Nitartha Digital Library
Tibetan
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ།


  collapse section
   
   
སྐབས་གཉིས་པ་ལམ་ཤེས་ཀྱི་དཀའ་བའི་གནས་རྣམ་པར་བཤད་པ།
   
   
   
   
   
   


 
previousསྐབས་གཉིས་པ་ལམ་ཤེས་ཀྱི་དཀའ་བའི་གནས་རྣམ་པར་བཤད་པ།next

སྐབས་གཉིས་པ་ལམ་ཤེས་ཀྱི་དཀའ་བའི་གནས་རྣམ་པར་བཤད་པ།

ཐེག་གསུམ་ལམ་གྱི་དམིགས་རྣམ་མ་ལུས་པ། །ཐབས་ལྡན་དམིགས་མེད་བློ་ཡིས་ལེགས་རྟོགས་ནས། །རྣམ་མཁྱེན་འབྲས་བཟང་སྒྲུབ་པའི་དཔལ་ཡོན་ཅན། །ལམ་ཀུན་ཤེས་པའི་རྒྱལ་ཡུམ་དེ་ལ་འདུད། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟོགས་པ་ནི་ལམ་ཤེས་ཉིད། ཅེས་པའི་སྐབས་སུ། ལོ་ཙཱ་བ་དཔོན་སློབ་ཀྱི་བཞེད་པ་ལ། སྐབས་འདིའི་ཆོས་ལྔ་ཀའང་ལམ་ཤེས་སྐྱེ་བའི་རྟེན་གྱི་གང་ཟག་གི་ཁྱད་པར་ཡིན་ཏེ། དེའི་རྟེན་གྱི་གང་ཟག་ཡིན་ན། གེགས་ང་རྒྱལ་མངོན་གྱུར་པ་དང་བྲལ་བ། རྒྱུའི་རྐྱེན་སེམས་བསྐྱེད་པ། བདག་པོའི་རྐྱེན་རིགས་དང་ལྡན་པ། འཁོར་བ་ཆེད་དུ་གཉེར་ནས་མི་འདོར་བའི་རང་བཞིན། གཞན་དོན་བྱེད་པའི་བྱེད་ལས་ཀྱི་ཁྱད་པར་ལྔ་དང་ལྡན་པ་ཞིག་དགོས་པའི་ཕྱིར་ཞེས་བཞེད་དོ། །འོ་ན་ལམ་ཤེས་སྐྱེ་བ་ཙམ་གྱི་རྟེན་གྱི་གང་ཟག་ཡིན་ན། ཁྱད་ཆོས་ལྔ་པོ་དེ་དང་ལྡན་པས་ཁྱབ་པ་ལ་བྱེད་དམ། ལམ་ཤེས་དངོས་སུ་སྐྱེ་བའི་རྟེན་གྱི་གང་ཟག་ཡིན་ན། ཁྱད་ཆོས་ལྔ་པོ་དེ་དང་ལྡན་པས་ཁྱབ་པ་ལ་བྱེད། དང་པོ་ལྟར་ན་ལམ་མ་ཞུགས་པའི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར། ཕྱི་མ་ལྟར་ན། ལམ་ཤེས་དངོས་སུ་སྐྱེ་བའི་རྟེན་གྱི་གང་ཟག་ཡིན་ན། ཉོན་སྒྲིབ་ཆེད་དུ་གཉེར་ནས་མི་སྤོང་བས་ཁྱབ་པར་ཐལ། དེ་ཡིན་ན་རང་བཞིན་དང་ནི་ཞེས་པའི་སྐབས་ཀྱི་རང་བཞིན་དེ་དང་ལྡན་པས་ཁྱབ་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཉོན་མོངས་པ་རྣམ་པ་ཐམས་ཅད་དུ་སྤངས་པ་མིན་པ་ཞེས་བྱ་བ་ནི་རང་བཞིན་ཡིན་ནོ་ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། བྱང་སེམས་ཀྱི་སྦྱོར་ལམ་ཆོས་མཆོག་ཆེན་པོ་ལ་གནས་པའི་བྱང་སེམས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེས་དེ་ཆེད་དུ་གཉེར་ནས་སྤོང་བར་ཐལ། དེས་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་ཆེད་དུ་གཉེར་ནས་སྒོམ་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེས་ས་དང་པོར་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་དགོས་པའི་ཕྱིར། ཡང་དེས་དེ་ཆེད་དུ་གཉེར་ནས་སྤོང་བར་ཐལ། བྱང་ས་ལས། ཉན་ཐོས་ལས་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་སྤོང་བ་ལ་བྱེ་བ་བརྒྱ་འགྱུར་གྱིས་བརྩོན་པར་བཤད་པའི་ཕྱིར། གཞན་ཡང་སྐབས་དང་པོར་འབྲས་བུས་སེམས་ཅན་མ་བསྡུས་པ་བསྡུས་པ་ལ་སོགས་པ་བྱེད་པ་ཅན་ཡིན་ནོ་ཞེས་པའི་སྐབས་ཀྱི་བྱེད་ལས་དེ་ལམ་ཤེས་ཀྱི་བྱེད་ལས་མ་ཡིན་པར་ཐལ། སྐབས་གཉིས་པར། སེམས་ཅན་མ་བསྡུས་པ་བསྡུས་པ་ལ་སོགས་པ་ཡིན་པས་བྱེད་པ་ཡིན་ནོ་ཞེས་པའི་སྐབས་ཀྱི་བྱེད་ལས་དེ་ལམ་ཤེས་ཀྱི་བྱེད་ལས་མིན་པའི་ཕྱིར། རྟགས་ཁས། དེས་ན་ཉི་སྣང་ལས། དང་པོ་གསུམ་ལམ་ཤེས་སྐྱེ་བའི་རྟེན་གྱི་གང་ཟག་གི་ཁྱད་པར། ཕྱི་མ་གཉིས་ལམ་ཤེས་ཀྱི་ཁྱད་པར་དུ་བྱེད་པ་ཉིད་ལེགས་སོ། །དེ་ལ་ཁོ་ན་རེ། རང་བཞིན་དང་ནི་ཞེས་པའི་སྐབས་ནས་བསྟན་པའི་རང་བཞིན་དེ་ཆོས་ཅན། ཁྱོད་ལམ་ཤེས་ཀྱི་ཡན་ལག་མིན་པར་ཐལ། ཁྱོད་ལམ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་ཞེས་ཟེར་ན། འཕགས་ལམ་ཡན་ལག་བརྒྱད་ཆོས་ཅན། འཕགས་པའི་ལམ་གྱི་ཡན་ལག་མིན་པར་ཐལ། དེའི་ངོ་བོ་ཡིན་པའི་ཕྱིར། ཡང་ཁ་ཅིག འོད་ཀྱིས་མོག་མོག་པོར་མཛད་དང་། །ཞེས་སོགས། རྩ་འགྲེལ་ལས། དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་ལྷ་ལ་སོགས་པའི་རྣམ་པར་སྨིན་པའི་འོད་མོག་མོག་པོར་མཛད་པ་ཆོས་ཅན། དགོས་པ་ཡོད་དེ། ང་རྒྱལ་མངོན་གྱུར་བ་དང་བྲལ་བའི་གང་ཟག་ཁོ་ནའི་རྒྱུད་ལ་ལམ་ཤེས་ཀྱི་རྟོགས་པ་སྐྱེའོ་ཞེས་ཤེས་པའི་ཆེད་ཡོད་པའི་ཕྱིར་ཞེས་དང་། ཡུལ་ངེས་པ་དང་། ཞེས་སོགས་རྩ་འགྲེལ་ལས། ལམ་ཤེས་ཆོས་ཅན། ཁྱོད་དངོས་སུ་སྐྱེ་བའི་ཡུལ་སོ་སོར་ངེས་པ་ཡིན་ཏེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གང་ཟག་གི་རྒྱུད་ལ་ཁྱོད་དངོས་སུ་སྐྱེ། དེ་མ་བསྐྱེད་པའི་གང་ཟག་གི་རྒྱུད་ལ་ཁྱོད་དངོས་སུ་མི་སྐྱེ་བའི་ཕྱིར་ཞེས་འགོད་ན། ལམ་ཤེས་དངོས་སུ་སྐྱེ་བའི་རྟེན་གྱི་གང་ཟག་ཡིན་ན། གེགས་ང་རྒྱལ་མངོན་གྱུར་བ་བཅོམ་པས་ཁྱབ་པར་ཐལ། སྦྱོར་བ་སྔ་མ་དེ་གཞུང་དེའི་དོན་སྦྱོར་ཡིན་པའི་ཕྱིར། འདོད་ན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་མིན་པར་ཐལ། ཁྱོད་དང་དེ་མ་བཅོམ་པའི་གཞི་མཐུན་ཡོད་པའི་ཕྱིར་ཏེ། བྱང་སེམས་ཚོགས་ལམ་པ་དེ་ཁྱོད་དང་དེ་མ་བཅོམ་པའི་གཞི་མཐུན་ཡིན་པའི་ཕྱིར། ཁ་ཅིག སྦྱོར་བ་ཕྱི་མ་ལ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གང་ཟག་དེ་ལམ་ཤེས་དངོས་སུ་སྐྱེ་བའི་རྟེན་གྱི་གང་ཟག་ཡིན་པར་ཐལ། ངག་དོན་གྱི་རྟགས་སྔ་མ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་མིན་པར་ཐལ། ཁྱོད་དང་དེ་མིན་པའི་གཞི་མཐུན་ཡོད་པའི་ཕྱིར་ཏེ། ཐེག་ཆེན་ཚོགས་ལམ་པ་དེ་ཁྱོད་དང་དེ་མིན་པའི་གཞི་མཐུན་ཡིན་པའི་ཕྱིར་ཞེས་བཀག་ནས། རང་ལུགས་ལ་ལམ་ཤེས་དངོས་སུ་སྐྱེ་བའི་ཡུལ་སོ་སོར་ངེས་པ་ཡིན་ཏེ། ལམ་ཤེས་དངོས་སུ་སྐྱེ་བའི་རྟེན་གྱི་གང་ཟག་ཡིན་ན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཞིག་དགོས་པའི་ཕྱིར་ཞེས་ཟེར་རོ། །འོ་ན་ཡུལ་སོ་སོར་ངེས་པ་ཡིན་ནོ་ཞེས་པའི་གཞུང་དེ་ལམ་ཤེས་དངོས་སུ་སྐྱེ་བའི་ཡུལ་སོ་སོར་ངེས་པར་སྒྲུབ་པའི་གཞུང་མ་ཡིན་པར་ཐལ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གང་ཟག་དང་བྱང་ཆུབ་མཆོག་ཏུ་སེམས་མ་བསྐྱེད་པའི་གང་ཟག་གཉིས་པོ་དེ་ལམ་ཤེས་དངོས་སུ་སྐྱེ་བའི་རྟེན་གྱི་གང་ཟག་ཡིན་མིན་ཁྱད་པར་མེད་པའི་ཕྱིར། རྟགས་ཁས། ཐེག་ཆེན་ཚོགས་ལམ་པ་ཆོས་ཅན། ཁྱོད་ཐེག་ཆེན་གྱི་སྦྱོར་ལམ་དངོས་སུ་སྐྱེ་བའི་རྟེན་གྱི་གང་ཟག་མིན་པར་ཐལ། ཁྱོད་དང་དེ་དངོས་སུ་མི་སྐྱེ་བའི་གཞི་མཐུན་ཡོད་པའི་ཕྱིར། རྟགས་ཁྱབ་ཁས། གཞན་ཡང་རྣམ་མཁྱེན་དངོས་སུ་སྐྱེད་པའི་སྒོམ་ལམ་ཡིན་ན་སྐད་ཅིག་མའི་སྦྱོར་བ་ཡིན་དགོས་པར་ཐལ། རྣམ་མཁྱེན་དངོས་སུ་སྐྱེད་པའི་རྟེན་གྱི་གང་ཟག་ཡིན་ན། རྒྱུན་མཐའི་བྱང་སེམས་ཡིན་དགོས་པའི་ཕྱིར། རྟགས་ངག་དོན་གྱི་རྟགས་ལ་བསྒྲིག འདོད་ན། རིགས་མཐུན་སྦྱོར་བ་དང་། རིགས་མི་མཐུན་སྒྲིབ་པ་གང་གིས་ཀྱང་བར་མ་ཆོད་པར་རྣམ་མཁྱེན་སྐྱེད་པའི་སྒོམ་ལམ་ཡིན་ན་སྐད་ཅིག་མའི་སྦྱོར་བ་ཡིན་དགོས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཐེག་པ་གསུམ་རྣམ་པར་གཞག་པ་ནི་དགོངས་པ་ཅན། ཞེས་པའི་སྐབས་སུ། གཞུང་གི་བསྟན་ཚུལ་ལ་དཔྱད་པ་དང་། དཀའ་གནས་སོ་སོའི་དོན་ལ་དཔྱད་པ་གཉིས་ལས། དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ལ་སྔ་རབས་པ་ཁ་ཅིག ཕྱི་རོལ་མུ་སྟེགས་བྱེད་དང་ཅིག་ཤོས་འདོད་ཆགས་དང་བྲལ་བའི་བྱང་སེམས་རྣམས་ཆོས་ཅན་དུ་འཛིན་པར་བྱེད་པ་མི་འཐད་དེ། དེའང་ཡུལ་སོ་སོར་ངེས་པ་ཡིན་ནོ་ཞེས་པའི་སྐབས་སུ་བྱང་སེམས་ཀྱི་རྒྱུད་ལ་ལམ་ཤེས་དངོས་སུ་སྐྱེ་བར་བསྟན་ཟིན་པའི་ཕྱིར། དར་ཊཱིཀ་པ་ན་རེ། ཕྱི་རོལ་མུ་སྟེགས་བྱེད་དང་། དེ་ལས་ཅིག་ཤོས་ཉན་རང་དགྲ་བཅོམ་པ་རྣམས་ཆོས་ཅན། རང་བཞིན་གནས་རིགས་ཀྱིས་ཁྱབ་པ་ཡིན་ཏེ། མཐར་ཐུག་སངས་རྒྱས་ཐོབ་ཕྱིར་དུ་གནས་སྐབས་ལམ་ཤེས་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་ཞེས་ཟེར་རོ། །སྦྱོར་བ་དེ་གཞུང་དེའི་དོན་སྦྱོར་མིན་པར་ཐལ། སེམས་ཅན་ཐམས་ཅད་ཀྱི་ལམ་ཤེས་སྒོམ་དགོས་པའི་སྒྲུབ་བྱེད་དུ་རང་བཞིན་གནས་རིག་ཡོད་པས་སངས་རྒྱ་བ་སྒྲུབ་བྱེད་དུ་འགོད་དགོས་པ་ཡིན་གྱི། རང་བཞིན་གནས་རིགས་ཀྱིས་ཁྱབ་པའི་སྒྲུབ་བྱེད་དུ་ལམ་ཤེས་བསྒོམ་པར་བྱ་བ་བཀོད་པ་ལ་དགོས་པ་མེད་པའི་ཕྱིར། གཞན་ཡང་། ཡུལ་ངེས་པ་དང་ཞེས་པའི་གཞུང་དེས་རང་བཞིན་གནས་རིགས་དངོས་སུ་སྐྱེ་བའི་ཡུལ་སོ་སོར་ངེས་པར་བསྟན་པར་ཐལ། ཁྱབ་པ་དང་། ཞེས་པའི་གཞུང་དེས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་བཞིན་གནས་རིགས་ཀྱིས་ཁྱབ་པ་ལ་འཆད་རིགས་པའི་ཕྱིར། རྟགས་ཁས། གཉིས་པ་ནི། ཁྱབ་པ་དང་ཞེས་པའི་གཞུང་གི་དོན་སེམས་ཅན་ཐམས་ཅད་ཀྱིས་ལམ་ཤེས་བསྒོམ་པར་བྱ་བས་ཁྱབ་པའི་དོན་ཡིན་ཏེ། རྟེན་སྣོད་རུང་དུ་སྒྲུབ་པ་སོགས་ལྔ་པོ་དེ་ཐམས་ཅད་ཀྱང་ལམ་ཤེས་ཀྱི་ཡན་ལག་འཆད་པའི་སྐབས་ཡིན་པའི་ཕྱིར། དེའང་ཡུལ་ངེས་པ་དང་ཞེས་པའི་གཞུང་གིས་ལམ་ཤེས་དངོས་སུ་སྐྱེ་བའི་ཡུལ་སོ་སོར་ངེས་པར་བསྟན་པ་ན། བྱང་ཆུབ་མཆོག་ཏུ་སེམས་མ་སྐྱེད་པའི་གང་ཟག་གི་རྒྱུད་ལ་ལམ་ཤེས་གཏན་མི་སྐྱེའམ་སྙམ་ན། དེ་དག་གིས་ཀྱང་ལམ་ཤེས་བསྒོམ་པར་བྱ་བས་ཁྱབ་པ་ཡིན་ཏེ། མཐར་ཐུག་སེམས་ཅན་ཐམས་ཅད་སངས་རྒྱ་བ་གང་ཞིག སངས་རྒྱ་བའི་རྒྱུ་དེ་ལ་ལམ་ཤེས་སྒོམ་དགོས་པའི་ཕྱིར་ཞེས་པ་ནི་སྐྱེ་བོ་ཐམས་ཅད་ཅེས་སོགས་ཀྱི་གཞུང་གི་དོན་ནོ། །མཐར་ཐུག་སེམས་ཅན་ཐམས་ཅད་སངས་རྒྱ་ན་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་བཤད་པའི་མདོ་དང་འགལ་ལོ་ཞེ་ན། དེ་ནི་དྲང་དོན་དགོངས་པ་ཅན་གྱི་མདོ་ཡིན་གྱི། ངེས་དོན་གྱི་མདོ་མ་ཡིན་པས་སྐྱོན་མེད་དོ་ཞེས་པ་ནི་ཐེག་པ་གསུམ་རྣམ་པར་གཞག་པ་ནི་དགོངས་པ་ཅན་ཡིན་གྱི་ཞེས་སོགས་ཀྱི་དོན་ནོ། །གཉིས་པ་ལ། ཐེག་པ་གསུམ་རྣམ་པར་གཞག་པ་ནི་ཞེས་སོགས་ཀྱི་གཞུང་ལ་བརྟེན་ནས་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པ། དེ་ལས་འཕྲོས་ནས་ཉན་རང་དགྲ་བཅོམ་པ་ཐེག་ཆེན་ལམ་དུ་འཇུག་པའི་ཚེ་མ་མཐའ་གང་ནས་འཇུག་དཔྱད་པ། སྐྱེ་བོ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཞེས་སོགས་ཀྱི་གཞུང་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སངས་རྒྱ་མི་རྒྱ་ལ་དཔྱད་པ། དེ་ལས་འཕྲོས་ནས་འཁོར་བ་ལ་མཐའ་ཡོད་མེད་ལ་དཔྱད་པ་དང་བཞི་ལས། དང་པོ་ལ་གཉིས། མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་འདོད་པའི་སེམས་ཙམ་པ་སོགས་ཀྱི་འདོད་པ་བརྗོད་པ་དང་། དེ་བཀག་ནས་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པའོ། །དང་པོ་ལ་གཉིས་ཏེ། མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པའི་མདོ་དྲང་དོན་དུ་བསྟན་པ། རྒྱུ་མཚན་དེས་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་བསྟན་པའོ། །དང་པོ་ལ་དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་དང་གསུམ་ལས། དང་པོ་ནི། སེམས་ཙམ་པ་སོགས་ན་རེ། དམ་ཆོས་པད་དཀར་གྱི་མདོ་ལས། ཐེག་པ་གཅིག་སྟེ་གཉིས་པ་ཡོད་མ་ཡིན། །ཞེས་གསུངས་པའི་དགོངས་གཞི་ནི། ཐེག་པ་གསུམ་གྱི་རྟོགས་བྱའི་ཆོས་དབྱིངས་ལ་ཐ་དད་མེད་པ་དང་། བགྲོད་པ་པོ་ཉན་ཐོས་ལ་སོགས་པ་གསུམ་གྱིས་བདག་མེད་རྟོགས་པར་མཚུངས་པ་དང་། འབྲས་བུ་ཉོན་མོངས་ལས་རྣམ་པར་གྲོལ་བར་མཚུངས་པ་དང་། ཉན་ཐོས་རིགས་མ་ངེས་པ་འགའ་ཞིག་ཕྱིས་ཐེག་ཆེན་ལམ་དུ་ཞུགས་ནས་འབྲས་བུ་ཐོབ་པ་ཡོད་པས་རིགས་ཐ་དད་པས་འབྲས་བུ་ཐ་དད་པ་གཉིས་ཐོབ་པ་དང་། སངས་རྒྱས་རྣམས་ཀྱིས་བདག་གིས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པས་སངས་རྒྱས་སོ་སྙམ་དུ་དགོངས་པ་ལྟར་ཉན་ཐོས་རིགས་མ་ངེས་པ་འགའ་ཞིག་སྔར་ཐེག་ཆེན་གྱི་ལམ་ལ་བསླབས་ནས་ཕྱིས་རང་གི་བྱང་ཆུབ་ཐོབ་པ་ན། བདག་གིས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པས་སངས་རྒྱ་བར་འགྱུར་རོ་སྙམ་པའི་བསམ་པ་ཅུང་ཟད་ཅིག་ཐོབ་པ་དང་། ཉན་ཐོས་ཀྱི་དོན་དུ་སངས་རྒྱས་ཉིད་ཉན་ཐོས་སུ་སྤྲུལ་པ་དང་། བགྲོད་བྱ་མཐར་ཐུག་གི་ཐེག་པ་ལ་དགོངས་ནས་ཐེག་པ་གཅིག་ཏུ་གསུངས་ཞེས་ཏེ། རྒྱན་ལས། ཆོས་དང་བདག་མེད་གྲོལ་བ་རྣམས། །མཚུངས་ཕྱིར་རིགས་ནི་ཐ་དད་ཕྱིར། །བསམ་གཉིས་ཐོབ་ཕྱིར་སྤྲུལ་པའི་ཕྱིར། །མཐར་ཐུག་ཕྱིར་ན་ཐེག་གཅིག་ཉིད། །ཅེས་སོ། །གཉིས་པ་ནི། ཐེག་དམན་རིགས་མ་ངེས་པ་རྣམས་ཐེག་ཆེན་དུ་ཁ་དྲང་བ་དང་། བྱང་སེམས་རིགས་མ་ངེས་པ་རྣམས་ཐེག་ཆེན་གྱི་ལམ་དུ་ཡང་དག་པར་གཟུད་པའི་ཕྱིར་དུ་ཐེག་པ་གཅིག་གསུངས་ཏེ། རྒྱན་ལས། ཁ་ཅིག་དག་ནི་དྲང་ཕྱིར་དང་། །གཞན་ཡང་ཀུན་ཏུ་གཟུད་པའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཞེས་གསུངས་སོ། །གསུམ་པ་ནི། ཐེག་དམན་གྱི་ལྷག་མེད་མྱང་འདས་ཐོབ་ནས་ཐེག་ཆེན་གྱི་ལམ་དུ་མི་འཇུག་སྟེ། དེར་འདུས་བྱས་ཀྱི་འཇུག་པ་རྒྱུན་ཆད་པའི་ཕྱིར་དང་། འཁོར་བར་སྐྱེ་བའི་རྒྱུ་ཉོན་མོངས་པ་ཟད་པའི་ཕྱིར། དགོངས་འགྲེལ་ལས། ཉན་ཐོས་ཀྱི་རིགས་གང་ཟག་ཞི་བ་བགྲོད་པ་གཅིག་པུ་པ་ནི་སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་གཞག་སྟེ་བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་སྙིང་རྗེ་ཤིན་ཏུ་ཆུང་བ་དང་སྡུག་བསྔལ་གྱིས་ཤིན་ཏུ་འཇིགས་པའི་ཕྱིར་དང་། རང་བཞིན་གྱིས་རིགས་དམན་པ་ཁོ་ན་ཡིན་པའི་ཕྱིར། ཞེས་གསུངས་སོ། །གཉིས་པ་ནི། མཐར་ཐུག་ཐེག་པ་གསུམ་དུ་གྲུབ་སྟེ། ཁམས་སྣ་ཚོགས་པའི་མདོ་ལས། སེམས་ཅན་རྣམས་ཁམས་སྣ་ཚོགས་པ་ཅན་དུ་བསྟན་པའི་ཕྱིར་དང་། ཁམས་ཐ་དད་པས་དང་པོར་མོས་པ་ཐ་དད། དེས་བར་དུ་སྒྲུབ་པ་ཐ་དད། དེས་ཐ་མར་འབྲས་བུ་ཐ་དད་དམིགས་པའི་ཕྱིར་ཏེ། རྒྱན་ལས། ཁམས་རྣམས་དང་ནི་མོས་པ་དང་། །སྒྲུབ་པ་ཐ་དད་དབྱེ་བ་དང་། །འབྲས་བུ་ཐ་དད་དམིགས་པའི་ཕྱིར། །རིགས་ཡོད་ཉིད་ཅེས་བསྟན་པ་ཡིན། །ཞེས་གསུངས་སོ། །གཉིས་པ་དེ་བཀག་ནས་མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་པ་ལ། ལུང་གིས་སྒྲུབ་པ་དང་། རིགས་པས་སྒྲུབ་པ་གཉིས་ལས། དང་པོ་ནི། ལང་གཤེགས་ལས། བློ་གྲོས་ཆེན་པོ་ཉན་ཐོས་ཀྱི་ཐེག་པ་རྣམས་ནི་ཉན་ཐོས་ཀྱི་ཐེག་པས་རྣམ་པར་གྲོལ་བ་མིན་གྱི། འོན་ཀྱང་དེ་དག་ནི་ཐེག་པ་ཆེན་པོའི་མཐར་ཐུག་པ་ཡིན་ནོ་ཞེས་པ་དང་། སྙིང་རྗེ་པད་དཀར་ལས། དྲང་སྲོང་ཆེན་པོས་ཐེག་པ་གསུམ་བསྟན་པ། །རྣམ་འདྲེན་རྣམས་ཀྱིས་ཐབས་ལ་མཁས་པ་སྟེ། །ཐེག་པ་གཅིག་སྟེ་གཉིས་པ་ཡོད་མ་ཡིན། །དཀྲི་བའི་དོན་དུ་ཐེག་པ་གསུམ་བསྟན་ཏོ། །ཞེས་གསུངས་སོ། །གཉིས་པ་ལ་གསུམ་སྟེ། གཅིག་ཏུ་ངེས་པའི་སྒྲུབ་བྱེད་འགོད། གསུམ་དུ་ངེས་པའི་སྒྲུབ་བྱེད་དགག གསུམ་དུ་གསུངས་པའི་ལུང་དང་འགལ་བ་སྤང་བའོ། །དང་པོ་ནི། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་སྟེ། ཉན་རང་ལ་མཐར་ཐུག་གི་སྤངས་པ་མེད་པའི་ཕྱིར་ཏེ། མཐར་ཐུག་གི་སྤངས་རྟོགས་མ་ཐོབ་པར་མཐར་ཐུག་གི་མྱང་འདས་མི་ཐོབ་པའི་ཕྱིར་ཏེ། རྒྱུད་བླ་ལས། དེས་ན་སངས་རྒྱས་མ་ཐོབ་བར། །མྱ་ངན་འདས་པ་མི་འཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །ཞེས་གསུངས་སོ། །ཡང་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་སྟེ། ཆོས་དབྱིངས་རྟོགས་པ་མཐར་མ་ཐུག་བར་མཐར་ཐུག་གི་མྱང་འདས་མི་འཐོབ་ལ། རྟོགས་བྱའི་ཆོས་དབྱིངས་ལ་རིགས་མི་འདྲ་བའི་དབྱེ་བ་མེད་པའི་ཕྱིར་ཏེ། ཀླུ་སྒྲུབ་ཀྱིས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོའི་ཐེག་པ་དབྱེར་མ་མཆིས། །ཁྱོད་ཀྱིས་ཐེག་པ་གསུམ་བསྟན་པ། །སེམས་ཅན་གཞུག་པའི་ཆེད་དུ་ལགས། །ཞེས་གསུངས་སོ། །ཁ་ཅིག ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་པའི་གཞུང་འདིས། ཉན་རང་གིས་ཆོས་དབྱིངས་རྟོགས་པར་བསྟན་ཞེས་ཟེར་བ་ནི་མི་འཐད་དེ། འོ་ན་གཞུང་དེས་ཐེག་པ་གསུམ་གྱིས་ཆོས་དབྱིངས་རྟོགས་མ་རྟོགས་ཁྱད་པར་མེད་པར་བསྟན་པར་ཐལ། ཁས་བླངས་དེའི་ཕྱིར། འདོད་ན། གཙོ་བོའི་ཐེག་པ་དབྱེར་མ་མཆིས། །ཞེས་པའི་གཞུང་འདིས་ཐེག་པ་གསུམ་པོ་དེ་མཐར་ཐུག་གི་ཐེག་པ་ཡིན་མ་ཡིན་གྱི་ཁྱད་པར་མེད་པར་བསྟན་པར་ཐལ། འདོད་པ་དེའི་ཕྱིར། དེས་ན་གཞུང་འདིས་ཉན་རང་གི་ཆོས་དབྱིངས་མ་རྟོགས་པར་བསྟན་ཏེ། ཆོས་དབྱིངས་རྟོགས་པ་ནི་གཙོ་བོའི་ཐེག་པ་ཁོ་ནར་བསྟན་པའི་ཕྱིར། གཉིས་པ་ནི། དམན་པའི་ལྷག་མེད་མྱང་འདས་ཀྱི་གནས་སྐབས་སུ་འདུས་བྱས་ཀྱི་འཇུག་པ་རྒྱུན་ཆད་པའང་མི་འཐད་དེ། དེ་ལ་གནས་པའི་གང་ཟག་ལ་སངས་རྒྱས་ཀྱི་ཕྲིན་ལས་འཇུག་ཏུ་རུང་བའི་ཕྱིར་ཏེ། དམ་ཆོས་པད་དཀར་ལས། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། །བསྐལ་པའི་བར་དུ་མི་སད་དོ། །དཔེར་ན་སྐྱེ་བུ་མྱོས་པ་ནི། །མྱོས་འགྱུར་མེད་ན་སངས་པ་ལྟར། །དེ་བཞིན་དེ་དག་ང་ཡི་སྐུ། །སངས་རྒྱས་ཆོས་ཞེས་བྱ་བ་འཐོབ། །ཡང་དང་པོར་མོས་པ་ཐ་དད་སོགས་ཡོད་པས་མཐར་ཐུག་ཐེག་པ་གསུམ་ཡོད་པ་མ་གྲུབ་སྟེ། གཞན་དུ་ན། མོས་པའི་རིགས་མི་འདྲ་བ་དཔག་ཏུ་མེད་པ་ཡོད་པས། མཐར་ཐུག་གི་ཐེག་པའང་རིགས་མི་འདྲ་བ་དཔག་ཏུ་མེད་པ་ཡོད་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གསུམ་པ་ནི། འོ་ན། བློ་གྲོས་མི་ཟད་པའི་མདོ་ལས། གསུམ་པོ་འདི་དག་ནི་ངེས་པར་འབྱིན་པའི་ཐེག་པ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོའོ་ཞེས་པའི་དོན་ཇི་ལྟར་འཆད་ཅེ་ན། དེ་ནི་དྲང་དོན་དགོངས་པ་ཅན་ཏེ། དགོངས་གཞི་ནི་གནས་སྐབས་ཐེག་དམན་དུ་རིགས་ངེས་པ་ལ་དགོངས། དགོས་པ་ནི། དང་པོ་ཉིད་ནས་ཐེག་ཆེན་གྱི་ལམ་དུ་འཇུག་པར་མི་ནུས་པའི་སེམས་ཅན་འགའ་ཞིག་འཁོར་བའི་སྡུག་བསྔལ་ལས་ངལ་བསོ་བའི་ཆེད་དུ་གནས་སྐབས་ཀྱི་ཐེག་པ་བསྟན་པ་ཡིན་ཏེ། འཇུག་པ་ལས། དེ་ཕྱིར་མཁས་པ་རིན་པོ་ཆེ་ཡི་གླིང་དུ་ཆས་པའི་སྐྱེས་ཚོགས་ཀྱིས། །ངལ་བ་ཉེར་སེལ་གྲོང་ཁྱེར་ཡིད་འོང་བར་དུ་རྣམ་པར་བཀོད་པ་ལྟར། །ཁྱོད་ཀྱིས་ཐེག་པ་འདི་ནི་སློབ་མ་ཉེ་བར་ཞི་བའི་ཚུལ་ལ་ཡིད། །སྦྱར་ཞིང་རྣམ་པར་དབེན་ལ་བློ་སྦྱངས་རྣམས་ལ་ལོགས་སུ་བཤད། །ཅེས་གསུངས་སོ། །དངོས་ལ་གནོད་བྱེད་ནི། དམ་ཆོས་པད་དཀར་ལས། ཐེག་པ་གཅིག་སྟེ་གཉིས་པ་ཡོད་མ་ཡིན། །གསུམ་པ་ནམ་ཡང་ཡོད་མིན་འཇིག་རྟེན་ན། །སྐྱེས་བུ་མཆོག་རྣམས་ཐབས་ཀྱི་ཐེག་པ་གང་། །སྣ་ཚོགས་ཉེ་བར་སྟོན་པར་མཛད་མ་གཏོགས། །ཞེས་གསུངས་སོ། །གཉིས་པ་དེ་ལས་འཕྲོས་ནས། ཉན་རང་དགྲ་བཅོམ་ཐེག་ཆེན་ལམ་དུ་འཇུག་པའི་ཚེ་མ་མཐའ་གང་ནས་འཇུག་དཔྱད་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ནི། རེད་མདའ་བ་ན་རེ། ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོགས་པ་ལྟར་ན་དང་པོ་ཚོགས་ལམ་ནས་འཇུག་སྟེ། ཆོས་ཀྱི་བདག་མེད་རྟོགས་པའི་ཐེག་ཆེན་གྱི་ལམ་རྒྱུད་ལ་སྐྱེད་དགོས་པའི་ཕྱིར། ཉན་རང་གི་ཆོས་ཀྱི་བདག་མེད་རྟོགས་པའི་ཐལ་འགྱུར་བ་ལྟར་ན། དང་པོར་ས་བདུན་པ་ནས་འཇུག་རིགས་ཏེ། དེའི་ལྟར་ན། ས་དྲུག་པ་མན་ཆད་དུ་ཉན་རང་དགྲ་བཅོམ་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་མི་ནུས་པའི་ཕྱིར་ཞེས་སྨྲའོ། །འོ་ན་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པ་ལྟར་ནའང་ཐེག་ཆེན་གྱི་ཚོགས་ལམ་ནས་འཇུག་རིགས་པར་ཐལ། དེའི་ལྟར་ནའང་ཉན་རང་གིས་ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་ཐེག་ཆེན་གྱི་ལྟ་བ་རྒྱུད་ལ་བསྐྱེད་དགོས་པའི་ཕྱིར། གཞན་ཡང་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པ་ལྟར་ན། དགྲ་བཅོམ་གྱི་རྟོགས་པ་སྔོན་སོང་གིས་སངས་རྒྱས་སྒྲུབ་པ་ལ་བསྐལ་པ་གྲངས་མེད་གསུམ་མི་དགོས་པར་ཐལ། དེ་ཐེག་ཆེན་ལམ་དུ་འཇུག་པའི་ཚེ་ཚོགས་སྦྱོར་གཉིས་དང་མ་དག་ས་བདུན་དུ་བསྐལ་པ་གྲངས་མེད་གཉིས་མི་དགོས་པའི་ཕྱིར། གཞན་ཡང་དེ་ཐེག་ཆེན་ལམ་དུ་ཞུགས་མ་ཐག་པའི་རྟོགས་པ་དེ་ཆོས་ཅན། ཁྱོད་ས་བདུན་པ་མིན་པར་ཐལ། ཁྱོད་ཀྱི་སྔ་རོལ་དུ་ས་དྲུག་པ་མ་སོང་བའི་ཕྱིར། རྟགས་བསལ་ཁས། མ་ཁྱབ་ན། ནམ་མཁའ་ལྟ་བུའི་གྲུབ་མཐའ་འདི་ལ་ཅི་ཞིག་བྱར་ཡོད། ཡང་ཁ་ཅིག དང་པོར་ས་དང་པོ་ནས་འཇུག་པ་ཡིན་ནོ་ཞེ་ན། ཐེག་ཆེན་ལམ་དུ་འཇུག་ཁ་མའི་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། ལམ་ཤེས་དངོས་སུ་སྐྱེ་བའི་རྟེན་གྱི་གང་ཟག་ཏུ་ཐལ། ཐེག་ཆེན་གྱི་མཐོང་ལམ་དངོས་སུ་སྐྱེ་བའི་རྟེན་གྱི་གང་ཟག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གང་ཟག་ཏུ་ཐལ། གཞན་ཡང་རྫོགས་པའི་སངས་རྒྱས་སྒྲུབ་པ་ལ་དང་པོ་ནས་ཐེག་ཆེན་ལམ་དུ་ཞུགས་པའི་གང་ཟག་ལས་ཉན་ཐོས་དགྲ་བཅོམ་པ་མྱུར་བ་ཡིན་པར་ཐལ། དང་པོ་དེ་ཐེག་ཆེན་གྱི་ལམ་ལྔ་ཆར་བགྲོད་དགོས། ཕྱི་མ་དེས་ཐེག་ཆེན་གྱི་ཚོགས་སྦྱོར་གཉིས་བགྲོད་མི་དགོས་པའི་ཕྱིར། འདོད་ན། རྒྱན་ལས། དེ་གཉིས་ཡང་དང་ཡང་དུ་ནི། །རང་སེམས་ཀུན་ཏུ་འབྱུང་ལྡན་པས། །མྱ་ངན་འདས་ལ་མངོན་དགའི་ཕྱིར། །རྟོགས་པ་བུལ་པ་ཡིན་པར་འདོད། །ཅེས་གསུངས་པ་དང་འགལ་ལོ། །ཡང་ཁ་ཅིག དང་པོར་ས་བརྒྱད་པ་ནས་འཇུག་སྟེ། ས་བདུན་པ་མན་ཆད་དེ་ལྟ་བུ་དེ་ཉོན་སྒྲིབ་མ་སྤངས་པ་སྤོང་བའི་ཆེད་དུའང་མི་འཇུག ཆོས་ཀྱི་བདག་མེད་མ་རྟོགས་པ་རྟོགས་པའི་ཆེད་དུའང་མི་འཇུག ཤེས་སྒྲིབ་མ་སྤངས་པ་སྤོང་བའི་ཆེད་དུའང་མི་འཇུག་པའི་ཕྱིར་ཏེ། ཉོན་སྒྲིབ་སྤངས་ཟིན་པའི་ཕྱིར་དང་། ཆོས་ཀྱི་བདག་མེད་རྟོགས་ཟིན་པའི་ཕྱིར་དང་། ས་བདུན་པ་མན་ཆད་དུ་ཤེས་སྒྲིབ་སྤོང་བ་མི་སྲིད་པའི་ཕྱིར། ཞེས་ཟེར་རོ། །འདི་ལ་ནི་གོང་མ་གཉིས་ལ་བརྗོད་པའི་ཉེས་པ་ཐམས་ཅད་འཇུག་ཅིང་། ས་བདུན་པ་མན་ཆད་དུ་ཤེས་སྒྲིབ་སྤོང་མི་སྲིད་པ་ནི་སྐབས་གསུམ་པར་གདན་དྲངས་ནས་ཞུ་བ་མང་དུ་འབུལ་བ་ཡོད་དོ། །གཞན་ཡང་ཐེག་ཆེན་གྱི་རིགས་ཅན་ལམ་མ་ཞུགས་པའི་གང་ཟག་དེ་ཤེས་སྒྲིབ་མ་སྤངས་པ་སྤང་བའི་ཆེད་དུ་ས་བདུན་པ་མན་ཆད་དུ་འཇུག་པ་མེད་པར་ཐལ། ས་བདུན་པ་མན་ཆད་དུ་ཤེས་སྒྲིབ་སྤོང་བ་མི་སྲིད་པའི་ཕྱིར། འདོད་ན། དེ་འདྲའི་གང་ཟག་དེ་དང་པོ་ཉིད་ནས་ས་བརྒྱད་པ་ནས་འཇུག་རིགས་པར་ཐལ། འདོད་པ་དེའི་ཕྱིར། དེ་ལ་ཁོ་ན་རེ། མ་ཁྱབ་སྟེ། དེས་ཉོན་སྒྲིབ་མ་སྤངས་པ་སྤོང་བའི་ཆེད་དང་། ཆོས་ཀྱི་བདག་མེད་མ་རྟོགས་པ་རྟོགས་པའི་ཆེད་དུ་ཐེག་ཆེན་གྱི་ཚོགས་ལམ་ནས་འཇུག་དགོས་པའི་ཕྱིར་ཞེ་ན། ཁྱོད་ཀྱི་སྒྲུབ་བྱེད་དེ་ལའང་ཁྱབ་པ་མེད་པར་ཐལ། དེས་བསོད་ནམས་ཀྱི་ཚོགས་མ་རྫོགས་པ་རྫོགས་པའི་ཆེད་དང་། དོན་དམ་སེམས་བསྐྱེད་མ་བསྐྱེད་པ་བསྐྱེད་པའི་ཆེད་དུ་ཐེག་ཆེན་གྱི་ཚོགས་ལམ་ནས་འཇུག་དགོས་པའི་ཕྱིར། གཉིས་པ་ནི། མ་མཐའ་ཐེག་ཆེན་གྱི་ཚོགས་ལམ་ནས་འཇུག་སྟེ། ཐེག་ཆེན་ལམ་དུ་དང་པོར་འཇུག་པའི་སྒོ་ནས་འདུན་ལྡན་སེམས་བསྐྱེད་ཡིན་ལ། དེ་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུས་བསྡུས་པའི་ཕྱིར་དང་། ཐེག་ཆེན་རང་གི་རྟོགས་རིགས་ཐུན་མོང་མིན་པ་ཞིག་མེད་ན་ལམ་གསུམ་གྱི་རྟོགས་བྱའི་ལམ་ལ་ཁྱད་པར་མེད་པར་འགྱུར་ཅིང་། ཡོད་ན་དེ་ཚོགས་ལམ་དུ་ཐོས་བསམ་གྱིས་གཏན་ལ་ཕབ། སྦྱོར་ལམ་དུ་སྒོམ་པའི་སྟོབས་ཀྱིས་མཐོང་ལམ་དུ་མངོན་སུམ་རྟོགས་དགོས་པའི་ཕྱིར། གསུམ་པ་ལ་ཁ་ཅིག འཕགས་པ་སོ་སྐྱེར་འགྱུར་བ་ཡོད་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། འཕགས་པའི་ཟག་མེད་ཀྱི་སྤངས་རྟོགས་ཉམས་སྲིད་པར་ཐལ་ལོ། །གཞན་ཡང་ཐེག་ཆེན་གྱི་ཚོགས་སྦྱོར་ཡིན་ན་མོས་སྤྱོད་ཀྱི་ས་ཡིན་མི་དགོས་པར་ཐལ། ཉན་རང་དགྲ་བཅོམ་ཐེག་ཆེན་གྱི་ཚོགས་ལམ་དུ་འཇུག་པ་ཡོད་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་མཐོང་ལམ་སྒོམ་ལམ་གང་རུང་ཡིན་ན་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་ས་ཡིན་མི་དགོས་པར་ཐལ་ལོ། །གཞན་ཡང་འཕགས་པ་མཐོང་ལམ་མ་ཐོབ་པའི་གང་ཟག་ཏུ་འགྱུར་བ་ཡོད་པར་ཐལ། དེ་སོ་སྐྱེར་འགྱུར་བ་ཡོད་པའི་ཕྱིར། ཁྱབ་སྟེ། སོ་སོ་སྐྱེ་བོ་ཡིན་ན་འཕགས་ཆོས་མ་ཐོབ་པས་ཁྱབ་པའི་ཕྱིར། དེས་ན་འཕགས་ལམ་ནས་འཇུག་པའི་ཚུལ་གསུམ་པོ་གང་རུང་ཞིག་ཐད་པ་ཡིན་ནོ་ཞེས་ཟེར་རོ། །དང་པོ་ལ། མི་སློབ་པ་སློབ་པའི་གང་ཟག་ཏུ་འགྱུར་སྲིད་པར་ཐལ། ཉན་རང་དགྲ་བཅོམ་ཐེག་ཆེན་གྱི་སློབ་ལམ་དུ་འཇུག་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རེ་ཞིག་ཁས་བླང་སྟེ། མི་སློབ་པའི་ཟག་མེད་ཀྱི་སྤང་རྟོགས་ཉམས་སྲིད་པར་ཐལ་ལོ། །གཉིས་པ་ལ། ཐེག་ཆེན་གྱི་མཐོང་ལམ་སྒོམ་ལམ་གང་རུང་ཡིན་ན། སློབ་ལམ་ཡིན་མི་དགོས་པར་ཐལ། ཉན་རང་དགྲ་བཅོམ་ཐེག་ཆེན་གྱི་མཐོང་ལམ་སྒོམ་ལམ་གང་རུང་དུ་འཇུག་པ་ཡོད་པའི་ཕྱིར། རྟགས་ཁྱབ་ཁས། གསུམ་པ་ལ་སློབ་པ་ཡིན་ན། མི་སློབ་པའི་ཆོས་མ་ཐོབ་པས་ཁྱབ་པ་ཡོད་པར་ཐལ། སོ་སྐྱེ་ཡིན་ན་འཕགས་ཆོས་མ་ཐོབ་པས་ཁྱབ་པའི་ཕྱིར། འོ་ན་དེ་ལྟ་བུའི་ཐེག་ཆེན་ཚོགས་ལམ་པ་དེ་སོ་སྐྱེ་ཡིན་ནམ་འཕགས་པ་ཡིན་ཞེ་ན། ཁ་ཅིག འཕགས་པ་ཡིན་ཏེ། གལ་ཏེ་སོ་སྐྱེ་ཡིན་ན། དེ་ཆོས་ཅན། འཕགས་ལམ་རྒྱུད་ལ་མ་ཐོབ་པའི་གང་ཟག་ཏུ་ཐལ། སོ་སྐྱེ་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་ལས། ལམ་མ་ཐོབ་པ་སོ་སོ་ཡི། །སྐྱེ་བོར་འདོད་དོ་ཞེས་དང་། ཀུན་ལས་བཏུས་ལས། སོ་སོ་སྐྱེ་བོ་ཉིད་གང་ཞེ་ན། འཕགས་པའི་ཆོས་རྣམས་ཀྱི་མ་རྙེད་པའོ་ཞེས་གསུངས་པའི་ཕྱིར། འོན་ཀྱང་ཐེག་ཆེན་འཕགས་པ་དང་། ཐེག་དམན་འཕགས་པ་གང་ཡང་མིན་པའི་འཕགས་པ་ཕུང་པོ་གསུམ་པོ་ཡིན་ནོ་ཞེས་ཟེར་རོ། །འོ་ན་ལུས་ཚོར་བཏང་སྙོམས་ཆོས་ཅན། སྡུག་བསྔལ་གྱི་དབང་པོ་ཡིན་པར་ཐལ། ལུས་ཚོར་གང་ཞིག སིམ་པར་ཉམས་སུ་མྱོང་བ་མ་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་ལས། ལུས་ཚོར་སིམ་པ་མ་ཡིན་གང་། །སྡུག་བསྔལ་དབང་པོའོ་ཞེས་གསུངས་པའི་ཕྱིར། ཡང་དེ་ཆོས་ཅན། ཐེག་པ་རང་ལུགས་ཀྱི་རྟོགས་རིགས་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་གང་ཟག་མ་ཡིན་པར་ཐལ། འཕགས་པ་ཡིན་པའི་ཕྱིར། དེས་ན་དེ་སོ་སོ་སྐྱེ་བོ་ཡིན་ཏེ། དེ་ཐེག་ཆེན་སོ་སྐྱེ་ཡིན་པ་གང་ཞིག དེ་ཐེག་ཆེན་སོ་སྐྱེ་ཡིན་ན་སོ་སྐྱེ་ཡིན་པས་ཁྱབ་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེར་ཐལ། ཐེག་ཆེན་སྦྱོར་ལམ་པ་ཡིན་ན་སྦྱོར་ལམ་པ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ལ་གནས་པའི་བྱང་སེམས་ཆོས་ཅན། མཐོང་ལམ་སྐད་ཅིག་དང་པོ་ལ་གནས་པའི་གང་ཟག་མིན་པར་ཐལ། རང་རྒྱུ་སྦྱོར་ལམ་ལས་དངོས་སུ་མ་སྐྱེས་པའི་ཕྱིར། རྟགས་ཁས། འོ་ན་དེའི་རྟོགས་པ་སྔོན་སོང་གི་བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་མངོན་སུམ་དེ་ཐེག་ཆེན་གྱི་ཚོགས་ལམ་ཡིན་ནམ་ཞེ་ན། ཡིན་ཏེ། ཐེག་ཆེན་ཚོགས་ལམ་པའི་རྒྱུད་ཀྱི་རྣམ་རྫོགས་སྦྱོར་བ་ཡིན་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་གཞི་ཤེས་ཀྱི་རྣམ་པ་སྒོམ་པའི་བློ་ཡིན་པའི་ཕྱིར། འོན་ཀྱང་དེ་དང་ཆོས་ཀྱི་བདག་མེད་རྟོགས་པའི་ཐར་པ་ཆ་མཐུན་གྱི་གཞི་མཐུན་ནི་མེད་དེ། དེ་ནི་ཆོས་ཀྱི་བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བློ་ཡིན་པའི་ཕྱིར། ཊཱི་ཀའི་དགོངས་པའང་འདི་ཁོ་ནའོ། །གལ་ཏེ་དེ་ཆོས་ཅན། གཞི་ཤེས་སུ་ཐལ། རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར་ཞེ་ན། ལམ་འོག་མའི་སྐབས་སུ་མ་ཁྱབ་སྟེ། གང་ཟག་དེ་སོ་སྐྱེར་འདོད་པ་ལྟར་ན། ཉོན་སྒྲིབ་སྤངས་པའི་གང་ཟག་ཡིན་ན་འཕགས་པ་ཡིན་པས་མ་ཁྱབ་པ་དང་། དེ་འཕགས་པར་འདོད་པ་ལྟར་ནའང་། ཉོན་སྒྲིབ་སྤངས་པའི་གང་ཟག་ཡིན་ན་འཕགས་པ་བཞི་པོ་གང་རུང་ཞིག་ཡིན་པས་མ་ཁྱབ་པ་བཞིན་ནོ། །གསུམ་པ་སྐྱེ་བོ་ཐམས་ཅད་ཅེས་པའི་གཞུང་ལ་བརྟེན་ནས་སེམས་ཅན་ཐམས་ཅད་སངས་རྒྱ་མི་རྒྱ་ལ་དཔྱད་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ནི། རེད་མདའ་བ་ན་རེ། སེམས་ཅན་ཐམས་ཅད་སངས་མི་རྒྱ་སྟེ། རྒྱ་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་དུས་སྲིད་པར་ཐལ། དེ་ཐམས་ཅད་སངས་རྒྱ་བའི་ཕྱིར། འདོད་ན། སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་ཆད་པའི་དུས་སྲིད་པར་ཐལ་བ་དང་། སངས་རྒྱས་ཀྱི་ཐུགས་རྗེའི་དམིགས་ཡུལ་མེད་པའི་དུས་སྲིད་པར་ཐལ་བ་དང་། འཁོར་བྱང་སེམས་འཕགས་པ་དང་མི་ལྡན་པའི་ལོངས་སྐུ་སྲིད་པར་ཐལ། འདོད་པ་དེའི་ཕྱིར། ཞེས་བཀག་ནས་རང་ལུགས་ལ་དེ་སངས་རྒྱ་བར་མ་ངེས་ཏེ། དེའི་རྒྱུད་ལ་སངས་རྒྱས་ཀྱི་ཡེ་ཤེས་འབྱུང་བར་མ་ངེས་པའི་ཕྱིར་ཏེ། དེའི་རྒྱུ་ཚོགས་གྲངས་མ་ཚང་བའི་ཕྱིར་ཏེ། ལོགས་སྲེད་ཅན་གྱི་གང་ཟག་ཡོད་པའི་ཕྱིར་ཞེས་ཟེར་རོ། །འོ་ན་སེམས་ཅན་དེ་ལ་སངས་རྒྱ་མི་རྒྱ་གཉིས་སུ་ངེས་པར་ཐལ། སངས་རྒྱ་བའི་སེམས་ཅན་ཡོད་པ་གང་ཞིག སེམས་ཅན་ཡིན་ན་སངས་རྒྱ་བས་མ་ཁྱབ་པའི་ཕྱིར། འདོད་ན་སངས་རྒྱ་བའི་སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་དུས་སྲིད་པར་ཐལ། དེ་སངས་རྒྱ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་ཆད་པའི་དུས་སྲིད་པར་ཐལ། འདོད་པ་གང་ཞིག སངས་མི་རྒྱ་བའི་སེམས་ཅན་ལ་སངས་རྒྱས་ཀྱི་ཕྲིན་ལས་མི་འཇུག་པའི་ཕྱིར། ཁྱབ་པ་ཁས། བྱང་སེམས་འཕགས་པ་ཐམས་ཅད་སངས་རྒྱས་ཟིན་པའི་དུས་སྲིད་པར་ཐལ། དེ་ཐམས་ཅད་སངས་རྒྱ་བའི་ཕྱིར། འདོད་ན། འཁོར་བྱང་སེམས་འཕགས་པ་དང་མི་ལྡན་པའི་ལོངས་སྐུ་སྲིད་པར་ཐལ་ལོ། །གཞན་ཡང་རྒྱུ་ཚོགས་གྲངས་ཚང་བའི་དོན་དེ་ཐེག་ཆེན་སེམས་བསྐྱེད་རྒྱུད་ལ་ཡོད་པ་ལ་བྱེད་དམ། ཉེར་ལེན་གྱི་རྒྱུའི་གཙོ་བོ་སེམས་རིག་ཅིང་གསལ་ཙམ་དང་། ལྷན་ཅིག་བྱེད་རྐྱེན་གྱི་གཙོ་བོ་སངས་རྒྱས་ཀྱི་ཕྲིན་ལས་འཇུག་ཏུ་རུང་བ་ལ་བྱེད། དང་པོ་ལྟར་ན། ཉན་རང་དགྲ་བཅོམ་པ་དེ་སངས་མི་རྒྱ་བར་ཐལ། དེའི་རྒྱུད་ལ་ཐེག་ཆེན་སེམས་བསྐྱེད་མེད་པའི་ཕྱིར། འདོད་ན་མཐར་ཐུག་ཐེག་པ་གསུམ་གྲུབ་པར་ཐལ་བ་དང་། ཅིག་ཤོས་ཀྱི་རྣལ་འབྱོར་པས་ཀྱང་སངས་རྒྱས་ཉིད་ཐོབ་པར་བྱ་བའི་ཕྱིར་ཞེས་སོགས་ཀྱི་གཞུང་དོན་མ་གྲུབ་པར་ཐལ་ལོ། །ཕྱི་མ་ལྟར་ན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྒྱུ་ཚོགས་གྲངས་ཚང་བར་ཐལ། དེའི་རྒྱུད་ལ་གཉིས་པོ་དེ་ཡོད་པའི་ཕྱིར། དེས་ན་རྒྱུ་ཚོགས་གྲངས་ཚང་གི་དོན་ནི་རྒྱུ་ཚོགས་ཀྱི་སྐད་ཅིག་སྔ་ཕྱི་ཚང་བ་ལ་བྱེད་པ་ནི་མ་ཡིན་ཏེ། དེ་ལྟར་ན་རྒྱུ་ཚོགས་གྲངས་ཚང་མི་སྲིད་པའི་ཕྱིར་རོ། །གཉིས་པ་ནི། སེམས་ཅན་ཐམས་ཅད་སངས་རྒྱ་བ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྒྱུ་སངས་རྒྱས་ཀྱི་རིགས་ཡོད། མཐུན་རྐྱེན་སངས་རྒྱས་ཀྱི་ཕྲིན་ལས་འཇུག་ཏུ་རུང་། འགལ་རྐྱེན་སྒྲིབ་པ་སྤང་དུ་རུང་བའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྒྱུད་བླ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། རྫོགས་པའི་སངས་རྒྱས་དེ་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་མཛད་པ་ལ་དགོས་པ་ཡོད་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། གལ་ཏེ་དེ་སྤང་རུང་མ་ཡིན་ན། རྟག་པ་ཡིན་པས་སྤང་དུ་མི་རུང་བ་ཡིན་ནམ། མི་རྟག་པ་ཡིན་ཀྱང་སྤོང་བྱེད་ཀྱི་གཉེན་པོ་མེད་པས་སྤང་དུ་མི་རུང་བ་ཡིན་ནམ། གཉེན་པོ་ཡོད་ཀྱང་དེ་མི་ཤེས་པས་སྤང་དུ་མི་རུང་བ་ཡིན། དང་པོ་ལྟར་ན་མི་འཐད་དེ། དེ་སྐྱེད་བྱེད་ཀྱི་རྒྱུ་ཡོད་པའི་ཕྱིར། གཉིས་པ་མིན་ཏེ། སྒྲིབ་པའི་རྩ་བ་བདག་འཛིན་ཡིན་པས་དེའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཡོད་པའི་ཕྱིར། གསུམ་པ་མ་ཡིན་ཏེ། སྒྲིབ་པའི་རྩ་བ་བདག་འཛིན་ཡིན་པར་ཤེས་པས་དེའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཡིན་པར་ཤེས་ནུས་པའི་ཕྱིར། དེ་སྐད་དུའང་། རྣམ་འགྲེལ་ལས། རྟག་ཉིད་ཕྱིར་རམ་ཐབས་མེད་ཕྱིར། །ཡང་ན་ཐབས་ནི་མི་ཤེས་ཕྱིར། །སྐྱོན་རྣམས་མི་ཟད་པ་ཉིད་ཅེས། །བྱ་བར་ཡོངས་སུ་རྟོག་གྲང་ན། །རྒྱུ་ཡོད་ཕྱིར་དང་རྒྱུ་ཡི་ནི། །གཉེན་པོ་གོམས་པས་ཟད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ནི། ཊཱི་ཀ་ལས། སེམས་ཅན་སངས་རྒྱ་ན་སེམས་ཅན་སངས་རྒྱས་ཟིན་པའི་དུས་སྲིད་པས་མ་ཁྱབ་སྟེ། དངོས་པོ་ཐམས་ཅད་འཇིག་པ་ཡིན་ཀྱང་དེ་ཐམས་ཅད་ཞིག་ཟིན་པའི་དུས་མི་སྲིད་པ་བཞིན་ནོ་ཞེས་གསུངས་པ་ལ། དར་ཊཱིཀ་པ་ན་རེ། དངོས་པོ་ཐམས་ཅད་ཞིག་ཟིན་པའི་དུས་སྲིད་པ་ཤིན་ཏུ་ཡང་འདོད་དེ། དངོས་པོ་ཐམས་ཅད་མེད་པའི་དུས་སྲིད་པའི་ཕྱིར་ཏེ། དངོས་པོ་མེད་པ་སྲིད་པའི་ཕྱིར། གལ་ཏེ་འདི་ཚུན་ཆད་དུ་དངོས་པོ་ཡོད་ལ་ཕན་ཆད་དུ་དངོས་པོ་མེད་དོ་སྙམ་པའི་ཁྱད་པར་འཐད་པར་ཐལ། དངོས་པོ་ཐམས་ཅད་ཞིག་ཟིན་པ་སྲིད་པའི་ཕྱིར་ཞེ་ན། འདི་ཚུན་ཆད་དུ་སྔོན་པོ་ཡོད་ལ་ཕན་ཆད་དུ་སྔོན་པོ་མེད་དོ་སྙམ་པའི་ཁྱད་པར་འཐད་པར་ཐལ། སྔོན་པོ་ཐམས་ཅད་ཞིག་ཟིན་པ་སྲིད་པའི་ཕྱིར། མ་གྲུབ་ན། སྔོན་པོ་ཆོས་ཅན། ཁྱོད་རྟག་དངོས་སུ་ཐལ། ཁྱོད་རང་རྒྱུ་ལས་སྐྱེ་པ་གང་ཞིག