སྲེད་པ་ཡིན་པར་འདོད་ལ། གང་གི་ཕྱིར་ཡང་སྲོག་ཆགས་རྣམས་བདེ་བ་ཐོབ་པར་འདོད་པ་དང་། སྡུག་བསྔལ་འདོར་བར་འདོད་པས་བླང་དོར་ལ་འཇུག་པའི་སྲེད་པ་དེ་དག་ནི། རིམ་པ་ལྟར་འདོད་སྲེད་དང་། འཇིགསཾ་སྲེད་ཅེས་གསུང་པ་དེ་ཡིན་པར་འདོད་པས་སྤྱི་དང་བྱེ་བྲག་གི་ཁྱད་པར་ཡིན་པའི་ཕྱིར་རོ། །འདི་ནི་ལྷའི་བཞེད་པ་ཡིན་ལ། ཤཱཀྱས་འདོད་ཁམས་དོན་དུ་གཉེར་བ་འདོད་སྲེད་དང་། ཁམས་གོང་མ་གཉིས་དོན་དུ་གཉེར་བ་སྲིད་སྲེད་དང་། སྡུག་བསྔལ་འདོར་བར་འདོད་པ་འཇིགསཾ་སྲེད་ཅེས་བཤད་ཀྱང་མངོན་པ་དང་བསྲེས་པ་ཡིན་གྱི་གཞུང་འདིའི་དོན་དུ་མི་སྣང་ངོ་། །དེས་ན་ཐ་མལ་པ་ཆོས་ཅན། སྲེད་པ་གསུམ་པོ་དེ་དག་སྲིད་པ་སྟེ་འཁོར་བར་སྐྱེ་བའི་རྟེན་ཡིན་ཏེ། བདག་ཏུ་ཆགས་པའི་སྲེད་པས་རྒྱུ་བྱས་པ་ཉིད་ལས་བདེ་བ་མ་ཡིན་པའི་ཟག་བཅས་ཀྱི་བདེ་བ་ལ་བདེ་བར་འདུ་ཤེས་ཤིང་། བདེ་བ་ལ་སྲེད་པས་ཡུལ་བཟང་ངན་ཀུན་ལ་རབ་ཏུ་འཇུག་ཅིང་ལེན་པར་འགྱུར་བ་དེའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། དངོས་དང་། རྩོད་པ་སྤོང་བའོ། །དང་པོ་ནི། ཆགས་བྲལ་སྐྱེ་བ་མ་མཐོང་བའི་ཕྱིར་ན་ཆགས་པ་ནི་སྐྱེ་བའི་རྒྱུ་ཡིན་ཞེས་ནི་སློབ་དཔོན་རྣམས་ཀྱིས་གསུངས་ཏེ། སློབ་དཔོན་དབྱིག་གཉེན་གྱིས་གང་གི་ཕྱིར་འདོད་ཆགས་དང་བྲལ་བའི་སྐྱེས་བུ་སྐྱེ་བ་མ་མཐོང་བ་དེའི་ཕྱིར། སྐྱེ་བ་ནི་འདོད་ཆགས་ཀྱི་རྒྱུ་མཚན་ཅན་ཡིན་ནོ་ཞེས་གསུངས་པས་སོ། །གཉིས་པ་ནི། རྒྱང་འཕེན་པ་ན་རེ། འོ་ན་ལུས་ལས་ཀྱང་ནི་འདོད་ཆགས་འབྱུང་བར་འགྱུར་ཏེ། ལུས་མེད་ལ་ཆགས་པ་མ་མཐོང་བའི་ཕྱིར་ཞེས་མཚུངས་སོ་ཞེ་ན། ལུས་སྔ་མ་ཆོས་ཅན། འདོད་ཆགས་ཕྱི་མའི་རྒྱུ་ཙམ་ཡིན་པར་འདོད་དེ། འདོད་ཆགས་ཕྱི་མའི་རྒྱུ་མཚན་ཏེ་ལྷན་ཅིག་བྱེད་རྐྱེན་དུ་ཁས་བླངས་པའི་ཕྱིར་ནའོ། །འོ་ན་སྔར་རྒྱུ་ཡིན་པ་བཀག་པ་དང་འགལ་ལོ་ཞེ་ན། ལུས་སྔ་མ་ཆོས་ཅན། ཁྱོད་འདོད་ཆགས་ཕྱི་མའི་རྒྱུ་ཙམ་ཡིན་པ་སྔར་བཀག་པ་མིན་ཏེ། ཁྱོད་འདོད་ཆགས་ཕྱི་མའི་ཉེར་ལེན་ཉིད་ནི་སྔར་བསལ་བ་ཙམ་ཡིན་པའི་ཕྱིར་རོ། །གལ་ཏེ་ཆགས་བྲལ་སྐྱེ་བ་མ་མཐོང་བའི་ཕྱིར་འདོད་ཆགས་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་པའི་རིགས་པ་འདིའི་རྗེས་སུ་འབྲངས་ནས་ལུས་མེད་ཆགས་པ་མ་མཐོང་བས་ལུས་ཀྱང་ཆགས་པའི་རྒྱུར་འདོད་ན་ནི་རྒྱང་འཕེན་ཆོས་ཅན། རང་ཉིད་ཀྱིས་རང་གི་འདོད་པ་སྐྱེ་བ་སྔ་ཕྱི་མེད་པ་ལ་གནོད་པ་སྨྲས་པར་འགྱུར་ཏེ། སྔར་སྐྱེ་བ་སྔ་ཕྱི་མེད་པར་ཁས་བླངས་ནས་ཕྱིས་ལུས་དང་ཆགས་པ་སྔ་མ་ཆགས་པ་དང་ལུས་ཕྱི་མའི་རྒྱུར་སྨྲས་པའི་ཕྱིར། གལ་ཏེ་ཆགས་པ་ཆོས་ཅན། ལུས་ཀྱི་རྒྱུ་མིན་ཏེ། ལུས་སྐྱེ་བ་དང་ལྷན་ཅིག་གཅིག་འབྱུང་བའི་ཕྱིར་ཏེ། ལུས་སྐྱེ་བ་ལ་ཁྱོད་མཐོང་གི་དེའི་སྔར་མ་མཐོང་བའི་ཕྱིར་ཞེ་ན། འོ་ན་ལུས་ཀྱང་ཆོས་ཅན། ཆགས་པའི་རྒྱུ་མིན་པར་ཐལ། ཆགས་པ་དང་ལྷན་ཅིག་འབྱུང་བའི་ཕྱིར། འདོད་ན་ཆགས་པ་རྒྱུ་མེད་མ་ཡིན་ཞིང་རྒྱུ་གཞན་ལུས་ལས་ཀྱང་མི་སྐྱེ་བས་རིགས་འདྲའི་རྒྱུ་ལས་སྐྱེ་བར་གྲུབ་ལ། དེ་ལྟར་ན་ཚེ་འདིའི་ཆགས་པ་དང་པོ་ཆོས་ཅན། རང་གི་སྔར་རིགས་འདྲ་གྲུབ་པ་ཡིན་པར་ཐལ། སྐལ་མཉམ་སྟེ་རིགས་འདྲའི་རྒྱུ་ལས་སྐྱེས་པའི་ཕྱིར་རོ། །གསུམ་པ་ནི། སྲེད་པ་ཁོ་ན་སྐྱེ་བའི་རྒྱུ་ཡིན་ན། མི་ཤེས་ལས་དང་སྲེད་ལས་བྱུང་རིག་མཛོད། །ཅེས་སྐྱེ་བ་རྒྱུ་གསུམ་པ་ཅན་དུ་བཤད་པ་དང་འགལ་ལོ་ཞེ་ན། མི་ཤེས་པ་སྟེ་མ་རིག་པ་ཆོས་ཅན། ཡང་སྲིད་པ་སྐྱེ་བའི་རྒྱུ་ཡིན་ཡང་འདིར་མ་བརྗོད་དེ། ཡང་སྲིད་འཕེན་པར་ངེས་པ་མིན་པའི་ཕྱིར། སྲེད་པ་ཆོས་ཅན། ཁྱོད་ཉིད་སྐབས་འདིར་རྒྱུར་བཤད་པའི་རྒྱུ་མཚན་ཡོད་དེ། ཡང་སྲིད་ཀྱི་ཕུང་པོའི་རྒྱུན་ནི་འཕེན་པ་སྟེ་ལེན་པ་ལ་བསྐུལ་བར་བྱེད་པའི་ཕྱིར་དང་། སྐྱེ་བ་དེ་མ་ཐག་པའི་རྒྱུ་ཡིན་པའི་ཕྱིར་རོ། །ལས་ཀྱང་ཆོས་ཅན། སྐབས་འདིར་རྒྱུར་བཤད་པར་འོས་པ་མིན་ཏེ། ཁྱོད་དེ་ཡོད་ཀྱང་སྲེད་པའི་རླན་དང་བྲལ་ན་སྐྱེ་བ་ཡོད་པར་ངེས་པ་མེད་པའི་ཕྱིར་རོ། །དེས་ན་གཞུང་འདི་དག་གིས་ནི་སྤྱིར་སྡུག་བསྔལ་རྒྱུ་དང་བཅས་པར་བསྒྲུབ་པ་དང་། རིགས་མི་མཐུན་གྱི་རྒྱུ་བཀག་ནས་རིགས་མཐུན་རྒྱུར་བསྒྲུབ། དེ་ལའང་མ་རིག་པ་དང་། སྲེད་པ་དང་། ལས་གསུམ་ཡོད་པ་ལས་གཞན་གཉིས་པོ་སྐྱེ་བ་ཕྱི་མ་ཁོ་ནར་སྡུག་བསྔལ་བསྐྱེད་ངེས་མིན་པས་འདིར་འགྲུབ་བྱེད་ཀྱི་ལས་ཀྱི་གཙོ་བོ་སྲེད་པ་རྒྱུར་གྲུབ་པ་ནི་སྐབས་ཀྱི་དོན་ནོ། །གསུམ་པ་སྡུག་བསྔལ་འགགས་པ་བསྒྲུབས་ཏེ་འགོག་བདེན་བཤད་པ་ལ་བཞི་སྟེ། སྡུག་བསྔལ་ལས་གྲོལ་ཐར་པ་བསྒྲུབ། །གྲོལ་བ་པོ་ལ་རྩོད་པ་སྤོང་། །གྲོལ་བའི་ཚུལ་ལ་རྩོད་པ་སྤོང་། །བཅིངས་ཐར་བདག་གིས་བྱེད་པ་དགག་པའོ། །དང་པོ་ནི། སྡུག་བསྔལ་གྱི་རྒྱུའི་གཙོ་བོ་སྲེད་པ་དེ་ནི་ཆོས་ཅན། གཏན་དུ་བ་མིན་ཏེ། རྒྱུ་མ་རིག་པ་དང་བཅས་པའི་ཕྱིར། ཁྱབ་སྟེ། རྒྱུ་མ་རིག་པ་དེ་ལ་གེགས་དང་། རྐྱེན་མ་ཚང་བ་སོགས་སྲིད་པའི་ཕྱིར་རོ། །གཉིས་པ་ནི། ཁ་ཅིག་ན་རེ། བདག་རྫས་ཡོད་ལ་བསམས་ནས་སེམས་ཅན་ཆོས་ཅན། འཁོར་བ་ལས་ཐར་བ་མེད་པར་ཐལ། འཁོར་བའི་ཆོས་ཅན་ཡིན་པའི་ཕྱིར། མེ་དྲོ་བ་ལས་མི་ཐར་བ་བཞིན་ཞེ་ན། ཐལ་བ་དེ་ཆོས་ཅན། སངས་རྒྱས་པ་ལ་གནོད་བྱེད་མ་ཡིན་ཏེ། སངས་རྒྱས་པས་འདོད་པ་དང་རྟགས་མ་གྲུབ་པའི་ལན་དོན་མཐུན་ཐེབས་པའི་ཕྱིར་ཏེ། བདག་མེད་པའི་ཕྱིར་རོ། །འོ་ན་འཁོར་བ་དང་ཐར་པ་གང་ལ་འཇོག་ཅེ་ན། སྡུག་བསྔལ་གྱི་ཕུང་པོ་ཙམ་འབའ་ཞིག་པོ་འདི་རྒྱུ་དང་བཅས་པར་འཇུག་པ་ལ་འཁོར་བ་དང་། རྒྱུ་སྤངས་པས་མི་འབྱུང་བ་ཙམ་ལ་ཐར་པར་འཇོག་གོ །གལ་ཏེ་སྐྱེས་བུ་ཆོས་ཅན། འཁོར་བ་སྤངས་ནས་ཐར་པ་ཐོབ་པའི་ཆེད་དུ་འབད་རྩོལ་མི་བྱེད་པར་ཐལ། འཁོར་བ་པོ་དང་། གྲོལ་བ་པོའི་བདག་མེད་པའི་ཕྱིར་ཞེ་ན། དོན་དམ་གྱི་དབང་དུ་བྱས་ན་འདོད་ཅིང་། ཐ་སྙད་ཀྱི་དབང་དུ་བྱས་ན་གཏན་ཚིགས་མ་གྲུབ་སྟེ། འདི་ལྟར་སྐྱེས་བུ་ཆོས་ཅན། ཐ་སྙད་དུ་འཁོར་བ་སྤངས་ནས་ཐར་པ་ཐོབ་པའི་ཆེད་དུ་འབད་རྩོལ་བྱེད་པ་འཐད་དེ། ཇི་སྲིད་བདག་ལ་ཆགས་པ་མ་བཅོམ་ཞིང་བདག་ལ་ཆགས་པ་ཅན་གྱི་ཕུང་པོ་དེ་ནི་སྡུག་བསྔལ་གྱིས་ཡོངས་སུ་གདུང་བར་གྱུར་པ་དེ་སྲིད་དུ་བདག་སྡུག་བསྔལ་བར་སྒྲོ་བཏགས་ནས་བདེ་བའི་རང་བཞིན་དུ་ནི་གནས་པ་མེད་པས་ཐ་སྙད་དུ་བདག་འཁོར་བ་ཡིན་ལ། གྲོལ་བ་པོའི་བདག་ནི་དོན་ལ་མེད་ན་ཡང་། བདག་དང་བདག་གིར་ལོག་པར་སྒྲོ་བཏགས་པ་གཞོམ་པའི་ཕྱིར་ཕུང་པོས་བརྩོན་པ་ལ་ཐ་སྙད་དུ་བདག་བརྩོན་པར་འཇོག་པའི་ཕྱིར། གནད་ཀྱི་དོན་ནི་འདི་ཡིན་ཏེ། མང་པོས་བཀུར་བ་མ་གཏོགས་པ་རང་སྡེ་དངོས་སྨྲ་བ་གསུམ་ཆར་གྱིས་བདག་དང་། སྐྱེས་བུ་དང་། སེམས་ཅན་དང་། གང་ཟག་རྫས་སུ་མེད་པས་དོན་ལ་བཅིངས་ཐར་མི་འཐད་ལ་ཕུང་པོ་རྫས་སུ་ཡོད་པས་དོན་ལ་བཅིངས་ཐར་འཐད་དོ། །ཐ་སྙད་དུ་བདག་བཅིངས་ཐར་བྱེད་པ་ཡིན་ཏེ། ཕུང་པོ་སྡུག་བསྔལ་བ་ལ་བདག་སྡུག་བསྔལ་བར་སྒྲོ་འདོགས་པའི་ཕྱིར་དང་། ཕུང་པོ་སྡུག་བསྔལ་ལས་གྲོལ་བ་ལ་བདག་སྡུག་བསྔལ་ལས་གྲོལ་བར་སྒྲོ་འདོགས་པའི་ཕྱིར་རོ། །མང་བཀུར་བ་དང་ཕྱི་རོལ་པ་རྣམས་ནི་བདག་རྫས་སུ་ཡོད་པས་དོན་ལ་བཅིངས་ཐར་འཐད་དོ། །ཕུང་པོ་དང་བདག་ལ་རྫས་སུ་ཡོད་མེད་གཉིས་སུ་ཕྱེ་བ་དང་། ཕུང་པོ་ལས་བྱེད་པ་དང་། རྣམ་སྨིན་མྱོང་བ་ལ་ཐ་སྙད་དུ་བདག་ལས་བྱེད་པ་དང་རྣམ་སྨིན་མྱོང་བར་འཇོག་པ་ནི་གནས་སྐབས་མང་པོར་མཁོ་བའི་ཡན་ལག་ཡིན་ནོ། །གསུམ་པ་ལ་གཉིས་ཏེ། འདོད་ཆགས་བྲལ་བ་གནས་པ་མེད་པ་སྤང་། །འཕགས་ལམ་དང་པོར་ཡང་སྲིད་མེད་པ་སྤོང་བའོ། །དང་པོ་ལ་གསུམ་སྟེ། ཆགས་བྲལ་གནས་པའི་རྒྱུ་གཉིས་བཤད། །རྒྱུ་ཡི་དོན་ལ་རྩོད་པ་སྤོང་། །གནས་པའི་དོན་ལ་རྩོད་པ་སྤོང་བའོ། །དང་པོ་ནི། བདག་འཛིན་ཅན་འཁོར་བར་གནས་པ་ནི་སྲེད་པའི་དབང་གིས་གནས་པ་ཡིན་ན་འདོད་ཆགས་དང་བྲལ་བ་འཁོར་བར་ཇི་ལྟར་གནས་ཤེ་ན། འདོད་ཆགས་དང་བྲལ་བའི་གང་ཟག་ཆོས་ཅན། ཁྱོད་རེ་ཞིག་འཁོར་བར་གནས་པའི་རྒྱུ་ཡོད་དེ། ཁྱོད་ལ་གཉིས་ཡོད་པ་ལས་ཐེག་ཆེན་འཕགས་པ་འཁོར་བར་གནས་པ་ནི་བརྩེ་བ་སྙིང་རྗེ་ཆེན་པོའམ་ཡང་ན་ཐེག་དམན་དགྲ་བཅོམ་པ་འཁོར་བར་གནས་པ་ནི་སྔོན་གྱི་ལས་ཀྱི་ཤུགས་ཀྱིས་ཡིན་པའི་ཕྱིར་ཏེ། སྔོན་གྱི་ལས་ཀྱིས་ཚེ་འདིའི་ཕུང་པོ་འཕངས་ཟིན་པ་ལ་རེ་ཞིག་ལྡོག་པ་མེད་པར་འདོད་པའི་ཕྱིར་རོ། །དེ་སྐད་དུ་ཡང་ཆེད་དུ་བརྗོད་པའི་ཚོམ་དུ། འཆི་ལ་དགའ་བར་མི་བྱ་ཞིང་། །གསོན་པ་ལ་ཡང་དགའ་མི་བྱ། །དཔེར་ན་དབང་པོའི་གླང་བཞིན་དུ། །ཁོ་བོ་དུས་ལ་སྡོད་པ་ཡིན། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། ལས་ཀྱི་དོན་ལ་རྩོད་པ་སྤོང་། །བརྩེ་བའི་དོན་ལ་རྩོད་པ་སྤོང་པའོ། །དང་པོ་ནི། ཆགས་བྲལ་ལས་ཀྱིས་འཁོར་བར་གནས་ན་དེའི་ལས་ཀྱིས་སྲིད་པ་གཞན་དུའང་ཉིང་མཚམས་སྦྱོར་བར་འགྱུར་རོ་ཞེ་ན། སྲིད་པའི་སྲེད་པ་ལས་རྣམ་པར་བརྒལ་བའི་ཆགས་བྲལ་གྱི་རྒྱུད་ཀྱི་ལས་ཆོས་ཅན། ཡང་སྲིད་གཞན་འཕེན་ནུས་པ་མ་ཡིན་ཏེ། ལྷན་ཅིག་བྱེད་པའི་རྐྱེན་ལོག་སྲེད་གཉིས་ཀ་ཟད་པའི་ཕྱིར་རོ། །གཉིས་པ་ནི། ཆགས་བྲལ་ཆོས་ཅན། སེམས་ཅན་དུ་ལྟ་བ་ཡོད་པར་ཐལ། སྙིང་རྗེ་ཡོད་པའི་ཕྱིར་ཞེ་ན། སྡུག་བསྔལ་བདེན་པའི་མི་རྟག་སྡུག་བསྔལ་སྟོང་བདག་མེད་མངོན་སུམ་དུ་ཤེས་པའི་རྒྱུད་ལ་བརྩེ་བ་སྐྱེ་བ་དེ་ཆོས་ཅན། སེམས་ཅན་དང་རྗེས་སུ་འབྲེལ་བ་ཅན་གྱི་བདག་ལྟ་མ་ཡིན་ཏེ། འགལ་རྐྱེན་ཞེ་སྡང་སོགས་མེད་ཅིང་། མཐུན་རྐྱེན་སྙིང་རྗེའི་འདུ་བྱེད་སྔ་མ་གོམས་པའི་རྗེས་སུ་འཇུག་པ་ཅན་གྱི་སེམས་ཀྱི་དངོས་པོའི་ཆོས་ཡིན་པའི་ཕྱིར། ཡང་ཆགས་བྲལ་ཆོས་ཅན། ཆགས་པ་ཅན་དུ་འགྱུར་ཏེ། སྙིང་རྗེ་ཡོད་པའི་ཕྱིར་ཞེ་ན། ཆགས་བྲལ་གྱི་བརྩེ་བ་ཆོས་ཅན། ཆགས་པ་མ་ཡིན་ཏེ། ཡུལ་ལ་ཕྱིན་ཅི་ལོག་གི་རྣམ་པར་སྒྲོ་འདོགས་པ་མེད་པར་གཞན་གྱི་སྡུག་བསྔལ་གྱི་རྒྱུན་རིག་པ་ཙམ་ལས་ནི་ཁྱོད་སྐྱེ་བར་འགྱུར་བ་ཡིན་པའི་ཕྱིར། ཁྱབ་སྟེ། རྟག་པ་དང་། བདེ་བ་དང་། བདག་དང་། བདག་གི་བ་དེའི་བདག་ཉིད་མིན་པའི་ཆོས་ཕུང་པོ་ལ་ནི་ཡུལ་དེའི་བདག་ཉིད་ལས་གཞན། རྟག་པ་ལ་སོགས་པར་སྒྲོ་འདོགས་པ་ལས་ཆགས་པ་འབྱུང་བའི་ཕྱིར་རོ། །ཡང་ཆགས་བྲལ་ཆོས་ཅན། བརྩེ་ཡུལ་ལ་གནོད་པ་བྱས་ན་ཁོང་ཁྲོ་སྐྱེ་བར་ཐལ། བརྩེ་བ་ཡོད་པའི་ཕྱིར་ཞེ་ན། ཆགས་བྲལ་ཆོས་ཅན། ཉེ་རྒྱུ་སྟེ་བརྩེ་ཡུལ་ལ་གནོད་པ་བྱས་པ་ལས་ཁྲོ་བ་སྐྱེ་བ་མིན་ཏེ། གཏི་མུག་ནི་ཉེས་པ་ཞེ་སྡང་ལ་སོགས་པའི་རྩ་བ་སྟེ། དེ་ཡང་སེམས་ཅན་དུ་འཛིན་པ་ཡིན་ཅིང་། དེ་མེད་པའི་ཕྱིར་རོ། །དེས་ན་ཆགས་བྲལ་གྱི་བརྩེ་བ་ཆོས་ཅན། ཞེ་སྡང་གི་ཉེས་པ་མེད་པར་འདོད་དེ། གཏི་མུག་གི་རྒྱུ་ལས་བྱུང་བ་མིན་པའི་ཕྱིར། གསུམ་པ་ལ་གཉིས་ཏེ། ལས་ཀྱིས་གནས་ལ་རྩོད་པ་སྤོང་། །བརྩེ་བས་གནས་ལ་རྩོད་པ་སྤོང་པའོ། །དང་པོ་ནི། ཆགས་བྲལ་ལ་ལས་ཀྱིས་འཕངས་པའི་ལུས་ཡོད་ན། འཁོར་བ་ལས་མ་གྲོལ་བར་འགྱུར་རོ་ཞེ་ན། ཆགས་བྲལ་ལས་ཀྱིས་གནས་པ་དེ་ཆོས་ཅན། འཁོར་བ་ལས་གྲོལ་བ་མེད་པ་དེ་མ་ཡིན་ཏེ། ཚེ་འདིའི་ཕུང་པོ་མངོན་པར་འདུ་བྱེད་པའི་སྔ་མའི་ལས་ཀྱི་ནུས་པ་ཟད་ནས་ལུས་དེ་ལྡོག་ཅིང་སྲེད་པ་མེད་པས་སྲིད་པ་གཞན་མཚམས་མི་སྦྱོར་བའི་ཕྱིར་རོ། །ཆགས་བྲལ་འཁོར་བར་གནས་པ་གང་ཡིན་པ་དེ་ཆོས་ཅན། འདུ་བྱེད་ལས་ཀྱི་ནུས་པ་མ་ཟད་ན་ཡང་འཁོར་བར་བཅིངས་པ་མིན་ཏེ། འཁོར་བའི་ཉེས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ནི། །ཡང་ཆགས་བྲལ་ལ་སྙིང་རྗེས་སེམས་ཅན་གྱི་དོན་དུ་ཡུན་རིང་པོར་ཅིའི་ཕྱིར་མི་གནས་ཤེ་ན། ཉན་རང་ལྟ་བུ་ཆོས་ཅན། སེམས་ཅན་གྱི་དོན་ལ་ཡུན་རིང་དུ་གནས་པའི་འབད་རྩོལ་ཆེན་པོ་མེད་དེ། སྙིང་རྗེ་དམན་པ་ཉིད་ཀྱི་ཕྱིར་ཡང་ངོ་། །ཐེག་ཆེན་འཕགས་པ་གང་དག་ཆོས་ཅན། སེམས་ཅན་གཞན་གྱི་དོན་གྱི་ངོར་ནི་དུས་ཐམས་ཅད་དུ་བཞུགས་པ་ཡིན་ཏེ། གཞན་དོན་དུ་རྒྱུན་མི་ཆད་པར་གནས་པའི་རྒྱུ་བརྩེ་བ་ཆེན་པོ་མངའ་བའི་ཕྱིར་རོ། །གཉིས་པ་འཕགས་ལམ་དང་པོར་ཡང་སྲིད་མེད་པ་སྤོང་བ་ནི། གལ་ཏེ་འཇིག་ལྟ་སྲིད་པའི་རྒྱུ་ཡིན་ན། འཕགས་པའི་ལམ་དང་པོ་མཐོང་ལམ་དུ་ནི་ཆོས་ཅན། སྲིད་པ་མེད་པར་འགྱུར་བར་ཐལ། འཇིག་ཚོགས་ལ་ལྟ་བ་དང་བྲལ་བའི་ཕྱིར་ཞེ་ན། རྒྱུན་ཞུགས་ཆོས་ཅན། འཇིག་ལྟ་མེད་པས་ཡང་སྲིད་པར་མི་སྐྱེ་བ་མིན་ཏེ། འཇིག་ལྟ་ཀུན་བཏགས་སྤངས་ཀྱང་ལྷན་ཅིག་སྐྱེས་པ་མ་སྤངས་པའི་ཕྱིར། གལ་ཏེ་དེ་སྤངས་ན་རྒྱུན་ཞུགས་ཆོས་ཅན། ཡང་སྲིད་པ་ག་ལ་ཡོད་དེ་མེད་པར་ཐལ། འཇིག་ལྟ་ལྷན་སྐྱེས་སྤངས་པའི་ཕྱིར། ཅིའི་ཕྱིར་འཇིག་ལྟ་ལྷན་སྐྱེས་མ་སྤངས་ཤེ་ན། རྒྱུན་ཞུགས་ཆོས་ཅན། དེ་མ་སྤངས་ཏེ། བདག་བདེ་བར་གྱུར་པའམ་སྡུག་བསྔལ་བར་མ་གྱུར་ཅིག་ཅེས་འདོད་པ་ཡོད་པས་ནའོ། །ཁྱབ་སྟེ། དེའི་ཚེ་ངའོ་སྙམ་པའི་བློ་གང་ཡིན་པ་དེ་སེམས་ཅན་ལ་ལྟ་བ་ལྷན་ཅིག་སྐྱེས་པ་ཡིན་པའི་ཕྱིར། ཡང་རྒྱུན་ཞུགས་ཆོས་ཅན། བདེ་བ་འདོད་པས་དེའི་ཆེད་དུ་མངོན་པར་རྒྱུག་པ་མ་ཡིན་པར་ཐལ། འཇིག་ལྟ་ལྷན་སྐྱེས་སྤངས་པའི་ཕྱིར། ཁྱབ་སྟེ། ང་ཞེས་མཐོང་བ་མེད་པར་ནི། འགའ་ཡང་བདག་ལ་ཆགས་པ་མ་ཡིན། བདག་ལ་སྲེད་པ་མེད་པར་ཡང་བདེ་བ་འདོད་པས་མངོན་པར་རྒྱུག་པ་མིན་པའི་ཕྱིར་རོ། །བཞི་པ་བཅིངས་ཐར་བདག་གིས་བྱེད་པ་དགག་པ་ལ་གཉིས་ཏེ། རྟག་པའི་བདག་གིས་བྱེད་པ་དགག །བརྗོད་དུ་མེད་པས་བྱེད་པ་དགག་པའོ། །དང་པོ་ནི་སེམས་ཅན་རྣམས་ཆོས་ཅན། བཅིངས་བ་པོ་དང་ཐར་བ་པོའི་བདག་ཡོད་དེ། བདག་འཁོར་བའི་སྡུག་བསྔལ་གྱིས་བཅིངས་པ་དང་། དེ་ལས་ཐར་བ་ཡོད་པའི་ཕྱིར། ལྷས་བྱིན་ལྕགས་སྒྲོག་གིས་བཅིངས་པ་དང་། དེ་ལས་ཐར་བ་བཞིན་ཞེ་ན། བདག་རྟག་པ་ལ་ཆོས་ཅན། འཆིང་བ་དེ་གང་ལས་སྲིད་དེ་མི་སྲིད་པར་ཐལ། སྡུག་བསྔལ་གྱི་རྒྱུ་མ་ཡིན་པའི་ཕྱིར། ཁྱབ་སྟེ། སྡུག་བསྔལ་གྱིས་འཆིང་བ་ནི་སྡུག་བསྔལ་སྐྱེ་བའི་རྒྱུ་ཉིད་ནི་ཡིན་པའི་ཕྱིར་རོ། །ཡང་བདག་རྟག་པ་ལ་ཆོས་ཅན། སྡུག་བསྔལ་ལས་ཐར་པ་དེ་གང་ལས་ཡིན་ཏེ་མ་ཡིན་པར་ཐལ། སྡུག་བསྔལ་ལྡོག་པའི་རྒྱུ་མ་ཡིན་པའི་ཕྱིར། ཁྱབ་སྟེ། སྡུག་བསྔལ་ལས་ཐར་པ་ནི་སྡུག་བསྔལ་མི་སྐྱེད་པ་སྟེ་ལྡོག་པའི་རྒྱུ་ཉིད་ནི་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་དེ་གཉིས་ཀྱི་རྒྱུ་མ་ཡིན་ཞེ་ན། བདག་གང་ཡིན་པ་དེ་ནི་ཆོས་ཅན། སྡུག་བསྔལ་སོགས་འགའི་ཡང་རྒྱུ་མ་ཡིན་པར་ཐལ། མི་རྟག་པ་ཉིད་དུ་བརྗོད་དུ་མེད་པའི་ཕྱིར། གཉིས་པ་ནི། གནས་མ་བུ་པ་ན་རེ། བདག་རྟག་པ་ལ་བཅིངས་ཐར་མི་འཐད་ཀྱང་རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་པའི་བདག་ལ་བཅིངས་ཐར་འཐད་དོ་ཞེ་ན། རྟག་མི་རྟག་ཏུ་བརྗོད་བྱ་མ་ཡིན་པའི་བདག་ལའང་ཆོས་ཅན། བཅིངས་པ་དང་ཐར་པ་ཅི་ལྟ་བུར་ཡང་ཡོད་པ་མ་ཡིན་པར་ཐལ། སྡུག་བསྔལ་སྐྱེ་བ་དང་ལྡོག་པ་གང་གི་ཡང་རྒྱུ་མ་ཡིན་པའི་ཕྱིར་རོ། །བདག་ཆོས་ཅན། རྟག་པར་ཐལ། མི་འཇིག་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཆོས་གང་གི་རང་བཞིན་འཇིག་པ་མེད་པ་དེ་ལ་མཁས་རྣམས་རྟག་ཅེས་བརྗོད་པའི་ཕྱིར་རོ། །གནས་མ་བུ་པ་ཆོས་ཅན། བདག་རྟག་མི་རྟག་གང་ཡང་མ་ཡིན་པའི་དངོས་པོ་ཡིན་ཞེས་པ་ངོ་ཚའི་ལྟ་བ་འདི་སྤོངས་ལ་བདག་དེ་ནི་རྟག་པར་སྨྲོས་ཤིག་སྟེ། བདག་མི་རྟག་པ་མ་ཡིན་པ་དེས་ནའོ། །བཞི་པ་བདག་ལྟའི་གཉེན་པོ་བསྒྲུབས་ཏེ་ལམ་བདེན་བཤད་པ་ལ་གཉིས་ཏེ། བདག་མེད་རྟོགས་པ་གཉེན་པོར་བསྟན། །གཉེན་པོ་ཡིན་པའི་སྒྲུབ་བྱེད་དགོད་པའོ། །དང་པོ་ལ་གསུམ་སྟེ། བདག་མེད་གོམས་པས་གནས་གྱུར་ཐོབ་པར་བསྟན། །གནས་གྱུར་ཐོབ་ཀྱང་སྤང་བྱས་འཇོམས་པ་དགག །གནས་གྱུར་ཐོབ་པ་མེད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། སྔར་སྟོན་པའི་སྐབས་སུ་བཤད་ཟིན་པའི་བདག་མེད་མཐོང་བའི་ལམ་དེ་ཆོས་ཅན། འཁོར་བའི་གཉེན་པོར་གྱུར་པའི་ལམ་ཡིན་ཏེ། ཁྱོད་གོམས་པ་ལས་བསྒོམས་པ་རྫོགས་པ་ན་སྒོམ་བྱེད་ཀྱི་བློ་དེའི་རྒྱུན་ཉེས་པའི་རྟེན་ཡིན་པ་ཡོངས་སུ་གྱུར་ནས་བདག་མེད་རྟོགས་པའི་རང་བཞིན་དུ་གནས་གྱུར་པ་ཐོབ་པའི་ལམ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། སྤང་བྱས་འཇོམས་པའི་ནུས་པ་མེད་པར་བསྟན། །ནུས་པ་མེད་པའི་སྒྲུབ་བྱེད་རྒྱས་པར་བཤད། །སྒྲུབ་བྱེད་འཛིན་སྟངས་འགལ་ལ་རྩོད་པ་སྤོང་བའོ། །དང་པོ་ནི། གལ་ཏེ་ཉེས་པ་དང་བཅས་པའི་སེམས་དེ་ཉེས་མེད་དུ་ལན་ཅིག་གནས་གྱུར་སྲིད་ཀྱང་སེམས་དེ་ལ་བདག་དང་བདག་གིར་འཛིན་པ་སོགས་སྐྱོན་ནི་སླར་ཡང་འབྱུང་བས་འཁོར་བ་ལས་གཏན་གྲོལ་བ་མེད་དེ། དཔེར་ན་ཉེས་པ་དང་བཅས་པའི་སེམས་ལ་ལམ་འབྱུང་བ་བཞིན་ནོ་ཞེ་ན། ལམ་གོམས་པ་ལས་གནས་གྱུར་པའི་སེམས་ལ་ཆོས་ཅན། ཉེས་པ་རྣམས་སླར་ཡང་འབྱུང་བ་མ་ཡིན་ཏེ། ཉེས་པ་རྣམས་སླར་ཡང་འབྱུང་བའི་ནུས་པ་མེད་པའི་ཕྱིར་རོ། །གཉིས་པ་ལ་བཞི་སྟེ། སྤང་གཉེན་འཛིན་སྟངས་འགལ་ཤིང་གཉེན་པོ་དོན་ལ་ཞུགས། །རང་བཞིན་གློ་བུར་ཁྱད་པར་ཡོད་པས་སྔར་ནུས་མེད། །ནུས་ཡོད་ན་ཡང་གཉེན་པོ་འབད་མེད་བསྐྱེད་པར་ནུས། །ཁྱད་པར་གསུམ་ལྡན་གཉེན་པོ་འབད་ཀྱང་བཟློག་མི་ནུས་པའོ། །དང་པོ་ནི། ཅིའི་ཕྱིར་ནུས་པ་མེད་ཅེ་ན། ལམ་བསྒོམས་པས་གནས་གྱུར་པའི་སེམས་འདི་ཆོས་ཅན། ཁྱོད་ལ་བདག་འཛིན་སོགས་ཀྱི་ཉེས་པ་སླར་འབྱུང་བའི་ནུས་པ་མེད་དེ། སྤྱིར་མདོ་སྡེ་པའི་ལུགས་ལ་རྣམ་ཤེས་མ་འཁྲུལ་བས་ཡུལ་འཛིན་པའི་ཆོས་སམ་གནས་ལུགས་ནི་ཡུལ་ཇི་ལྟར་ཡོད་པའི་རྣམ་པ་དེ་འཛིན་པ་དང་། ཡུལ་དེ་ཡང་རང་ཇི་ལྟར་ཡོད་པ་ཡི་ནི་བདག་ཉིད་དེ་རྣམ་ཤེས་འདི་ཡི་སྐྱེད་པར་བྱེད་པའང་ཡིན་ལ། དེ་ལྟ་བུའི་ཡུལ་ཅན་མ་འཁྲུལ་བས་ཡུལ་འཛིན་པའི་རང་བཞིན་དེ་ཁྱོད་ལ་ཡོད་པ་ཡིན་ཅིང་། ཁྱོད་འདི་ལས་བདག་འཛིན་དེ་གློ་བུར་བའི་རྐྱེན་གྱིས་ནི་ཡུལ་གྱི་གནས་ལུགས་འཛིན་པ་ལས་གོལ་བར་འགྱུར་ཞིང་། དེ་བཟློག་པ་ལ་ནི་རྐྱེན་རང་ལ་གནོད་པ་ཅན་གྱི་ཚད་མ་ལ་ལྟོས་པ་ཡིན་པའི་ཕྱིར་རོ། །དཔེར་ན་སེམས་རྒྱུད་ལ་མི་བརྟན་པ་གློ་བུར་གྱི་རྐྱེན་གྱིས་བྱུང་ཞིང་འབྲལ་དུ་རུང་བ་ཐག་པ་ལ་སྦྲུལ་གྱི་བློ་བཞིན་ནོ། །གཉིས་པ་ནི། དྲི་མ་རྣམས་ཆོས་ཅན། ལམ་གོམས་པས་སེམས་རྒྱུད་བདག་མེད་རྟོགས་པ་དེའི་བདག་ཉིད་དུ་གྱུར་པའི་སེམས་ལ་ཕྱིས་གནོད་པ་བྱེད་པའི་ནུས་པ་མེད་དེ། སྔར་བདག་མེད་མ་མཐོང་བའི་དུས་སུ་ཡང་སེམས་ལ་རང་བཞིན་གྱིས་གནོད་པ་བྱེད་པའི་ནུས་པ་མེད་པའི་ཕྱིར། རྟགས་གྲུབ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་ཏེ། དྲི་མ་རྣམས་ནི་གློ་བུར་