ཁྱོད་ཞིག་ཟིན་པ་མི་སྲིད་པའི་ཕྱིར་ཞེས་ཟེར་རོ། །འོ་ན་དངོས་པོ་མེད་པའི་དུས་སྲིད་པར་ཐལ། དངོས་པོའི་འབྲས་བུའི་དུས་ན་དངོས་པོ་མེད་པའི་ཕྱིར། རྟགས་ཁས། འདོད་ན། དུས་དེ་དངོས་པོ་མིན་པར་ཐལ་ལོ། །ཡང་དུས་ཆོས་ཅན། ཁྱོད་རྟག་དངོས་སུ་ཐལ། ཁྱོད་རང་རྒྱུ་ལས་སྐྱེས་པ་གང་ཞིག ཁྱོད་ཞིག་ཟིན་པའི་དུས་མི་སྲིད་པའི་ཕྱིར། ཡང་དར་ཊཱིཀ་པ་ན་རེ། ཊཱི་ཀ་ལས་སེམས་ཅན་ཐམས་ཅད་སངས་རྒྱ་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་དུས་སྲིད་པས་ཁྱབ་པ་ལ། སེམས་ཅན་ཐམས་ཅད་ཤི་ཟིན་པས་ཁྱབ་པར་ཐལ། དེ་ཐམས་ཅད་འཆི་བས་ཁྱབ་པའི་ཕྱིར་ཞེས་པ་ནི། སྐྱོན་དུ་མི་འཇུག་སྟེ། སྔ་མ་དེ་སེམས་ཅན་སངས་རྒྱས་ཟིན་པའི་དུས་སྲིད་པར་ཐལ་ཞེས་བརྗོད་ཀྱི། སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པས་ཁྱབ་པར་ཐལ་ཞེས་མ་བརྗོད་པའི་ཕྱིར་ཞེ་ན། འོ་ན་ངེད་ཀྱིས་ཀྱང་དེ་ལྟ་བུའི་སྐྱོན་བརྗོད་པ་མེད་དེ་ཐམས་ཅད་ཤི་ཟིན་པའི་དུས་སྲིད་པར་ཐལ་ཞེས་བརྗོད་ཀྱི། ཤི་ཟིན་པས་ཁྱབ་པར་ཐལ་ཞེས་མ་བརྗོད་པའི་ཕྱིར། ཡང་དར་ཊཱིཀ་པ་ན་རེ། ཁ་ཅིག སེམས་ཅན་ཐམས་ཅད་སངས་རྒྱ། དེ་ཐམས་ཅད་སངས་རྒྱ་ངེས་མིན་ཞེས་པ་ནི་ཁས་བླངས་འགལ་ཏེ། ཁྱོད་ཀྱིས་སེམས་ཅན་ཐམས་ཅད་སངས་རྒྱའོ་སྙམ་པའི་ངེས་པ་དེ་ཚད་མའི་སྟོབས་ཀྱིས་དྲངས་སམ་མ་དྲངས། དྲངས་ན་སེམས་ཅན་ཐམས་ཅད་སངས་རྒྱ་ངེས་སུ་ཐལ་ཞིང་། མ་དྲངས་ན་ཚད་མས་མ་ངེས་པའི་དོན་དམ་བཅའ་བཞད་གད་ཀྱི་གནས་ཡིན་ནོ་ཞེས་ཟེར་རོ། །དེ་ཁས་བླངས་ན་སྐྱོན་དེ་འཇུག་ཀྱང་སངས་རྒྱ་ངེས་མིན་པར་ཁས་མ་བླངས་ཏེ། སངས་རྒྱ་བ་དང་རྒྱ་བར་ངེས་པ་དོན་གཅིག་པའི་ཕྱིར། བཞི་པ་དེ་ལས་འཕྲོས་ནས་འཁོར་བ་ལ་མཐའ་ཡོད་མེད་དཔྱད་པ་ལ་དགག་གཞག་སྤོངས་གསུམ་ལས། དང་པོ་ནི། དར་ཊཱིཀ་པ་ན་རེ། རང་ལུགས་ནི་སེམས་ཅན་ཐམས་ཅད་སངས་རྒྱ། འཁོར་བ་ལ་མཐའ་ཡོད་པར་དམ་བཅས་པ་ལ། སེམས་ཅན་ཐམས་ཅད་སངས་རྒྱས་ཟིན་པའི་དུས་སྲིད་པར་ཐལ། སེམས་ཅན་ཐམས་ཅད་སངས་རྒྱ་བའི་ཕྱིར་ཞེས་དང་། སེམས་ཅན་ཐམས་ཅད་གཏན་ནས་མེད་པའི་དུས་སྲིད་པར་ཐལ། འཁོར་བ་ལ་མཐའ་ཡོད་པའི་ཕྱིར་ཞེས་པ་ལ་ནི་ཤིན་ཏུ་འདོད་དེ། སེམས་ཅན་མེད་པའི་དུས་སྲིད་པའི་ཕྱིར་ཏེ། དེའི་སྐད་ཅིག་གཉིས་པའི་དུས་ན་དེ་མེད་པའི་ཕྱིར། མ་གྲུབ་ན། སེམས་ཅན་ཐམས་ཅད་ཆོས་ཅན། ཁྱོད་རྟག་དངོས་སུ་ཐལ། ཁྱོད་རང་རྒྱུ་ལས་སྐྱེས་པ་གང་ཞིག ཁྱོད་ཀྱི་སྐད་ཅིག་གཉིས་པའི་དུས་ན་ཁྱོད་ཡོད་པའི་ཕྱིར། སེམས་ཅན་ཐམས་ཅད་ནམ་ཡང་མེད་པའི་དུས་སྲིད་པར་ཐལ་བ་དང་། དེ་ཐམས་ཅད་རྒྱུན་ཆད་པའི་དུས་སྲིད་པར་ཐལ། འཁོར་བ་ལ་མཐའ་ཡོད་པའི་ཕྱིར་ཞེས་ཟེར་བ་ལ་ནི། ཁྱབ་པ་མ་གྲུབ་པའི་ལན་འདེབས་སོ་ཞེས་ཟེར་རོ། །འོ་ན་བྱང་སེམས་འཕགས་པ་ཐམས་ཅད་མེད་པའི་དུས་སྲིད་པར་ཐལ། སེམས་ཅན་ཐམས་ཅད་མེད་པའི་དུས་སྲིད་པའི་ཕྱིར། འདོད་ན། བྱང་འཕགས་མེད་པའི་དུས་ཀྱི་ལོངས་སྐུ་ཡོད་པར་ཐལ། དེའི་དུས་དེ་ལོངས་སྐུའི་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེའི་དུས་ཀྱི་ལོངས་སྐུ་ཆོས་ཅན། འཁོར་ངེས་པ་བྱང་འཕགས་ཁོ་ནས་བསྐོར་བར་ཐལ། ལོངས་སྐུ་ཡིན་པའི་ཕྱིར། འདོད་ན། ལོངས་སྐུ་ཡིན་ན་འཁོར་བྱང་འཕགས་ཁོ་ནས་བསྐོར་བས་ཁྱབ་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། བྱང་འཕགས་མེད་པའི་དུས་ཀྱི་ལོངས་སྐུ་མེད་པར་ཐལ། འདོད་པ་དེའི་ཕྱིར། རྟགས་བསལ་དངོས། ཡང་སེམས་ཅན་ཐམས་ཅད་ནམ་ཡང་མེད་པའི་དུས་སྲིད་པར་ཐལ། དེའི་སྐད་ཅིག་གཉིས་པར་དེ་ཐམས་ཅད་ནམ་ཡང་མེད་པའི་ཕྱིར། མ་གྲུབ་ན། སེམས་ཅན་ཐམས་ཅད་ཆོས་ཅན། རྟག་དངོས་སུ་ཐལ། རང་རྒྱུད་ལས་སྐྱེས་པ་གང་ཞིག ཁྱོད་ཀྱི་སྐད་ཅིག་གཉིས་པར་ཁྱོད་ནམ་ཡང་ཡོད་པའི་ཕྱིར། ཡང་སེམས་ཅན་མེད་པའི་དུས་སྲིད་པར་ཐལ། དེ་ཐམས་ཅད་སངས་རྒྱས་ཟིན་པའི་དུས་སྲིད་པའི་ཕྱིར། སེམས་ཅན་ཐམས་ཅད་ཟད་པ་མི་སྲིད་པར་ཐལ། དེ་རྒྱུན་ཆད་པ་ནི་མི་སྲིད་པའི་ཕྱིར། འདོད་ན། འཁོར་བ་ལ་མཐའ་མེད་པར་ཐལ་ལོ། །གཉིས་པ་ནི། སྤྱིར་འཁོར་བ་ལ་མཐའ་མེད་དེ། སེམས་ཅན་ཐམས་ཅད་ཟད་པ་མི་སྲིད་པའི་ཕྱིར་ཏེ། རྫོགས་པའི་སངས་རྒྱས་ཀྱིས་གཞན་དོན་མི་མཛད་པའི་དུས་མི་སྲིད་པའི་ཕྱིར་ཏེ། ནམ་མཁའ་མ་ཟད་ཀྱི་བར་སེམས་ཅན་མི་ཟད་པ་གང་ཞིག ནམ་མཁའ་ཟད་པ་མི་སྲིད་པའི་ཕྱིར་རོ། །རེ་ཞིག་དེ་ཙམ་གྱི་ཆོག་སྟེ་གསུང་རབ་དཔང་པོར་བྱས་པའི་གོ་བ་ཅན་ཞིག་གིས་འདི་མི་གོ་བའི་དོན་མེད་དོ། །གསུམ་པ་ལ། ཁ་ཅིག འཁོར་བ་ལ་མཐའ་མེད་པར་མི་འཐད་དེ། བཞི་བརྒྱ་པ་ལས། ཇི་ལྟར་ས་བོན་མཐའ་མཐོང་ཞིང་། །དེ་ལ་ཐོག་མ་ཡོད་མིན་ལྟར། །དེ་བཞིན་རྒྱུ་ནི་མ་ཚང་ཕྱིར། །སྐྱེ་བའང་འབྱུང་བར་མི་འགྱུར་རོ། །ཞེས་དང་། རིགས་གཏེར་ལས། ས་བོན་ཐོག་མ་ཡོད་མིན་ཡང་། །མེར་བསྲེགས་པ་ན་ཕྱི་མཐའ་མཐོང་། །དེ་བཞིན་འཁོར་བ་ཐོག་མེད་ཀྱང་། །བདག་མེད་མཐོང་བས་ཕྱི་མཐའ་མཐོང་། །ཞེས་གསུངས་པའི་ཕྱིར་ཞེས་ཟེར་ན། ཁ་ཅིག ལུང་དེ་གཉིས་ཀྱི་དོན་བདག་མེད་མཐོང་བའི་སློབ་པ་རྣམས་ཀྱི་འཁོར་བ་ལ་ཕྱི་མཐའ་ཡོད་པ་ལ་དགོངས་ཏེ། དེ་རྣམས་ཀྱིས་ཐར་པ་ཐོབ་པའི་གནས་སྐབས་དེ་དེ་རྣམས་ཀྱི་འཁོར་བའི་ཕྱི་མཐའ་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ལ་ཕྱི་མཐའ་ཡོད་པ་ལ་དགོངས་པ་མིན་ནོ་ཞེ་ན། མི་འཐད་དེ། བདག་མེད་མཐོང་བའི་སློབ་པ་རྣམས་ཀྱི་འཁོར་བ་ལ་ཕྱི་མཐའ་ཡོད་མེད་དང་། སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ལ་ཕྱི་མཐའ་ཡོད་མེད་ཁྱད་པར་མེད་པའི་ཕྱིར་རོ། །ལུགས་སྔ་མའང་མི་འཐད་དེ། འཁོར་བ་ལ་ཕྱི་མཐའ་མེད་པར་བསྒྲུབས་ཟིན་པའི་ཕྱིར། འོ་ན་ལུང་དེའི་དོན་གང་ཞེ་ན། སེམས་ཅན་གང་གིས་ལམ་སྒོམ་ན་གོམས་པ་མཐར་ཕྱིན་པའི་ཚེ་དེ་ཉིད་ཀྱི་ཕྱི་མ་ལ་ཕྱི་མཐའ་ཡོད་ཅེས་པའི་དོན་ཡིན་ལ། འཁོར་བ་ལ་མཐའ་མེད་པའི་དོན་ནི་འཁོར་བ་ལ་ཟད་པ་མེད་ཅེས་པའི་དོན་ཡིན་ནོ། །ཟད་པ་ཡོད་ན་གྲངས་ཀྱི་མཐའ་གཟུང་དུ་ཡོད་དགོས་པ་ལས། སེམས་ཅན་གྱི་གྲངས་ཀྱི་མཐའ་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་མ་དམིགས་པའི་ཕྱིར་རོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་འཁོར་བ་ཞེས་པའི་སྐབས་སུ། འདིར་བསྟན་ཆེད་དུ་གཉེར་ནས་མི་སྤོང་རྒྱུའི་ཉོན་མོངས་ངོས་གཟུང་བ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ། ཉོན་མོངས་མཚན་ཉིད་པ་ལ་འདོད་པ་དགག སྙིང་རྗེ་དང་སེམས་བསྐྱེད་སོགས་ལ་འདོད་པ་དགག འཁོར་བའི་སྐྱེ་བ་ལ་འདོད་པ་དགག་པ་དང་གསུམ་ལས། དང་པོ་ནི། ཁ་ཅིག དེ་ཉོན་མོངས་མཚན་ཉིད་པ་ཡིན་ཏེ། དེ་ཉན་ཐོས་ཀྱིས་ཆེད་དུ་གཉེར་ནས་སྤོང་རྒྱུའི་ཉོན་མོངས་ཡིན་པའི་ཕྱིར་ཏེ། ལམ་ཤེས་དེ་འདིར་བསྟན་ཉོན་མོངས་ཆེད་དུ་གཉེར་ནས་མི་སྤོང་བའི་སྒོ་ནས་ཉན་ཐོས་ཀྱི་ལམ་ལས་ཁྱད་པར་འཕགས་པའི་ཕྱིར། ཡང་དེ་དེ་ཡིན་ཏེ། བྱང་འཕགས་ཀྱི་རྒྱུད་ཀྱི་ཤེས་རབ་ཀྱིས་ཟིན་པའི་ཉོན་མོངས་དེ་ཉོན་མོངས་མཚན་ཉིད་པ་ཡིན་པའི་ཕྱིར་ཏེ། སྨན་དང་སྔགས་ཀྱིས་ཟིན་པའི་དུག་དེ་དུག་མཚན་ཉིད་པ་ཡིན་པའི་ཕྱིར། ཁྱབ་སྟེ། དཀོན་བརྩེགས་ལས། འོད་སྲུང་འདི་ལྟ་སྟེ། སྔགས་དང་སྨན་གྱིས་ཟིན་པའི་དུག་གིས་ནི་ལོག་པར་འཆི་བར་མི་ནུས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱིས་ཟིན་པའི་ཉོན་མོངས་པས་ཀྱང་ལོག་པར་ལྟུང་བར་མི་ནུས་སོ་ཞེས་གསུངས་པའི་ཕྱིར། ཡང་དེ་དེ་ཡིན་ཏེ། ལམ་ཤེས་དེ་ཉོན་མོངས་པ་མཚན་ཉིད་པ་ཆེད་དུ་གཉེར་ནས་མི་སྤོང་བའི་སྒོ་ནས་རྣམ་པ་འཆད་པའི་སྐབས་སུ་ཟག་བཅས་སུ་བསྟན་པའི་ཕྱིར་ཞེས་པ་དང་གསུམ་ལས། དང་པོ་ལ། བྱང་འཕགས་འཁོར་བར་སྐྱེ་བ་བླངས་པའི་སྐྱེ་བ་དེ་འཁོར་བའི་སྐྱེ་བ་མཚན་ཉིད་པ་ཡིན་པར་ཐལ། དེ་ཉན་ཐོས་ཀྱིས་ཆེད་དུ་གཉེར་ནས་སྤོང་བའི་སྐྱེ་བ་ཡིན་པའི་ཕྱིར། རྟགས་ཁས་བླངས་སྟེ། བྱང་འཕགས་དེས་འཁོར་བར་སྐྱེ་བ་བླངས་པའི་སྒོ་ནས་ཉན་ཐོས་ལས་ཁྱད་པར་ཡོད་པའི་ཕྱིར་རོ། །གཉིས་པ་ལ། སྔགས་དང་སྨན་གྱིས་ཟིན་པའི་དུག་ཆོས་ཅན། དུག་མཚན་ཉིད་པ་མིན་པར་ཐལ། ཁྱོད་ཀྱིས་དུག་གི་དོན་བྱེད་མི་ནུས་པའི་ཕྱིར་ཏེ། ཁྱོད་ཀྱིས་དུག་གི་བྱ་བ་མི་བྱེད་པའི་ཕྱིར། མ་གྲུབ་ན། བྱང་འཕགས་ཀྱི་ཤེས་རབ་ཀྱིས་ཟིན་པའི་ཉོན་མོངས་པ་དེས་ཉོན་མོངས་པའི་བྱ་བ་བྱེད་པར་ཐལ། མ་གྲུབ་པ་དེའི་ཕྱིར། ཁྱབ་པ་ཁས། འདོད་ན། སྔར་གྱི་དཀོན་བརྩེགས་ཀྱི་ལུང་དང་འགལ་ལོ། །གསུམ་པ་ལ། ལམ་ཤེས་དེ་ཉོན་མོངས་མཚན་ཉིད་པའི་ཟག་བཅས་ཡིན་པར་ཐལ། དེས་ཉོན་མོངས་མཚན་ཉིད་པ་ཆེད་དུ་གཉེར་ནས་མི་སྤོང་བའི་སྒོ་ནས་རྣམ་པའི་སྐབས་སུ་ཟག་བཅས་སུ་བསྟན་པའི་ཕྱིར། རྟགས་ཁྱབ་ཁས། གཉིས་པ་ནི། ཨར་དང་བུ་ན་རེ། བྱང་འཕགས་ཀྱི་རྒྱུད་ཀྱི་སྙིང་རྗེ། སྨོན་ལམ། སེམས་བསྐྱེད་སོགས་ལ་འདིར་བསྟན་ཉོན་མོངས་པའི་མིང་གིས་བཏགས་པ་ཡིན་ཞེས་གསུངས། ཁ་ཅིག འདིར་བསྟན་ཉོན་མོངས་པ་དེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་གསུངས་པའི་དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་པ་བརྒྱད་ལ་བྱེད་ཅིང་། བརྒྱད་པོ་གང་ཞེ་ན། དེ་ཉིད་ལས། དེ་དག་གི་འཁོར་བའི་རྒྱུར་གྱུར་པའི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་ཚོལ་བས་མི་ངོམ་པ་དང་། བསམ་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང་། སངས་རྒྱས་དང་འཕྲད་པ་དོན་དུ་གཉེར་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་མི་སྐྱོ་བ་དང་། དམ་པའི་ཆོས་འཛིན་པ་ལ་བརྩོན་པ་དང་། སེམས་ཅན་གྱི་བྱ་བ་ཅི་ཡོད་པ་ལ་འགྲུས་པ་དང་། ཆོས་ལ་ཆགས་པའི་བསམ་པ་དང་མ་བྲལ་བ་དང་། ཕ་རོལ་ཏུ་ཕྱིན་པའི་ཀུན་ཏུ་སྤྱོད་པ་མི་འདོར་བ་སྟེ་ཞེས་གསུངས་པའི་ཕྱིར། མི་འཐད་དེ། བྱང་སེམས་ཀྱི་རྒྱུད་ཀྱི་སྙིང་རྗེ་དང་སྨོན་ལམ་སོགས་ལམ་ཤེས་ཀྱི་ཆེད་དུ་གཉེར་ནས་སྤོང་ངམ་མི་སྤོང་སྙམ་པའི་དོགས་པ་རྒོལ་བ་རྟོགས་ལྡན་ལ་མི་སྐྱེ་བའི་ཕྱིར་དང་། ལམ་ཤེས་དེས་ལམ་ཤེས་ཆེད་དུ་གཉེར་ནས་མི་སྤོང་བ་དེ་ལམ་ཤེས་ཀྱི་རང་བཞིན་དུ་འཆད་རིགས་པར་ཐལ་བའི་ཕྱིར་རོ། །གསུམ་པ་ནི། གསེར་ཕྲེང་མཁན་ཆེན་པ་ན་རེ། ཁ་ཅིག མ་རིག་པ་དང་ལྟ་བའི་བག་ལ་ཉལ་ཆེད་དུ་གཉེར་ནས་སྤོང་། འདོད་པ་དང་སྲིད་པའི་བག་ལ་ཉལ་ཆེད་དུ་གཉེར་ནས་མི་སྤོང་བ་དེ་འདིར་བསྟན་ཉོན་མོངས་ཆེད་དུ་གཉེར་ནས་མི་སྤོང་བའི་དོན་ཡིན་ཟེར་བ་མི་འཐད་དེ། དང་པོ་གཉིས་པོ་ཕྱི་མ་གཉིས་པོའི་རྒྱུ་ཡིན་པ་གང་ཞིག རྒྱུ་ཆེད་དུ་གཉེར་ནས་སྤོང་། འབྲས་བུ་ཆེད་དུ་གཉེར་ནས་མི་སྤོང་བའི་ཁྱད་པར་མེད་པའི་ཕྱིར་ཞེས་བཀག་ནས། རང་ལུགས་ལ་སྲིད་པའི་སྐྱེ་བ་ལ་ཉོན་མོངས་པའི་མིང་གིས་བཏགས་ནས། དེ་ཆེད་དུ་གཉེར་ནས་མི་སྤོང་བ་ཡིན་གསུངས། དེ་ལ་གཞན་ལུགས་འགོག་པ་དེ་མི་འཐད་དེ། ཉི་སྣང་ལས། བག་ལ་ཉལ་ཐམས་ཅད་ནས་ཐམས་ཅད་དུ་མེད་པ་ནི་མ་རིག་པ་དང་ལྟ་བས་བསྡུས་པའི་བག་ལ་ཉལ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ནི་བསམ་བཞིན་སྲིད་པར་སྐྱེ་བ་ལེན་པའི་ཕྱིར་འདོད་པ་དང་སྲིད་པའི་ཟག་པས་བསྡུས་པ་ནི་མ་ཡིན་ནོ་ཞེས་པ་དང་འགལ་བའི་ཕྱིར་རོ། །ཡང་ཀུན་འབྱུང་བདེན་པ་ལ་སྤང་བྱ་དང་སྡུག་བདེན་ལ་ཤེས་བྱར་གཞག་པའི་ཁྱད་པར་མི་འཐད་པར་ཐལ། གཞན་ལུགས་འགོག་པའི་རྟགས་དེའི་ཕྱིར། རང་ལུགས་ཡང་མི་འཐད་དེ། ཉན་ཐོས་དགྲ་བཅོམ་པའི་གཞི་ཤེས་དེ་ལ་འདིར་བསྟན་ཉོན་མོངས་པ་མི་སྤོང་བའི་ཁྱད་ཆོས་དེ་ལྡན་པར་ཐལ། དེ་སྲིད་པའི་སྐྱེ་བ་ཆེད་དུ་གཉེར་ནས་མི་སྤོང་བའི་ཕྱིར། ཁྱབ་པ་ཁས། ཁོ་ན་རེ། སྐྱོན་མེད་དེ། དེས་དེ་ཆེད་དུ་གཉེར་ནས་སྤངས་ཟིན་པའི་ཕྱིར་ཞེ་ན། འོ་ན་ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་མཐོང་ལམ་པ་དེ་ལ་ཁྱད་ཆོས་དེ་མི་ལྡན་པར་ཐལ། དེས་དེ་ཆེད་དུ་གཉེར་ནས་སྤངས་ཟིན་པའི་ཕྱིར། གཉིས་པ་ནི། འདིར་བསྟན་ཉོན་མོངས་པ་ནི་བག་ལ་ཉལ་ཡིན་ཅིང་། དེ་བྱང་འཕགས་ཀྱིས་ཆེད་དུ་གཉེར་ནས་མི་སྤོང་བ་ཡིན་ཏེ། དེ་བྱང་འཕགས་སྐྱེ་བ་ལེན་པའི་རྒྱུར་དགོས་པའི་ཕྱིར་རོ། །ཉོན་མོངས་མངོན་གྱུར་པས་ཐེག་དམན་འཕགས་པ་རྣམས་དང་སོ་སོ་སྐྱེ་བོ་རྣམས་སྐྱེ་བ་ལེན་པའི་རྒྱུ་བྱེད་པ་ལྟར་བྱང་འཕགས་རྣམས་དང་ཐེག་དམན་དགྲ་བཅོམ་པ་རྣམས་བག་ལ་ཉལ་གྱི་ཉོན་སྒྲིབ་ཀྱིས་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་བྱེད་པའི་ཕྱིར་རོ། །སོ་སོ་སྐྱེ་བོ་དང་ཐེག་དམན་སློབ་པ་རྣམས་ཉོན་མོངས་པའི་དབང་གིས་འཁོར་བར་སྐྱེ་བ་ལེན་པ་བཞིན་དུ། ཕྱི་མ་གཉིས་པོ་དེའང་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ལས་ལ་བརྟེན་ནས་འཁོར་བར་སྐྱེ་བ་ལེན་པའི་ཕྱིར། དེའང་ཇོ་བོའི་ཨ་དུ་ལས། ཉོན་མོངས་པ་ལ་སྡུག་བསྔལ་སྐྱེད་པ་དང་། གཉེན་པོ་ལ་གེགས་བྱེད་པ་དང་། འཁོར་བར་སྐྱེ་བ་ལེན་པ་དང་། རིགས་འདྲ་ཕྱི་མ་སྐྱེད་པའི་ནུས་པ་བཞི་ཡོད་པའི་དང་པོ་གཉིས་ཆེད་དུ་གཉེར་ནས་སྤོང་ཞིང་། ཕྱི་མ་གཉིས་ཆེད་དུ་གཉེར་ནས་མི་སྤོང་བར་གསུངས་པ་དང་། སྔར་གྱི་ཉི་སྣང་གི་དོན་དང་རྒྱུད་བླ་རྩ་འགྲེལ་གྱི་དགོངས་པ་ཕྱོགས་གཅིག་པ་ཡིན་ཞིང་། ཞིབ་པར་ངག་ལས་ཤེས་སོ། །གསུམ་པ་ནི། ཁ་ཅིག བྱང་འཕགས་ཀྱི་རྒྱུད་ཀྱི་ཉོན་མོངས་པའི་བག་ལ་ཉལ་ཆོས་ཅན། ཁྱོད་ཉན་ཐོས་ཀྱིས་ཆེད་དུ་གཉེར་ནས་སྤོང་བའི་ཉོན་མོངས་སུ་ཐལ། ཁྱོད་བྱང་འཕགས་ཀྱིས་ཆེད་དུ་གཉེར་ནས་མི་སྤོང་བའི་སྐབས་འདིའི་ཉོན་མོངས་པ་ཡིན་པའི་ཕྱིར་ཞེ་ན། ཁྱོད་རང་ཉོན་མོངས་མཚན་ཉིད་པར་འདོད་པ་ལྟར་ན་ཡང་། བྱང་འཕགས་ཀྱི་རྒྱུད་ཀྱི་ཉོན་མོངས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག སྔ་མ་དེ་ཆོས་ཅན། བྱང་འཕགས་ཀྱིས་ཆེད་དུ་གཉེར་ནས་སྤོང་བར་ཐལ། དེའི་རྒྱུད་ཀྱི་ཤེས་སྒྲིབ་ཡིན་པའི་ཕྱིར་ཞེ་ན། བྱང་འཕགས་ཀྱི་རྒྱུད་ཀྱི་གང་ཟག་བདག་མེད་རྟོགས་པའི་རྟོགས་རིགས་ཆོས་ཅན། དེས་ཆེད་དུ་གཉེར་ནས་སྒོམ་པར་ཐལ། དེའི་རྒྱུད་ཀྱི་ཆོས་ཀྱི་བདག་མེད་རྟོགས་པའི་མཁྱེན་པ་ཡིན་པའི་ཕྱིར་རོ། །ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །ཞེས་པའི་སྐབས་སུ། འདིར་བསྟན་ཤེས་བྱའི་ལམ་ངོས་གཟུང་བ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ་ཤེས་བྱ་ཉན་ཐོས་ཀྱི་ལམ་ཡིན་ན་ཉན་ཐོས་ཀྱི་ལམ་ཡིན་པས་ཁྱབ་པར་དགག