བ་ཡིན་པ་དེའི་ཕྱིར་རོ། །འདིས་སྔར་རང་བཞིན་རྣམ་དག་གི་དུས་སུ་རང་བཞིན་གྱིས་གནོད་པའི་ནུས་པ་མེད་པས་ཕྱིས་གློ་བུར་དྲི་བྲལ་གྱི་དུས་སུ་གློ་བུར་དུ་གནོད་པའི་ནུས་པ་མེད་ཅེས་བསྟན་པ་ཡིན་གྱི། སྔར་བདག་མེད་མཐོང་མ་ཐག་པའི་དུས་སུ་ཞེས་འཆད་པ་ནི་ཚིག་རྐང་སྔ་མ་གཉིས་ཀྱི་ནུས་པ་མ་ཐོན་ནོ། །གསུམ་པ་ནི། གལ་ཏེ་ཉེས་པ་བསྐྱེད་པའི་ནུས་པ་ཡོད་དུ་ཆུག་ན་ཡང་གནས་གྱུར་པའི་སེམས་ཀྱི་རྒྱུན་གྱི་དངོས་པོ་ལ་ཆོས་ཅན། དྲི་མ་རྣམས་ཡུན་དུ་གནས་པའི་ནུས་པ་ཡོད་པ་མིན་ཏེ། དྲི་མ་རྣམས་ལ་གནོད་པ་ཅན་བདག་མེད་མཐོང་བ་བསྐྱེད་པར་ནུས་པའི་སྙིང་པོ་ཅན་ཡིན་པའི་ཕྱིར། ས་རློན་ལ་ནི་མེ་རིང་དུ་མི་གནས་པ་བཞིན་ནོ། །འདིས་སློབ་པའི་གནས་སྐབས་སུ་འཇིག་རྟེན་པའི་ལམ་གྱིས་སྤངས་པའི་སྤངས་པ་ཉམས་སྲིད་ཀྱང་མྱུར་དུ་སོར་ཆུད་པར་བསྟན་ནོ། །བཞི་པ་ནི། རྣམ་པར་འཚེ་བ་ཐམས་ཅད་རབ་ཏུ་ཞི་བ་དང་བདེ་བའི་མཚན་ཉིད་ཅན་ཡིན་པས་འཚེ་བ་མེད་པ་དང་། མི་རྟག་སོགས་ཀྱི་ཡུལ་ཅན་ཡིན་པས་ཡང་དག་པའི་དོན་ལ་ཞུགས་པ་དང་། གོམས་པ་མཐར་ཕྱིན་པས་བདག་མེད་རྟོགས་པའི་རང་བཞིན་དུ་གྱུར་པའི་སེམས་ལ་ནི་ཆོས་ཅན། ཕྱིན་ཅི་ལོག་གི་བློ་འགའ་ཞིག་གིས་ཉེས་པ་བསྐྱེད་པའི་ཕྱིར་འབད་དུ་ཟིན་ཀྱང་མི་བཟློག་སྟེ། བློ་རང་ཉིད་ནི་ལམ་བདག་མེད་རྟོགས་པ་དེའི་ཕྱོགས་འཛིན་པ་སྟེ་ངང་དུ་གྱུར་པ་ཡིན་པའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། འཛིན་སྟངས་ཐ་དད་ཙམ་གྱིས་གཉེན་པོ་མིན། །ཕྱོགས་རེ་མགོ་གནོན་ཙམ་གྱིས་གཉེན་པ་མིན། །དེས་ན་མཐའ་དག་དཔྱིས་འབྱིན་གཉེན་པོ་བསྟན་པའོ། །དང་པོ་ནི། བདག་མེད་མཐོང་བ་བདག་འཛིན་དང་དམིགས་རྣམ་འགལ་བས་བདག་འཛིན་གྱི་གཉེན་པོར་འགྱུར་ན་ཆགས་སྡང་གཉིས་ཀྱང་དམིགས་རྣམ་འགལ་བས་ཕན་ཚུན་གཉེན་པོར་འགྱུར་རོ་ཞེ་ན། འདོད་ཆགས་དང་ཁོང་ཁྲོ་ཆོས་ཅན། འཛིན་སྟངས་ཐ་དད་ན་ཡང་ཕན་ཚུན་གནོད་པ་མ་ཡིན་ཏེ། བདག་ཏུ་འཛིན་པའི་རྒྱུ་གཅིག་ལས་བྱུང་བ་ཅན་ཉིད་ཀྱི་ཕྱིར་དང་། ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོར་ཡང་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། ཞེ་སྡང་གི་གཉེན་པོ་བྱམས་པ་དང་། འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ་བསྒོམ་པ་སོགས་ཀྱང་གསུངས་པ་མ་ཡིན་ནམ། ཅིའི་ཕྱིར་བདག་མེད་རྟོགས་པ་གཅིག་པུ་གཉེན་པོར་འཆད་ཅེ་ན། སེམས་ཅན་ལ་དམིགས་པའི་བྱམས་སོགས་ཆོས་ཅན། ཤིན་ཏུ་ཉེས་པ་ཚར་གཅོད་པ་སྟེ་དྲུངས་ནས་འབྱིན་བྱེད་མིན་ཏེ་རྨོངས་པ་དང་འཛིན་སྟངས་འགལ་བ་མེད་པས་དེ་ལ་མི་གནོད་པའི་ཕྱིར་རོ། །ཁྱབ་སྟེ། ཉེས་པ་ཀུན་རྨོངས་པ་དེའི་རྩ་བ་ཅན་ཡིན་པའི་ཕྱིར། སྔ་མའི་གཏན་ཚིགས་གྲུབ་སྟེ། ཉེས་པའི་རྩ་བ་རྨོངས་པ་དེ་ཡང་འཇིག་ཚོགས་ལ་ལྟ་བ་ཡིན་ཅིང་དེ་དང་འཛིན་སྟངས་མི་འགལ་བའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་སོགས་ན་རེ། འཇིག་ལྟ་ནི་དོན་ཕྱིན་ཅི་ལོག་ཏུ་རྟོག་པ་ཡིན་ལ། མ་རིག་པ་ནི་རིག་པ་བཀག་ཙམ་ཡིན་པས་དེ་དག་གཅིག་ཏུ་མི་འཐད་དོ་ཞེ་ན་མ་རིག་པ་ཆོས་ཅན། འཇིག་ལྟ་ལས་གཞན་རིག་པ་བཀག་ཙམ་ཡིན་པར་འདོད་པ་ནི་རིགས་པ་མ་ཡིན་ཏེ། རིག་པ་ཡེ་ཤེས་དང་དམིགས་པ་གཅིག་ལ་དམིགས་ནས་རྣམ་པ་ལོག་པར་ཞུགས་པའི་རྣམ་པ་ཅན་ཡིན་པའི་ཕྱིར། དེ་ཡང་མ་རིག་པ་ཆོས་ཅན། རིག་པ་ཡེ་ཤེས་ཀྱི་དམིགས་པ་ལ་དམིགས་ནས་རྣམ་པ་དེ་ལས་ལོག་པར་དམིགས་པ་ཉིད་ཡིན་ཏེ། རིག་པ་ཡང་དག་པའི་ཤེས་རབ་ཀྱི་མི་མཐུན་ཕྱོགས་ཏེ། གནོད་བྱ་ཉིད་ཡིན་པའི་ཕྱིར་དང་། སྤྱིར་སེམས་བྱུང་ཡིན་ན་སེམས་དང་རྣམ་པ་ལྔས་མཚུངས་དགོས་པས་ཁྱོད་ཀྱང་སེམས་བྱུང་ཡིན་པ་ཉིད་ཀྱིས་དམིགས་པ་འཛིན་པའི་བློ་ཡིན་ཅིང་། དམིགས་པ་དེ་ལ་ཤེས་རབ་ཀྱི་རྣམ་པ་དང་། ཁྱོད་ཀྱི་རྣམ་པ་འགལ་བས་བདེན་པའི་རྣམ་པ་མི་འཛིན་པའི་ཕྱིར་དང་། ཁྱོད་ཡུལ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་ངོ་བོ་ཡིན་པར་གསུངས་པའི་ཕྱིར་ཏེ། ཟླ་བ་སྒྲོན་མེའི་མདོར། དེ་ལ་མ་རིག་པ་མེད་པ་གང་ཞེ་ན། གང་ཡང་དག་པ་ཇི་ལྟ་བ་བཞིན་གྱི་ཆོས་རྣམས་ལ་སྒྲོ་འདོགས་པ་མེད་པའོ་ཞེས་གསུངས་པ་ལྟ་བུའོ། །འོ་ན་ལྟ་བ་དང་མཚུངས་པར་ལྡན་པའི་མ་རིག་པ་ཞེས་བཤད་པ་དང་འགལ་ཏེ། རང་ཉིད་རང་དང་མཚུངས་པར་ལྡན་པ་མི་སྲིད་པའི་ཕྱིར་ཞེ་ན། གཞན་གྱིས་མ་རིག་པ་ལྟ་བ་དང་འགལ་བའི་སྒྲུབ་བྱེད་དུ་བཤད་པ་དེ་གཉིས་མཚུངས་ལྡན་དུ་གསུངས་པའི་མདོ་གང་ཡིན་པ་དེ་ཆོས་ཅན། མ་རིག་པ་དང་ལྟ་བ་འགལ་བའི་སྒྲུབ་བྱེད་མིན་ཏེ། མ་རིག་པ་ཕྱོགས་གཅིག་པ་ཅན་དང་འཇིག་ལྟ་དེའི་ཕྱོགས་གཅིག་ཡིན་པས་མཚུངས་ལྡན་ཡིན་པ་འདིར་བཤད་པར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ནི། འོ་ན་ཉེས་པ་ཤིན་ཏུ་ཚར་གཅོད་པའི་གཉེན་པོ་གང་ཞེ་ན། ཕུང་པོ་ལ་བདག་གིས་སྟོང་པ་ཉིད་དུ་ལྟ་བའི་ལམ་དེ་ཆོས་ཅན། བདག་ལྟ་དེའི་རང་བཞིན་དང་། དེ་ལས་བྱུང་བའི་ཉེས་པ་ཆགས་སོགས་ཀུན་དང་འགལ་བ་དག་ཏུ་གྲུབ་པས་དེ་དག་གི་གཉེན་པོ་ཡིན་ཏེ། ཁྱོད་དང་བདག་ལྟ་དེ་འཛིན་སྟངས་དངོས་སུ་འགལ་ཞིང་ཁྱོད་ཡུལ་གྱི་གནས་ཚུལ་ལ་ཞུགས་པའི་ཕྱིར་རོ། །གསུམ་པ་ནི། ཉེས་པ་རྣམས་ཆོས་ཅན། གཉེན་པོ་གོམས་ཀྱང་ཟད་པ་མིན་པར་ཐལ། སྲོག་ཆགས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། གཟུགས་ཅན་ལ་གཟུགས་དང་། མེ་ལ་དྲོ་བ་སོགས་མི་ཟད་པ་བཞིན་ནོ་ཞེ་ན། ཉེས་པ་རྣམས་ཆོས་ཅན། ཁྱོད་སེམས་ཀྱི་ཆོས་ཉིད་ཡིན་པའི་རྒྱུ་མཚན་གྱིས་མི་ཟད་པ་དེ་མིན་པར་ཐལ། ཁྱོད་སེམས་ཀྱི་ཆོས་ཉིད་ཡིན་པ་མ་གྲུབ་པའི་ཕྱིར་ཏེ། གཉེན་པོ་བདག་མེད་རྟོགས་པའི་ཕྱོགས་དང་སེམས་རྒྱུད་འབྲེལ་བ་ན་ཁྱོད་མངོན་དུ་རྒྱུ་ལྡོག་པ་དག་ཀྱང་མཐོང་བའི་ཕྱིར་རོ། །གལ་ཏེ་གསེར་ལ་སོགས་པ་མེས་བཞུས་ན་མེ་ལོག་པའི་ཆ་སླར་སྲ་བར་འགྱུར་བ་བཞིན་དུ་ཉེས་པ་ལན་གཅིག་སྤངས་ཀྱང་གཉེན་པོ་དང་བྲལ་བའི་ཚེ་སླར་ལྡོག་གོ་ཞེ་ན་བདག་མེད་གོམས་པས་ཉེས་པ་རྣམ་པར་འགགས་པའི་སེམས་རྒྱུད་ནི་ཆོས་ཅན། གསེར་གྱི་སྲ་བ་བཞིན་དུ་གཉེན་པོ་དང་བྲལ་བས་ཉེས་པ་སླར་ཡང་སྐྱེ་བ་མེད་དེ། གཉེན་པོ་བདག་མེད་རྟོགས་པ་དེའི་བདག་ཉིད་དུ་གྱུར་པ་ཉིད་ཀྱིས་གཉེན་པོ་དང་འབྲལ་བ་མེད་པའི་ཕྱིར་དང་། མེ་དང་བྲལ་ཡང་ཐལ་བ་ཤིང་དུ་མི་ལྡོག་པ་བཞིན་དུ་གཉེན་པོ་དང་བྲལ་ན་དེའི་སྤང་བྱ་སླར་ལྡོག་པར་མ་ངེས་པའི་ཕྱིར་རོ། །གཉིས་པ་གཉེན་པོ་ཡིན་པའི་སྒྲུབ་བྱེད་དགོད་པ་ལ་གསུམ་སྟེ། བདག་མེད་རྟོགས་པ་བདག་ལྟའི་གཉེན་པོར་བསྟན། །བདག་མེད་རྟོགས་པ་སྲེད་པའི་གཉེན་པོར་བསྟན། །དེ་ལས་ལོགས་སུ་ལས་ལུས་གཉེན་པོ་མེད་པའོ། །དང་པོ་ལ་གསུམ་སྟེ། བདག་ལྟ་འཁོར་བའི་རྩ་བར་བསྟན། །རྩ་བ་ཡིན་པའི་སྒྲུབ་བྱེད་འགོད། །དེས་ན་རྩ་བ་དབྱུང་བར་གདམས་པའོ། །དང་པོ་ནི། ཅིའི་ཕྱིར་བདག་མེད་རྟོགས་པ་འཁོར་བའི་གཉེན་པོར་འགྱུར་ཞེ་ན། འཁོར་བའི་རྩ་བ་ནི་བདག་ལྟ་ཡིན་ཅིང་། དེ་དང་འཛིན་སྟངས་དངོས་སུ་འགལ་བའི་ཕྱིར་རོ། །ཅིའི་ཕྱིར་རྩ་བ་ཡིན་ཞེ་ན། བདག་ལྟ་འཁོར་བའི་རྩ་བར་གྲུབ་སྟེ། སྐྱེས་བུ་གང་ཞིག ཕུང་པོ་ལ་བདག་ཏུ་མཐོང་ན་བདག་དེ་ལ་ནི་ངའོ་ཞེས་རྟག་ཏུ་ཞེན་ཅིང་ཆགས་པར་འགྱུར་ཞིང་བདག་ལ་མངོན་པར་ཆགས་པ་ཡོད་པ་དེ་སྲིད་དུ་བདག་ཆགས་ཅན་དེ་ནི་འཁོར་བར་འགྱུར་བའི་ཕྱིར་ཏེ། བདག་ལ་ཞེན་པ་དེ་ལས་བདེ་བ་ལ་སྲེད་པ་སྐྱེ་བར་འགྱུར་ཏེ། སྲེད་པ་དེ་ལས་བདག་གི་བའི་དངོས་པོ་རྣམས་ཀྱི་སྐྱོན་རྣམས་སྒྲིབ་པར་བྱེད་ཅིང་ཡོན་ཏན་མཐོང་བས་བདག་གི་བ་ལ་ཡོངས་སུ་སྲེད་པའི་སྒོ་ནས་ངའི་ཞེས་འཛིན་པ་བརྟན་པོ་ཅན་དུ་འགྱུར་ཏེ། བདག་བདེ་བ་དེའི་སྒྲུབ་བྱེད་དུ་ལེན་པ་དེས་ནའོ། །གཉིས་པ་ལ་གསུམ་སྟེ། བདག་ལྟ་ཉེས་པའི་རྩ་བར་བསྟན། །བདག་ལྟ་ཡོད་ན་ཆགས་བྲལ་མེད། །ཆགས་བྲལ་མིན་ན་འཁོར་བར་འཁོར་བའོ། །དང་པོ་ནི། བདག་ལྟ་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། སྐྱེས་བུ་གང་ལ་བདག་ཏུ་འཛིན་པ་ཡོད་ན་ནི། དེ་ལས་གཞན་ལ་གཞན་དུ་འདུ་ཤེས་ལ་བདག་གི་ཆ་ལས་འཛིན་པ་སྟེ་ཆགས་པ་དང་། གཞན་གྱི་ཆ་ལས་ཞེ་སྡང་སྐྱེ་ཞིང་ཆགས་སྡང་འདི་དག་དང་ནི་ཡོངས་སུ་འབྲེལ་བ་ལས་ཕྲག་དོག་དང་སེར་སྣ་སོགས་ཉེས་པ་ཐམས་ཅད་འབྱུང་བར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། བདག་ལྟས་ཆགས་པ་གཉིས་ཀ་བསྐྱེད། །གཉིས་པོ་སྤོང་བའི་ཐབས་གཞན་མེད་པའོ། །དང་པོ་ནི། བདག་གི་བ་ལ་ཆགས་བྲལ་དུ་འདོད་པའི་བདག་འཛིན་ཅན་དེ་ཆོས་ཅན། བདག་གི་བ་ལ་ཆགས་པ་དང་མི་འབྲལ་བ་ཐལ། ངེས་པར་བདག་ལ་ཆགས་པ་ཅན་ཡིན་པའི་ཕྱིར། གཏན་ཚིགས་གྲུབ་སྟེ། བདག་འཛིན་ཅན་དེ་ཆོས་ཅན། བདག་ལ་ཆགས་པ་དང་བྲལ་བའི་རྒྱུ་ཡང་ཡོད་པ་མ་ཡིན་པར་ཐལ། བདག་ཉེས་མེད་ཀྱི་ཡོན་ཏན་ཅན་དུ་གཟུང་བའི་ཕྱིར། གཉིས་པ་ལ་གཉིས་ཏེ། བདག་ལ་ཆགས་པ་སྤོང་བའི་ཐབས་གཞན་མེད། །བདག་གིར་ཆགས་པ་སྤོང་བའི་ཐབས་གཞན་མེད་པའོ། །དང་པོ་ལ་གསུམ་སྟེ། སྐྱོན་ཅན་ཤེས་པས་ཞེན་ཡུལ་འབྱིན་མི་ནུས། །སྐྱོན་ཅན་ཤེས་པས་དངོས་རྒྱུ་བཟློག་མི་ནུས། །སྐྱོན་ཅན་ཉིད་ལ་ཁས་བླངས་འགལ་བ་བསྟན་པའོ། །དང་པོ་ནི། གལ་ཏེ་བདག་ཉེས་མེད་དུ་མཐོང་ཡང་བདག་ལ་ཆགས་པ་སྐྱོན་བཅས་སུ་མཐོང་ངོ་ཞེ་ན། མཐོང་པ་དེ་ལས་ཅིར་འགྱུར། བདག་ལ་ཆགས་པ་དེ་སྤོང་བར་འགྱུར་རོ་ཞེ་ན། བདག་ཆགས་སྐྱོན་ཅན་དུ་མཐོང་བའི་སྐྱེས་བུ་དེ་ཆོས་ཅན། བདག་ལ་ཆགས་པ་དེ་སྤོང་བར་ནི་ནུས་པ་མ་ཡིན་པར་ཐལ། བདག་ལ་ཆགས་པ་འདིའི་ཞེན་ཡུལ་བདག་ཡོན་ཏན་ཅན་དེ་སུན་ཕྱུང་བ་མེད་པར་ནི་སྟེ་བདག་ཡོན་ཏན་ཅན་དུ་མཐོང་བའི་ཕྱིར། ཁྱབ་སྟེ། བདག་ལ་ཆགས་པ་དེ་བདག་གི་ཡོན་ཏན་མཐོང་བ་ལས་བྱུང་བ་གང་ཞིག ཡོན་ཏན་མཐོང་བ་དང་རྗེས་སུ་འབྲེལ་བའི་ཡུལ་དེ་ལ་འདོད་ཆགས་དང་། སྐྱོན་མཐོང་བ་དང་རྗེས་སུ་འབྲེལ་བའི་ཡུལ་དེ་ལ་ཞེ་སྡང་དང་། དེ་བཞིན་དུ་ཕྲག་དོག་དང་སེར་སྣ་ལ་སོགས་སྤོང་བ་ནི་ཡོན་ཏན་དང་སྐྱོན་དེ་དག་ཡུལ་ལ་མ་མཐོང་བས་ཡིན་གྱི་ཕྱི་རོལ་གྱི་སྤང་བྱ་སྤོང་བའི་ཚུལ་ཚེར་མ་འདོན་པ་ལྟ་བུ་དག་གིས་སྤོང་བ་མིན་པའི་ཕྱིར་རོ། །གཉིས་པ་ནི། བདག་ཆགས་སྐྱོན་ཅན་དུ་མཐོང་བའི་བདག་འཛིན་ཅན་དེ་ལ་ནི་ཆོས་ཅན། འབྲས་བུ་བདག་ལ་ཆགས་པ་གང་གིས་བཟློག་པར་བྱེད་དེ་བཟློག་མི་ནུས་པར་ཐལ། བདག་ལ་ཆགས་པའི་མ་ཚང་བ་མེད་པའི་རྒྱུ་བདག་ཡོན་ཏན་ཅན་དུ་འཛིན་པ་དེ་ཡོད་པའི་ཕྱིར། བདག་ཡོན་ཏན་ཅན་དུ་འཛིན་པ་དེ་བདག་ལ་ཆགས་པའི་རྒྱུ་ཡིན་ཏེ། བདག་ལ་ཆགས་པ་དེ་ཉིད་ཡོན་ཏན་དུ་མཐོང་བའི་རྒྱུ་མཚན་གྱིས་བདག་ལ་ཆགས་པ་མིན་གྱི་དོན་བདག་གི་ཡོན་ཏན་མཐོང་བས་བདག་ལ་ཆགས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། བདག་ལ་ཆགས་པ་ལ་སྐྱོན་ཡང་གང་ཞིག་མཐོང་། གལ་ཏེ་སྡུག་བསྔལ་གྱི་རྟེན་བྱེད་པའི་ཕྱིར་དེས་ན་དོར་བྱ་ཡིན་ཅེ་ན། བདག་ལ་ཆགས་པ་འདི་ལ་ཆོས་ཅན། སྡུག་བསྔལ་གྱི་རྟེན་བྱེད་པ་དེ་ལྟ་ནའང་ཆགས་པ་དང་བྲལ་བར་བྱ་བ་མིན་པར་ཐལ། སྡུག་བསྔལ་གྱི་རྟེན་བྱེད་ཀྱང་མཐའ་གཅིག་ཏུ་བདག་གི་བར་མཐོང་བའི་ཕྱིར། དཔེར་ན་བདག་སྡུག་བསྔལ་གྱི་རྟེན་ཡིན་ཡང་བདག་ཏུ་འཛིན་པའི་བློའི་རྒྱུ་ཡིན་པས་ཆགས་པ་དང་བྲལ་བྱ་མ་ཡིན་པ་བཞིན་ནོ། །གལ་ཏེ་བདག་སྐྱོན་ཅན་དུ་མི་འགྲུབ་སྟེ། བདག་ལ་ཆགས་པ་དང་བདག་གི་བ་དེ་དག་གྲོགས་སུ་མེད་ན་བདག་ཁོ་ན་སྡུག་བསྔལ་གྱི་རྒྱུ་མིན་པའི་ཕྱིར་ཞེ་ན། འོ་ན་བདག་ཏུ་ཆགས་པ་སོགས་དེ་ཡང་ཆོས་ཅན། བདག་དེ་དང་འདྲ་བར་སྐྱོན་མེད་ཡིན་པར་ཐལ། བདག་གྲོགས་སུ་མེད་ན་ཁྱོད་ཁོ་ན་སྡུག་བསྔལ་གྱི་རྒྱུ་མིན་པའི་ཕྱིར། འདོད་པ་དེ་ལྟར་ན་བདག་ལ་ཆགས་པ་དང་བདག་གཉིས་ཀ་ལ་ཆགས་པ་དང་བྲལ་བྱ་མིན་པར་ཐལ། དེ་གཉིས་ཀའང་སྐྱོན་མེད་ཡིན་པ་དེའི་ཕྱིར་རོ། །གཉིས་པ་ལ་བཞི་སྟེ། དབང་སོགས་སྡུག་བསྔལ་བསྒོམས་པས་སྤོང་མི་ནུས། །དབང་བདག་ཐ་དད་ཤེས་པས་སྤོང་མི་ནུས། །སྡུག་བསྔལ་ལས་ཡིད་འབྱུང་བས་སྤོང་མི་ནུས། །སྡུག་བསྔལ་བསྒོམ་བྱར་གསུངས་དང་འགལ་བ་སྤོང་བའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། གལ་ཏེ་སྦྲུལ་གྱིས་བཟུང་བའི་ཡན་ལག་སྡུག་བསྔལ་གྱི་རྒྱུར་བསྒོམས་པས་སྤོང་བ་བཞིན་དུ། བདག་འཛིན་ཡོད་ཀྱང་བདག་ལ་ཆགས་པ་དང་བདག་གི་བ་སྡུག་བསྔལ་གྱི་རྒྱུར་བསྒོམས་པས་སྤོང་བར་འགྱུར་བས་ན། ངེས་པར་བདག་ལ་ཆགས་པ་ཞེས་པའི་ཁྱབ་པ་མ་གྲུབ་བོ་ཞེ་ན། གཉིས་པ་ལ་གཉིས་ཏེ། དཔེ་དགག དོན་དགག་པའོ། །དང་པོ་ནི། སྦྲུལ་གྱིས་བཟུང་བའི་ཡན་ལག་འདི་ཆོས་ཅན། ཁྱོད་སྡུག་བསྔལ་དུ་བསྒོམས་པ་ཁོ་ནས་སྤོང་བ་མིན་ཏེ། བདག་གི་བའི་བློ་བཅོམ་པས་ཁྱོད་འདོར་བ་ཡིན་གྱི་བཟློག་པ་བདག་གི་བའི་བློ་ཡོད་པ་ལ་ཁྱོད་འདོར་བ་མིན་པའི་ཕྱིར་རོ། །གཉིས་པ་ལ་བདུན་ཏེ། བདག་གིར་འཛིན་པ་ཡོད་ན་འདོར་མི་སྲིད། །བདག་གི་འདོར་ན་བདག་གི་མཚན་ཉིད་མེད། །བདག་འཛིན་ཡོད་ན་བདག་གིར་ཆགས་པ་འབྱུང་། །སྡུག་བསྔལ་སྒོམ་པའི་རྩོམ་པ་དོན་མེད་འགྱུར། །བདག་སྐྱོན་མེད་ན་ཆགས་དང་བྲལ་ཡུལ་མེད། །སྐྱོན་ཅན་ཤེས་པས་ཆགས་པ་སྤོང་མི་ནུས། །རྒྱུ་ལ་གནོད་པ་མེད་པས་སྤོང་མི་ནུས་པའོ། །དང་པོ་ལ་གཉིས་ཏེ། བདག་གིར་འཛིན་པ་ཡོད་ན་ཆགས་བྲལ་མེད། །བདག་གིར་འཛིན་པ་བཅོམ་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ནི། བདག་གི་བ་སྐྱོན་ཅན་དུ་ཤེས་པའི་བདག་འཛིན་ཅན་དེ་ཆོས་ཅན། བདག་གི་བ་དེ་ལ་ཆགས་པ་དང་བྲལ་བ་དེ་གང་ལས་ཡིན་ཏེ་མིན་པར་ཐལ། བདག་གི་བ་ལ་རང་གིར་འཛིན་པའི་བློ་གང་གིས་བཟློག་པར་འགྱུར་ཏེ་མི་འགྱུར་བའི་ཕྱིར་ཏེ། དབང་པོ་ལ་སོགས་བདག་གི་བ་དེ་ལོངས་སྤྱོད་ཀྱི་རྟེན་ཏེ་རང་ལ་ཕན་པའི་རྒྱུ་ཉིད་དུ་གཟུང་བའི་ཕྱིར། ཁྱབ་སྟེ། ལུས་ལས་བོག་པའི་སྐྲ་སེན་སོགས་ལ་རང་ལ་ཕན་པའི་རྒྱུར་མ་བཟུང་བས་ཡིད་འབྱུང་བློ་ནི་སྐྱེ་བར་འགྱུར་ཞིང་གཞན་ལུས་ལ་ཡོད་པའི་སྐྲ་སོགས་ལ་རང་ལ་ཕན་པའི་རྒྱུར་བཟུང་བས་ཞེན་བཅས་ཀྱི་བློ་སྐྱེ་བར་འགྱུར་བ་ཐམས་ཅད་ཀྱིས་ནི་མངོན་སུམ་གྱིས་གྲུབ་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། སྡུག་བསྔལ་བསྒོམས་པས་བཅོམ་པ་དགག །སྡུག་བསྔལ་བསྐྱེད་པས་བཅོམ་པ་དགག་པའོ། །དང་པོ་ནི། གལ་ཏེ་བདག་ལ་ཆགས་པ་སོགས་སྡུག་བསྔལ་དུ་བསྒོམས་པས་དེ་ལ་རང་གི་བའི་བློ་སྤོང་བས་རང་བློ་གང་གིས་བཟློག་འགྱུར་ཞེས་པའི་རྟགས་མ་གྲུབ་བོ་ཞེ་ན། བདག་ལ་ཆགས་པ་སོགས་དེ་ལ་ཆོས་ཅན། སྡུག་བསྔལ་དུ་མཐོང་དུ་ཟིན་ཀྱང་རང་གི་བའི་བློ་སྤོང་བར་མི་འགྱུར་བར་ཐལ། ཁྱོད་ལ་རང་གི་བའི་བློ་ནི་སྐྱེ་བར་འགྱུར་བའི་རྒྱུ་ནི་བདག་དང་འདུ་སོགས་ཀྱི་འབྲེལ་པ་ཡོད་པ་ལས་ཡིན་ལ། འབྲེལ་བ་དེ་ནི་སྡུག་བསྔལ་དུ་མཐོང་དུ་ཟིན་ཀྱང་སྔར་གྱི་དེ་བཞིན་ཉིད་དུ་གནས་པའི་ཕྱིར། རྟགས་ཁས་བླངས་སྟེ། བྱེ་བྲག་པ་འགོག་པའོ། །གྲངས་ཅན་གྱིས་བདག་གིར་གཟུང་བྱ་དང་འཛིན་བྱེད་སྐྱེས་བུ་གཉིས་གཅིག་ཏུ་ཤེས་པས་དེ་ལ་རང་གི་བའི་བློ་སྐྱེ་ཞིང་གཅིག་ཏུ་ཤེས་པ་ཡང་འཕྲོད་འདུས་བྱས་བར་འདོད་དོ། །མི་འཐད་དེ། བདག་གི་གཟུགས་སོགས་ཆོས་ཅན། ཁྱོད་ལ་རང་གི་བའི་བློ་མི་སྐྱེ་བར་ཐལ། ཁྱོད་དང་བདག་ལ་འདུ་བའི་འབྲེལ་བ་དང་། ལ་སོགས་པ་གཅིག་ཏུ་ཤེས་པ་མེད་ན་ཡང་སྟེ་མེད་པའི་ཕྱིར་རོ། །འདོད་མི་ནུས་ཏེ། བདག་ལ་ཕན་འདོགས་བྱེད་ཉིད་དུ་མཐོང་བ་ནི་ཕྱི་རོལ་གྱི་བདག་གི་བ་ཀུན་ལ་ཡོད་པའི་ཕྱིར་རོ། །གཉིས་པ་ནི། གྲོལ་བ་ཐོབ་པའི་སྐྱེས་བུ་ཆོས་ཅན། དབང་སོགས་ལ་རང་གི་བའི་བློ་ནི་སྐྱེ་བར་མི་འགྱུར་ཞིང་སྤོང་བར་འགྱུར་ཏེ། དབང་སོགས་དེ་སྡུག་བསྔལ་སྐྱེད་བྱེད་དུ་མཐོང་བའི་ཕྱིར། དཔེར་ན་དུག་སྦྲུལ་གྱིས་བཟུང་བའི་སོར་མོ་བཞིན། དེས་ན་རང་བློ་གང་གིས་བཟློག་འགྱུར་ཏེ། ཞེས་པའི་རྟགས་མ་གྲུབ་བོ་ཞེ་ན། དབང་པོ་སོགས་དེ་ནི་ཆོས་ཅན། མཐའ་གཅིག་ཏུ་སྡུག་བསྔལ་སྐྱེད་བྱེད་དུ་མཐོང་བ་མིན་ཏེ། གནས་སྐབས་ཀྱི་བདེ་བ་འགའ་ཞིག་གིའང་རྒྱུར་མཐོང་བ་སྲིད་པའི་ཕྱིར། གལ་ཏེ་དབང་སོགས་ཕལ་ཆེར་སྡུག་བསྔལ་སྐྱེད་བྱེད་དུ་མཐོང་བ་ཙམ་གྱིས་སྤོང་བ་ཡིན་ཏེ། དུག་བཅས་ཀྱི་ཟས་ཕལ་ཆེར་སྡུག་བསྔལ་སྐྱེད་བྱེད་དུ་མཐོང་བས་སྤོང་བ་བཞིན་ནོ་ཞེ་ན་དཔེ་དོན་གཉིས་ཀ་མ་གྲུབ་སྟེ། འདི་ལྟར་བླང་དོར་གྱི་བསམ་པ་དང་ལྡན་པའི་གང་ཟག་ཆོས་ཅན། ཟས་ཁྱད་པར་ཅན་རྙེད་ན་དེའི་བདེ་བ་ལ་ཆགས་པས་དེ་དང་འགལ་བའི་དུག་བཅས་ཀྱི་ཟས་ལ་ཆགས་པ་དང་བྲལ་བར་འགྱུར་ཏེ། ཁྱད་པར་ཅན་གྱི་བདེ་བ་ལ་སྲེད་པས་བདེ་བ་ཅུང་ཟད་པ་དེ་ཡོངས་སུ་སྤོང་བས་སོ། །བླང་དོར་གྱི་བསམ་པ་མེད་པའི་གང་ཟག་ཆོས་ཅན། བདག་ལ་ཆགས་པ་ཡིས་དུག་བཅས་ཀྱི་ཟས་ལ་སོགས་པ་ཇི་ལྟར་རྙེད་པ་བཞིན་ལའང་འཇུག་སྟེ་བླང་དོར་གྱི་བསམ་པ་མེད་ཅིང་ཟས་ཙམ་གྱི་བདེ་བ་ལ་ཆགས་པའི་ཕྱིར་རོ། དཔེར་ན་འདོད་ལྡན་འགའ་ཞིག་བུད་མེད་དག་ནི་མ་རྙེད་པར། དུད་འགྲོ་མོ་ལ་འདོད་པ་སྤྱོད་པ་མཐོང་བ་བཞིན་ནོ། །གཉིས་པ་ནི། འཁོར་བའི་གནས་སྐབས་ཀྱི་བདག་དེ་ཆོས་ཅན། འཇིག་པར་ཐལ། སྔར་བདག་གི་བ་དང་བཅས་པ་ལས་ཕྱིས་བདག་གི་བ་མཐའ་དག་དང་བྲལ་བར་འགྱུར་བའི་ཕྱིར། འདོད་མི་ནུས་ཏེ། བདག་ནི་ཡོད་པར་འདོད་པ་གང་ཡིན་པ་དེ་དག་གི་ལུགས་ཀྱི་བདག་དེ་ནི་ཇི་ལྟར་འཇིག་པར་འདོད་དེ་མི་འདོད་པའི་ཕྱིར་རོ། །ཐར་པའི་གནས་སྐབས་ཀྱི་བདག་དེ་ཆོས་ཅན། བདག་འཛིན་ཅན་གྱིས་ཇི་ལྟར་ཞེན་པའི་བདག་ཡིན་པར་འདོད་དེ་མིན་པར་ཐལ། མྱོང་བ་ཀུན་དང་ནི་ཐ་སྙད་ཐམས་ཅད་དང་། ཤེས་རབ་ལ་སོགས་ཡོན་ཏན་ཀུན་ཀྱི་རྟེན་བྱེད་པ་ལོག་པ་ཅན་དུ་འདོད་པའི་ཕྱིར། ཁྱབ་སྟེ། བདག་འཛིན་ཅན་གྱིས་ཞེན་པའི་བདག་གི་རང་བཞིན་ནི་མྱོང་སོགས་ཀྱི་རྟེན་ལོག་པ་དེ་འདྲ་མིན་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། སྒྲུབ་བྱེད་དངོས། ཉེས་སྤོང་དགག་པའོ། །དང་པོ་ནི། བདག་གི་བ་ལ་ཆགས་པ་དང་བྲལ་བའི་བདག་འཛིན་ཅན་དེ་ཆོས་ཅན། བདག་གི་བ་ལ་ཆགས་པ་འབྱུང་སྟེ། བདག་ཏུ་འཛིན་པ་དང་ལྡན་པའི་ཕྱིར། ཁྱབ་སྟེ། རྣམ་པ་ཀུན་ཏུ་བདག་འཛིན་གྱིས་ནི་བདག་ལ་ཆགས་པ་བརྟན་པར་བྱེད་ཅིང་། བདག་ལ་ཆགས་པ་དེ་ནི་བདག་གིར་ཞེན་པ་ཡི་ས་བོན་གྱི་གནས་སྐབས་མ་ཚང་བ་མེད་པ་དེ་ཉིད་དུ་གནས་པས་སོ། །དེས་ན་བདག་གི་བ་ལ་ཆགས་པ་དང་བྲལ་བའི་ཆེད་དུ་བདག་གི་བ་སྡུག་བསྔལ་དུ་སྒོམ་པའི་གང་ཟག་དེ་ཆོས་ཅན། བདག་གི་བ་སྡུག་བསྔལ་དུ་བསྒོམ་པ་ལ་བརྩོན་ཡང་བདག་ལ་ཆགས་པ་དེས་བདག་གི་བ་ལ་ནི་ཆགས་པ་དང་བྲལ་བའི་གེགས་བྱེད་པ་ཉིད་དང་