དེ་ཡིན་ན་ཉན་ཐོས་རང་རྒྱུད་པའི་ལམ་ཡིན་པས་ཁྱབ་པ་དགག དེ་ཡིན་ན་བྱང་སེམས་རང་རྒྱུད་པའི་ལམ་ཡིན་པས་ཁྱབ་པ་དགག་པ་དང་གསུམ་ལས། དང་པོ་ནི། རེད་མདའ་བ་ན་རེ། གཞི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དེ་གང་ཟག་སུའི་རྒྱུད་ལ་ཡོད་ཀྱང་ཉན་ཐོས་ཀྱི་ལམ་ཡིན་ཏེ། དེ་ཉོན་སྒྲིབ་ཀྱི་གཉེན་པོའི་རིགས་ཡིན་པའི་ཕྱིར། དེས་རྟོགས་རིགས་གཞན་གཉིས་ལའང་འགྲེའོ་ཟེར། མི་འཐད་དེ། བྱང་འཕགས་ཀྱི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དེ་ཉན་ཐོས་ཀྱི་ལམ་མིན་པར་ཐལ། དེ་དེའི་བགྲོད་བྱའི་ལམ་ཡང་མིན། དེའི་བགྲོད་བྱེད་ཀྱི་ལམ་ཡང་མིན་པའི་ཕྱིར། དང་པོ་མ་གྲུབ་ན། བྱང་འཕགས་ཀྱིས་ཉན་ཐོས་ལམ་གྱི་འབྲས་བུ་མངོན་དུ་བྱས་པར་ཐལ་ལོ། །གཉིས་པ་མ་གྲུབ་ན། དེ་རང་རྒྱུད་ལྡན་གྱི་གང་ཟག་ཉེར་ཞི་གཉིས་སུ་འཁྲིད་པར་བྱེད་པའི་མཁྱེན་པ་ཡིན་པར་ཐལ་ལོ། །ཡང་བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་ཆོས་ཅན། ཉན་ཐོས་ཀྱི་མཐོང་ལམ་དུ་ཐལ། དེའི་ལམ་དང་མཐོང་ལམ་གྱི་གཞི་མཐུན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཐེག་ཆེན་གྱི་མཐོང་ལམ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། དེ་བྱང་ཆུབ་སེམས་དཔས་ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་མིན་པར་ཐལ། དེས་དེ་ཤེས་པར་བྱ་བའི་ཉན་ཐོས་ཀྱི་བགྲོད་བྱའི་ལམ་ཡང་མིན། དེ་ལྟ་བུའི་བགྲོད་བྱེད་ཀྱི་ལམ་ཡང་མ་ཡིན་པའི་ཕྱིར། ཁྱབ་པ་ཁས་བླངས་སོ་ཞེ་ན། དེ་ཉན་ཐོས་ཀྱི་བགྲོད་བྱའི་ཐེག་པའང་མིན། དེ་ཉན་ཐོས་ཀྱི་བགྲོད་བྱེད་ཀྱི་ཐེག་པའང་མ་ཡིན་ན། དེ་ཉན་ཐོས་ཀྱི་ཐེག་པ་མིན་པའི་ཁྱབ་པ་མེད་པར་ཐལ། དེ་བྱང་ཆུབ་སེམས་དཔས་ཤེས་པར་བྱ་བའི་ཉན་ཐོས་ཀྱི་བགྲོད་བྱའི་ཐེག་པའང་མིན། དེའི་བགྲོད་བྱེད་ཀྱི་ཐེག་པའང་མིན། དེ་བྱང་ཆུབ་སེམས་དཔས་ཤེས་པར་བྱ་བའི་ཉན་ཐོས་ཀྱི་ཐེག་པ་མིན་པས་མ་ཁྱབ་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། དེའི་ཕྱིར། འདོད་ན། བྱང་ཆུབ་སེམས་དཔས་ཤེས་པར་བྱ་བའི་ཉན་ཐོས་ཀྱི་ཐེག་པ་ཡིན་ན་ཉན་ཐོས་རང་རྒྱུད་པའི་ཐེག་པ་ཡིན་དགོས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། བྱང་འཕགས་ཀྱི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་ཆོས་ཅན། ཉན་ཐོས་རང་རྒྱུད་པའི་ལམ་ཡིན་པར་ཐལ། བྱང་ཆུབ་སེམས་དཔས་ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། བྱང་འཕགས་ཀྱི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དེ་མངོན་སུམ་དུ་རྟོགས་པས་ཉན་ཐོས་ཀྱི་ལམ་རྟོགས་པའི་གོ་མི་ཆོད་པར་ཐལ། དེ་ཉན་ཐོས་ཀྱི་ལམ་མ་ཡིན་པའི་ཕྱིར། འདོད་ན། དེས་དེ་མངོན་སུམ་རྟོགས་པའི་སྒོ་ནས་ཉན་ཐོས་ཀྱི་ལམ་ཇི་ལྟ་བ་བཞིན་སྟོན་མི་ནུས་པར་ཐལ། འདོད་པ་དེའི་ཕྱིར་ཞེས་ཟེར་ན། ཉན་ཐོས་ཀྱི་ལམ་གྱི་ཚབ་ཏུ་ཉན་ཐོས་ཀྱི་མངོན་པར་རྟོགས་པ་སྦྱར་ནས་ཇི་ལྟ་བ་བཞིན་དུ་མཚུངས་པར་ཤེས་པར་བྱའོ། །ཡང་སྤངས་རྟོགས་མཐར་ཐུག་པའི་ཉན་ཐོས་ཀྱི་ཐེག་པ་ཡོད་པར་ཐལ། སངས་རྒྱས་ཀྱི་ས་ན་ཉན་ཐོས་ཀྱི་ལམ་ཡོད་པའི་ཕྱིར། འདོད་ན། མཐར་ཐུག་ཐེག་པ་གསུམ་གྲུབ་པར་ཐལ་ལོ། །གཉིས་པ་ནི། ཁ་ཅིག ཤེས་བྱ་ཉན་ཐོས་ཀྱི་ལམ་ཡིན་ན་ཉན་ཐོས་རང་རྒྱུད་པའི་ལམ་ཡིན་དགོས་ཏེ། བྱང་ཆུབ་སེམས་དཔས་ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་དེ་ཡིན་ན་དེ་ཡིན་དགོས་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ལམ་དུ་ཤེས་པར་བྱ་བ་ཡིན་ན་དེ་ཡིན་དགོས་པའི་ཕྱིར་ཏེ། དེས་དེ་རྟོགས་པར་བྱ་བ་ཡིན་ན་དེ་ཡིན་དགོས་པའི་ཕྱིར་ཞེ་ན། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །ཞེས་པའི་སྐབས་ནས་བསྟན་པའི་ཉན་ཐོས་ཀྱི་ལམ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མེད་པའི་རྣམ་པ་ནས་གཟུང་སྟེ། །ཞེས་པའི་སྐབས་ནས་བསྟན་པའི་ཤེས་རྣམ་དེ་ཉན་ཐོས་རང་རྒྱུད་པའི་ལམ་དུ་ཐལ། འདོད་པ་དེའི་ཕྱིར། འདོད་ན། བྱང་སེམས་འཕགས་པའི་རྒྱུད་ཀྱི་མི་རྟག་ལ་སོགས་བཅུ་དྲུག་རྟོགས་པའི་རྟོགས་རིགས་དེ་ཉན་ཐོས་རང་རྒྱུད་པའི་ལམ་དུ་ཐལ། འདོད་པ་དེའི་ཕྱིར། གཞན་ཡང་། བྱང་སེམས་ཀྱིས་རང་རྒྱུད་ལ་བསྐྱེད་ནས་ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་མེད་པར་ཐལ། རྩ་བའི་དམ་བཅའ་དེའི་ཕྱིར། འདོད་ན། ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ཞེས་སོགས་དང་འགལ་ལོ། །གཞན་ཡང་བྱང་སེམས་སྦྱོར་ལམ་པས་ཉན་ཐོས་ཀྱི་ལམ་མངོན་སུམ་དུ་ཤེས་པའི་ཆེད་དུ་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་སྒོམ་པ་ལ་དགོས་པ་མེད་པར་ཐལ། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དེ་བྱང་ཆུབ་སེམས་དཔས་ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་མ་ཡིན་པའི་ཕྱིར། གསུམ་པ་ནི། ཁ་ཅིག ཤེས་བྱ་ཉན་ཐོས་ཀྱི་ལམ་ཡིན་ན་བྱང་སེམས་རང་རྒྱུད་པའི་ལམ་ཡིན་དགོས་ཏེ། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཤེས་བྱ་ཉན་ཐོས་ཀྱི་ལམ་དེ་མདོ་ལས་སྦྱོར་བ་རྣམ་མཁྱེན་ཡིད་བྱེད་དང་། དངོས་གཞི་མི་དམིགས་པར་རྟོགས་པའི་ཤེས་རབ་དང་། རྗེས་བསྔོ་བ་གསུམ་གྱིས་ཟིན་པར་ནི་བཤད་པའི་ཕྱིར་ཏེ། མདོ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་གཟུགས་མི་རྟག་ཅེས་བྱ་བ་དེ་མི་དམིགས་པའི་ཚུལ་གྱིས་ཡིད་ལ་བྱའོ་ཞེས་སོགས་གསུངས་པའི་ཕྱིར། ཡང་དེའི་དངོས་སུ་བསྟན་པའི་ཤེས་བྱ་ཉན་ཐོས་ཀྱི་ལམ་ཡིན་ན་བྱང་སེམས་རང་རྒྱུད་པའི་ལམ་ཡིན་དགོས་ཏེ། འཕགས་པ་ཉན་ཐོས་ལམ་ལ་ནི། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་སྦྱོར་བ་ཡིན་ན་བྱང་སེམས་རང་རྒྱུད་པའི་སྦྱོར་ལམ་ཡིན་དགོས་པའི་ཕྱིར། ཡང་རྩ་བའི་དམ་བཅའ་དེར་ཐལ། ཤེས་བྱ་ཉན་ཐོས་ཀྱི་ལམ་ཡིན་ན་བྱང་ཆུབ་སེམས་དཔས་རང་རྒྱུད་ལ་བསྐྱེད་པར་བྱ་བའི་ལམ་ཡིན་དགོས་པའི་ཕྱིར་ཏེ། ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ཞེས་སོགས་གསུངས་པའི་ཕྱིར་ཞེས་པ་དང་གསུམ་ལས། དང་པོ་ལ། གཞི་ཤེས་ཀྱི་ཤེས་རྣམ་ཡིན་ན་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་རྣམ་པར་བསྡུས་ནས་སྒོམ་པའི་མཁྱེན་པ་ཡིན་དགོས་པར་ཐལ། མེད་པའི་རྣམ་པ་ནས་གཟུང་སྟེ། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་མཁྱེན་པ་དེ་ལྟར་དུ་བཤད་པའི་ཕྱིར། ཁྱབ་པ་ཁས། རྟགས་ཀྱང་ཁས་བླངས་ཏེ། ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི་དབང་དུ་བྱ་བའི་ཕྱིར་ཞེས་སོགས་གསུངས་པའི་ཕྱིར། རྩ་བར་འདོད་ན། ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། གཉིས་པ་ལ། འཕགས་པ་ཉན་ཐོས་ལམ་ལ་ནི། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་སྦྱོར་ལམ་དེ། ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་ཤེས་བྱ་ཉན་ཐོས་ལམ་གྱི་རྒྱུར་གྱུར་པའི་སྦྱོར་ལམ་དུ་ཐལ། ཁྱོད་ཀྱི་སྒྲུབ་བྱེད་དེ་ལ་ཁྱབ་པ་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་དག་མི་དམིགས་པས། རྩེ་མོར་གྱུར་པ་དག་ཏུ་འདོད། །ཅེས་པའི་གཞུང་དང་འགལ་ལོ། །གསུམ་པ་ལ། ཉན་ཐོས་ཀྱི་ལམ་ཡིན་ན་བྱང་སེམས་ཀྱི་རང་རྒྱུད་ལ་བསྐྱེད་པར་བྱ་བའི་ལམ་ཡིན་དགོས་པར་ཐལ། བྱང་སེམས་ཀྱིས་རང་རྒྱུད་ལ་བསྐྱེད་པར་བྱ་བའི་ཉན་ཐོས་ཀྱི་ལམ་རང་རྒྱུད་ལ་ཡོད་པའི་ཕྱིར། ཁྱབ་པ་རྟགས་སྒྲུབ་ཀྱི་ཁྱབ་པ་ལ་བསྒྲིག ཡང་ཉན་ཐོས་ཀྱི་ལམ་ཤེས་པའི་བྱང་འཕགས་ཀྱི་མཁྱེན་པ་ཡིན་ན་ཉན་ཐོས་ཀྱི་ལམ་རང་རྒྱུད་ལ་ཉམས་སུ་མྱོང་བའི་ཚུལ་གྱིས་ཤེས་པའི་མཁྱེན་པ་ཡིན་དགོས་པར་ཐལ། རྩ་བའི་དམ་བཅའ་དེའི་ཕྱིར། འདོད་ན། བྱང་སེམས་འཕགས་པའི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་ཆོས་ཅན། སོ་སོ་སྐྱེ་བོའི་རྒྱུད་ཀྱི་འདོད་ཆགས་རང་རྒྱུད་ལ་ཉམས་སུ་མྱོང་བའི་ཚུལ་གྱིས་ཤེས་པའི་མཁྱེན་པར་ཐལ། དེ་ཤེས་པའི་བྱང་འཕགས་ཀྱི་མཁྱེན་པ་ཡིན་པའི་ཕྱིར། གཉིས་པ་ནི། ལམ་ཐམས་ཅད་ཤེས་པར་བྱའོ་ཞེས་པ་ལ་བརྟེན་ནས་བྱང་སེམས་ཀྱིས་ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ། བསྐྱེད་པར་བྱ་ཞིང་ཞེས་པ་ལ་བརྟེན་ནས་དེས་བསྐྱེད་པར་བྱ་བའི་ཉན་ཐོས་ཀྱི་ལམ། དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་ཞེས་པ་ལ་བརྟེན་ནས་དེས་རྟོགས་པ་རྫོགས་པར་བྱ་བའི་ཉན་ཐོས་ཀྱི་ལམ། དེ་དག་གི་ལམ་གྱི་བྱ་བ་ཡང་བྱ་ལ་ཞེས་པ་ལ་བརྟེན་ནས་དེས་སྤངས་པ་རྫོགས་པར་བྱ་བའི་ཉན་ཐོས་ཀྱི་ལམ་དང་བཞི་བཤད་ཅིང་། བཞི་པོ་ཐམས་ཅད་ཀྱང་བྱང་ཆུབ་སེམས་པས་ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་ཡིན་ཏེ། ཕྱི་མ་གསུམ་པོ་དེ་རང་རྒྱུད་ལ་ཉམས་སུ་མྱོང་བའི་ཚུལ་གྱིས་ཤེས་པར་བྱ་བ་ཡིན་ཞིང་། དང་པོ་ལ་རང་རྒྱུད་ལ་ཉམས་སུ་མྱོང་བའི་ཚུལ་གྱིས་ཤེས་པར་བྱ་བ་དང་། གཞན་རྒྱུད་ལ་ཡོད་པ་གཞན་རིག་གི་ཚུལ་གྱིས་ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་གཉིས་སུ་ཡོད་པའི་ཕྱིར། དེ་ལ་ལམ་ཕྱི་མ་གསུམ་པོ་ཉན་ཐོས་ཀྱི་ལམ་ཡིན་པ་མི་སྲིད་དེ། དེ་བྱང་སེམས་ཀྱིས་རང་རྒྱུད་ལ་ཉམས་སུ་མྱོང་བའི་ཚུལ་གྱིས་ཤེས་པར་བྱ་བ་ཁོ་ན་ཡིན་པའི་ཕྱིར། ལམ་དང་པོ་ལ་གཉིས་སུ་ཡོད་པའི་སྔ་མ་དེ་འདིར་བསྟན་པའི་བསྐྱེད་བྱའི་ལམ་ལ་སོགས་པ་ཕྱི་མ་གསུམ་པོ་དང་། རྣམ་རྫོགས་སྦྱོར་བའི་བསྒོམ་བྱར་གྱུར་པའི་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་དང་། ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ། །ཞེས་བསྟན་པའི་ཉན་རང་གི་ཐེག་པ་རྣམས་དང་དོན་གཅིག་པ་ཡིན་ནོ། །ལམ་དང་པོ་ལ་གཉིས་སུ་ཕྱེ་བའི་ཕྱི་མ་ནི། མཛོད་ལས། ཉན་ཐོས་མཐོང་བའི་སྐད་ཅིག་གཉིས། །རིགས་ཏེ་བསེ་རུ་ལྟ་བུས་གསུམ། །སངས་རྒྱས་སྦྱོར་བ་མེད་པར་ཀུན། །ཞེས་གསུངས་པ་ལྟར། གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གཞན་རྒྱུད་ཀྱི་ལམ་མངོན་སུམ་རྟོགས་པར་བཤད་པ་དང་། མདོ་ལས་ཀྱང་། འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའི་སེམས་སོ་ཞེས་ཡང་དག་པར་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ་ཞེས་སོགས་གསུངས་པ་ལ་བརྟེན་ནས་ཉན་ཐོས་རང་རྒྱུད་པའི་ལམ་དེའང་ཤེས་བྱ་བྱང་སེམས་ཀྱི་ལམ་ཡིན་པར་གྲུབ་བོ། །གསུམ་པ་ནི། ཁ་ཅིག་ན་རེ། བྱང་འཕགས་ཀྱི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་ཆོས་ཅན། ཤེས་བྱ་བྱང་སེམས་ཀྱི་ལམ་དུ་ཐལ། བྱང་སེམས་ཀྱི་ལམ་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། ཤེས་བྱ་ཉན་ཐོས་ཀྱི་ལམ་ཡིན་པའི་ཕྱིར་ཟེར་ན། དེ་ཆོས་ཅན། གདུལ་བྱ་བྱང་སེམས་ཀྱི་རིགས་ཅན་རྗེས་སུ་གཟུང་བའི་ཆེད་དུ་བསླབ་པར་བྱ་བའི་ཉན་ཐོས་ཀྱི་ལམ་མིན་པར་ཐལ། གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་རྗེས་སུ་གཟུང་བའི་ཆེད་དུ་བསླབ་པར་བྱ་བའི་ལམ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་དེར་ཐལ། དེ་སངས་རྒྱས་འཕགས་པས་གདུལ་བྱ་བྱང་སེམས་ཀྱི་རིགས་ཅན་ལ་བསྟན་པར་བྱ་བའི་ལམ་ཡིན་པའི་ཕྱིར་ཏེ། དེས་དེ་ལ་རྟོགས་རིགས་གསུམ་ཀ་བསྟན་དགོས་པའི་ཕྱིར། ཡང་ཁ་ཅིག་ན་རེ། གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་དེ་དང་པོ་ཉིད་ནས་ཐེག་ཆེན་ལམ་གྱིས་རྗེས་སུ་འཛིན་ནུས་པར་ཐལ། བྱང་སེམས་འཕགས་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དེ་གདུལ་བྱ་ཉན་ཐོས་ཀྱི་རིགས་ཅན་ལ་བསྟན་པར་བྱ་བའི་ལམ་གང་ཞིག དེ་ཐེག་ཆེན་གྱི་ལམ་ཡིན་པའི་ཕྱིར་ཞེས་ཟེར་ན། འོ་ན་དེ་དང་པོ་ཉིད་ནས་ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་པའི་ལམ་གྱིས་རྗེས་སུ་འཛིན་ནུས་པར་ཐལ། གང་ཞིག དེ་ཐེག་ཆེན་སེམས་བསྐྱེད་ཀྱི་ཟིན་པའི་ལམ་ཡིན་པའི་ཕྱིར། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །ཞེས་པའི་སྐབས་སུ། རང་རྒྱལ་གྱི་ལམ་གྱི་རྣམ་གཞག་དང་། ངག་དོན་ལ་དཔྱད་པ་གཉིས་ལས། དང་པོ་ལ་ལམ་བགྲོད་ཚུལ་གྱི་ཁྱད་པར། འབྲས་བུ་འགྲུབ་ཚུལ་གྱི་ཁྱད་པར། ཚོགས་གསག་པའི་དུས་ཀྱི་ཁྱད་པར། ཁམས་གསུམ་གང་གི་རྟེན་ཅན་ཡིན་དཔྱད་པ། སྤངས་རྟོགས་ཀྱི་ཁྱད་པར་ལ་དཔྱད་པ། འབྲས་བུ་བཞི་པོ་གཞག་ཏུ་རུང་མི་རུང་དཔྱད་པ། སློབ་པ་ཡོད་མེད་དཔྱད་པ། སྒྲ་བཤད་པ་དང་བརྒྱད་ལས། དང་པོ་ནི། རང་ས་ལས་ལམ་བསྒྲོད་ཚུལ་གསུམ་གསུངས་པ་ལས། སྐྱེ་བ་གཅིག་གིས་ཐོགས་པ་མན་ཆད་དུ་བསྐལ་པ་བརྒྱར་ཚོགས་བསགས་པ་སྔོན་དུ་འགྲོ་བར་བྱས་ཏེ། ཚེ་འདིར་དྲོད་ཙམ་ཡང་སྐྱེད་མ་ནུས་པས། ཕྱི་མ་ལ་དྲོད་ནས་མི་སློབ་ལམ་གྱི་བར་གྱི་རྟོགས་པ་རྣམས་བསྐྱེད་པའི་ཕྱིར་དུ་མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པར་བྱེད་ཅིང་། འཆི་འཕོ་ཁར་སྨོན་ལམ་གསུམ་འདེབས་པ་ནི་ལམ་བགྲོད་ཚུལ་དང་པོ་ཡིན་ནོ། །ཡང་སྐྱེ་བ་གཅིག་ཐོགས་མན་ཆད་དུ་བསྐལ་པ་བརྒྱར་ཚོགས་བསགས་པ་སྔོན་དུ་འགྲོ་བར་བྱས་ཏེ། ཚེ་འདིར་དྲོད་འབྲིང་མན་ཆད་རྒྱུད་ལ་བསྐྱེད་ནས། བཟོད་ཆེན་སྐྱེད་མ་ནུས་པས། ཕྱི་མ་ལ་བཟོད་ཆེན་ནས་མི་སློབ་ལམ་གྱི་བར་གྱི་རྟོགས་པ་བསྐྱེད་པའི་ཕྱིར་དུ་སྔར་ལྟར་བྱེད་པ་ནི་བགྲོད་ཚུལ་གཉིས་པའོ། །ཡང་སྐྱེ་བ་གཅིག་ཐོགས་མན་ཆད་དུ་བསྐལ་པ་བརྒྱར་ཚོགས་བསགས་པ་སྔོན་དུ་འགྲོ་བར་བྱས་ཏེ། ཚེ་འདིར་དགེ་སྦྱོང་ཚུལ་གྱི་འབྲས་བུ་དང་པོ་གཉིས་གང་རུང་མངོན་དུ་བྱས་ནས་འབྲས་བུ་གོང་མ་གཉིས་སྐྱེད་པར་མ་ནུས་པས། ཕྱི་མ་ལ་འབྲས་བུ་གོང་མ་གཉིས་བསྐྱེད་པའི་ཆེད་དུ་སྔར་ལྟར་བྱེད་པ་ནི་ལམ་བགྲོད་ཚུལ་གསུམ་པའོ། །དེ་ལྟ་བུའི་ལམ་བགྲོད་ཚུལ་གསུམ་པོ་དེའང་དང་པོ་ཉིད་ནས་རང་རྒྱལ་གྱི་རིགས་ཅན་གྱི་ལམ་བགྲོད་ཚུལ་གྱི་དབང་དུ་བྱས་པ་སྟེ། གསུམ་གའང་བསྐལ་པ་བརྒྱར་ཚོགས་བསགས་པར་མཚུངས་པའི་ཕྱིར། ཀུན་བཏུས་ལས། གསུམ་པོ་དེའི་སྟེང་དུ་ཅིག་ཆར་བའི་རྒྱུན་ཞུགས་འབྲས་གནས་ཚེ་འདིར་དགྲ་བཅོམ་འབྲས་གནས་མ་ཐོབ་པར་ཕྱི་མར་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱེད་པའི་རྣམ་གཞག་དང་བཞི་གསུངས་ལ། མཛོད་ལས། བསེ་རུ་ལྟ་བུའི་ལམ་བགྲོད་ཚུལ་དང་། ཚོགས་ན་སྤྱོད་པའི་ལམ་བགྲོད་ཚུལ་གྱི་རྣམ་གཞག་དང་གཉིས་གསུངས་པ་ལས། དང་པོ་ནི། རང་ས་ནས་བཤད་པའི་ལམ་བགྲོད་ཚུལ་དང་པོ་དང་ཆོས་མཚུངས་ལ། ཕྱི་མ་ལ་ཉན་ཐོས་སྔོན་འགྲོའི་ཚོགས་ན་སྤྱོད་པ་དང་། སོ་སྐྱེ་སྔོན་འགྲོའི་ཚོགས་ན་སྤྱོད་པའི་ལམ་བགྲོད་ཚུལ་གཉིས་ལས། དང་པོ་ནི། སྐྱེ་བ་གཅིག་གིས་ཐོགས་པ་མན་ཆད་དུ་དགེ་སྦྱོང་ཚུལ་གྱི་འབྲས་བུ་གཉིས་གང་རུང་ཉན་ཐོས་ཀྱི་ལམ་གྱི་བགྲོད་པར་བྱས་ནས། འབྲས་བུ་གོང་མ་གཉིས་སྲིད་པ་ཐ་མ་པའི་རྟེན་ལ་སངས་རྒྱས་དང་ཉན་ཐོས་མི་བཞུགས་པའི་ཞིང་ཁམས་སུ་མངོན་དུ་བྱེད་པའོ། །ཕྱི་མ་ནི་སྐྱེ་བ་གཅིག་གིས་ཐོགས་པ་མན་ཆད་དུ་བཟོད་པ་འབྲིང་མན་ཆད་ཉན་ཐོས་ཀྱི་ལམ་གྱིས་བགྲོད་པར་བྱས་ནས། བཟོད་ཆེན་ནས་མི་སློབ་ལམ་གྱི་བར་གྱི་རྟོགས་པ་རྣམས་ཚེ་ཕྱི་མ་ལ་སྲིད་པ་ཐ་མ་པའི་རྟེན་ལ་སངས་རྒྱས་དང་ཉན་ཐོས་མི་བཞུགས་པའི་རྟེན་ལ་མངོན་དུ་བྱེད་པའོ། །མཛོད་ལས་གསུངས་པའི་ཕྱི་མ་འདི་གཉིས་དང་། ཀུན་བཏུས་ལས་གསུངས་པའི་ཅིག་ཆར་བ་གཉིས་ནི་དང་པོ་ཉིད་ནས་རང་རྒྱལ་གྱི་རིགས་ཅན་མིན་ཏེ། སྐྱེ་བ་གཅིག་གིས་ཐོགས་པ་མན་ཆད་དུ་ཉན་ཐོས་ཀྱི་རིགས་ཅན་ཡིན་པའི་ཕྱིར། གཉིས་པ་ནི་རང་ས་དང་། མཛོད་ནས་བཤད་པའི་དང་པོ་ལ་བརྟེན་ནས་བསེ་རུ་ལྟ་བུའི་རང་སངས་རྒྱས་སུ་འགྱུར་ལ། རང་ས་ནས་བཤད་པའི་ཕྱི་མ་གཉིས་དང་། ཀུན་བཏུས་ལས་བཤད་པའི་ཐུན་མོང་མ་ཡིན་པ་དང་། མཛོད་ལས་བཤད་པའི་ཕྱི་མ་གཉིས་ལ་བརྟེན་ནས་ཚོགས་ན་སྤྱོད་པའི་རང་སངས་རྒྱས་སུ་འགྱུར་རོ། །ཁ་ཅིག