། བདག་གི་བ་དེའི་སྐྱོན་ཡང་སྒྲིབ་ཅིང་མི་མཐོང་བར་བྱེད་པ་ཡིན་ཏེ། བདག་གི་ཡོན་ཏན་གྱི་ཆ་མཐོང་བ་ལ་བརྟེན་ནས་རྐྱེན་ཇི་ལྟ་བ་བཞིན་དུ་བདག་ལ་ཆགས་པ་འཇུག་པའི་ས་བོན་དང་ལྡན་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་བདག་ལ་ཆགས་པ་ཡོད་ན་བདག་གི་བ་ལ་ཆགས་པ་མི་འབྲལ་ཡང་ཆགས་བྲལ་དེ་བདག་ལ་ཡང་ཆགས་པ་དང་བྲལ་བས་ན་བདག་ལ་ཆགས་པའི་རྟགས་མ་གྲུབ་བོ་ཞེ་ན། ད་ནི་ཆགས་བྲལ་དེ་ནི་ཆོས་ཅན། བདག་གི་བ་སྡུག་བསྔལ་དུ་བསྒོམས་པས་དེ་ལ་ཆགས་པ་དང་བྲལ་ཡང་དེ་ཙམ་གྱིས་བདག་གི་བ་འདོར་བ་གང་ཡིན་པ་དེ་མེད་པར་ཐལ། བདག་ལ་ཆགས་པ་དང་བྲལ་ཡང་ཅི་ལྟར་བདག་འདོར་ཏེ་མི་འདོར་བ་དེ་དང་མཚུངས་པའི་ཕྱིར། འདོད་ན། བདག་གི་བ་སྡུག་བསྔལ་དུ་སྒོམ་པའི་སྐྱེས་བུ་ཆོས་ཅན། བདག་གི་བ་སྡུག་བསྔལ་དུ་བསྒོམས་པ་དོན་མེད་དུ་འགྱུར་བར་ཐལ། བདག་གི་བ་ལ་ཆགས་པ་དང་བྲལ་ཡང་བདག་གི་བ་མི་འདོར་བའི་ཕྱིར་རོ། །བཞི་པ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། རྣམ་གྲོལ་དོན་གཉེར་ཆོས་ཅན། བདག་གི་བ་ལ་ཆགས་པ་དང་བྲལ་བའི་ཆེད་དུ་བདག་གི་བ་སྡུག་བསྔལ་དུ་བསྒོམས་པ་དོན་མེད་པར་ཐལ། བདག་གི་བ་དེ་དག་སྡུག་བསྔལ་དུ་བསྒོམས་པས་ཀྱང་སྡུག་བསྔལ་ཡིན་པ་ཉིད་ནི་མངོན་སུམ་དུ་རྣམ་པར་ཤེས་པར་བྱེད་པ་ཙམ་ཡིན་ལ། དེ་ཙམ་གྱིས་བདག་གི་བ་ལ་ཆགས་པ་དང་བྲལ་བར་མི་འགྱུར་བའི་ཕྱིར་ཏེ། བདག་གི་བ་འགའ་ཞིག་སྡུག་བསྔལ་ཡིན་པ་དེ་ནི་སྔར་ཡང་མངོན་སུམ་ཉིད་ཀྱིས་འགྲུབ་པ་དེ་ལྟ་ན་ཡང་དེ་ལ་ཆགས་པ་དང་བྲལ་བ་མེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་སྡུག་བསྔལ་དུ་མཐོང་ན་ཆགས་པ་དང་བྲལ་ཏེ། ཡུལ་འགའ་ཞིག་ལ་ཉེས་པ་མཐོང་བས་དེ་ལ་ཆགས་པ་དང་བྲལ་བ་མཐོང་བའི་ཕྱིར་ཞེ་ན། བདག་འཛིན་ཅན་ཆོས་ཅན། གལ་ཏེ་བདག་གི་བ་དེ་ལ་ཉེས་པ་མཐོང་བ་ཡིས་ཉེས་པ་མཐོང་བའི་སྐད་ཅིག་དེ་སྲིད་དུ་དེ་ལ་ཆགས་པ་ཡི་བློ་ལྡོག་ཀྱང་བདག་གི་བ་དེ་ལ་གཏན་ནས་ཆགས་བྲལ་དུ་མི་འགྱུར་ཏེ། ཡུལ་གཞན་དག་ལ་ཆགས་པ་ཡོད་པའི་ཕྱིར། ཁྱབ་སྟེ། སྤྱིར་ཡུལ་འགའ་ཞིག་ལ་བླང་བྱ་དང་དོར་བྱར་འཛིན་པའི་ཁྱད་ཡོད་ན་བླང་བྱ་གཅིག་ལས་འབྱུང་བའི་ཆགས་པ་གང་ཡིན་པ་དེ་ཉིད་རྐྱེན་གྱི་རྣམ་གྲངས་ཀྱིས་བསྐྱེད་པའི་ཚེ་སྔར་གྱི་དོར་བྱ་སོགས་ཡུལ་ཀུན་ལ་ཆགས་པའི་ས་བོན་དུ་འགྱུར་བ་ཡིན་པས་སོ། །དཔེར་ན་འདོད་ལྡན་ལ་ལ་བུད་མེད་གཅིག་ལ་སྐྱོན་མཐོང་བས་ཆགས་པ་མངོན་གྱུར་ལོག་ཀྱང་བུད་མེད་གཞན་ལ་ཆགས་པ་ཡོད་པས་དེ་རྒྱུར་བྱས་ནས་སྔར་གྱི་བུད་མེད་དེ་ལའང་ཆགས་པ་སྐྱེ་བ་བཞིན་ནོ། །ལྔ་པ་ལ་གཉིས་ཏེ། ཐལ་བ་དགོད། ཉེས་སྤོང་དགག་པའོ། །དང་པོ་ནི། སྐྱེས་བུ་ཆོས་ཅན། དེ་ནི་འཁོར་བའི་ཆོས་སྐྱོན་བཅས་གང་ལ་ཆགས་བྲལ་འགྱུར་ཏེ་མི་འགྱུར་བར་ཐལ། བདག་སྐྱོན་མེད་ཡིན་ཞིང་། དེའི་ཡུལ་ཅན་ཆགས་པའང་སྐྱོན་མེད་དང་། སྒྲུབ་བྱེད་བདག་གི་བ་རྣམས་ཀྱང་ནི་སྐྱོན་མེད་ཡིན་པས་དེ་དག་ཆགས་པ་དང་བྲལ་བྱ་མ་ཡིན་པའི་ཕྱིར། ཁྱབ་སྟེ། འགྲོ་བ་སྟེ་འཁོར་བའི་ཆོས་ཀྱང་གསུམ་པོ་དེ་ཙམ་ཉིད་ཡིན་པས་ནའོ། །སྔ་མའི་རྟགས་ཁས་བླངས་ཏེ། བདག་སྐྱོན་མེད་ཡིན་ན་གཞན་གཉིས་སྐྱོན་མེད་དུ་རིགས་པས་ཐོབ་པའི་ཕྱིར་རོ། །གཉིས་པ་ནི། ཡུལ་ཅན་ཆགས་པ་སྐྱོན་མེད་ཡིན་པའི་རྟགས་མ་གྲུབ་སྟེ། བདག་དེར་ཆགས་པ་དེ་སྡུག་བསྔལ་གྱི་རྟེན་ཡིན་པས་སྐྱོན་བཅས་ཀྱང་ཡིན་པའི་ཕྱིར་ཞེ་ན། ཀྱང་གི་སྒྲས་ནི་བདག་གི་ཡུལ་ཅན་གྱི་ཆ་ནས་སྐྱོན་མེད་ཡིན་པ་སྡུད་དོ། །འོ་ན་བདག་ཆོས་ཅན། སྐྱོན་ཅན་དུ་ཐལ། སྡུག་བསྔལ་གྱི་རྟེན་ཡིན་པ་དེ་ནི་ཁྱོད་ལ་ཡང་མཚུངས་པ་ཡིན་པའི་ཕྱིར། འདོད་ན་དེ་ནི་རྣམ་གྲོལ་དོན་གཉེར་ཆོས་ཅན། སྐྱོན་ཅན་ཡིན་པ་ཙམ་རྒྱུ་མཚན་དུ་བྱས་ནས་བདག་གི་བ་གང་ལ་དེ་ཆགས་པ་བྲལ་ཏེ་མི་འབྲལ་བར་ཐལ། བདག་སྐྱོན་ཅན་ཡིན་པ་དེར་ཡང་བདག་དེའི་སྐྱོན་ལ་ཆགས་བྲལ་མེད་པའི་ཕྱིར། དྲུག་པ་ནི། བདག་གི་བ་ལ་ཡོན་ཏན་མཐོང་བ་ལས་བྱུང་བའི་ཞེན་པ་ཡིན་ན། བདག་གི་བ་ལ་ཉེས་པ་མཐོང་བས་འཇིག་དགོས་ནའང་དབང་སོགས་བདག་གི་བ་ལ་ཆགས་པ་དེ་ཆོས་ཅན། བདག་གི་བའི་ཡོན་ཏན་མཐོང་བ་ཁོ་ནས་བྱས་པ་དེ་ལྟར་མིན་ཏེ། སྐྱོན་ཡོན་གྱི་རྣམ་དབྱེ་མི་ཤེས་པའི་བྱིས་པ་དང་ཕྱུགས་སོགས་ལ་ཡང་ཁྱོད་མཐོང་བའི་ཕྱིར་དང་། རང་གི་དབང་པོ་སྐྱོན་ལྡན་ལ་ཡང་ཁྱོད་ཡོད་པའི་ཕྱིར་དང་། ཡོན་ཏན་དང་ལྡན་ཡང་སྐྱེས་བུ་གཞན་གྱི་དབང་སོགས་དག་ལ་ཁྱོད་མེད་པའི་ཕྱིར་དང་། འདས་པ་དང་ལུས་ལས་བོག་པའི་སྐྲ་ལ་སོགས་པའི་བདག་གི་བ་ལ་ཡོན་ཏན་དང་ལྡན་པར་མཐོང་ཡང་ཁྱོད་མེད་པའི་ཕྱིར་རོ། །གལ་ཏེ་བདག་གི་ཆགས་པའི་རྒྱུ་ནི་བདག་གི་བའི་བློ་ཡིན་ལ། དེ་ཡོན་ཏན་མཐོང་བ་ལས་བྱུང་བས་སྡུག་བསྔལ་དུ་བསྒོམས་པས་དེ་སྤོང་ངོ་ཞེ་ན། བདག་གི་བ་ལ་བདག་གི་བའི་བློ་སྐྱེ་བའི་རྒྱུའང་ཆོས་ཅན། བདག་གི་བའི་ཡོན་ཏན་མཐོང་བ་ཁོ་ནས་མིན་པར་ཐལ། བྱིས་སོགས་ལ་ཡང་ཁྱོད་ཡོད་པས་དེ་ཉིད་ཀྱི་ཕྱིར་ནའོ། །དེས་ན་སྐྱེས་བུ་ཆོས་ཅན། དབང་སོགས་ལ་ཡོན་ཏན་མིན་པ་སྐྱོན་མཐོང་བས་དབང་སོགས་ལ་བདག་གི་བའི་བློ་དེ་ཡང་སྤོང་བ་མ་ཡིན་ཏེ། བདག་གི་བའི་བློ་དེ་ཡང་ཡོན་ཏན་མཐོང་བ་ལས་བྱུང་བ་མིན་པའི་ཕྱིར་རོ། །བདུན་པ་ནི། གཞན་ཡང་བདག་གི་བ་སྡུག་བསྔལ་དུ་བསྒོམས་པའི་བསྒྲུབས་པས་ཆོས་ཅན། བདག་གི་བ་ལ་ཆགས་པ་དེ་ལ་ཇི་ལྟར་གནོད་དེ་མི་གནོད་པར་ཐལ། དེའི་རྒྱུ་བདག་ལ་ཆགས་པ་དེ་ལ་གནོད་པ་མེད་པ་ཅན་ཡིན་པའི་ཕྱིར་རོ། །ཁྱབ་སྟེ། བདག་གི་བ་ལ་ཡོད་པ་མིན་པའི་ཡོན་ཏན་ནི་སྒྲོ་འདོགས་པའི་བདག་ལ་ཆགས་པས་བདག་གི་བ་དེར་ཡང་ཆགས་པ་མཐོང་བ་དེས་ནའོ། །གཉིས་པ་དབང་བདག་ཐ་དད་ཤེས་པས་སྤོང་མི་ནུས་པ་ནི། གྲངས་ཅན་ན་རེ། ཡོན་ཏན་མཐོང་བ་ལས་ཆགས་པ་སྐྱེ་བ་མ་ཡིན་གྱི། རང་བཞིན་ཆགས་ཡུལ་དང་། སྐྱེས་བུ་གཅིག་ཏུ་འཛིན་ན་ཡུལ་དེ་ལ་ཆགས་པ་སྐྱེ། དེ་དག་ཐ་དད་དུ་ཤེས་ན་ཆགས་བྲལ་དུ་འགྱུར་རོ་ཞེ་ན། ཐ་མལ་པའི་སྐྱེ་བོ་ཀུན་ཆོས་ཅན། དབང་སོགས་ལ་ཆགས་པ་དང་བྲལ་བར་ཐལ། ཁྱོད་འདི་ཡིས་དབང་སོགས་ལས་བདག་ནི་ཐ་དད་གྱུར་པར་ཤེས་པའི་ཕྱིར་ཏེ། དེ་ཡིས་བདག་གཞན་དུ་གྱུར་ཅིག་ཅེས་མི་འདོད་བཞིན་དུ་དེའི་དབང་སོགས་མཆོག་གཞན་ཐོབ་པར་གྱུར་ཅིག་ཅེས་དོན་དུ་གཉེར་བའི་ཕྱིར་དང་། བདག་རྟག་པར་མཐོང་ཡང་དབང་སོགས་སྐྱེ་བ་དང་འཇིག་པར་ཤེས་པའི་བློ་ཅན་ཉིད་ཀྱི་ཕྱིར་རོ། །དེས་ན་ཆགས་པ་ཆོས་ཅན། ཡུལ་དང་སྐྱེས་བུ་གཅིག་ཉིད་དུ་མཐོང་བས་ཀྱང་བྱས་པ་མིན་ཏེ། ཡུལ་དང་སྐྱེས་བུ་ཐ་དད་དུ་ཤེས་ཀྱང་ཁྱོད་སྐྱེ་བ་ཡོད་པ་དེའི་ཕྱིར་རོ། །འོ་ན་བདག་གི་བར་ཆགས་བའི་རྒྱུ་གང་ཞེ་ན། བདག་ལ་ཆགས་པ་དེ་ཆོས་ཅན། ཁྱོད་བདག་གིར་ཆགས་པའི་རྒྱུ་ཡིན་ཏེ། ཁྱོད་ཡོད་པ་ཙམ་ལས་དམིགས་པ་རྣམ་ཤེས་བསྐྱེད་པའི་ནང་གི་ཡན་ལག་དབང་སོགས་བདག་གི་བ་ལ་ངོ་བོ་ཉིད་ཀྱིས་རྗེས་སུ་ཆགས་པ་སྐྱེ་བར་འགྱུར་བའི་ཕྱིར་རོ། །གསུམ་པ་སྡུག་བསྔལ་ལས་ཡིད་འབྱུང་བས་སྤོང་མི་ནུས་པ་ལ་གཉིས་ཏེ། ཡིད་འབྱུང་ཆགས་བྲལ་མིན་པར་བསྟན། ཆགས་བྲལ་མེད་པར་ཐལ་བ་སྤང་བའོ། །དང་པོ་ནི། དབང་སོགས་སྡུག་བསྔལ་དུ་མཐོང་བས་དེ་ལ་ཡིད་འབྱུང་སྐྱེ་ཞིང་དེས་ཡུལ་དེ་ལ་ཆགས་པ་དང་བྲལ་བར་འགྱུར་ཞེ་ན། བདག་འཛིན་ཅན་གང་ཞིག་དེ་ལྟར་ཡུལ་འགའ་ཞིག་ལ་སྡུག་བསྔལ་མཐོང་བས་ཡིད་འབྱུང་བ་དེ་འདྲ་ཆོས་ཅན། ཞེ་སྡང་དང་མཚུངས་ལྡན་ཡིན་གྱི་ཆགས་བྲལ་མ་ཡིན་ཏེ། དེའི་ཚེའང་ཆགས་པ་ཡོད་པའི་ཕྱིར་ཏེ། སྡུག་བསྔལ་ལས་སྐབས་གཞན་བདེ་བ་ཚོལ་བའི་ཕྱིར་རོ། །དེས་ན་ཡིད་འབྱུང་བའི་མཚན་ཉིད་ཅན་གྱི་ཞེ་སྡང་དེ་ནི་ཆོས་ཅན། སྡུག་བསྔལ་ཡོད་པ་དེ་སྲིད་ཙམ་དུ་གནས་ཏེ། སྡུག་བསྔལ་གྱི་རྒྱུ་ཅན་ཏེ་འབྲས་བུ་ཡིན་པའི་ཕྱིར་དང་། སྡུག་བསྔལ་དེ་ལོག་ན་ནི་རང་ཉིད་ཀྱི་རང་བཞིན་ཆགས་པ་དང་བཅས་པ་ཉིད་ལ་སླར་བརྟེན་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། འོ་ན་ཆགས་བྲལ་མི་སྲིད་པར་འགྱུར་རོ་སྙམ་ན། ཡུལ་སྡུག་མི་སྡུག་གི་དངོས་པོ་ཐམས་ཅད་ལ་ནི་འདོད་མི་འདོད་མེད་པར་མཉམ་ཞིང་སྙོམས་པ་ཅན་གྱི་གང་ཟག་ཆོས་ཅན། ཆགས་བྲལ་ཞེས་ནི་བརྗོད་པ་ཡིན་ཏེ། ཡུལ་ལ་བླང་བྱ་དང་དོར་བྱ་འཛིན་པ་སྤངས་པའི་ཕྱིར་རོ། །ཇི་ཙམ་སྙོམས་པ་ལ་ཆགས་བྲལ་དུ་བརྗོད་ཅེ་ན། སྐྱེས་བུ་གཅིག་གིས་གུས་པས་ཕྱོགས་གཅིག་ཙནྡན་གྱིས་བྱུག