མཛོད་ནས་བཤད་པའི་ཕྱི་མ་གཉིས་ཀའང་ཉན་ཐོས་སྔོན་འགྲོ་ཡིན་ཏེ། མཛོད་འགྲེལ་ལས། རང་སངས་རྒྱས་རྣམས་ནི་རྣམ་པ་གཉིས་ཏེ། ཚོགས་ཞིང་སྤྱོད་པ་དང་། བསེ་རུ་ལྟ་བུ་རྣམས་སོ། །དེ་ལ་ཚོགས་ཞིང་སྤྱོད་པ་ནི། ཉན་ཐོས་ཀྱི་རིགས་ཅན་དུ་གྱུར་པ་སྔོན་དུ་འགྲོ་བའི་རང་རྒྱལ་བའོ་ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །འོ་ན་སྲིད་པ་ཐ་མ་པའི་རྟེན་ལ་བཟོད་ཆེན་ནས་མི་སློབ་ལམ་གྱི་རྟོགས་པ་རྣམས་བསྐྱེད་པར་བྱ་བའི་རང་སངས་རྒྱས་ཆོས་ཅན། ཉན་ཐོས་སྔོན་འགྲོ་ཡིན་པར་ཐལ། མཛོད་ནས་བཤད་པའི་ཚོགས་ན་སྤྱོད་པའི་རང་རྒྱལ་ཡིན་པའི་ཕྱིར། འདོད་ན། སྐྱེ་བ་གཅིག་གིས་ཐོགས་པའི་རྟེན་ལ། དགེ་སྦྱོང་ཚུལ་གྱི་འབྲས་བུ་དང་པོ་གཉིས་གང་རུང་མངོན་དུ་བྱས་པར་ཐལ་ལོ། །དེ་ལ་ཁོ་ན་རེ། དེ་ཆོས་ཅན། ཉན་ཐོས་སྔོན་སོང་ཡིན་ཏེ། སྐྱེ་བ་གཅིག་གིས་ཐོགས་པ་མན་ཆད་དུ་ཉན་ཐོས་ཀྱི་རིགས་ཅན་སྔོན་དུ་སོང་བར་བྱེད་པའི་རང་སངས་རྒྱས་ཡིན་པའི་ཕྱིར་ཞེ་ན། འོ་ན་རང་སངས་རྒྱས་ཡིན་ན་སོ་སྐྱེ་སྔོན་སོང་ཡིན་དགོས་པར་ཐལ་ལོ། །དེས་ན་ཉན་ཐོས་ཞེས་པ་ཉན་ཐོས་འཕགས་པ་དང་། སྔོན་གྱི་སྐྱེ་བ་གཅིག་གིས་ཐོགས་པའི་རྟེན་ལ་འཇུག་པ་གསུང་རབ་ཀྱི་དགོངས་པ་ཡིན་པས་དེ་མི་བཤིག་པར་ཞུ། གསུམ་པ་ནི། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་བསེ་རུ་ལྟ་བུའི་ཚོགས་གསག་པའི་དུས་ཀྱི་ཁྱད་པར་དངོས་སུ་གསུངས་ནས། ཚོགས་སྤྱོད་གཉིས་ཀྱི་ཚོགས་གསག་པའི་དུས་ཀྱི་ཁྱད་པར་དངོས་སུ་མ་གསུངས་པ་དང་། རང་ས་ནས་ཀྱང་དེ་ལྟར་གསུངས་པས་ཚོགས་སྤྱོད་གཉིས་ཀྱི་ཚོགས་གསག་པའི་དུས་ཀྱི་ཁྱད་པར་གང་ཞེ་ན། རང་ས་ནས་བཤད་པའི་ཕྱི་མ་གཉིས་པོ་དེས་ཀྱང་བསྐལ་པ་བརྒྱར་ཚོགས་བསགས་པར་བྱས་པ་ཡིན་ཏེ། དེ་གཉིས་དང་པོ་ནས་རང་སངས་རྒྱས་ཀྱི་རིགས་ཅན་ཡིན་པའི་ཕྱིར། མཛོད་ནས་བཤད་པའི་ཕྱི་མ་གཉིས་པོ་དེས་བསྐལ་པ་བརྒྱར་ཚོགས་བསགས་པས་མ་ཁྱབ་པ་ཡིན་ཏེ། དེ་གཉིས་དང་པོ་ནས་རང་སངས་རྒྱས་ཀྱི་རིགས་ཅན་མ་ཡིན་པར་ཉན་ཐོས་ཀྱི་རིགས་ཅན་ཡིན་པའི་ཕྱིར། གསེར་ཕྲེང་མཁན་པོ་ན་རེ། ཚོགས་ན་སྤྱོད་པའི་རང་སངས་རྒྱས་ཡིན་ན་བསྐལ་པ་བརྒྱར་ཚོགས་བསགས་པ་སྔོན་དུ་སོང་བས་ཁྱབ་ཅེས་གསུངས་སོ། །འོ་ན་ཅིག་ཆར་བའི་རྒྱུན་ཞུགས་འབྲས་གནས་རང་སངས་རྒྱས་སུ་གྱུར་པའི་རང་སངས་རྒྱས་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། ཚོགས་སྤྱོད་དང་བསེ་རུ་ལྟ་བུ་གང་རུང་གང་ཞིག བསེ་རུ་ལྟ་བུ་མིན་པའི་ཕྱིར་ཏེ། ཉན་ཐོས་སྔོན་སོང་ཡིན་པའི་ཕྱིར། རྩ་བར་འདོད་ན། ཅིག་ཆར་བའི་རྒྱུན་ཞུགས་འབྲས་གནས་ཀྱང་ཡིན། བསྐལ་པ་བརྒྱར་ཚོགས་བསགས་པའང་ཡིན་པའི་གཞི་མཐུན་ཡོད་པར་ཐལ་ལོ། །བཞི་པ་ལ། རང་སངས་རྒྱས་ཀྱི་རྣམ་གཞག་སྟོན་པའི་གསུང་རབ་རྣམས་ལས་རང་སངས་རྒྱས་འདོད་པའི་རྟེན་ཅན་ཁོ་ནར་བཤད་པའི་དོན་གང་ཞེ་ན། དེ་ལ་ཁ་ཅིག རང་སངས་རྒྱས་ཡིན་ན་འདོད་པའི་རྟེན་ཅན་ཡིན་པས་ཁྱབ་སྟེ། དེ་ཡིན་ན་རྟེན་འབྲེལ་ལུགས་འབྱུང་དང་ལུགས་ལྡོག་ཏུ་སྒོམ་པས་ཁྱབ་ཅིང་། དེ་ལ་དམིགས་རྟེན་རུས་པ་ཞིག་དགོས་པའི་ཕྱིར་ཞེ་ན། འོ་ན་ཉན་ཐོས་སློབ་པ་ཡིན་ན་འདོད་པའི་རྟེན་ཅན་ཡིན་པས་ཁྱབ་པར་ཐལ། དེ་ཡིན་ན་འཁོར་བའི་ཉེས་དམིགས་སྒོམ་པས་ཁྱབ་པ་གང་ཞིག དེ་ལ་དམིགས་རྟེན་རུས་པ་ཞིག་དགོས་པའི་ཕྱིར། རྟགས་ཁྱབ་ཁས། རང་ལུགས་ལ་རང་སངས་རྒྱས་ཡིན་ན་འདོད་པའི་རྟེན་ཅན་ཡིན་པས་ཁྱབ་སྟེ། དེ་ཡིན་ན་སྐྱེ་བ་གཅིག་གིས་ཐོགས་པའི་རྟེན་ལ་འདོད་པ་ལ་འདོད་ཆགས་དང་མ་བྲལ་བས་ཁྱབ་པ་གང་ཞིག དེའི་རྟེན་ལ་འདོད་པ་ལ་འདོད་ཆགས་དང་མ་བྲལ་བས་སྲིད་པ་ཐ་མའི་རྟེན་ལ་ཁམས་གོང་མར་སྐྱེ་བ་མི་སྲིད་པའི་ཕྱིར། རྟགས་སྔ་མ་གྲུབ་སྟེ། བསེ་རུ་ལྟ་བུའི་རང་སངས་རྒྱས་ཡིན་ན་སྐྱེ་བ་གཅིག་གིས་ཐོགས་པའི་རྟེན་ལ་སྦྱོར་ལམ་ཙམ་ཡང་མ་ཐོབ་པས་ཁྱབ་ཅིང་། སོ་སྐྱེ་སྔོན་སོང་གི་རང་སངས་རྒྱས་ཡིན་ན་མཐོང་ལམ་མ་ཐོབ་པས་ཁྱབ། ཉན་ཐོས་སྔོན་སོང་གི་རང་སངས་རྒྱས་ཡིན་ན་དེའི་རྟེན་ལ་འབྲས་བུ་གོང་མ་གཉིས་མ་ཐོབ་པས་ཁྱབ་པའི་ཕྱིར། དེ་ལ་ཁོ་ན་རེ། མ་ཁྱབ་སྟེ། སྦྱོར་ལམ་མ་ཐོབ་པའི་འདོད་པ་ལ་འདོད་ཆགས་དང་བྲལ་བ་དུ་མ་ཡོད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། སྤྱིར་དེ་ལྟར་ཡོད་ཀྱང་འདོད་པ་ལ་འདོད་ཆགས་དང་བྲལ་བའི་སོ་སྐྱེ་ཡིན་ན་ཚེ་དེ་ཉིད་ལ་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱེད་པས་ཁྱབ་ཅིང་། དེའི་ཕྱི་མར་རང་སངས་རྒྱས་སུ་འགྱུར་བ་མི་སྲིད་པའི་ཕྱིར་རོ། །ལྔ་པ་ལ་ཁ་ཅིག ཉན་རང་གི་སྤངས་རྟོགས་ལ་ཁྱད་པར་མེད་དེ། རྟོག་གེ་འབར་བ་ལས། རང་སངས་རྒྱས་རྣམས་ཉན་ཐོས་ཇི་ལྟ་བ་བཞིན་རིག་པར་བྱ་སྟེ། དེ་དག་དང་ལམ་གྱི་རྣམ་པ་མཚུངས་པའི་ཕྱིར། ཞེས་དང་། བྱང་ས་ལས། གང་ཟག་གི་བདག་མེད་པ་ཙམ་གོམས་པར་བྱས་པས་འབྲས་བུ་དམན་པ་འདོད་པས་དམན་པའི་ཁྱད་པར་ཐོབ་པ་ཡོད་དེ། ཉན་ཐོས་དང་རང་སངས་རྒྱས་བཞིན་ནོ་ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །འོ་ན་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དེ་བདེན་གྲུབ་ཏུ་ཐལ། ཡེ་ཤེས་སྙིང་པོ་ཀུན་བཏུས་ལས། གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །བློ་མཚོའི་ཕ་རོལ་ཕྱིན་པ་ཡི། །རྣལ་འབྱོར་སྤྱོད་པའི་གཞུང་དུ་བསྒྲག །ཞེས་གསུངས་པའི་ཕྱིར། ཁོ་ན་རེ། མ་ཁྱབ་སྟེ། དེ་སེམས་ཙམ་པའི་སྐབས་ཡིན་པའི་ཕྱིར་ཞེ་ན། སྔ་མའང་མ་ཁྱབ་པར་ཐལ། བྱང་ས་ལས་དེ་ལྟར་བཤད་པ་སེམས་ཙམ་པའི་སྐབས་ཡིན་པའི་ཕྱིར། ཁ་ཅིག ཉན་རང་གི་སྤངས་རྟོགས་ལ་ཁྱད་པར་མེད་དེ། དེ་གཉིས་ཀས་འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པར་མཚུངས་པའི་ཕྱིར། རྟགས་སྒྲུབ་པ་ལ། རིགས་པའི་སྒྲུབ་བྱེད་གསུམ་དང་། ལུང་གི་སྒྲུབ་བྱེད་བཞི་ལས། དང་པོ་ནི། ཉན་རང་དགྲ་བཅོམ་པས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་མ་སྤངས་པར་ཐལ་བ་དང་། ས་དང་པོའི་བྱང་སེམས་ཀྱིས་ཉན་རང་དགྲ་བཅོམ་པ་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་ནུས་པར་ཐལ། དེས་དེ་དངོས་སུམ་མ་རྟོགས་པའི་ཕྱིར། དེས་གང་ཟག་གི་བདག་མེད་མངོན་སུམ་དུ་མ་རྟོགས་པར་ཐལ། དེས་གདགས་གཞི་ཕུང་པོ་རང་བཞིན་མེད་པར་མ་རྟོགས་པའི་ཕྱིར། གཉིས་པ་ནི། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་དེ། །དེ་ལས་ཡང་ནི་སྐྱེ་བར་འགྱུར། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །འཁོར་ལོ་ལྟ་བུ་ཕན་ཚུན་དུ། །རྒྱུ་ཅན་དེ་ནི་འཁོར་བར་འགྱུར། །ཞེས་དང་། ཉན་ཐོས་རང་ཉིད་ལ་གྲགས་པའི་མདོ་ལས། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་ཤེས་པ་སྒྱུ་མ་བཞིན། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་དང་། རྩ་ཤེར་ལས། བཅོམ་ལྡན་དངོས་དང་དངོས་མེད་པ། །ཞེས་སོགས་དང་། རིན་ཆེན་ཕྲེང་བར། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱིས་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེ་དོན་དུ་ན། །གཅིག་པས་དེ་ཕྱིར་བཟོད་པར་གྱིས། །ཞེས་གསུངས་པའི་ཕྱིར། ཞེས་ཟེར་རོ། །མི་འཐད་དེ། འདི་དགག་པ་ལ་བསྒྲུབ་བྱ་དགག་པ་དང་། སྒྲུབ་བྱེད་དགག་པ་གཉིས། དང་པོ་ནི། རང་རྒྱལ་དགྲ་བཅོམ་པ་དེ་ཉན་ཐོས་དགྲ་བཅོམ་པ་ལས་རྣམ་པར་ཐར་པ་ཅུང་ཟད་ཙམ་གྱིས་ལྷག་པ་མ་ཡིན་པར་ཐལ་བ་དང་། རང་རྒྱལ་དགྲ་བཅོམ་པ་དང་། ཉན་ཐོས་དགྲ་བཅོམ་པའི་རྣམ་གྲོལ་གཉིས་ཀྱི་སྤངས་པ་ལ་ཁྱད་པར་མེད་པར་ཐལ། དེ་གཉིས་ཀྱི་སྤངས་པ་ལ་ཁྱད་པར་མེད་པའི་ཕྱིར། འདོད་ན། རྣམ་པར་ཐར་པ་ཅུང་ཟད་ཙམ་གྱིས་ལྷག་པ་ཞེས་དང་། ཉོན་མོངས་ཤེས་བྱ་ལམ་གསུམ་དང་། །ཉམས་ཕྱིར་སློབ་མ་བསེ་རུ་དང་། །ཞེས་པའི་གཞུང་དང་འགལ་ལོ། །ཡང་བྱང་སེམས་ཀྱི་རྟོགས་རིགས་ལས་ལོགས་སུ་རང་སངས་རྒྱས་ཀྱི་ལམ་ཤེས་པར་བྱེད་པ་ལ་དགོས་པ་མེད་པར་ཐལ། དེ་གཉིས་ཀྱི་སྤངས་རྟོགས་ལ་ཁྱད་པར་མེད་པའི་ཕྱིར། འདོད་ན། ལམ་ཤེས་དེ་ལ་རྣམ་པ་གསུམ་གསུངས་པ་དང་འགལ་ལོ། །གཉིས་པ་ནི། འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་པ་དེ་སྒྲིབ་པ་གཉིས་ཀྱི་ནང་ནས་ཉོན་སྒྲིབ་ཀྱི་གཉེན་པོའི་རིགས་ཡིན་པར་ཐལ། རིགས་པའི་སྒྲུབ་བྱེད་དང་པོ་ལ་ཁྱབ་པ་ཡོད་པའི་ཕྱིར། ས་དང་པོའི་བྱང་སེམས་དེས་ཉན་རང་དགྲ་བཅོམ་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་ནུས་པར་ཐལ། སྔ་མས་ཆོས་དབྱིངས་ཀུན་འགྲོའི་ཚུལ་གྱིས་རྟོགས། ཕྱི་མས་དེ་མ་རྟོགས་པའི་ཕྱིར་དང་། སྔ་མས་སྦྱིན་པའི་ཕར་ཕྱིན་འཁོར་གསུམ་མི་དམིགས་པར་རྟོགས། ཕྱི་མས་དེ་མ་རྟོགས་པའི་ཕྱིར། ཡང་ཐག་ཁྲ་ལ་ཐག་ཁྲར་བདེན་པར་ཞེན་པའི་སོ་སྐྱེའི་རྟོགས་པ་ཆོས་ཅན། ཐག་ཁྲའི་སྟེང་གི་སྦྲུལ་བདེན་མེད་དུ་མ་རྟོགས་པར་ཐལ། ཐག་ཁྲ་བདེན་མེད་དུ་མ་རྟོགས་པའི་ཕྱིར། ཁྱབ་པ་རིགས་པའི་སྒྲུབ་བྱེད་གསུམ་ལ་ཁས། ཡང་ཉན་ཐོས་ཀྱི་གཞི་ཤེས་དེ་གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་མཚན་འཛིན་དང་འཛིན་སྟངས་འགལ་བར་ཐལ། དེས་འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་ཕྱིར། འདོད་ན། ཉན་ཐོས་ཀྱི་གཞི་ཤེས་དང་བྱང་སེམས་ཀྱི་གཞི་ཤེས་ལ་འབྲས་ཡུམ་ལ་ཉེ་རིང་གི་ཁྱད་པར་མེད་པར་ཐལ་ལོ། །ཁ་ཅིག རང་སངས་རྒྱས་ཡིན་ན་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པས་ཁྱབ་པ་ཡིན་ཏེ། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །ཞེས་པའི་གཞུང་དེས་རང་སངས་རྒྱས་ཀྱི་ལམ་གྱི་རྟོགས་རིགས་བསྟན་པའི་ཕྱིར་ཞེ་ན། ཉན་ཐོས་ཅིག་ཆར་བ་སྔོན་སོང་གི་རང་སངས་རྒྱས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་མཐོང་ལམ་སྔོན་དུ་སོང་བར་ཐལ། འདོད་པ་གང་ཞིག དགྲ་བཅོམ་ཡིན་པའི་ཕྱིར། འདོད་ན། ཅིག་ཆར་བའི་རྒྱུན་ཞུགས་འབྲས་གནས་དེས་གཟུང་བ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པར་ཐལ་ལོ། །རང་ལུགས་ནི། སྤྱིར་རང་སངས་རྒྱས་ལ་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་གཉིས་ལས། དང་པོ་དེ་ཡིན་ན་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པས་ཁྱབ་སྟེ། དེ་ཡིན་ན་དང་པོ་ཉིད་ནས་རང་སངས་རྒྱས་ཀྱི་ཚོགས་ལམ་དུ་ཞུགས་པས་ཁྱབ་པ་གང་ཞིག རང་སངས་རྒྱས་ཀྱི་ལམ་དེ་ལ་རྟོགས་རིགས་དེ་ཁྱད་ཆོས་སུ་ལྡན་པའི་ཕྱིར། དེས་ན། གཟུང་དོན་རྟོགས་པ་སྤོང་ཕྱིར་དང་། །ཞེས་པའི་དོན་ནི་འདི་ལ་དགོངས་སོ། །མཛོད་ནས་བཤད་པའི་ཚོགས་སྤྱོད་ཕྱི་མ་གཉིས་དང་། ཀུན་བཏུས་ནས་བཤད་པའི་ཅིག་ཆར་བ་སྔོན་སོང་རྣམས་ཀྱིས་ནི་དེ་མ་རྟོགས་ཏེ། དེས་ཚོགས་ལམ་གྱི་གནས་སྐབས་སུ་གཟུང་བ་ཆོས་ཀྱི་བདག་མེད་ལ་ཐོས་བསམ་མ་བྱས་པས་མཐོང་ལམ་གྱི་གནས་སྐབས་སུ་དེ་མངོན་སུམ་དུ་མཐོང་བ་མེད་ལ། དེ་མེད་པར་སྒོམ་ལམ་དུ་རྟོགས་ཟིན་སྒོམ་པར་བྱེད་པ་མི་འབྱུང་བའི་ཕྱིར། འོ་ན་དེ་གསུམ་རང་སངས་རྒྱས་མ་ཡིན་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། སྲིད་པ་ཐ་མ་པའི་རྟེན་ལ་སངས་རྒྱས་དང་ཉན་ཐོས་མེད་པའི་འདོད་པ་ཁམས་སུ་རང་ཉིད་ཀྱིས་བྱང་ཆུབ་མངོན་དུ་བྱས་པའི་ཐེག་དམན་དགྲ་བཅོམ་ཡིན་པའི་ཕྱིར། རང་ས་ནས་བཤད་པའི་ཕྱི་མ་གཉིས་པོ་དེས་ཀྱང་། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་ཏེ། སྒྲུབ་བྱེད་སྔར་བཞིན། སེམས་ཙམ་པ་རྣམས་ཀྱིས་གཟུང་བ་ཆོས་ཀྱི་བདག་མེད་གཏན་མ་རྟོགས་པར་འདོད་པ་ནི། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་པ་དེ་ཐེག་ཆེན་གྱི་རྟོགས་རིགས་ཁོ་ནའི་དབང་དུ་བྱས་སོ། །དྲུག་པ་ལ་དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག རང་སངས་རྒྱས་ལ་འབྲས་བུ་ཐོག་མཐའ་གཉིས་གཞག་པ་ཡིན་གྱི། བར་པ་གཉིས་གཞག་ཏུ་མི་རུང་སྟེ། རང་སངས་རྒྱས་ཡིན་ན་སྤང་བྱ་ཅིག་ཅར་བ་ཡིན་པའི་ཕྱིར་ཞེ་ན། གཏན་ཚིགས་དེ་མ་གྲུབ་སྟེ། བསེ་རུ་ལྟ་བུའི་རང་སངས་རྒྱས་དེའང་སྤང་བྱ་ཅིག་ཅར་བ་མ་ཡིན། སོ་སྐྱེ་སྔོན་སོང་གི་ཚོགས་སྤྱོད་དེའང་ཅིག་ཅར་བ་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱིས་མཐོང་ལམ་གྱི་སྔ་རོལ་དུ་སྲིད་ཉོན་དགུ་པ་སྤངས་པར་ཐལ། ཁྱོད་ཀྱིས་དེར་འདོད་ཉོན་དགུ་པ་སྤངས་པ་གང་ཞིག མ་གྲུབ་པ་དེའི་ཕྱིར། གཏན་ཚིག་དང་པོ་དེར་ཐལ། ཁྱོད་ཀྱིས་དེར་བསམ་གཏན་བཞི་པའི་དངོས་གཞི་ཐོབ་པའི་ཕྱིར་ཏེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་སྟན་གཅིག་ལ་ཀུན། །ཞེས་གསུངས་པའི་ཕྱིར། རྩ་བའི་གཏན་ཚིགས་ཕྱི་མ་མ་གྲུབ་ན། སོ་སྐྱེ་སྔོན་སོང་གི་ཚོགས་སྤྱོད་དེ་ཆོས་ཅན། ཉན་ཐོས་སུ་ཐལ། མཐོང་ལམ་ཐོབ་པའི་ལུས་རྟེན་ལ་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་པ་གང་ཞིག མ་གྲུབ་པ་དེའི་ཕྱིར། ཁྱབ་སྟེ། ཀུན་བཏུས་ལས། ཕལ་ཆེར་ནི་མཐོང་བའི་ཆོས་སམ་འཆི་བའི་དུས་ཀྱི་ཚེ་ཀུན་ཤེས་པ་ཉིད་འཐོབ་པར་བྱེད་ལ། གལ་ཏེ་མི་བྱེད་ནའང་སྨོན་ལམ་གྱི་སྟོབས་ཅན་ཡིན་ཏེ། སངས་རྒྱས་འབྱུང་བ་མེད་པ་ན་རང་རྒྱལ་བར་འགྱུར་རོ་ཞེས་གསུངས་པས་སོ། །རྟགས་ཕྱི་མ་དངོས། སྔ་ཐུར་དེར་ཐལ། དེས་སྐྱེ་བ་གཅིག་གིས་ཐོགས་པའི་རྟེན་ལ་མཐོང་ལམ་མ་ཐོབ་པའི་ཕྱིར། གཞན་ཡང་རང་སངས་རྒྱས་ལ་འབྲས་བུ་ཐོག་མཐའ་གཉིས་འཇོག བར་པ་མི་འཇོག་པ་དེ་རང་སངས་རྒྱས་ཉིད་ལ་བྱེད་དམ། དེའི་རིགས་ཅན་སློབ་པ་ལ་བྱེད། དང་པོ་ལྟར་ན། དེ་ཆོས་ཅན། ཁྱོད་དང་རྒྱུན་ཞུགས་ཀྱི་གཞི་མཐུན་མེད་པར་ཐལ། ཁྱོད་དགྲ་བཅོམ་པ་ཡིན་པའི་ཕྱིར། ཕྱི་མ་ལྟར་ན་རང་སངས་རྒྱས་ཀྱི་རིགས་ཅན་སློབ་པ་ལ་འབྲས་བུ་བར་པ་གཉིས་གཞག་ཏུ་རུང་བ་ཐལ། དེ་སྤང་བྱ་རིམ་གྱིས་པ་ཡིན་པ་གང་ཞིག