ཅིག་ཤོས་སྡང་བས་སྟེའུས་ཤ་བཅད་པ་དག་ལ་ཆགས་པ་དང་ཁོང་ཁྲོ་བ་མེད་པར་མཚུངས་པར་གནས་པ་དེ་ཆོས་ཅན། ཁྱོད་ལ་ཆགས་བྲལ་ཞེས་བརྗོད་དེ། ཁྱོད་བླང་དོར་དུ་འཛིན་པ་སྤངས་པའི་མཚན་གཞི་ཡིན་པའི་ཕྱིར། བཞི་པ་སྡུག་བསྔལ་བསྒོམ་བྱར་གསུངས་དང་འགལ་བ་སྤང་བ་ནི། འོ་ན་དབང་སོགས་སྡུག་བསྔལ་དུ་བསྒོམ་པ་དང་སྡུག་བསྔལ་ལ་ཡིད་འབྱུང་བ་ཆགས་བྲལ་མ་ཡིན་ན། མདོ་ལས་སྡུག་བསྔལ་བསྒོམ་བྱར་གསུངས་པ་དང་འགལ་ལོ་ཞེ་ན། བཅོམ་ལྡན་འདས་ཆོས་ཅན། སྡུག་བསྔལ་གྱི་སྡུག་བསྔལ་ལ་དགོངས་ནས་སྡུག་བསྔལ་བསྒོམ་བྱར་གསུངས་པ་མིན་ཏེ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་དགོངས་ནས་སྡུག་བསྔལ་བསྒོམ་བྱར་གསུངས་པ་ཡིན་ཅིང་། ངེད་ཀྱི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དེ་ཡང་ཀུན་འབྱུང་གི་སྐབས་སུ་བཤད་པའི་རྐྱེན་གྱི་གཙོ་བོ་སྲིད་པ་ལས་སྐྱེས་པའི་ཟག་བཅས་ཀྱི་ཕུང་པོ་ཙམ་ཡིན་གྱི། སྡུག་བསྔལ་གྱི་སྡུག་བསྔལ་ཁོ་ན་མ་ཡིན་པའི་ཕྱིར་རོ། །འདིར་སྔ་མ་དག་དངོས་པོ་སྐད་ཅིག་མ་རྐྱེན་ལས་སྐྱེས་པ་དེ་རྒྱུའི་གཞན་དབང་དུ་གྱུར་པས་སྡུག་བསྔལ་དུ་འཆད་པ་ནི་གྲུབ་མཐའི་སྐབས་མ་ཕྱེད་པ་སྟེ། མདོ་སྡེ་པའི་སྐབས་འདིར་ཟག་མེད་འདུས་བྱས་རྣམས་ཀྱང་རྒྱུའི་གཞན་དབང་ཅན་ཡིན་པའི་ཕྱིར་རོ། །ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བསྒོམས་པ་དེ་ནི་ཆོས་ཅན། ཁྱོད་ཁོ་ནས་གྲོལ་བ་མ་ཡིན་ཏེ། ཁྱོད་དོན་གཞན་དང་ངོ་བོར་གྱུར་པའི་བདག་མེད་པ་རྟོགས་པའི་ལྟ་བའི་རྟེན་ཙམ་ཡིན་ཅིང་། དོན་གཞན་དང་ངོ་བོར་གྱུར་པའི་བདག་གི་སྟོང་པ་ཉིད་རྟོགས་པའི་ལྟ་བས་གྲོལ་བར་འགྱུར་བའི་ཕྱིར་རོ། །སྒོམ་པ་ལྷག་མ་མི་རྟག་སྡུག་བསྔལ་སོགས་བསྒོམ་པ་རྣམས་ནི་སྟོང་ཉིད་རྟོགས་པའི་ལྟ་བ་དེ་བསྐྱེད་པའི་དོན་ཅན་ཡིན་པ་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་མི་རྟག་པ་རྟོགས་པ་ལས་སྡུག་བསྔལ་རྟོགས། སྡུག་བསྔལ་རྟོགས་པ་ལས་ནི་བདག་མེད་རྟོགས་པར་གསུངས་ཏེ། དགེ་སློང་དག་འདི་ལྟ་སྟེ། གཟུགས་རྟག་པའམ་མི་རྟག་པ་ཡིན། བཙུན་པ་མི་རྟག་པ་ལགས་སོ། །མི་རྟག་པ་གང་ཡིན་པ་དེ་བདེ་བ་ཡིན་ནམ་སྡུག་བསྔལ་ཡིན། བཙུན་པ་སྡུག་བསྔལ་ལགས་སོ། །མི་རྟག་པ་དང་སྡུག་བསྔལ་དང་། རྣམ་པར་འགྱུར་བའི་ཆོས་ཅན་གང་ཡིན་པ་དེ་ལ་འདི་ནི་ངའོ། །འདི་ནི་ངའི་འོ། །འདི་ནི་བདག་གོ་ཞེས་བྱ་བ་དེ་ལྟར་ལྟ་བར་རིག་པ་ཡིན་ནམ། བཙུན་པ་དེ་ནི་མ་ལགས་སོ་ཞེས་གསུངས་པས་སོ། །གསུམ་པ་ཆགས་བྲལ་མིན་ན་འཁོར་བར་འཁོར་བ་ལ་གཉིས་ཏེ། གསུམ་ལྡན་འཁོར་བ་པ་རུ་བསྟན། །གསུམ་ལྡན་མིན་ན་ཧ་ཅང་ཐལ་བའོ། །དང་པོ་ནི། བདག་གི་བ་སྡུག་བསྔལ་དུ་ཤེས་པའི་བདག་འཛིན་ཅན་ཆོས་ཅན། འཁོར་བ་པ་ཞེས་བྱའི་གྲོལ་བ་ཐོབ་པ་མིན་པར་ཐལ། ཉོན་མོངས་པ་དང་ལས་ལས་གྲོལ་བ་མ་ཡིན་པ་དེ་འདྲ་བ་ཡིན་པའི་ཕྱིར་ཏེ། བདག་ལ་ཆགས་པ་དང་བྲལ་བ་མིན་པ་དང་། བདག་གི་བ་ལ་སྲིད་པ་དང་ལྡན་པ་དང་། བདག་གི་བ་ཐོབ་པའི་ཆེད་དུ་ལས་སོག་པའི་རྩོམ་པ་ཀུན་ལ་བརྟེན་པ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་གྲོལ་བ་ཐོབ་པའི་ཚེ་བདག་གི་བ་ལ་ཆགས་པ་མེད་པས་ཆགས་བྲལ་མིན་དང་ཞེས་པ་མ་གྲུབ་བོ་ཞེ་ན། གྲོལ་བ་ཐོབ་པའི་ཚེ་ཆོས་ཅན། བདག་གི་བ་དེ་ཡི་ཟ་བ་པོ་ཡང་མེད་པར་ཐལ། བདག་གི་བ་ཉིད་ནི་མི་འདོད་པ་སྟེ་དོར་བའི་ཕྱིར་ནའོ། །འདོད་ན་གྲོལ་བ་ཐོབ་པ་དེའི་ཚེ་ཁྱོད་འདོད་པ་དེའི་བདག་ཀྱང་མེད་པར་ཐལ། ལས་བྱེད་པ་དང་ལོངས་སྤྱོད་པ་མེད་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། བདག་དེ་ལས་བྱ་བ་དང་། ལོངས་སྤྱོད་པའི་མཚན་ཉིད་ཅན་དུ་འདོད་པའི་ཕྱིར། གསུམ་པ་དེས་ན་རྩ་བ་དབྱུང་བར་གདམས་པ་ནི། རྣམ་གྲོལ་འདོད་པའི་གང་ཟག་ཆོས་ཅན། ཐོག་མ་མེད་པའི་རྒྱུ་ཅན་རིགས་མཐུན་སྔ་མའི་ས་བོན་ལས་བྱུང་བའི་འཇིག་ཚོགས་ལྟ་བ་དག བདག་མེད་བསྒོམས་པའི་སྒོ་ནས་རྩ་བ་ཉིད་ནས་དབྱུང་བར་གྱིས་ཤིག་སྟེ། རྣམ་གྲོལ་དོན་གཉེར་གང་ཞིག བདག་མེད་མ་རྟོགས་པར་སྡུག་བསྔལ་བསྒོམས་པ་སོགས་ཀྱིས་འཁོར་བ་ལས་གྲོལ་མི་ནུས་པར་བསྟན་ཟིན་པ་དེའི་ཕྱིར། གཉིས་པ་བདག་མེད་བསྒོམས་པས་སྲེད་པ་སྤོང་བར་ནུས་པ་ལ་གསུམ་སྟེ། ཆོ་ག་གཉེན་པོ་ཡིན་པའི་སྒྲུབ་བྱེད་དགག །ཆོ་ག་གཉེན་པོ་མིན་པའི་སྒྲུབ་བྱེད་དགོད། །དེས་ན་ཡང་དག་ལྟ་བ་གཉེན་པོར་བསྟན་པའོ། །དང་པོ་ལ་གསུམ་སྟེ། དབང་གི་ཆོ་ག་གཉེན་པོ་ཡིན་པ་དགག །སྔགས་ཀྱིས་བཏབ་པ་གཉེན་པོ་ཡིན་པ་དགག །མེ་ལྔ་བསྟེན་པ་གཉེན་པོ་ཡིན་པ་དགག་པའོ། །དང་པོ་ནི། གལ་ཏེ་འཇིག་ལྟ་རྩ་བ་ནས་མ་ཕྱུང་ཡང་དབང་ཕྱུག་གི་དབང་བསྐུར་ཐོབ་ན་གྲོལ་ཏེ། དེ་ལྟར་དུ་དབང་ཕྱུག་གི་ལུང་ལས་བཤད་པའི་ཕྱིར་ཞེ་ན། རྟོགས་ལྡན་རྣམས་ལ་ནི་ཆོས་ཅན། དབང་ཕྱུག་གི་ལུང་ལས་བཤད་པ་ཙམ་གྱིས་ནི་དབང་གི་ཆོ་གས་གྲོལ་བར་སྨྲ་བ་ཡང་ཁྱོད་ཡོངས་སུ་མགུ་བྱེད་མིན་ཏེ། ཁྱོད་དབང་ཕྱུག་གི་ལུང་ནི་རང་གིས་ཇི་ལྟར་བསྟེན་པ་དེ་ལྟ་བུའི་དངོས་པོ་དེ་བརྗོད་བྱ་ཅན་ཡིན་པའི་རྒྱུ་མཚན་མ་མཐོང་བའི་ཕྱིར་རོ། །གཉིས་པ་ནི། དབང་ཕྱུག་གི་ལུང་ལས་བཤད་པའི་སྔགས་ཀྱིས་བཏབ་ན་འཁོར་བ་ལས་གྲོལ་ཏེ། དེ་ལྟར་བཏབ་པས་ས་བོན་གྱིས་མྱུ་གུ་མི་བསྐྱེད་པའི་ཕྱིར་ཞེ་ན། ས་བོན་ལ་སྔགས་བཏབ་པས་མྱུ་གུ་མི་བསྐྱེད་པར་གྲུབ་པར་མཐོང་བའི་ཆོ་ག་ནི་ཆོས་ཅན། སྐྱེས་བུ་ཡང་སྲིད་ཕྱི་མ་མི་བསྐྱེད་པར་བྱེད་ནུས་པ་འགྲུབ་པ་མིན་ཏེ། གལ་ཏེ་གྲུབ་ན་སྐྱེས་བུ་ལ་ཏིལ་མར་གྱིས་བསྐུས་པ་དང་། མེས་བསྲེགས་པ་དང་། བཙོས་པ་སོགས་ལས་ཀྱང་ཡང་སྲིད་ལས་གྲོལ་བར་ཐལ། ས་བོན་ལ་དེ་ལྟར་བྱས་པས་མྱུ་གུ་མི་བསྐྱེད་པའི་ཕྱིར་ཞེས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། མེ་ལྔ་བསྟེན་པས་ཡང་སྲིད་ལས་གྲོལ་ཏེ། མེ་ལྔ་བསྟེན་པས་སྐྱེས་བུའི་ལུས་སྔར་བས་ཡང་བར་འགྱུར་བའི་ཕྱིར་ན། སྡིག་པ་ཟད་པར་བྱས་པ་ཡིན་པའི་ཕྱིར་ཞེ་ན། མེ་ལྔ་བསྟེན་པའི་སྐྱེས་བུ་ཆོས་ཅན། ཁྱོད་ཀྱི་ལུས་སྔར་ལྕི་བ་དང་། ཕྱིས་ཡང་བའི་ཕྱིར་ན་སྡིག་པ་བཅོམ་པར་བྱས་པ་མིན་ཏེ། ཁྱོད་ཀྱི་ལུས་འདིའི་ལྕི་བ་ས་དང་ཆུའི་ཁམས་ཉིད་མེད་པར་འགྱུར་བས་སྔར་ལྕི་བ་ཕྱིས་ཡང་བ་ཡིན་གྱི་སྡིག་པ་ལྕིད་དེ་མིན་པའི་ཕྱིར་ཏེ། སྡིག་པ་ལུས་ཅན་མིན་པའི་ཕྱིར། གཉིས་པ་ལ་བཞི་སྟེ། ཆོ་གས་སྐྱེ་རྒྱུ་ཉམས་པ་མེད། །ཉམས་པར་འདོད་པའི་སྒྲུབ་བྱེད་དགག །ཉམས་པ་མེད་པའི་སྒྲུབ་བྱེད་དགོད། །བདག་ཀྱང་སྐྱེ་རྒྱུར་དགོས་པ་དགག་པའོ། །དང་པོ་ནི། སྡུག་བསྔལ་ལ་བདེ་བར་འཛིན་པའི་ལོག་ཤེས་དང་། དེ་ལས་བྱུང་བའི་སྲེད་པ་དང་། དེ་གཉིས་དང་མཚུངས་ལྡན་གྱི་སེམས་པ་ཆོས་ཅན། དེ་དག་བཅད་པ་སྟེ་སྤངས་ན་ཡང་སྲིད་དུ་འགྲོ་བར་མི་འགྱུར་ཏེ། དེའི་དབང་དག་གིས་དམན་པའི་གནས་མངལ་སོགས་སུ་འགྲོ་བ་རྣམས་སྐྱེ་བ་ཡིན་པ་དེའི་ཕྱིར། དེས་ན་ལོག་སྲེད་དང་སེམས་པ་དེ་དག་ཉིད་ཆོས་ཅན། ཡང་སྲིད་དུ་སྐྱེ་བ་ལ་ནུས་པའི་རྒྱུ་ཡིན་ཏེ། ཁྱོད་ཚོགས་པ་དེ་ཙམ་ལས་ནི་ཡང་སྲིད་འབྱུང་བར་ངེས་པའི་ཕྱིར་རོ། །གལ་ཏེ་སྔོན་གྱི་ལས་ཀྱང་ཡང་སྲིད་དུ་སྐྱེ་བའི་རྒྱུ་ཡིན་པས་དེ་ཙམ་ལས་ནི་ཞེས་པ་མི་འཐད་ཅེ་ན། ལོག་སྲེད་དང་མཚུངས་ལྡན་གྱི་སེམས་པ་དེ་དག་ཆོས་ཅན། སྔོན་གྱི་ལས་ཁྱོད་ལས་ལོགས་སུ་གྱུར་པ་མེད་དེ། ཁྱོད་རང་ཉིད་ཡང་སྲིད་ཀྱི་རྒྱུར་གྱུར་པའི་ལས་ཡིན་པའི་ཕྱིར་རོ། །དེས་ན་བདག་འཛིན་ཅན་དབང་ཕྱུག་གི་དབང་བསྐུར་ཐོབ་པ་དེ་ཆོས་ཅན། ཡང་སྲིད་དུ་སྐྱེ་བ་ཉིད་ཡིན་ཏེ། ཡང་སྲིད་དུ་སྐྱེ་བའི་རྒྱུ་ལོག་སྲེད་དང་སེམས་པ་ཉམས་པ་མེད་པར་ཡོད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། སྐྱེ་རྒྱུ་གཞན་དུ་རྟོག་པ་དགག །སྐྱེ་རྒྱུ་དེ་ཉིད་ཉམས་པ་དགག་པའོ། །དང་པོ་ནི། དབང་ཕྱུག་གི་དབང་བསྐུར་ཐོབ་པ་ཆོས་ཅན། ཡང་སྲིད་དུ་འགྲོ་བ་མེད་དེ། མ་མཐོང་བའི་ལས་ཞིག་པའི་ཕྱིར། ཁྱབ་སྟེ། ཡུལ་གཞན་ནས་གཞན་དུ་འགྲོ་བ་དང་། གཟུགས་སྒྲ་སོགས་རྟོགས་པའི་རྟེན་ནི་བྱེད་པ་དབང་སོགས་ཡིན་ལ་དབང་སོགས་དེ་དག་ནི་མ་མཐོང་བ་ཆོས་དང་ཆོས་མ་ཡིན་པའི་མཚན་ཉིད་ཅན་གྱི་ལས་ལས་སྐྱེ་བར་འགྱུར་བའི་ཕྱིར། དེས་ན་ལས་ནི་དགེ་བ་བཅུ་དང་། མི་དགེ་བ་བཅུའི་འཇུག་པ་བསྐྱེད་པའི་འདུ་བྱེད་ཅེས་བྱ་བ་བདག་གི་ཡོན་ཏན་ཡིན་ལ། ཁྱོད་འདོད་པའི་སེམས་པ་ནི་ལས་མིན་པས་སྐྱེ་རྒྱུ་ཉམས་པ་མེད་ཅེས་པ་མ་གྲུབ་བོ་ཞེ་ན། བྱེད་པ་དབང་སོགས་རྣམས་ཆོས་ཅན། ཁྱོད་བསྐྱེད་པ་ལ་ལོག་སྲེད་སེམས་པའི་བློ་ཡི་ནི་ནུས་པ་མཐོང་གི་དེ་ལས་གཞན་བདག་གི་ཡོན་ཏན་འདུ་བྱེད་ཀྱིས་བསྐྱེད་པ་མ་ཡིན་ཏེ། ཁྱོད་ལོག་སྲེད་སེམས་པ་ཡོད་པ་དང་མེད་པའི་རྗེས་སུ་འཇུག་གི་དེ་ལས་གཞན་བདག་གི་ཡོན་ཏན་འདུ་བྱེད་ཀྱི་རྗེས་སུ་མི་འཇུག་པའི་ཕྱིར། དེས་ན་བདག་འཛིན་ཅན་དབང་ཕྱུག་གི་དབང་བསྐུར་ཐོབ་པ་དེ་དག་ཆོས་ཅན། བྱེད་པ་དབང་སོགས་སྐྱེ་བའི་ཡུལ་དུ་ཅིས་མི་འགྲོ་སྟེ་འགྲོ་བར་ཐལ། སྐྱེ་རྒྱུ་ལོག་སྲེད་དང་སེམས་པ་དེ་མ་ཉམས་པར་ཡོད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དབང་ཕྱུག་གི་དབང་བསྐུར་གྱིས་ལོག་སྲེད་སེམས་པ་དེ་དག་ནུས་མེད་དུ་བྱས་པས་ཡང་སྲིད་དུ་མི་སྐྱེའོ་ཞེ་ན། དབང་ཕྱུག་གི་དབང་བསྐུར་ཐོབ་པའི་སྐྱེས་བུ་ཆོས་ཅན། དབང་སོགས་བྱས་མ་ཐག་ཏུ་བྱེད་པ་མིག་སོགས་དེ་དག་སེམས་པ་གཉིས་པོ་དེའི་དབང་གིས་ཡུལ་ལ་འཛིན་པ་དང་། ཡུལ་ལ་འཇུག་པ་དང་། གཡེང་བ་སྟེ་འཁྲུགས་པ་དང་། འཁྲུགས་པ་འགོག་པ་དེ་རྣམས་མེད་པར་འགྱུར་བར་ཐལ། དབང་བསྐུར་བྱས་མ་ཐག་ཏུ་ལོག་སྲེད་དང་སེམས་པ་ནུས་མེད་དུ་བྱས་པའི་ཕྱིར་རོ། །ཅི་སྟེ་དབང་བསྐུར་བ་དེ་ཤི་བའི་དུས་དེའི་ཚེ་སྐྱེ་བ་གཞན་དུ་འཕེན་པར་མི་འགྱུར་ཏེ། བློ་ཕྱི་མ་འཕེན་བྱེད་མེད་པའི་ཕྱིར་ཞེ་ན། འཆི་ཁའི་དྲི་མ་ལོག་སྲེད་ཆོས་ཅན། ཁྱོད་རྣམས་ཀྱིས་བློ་ལོག་སྲེད་ཕྱི་མར་མཚམས་སྦྱོར་བར་ཐལ། ལོག་སྲེད་ཕྱི་མར་མཚམས་སྦྱོར་བའི་རྒྱུ་ཚང་ཞིང་གེགས་མེད་པའི་ཕྱིར་རོ། །གལ་ཏེ་རྟགས་མ་གྲུབ་སྟེ། དབང་གིས་ལོག་སྲེད་དེ་རྣམས་སྔ་མས་ཕྱི་མ་བསྐྱེད་པའི་ནུས་མེད་དུ་བྱས་པས་སོ་ཞེ་ན། དབང་བསྐུར་ཆོས་ཅན། སྐྱེས་བུ་གསོན་པ་ཉིད་ནའང་དྲི་མ་སྔ་མས་ཕྱི་མ་བསྐྱེད་པའི་ནུས་མེད་དུ་བྱེད་པར་འགྱུར་བར་ཐལ། ཤི་ནས་དེ་ལྟར་བྱེད་པ་དང་རྒྱུ་མཚན་མཚུངས་པའི་ཕྱིར། གསུམ་པ་ནི། ཉེས་པ་ལོག་སྲེད་ཀྱི་རྒྱུན་ཆོས་ཅན། དབང་བསྐུར་བ་ལས་ལྡོག་པ་མེད་པར་ཐལ། རང་གི་ས་བོན་བདག་འཛིན་ལས་བྱུང་བ་ཅན་ཡིན་ཅིང་དབང་བསྐུར་གྱིས་དེ་ལ་མི་གནོད་པའི་ཕྱིར། དེས་ན་ཉེས་པ་ལོག་སྲེད་ཀྱི་རྒྱུན་ཆོས་ཅན། བདག་འཛིན་སྔ་མའི་རྒྱུ་ཅན་ཡིན་ཏེ། གཉེན་པོ་བདག་མེད་རྟོགས་པའི་ཕྱོགས་འཕེལ་ན་ཁྱོད་འགྲིབ་པ་དང་། རང་གི་ཕྱོགས་བདག་འཛིན་སྔ་མ་འཕེལ་ན་ཁྱོད་འཕེལ་བའི་ཕྱིར་རོ། །བཞི་པ་ལ་གཉིས་ཏེ། རྟག་པའི་བདག་ལ་གནོད་བྱེད་བསྟན། །དེ་ལ་ཧ་ཅང་ཐལ་བ་སྤོང་བའོ། །དང་པོ་ནི། གལ་ཏེ་ལོག་སྲེད་དང་སེམས་པ་ཁོ་ན་འཁོར་བའི་རྒྱུར་འདོད་པ་མི་འཐད་དེ། བདག་རྟག་པའང་འཁོར་བའི་རྒྱུར་དགོས་པའི་ཕྱིར་ཞེ་ན། བདག་རྟག་པ་ཆོས་ཅན། འབྲས་བུ་རིམ་གྱིས་སྐྱེད་པར་བྱེད་པ་འགལ་བར་ཐལ། རྐྱེན་ལ་ལྟོས་པ་མེད་པའི་ཕྱིར་རོ། །ཡང་ཕྱིས་ཀྱང་འབྲས་བུ་བྱེད་པ་འགལ་བར་ཐལ། འབྲས་བུ་བྱེད་པའི་དུས་དང་མི་བྱེད་པའི་དུས་དག་ནི་འདྲ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །ཡང་རྒྱུ་ལས་བྱེད་པ་པོ་དང་། འབྲས་བུ་ལོངས་སྤྱོད་པ་པོའང་གཅིག་པར་འགྱུར་བར་ཐལ། བདག་རྟག་པ་དེ་དེ་གཉིས་ཀ་ཡིན་པའི་ཕྱིར། གལ་ཏེ་མ་གྲུབ་སྟེ། ལོངས་སྤྱོད་པ་པོ་དེ་དག་ལས་བྱེད་པ་པོ་དེ་ལས་ཐ་དད་ཡིན་པའི་ཕྱིར་ཞེ་ན། ལས་བྱེད་པ་པོའི་བདག་ཆོས་ཅན། རྣམ་སྨིན་ཟ་བ་པོ་ཡིན་པ་ཉམས་པར་འགྱུར་བར་ཐལ། རྣམ་སྨིན་ཟ་བ་པོ་ལས་གཞན་ཡིན་པའི་ཕྱིར། གཞན་ཡང་བདག་ཆོས་ཅན། འབྲས་བུ་བསྐྱེད་པའི་ནུས་པ་ཡང་ནི་གྲུབ་པ་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་གཞན་གྱིས་མྱོང་བ་དང་། ལས་བྱས་པ་དང་། མཐོང་བ་སོགས་ལ་གཞན་གྱིས་དྲན་པ་དང་། ལོངས་སྤྱོད་པ་དང་། ངོ་ཤེས་པ་སོགས་སུ་འགྱུར་བར་ཐལ། མྱོང་བ་པོ་དང་དྲན་པ་པོ་གཅིག་ཡིན་པ་མེད་པའི་ཕྱིར་ཞེ་ན། གང་ཟག་གི་དབང་དུ་བྱས་ནས་དེ་ལྟར་ཐལ་བ་འཕེན་ནམ། ཆོས་ཀྱི་དབང་དུ་བྱས་ནས་འཕེན། དང་པོ་ལྟར་ན་གང་ཟག་གཞན་གྱིས་མྱོང་བ་གང་ཟག་གཞན་གྱིས་དྲན་པ་སོགས་སུ་འགྱུར་བར་ཐལ། མྱོང་བ་པོའི་གང་ཟག་དང་དྲན་པ་པོའི་གང་ཟག་གཅིག་ཡིན་པ་སོགས་མེད་པའི་ཕྱིར་ཞེས་པའི་ཐལ་བ་ཆོས་ཅན། ཁྱོད་ཆོས་གྲགས་ལ་གནོད་བྱེད་མ་ཡིན་ཏེ། གང་ཟག་འགའི་མྱོང་བ་སོགས་མེད་པའི་ཕྱིར་ན་ཆོས་གྲགས་ཀྱིས་ཁྱོད་ལ་ཁྱབ་པ་མ་ངེས་པའི་ལན་དོན་མཐུན་དུ་ཐེབས་པའི་ཕྱིར། ཕྱི་མ་ལྟར་ན་ཆོས་ཕུང་པོ་གཞན་གྱིས་མྱོང་བ་ཆོས་ཕུང་པོ་གཞན་གྱིས་དྲན་པ་སོགས་ཡོད་པར་ཐལ། མྱོང་བ་པོའི་ཆོས་དང་དྲན་པ་པོའི་ཆོས་ལ་སོགས་པ་གཅིག་ཡིན་པ་མེད་པའི་ཕྱིར་ཞེས་པའི་ཐལ་བ་ཆོས་ཅན། ཁྱོད་ཆོས་གྲགས་ལ་གནོད་བྱེད་མ་ཡིན་ཏེ། ཆོས་ཕུང་པོ་སྔ་མས་མྱོང་བ་ལས་ཕྱི་མས་དྲན་པ་སོགས་འབྱུང་བའི་ཕྱིར་ན། ཆོས་གྲགས་ཀྱིས་ཁྱོད་ལ་འདོད་ལན་དོན་མཐུན་དུ་ཐེབས་པའི་ཕྱིར་ཏེ། ཆོས་ཀྱིས་མྱོང་བ་ལས་ཆོས་ཀྱིས་དྲན་པ་འབྱུང་བའི་རྒྱུ་མཚན་གྱིས་མྱོང་བ་ལས་དྲན་པ་འབྱུང་བ་ནི་ཡོད། གང་ཟག་གིས་མྱོང་བ་ལས་གང་ཟག་གིས་དྲན་པ་འབྱུང་བ་མེད་པ་དེས་ནའོ། །འདིར་གནད་འདི་ཤེས་དགོས་ཏེ། དངོས་སྨྲ་བ་རྣམས་མྱོང་དྲན་སོགས་རིགས་པས་དཔྱད་བཟོད་འདོད་ཅིང་། གང་ཟག་རྫས་ཡོད་འདོད་པ་དག་གིས་ནི་གང་ཟག་གིས་མྱོང་བ་གང་ཟག་གིས་དྲན་པ་སོགས་རིགས་པས་དཔྱད་བཟོད་དུ་འདོད་ལ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ཡན་ཆད་ཀྱི་དངོས་སྨྲ་བ་རྣམས་ཀྱིས་ནི་གང་ཟག་ལ་དེ་དག་འཇོག་པ་ནི་ཐ་སྙད་ཙམ་ཡིན་ཅིང་། མྱོང་དྲན་སོགས་རིགས་པས་དཔྱད་བཟོད་ནི་ཆོས་ལ་འཇོག་དགོས་ཏེ། སྔོ་འཛིན་མིག་གི་རྣམ་པར་ཤེས་པས་མྱོང་བ་དེ་དེའི་རྗེས་ཀྱི་དྲན་ཤེས་ཀྱིས་དྲན་པ་དང་། སེམས་པས་ལས་བསགས་པ་དེ་དེའི་རྗེས་ཀྱི་ཚོར་བས་ལོངས་སྤྱོད་པ་སོགས་སུ་འཇོག་དགོས་པའི་ཕྱིར་རོ། །དེས་ན་གང་ཟག་ལ་མྱོང་དྲན་མེད་པས་གང་ཟག་གཞན་གྱིས་མྱོང་བ་གཞན་གྱིས་དྲན་པ་སོགས་མེད་ལ། ཆོས་ཀྱི་མྱོང་དྲན་ནི་གཞན་ཡིན་ཏེ། རྒྱུ་འབྲས་ཡིན་པའི་ཕྱིར་ཞེས་འདོད། དབུ་མ་ཐལ་འགྱུར་བ་ནི་ཐ་སྙད་དུ་མྱོང་དྲན་ཆོས་དང་གང་ཟག་གཉིས་ཀ་ལ་འཇོག་ཏུ་རུང་ཡང་མྱོང་དྲན་གཞན་ནི་མ་ཡིན་ཏེ། རྒྱུ་འབྲས་ཡིན་ན་གཞན་མ་ཡིན་དགོས་པའི་ཕྱིར་ཞེས་བཞེད་དོ། །འདི་དག་ནི་དབུ་ཚད་ཀྱི་གྲུབ་མཐའ་ལ་ཤིན་ཏུ་མཁོ་བས་དཔྱོད་ལྡན་དག་ཡིད་ལ་ཟུང་ཤིག གསུམ་པ་དེས་ན་ཡང་དག་ལྟ་བ་གཉེན་པོར་བསྟན་པ་ལ་གཉིས་ཏེ། སྲེད་པ་འཇོམས་པའི་གཉེན་པོ་བསྟན། སྲེད་པ་མེད་ན་ཡང་སྲིད་མེད་པའོ། །དང་པོ་ནི། མི་རྟག་ལ་སོགས་བཅུ་དྲུག་ལེགས་པར་བསྒོམ་པའི་ཡང་དག་པའི་ལྟ་བ་ཡིས་ཆོས་ཅན། སྲེད་པ་དང་། དེའི་རྗེས་འབྲང་སེར་སྣ་དང་ཕྲག་དོག་ལ་སོགས་དང་བཅས་པ་ཐམས་ཅད་འཇོམས་པར་བྱེད་དེ། དམིགས་ཡུལ་བདེན་པ་བཞི་པོ་དེ་ཉིད་ལ་ནི་རྣམ་པ་རྟག་སོགས་བཅུ་དྲུག་པོ་དེ་དང་འགལ་བའི་དོན་དེ་ཁོ་ན་ཉིད་ཀྱི་རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་པོ་རྗེས་སུ་རྟོགས་ཤིང་སྒོམ་པ་ཅན་ཡིན་པའི་ཕྱིར། ཁྱབ་ཏེ། དམིགས་ཡུལ་བདེན་པ་བཞི་ལས་སྡུག་བདེན་ལ་བརྟན་པ་སྟེ་རྟག་པ་དང་། བདེ་བ་དང་། ངའོ་ཞེས་དང་། ངའི་ཞེས་དང་། སོགས་པ་ཀུན་འབྱུང་ལ་རྒྱུ་མིན་སོགས་བཞི་དང་། འགོག་པ་ལ་འགོག་པ་མ་ཡིན་པ་སོགས་བཞི་དང་། ལམ་ལ་ལམ་མ་ཡིན་པ་སོགས་བཞི་སྟེ། དེ་ལྟར་ཡང་དག་པ་མིན་པའི་རྣམ་པ་བཅུ་དྲུག་མ་རིག་པས་སྒྲོ་བཏགས་ནས་ནི་མ་རིག་པ་དེ་ལས་བྱུང་བའི་སྲེད་པས་བདེ་སྡུག་ལ་བླང་དོར་དུ་ཡོངས་སུ་སྲེད་པའི་ཕྱིར་རོ། །གཉིས་པ་ནི། བདག་འཛིན་ལས་བྱུང་བའི་སྲེད་པ་སྤངས་བའི་སྐྱེས་བུ་ཆོས་ཅན། ལས་དང་ལུས་དག་གནས་ན་ཡང་ལས་དང་། ཉོན་མོངས་པ་དང་། ལུས་ཏེ་རྒྱུ་གསུམ་པ་ཅན་གྱི་སྐྱེ་བ་ལེན་སྲིད་པ་མ་ཡིན་ཏེ། རྒྱུའི་གཙོ་བོ་གཅིག་ཉོན་མོངས་པ་མེད་པའི་ཕྱིར་ནའོ། །དཔེར་ན་ས་བོན་མེད་ན་མྱུ་གུ་མི་སྐྱེ་བ་བཞིན་ནོ། །འདིར་ལམ་བདེན་གྱི་གཞུང་རྣམས་ཀྱིས་བདག་མེད་རྟོགས་པའི་ལམ་འཁོར་བའི་གཉེན་པོར་བསྒྲུབ་པ་ཡིན་ལ། འཁོར་བའི་སྡུག་བསྔལ་གྱི་རྒྱུ་འཇིག་ལྟས་བསྡུས་པའི་མ་རིག་པ་དང་། རྐྱེན་སྲེད་པ་ཡིན་པས་གཞུང་གི་སྐབས་ཀྱང་དེ་དག་གི་གཉེན་པོར་བསྒྲུབ་པའི་སྐབས་གཉིས་ལས། དང་པོ་ནི། བཤད་ཟིན་ལམ་དེ་ཞེས་པས་བདག་མེད་རྟོགས་པ་ལ་འཁོར་བ་སྤོང་བའི་ནུས་པ་ཡོད་པར་བསྟན་ནས། དེའི་སྒྲུབ་བྱེད་ཡུལ་གྱི་གནས་ཚུལ་ལ་ཞུགས་པ་དང་། བདག་ལྟ་དང་འཛིན་སྟངས་འགལ་བ་དང་། བདག་ལྟ་འཁོར་བའི་རྩ་བ་ཡིན་པ་གསུམ་ལས། དང་པོ་ནི། རྣམ་ཤེས་ཡུལ་འཛིན་པ་ཡི་ཆོས། །ཞེས་སོགས་དང་། གཉིས་པ་ནི། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །ཞེས་སོགས་དང་། གསུམ་པ་ནི། གང་ཞིག་བདག་མཐོང་དེ་ལ་ནི། །ཞེས་སོགས་སོ། །ལམ་གཞན་བདག་ཆགས་སྐྱོན་བཅས་སུ་ཤེས་པ་དང་། དབང་སོགས་སྡུག་བསྔལ་དུ་བསྒོམ་པ་དང་། དབང་བདག་ཐ་དད་དུ་ཤེས་པ་དང་། སྡུག་བསྔལ་ལས་ཡིད་འབྱུང་བ་རྣམས་ནི་བདག་ལྟ་དང་འཛིན་སྟངས་མི་འགལ་བས་བདག་ལྟ་སྤོང་མི་ནུས་ལ། དེས་ན་འཁོར་བའི་གཉེན་པོར་མི་རུང་ཞེས་པ་ནི། གལ་ཏེ་ཆགས་པ་སྐྱོན་བཅས་ན། །ཞེས་སོགས་སོ། །དེ་ཐམས་ཅད་ཀྱི་དོན་བསྡུ་བ་ནི། དེ་ཕྱིར་གྲོལ་འདོད་ཐོགས་མེད་པའི། །ཞེས་སོགས་ཚིགས་བཅད་གཅིག་གོ །གཉིས་པ་ནི། སྟོན་པའི་སྐབས་དང་། ཀུན་འབྱུང་གི་སྐབས་སུ་སྲེད་པ་སྡུག་བསྔལ་བསྐྱེད་ངེས་ཀྱི་རྐྱེན་དུ་བསྒྲུབས་པ་ལྟར་སྲེད་པ་མ་སྤངས་ན་འཁོར་བའི་སྡུག་བསྔལ་སྤོང་མི་ནུས་ལ། ལུང་ལས་བཤད་པའི་ཆོ་ག་ནི་རྒྱུ་བདག་འཛིན་ལ་མི་གནོད་པས་འབྲས་བུ་ལོག་སྲེད་སྤོང་མི་ནུས་ཞེས་པ་ནི། ལུང་ནི་དེ་ལྟའི་དངོས་ཡིན་པའི། །ཞེས་སོགས་སོ། །བདག་མེད་རྟོགས་པའི་ལམ་ནི་རྒྱུ་བདག་འཛིན་སྤོང་བའི་སྒོ་ནས་འབྲས་བུ་སྲེད་པ་རྗེས་འབྲང་དང་བཅས་པ་སྤོང་ནུས་སོ་ཞེས་པ་ནི། བདེན་པ་བཞི་ལ་བརྟེན་པ་དང་། །ཞེས་སོགས་སོ། །དེ་ཐམས་ཅད་ཀྱི་དོན་བསྡུ་བ་ནི། ལས་དང་ལུས་དག་གནས་ན་ཡང་། །ཞེས་སོགས་ཚིགས་བཅད་གཅིག་གོ །ཉོན་མོངས་ཀྱི་གཉེན་པོ་ལས་ལོགས་སུ་ལས་ལུས་སྤོང་བའི་གཉེན་པོ་མེད་དོ་ཞེས་པ་ནི། ལས་དང་ལུས་དག་སྤང་མིན་ཏེ། །ཞེས་སོགས་རང་ལུགས་ཀྱི་ཐར་ལམ་སྒྲུབ་པ་སྐབས་དོན་གྱི་གཙོ་བོར་བྱས་ནས། གཞན་ལུགས་ཀྱི་ཐར་ལམ་སྐབས་སུ་བབ་པ་འགོག་པའི་ཚུལ་འདི་ལྟ་བུ་ལ་བློ་ཁ་མ་ཕྱོགས་པར་བོད་ཀྱི་ཊཱི་ཀ་བྱེད་པ་དག བདག་མེད་བསྒོམས་པས་གྲོལ་བའི་ཚུལ། དེ་ལ་གཞན་གྱི་རྩོད་པ་སྤོང་། སྟོང་ཉིད་རྟོགས་པ་ལམ་དུ་བསྒྲུབ། བདག་འཛིན་མ་སྤངས་པའི་གཉེན་པོ་ལམ་དུ་མི་རུང་བ་དང་བཞི་ལས། ཕྱི་མ་ལ་བདག་གིར་ཞེན་པ་དང་བྲལ་བ་དང་། ལུང་ནས་བཤད་པའི་ཆོ་ག་ཙམ་དང་། ལས་ལུས་འཛད་པའི་ཐབས་གཉེན་པོར་མི་རུང་བ་གསུམ་ཞེས་དང་། གཞན་དག་རང་ལུགས་ཀྱི་ཐར་ལམ་བསྒྲུབ། གཞན་ལུགས་ཀྱི་ཐར་ལམ་དགག་པ་གཉིས་སུ་བྱས་ནས། ཕྱི་མ་ལ་བདག་གིར་ཆགས་པ་དང་བྲལ་བ་དང་། དབང་སོགས་སྡུག་བསྔལ་དུ་བསྒོམས་པ་དང་། དབང་བདག་ཐ་དད་དུ་ཤེས་པ་དང་། སྡུག་བསྔལ་ལ་ཡིད་འབྱུང་བ་དང་། ལུང་ནས་བཤད་པའི་ཆོ་ག་དང་། ལས་ལུས་འཛད་པའི་ཐབས་གཉེན་པོར་མི་རུང་བ་ཞེས་པའི་ཕྲེང་བ་སྒྲིག་པ་ནི་གཉེན་པོར་འགྲོ་ཚུལ་གྱི་སྐབས་གཉིས་དང་། དེ་གཉིས་ལ་སྐབས་སུ་བབ་པའི་གཞན་ལུགས་འགོག་པ་སོ་སོར་ཡོད་པ་མ་ཕྱེད་པར་སྐབས་དོན་ཉམས་སུ་འཇུག་ཅིང་གཞུང་འདི་རྩོད་པ་ལྷུར་ལེན་གྱི་བསྟན་བཅོས་སུ་ནན་གྱིས་བསྒྲུབ་པའོ། །ཁོ་བོ་ནི་ས་སྐྱ་པཎྜི་ཏའི་བྱིན་རླབས་དང་ལེགས་བཤད་ཀྱི་མཐུས་རྟོག་གེའི་གནད་རྣམས་ལ་རྨོངས་པའི་ཁུར་མེད་པའོ། །གསུམ་པ་དེ་ལས་ལོགས་སུ་ལས་ལུས་གཉེན་པོ་མེད་པ་ལ་བཞི་སྟེ། ལས་ལུས་སྤངས་ལ་དགོས་ནུས་མེད། །ལས་འཛད་གཉེན་པོ་ཡོད་པ་དགག །ལས་འཛད་འདོད་དང་འགལ་བ་སྤོང་། །ལས་ཉོན་རྒྱུ་འབྲས་མཚུངས་པ་སྤོང་བའོ། །དང་པོ་ནི། ཉོན་མོངས་སྤོང་བའི་གཉེན་པོ་ལམ་ཡིན་པ་ལྟར། ལས་ལུས་སྤོང་བའི་གཉེན་པོ་ཡང་ལམ་དུ་འགྱུར་ཏེ། ལས་ལུས་ཉོན་མོངས་གསུམ་ཀ་སྐྱེ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་ཞེ་ན། ཐར་པ་དོན་གཉེར་ཆོས་ཅན། ལས་དང་ལུས་དག་ཁོ་ན་སྤོང་བ་མིན་ཏེ། དེ་གཉིས་ཁོ་ན་སྤོང་བའི་གཉེན་པོ་དག་ནི་མེད་པའི་ཕྱིར་དང་། སྲེད་པ་མ་སྤངས་པར་དེ་གཉིས་སྤོང་བའི་ནུས་པ་མེད་པའི་ཕྱིར་རོ། །གཏན་ཚིགས་གྲུབ་སྟེ། སྲེད་པ་ནི་ཡོད་ན་ལས་ལུས་སླར་ཡང་འབྱུང་བའི་ཕྱིར། གལ་ཏེ་སྲེད་པ་དང་ལས་གཉིས་ཀ་ཟད་པའི་དོན་དུ་འབད་པར་རིགས་སོ་ཞེ་ན། ཐར་པ་དོན་གཉེར་ཆོས་ཅན། སྲེད་པ་དང་ལས་གཉིས་ཀ་ཟད་པའི་དོན་དུ་འབད་ན་ཡང་ལས་ཟད་པའི་ཆེད་དུ་དུབ་པར་བྱས་པའི་ཆ་དེ་དོན་མེད་ཡིན་ཏེ། སྲེད་པ་སྤངས་པས་ལས་མི་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། གཉེན་པོ་དག་ནི་མེད་ཕྱིར་དང་། །ཞེས་པའི་རྟགས་མ་གྲུབ་སྟེ། དཀའ་ཐུབ་ཀྱིས་སྔོན་གྱི་ལས་ཀྱི་ནུས་པ་ཟད་པར་བྱེད་པའི་ཕྱིར་ཞེ་ན། ཟག་བཅས་ཀྱི་ལས་རྣམས་ཆོས་ཅན། འབྲས་བུ་མི་འདྲ་བ་བསྐྱེད་པའི་ནུས་པ་ཐ་དད་དུ་རྗེས་སུ་དཔོག་སྟེ། འབྲས་བུ་མི་འདྲ་བ་སྣ་ཚོགས་སྐྱེ་བར་མཐོང་བའི་ཕྱིར་རོ། །དེས་ན་དཀའ་ཐུབ་ཀྱི་ཉོན་མོངས་པ་སྟེ་སྡུག་བསྔལ་གྱི་དངོས་པོ་ཆོས་ཅན། ཁྱོད་གཅིག་གིས་ལས་ཐམས་ཅད་མི་འཛད་དེ། ཁྱོད་ཀྱི་རྣམ་པ་འགས་རིགས་མཐུན་པ་བཀྲེས་པ་ལྟ་བུ་དེ་བསྐྱེད་པའི་འབྲས་བུ་ནི་ཆུང་བར་འགྱུར་གྱི། རིགས་མི་མཐུན་པ་ཅན་གྱིས་སྡུག་བསྔལ་བསྐྱེད་པའི་ལས་ཀྱི་འབྲས་བུ་ཆུང་བར་འགྱུར་བ་ཙམ་ཡང་མིན་པའི་ཕྱིར། ཅི་སྟེ་དཀའ་ཐུབ་ཀྱི་ནུས་པ་ཡིས་ལས་ཀྱི་ནུས་པ་ཐམས་ཅད་གཅིག་ཏུ་འདྲེས་པར་བྱས་ནས་དེ་སྡུག་བསྔལ་གཅིག་མྱོང་བའམ་དཀའ་ཐུབ་གཅིག་གིས་ཟད་པར་བྱེད་ཅེ་ན། དཀའ་ཐུབ་ཆོས་ཅན། ཁྱོད་ཀྱི་ཉོན་མོངས་ཏེ་སྡུག་བསྔལ་གྱི་ཆ་སྤུ་འཐོགས་པ་ལྟ་བུ་འགས་ལས་ཐམས་ཅད་སྤོང་བའམ། ཡང་ན་ཉོན་མོངས་ཏེ་སྡུག་བསྔལ་ལ་ལྟོས་པ་མེད་པར་ཀུན་སྤོང་བར་འགྱུར་བར་ཐལ། ཁྱོད་ཀྱིས་ལས་ཀྱི་ནུས་པ་ཐམས་ཅད་གཅིག་ཏུ་འདྲེས་པར་བྱས་ནས་དེ་སྡུག་བསྔལ་གཅིག་གམ་དཀའ་ཐུབ་གཅིག་གིས་ཟད་པར་བྱེད་པ་གང་ཞིག ཁྱོད་ཉོན་མོངས་ཏེ་སྡུག་བསྔལ་ལས་གཞན་དུ་འདོད་པའི་ཕྱིར། གལ་ཏེ་མ་གྲུབ་སྟེ། ཉོན་མོངས་ཏེ་སྡུག་བསྔལ་ཉིད་ཡིན་ཅེ་ན། དཀའ་ཐུབ་དེ་ནི་ཆོས་ཅན། འདིས་ལས་རྣམས་ཀྱི་ནུས་པ་གཅིག་ཏུ་འདྲེས་པ་དང་ཟད་པ་སོགས་བྱེད་ནུས་པར་འགྱུར་བ་མ་ཡིན་པར་ཐལ། ལས་ངན་གྱི་འབྲས་བུ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། ཁྱོད་ཀྱང་བདག་མེད་མཐོང་བས་དེའི་འབྲས་བུ་ལས་ཀྱང་ཟད་པར་འདོད་པ་ཡིན་ན། ཇི་ལྟར་ལས་འཛད་པའི་གཉེན་པོ་མེད་ཅེ་ན། བདག་མེད་མཐོང་བའི་ལམ་དེ་ཆོས་ཅན། གང་ཡང་སྐྱོན་སྲེད་པ་རྣམས་འགོག་པར་བྱེད་པའི་ཐབས་ཡིན་ཏེ། སྲེད་པ་སྔ་མ་ལས་མ་འོངས་པ་ན་སྲེད་པ་ཕྱི་མ་སྐྱེ་བར་འདོད་པའི་ཉེས་པ་སྲེད་པ་ཕྱི་མའི་ས་བོན་བཅོམ་པའི་ཕྱིར། དེས་ན་བདག་མེད་མཐོང་བའི་ལམ་ཆོས་ཅན། སྲེད་པ་ཕྱི་མ་དེས་བསྐྱེད་པའི་ལས་འཇོམས་པ་ལ་ནུས་པ་དང་ལྡན་པར་འགྱུར་གྱི་ཇི་ལྟར་ན་སྔར་བྱས་ཟིན་པའི་ལས་ཀྱི་འབྲས་བུ་ཉམས་པར་བྱེད་པར་འགྱུར་ཏེ་མི་འགྱུར་བར་ཐལ། སྲེད་པས་བྱས་པའི་ལས་ལས་འབྲས་བུ་འབྱུང་བར་ངེས་པའི་ཕྱིར་རོ། །བཞི་པ་ནི། ཉོན་མོངས་པ་ལས་ལས་འབྱུང་བས་ཉོན་མོངས་ཡོད་ན་མི་གྲོལ་བ་བཞིན་དུ་ལས་ལས་ཀྱང་ཉོན་མོངས་འབྱུང་བས་ལས་ཡོད་ན་ཡང་མི་གྲོལ་བར་མཚུངས་སོ་ཞེ་ན། ཉོན་མོངས་སྤངས་པའི་ལས་དེ་ཆོས་ཅན། ཁྱོད་ལས་ཉེས་པ་ཉོན་མོངས་འབྱུང་བ་མ་ཡིན་ཏེ། ཁྱོད་ལ་ཉོན་མོངས་མེད་པའི་ཕྱིར། ཁྱབ་སྟེ། སྐྱོན་ཉོན་མོངས་དང་ལྡན་ན་ལས་བྱེད་པར་འགྱུར་གྱི། བཟློག་པ་མི་ལྡན་པ་ལས་ལས་དང་ཉོན་མོངས་སྐྱེ་བ་མིན་པའི་ཕྱིར། གལ་ཏེ་མ་གྲུབ་སྟེ། ལས་བཟང་ངན་ལས་བདེ་སྡུག་སྐྱེ། དེ་ལས་ཆགས་སྡང་སྐྱེ་བའི་ཕྱིར་ཞེ་ན། བདག་ལྟ་སྤངས་པའི་སྐྱེས་བུ་ཆོས་ཅན། བདེ་བ་དང་སྡུག་བསྔལ་ལས་ཀྱང་འདོད་དང་ཞེ་སྡང་སོགས་སྐྱེ་བར་མི་འགྱུར་ཏེ། ལོག་པའི་རྣམ་རྟོག་ང་དང་ང་ཡིར་འཛིན་པ་མེད་པར་ནིའོ། །གཉིས་པ་དེ་ལས་བདེར་གཤེགས་གྲུབ་པའི་ཚུལ་ནི། བདེན་བཞི་ཕྱིན་ཅི་མ་ལོག་པར་སྟོན་པའི་སྐྱོབ་པ་ཆོས་ཅན། ཁྱོད་རྟགས་སུ་བཀོད་པ་ལས་ཁྱོད་དང་ལྡན་པའི་སྟོན་པ་དེ་ཆོས་ཉིད་ཇི་ལྟ་བ་དེ་ཉིད་མཁྱེན་པ་དང་། མཁྱེན་པ་སླར་མི་ལྡོག་པས་བརྟན་པ་དང་། ཤེས་བྱ་ཇི་སྙེད་པ་མ་ལུས་པའི་ཁྱད་པར་མཁྱེན་པ་སྟེ་ཆོས་གསུམ་ལྡན་གྱི་མཁྱེན་པ་དང་ལྡན་པར་གྲུབ་སྟེ། ཁྱོད་རང་རྒྱུ་ཆོས་གསུམ་ལྡན་གྱིཾ་མཁྱེཾན་པཾ་དེའི་འབྲས་བུ་ཡིན་པའི་ཕྱིར། འོ་ན་སྔར་བདེ་གཤེགས་སྤངས་པའི་དོན་དུ་བཤད་པ་དང་འགལ་ལོ་ཞེ་ན། སུ་ག་ཏ་ཅེས་པའི་སྒྲ་ཆོས་ཅན། ཁྱོད་རྟོགས་པའི་དོན་གསུམ་དང་ལྡན་པའི་ཕྱིར་ན་བདེ་བར་གཤེགས་པའི་དོན་དུ་བཤད་དུ་རུང་སྟེ། ཁྱོད་རྐྱེན་གྱི་བྱེ་བྲག་གིས་རྟོགས་པ་ཁྱད་པར་གསུམ་ལྡན་ལ་འཇུག་པའི་ཕྱིར། དེས་ན་ཐུབ་པ་ཆོས་ཅན། ཕྱི་རོལ་པའི་ཆགས་བྲལ་དང་། སློབ་པ་རྒྱུན་ཞུགས་སོགས་དང་། མི་སློབ་པ་ཉན་རང་དགྲ་བཅོམ་པ་ལས་ལྷག་པར་གྲུབ་སྟེ། སྒྲུབ་བྱེད་རིམ་པ་ལྟར། དེ་ཁོ་ན་ཉིད་དང་། བརྟན་པ་དང་། མ་ལུས་པར་མཁྱེན་པ་གསུམ་མངའ་བ་དེའི་ཕྱིར། གསུམ་པ་དེ་ལས་སྟོན་པ་གྲུབ་པའི་ཚུལ་ནི། ཐུབ་པ་ཆོས་ཅན། གཞན་གྱི་དོན་མཁྱེན་པའི་ཐབས་ལ་སྦྱོར་ཞིང་གོམས་པ་མཛད་པ་དེ་ཉིད་ལ་འབྲས་དུས་ཀྱི་སྟོན་པའི་མིང་གིས་བཏགས་པ་དེ་སྔོན་དུ་སོང་བར་གྲུབ་སྟེ། མཁྱེན་པ་ཁྱད་པར་གསུམ་ལྡན་མངའ་བ་དེའི་ཕྱིར་རོ། །བཞི་པ་དེ་ལས་བརྩེ་བ་གྲུབ་པའི་ཚུལ་ནི་ཐུབ་པ་ཆོས་ཅན། གཞན་ལ་བརྩེ་བ་དང་ལྡན་པར་གྲུབ་པ་ཡིན་ཏེ། གཞན་དོན་དུ་ཐབས་རྒྱ་ཆེན་པོ་ལ་གོམས་པར་མཛད་པ་དེ་ལས་ཏེ་དེའི་ཕྱིར་དང་། རང་དོན་སྤངས་རྟོགས་ཕུན་ཚོགས་གྲུབ་ཀྱང་གཞན་དོན་གྱི་ངོར་ཆོས་སྟོན་པའི་མཛད་པ་མི་འདོར་བའི་ཕྱིར་རོ། །ལྔ་པ་དེས་ན་ནན་ཏན་བྱས་པར་གྲུབ་པ་ནི། བཅོམ་ལྡན་འདས་ཆོས་ཅན། ཚད་མའི་ཐབས་ལ་ནན་ཏན་བྱས་པས་རྣམ་གྲོལ་དོན་གཉེར་ལ་སྐྱེས་བུ་ཚད་མ་ཉིད་དུ་གྲུབ་པ་ཡིན་ཏེ། གང་གི་ཕྱིར་ན་བརྩེ་བ་ཆེན་པོ་མངའ་བས་ལེགས་པ་སྟེ་ཕན་པ་དང་ཡེ་ཤེས་ཆེན་པོ་མངའ་བ་ལས་བདེན་པ་གསུང་བར་མཛད་པའི་སྒྲུབ་བྱེད་དང་བཅས་ཤིང་། དེ་ལྟར་གསུང་བར་ཡང་མངོན་སྦྱོར་ཏེ་བརྩོན་པ་དང་ལྡན་པ་དེས་ནའོ། །

ཚད་མས་བསྟོད་པའི་དགོས་པ་བཤད་པ།

གསུམ་པ་ཚད་མས་བསྟོད་པའི་དགོས་པ་བཤད་པ་ལ་གཉིས་ཏེ། ཚད་མ་གྲུབ་པ་དགོས་པར་བསྟན། །རྗེས་དཔག་ཚད་མ་གྲུབ་པའི་ཚུལ་ལོ། །དང་པོ་ནི། བཅོམ་ལྡན་འདས་ལ་ཡོན་ཏན་ཚད་མེད་པ་མངའ་བ་ལས་ཚད་མ་ཉིད་ཀྱིས་བསྟོད་པའི་དགོས་པ་ཅི་ཞེ་ན། ཚད་མར་གྱུར་པ་དེ་ལྟ་བུའི་ཡོན་ཏན་གྱི་དངོས་པོས་སྟོན་པ་ལ་བསྟོད་པ་ནི་ཆོས་ཅན། དགོས་པ་ཡོད་དེ། བཅོམ་ལྡན་འདས་དེའི་བསྟན་པ་ཉིད་ལས་ནི་ཚད་མའི་རྣམ་བཞག་དེ་ཉིད་གྲུབ་པ་ཡིན་གྱི། ཕྱོགས་གླང་གིས་རང་དགར་བཞག་པ་ནི་མ་ཡིན་ནོ་ཞེས་ཤེས་པའི་དོན་དུ་ཡིན་པའི་ཕྱིར། གཉིས་པ་ནི། འོ་ན་གསུང་རབ་ལས་མངོན་སུམ་ཚད་མར་གྲུབ་མོད་ཀྱི། རྗེས་དཔག་ཚད་མར་ཇི་ལྟར་གྲུབ་ཅེ་ན། སྟོན་པ་ཆོས་ཅན། རྗེས་དཔག་ཚད་མར་བཞེད་དེ། རྗེས་སུ་དཔག་པའང་ཚད་མ་ཡིན་པ་མ་བཟློག་ཅིང་། སྒྲ་བྱུང་སོགས་ཚད་མ་ཡིན་པ་བཟློག་པའི་ཕྱིར་དང་། མ་བཟློག་པར་མ་ཟད་ཅུང་ཟད་སྐྱེ་བའི་བདག་ཉིད་ཅན་གང་ཡིན་པ་དེ་ཐམས་ཅད་ནི་འགག་པ་སྟེ་འཇིག་པའི་ཆོས་ཅན་ཡིན་ནོ་ཞེས་པ་དང་། དུ་བ་ལས་ནི་མེར་ཤེས་དང་། །ཞེས་སོགས་རྣམ་པ་དུ་མར་ནི་རྗེས་དཔག་འདིའི་སྦྱོར་བའང་གསུང་བར་མཐོང་བའི་ཕྱིར་རོ། །ཁྱབ་སྟེ། བསྒྲུབ་བྱའི་ཆོས་མེད་ན་མི་འབྱུང་བའི་མཚན་ཉིད་ཅན་གང་ཡིན་པའི་རྟགས་ནི་རྗེས་དཔག་གི་རྟེན་ཡིན་ལ། རྟགས་ཆོས་མེད་ན་མི་འབྱུང་བའི་འབྲེལ་པ་དེ་ཡང་སྔར་གྱི་ངག་དེས་གསལ་བར་བཤད་པའི་ཕྱིར་ཏེ། བསྒྲུབ་བྱའི་ཆོས་མི་རྟག་སོགས་ཀྱིས་གཏན་ཚིགས་སྐྱེ་ལྡན་སོགས་ལ་ཁྱབ་པ་ལ་ནི་བསྟན་པའི་ཕྱིར་རོ། །གསུམ་པ་ནི། ཚད་མ་རྣམ་འགྲེལ་གྱི་རྣམ་བཤད་ཀུན་ཏུ་བཟང་པོའི་འོད་ཟེར་ལས་ཚད་མ་གྲུབ་པའི་ལེའུ་སྟེ་གཉིས་པའི་རྣམ་པར་བཤད་པའོ།། །།


previousདོན་དང་དོན་མིན་རྣམ་པར་འབྱེད་བྱེད་ཚད་མ་གྲུབ་པ་བཤད་པ།next