དེ་ཉན་ཐོས་ཡིན་པའི་ཕྱིར། དེའི་སྒྲུབ་བྱེད་འོག་ཏུ་འབྱུང་ངོ་། །གཉིས་པ་ནི། རང་སངས་རྒྱས་ཉིད་ལ་འབྲས་བུ་བར་པ་གཉིས་གཞག་དུ་མེད་དེ། དེ་ཡིན་ན་དགྲ་བཅོམ་པ་ཡིན་པའི་ཕྱིར། དེའི་རིགས་ཅན་སློབ་པ་ལ་འབྲས་བུ་བར་པ་གཉིས་གཞག་ཏུ་ཡོད་དེ། དེ་ལ་མཐོང་སྤང་ཀུན་སྦྱོར་གསུམ་སྤངས་ནས་འདོད་ཉོན་དྲུག་པ་མ་སྤངས་པ་དང་། དེ་སྤངས་ནས་འདོད་ཉོན་དགུ་པ་མ་སྤངས་པ་དང་། དེ་སྤངས་ནས་ཁམས་གོང་གི་ཉོན་མོངས་ཅུང་ཟད་ཙམ་ཡང་མ་སྤངས་པ་དང་། སྲིད་ཉོན་དགུ་པ་མ་སྤངས་པ་རྣམས་སུ་ཡོད་པའི་ཕྱིར། དེས་རང་ས་ནས་བཤད་པའི་རང་རྒྱལ་གྱི་རིགས་ཅན་གསུམ་པོ་ལའང་ཅི་རིགས་པར་ཤེས་པར་བྱའོ། །བདུན་པ་ནི། རང་རྒྱལ་ཡིན་ན་མི་སློབ་པ་ཡིན་པར་ལུང་གིས་སྒྲུབ། རིགས་པས་སྒྲུབ། རྩོད་པ་སྤང་བ་གསུམ་ལས། དང་པོ་ནི་ཤེར་ཕྱིན་གྱི་མདོ་ལས། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་ཞེས་ཉན་ཐོས་ལ་བཞིར་ཕྱེ་ནས་རང་སངས་རྒྱས་ལ་དབྱེ་བ་མ་མཛད་པ་དང་། བཟང་སྤྱོད་ལས། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །ཞེས་ཐེག་ཆེན་དང་ཉན་ཐོས་ལ་སློབ་མི་སློབ་གཉིས་སུ་ཕྱེ་ནས་རང་རྒྱལ་ལ་དབྱེ་བ་མ་མཛད་པ་དང་། མདོ་སྡེ་རྣམས་ཀྱི་གླེང་གཞི་ལས། འཁོར་ཕུན་སུམ་ཚོགས་པ་འཆད་པའི་སྐབས་སུ། ཉན་ཐོས་དང་བྱང་སེམས་ཀྱི་དགེ་འདུན་གྱི་དབྱེ་བ་མཛད་ནས་རང་སངས་རྒྱས་ཀྱི་རྣམ་གཞག་མ་མཛད་པ་དང་། མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །ཞེས་བརྗོད་བྱའི་སྒོ་ནས་འདུལ་བའི་སྡེ་སྣོད་སོགས་གསུམ། གདུལ་བྱའི་སྒོ་ནས་ཉན་ཐོས་ཀྱི་སྡེ་སྣོད་དང་། ཐེག་ཆེན་གྱི་སྡེ་སྣོད་ཀྱི་རྣམ་གཞག་མཛད་ནས་རང་སངས་རྒྱས་ཀྱི་སྡེ་སྣོད་ཀྱི་རྣམ་གཞག་མ་མཛད་པ་དང་། རྩ་བར། བསེ་རུ་དང་ནི་ཉི་ཤུ་འོ། །ཞེས་ཉན་ཐོས་ཀྱི་དགེ་འདུན་ལ་བཅུ་དགུར་ཕྱེ་ནས་རང་སངས་རྒྱས་ལ་དབྱེ་བ་མ་མཛད་པ་དང་། རྩ་ཤེར་ལས་ཀྱང་། སངས་རྒྱས་རྣམས་ནི་མི་བཞུགས་ཤིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །སྟོན་པ་མེད་ལས་རབ་ཏུ་སྐྱེ། །ཞེས་དང་། རིགས་གཏེར་ལས། འཕགས་པ་གསུམ་གྱི་མངོན་སུམ་གསུམ། །སློབ་དང་མི་སློབ་སྒོ་ནས་ལྔ། །ཞེས་ཐེག་ཆེན་དང་ཉན་ཐོས་ལ་སློབ་མི་སློབ་ཀྱི་རྣལ་འབྱོར་མངོན་སུམ་གཉིས་གཉིས་སུ་ཕྱེ་ནས། རང་སངས་རྒྱས་ལ་དབྱེ་བ་མ་མཛད་པ་རྣམས་ནི་རང་སངས་རྒྱས་སློབ་པ་མེད་པའི་ལུང་ཡིན་ལ། འདི་འདྲའི་རིགས་ཅན་མང་དུ་ཡོད་ཀྱང་ཡི་གེ་མང་དུ་དོགས་པས་འདིར་མ་བྲིས་སོ། །ཆུར་གནས་འོ་མ་རྣམ་པར་འབྱེད་པ་ལ། །འདབ་བཟང་ངང་པའི་མཆུ་ནི་ཇི་བཞིན་དུ། །དོན་ལྡན་གསུང་རབ་རྣམ་པར་འབྱེད་པ་ལ། །བསོད་ནམས་སེང་གེའི་བློ་གྲོས་དེ་བཞིན་ནོ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ནི། རང་རྒྱལ་སློབ་པ་ཡོད་པར་ཁས་ལེན་ན། བསེ་རུ་ལྟ་བུའི་རང་རྒྱལ་གྱི་རིགས་ཅན་ཚོགས་ལམ་པ་དེ་བསེ་རུའི་རང་རྒྱལ་དུ་ཁས་ལེན་དགོས་པས། དེ་ཆོས་ཅན། བསྐལ་པ་བརྒྱར་ཚོགས་བསགས་པ་ལས་བྱུང་བར་ཐལ། ཁས་བླངས་དེའི་ཕྱིར། ཁྱབ་སྟེ། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །ཞེས་གསུངས་པའི་ཕྱིར། ཁོ་ན་རེ། ཉན་ཐོས་ཡིན་ན་ཚེ་གསུམ་ཚོགས་བསགས་པ་ལས་བྱུང་བས་ཁྱབ་པར་ཐལ། མྱུར་བ་སྲིད་པ་གསུམ་གྱི་མཐར། །ཞེས་གསུངས་པའི་ཕྱིར་ཞེ་ན། མི་མཚུངས་ཏེ། སྔ་མས་ནི་བསེ་རུ་ལྟ་བུའི་རང་རྒྱལ་དེ་བསྐལ་པ་བརྒྱར་ཚོགས་བསགས་པའི་རྒྱུ་ལས་བྱུང་བར་བསྟན་ལ། ཕྱི་མས་ནི་ཉན་ཐོས་བརྩོན་འགྲུས་མྱུར་བ་སྲིད་པ་གསུམ་གྱིས་ཐར་བར་བསྟན་པའི་ཕྱིར། གཞན་དུ་ན། དེ་གྲངས་མེད་གསུམ་ལ་སངས་རྒྱ་ཞེས་བཤད་ན། རྫོགས་པའི་སངས་རྒྱས་ཡིན་ན། བསྐལ་པ་གྲངས་མེད་གསུམ་ཚོགས་བསགས་པ་ལས་བྱུང་བའི་ཁྱབ་པར་ཐལ། ཁྱོད་ཀྱི་ཐལ་འགྱུར་དེ་ལ་ཁྱབ་པ་ཡོད་པའི་ཕྱིར། ཁྱབ་པ་སྒྲིགས་མཚམས་དང་བཅས་པ་ཁས་བླངས་སོ། །ཡང་དེ་ཆོས་ཅན། ཡེ་ཤེས་རྒྱ་ཆེ་བའི་གང་ཟག་ཏུ་ཐལ། རང་སངས་རྒྱས་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་ལས། འཁོར་ལོས་སྒྱུར་དང་རང་བྱུང་གཉིས། །ལས་སམ་ཡེ་ཤེས་སམ་གཉིས་ཀ །རྒྱ་ཆེའི་ཕྱིར་ན་གོ་རིམ་བཞིན། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། མིན་པར་ཐལ། ཐེག་དམན་སོ་སྐྱེ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། རང་བྱུང་གི་བསྙེན་པར་རྫོགས་པའི་གང་ཟག་ཏུ་ཐལ། རང་སངས་རྒྱས་ཡིན་པའི་ཕྱིར། ཁྱབ་སྟེ། མེ་ཏོག་ཕྲེང་རྒྱུད་ལས། འདྲེན་པ་རང་རྒྱལ་རང་བྱུང་གིའོ། །ཞེས་གསུངས་པའི་ཕྱིར། མཆོག་གི་སྤྲུལ་སྐུའི་སྐུ་དངོས་ཀྱི་འཁོར་དུ་གྱུར་པའི་བསེ་རུ་ལྟ་བུའི་རིགས་ཅན་གྱི་སློབ་པ་ཆོས་ཅན། བསེ་རུ་ལྟ་བུའི་རང་རྒྱལ་མ་ཡིན་པར་ཐལ། མཆོག་གི་སྤྲུལ་སྐུའི་དངོས་ཀྱི་འཁོར་ཡིན་པའི་ཕྱིར། བསལ་བ་ཁས། མ་གྲུབ་ན། དེར་ཐལ། དེ་འདྲ་ཡོད་པའི་ཕྱིར་ཏེ། མཆོག་གི་སྤྲུལ་སྐུ་དེ་རིགས་ཅན་གསུམ་པོ་དེ་ལ་ཆོས་འཁོར་བསྐོར་བ་པོ་ཡིན་པའི་ཕྱིར་དང་། བསེ་རུ་ལྟ་བུའི་རིགས་ཅན་གྱི་སློབ་པ་དེ་བསྐལ་པ་བརྒྱར་སངས་རྒྱས་འབྱུང་བ་མཉེས་པར་བྱེད་པ་སོགས་ཀྱི་སྒོ་ནས་བསྐལ་པ་བརྒྱར་ཚོགས་གསག་དགོས་པའི་ཕྱིར། གསུམ་པ་ནི། ཁ་ཅིག རང་རྒྱལ་སྒོམ་ལམ་པ་ཡོད་པར་ཐལ། དེའི་སྒོམ་ལམ་ལ་གནས་པའི་གང་ཟག་ཡོད་པའི་ཕྱིར་ཞེ་ན། སངས་རྒྱས་སྒོམ་ལམ་པ་ཡོད་པར་ཐལ། དེའི་སྒོམ་ལམ་ལ་གནས་པའི་གང་ཟག་ཡོད་པའི་ཕྱིར། དེ་འདྲའི་རིགས་ཅན་གཞན་ལའང་འགྲེའོ། །ཁ་ཅིག རང་སངས་རྒྱས་སློབ་པ་ཡོད་པར་ཐལ། བསེ་རུ་དང་ནི་ཉི་ཤུའོ། །ཞེས་པའི་སྐབས་ནས་བསྟན་པའི་བསེ་རུ་ལྟ་བུ་དེ་ཐེག་དམན་སློབ་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །ཞེས་པའི་སྐབས་ནས་བསྟན་པའི་མཚོན་བྱེད་དཔེའི་དགེ་འདུན་ཡིན་པའི་ཕྱིར། ཁྱབ་སྟེ། དེའི་སྐབས་ནས་བསྟན་པའི་མཚོན་བྱ་དོན་གྱི་དགེ་འདུན་ཡིན་ན་ཐེག་ཆེན་སློབ་པ་ཡིན་དགོས་པའི་ཕྱིར། ཡང་དེའི་སྐབས་ནས་བསྟན་པའི་མཚོན་བྱ་དོན་གྱི་དགེ་འདུན་དང་། ཐེག་ཆེན་དགྲ་བཅོམ་པའི་གཞི་མཐུན་ཡོད་པར་ཐལ། དེའི་སྐབས་ནས་བསྟན་པའི་མཚོན་བྱེད་དཔེའི་དགེ་འདུན་དང་། ཐེག་དམན་དགྲ་བཅོམ་པའི་གཞི་མཐུན་ཡོད་པའི་ཕྱིར། སྔ་ཕྱི་གཉིས་ཀ་ལ་ཁྱབ་པ་ཡོད་དེ་དགེ་འདུན་ལ་སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པ་ཉིད་ཅེས་གསུངས་པའི་ཕྱིར་ཟེར་རོ། །འོ་ན་དེའི་སྐབས་ནས་བསྟན་པའི་མཚོན་བྱེད་དཔེའི་དགེ་འདུན་གྱི་ནང་ཚན་ཡིན་ན་ཐེག་དམན་སློབ་པ་ཡིན་དགོས་པར་ཐལ། དེའི་སྐབས་ནས་བསྟན་པའི་མཚོན་བྱ་དོན་གྱི་དགེ་འདུན་ཡིན་ན་སློབ་པ་ཡིན་དགོས་པའི་ཕྱིར། འདོད་ན། བསེ་རུ་དང་ནི་ཉི་ཤུའོ། །ཞེས་པའི་སྐབས་ནས་བསྟན་པའི་བསེ་རུ་ལྟ་བུ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཉན་ཐོས་སུ་ཐལ། གཞན་ཡང་དེའི་སྐབས་ནས་བསྟན་པའི་མཚོན་བྱེད་དཔེའི་དགེ་འདུན་དེ་ལ་དབང་པོ་རྟུལ་པོ་སོགས་ཉི་ཤུར་མེད་པར་ཐལ། དེ་ལ་སྐྱེས་བུ་ཆེན་པོ་བདུན་པོར་ངེས་པའི་ཕྱིར། ཁྱབ་པ་གྲུབ་ཅིང་། རྟགས་ཁས། འདོད་མི་ནུས་ཏེ། རང་སངས་རྒྱས་དང་ལྷན་ཅིག་བརྒྱད་པོ་དབང་པོ་རྟུལ་པོ་ལ་སོགས་པ་གྲངས་ཉི་ཤུར་ཆད་པ་ཞེས་གསུངས་པའི་ཕྱིར། གཞན་ཡང་དེའི་སྐབས་ཀྱི་མཚོན་བྱེད་དཔེའི་དགེ་འདུན་ཡིན་ན་ཐེག་དམན་འཕགས་པ་ཡིན་དགོས་པར་ཐལ། དེའི་སྐབས་ཀྱི་མཚོན་བྱ་དོན་གྱི་དགེ་འདུན་ཡིན་ན་ཐེག་ཆེན་འཕགས་པ་ཡིན་དགོས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སྦྱོར་ལམ་སྟན་གཅིག་པའི་རྟོགས་པ་ལ་གནས་པའི་རྒྱུན་ཞུགས་ཞུགས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། རྒྱུན་ཞུགས་ཞུགས་པ་ཡིན་པའི་ཕྱིར། ཐལ་འགྱུར་ཕྱི་མ་ལ་དེའི་སྐབས་ཀྱི་མཚོན་བྱ་དོན་གྱི་དགེ་འདུན་དང་སོ་སྐྱེའི་གཞི་མཐུན་ཡོད་པར་ཐལ། དེའི་སྐབས་ཀྱི་མཚོན་བྱེད་དཔེའི་དགེ་འདུན་དང་སོ་སྐྱེའི་གཞི་མཐུན་ཡོད་པའི་ཕྱིར། ཁྱབ་པ་ཁས། དེ་ན་གཞུང་དེའི་དོན་ནི། མཚོན་བྱེད་ཉན་ཐོས་ཀྱི་དགེ་འདུན་དེ་ལ་ཉན་ཐོས་དགྲ་བཅོམ་པ་མེད་དེ། དེས་མཚོན་བྱ་དོན་གྱི་དགེ་འདུན་དེ་སྤངས་རྟོགས་ཀྱི་སྒོ་ནས་མཚོན་པ་ཡིན་ཅིང་། དེ་དང་སྤངས་རྟོགས་ཆ་འདྲ་བ་ནི་ཐེག་ཆེན་དགྲ་བཅོམ་པ་ཡིན་པས། དགེ་འདུན་དཀོན་མཆོག་གི་ཁོངས་སུ་མ་གཏོགས་པའི་ཕྱིར། མཚོན་བྱེད་རང་རྒྱལ་གྱི་དགེ་འདུན་ནི་མི་སློབ་པ་ཁོ་ན་ཡིན་ཏེ། དེ་དང་ཆོས་སྟོན་ཚུལ་གྱིས་སྒོ་ནས་མཚོན་པ་ནི་གང་ཞིག ཆོས་སྟོན་ཚུལ་དེ་ནི་རང་རྒྱལ་མི་སློབ་པ་ལ་ལྡན་པའི་ཕྱིར་ཏེ། ཉི་སྣང་ལས། ཉན་ཐོས་དགེ་འདུན་བཅུ་དགུས་མཚོན་ཚུལ་བཤད་ཟིན་པའི་འོག་ཏུ་མཚོན་བྱེད་དཔེའི་དགེ་འདུན་ལ་དགྲ་བཅོམ་པ་མེད་པས་སྐྱེས་བུ་ཆེན་པོ་བདུན་པོ་དེར་ངེས་པར་བཤད་ཅིང་། དེའི་འོག་ཏུ་མཚོན་ཚུལ་ལོགས་སུ་བཤད་པའི་དོན་བསྡུས་ནས་སློབ་དཔོན་གྱིས་ཕྱོགས་གཅིག་ཏུ་མཛད་པ་ཡིན་པས་འཁྲུལ་པ་མེད་དོ། །གནད་འདི་ཇི་ལྟ་བ་བཞིན་རྟོགས་པ་ནི་ཁོ་བོ་འབའ་ཞིག་གོ །ཡང་ཁ་ཅིག རང་རྒྱལ་སྦྱོར་ལམ་པ་ཡོད་པར་ཐལ། ཉན་ཐོས་བསེ་རུ་ལྟ་བུ་དང་། །ཞེས་པའི་སྐབས་ནས་བསྟན་པའི་བསེ་རུ་ལྟ་བུའི་རང་རྒྱལ་སྦྱོར་ལམ་པ་ཡོད་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །ཞེས་པའི་སྐབས་ནས་བསྟན་པའི་བྱང་ཆུབ་སེམས་དཔའ་དེ་བྱང་སེམས་སྦྱོར་ལམ་པ་ཡིན་པའི་ཕྱིར་ཞེ་ན། དེ་ལ་ཁྱབ་པ་མེད་པར་ཐལ། རང་སངས་རྒྱས་ཀྱི་སྦྱོར་ལམ་ཡོད་ན། རང་སངས་རྒྱས་སྦྱོར་ལམ་པ་ཡོད་པས་མ་ཁྱབ་པའི་ཕྱིར། ཡང་རང་སངས་རྒྱས་སྒོམ་ལམ་པ་ཡོད་པར་ཐལ། ཉན་ཐོས་སྒོམ་ལམ་པ་ལས་ལམ་བགྲོད་ཚུལ་གྱི་སྒོ་ནས་ཁྱད་པར་འཕགས་པའི་རང་སངས་རྒྱས་ཡོད་པའི་ཕྱིར། ཁྱབ་སྟེ། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །ཞེས་གསུངས་པའི་ཕྱིར་ཞེ་ན། གཞུང་དེས་རང་རྒྱལ་སློབ་པ་མ་བསྟན་པར་ཐལ། གཞུང་དེས་རང་རྒྱལ་མི་སློབ་པའི་ཡེ་ཤེས་བསྟན་པའི་ཕྱིར། ཡང་རང་སངས་རྒྱས་སློབ་པ་ཡོད་པར་ཐལ། རང་ལམ་དུ་ཤེས་སྒྲིབ་གཟུང་རྟོག་སྤང་། འཛིན་རྟོགས་མི་སྤོང་བའི་རང་རྒྱལ་གྱི་སྒྲུབ་པའི་རྟེན་རང་བཞིན་གནས་རིགས་དང་ལྡན་པའི་རང་སངས་རྒྱས་ཡོད་པའི་ཕྱིར་ཏེ། གཟུང་དོན་རྟོག་པ་སྤང་ཕྱིར་དང་། །ཞེས་གསུངས་པའི་ཕྱིར་ཞེ་ན། དེ་ལ་མ་ཁྱབ་པར་ཐལ། གཞུང་དེས་རང་སངས་རྒྱས་ཀྱི་ལམ་དེ་ཁྱད་པར་གསུམ་ལྡན་དུ་བསྟན་པ་ནི་གང་ཞིག རང་སངས་རྒྱས་ཀྱི་ལམ་ལ་གནས་པའི་གང་ཟག་ཡིན་ན་རང་སངས་རྒྱས་ཡིན་པས་མ་ཁྱབ་པའི་ཕྱིར། དེ་ལ་ཁོ་ན་རེ། མཆོག་གི་སྤྲུལ་སྐུའི་འཁོར་དུ་བྱུང་བའི་བསེ་རུ་ལྟ་བུའི་རིག་ཅན་གྱི་སློབ་པ་དེ་ཉན་ཐོས་ཡིན་ནམ་མིན་ཞེ་ན། དེའི་འཁོར་ན་ཡོད་པའི་དགེ་འདུན་ལ་བྱང་སེམས་ཀྱི་དགེ་འདུན་དང་ཉན་ཐོས་ཀྱི་དགེ་འདུན་གཉིས་སུ་ཕྱེ་བའི་ཚེ་ཉན་ཐོས་ཀྱི་དགེ་འདུན་ཡིན་ཅིང་། རིགས་ཅན་གསུམ་དུ་ཕྱེ་བའི་ཚེ་རང་རྒྱལ་གྱི་རིགས་ཅན་དང་། ཐེག་པ་གསུམ་དུ་ཕྱེ་བའི་ཚེ་རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེ་ཆུང་གཉིས་སུ་ཕྱེ་བའི་ཚེ་ཐེག་པ་ཆུང་ངུ་བ་ཡིན་ནོ། །ཡང་ཁོ་ན་རེ། བསེ་རུ་ལྟ་བུའི་རིགས་ཅན་གྱི་སྲིད་པ་ཐ་མ་པ་ཆོས་ཅན། སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་ཁམས་སུ་སྐྱེ་བ་མིན་པར་ཐལ། ཁྱོད་གང་ན་ཡོད་པའི་ཞིང་དེར་ཉན་ཐོས་ཡོད་པའི་ཕྱིར། ཁྱོད་ཉན་ཐོས་ཡིན་པའི་ཕྱིར། རྩ་བར་འདོད་ན། བསེ་རུ་ལྟ་བའི་རང་སངས་རྒྱས་དེ་དེར་སྐྱེས་པ་མིན་པར་ཐལ། འདོད་པ་དེའི་ཕྱིར་ཞེས་ཟེར་ན། བསེ་རུ་ལྟ་བུའི་རང་སངས་རྒྱས་ཀྱི་རིགས་ཅན་སྲིད་པ་ཐ་མ་པ་དེ་ཆོས་ཅན། ཁྱོད་དེར་སྐྱེས་པ་མ་ཡིན་པར་ཐལ། ཁྱོད་གང་དུ་སྐྱེས་པའི་ཞིང་དེར་སངས་རྒྱས་ཡོད་པའི་ཕྱིར་ཏེ། ཁྱོད་སངས་རྒྱས་ཀྱི་གདུལ་བྱ་ཡིན་པའི་ཕྱིར། རིམ་བཞིན་ཁས་བླངས་སོ། །བརྒྱད་པ་ནི། ཁ་ཅིག རང་ཉིད་ཀྱི་དོན་དུ་བྱང་ཆུབ་མངོན་དུ་བྱས་པའི་དོན་གྱི་ན་རང་སངས་རྒྱས་ཞེས་འཇོག་པ་ཡིན་ནོ་ཞེ་ན། མི་འཐད་དེ། ཉན་ཐོས་དགྲ་བཅོམ་པས་ཀྱང་རང་ཉིད་ཀྱི་དོན་དུ་བྱང་ཆུབ་མངོན་དུ་བྱས་པའི་ཕྱིར། དེས་ན་སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་ཁམས་སུ་སློབ་དཔོན་གཞན་གྱིས་གདམས་ངག་བསྟན་པ་ལ་མ་ལྟོས་པར་འདོད་ཁམས་ཀྱི་སྲིད་པ་ཐ་མ་པའི་རྟེན་ལ་རང་ཉིད་ཀྱིས་བྱང་ཆུབ་མངོན་དུ་བྱས་པའི་དོན་གྱིས་ན་རང་སངས་རྒྱས་ཞེས་བཞག་པ་ཡིན་ནོ། །དབྱེ་ན་བསེ་རུ་ལྟ་བུའི་རང་སངས་རྒྱས་དང་། ཚོགས་ན་སྤྱོད་པའི་རང་སངས་རྒྱས་གཉིས་ལས། དང་པོ་ནི། བསེ་རུ་ལྟར་ཟླ་མེད་པར་གཅིག་པུར་གནས་པས་ན་དེ་སྐད་ཅེས་བརྗོད་དོ། །གཉིས་པ་ནི། རང་སངས་རྒྱས་ཟླའོ་གཞན་དང་ལྷན་ཅིག་སྤྱོད་པས་དེ་སྐད་ཅེས་བརྗོད་དོ། །གཉིས་པ་ངག་དོན་ལ་དཔྱད་པ་ལ་དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག རང་རྒྱལ་སྒོམ་ལམ་པ་ཆོས་ཅན། ཉན་ཐོས་ལས་ལམ་བགྲོད་ཚུལ་གྱི་སྒོ་ནས་ཁྱད་པར་འཕགས་པ་ཡིན་ཏེ། ཞེས་འགོད་ན། དེ་ཆོས་ཅན། དེ་མིན་པར་ཐལ། ཁྱོད་མེད་པའི་ཕྱིར། ཁ་ཅིག རང་རྒྱལ་གྱི་རིགས་ཅན་སྒོམ་ལམ་པ་ཆོས་ཅན། ཁྱོད་ཉན་ཐོས་ཀྱི་རིགས་ཅན་སྒོམ་ལམ་པ་ལས་ལམ་བགྲོད་ཚུལ་གྱི་སྒོ་ནས་ཁྱད་པར་འཕགས་པ་ཡིན་ཏེ་ཞེས་དང་། བསེ་རུ་ལྟ་བུའི་རང་རྒྱལ་དགྲ་བཅོམ་པ་ཆོས་ཅན། ཉན་ཐོས་ལས་ཆོས་སྟོན་ཚུལ་གྱི་སྒོ་ནས་ཁྱད་པར་འཕགས་ཏེ་ཞེས་འགོད་ན། བསེ་རུ་ལྟ་བུའི་ཡེ་ཤེས་ནི། །ཞེས་པའི་གཞུང་དེ་བསེ་རུ་ལྟ་བུའི་རང་རྒྱལ་དགྲ་བཅོམ་པའི་ཡེ་ཤེས་དངོས་སུ་བསྟན་པར་ཐལ། སྦྱོར་བ་སྔ་མ་དེ་གཞུང་དེའི་དོན་སྦྱོར་ཡིན་པའི་ཕྱིར་རོ། །འདོད་ན། དངོས་སུ་མ་བསྟན་པར་ཐལ། སྦྱོར་བ་ཕྱི་མ་དེ་གཞུང་དེའི་དོན་སྦྱོར་ཡིན་པའི་ཕྱིར། ཡང་ཁ་ཅིག བསེ་རུ་ལྟ་བུའི་རང་སངས་རྒྱས་ཀྱི་རིགས་ཅན་སྒོམ་ལམ་པ་ཆོས་ཅན། ཉན་ཐོས་ཀྱི་རིགས་ཅན་སྒོམ་ལམ་པ་ལས་ཁྱད་པར་འཕགས་པ་ཡིན་ཏེ་ཞེས་པའམ། ཉན་ཐོས་འདོད་ཁམས་པ་སྲིད་པ་ཐ་མ་པ་ལས་ལམ་བགྲོད་ཚུལ་གྱི་སྒོ་ནས་ཁྱད་པར་འཕགས་པ་ཡིན་ཏེ། སྲིད་པ་ཐ་མ་པའི་དུས་སུ་སློབ་དཔོན་གཞན་གྱི་གདམས་ངག་བསྟན་པ་ལ་མ་ལྟོས་པར་རང་བྱུང་གི་བྱང་ཆུབ་མངོན་དུ་བྱེད་པའི་ཐེག་དམན་འཕགས་པ་ཡིན་པའི་ཕྱིར་ཞེ་ན། གཟུགས་མེད་ཀྱི་རྟེན་ཅན་གྱི་ཕྱིར་མི་འོང་ཆོས་ཅན། གསལ་བ་གཉིས་པོ་དེར་ཐལ། རྟགས་དེའི་ཕྱིར། མ་གྲུབ་ན་དེར་ཐལ། དེ་སྲིད་པ་ཐ་མ་པའི་དུས་སུ་རང་བྱུང་གི་བྱང་ཆུབ་མངོན་དུ་བྱེད་པ་གང་ཞིག གཟུགས་མེད་ཀྱི་རྟེན་ལ་སློབ་དཔོན་གཞན་ལ་གདམས་ངག་སྟོན་པ་མེད་པའི་ཕྱིར་རོ། །ཁ་ཅིག བསེ་རུ་ལྟ་བུའི་རང་རྒྱལ་དགྲ་བཅོམ་པ་ཆོས་ཅན། ཉན་ཐོས་ལས་ལམ་བགྲོད་ཚུལ་གྱི་སྒོ་ནས་ཁྱད་པར་འཕགས་པ་ཡིན་ནོ་ཞེས་དང་། ཆོས་སྟོན་ཚུལ་གྱི་སྒོ་ནས་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཞེས་འགོད་པའང་ཅུང་ཟད་མི་འཐད་དེ། ཟབ་པ་ཉིད་དུ་མངོན་པར་བརྗོད། །ཅེས་པའི་ཡེ་ཤེས་དེ་ཟབ་པར་བཤད་ཀྱི། གང་ཟག་དེ་ཟབ་པར་མ་བཤད་པའི་ཕྱིར་རོ། །གཉིས་པ་ནི། བསེ་རུ་ལྟ་བུའི་རང་རྒྱལ་དགྲ་བཅོམ་པའི་ཡེ་ཤེས་ཆོས་ཅན། ཁྱོད་ཉན་ཐོས་ལས་ལམ་བགྲོད་ཚུལ་གྱི་སྒོ་ནས་ཁྱད་པར་འཕགས་པ་ཡིན་ཏེ། སྲིད་པ་ཐ་མ་པའི་དུས་སུ་སློབ་དཔོན་གཞན་གྱིས་གདམས་ངག་བསྟན་པ་ལ་མི་ལྟོས་པར་རང་བྱུང་གི་བྱང་ཆུབ་མངོན་དུ་བྱས་པའི་ཐེག་འབྲིང་གི་ཡེ་ཤེས་ཡིན་པའི་ཕྱིར་རོ། །ཡང་དེ་ཆོས་ཅན། ཉན་ཐོས་ལས་ཆོས་སྟོན་ཚུལ་གྱི་སྒོ་ནས་ཁྱད་པར་འཕགས་ཏེ། སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་དུ་རང་གི་གདུལ་བྱ་ལ་སྒྲ་མེད་དུ་ཆོས་སྟོན་པའི་བདག་རྐྱེན་བྱེད་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །ཞེས་པའི་སྐབས་སུ། ཁ་ཅིག བསེ་རུ་ལྟ་བུའི་རང་རྒྱལ་གྱི་རིགས་ཅན་གྱི་སློབ་ལམ་ཆོས་ཅན། ཉན་ཐོས་ཀྱི་ལམ་ལས་ཁྱད་པར་འཕགས་ཏེ། གཟུང་རྟོགས་སྤོང་བ་དང་། འཛིན་རྟོག་མི་སྤོང་བ་དང་། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟེན་རིགས་ཀྱི་ཁྱད་པར་དང་ལྡན་པའི་ཕྱིར་ཞེ་ན། དེ་ཆོས་ཅན། ཁྱོད་ཀྱིས་གཟུང་རྟོག་སྤོང་བའི་སྒོ་ནས་ཉན་ཐོས་ཀྱི་ལམ་ལས་ཁྱད་པར་འཕགས་པ་མིན་པར་ཐལ། ཉན་ཐོས་ཀྱི་ལམ་དེས་ཀྱང་གཟུང་རྟོག་སྤོང་བའི་ཕྱིར་ཏེ། དེས་སྒྲིབ་པ་མཐའ་དག་སྤོང་བའི་ཕྱིར། བསེ་རུ་ལྟ་བུའི་རང་རྒྱལ་གྱི་སློབ་ལམ་ཆོས་ཅན། ཁྱོད་ཀྱིས་འཛིན་རྟོག་མི་སྤོང་བ་དེ་མིན་པར་ཐལ། ཁྱོད་ཀྱིས་སྒྲིབ་པ་མཐའ་དག་སྤོང་བའི་ཕྱིར། ཁ་ཅིག རང་རྒྱལ་གྱི་སློབ་ལམ་ཆོས་ཅན། ཉན་ཐོས་ཀྱི་ལམ་ལས་ཁྱད་པར་འཕགས་པ་ཡིན་ཏེ། རང་ལམ་དུ་གཟུང་རྟོག་སྤོང་བ་སོགས་ཁྱད་ཆོས་གསུམ་དང་ལྡན་པའི་ཕྱིར་ཞེ་ན། འོ་ན་སྐབས་འདིར་བསྟན་གྱི་ཁྱད་ཆོས་གསུམ་དང་ལྡན་པའི་རང་སངས་རྒྱས་ཀྱི་ལམ་ཡིན་ན་ཐེག་དམན་གྱི་རྒྱུད་ཀྱི་ལམ་ཡིན་དགོས་པར་ཐལ། སྦྱོར་བ་དེ་གཞུང་དེའི་དོན་སྦྱོར་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་རང་སངས་རྒྱས་ཀྱི་ལམ་ཡིན་ན་ཐེག་དམན་གྱི་རྒྱུད་ཀྱི་ལམ་ཡིན་དགོས་པར་ཐལ། འདོད་པ་དེའི་ཕྱིར། གཞན་ཡང་རྟེན་གྱིས་ཞེས་པའི་སྐབས་ནས་བསྟན་པའི་རྟེན་གྱི་ཁྱད་པར་དེ་ཡིན་ན་ཆོས་ཉིད་རིགས་ཀྱི་རྟེན་ཡིན་དགོས་པར་ཐལ། སྦྱོར་བ་དེ་གཞུང་དེའི་དོན་སྦྱོར་རྣམ་དག་ཡིན་པའི་ཕྱིར། འདོད་ན། བྱང་སེམས་ཚོགས་ལམ་པ། སྦྱོར་ལམ་པ། མཐོང་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། དེའི་སྐབས་ནས་བསྟན་པའི་ལམ་པའི་གང་ཟག་གི་རྟེན་ཡིན་པའི་ཕྱིར། མ་གྲུབ་ན་དེར་ཐལ། མདོ་ལས། ཡུམ་འདི་ལེན་པའི་གང་ཟག་སུ་དག་འབྱུང་བར་འགྱུར་ཞེས་པའི་ལན་དུ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སམ། བདེན་པ་མཐོང་བའི་གང་ཟག་རྣམས་སམ། དགྲ་བཅོམ་པ་ཟག་པ་ཟད་པ་བསམ་པ་ཡོངས་སུ་རྫོགས་པའམ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པའམ། སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པ་དག་གམ། དགེ་བའི་བཤེས་གཉེན་གྱི་ཡོངས་སུ་ཟིན་པ་དག་གིས་ལེན་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། མ་ཁྱབ་སྟེ། མདོ་དེས་རང་རྒྱལ་གྱི་རིགས་ཅན་ཚོགས་ལམ་པ་དང་སྦྱོར་ལམ་པ་དང་། མཐོང་ལམ་པ་བསྟན་པའི་ཕྱིར་ཞེ་ན། འོ་ན་རང་རྒྱལ་གྱི་རིགས་ཅན་སྦྱོར་ལམ་པ་དེ་ཕྱིར་མི་ལྡོག་པའི་བྱང་སེམས་ཡིན་པར་ཐལ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སམ་ཞེས་པའི་མདོ་དེས་རང་རྒྱལ་གྱི་རིགས་ཅན་སྦྱོར་ལམ་ལ་བསྟན་པའི་ཕྱིར། དེས་ན་རང་ལུགས་ལ་མདོ་འདིས་ལམ་པའི་གང་ཟག་གི་རྟེན་བསྟན་པ་ཡིན་ཅིང་། དེའང་རང་རྒྱལ་གྱི་རྟོགས་རིགས་རྒྱུད་ལྡན་གྱི་བྱང་སེམས་དངོས་སུ་བསྟན་ནས། རང་རྒྱལ་གྱི་ལམ་རྒྱུད་ལ་ལྡན་པའི་གང་ཟག་ཤུགས་ལ་བསྟན་པ་ཡིན་ནོ། །ཇི་ལྟར་སྙམ་ན། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་པས་བྱང་སེམས་སྦྱོར་ལམ་པ་དང་། བདེན་པ་མཐོང་བ་ནས་བསམ་པ་ཡོངས་སུ་རྫོགས་པའི་བར་གྱིས་བྱང་སེམས་མཐོང་ལམ་པ་དང་། ལྷག་མས་བྱང་སེམས་ཚོགས་ལམ་པ་དངོས་སུ་བསྟན་ཏོ། །ཅིའི་ཕྱིར་བྱང་སེམས་སྒོམ་ལམ་པ་དངོས་སུ་མི་སྟོན་ཞེ་ན། རང་རྒྱལ་གྱི་ལམ་གྱི་རྟོགས་རིགས་རྒྱུད་ལྡན་དུ་གོམས་པར་མི་བྱེད་པ་སྟེ། སྐབས་གསུམ་པར་སྒོམ་ལམ་དངོས་སུ་མི་སྟོན་པ་དང་གནད་འདྲའོ། །འདིའང་ཁོ་བོའི་བློ་གྲོས་ལས་བྱུང་བའོ། །དེས་ན་རྩ་བའི་ངག་དོན་ནི་ཤེས་བྱ་རང་རྒྱལ་གྱི་ལམ་ཆོས་ཅན། ཁྱད་ཆོས་གསུམ་ལྡན་ཡིན་ཏེ། རྟོགས་རིགས་རང་ངོས་ནས་གཟུང་རྟོག་གཉེན་པོའི་རིགས་ཡིན་པའི་ཕྱིར་དང་། འཛིན་རྟོགས་གཉེན་པོའི་རིགས་མིན་པའི་ཕྱིར་དང་། རྟེན་གྱི་ཁྱད་པར་གསུམ་དང་ལྡན་པའི་ཕྱིར། དེའང་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་དང་། རང་རྒྱལ་གྱི་རིགས་ཅན་སློབ་པའི་རྒྱུད་ལ་ཡོད་པ་གཉིས་ལས། དང་པོ་ལ་བརྟེན་གྱི་ཁྱད་པར་ལམ་པའི་གང་ཟག་གི་རྟེན་དང་། ཕྱི་མ་ལ་ཆོས་ཉིད་རིགས་ཀྱི་རྟེན་ལ་སྦྱར་ཞིང་། ཁྱད་ཆོས་དང་པོ་གཉིས་ལ་ཁྱད་མེད་དེ། དེ་ལྟར་ཁྱད་ཆོས་གསུམ་ལྡན་གྱི་སྒོ་ནས་བསྟན་པའི་རྒྱུ་མཚན་ཡང་། འདིར་ལམ་ཤེས་ཀྱི་ལམ་གསུམ་གྱི་དམིགས་རྣམ་སོ་སོར་ཤེས་དགོས་པས་འདི་ལ་ཐེག་པ་གཞན་གཉིས་ལ་མེད་པའི་ཁྱད་ཆོས་བསྟན་དགོས་ལ། དེའང་ཁྱད་ཆོས་དང་པོ་གཉིས་ནི་རྟོགས་སླ་ཞིང་། རྟེན་གྱི་ཁྱད་པར་ལ་གཉིས་བྱུང་བའི་རྒྱུ་མཚན་ཤེས་བྱ་རང་རྒྱལ་གྱི་ལམ་དེ་ལ་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་དང་། ཐེག་དམན་གྱི་རྒྱུད་ལ་ཡོད་པ་གཉིས་ཡོད་པའི་གནད་ཀྱིས་ཡིན་ནོ། །བདེན་དང་བདེན་ལ་བཟོད་ཅེས་པའི་སྐབས་སུ། ཐེག་ཆེན་མཐོང་ལམ་གྱི་མཐའ་དཔྱད་པ་ལ། ལུས་རྟེན། སེམས་རྟེན། མཐོང་ལམ་གྱི་རང་བཞིན་བཤད་པ་དང་གསུམ། དང་པོ་ནི། ངན་སོང་སྒྲ་མི་སྙན་པ་རྣམས་ལ་མཐོང་ལམ་རང་སྟོབས་ཀྱིས་དངོས་སུ་མི་སྐྱེ་ཏེ། དེ་རྣམ་སྨིན་གྱི་སྒྲིབ་པ་ཤས་ཆེན་པོ་དང་ལྡན་པའི་ཕྱིར། མཚམས་མེད་ལྔ་བྱས་པའི་གང་ཟག་ལ་མེད་དེ། ལས་ཀྱི་སྒྲིབ་པ་ཤས་ཆེན་པོ་དང་ལྡན་པའི་ཕྱིར། ཟ་མ་དང་མ་ནིང་ལ་མེད་དེ། གཉེན་པོ་སོ་སོར་རྟོགས་པའི་ཤེས་རབ་མི་བཟོད་པའི་ཕྱིར། ཁམས་གོང་གི་རྟེན་ལ་མེད་དེ། ཁམས་གོང་གི་སོ་སོ་སྐྱེ་བོ་རྣམས་སྙོམས་འཇུག་གི་བདེ་བ་ལ་ཆགས་པས་འཁོར་བ་ལ་ཡིད་སྐྱོ་བ་མེད་པའི་ཕྱིར། དེས་ན་མཐོང་ལམ་རང་སྟོབས་ཀྱིས་དངོས་སུ་སྐྱེ་བའི་ལུས་རྟེན་ནི་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད། འདོད་ལྷ་རིགས་དྲུག་གི་རྟེན་དུ་ངེས་སོ། །གཞན་སྟོབས་ཀྱིས་དངོས་སུ་སྐྱེ་བ་ནི་ཁམས་གོང་དང་། ངན་སོང་གི་རྟེན་ལ་ཡོད་དེ། ཟ་མ་ཏོག་བཀོད་པའི་མདོར། འཕགས་པ་འཇིག་རྟེན་དབང་ཕྱུག་གིས་ཡི་དྭགས་མང་པོ་བདེན་པ་མཐོང་བ་ལ་བཀོད་པར་བཤད་པའི་ཕྱིར་དང་། ལྷའི་བུ་རབ་གནས་ཀྱི་མདོར། འདོད་གཟུགས་ཀྱི་ལྷ་མང་པོ་ལ་མཐོང་ལམ་སྐྱེས་པར་གསུངས་པའི་ཕྱིར། དེ་ལ་ཁ་ཅིག མཐོང་ལམ་རང་སྟོབས་ཀྱིས་དངོས་སུ་མི་སྐྱེ་བའི་རྒྱུ་མཚན་རྣམས། གཞན་སྟོབས་ཀྱིས་དངོས་སུ་མི་སྐྱེ་བ་ལ་མཚུངས་པས་ན། རང་སྟོབས་ཀྱིས་སྐྱེ་བ་དང་། གཞན་སྟོབས་ཀྱིས་སྐྱེ་བ་གཉིས་ཀ་ལ་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད། འདོད་ལྷ་རིགས་དྲུག་གི་རྟེན་དུ་ངེས་པ་ཡིན་ནོ་ཞེས་ཟེར། འོ་ན་བསྙེན་རྫོགས་ཀྱི་སྡོམ་པ་རང་སྟོབས་ཀྱིས་སྐྱེ་བའི་རྟེན་མ་ཡིན་ན། གཞན་སྟོབས་ཀྱིས་དངོས་སུ་སྐྱེ་བའི་རྟེན་མིན་དགོས་པར་ཐལ། མཐོང་ལམ་རང་སྟོབས་ཀྱིས་སྐྱེ་བའི་རྟེན་མིན་ན་དེ་གཞན་སྟོབས་ཀྱིས་དངོས་སུ་སྐྱེ་བའི་རྟེན་མིན་དགོས་པའི་ཕྱིར། འདོད་ན། གསོལ་བཞིའི་ཆོ་ག་ལ་བརྟེན་ནས་བསྙེན་རྫོགས་ཀྱི་སྡོམ་པ་དངོས་སུ་སྐྱེ་བའི་རྟེན་དུ་གྱུར་པའི་ཚོགས་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། བསྙེན་རྫོགས་ཀྱི་སྡོམ་པ་རང་སྟོབས་ཀྱིས་སྐྱེ་བ་དེ་ལ་ཡེ་ཤེས་ཁོང་དུ་ཆུད་པའི་ཚུལ་གྱིས་སྐྱེས་པ་དང་། རང་བྱུང་གི་ཚུལ་གྱིས་སྐྱེས་པ་གཉིས་སུ་ངེས་པའི་ཕྱིར། གཞན་ཡང་གང་ཟག་གཞན་གྱི་རྫུ་འཕྲུལ་ལ་བརྟེན་ནས་གོང་མར་བགྲོད་པའི་སོ་སྐྱེ་ཆོས་ཅན། ཁམས་གོང་མར་གཞན་སྟོབས་ཀྱིས་བགྲོད་མི་ནུས་པར་ཐལ། དེར་རང་སྟོབས་ཀྱིས་དངོས་སུ་བགྲོད་མི་ནུས་པའི་ཕྱིར། མ་གྲུབ་ན། དེར་ཐལ། མཛོད་ལས། རྫུ་འཕྲུལ་གཞན་བརྟེན་མ་གཏོགས་པ། །དེ་དག་གོང་མ་མཐོང་བ་མེད། །ཅེས་གསུངས་པའི་ཕྱིར། གཞན་ཡང་གཟུགས་ཁམས་ཀྱི་སོ་སོ་སྐྱེ་བོ་རྣམས་ལམ་ཤེས་དངོས་སུ་སྐྱེ་རུང་གི་རྟེན་དུ་སྒྲུབ་པའི་ཆེད་དུ་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་དེ་རྣམས་ཀྱི་འོད་མོག་མོག་པོར་མཛད་པ་ལ་དགོས་པ་མེད་པར་ཐལ། གཟུགས་ཁམས་པའི་སོ་སོ་སྐྱེ་བོའི་རྟེན་ལ་ལམ་ཤེས་དངོས་སུ་སྐྱེ་བ་མི་སྲིད་པའི་ཕྱིར། རྟགས་ཁས་ཏེ། དེའི་རྟེན་ལ་མཐོང་ལམ་སྐྱེ་བ་མི་སྲིད་པའི་ཕྱིར། ཁ་ཅིག ཐེག་ཆེན་མཐོང་ལམ་གྱི་ལུས་རྟེན་ལ་སྔར་མེད་གསར་དུ་སྐྱེ་བ་དང་། སྐྱེས་ཟིན་མངོན་དུ་བྱེད་པ་གཉིས་ལས། ཕྱི་མ་ནི་ངན་སོང་བའི་རྟེན་ལ་ཡོད་དེ། བྱང་སེམས་མཐོང་ལམ་པ་སེམས་ཅན་གྱི་དོན་དུ་ངན་སོང་དུ་སྐྱེ་བ་ལེན་པ་ཡོད་པའི་ཕྱིར་ཞེས་པ་ནི་གནད་མ་གོ་བ་སྟེ། ཐེག་ཆེན་གྱི་མཐོང་ལམ་ཐམས་ཅད་བར་མ་ཆད་དུ་སྐྱེ་བ་མིན་པར་ཐལ། དང་པོ་མིའི་རྟེན་ལ་ཐེག་ཆེན་གྱི་མཐོང་ལམ་སྐྱེས་པ་ཕྱིས་ངན་སོང་གི་རྟེན་ལ་ཐེག་ཆེན་གྱི་མཐོང་ལམ་མངོན་དུ་བྱེད་པ་ཡོད་པའི་ཕྱིར། རྟགས་ཁས། གཉིས་པ་ལ་དགག་གཞག་གཉིས་ལས། དང་པོ་ལ་ཁ་ཅིག ཁམས་གསུམ་ས་དགུ་ལ་བརྟེན་ཏེ། འགྲེལ་ཆེན་ལས། ཐེག་ཆེན་གྱི་སྒོམ་ལམ་དེ་ལ་བརྟེན་པར་བཤད་པ་ནི་གང་ཞིག རྒྱུ་མཚན་མཚུངས་པའི་ཕྱིར་ཞེ་ན། མི་མཚུངས་པར་ཐལ། ཐེག་ཆེན་གྱི་མཐོང་ལམ་ཡིན་ན་མཉམ་གཞག་ཡིན་དགོས་པ་གང་ཞིག འདོད་སེམས་ལ་བརྟེན་པའི་ཡོན་ཏན་ཡིན་ན་མཉམ་གཞག་མིན་དགོས་པའི་ཕྱིར། ཁ་ཅིག གཟུགས་མེད་ཀྱི་དངོས་གཞི་ལ་བརྟེན་པ་ཡོད་དེ། ཐེག་ཆེན་མཐོང་ལམ་པ་མཐར་གནས་ཀྱི་སྙོམས་འཇུག་དགུ་ལུགས་མཐུན་དང་། ལུགས་ལྡོག་ཏུ་སྒོམ་པ་ཡོད་པའི་ཕྱིར་ཏེ། དེས་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་སྒོམ་པ་ཡོད་པའི་ཕྱིར་ཞེ་ན། འདོད་སེམས་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པ་ཡོད་པར་ཐལ། འདོད་པའི་རྟེན་ཅན་གྱི་གང་ཟག་གིས་བསམ་གཏན་གྱི་དངོས་གཞི་སྒོམ་པ་ཡོད་པའི་ཕྱིར། གཞན་ཡང་། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་དེ་ཐེག་ཆེན་གྱི་མཐོང་ལམ་དུ་ཐལ། སྒྲུབ་བྱེད་སྔ་མ་ལ་ཁྱབ་པ་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཐེག་ཆེན་གྱི་མཐོང་ལམ་མིན་པར་ཐལ། ཐེག་ཆེན་གྱི་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་རྫོགས་རྗེས་སུ་བྱུང་བའི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ནི། སྤྱིར་མཐོང་ལམ་དེ་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ཏེ། རྒྱུན་ཞུགས་དང་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་གིས་ནི་བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གིས་ནི་བསམ་གཏན་གྱི་དངོས་གཞི་བཞི་པོ་གང་རུང་ལ་བརྟེན་པ་ཡིན་པའི་ཕྱིར། འོ་ན་དེས་མཐོང་ལམ་གྱི་སྔ་རོལ་དུ་བསམ་གཏན་བཞི་པ་ལ་འདོད་ཆགས་དང་བྲལ་ན་གཟུགས་མེད་ཀྱི་དངོས་གཞི་ལ་བརྟེན་པར་འགྱུར་རོ་ཞེ་ན། མིན་ཏེ། མཐོང་ལམ་གྱིས་འདོད་པའི་གཉེན་པོ་བྱེད་ལ། གཟུགས་མེད་ནི་འདོད་པ་ལས་རྣམ་པ་བཞིས་རིང་བ་ཡིན་པས་དེའི་གཉེན་པོར་མི་རུང་བའི་ཕྱིར། ཐེག་ཆེན་གྱི་མཐོང་ལམ་ནི་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ཏེ། ཐེག་ཆེན་གྱི་སྦྱོར་ལམ་གྱི་གནས་སྐབས་སུ་མངོན་ཤེས་དང་པོ་ལྔ་པོ་ངེས་པར་ཐོབ་ཅིང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་མངོན་ཤེས་ནི་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་པར་རྒྱན་ལས་བཤད་པའི་ཕྱིར་ཏེ། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །ཞེས་གསུངས་སོ། །འོ་ན་དེའི་རྒྱུད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་དགོས་པར་འགྱུར་ཏེ། མི་རྟོག་ཡེ་ཤེས་ཡོངས་སུ་གཟུང་བ་དང་། །ཞེས་བཤད་པའི་ཕྱིར་ཞེ་ན། དེ་ནི་མ་བརྟགས་པ་ཡིན་ཏེ། མི་རྟོག་ཡེ་ཤེས་ཡོངས་སུ་གཟུང་བ་རྒྱུར་དགོས་ཞེས་བཤད་ཀྱི། ཐོབ་པ་རྒྱུར་མ་བཤད་པ་གང་ཞིག གཟུང་བ་ནི་ཚོགས་སྦྱོར་གྱི་གནས་སྐབས་ན་ཡོད་པའི་ཕྱིར། འོ་ན་བསམ་གཏན་ལ་བརྟེན་པའི་དོན་ཇི་ལྟར་ཡིན་སྙམ་ན། ཁ་ཅིག དེ་གཉིས་དུས་མཉམ་རྫས་ཐ་དད་པའི་ཚུལ་གྱིས་བརྟེན་པར་འདོད་པ་ནི་མི་འཐད་དེ། ཐེག་ཆེན་གྱི་མཐོང་ལམ་རྒྱུད་ལ་ལྡན་པའི་གང་ཟག་གི་རྒྱུད་ལ་གཙོ་བོ་ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་ཏིང་ངེ་འཛིན་རྫས་ཐ་དད་པ་གཉིས་ཡོད་པར་ཐལ། དེའི་རྒྱུད་ལ་ཐེག་ཆེན་མཐོང་ལམ་གྱིས་བསྡུས་པའི་ཏིང་ངེ་འཛིན་དང་། བསམ་གཏན་གྱི་དངོས་གཞིས་བསྡུས་པའི་ཏིང་ངེ་འཛིན་རྫས་ཐ་དད་པ་གཉིས་ཡོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེའི་རྒྱུད་ལ་གཙོ་བོ་ཡིད་ཀྱི་རྣམ་པར་ཤེས་པ་རྫས་ཐ་དད་པ་གཉིས་ཡོད་པར་ཐལ་ལོ། །ཡང་བསམ་གཏན་གྱི་དངོས་གཞི་དང་ཟག་མེད་ཀྱི་གཞི་མཐུན་མེད་པར་ཐལ། དེ་དང་མཐོང་ལམ་གྱི་གཞི་མཐུན་མེད་པའི་ཕྱིར། འདོད་ན། བསམ་གཏན་གྱི་དངོས་གཞི་ཟག་མེད་མེད་པར་ཐལ་ལོ། །དེས་ན་རང་ལུགས་ནི། དང་པོར་བསམ་གཏན་གྱི་དངོས་གཞི་ཐོབ་པའི་ཚེ། དེའི་གཙོ་བོ་ནི་སེམས་བྱུང་ཏིང་ངེ་འཛིན་ཡིན་ལ། དེའི་སྟོབས་ཀྱི་དེ་དང་མཚུངས་ལྡན་གྱི་སེམས་བྱུང་རྣམས་ཀྱང་བསམ་གཏན་གྱི་དངོས་གཞིར་འགྱུར་བ་ཡིན་ཞིང་། དེ་ལ་བརྟེན་ནས་མཐོང་ལམ་སྐྱེ་བའི་དོན་ཡང་། དེ་དང་མཚུངས་ལྡན་གྱི་ཤེས་རབ་དེ་མཐོང་ལམ་གྱི་ངོ་བོར་སྐྱེ་བ་ཡིན་ལ། དེའི་སྟོབས་ཀྱིས་དེ་དང་མཚུངས་ལྡན་གྱི་སེམས་བྱུང་ཐམས་ཅད་མཐོང་ལམ་གྱི་ངོ་བོར་གྱུར་པ་ཡིན་པས་དེ་ལྟ་བུའི་སེམས་བྱུང་ཐམས་ཅད་བསམ་གཏན་གྱི་དངོས་གཞི་ཡང་ཡིན་ལ་མཐོང་ལམ་ཡང་ཡིན་པས་གཞི་མཐུན་ནོ། །གསུམ་པ་ལ། ཐེག་ཆེན་མཐོང་ལམ་གྱི་མཚན་ཉིད་ལ་དཔྱད་པ། དབྱེ་བ། སྐད་ཅིག་མའི་གྲངས། རྗེས་ཐོབ་ཡོད་མེད་ལ་དཔྱད་པ་དང་བཞི་ལས། དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག ཆོས་ཉིད་སྔར་མ་མཐོང་བ་གསར་དུ་མངོན་སུམ་དུ་མཐོང་བའི་མཁྱེན་པ་ཞེས་དང་། ཁ་ཅིག འཇིག་རྟེན་ལས་འདས་པའི་ཆོས་ཀྱི་རིགས་སྔར་མ་མཐོང་བ་གསར་དུ་མངོན་སུམ་མཐོང་བའི་མཁྱེན་པ་ཡིན་ལ། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་རིགས་ནི་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་སོ། །དེ་ལ་མཐོང་ལམ་ཆོས་བཟོད་དང་། ཆོས་ཤེས་གཉིས་ཀྱིས་ནི་དེ་བཞིན་ཉིད་སྔར་མ་མཐོང་བ་གསར་དུ་མཐོང་། རྗེས་བཟོད་དང་རྗེས་ཤེས་གཉིས་ཀྱིས་ནི་ཡང་དག་པའི་ཡེ་ཤེས་སྔར་མ་མཐོང་བ་གསར་དུ་མཐོང་བ་ཡིན་ཞེས་དང་། ཁ་ཅིག སྦྱོར་ལམ་རྫོགས་རྗེས་སུ་བྱུང་ཞིང་། སྒོམ་ལམ་མ་སྐྱེས་གོང་གི་ཐེག་ཆེན་སྐྱེས་བུའི་རྒྱུད་ཀྱི་མངོན་རྟོགས་ཞེས་དང་། ཡང་རང་བཞིན་རྣམ་དག་གི་ཆོས་ཉིད་སྔར་མ་མཐོང་བ་གསར་དུ་མངོན་སུམ་མཐོང་བའི་ཐེག་ཆེན་གྱི་བདེན་པ་མངོན་རྟོག་ཞེས་དང་། དར་ཊཱིཀ་པ་ན་རེ། སྦྱོར་ལམ་ཆོས་མཆོག་གི་མཇུག་ཐོག་དེ་མ་ཐག་ཏུ་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་ལ་དམིགས་ནས་སྟོང་ཉིད་སྤྲོས་བྲལ་མངོན་སུམ་གྱིས་གསར་དུ་རྟོགས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་སྦྱིན་སོགས་སྤྱོད་པའི་གྲོགས་མཐའ་དག་གིས་ཟིན་པ་དེ་ཐེག་ཆེན་ཐུན་མོང་མིན་པའི་མཐོང་ལམ་གྱི་མཚན་ཉིད། རང་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ་སྤྱིར་ཐེག་ཆེན་མཐོང་ལམ་གྱི་མཚན་ཉིད་ཡིན་ཞེས་པ་དང་ལུགས་ལྔ་ལས། དང་པོ་ལ་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། དེའི་ཕྱིར། འདོད་ན། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་ཤེས་དེ་མངོན་སུམ་གསར་དུ་མ་མཐོང་བར་ཐལ་ལོ། །གཉིས་པ་ལ། ཐེག་ཆེན་གྱི་མཐོང་ལམ་རྗེས་བཟོད་དང་རྗེས་ཤེས་གཉིས་ཆོས་ཅན། ཁྱོད་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་རིགས་སྔར་མ་མཐོང་བ་གསར་དུ་མངོན་སུམ་མཐོང་བ་མིན་པར་ཐལ། ཁྱོད་ཀྱི་སྔ་རོལ་དུ་ཆོས་བཟོད་དང་ཆོས་ཤེས་གཉིས་ཀྱི་དེ་སྔར་མ་མཐོང་བ་གསར་དུ་མངོན་སུམ་མཐོང་ཟིན་པའི་ཕྱིར། རྟགས་ཁས། གསུམ་པ་ལ། ཁ་ཅིག ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་སོང་གི་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། སྒོམ་ལམ་མ་སྐྱེས་གོང་གི་མཁྱེན་པ་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། སྒོམ་ལམ་རྫོགས་རྗེས་སུ་བྱུང་བའི་མཁྱེན་པ་ཡིན་པའི་ཕྱིར་ཏེ། ཉན་ཐོས་ཀྱི་སྒོམ་ལམ་རྫོགས་རྗེས་སུ་བྱུང་བའི་མཁྱེན་པ་ཡིན་པའི་ཕྱིར་ཞེས་ཟེར་རོ། །བཞི་པ་ལ་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། རང་བཞིན་རྣམ་དག་གི་ཆོས་ཉིད་སྔར་མ་མཐོང་བར་ཐལ་ལོ། །འདོད་ན། ཐེག་ཆེན་གྱི་སྦྱོར་ལམ་དེས་དེ་མ་མཐོང་བར་ཐལ་ལོ། །འདོད་ན། དེ་མཐོང་ན་དེ་མངོན་སུམ་དུ་མཐོང་དགོས་པར་ཐལ་ལོ། །ལྔ་པ་ལ་ཐེག་ཆེན་གྱི་མཐོང་ལམ་ཡང་ཡིན་ཐེག་པ་ཐུན་མོང་གི་མཐོང་ལམ་ཡང་ཡིན་པའི་གཞི་མཐུན་ཡོད་པར་ཐལ། ཐེག་ཆེན་གྱི་མཐོང་ལམ་ཡིན་ན་ཐེག་ཆེན་ཐུན་མོང་མ་ཡིན་པའི་མཐོང་ལམ་ཡིན་པས་མ་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། ཐེག་པ་གསུམ་པོ་རེ་རེ་ལའང་ཐེག་ཆེན་གྱི་མཐོང་ལམ་རེ་རེ་ཡོད་པར་ཐལ། འདོད་པ་དེའི་ཕྱིར། ཡང་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་ཀྱིས་བསྡུས་པའི་གཙོ་བོ་ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་བྱུང་བའི་ཤེས་རབ་རྫས་ཐ་དད་པ་གཉིས་ཡོད་པར་ཐལ། དེའི་འཁོར་དུ་བྱུང་བའི་སྟོང་ཉིད་མངོན་སུམ་རྟོགས་པའི་ཤེས་རབ་གཅིག་ཡོད་པ་གང་ཞིག དེའི་འཁོར་དུ་སྟོང་ཉིད་མངོན་སུམ་མ་རྟོགས་པའི་ཤེས་རབ་གཅིག་ཡོད་པའི་ཕྱིར། རྟགས་ཕྱི་མ་ཁས་བླངས་ཏེ། དེའི་འཁོར་དུ་བྱུང་བའི་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་ལ་དམིགས་པའི་ཤེས་རབ་གཅིག་ཡོད་པའི་ཕྱིར། རྟགས་ཁས། ཡང་ཐེག་ཆེན་མཐོང་ལམ་རྣམ་གྲོལ་ལམ་གྱིས་བསྡུས་པའི་ཐེག་ཆེན་ཐུན་མོང་མིན་པའི་མཐོང་ལམ་ཆོས་ཅན། མཚན་ཉིད་སྔ་མ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། སྦྱོར་ལམ་ཆོས་མཆོག་གི་མཇུག་ཐོག་དེ་མ་ཐག་ཏུ་བྱུང་བར་ཐལ་ལོ། །འདོད་ན། ཁྱོད་དང་དེ་གཉིས་ཀྱི་བར་དུ་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་གྱིས་མཆོད་པར་ཐལ་ལོ། །གཉིས་པ་ནི་ཐེག་ཆེན་གྱི་སྦྱོར་ལམ་རྫོགས་རྗེས་སུ་བྱུང་ཞིང་། ཐེག་ཆེན་གྱི་སྒོམ་ལམ་མ་སྐྱེས་གོང་གི་ཆོས་ཉིད་མངོན་སུམ་རྟོགས་པའི་མཁྱེན་པ་དེ་དེའི་མཚན་ཉིད་ཡིན་ཏེ། ཀུན་བཏུས་ལས། མཐོང་བའི་ལམ་གང་ཞེ་ན། མདོར་བསྡུ་ན་འཇིག་རྟེན་པའི་ཆོས་མཆོག་གི་མཇུག་ཐོག་ཏུ་མི་དམིགས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་སྟེ་ཞེས་གསུངས་པས་སོ། །གཉིས་པ་ལ་ཐེག་པའི་སྒོ་ནས། སྐད་ཅིག་མའི་གྲངས་ཀྱི་སྒོ་ནས། ཡུལ་གྱི་སྒོ་ནས། མདོ་ལས་གསུངས་པའི་རྣམ་གྲངས་ཀྱི་སྒོ་ནས། ཕར་ཕྱིན་གྱི་སྒོ་ནས། སྤང་བྱའི་སྒོ་ནས་དབྱེ་བ་དང་དྲུག་གོ །དང་པོ་ནི། ཉན་ཐོས་རང་རྒྱལ། ཐེག་ཆེན་གྱི་མཐོང་ལམ་གསུམ་མོ། །གཉིས་པ་ནི། དེ་རེ་རེ་ལའང་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གོ །གསུམ་པ་ནི། ཀུན་བཏུས་ལས་གཟུང་བ་རྟོགས་པ་དང་། འཛིན་པ་རྟོགས་པ་གཉིས་སུ་གསུངས་ཤིང་། དང་པོ་ནི། ཆོས་བཟོད་དང་ཆོས་ཤེས་གཉིས་སོ། །གཉིས་པ་ནི་རྗེས་བཟོད་དང་རྗེས་ཤེས་གཉིས་སོ། །བཞི་པ་ནི། མདོ་ལས། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་སྐྱེས་སོ་ཞེས་གསུངས་པའང་མཐོང་ལམ་གྱི་དབང་དུ་མཛད་ནས་གསུངས་པ་སྟེ། ཆོས་བཟོད་དང་ཆོས་ཤེས་གཉིས་ཀྱི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་པར་ཐོབ་ཅིང་། རྗེས་བཟོད་དང་རྗེས་ཤེས་གཉིས་ཀྱིས་དྲི་མ་དང་བྲལ་བ་ཐོབ་པའི་ཕྱིར་ཏེ། སྔ་མ་གཉིས་ནི་གནས་སྐབས་དེ་དང་དེའི་བདེན་བཞིའི་གནས་ཚུལ་རྟོགས་པའི་སྒོ་ནས་འཇོག་དགོས་པའི་ཕྱིར་དང་། ཕྱི་མ་གཉིས་ནི་གནས་སྐབས་དེ་དང་དེའི་སྤངས་བྱའི་དྲི་མ་དང་བྲལ་བ་ལ་འཇོག་པའི་ཕྱིར། ཡང་མདོ་ལས། ཆོས་མཐོང་བ། ཆོས་ཐོབ་པ། ཆོས་རིག་པ། ཆོས་རྟོགས་པ། སོམ་ཉི་ལས་བརྒལ་བ། ཐེ་ཚོམ་ལས་བརྒལ་བ། གཞན་གྱི་དྲིང་མི་འཇོག་པ། སྟོན་པའི་བསྟན་པ་ལས་གཞན་གྱིས་དཀྲིར་མི་བཏུབ་པའོ་ཞེས་པ་ཡང་མཐོང་ལམ་གྱི་དབང་དུ་བྱས་ནས་གསུངས་པ་སྟེ། ཆོས་བཟོད་རྣམས་ནི་ཆོས་མཐོང་བ། །ཆོས་ཤེས་རྣམས་ནི་ཆོས་ཐོབ་པ། །རྗེས་བཟོད་རྣམས་ནི་ཆོས་རིག་པ། །རྗེས་ཤེས་རྣམས་ནི་ཆོས་རྟོགས་པ་ཡིན་ལ། བཞི་པོ་ཐམས་ཅད་ཀྱང་རང་རང་གིས་ཐོབ་པ་ལ་སོམ་ཉི་ལས་བརྒལ་བ། གཞན་གྱིས་ཐོབ་པ་ལ་ཐེ་ཚོམ་ལས་བརྒལ་བ། ལམ་སྒོམ་པ་ལ་གཞན་གྱི་དྲིང་མི་འཇོག་པ། མུ་སྟེགས་བྱེད་སོགས་གཞན་གྱི་སྟོན་པའི་བསྟན་པ་ལ་གཞན་གྱིས་དཀྲིར་མི་བཏུབ་པའོ། །ལྔ་པ་ནི། ཐེག་ཆེན་གྱི་མཐོང་ལམ་ཡང་སྦྱིན་སོགས་ཕར་ཕྱིན་རེ་རེའང་ཕར་ཕྱིན་དྲུག་ལྡན་དུ་ཉམས་སུ་ལེན་པའི་ཉམས་ལེན་ཁྱད་པར་ཅན་གྱི་ངོ་བོར་སྐྱེས་པའི་ཚེ་ལྡོག་པའི་སྒོ་ནས་སུམ་ཅུ་རྩ་དྲུག་ཡོད་དེ། དྲུག་ཚན་དྲུག་གི་རྣམ་པ་སུམ་ཅུ་རྩ་དྲུག་ཅན་སྐྱེས་པ་གང་ཡིན་པ་དེ་ནི་ཞེས་གསུངས་པའི་ཕྱིར། དྲུག་པ་ནི། སྤང་བྱ་གཟུང་འཛིན་གྱི་རྣམ་རྟོག་དེ་ལ་སུམ་ཅུ་རྩ་དྲུག་ཡོད་པས་དེ་སྤོང་བྱེད་ཀྱི་གཉེན་པོ་ཐེག་ཆེན་གྱི་མཐོང་ལམ་དེ་ལའང་སུམ་ཅུ་རྩ་དྲུག་ཡོད་དེ། དེ་དག་སྤོང་བ་ཉིད་དུ་གཉེན་པོ་རྣམ་པ་བཞི་ཡང་དེ་བཞིན་དུ་དབྱེ་བས་ཐ་དད་དོ་ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ལ། སྐད་ཅིག་མ་གཅིག་ཏུ་འདོད་པ། གཉིས་སུ་འདོད་པ། བཞིར་འདོད་པ། དགུར་འདོད་པ། བཅུ་དྲུག་ཏུ་འདོད་པ་དང་ལྔ་ལས། དང་པོ་ནི། ཀླུ་སྒྲུབ་ཀྱིས་ཆོས་ཉིད་མཐོང་བ་ལ་བལྟོས་ནས་སྐད་ཅིག་མ་གཅིག་ཡིན་ཏེ། རིག་པ་དྲུག་ཅུ་པར། ཆོས་ཤེས་པ་ཡི་འོག་ཏུ་ནི། །འདི་ལ་བྱེ་བྲག་དབྱེར་ཡོད་ན། །ཤིན་ཏུ་ཕྲ་བའི་དངོས་རྣམས་ལ། །གང་གིས་སྐྱེ་བར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང་། །ཞེས་གསུངས་པའི་ཕྱིར། ཁ་ཅིག གཞུང་འདིས་སྐད་ཅིག་མ་གཉིས་སུ་བསྟན་ཏེ། ཆོས་བཟོད་ཀྱི་འོག་ཏུ་དབྱེ་བ་མེད་ཅེས་མ་བསྟན་པར། ཆོས་ཤེས་ཀྱི་འོག་ཏུ་དབྱེ་བ་མེད་པར་བསྟན་པའི་ཕྱིར། ཞེས་སྨྲ་བ་ནི་འགྲེལ་པ་མ་མཐོང་བར་མུ་ཅོར་དུ་སྨྲ་བ་སྟེ། འདིའི་ཆོས་ཤེས་དེ་ཆོས་བཟོད་ཆོས་ཤེས་གཉིས་སུ་ཕྱེ་བའི་ཆོས་ཤེས་དེ་མ་ཡིན་གྱི། ཆོས་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་འགག་མེད་པ་ཡིན་ལ། ཤེས་པ་ནི་དེ་མངོན་སུམ་རྟོགས་པའི་རྟོགས་པ་ཡིན་པའི་ཕྱིར་ཏེ། འགྲེལ་པར། དེ་ལ་ཆོས་ཞེས་བྱ་བའི་སྒྲ་ནི་མྱ་ངན་ལས་འདས་པ་ལ་བྱའོ། །དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་ཉིད་ལས་གཞན་མིན་ཏེ་ཞེས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དེ་དང་། མྱ་ངན་ལས་འདས་པ་ཐ་མི་དད་པའི་རང་བཞིན་དུ་གྱུར་པ་ཡོངས་སུ་སྤྱོད་པའི་ཤེས་པ་གང་ཡིན་པ་དེ་ནི་ཆོས་ཤེས་པ་སྟེ། ཆོས་ཀྱི་ཡུལ་ཤེས་པ་ནི་ཆོས་ཤེས་པ་ཞེས་བྱ་བ་ཡིན་པའི་ཕྱིར་ཞེས་དང་། དེ་ལྟར་ན། རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་དང་འགག་པ་མེད་པ་ལ་དམིགས་པའི་ཆོས་ཤེས་པ་བདེན་པ་གསུམ་པོ་རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་མྱ་ངན་ལས་འདས་པ་ཡང་དེའི་ངོ་བོ་ཉིད་ཡིན་པར་མཐོང་བས་མངོན་པར་རྟོགས་པ་གཅིག་ཏུ་ཟད་དོ་ཞེས་གསུངས་པའི་ཕྱིར། སྐད་ཅིག་མ་བཅོ་ལྔ་དང་བཅུ་དྲུག་ཏུ་གཞག་པ་རྣམས་ནི་དེ་ཉིད་ལ་ལྡོག་པའི་སྒོ་ནས་ཕྱེ་བ་སྟེ། གང་དག་སྐད་ཅིག་མ་བཅོ་ལྔར་འདོད་པ་དེ་དག་གི་ལྟར་ནའང་དེ་ལྟ་བུས་འདུལ་བའི་སྐྱེ་བོ་ལ་དེ་བསྟན་པས་ཕན་གདགས་པའི་ཕྱིར། ཤེས་པ་ངོ་བོ་གཅིག་ལ་ཆར་ཕྱེ་སྟེ་ཆ་བཅོ་ལྔར་རྣམ་པར་གཞག་གོ །གལ་ཏེ་དེ་ལྟར་ན་ལམ་སྒོམ་པ་རྣམ་པ་བཅུ་དྲུག་པོ་དེ་ཇི་ལྟ་བུར་ཐར་པར་འདོད་པ་རྣམས་ལམ་རྣམ་པར་གཞག་པ་དེ་ཁོ་ན་ཉིད་ལ་འཇུག་པ་གོམས་པར་བྱ་བའི་ཕྱིར་འདི་ཡོངས་སུ་བརྟགས་ནས་རྣམ་པར་གཞག་པ་ཉིད་དེ། དེ་ཁོ་ན་ནི་ངོ་བོ་གཅིག་ཏུ་ཟད་དོ་ཞེས་སོ། །གཉིས་པ་ལ་དར་ཊཱིཀ་པ་ན་རེ། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་སྐྱེས་པའི་ཚེ། བཟོད་པ་བརྒྱད་པོ་ངོ་བོ་གཅིག་ཏུ་སྐྱེས་པ་ཡིན་ཏེ། བདེན་བཞིའི་ཆོས་ཉིད་ལ་མི་སྐྲག་པའི་ཆ་ནས་ཆོས་བཟོད་བཞི་དང་། དེ་མངོན་སུམ་རྟོགས་པའི་ཡེ་ཤེས་ལ་མི་སྐྲག་པའི་ཆ་ནས་རྗེས་བཟོད་བཞི་ལྡོག་པའི་སྒོ་ནས་དབྱེ་བ་ཡིན་པའི་ཕྱིར། དེས་ན་བཟོད་པའི་གནས་སྐབས་སུ་གློ་བུར་དྲི་བྲལ་གྱིས་འགོག་བདེན་དང་རྣམ་གྲོལ་ལམ་མ་ཐོབ་ཅིང་ནམ་ཞིག་དེ་རྒྱུད་ལ་སྐྱེས་པའི་ཚེ་ཡུལ་བདེན་བཞིའི་ཆོས་ཉིད་རྟོགས་པའི་ཆོས་ཤེས་བཞི་དང་། ཡུལ་ཅན་ཡེ་ཤེས་དེ་ཉིད་རྟོགས་པའི་རྗེས་ཤེས་བཞི་སྟེ། ཤེས་པ་བརྒྱད་པོ་ངོ་བོ་གཅིག་ཏུ་སྐྱེ་བ་ཡིན་ནོ། །དེ་ལ་བདེན་པ་མངོན་པར་རྟོགས་པའི་མཉམ་གཞག་ཐུན་གཅིག་གིས་སྐད་ཅིག་མ་གཅིག་པོ་དེ་ཉིད་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་དུ་སྐྱེ་བ་ཡིན་གྱི། ཆོས་ཤེས་ཀྱི་འོག་ཏུ་རྗེས་བཟོད་སྐྱེ་བ་སོགས་ཀྱི་ཐ་སྙད་འདིར་ཁས་མི་ལེན་ནོ། །དེས་ན་ཐེག་ཆེན་མཐོང་ལམ་ལ་བཟོད་པ་དང་ཤེས་པ་གཉིས་སུ་ངེས་པས། བཟོད་པ་ལ་གནས་པའི་གང་ཟག་ལ་ཞུགས་པ་དང་། ཤེས་པ་ལ་གནས་པའི་གང་ཟག་ལ་འབྲས་གནས་ཀྱི་ཁྱད་པར་འཐད་པ་ཡིན་ནོ་ཟེར་རོ། །མི་འཐད་དེ། ཐེག་ཆེན་མཐོང་ལམ་ཤེས་པ་བརྒྱད་པོ་ཆོས་ཅན། གོང་དུ་བཤད་པའི་ཐེག་ཆེན་ཐུན་མོང་མ་ཡིན་པའི་མཐོང་ལམ་གྱི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། མ་གྲུབ་ན། ཐེག་ཆེན་གྱི་བཟོད་པ་བརྒྱད་པོ་དེའང་ཐེག་ཆེན་ཐུན་མོང་མིན་པའི་མཐོང་ལམ་མིན་པར་འགྱུར་རོ། །རྩ་བར་འདོད་ན་སྔར་བཞིན་ནོ། །ཡང་ཐེག་ཆེན་མཐོང་ལམ་ཤེས་པ་བརྒྱད་པོ་ཆོས་ཅན། ཡུལ་བདེན་བཞིའི་ཆོས་ཉིད་རྟོགས་པའི་ཡུལ་ཅན་ཡེ་ཤེས་དེ་མངོན་སུམ་མ་རྟོགས་པར་ཐལ། ཡུལ་བདེན་བཞིའི་ཆོས་ཉིད་མངོན་སུམ་རྟོགས་པའི་སློབ་པའི་ཡེ་ཤེས་ཡིན་པའི་ཕྱིར། གསུམ་ཆར་ཁས་བླངས། ཡང་ཐེག་ཆེན་གྱི་མཐོང་ལམ་བདེན་པ་མངོན་པར་རྟོགས་པའི་མཉམ་གཞག་ཐུན་གཅིག་གིས་སྐད་ཅིག་མ་གཅིག་པོ་དེ་ཉིད་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་ངོ་བོར་སྐྱེ་བ་མིན་པར་ཐལ། ཐེག་ཆེན་གྱི་མཐོང་ལམ་དེ་ལ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་མེད་པའི་ཕྱིར། མ་གྲུབ་ན། དེ་ལ་སྐད་ཅིག་མ་གཉིས་སུ་གྲངས་ངེས་པ་དང་འགལ་ལོ། །གཞན་ཡང་ཐེག་ཆེན་གྱི་མཐོང་ལམ་ལམ་ཆོས་ཤེས་ལ་གནས་པའི་གང་ཟག་ལ་འབྲས་གནས་དང་། ལམ་རྗེས་བཟོད་ལ་གནས་པའི་གང་ཟག་ལ་ཞུགས་པའི་ཁྱད་པར་འཐད་པར་ཐལ། ཐེག་ཆེན་གྱི་མཐོང་ལམ་བཟོད་པ་བརྒྱད་ལ་གནས་པའི་གང་ཟག་ལ་ཞུགས་པ་དང་། ཤེས་པ་བརྒྱད་ལ་གནས་པའི་གང་ཟག་ལ་འབྲས་གནས་ཀྱི་ཁྱད་པར་འཐད་པའི་ཕྱིར་རོ། །འདོད་ན། ཉན་ཐོས་ཀྱི་མཐོང་ལམ་དེ་ལའང་དེ་ལྟར་འཐད་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། ཉན་ཐོས་ཀྱི་མཐོང་ལམ་སྐད་ཅིག་མ་དང་པོ་བཅོ་ལྔ་གང་རུང་ལ་གནས་པའི་གང་ཟག་ཡིན་ན། ཞུགས་པ་ཡིན་དགོས་པའི་ཕྱིར་རོ། །གཞན་ཡང་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་དེ་ཐེག་ཆེན་གྱི་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་རྫོགས་རྗེས་སུ་སྐྱེས་པ་ཡིན་ནམ། དེ་དང་དུས་མཉམ་དུ་སྐྱེས་པ་ཡིན། དང་པོ་ལྟར་ན་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་དེ་ལ་ཐེག་པ་གསུམ་གྱི་རྟོགས་རིགས་མ་ཚང་བར་ཐལ། དེ་ལ་ཉན་ཐོས་ཀྱི་རྟོགས་རིགས་མ་ཚང་བའི་ཕྱིར། རྟགས་ཁས། གཞན་ཡང་ཐེག་ཆེན་གྱི་སྦྱོར་ལམ་ཡིན་ན་ཐེག་པ་གསུམ་གྱི་རྟོགས་རིགས་ཚང་བའི་མཐོང་ལམ་གྱི་དངོས་རྒྱུ་མིན་དགོས་པར་ཐལ། འདོད་པ་དེའི་ཕྱིར། གཉིས་པ་ལྟར་ན། ཐེག་ཆེན་གྱི་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་གནས་སྐབས་ན། ཀུན་རྫོབ་བདེན་པ་དངོས་ཡུལ་དུ་བྱེད་པའི་མཁྱེན་པ་ཡོད་པར་ཐལ། ཁས་བླངས་དེའི་ཕྱིར། གསལ་བ་གྲུབ་མཐའ་ལ་ཁས་བླངས་སོ། །གཞན་ཡང་ཐེག་པ་གསུམ་གྱི་རྟོགས་རིགས་ཚང་བའི་བྱང་འཕགས་ཀྱི་མཁྱེན་པ་མི་སྲིད་པར་ཐལ། སྟོང་ཉིད་མངོན་སུམ་རྟོགས་པའི་བྱང་འཕགས་ཀྱི་མཁྱེན་པ་ལ་ཉན་ཐོས་ཀྱི་རྟོགས་རིགས་མ་ཚང་། སྟོང་ཉིད་མངོན་སུམ་མ་རྟོགས་པའི་བྱང་འཕགས་ཀྱི་མཁྱེན་པ་ལ་ཐེག་ཆེན་གྱི་རྟོགས་རིགས་མ་ཚང་བའི་ཕྱིར། རྟགས་སྔ་མ་ཁས་བླངས་སོ། །ཡང་བྲང་ཏི་དང་ཁུ་སྟོན་ན་རེ། ཐེག་ཆེན་གྱི་མཐོང་ལམ་ཐམས་ཅད་སྡུག་བསྔལ་ལ་ཆོས་བཟོད་དང་ཆོས་ཤེས་གཉིས་སུ་འདུས་ཏེ། དང་པོར་ཆོས་བཟོད་བཞི་ངོ་བོ་གཅིག་ཏུ་སྐྱེ། དེ་རྗེས་ཆོས་ཤེས་བཞི་ངོ་བོ་གཅིག་ཏུ་སྐྱེ་ལ། རྗེས་བཟོད་དང་རྗེས་ཤེས་བཞི་ནི་སྔ་མ་བཞི་དང་ངོ་བོ་གཅིག་ཏུ་ཡོད་དེ། རྫས་གཞན་དུ་མེད་པའི་ཕྱིར། འོ་ན་དེ་གཉིས་ཀྱི་ངོ་བོ་ཇི་ལྟར་ཞེ་ན། ཆོས་བཟོད་བཞི་པོ་དེ་ལ་ཁ་ཕྱིར་བལྟས་གཞན་རིག་གི་ཆ། ནང་བལྟས་རང་རིག་གི་ཆ་གཉིས་ཡོད་པའི་དང་པོའི་ཆོས་ཉིད་ཆོས་བཟོད་རང་གིས་རིགས་པའི་ཆ་ནས་རྗེས་བཟོད་བཞིར་འཇོག་ཅིང་། གཉིས་པའི་ཆོས་ཉིད་ཆོས་བཟོད་རང་གིས་རིག་པའི་ཆ་ནས་རྗེས་ཤེས་བཞིར་འཇོག་པ་ཡིན་ནོ། །དེ་བཞིན་དུ་ཆོས་ཤེས་བཞི་ལའང་ཕྱི་བལྟས་གཞན་རིགས་གི་ཆ། ནང་བལྟས་རང་རིགས་གི་ཆ་གཉིས་ཡོད་པའི་དང་པོའི་ཆོས་ཉིད་ཆོས་ཤེས་རང་གིས་རིག་པའི་ཆ་ནས་རྗེས་བཟོད་བཞིར་འཇོག་ཅིང་། གཉིས་པའི་ཆོས་ཉིད་ཆོས་ཤེས་རང་གིས་རིག་པའི་ཆ་ནས་རྗེས་ཤེས་བཞིར་འཇོག་པ་ཡིན་ནོ་ཟེར་རོ། །ཡང་ཁ་ཅིག ཐེག་ཆེན་མཐོང་ལམ་ཐམས་ཅད་སྡུག་བསྔལ་ལ་ཆོས་བཟོད་དང་། སྡུག་བསྔལ་ལ་ཆོས་ཤེས་ཀྱི་རྫས་གཉིས་སུ་འདུས་པ་ཡིན་ཏེ། དང་པོ་བདེན་བཞིའི་ཆོས་ཉིད་ཅིག་ཅར་དུ་གསར་དུ་རྟོགས་པའི་ཚེ་ཆོས་བཟོད་བཞི་པོ་ངོ་བོ་གཅིག་ཏུ་སྐྱེ་ཞིང་། དེའི་རྗེས་སུ་མཐོང་སྤངས་ལས་གྲོལ་བའི་རྣམ་གྲོལ་ལམ་རྒྱུད་ལ་སྐྱེས་པ་དེའི་ཚེ་ཆོས་ཤེས་བཞི་པོ་ངོ་བོ་གཅིག་ཏུ་སྐྱེ་བ་ཡིན་པའི་ཕྱིར། འོ་ན་རྗེས་བཟོད་རྗེས་ཤེས་ཀྱི་ངོ་བོ་ཇི་ལྟར་འཇོག་ཅེ་ན། ཆོས་བཟོད་ཀྱི་སྐབས་སུ་དེའི་ཡུལ་ཅན་དུ་གྱུར་པའི་རང་གི་མངོན་སུམ་བཞི་རྗེས་བཟོད་བཞི་དང་། རྗེས་བཟོད་བཞིའི་ཡུལ་ཅན་དུ་གྱུར་པའི་རང་གི་མངོན་སུམ་བཞི་རྗེས་ཤེས་བཞི་ཡིན་པས། ཆོས་བཟོད་ཀྱི་གནས་སྐབས་སུ་ཤེས་པ་སྐད་ཅིག་མ་བཅུ་གཉིས་ངོ་བོ་གཅིག་ཏུ་སྐྱེ་བ་ཡིན། དེ་བཞིན་དུ་ཆོས་ཤེས་ཀྱི་སྐབས་སུ་ཤེས་པ་སྐད་ཅིག་མ་བཅུ་གཉིས་ངོ་བོ་གཅིག་ཏུ་སྐྱེ་བ་ཡིན་པས། ཆོས་བཟོད་ཀྱིས་བསྡུས་པའི་ཤེས་པ་བཅུ་གཉིས་བར་ཆད་མེད་ལམ་དང་། ཆོས་ཤེས་ཀྱིས་བསྡུས་པའི་ཤེས་པ་བཅུ་གཉིས་རྣམ་གྲོལ་ལམ་གྱིས་བསྡུས་པ་ཡིན་ནོ། །ཐེག་ཆེན་གྱི་མཐོང་ལམ་རྗེས་བཟོད་བཞི་དང་རྗེས་ཤེས་བཞི་པོ་དེས་ནི་ཆོས་ཉིད་མངོན་སུམ་མ་རྟོགས་པ་ཡིན་ཏེ། དེས་ཀུན་རྫོབ་བདེན་པ་མངོན་སུམ་རྟོགས་པ་གང་ཞིག སློབ་ལམ་ན་བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་ཟད་པར་སྤངས་པ་མེད་པའི་ཕྱིར་ཞེས་ཟེར་རོ། །འོ་ན་ཐེག་ཆེན་གྱི་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་ཉི་ཤུ་རྩ་བཞིའི་རྣམ་གཞག་མི་འཐད་པར་ཐལ། དེ་སངས་རྒྱས་རབ་བདུན་གྱིས་མ་གསུངས་པའི་ཕྱིར། ཡང་སྔ་ཕྱི་གཉིས་ཆར་ལ་ཐེག་ཆེན་གྱི་མཐོང་ལམ་ཐམས་ཅད་སྐད་ཅིག་མ་གཅིག་ཏུ་འདུས་པར་ཐལ། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་ཀྱི་གནས་སྐབས་སུ་ལམ་ལ་རྗེས་ཤེས་སྐྱེས་པའི་ཕྱིར། རྟགས་ཁས། ཡང་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་ཤེས་ཆོས་ཅན། ཁྱོད་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གང་རུང་མིན་པར་ཐལ། ཁྱོད་ཐེག་ཆེན་གྱི་མཐོང་ལམ་ལ་རྗེས་ཤེས་ཀྱི་རྗེས་སུ་བྱུང་བའི་ཤེས་པ་ཡིན་པའི་ཕྱིར། རྟགས་ཁས་བླངས་ཏེ། ཁྱོད་ཀྱི་དངོས་རྒྱུ་སྡུག་བསྔལ་ཆོས་བཟོད་ཀྱི་དུས་སུ་དེ་སྐྱེས་ཟིན་པའི་ཕྱིར། རྟགས་ཁས། ཡང་ཐེག་ཆེན་གྱི་མཐོང་ལམ་ལམ་ལ་རྗེས་ཤེས་ཡིན་ན་རྣམ་གྲོལ་ལམ་ཡིན་དགོས་པར་ཐལ། ཐེག་ཆེན་གྱི་མཐོང་ལམ་དེ་ལ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གྱི་རྫས་གཉིས་སུ་ངེས་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་དང་རྫས་གཅིག་ཏུ་གྱུར་པའི་མཐོང་ལམ་ལམ་རྗེས་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་ཆོས་ཅན་དང་བཅས་པ་ཁས་བླངས། འདོད་ན། ཕྱོགས་སྔ་སྔ་མ་ལྟར་ན། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་དེ་བར་ཆད་མེད་ལམ་མིན་པར་ཐལ། འདོད་པ་དེའི་ཕྱིར། ཕྱོགས་སྔ་ཕྱི་མ་ལྟར་ན། དེ་ཆོས་ཅན། བར་ཆད་མེད་ལམ་མིན་པར་ཐལ། རྣམ་གྲོལ་ལམ་ཡིན་པའི་ཕྱིར། རྟགས་གསལ་དངོས། ཡང་ཕྱོགས་སྔ་ཕྱི་མ་ལ་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ལ་ཆོས་བཟོད་དང་རྫས་གཅིག་ཏུ་གྱུར་པའི་རྗེས་བཟོད་བཞི་པོ་ཆོས་ཅན། མཐོང་སྤངས་ཤེས་སྒྲིབ་ཀྱི་དངོས་གཉེན་དུ་གྱུར་པའི་བར་ཆད་མེད་ལམ་མིན་པར་ཐལ། ཆོས་ཉིད་མངོན་སུམ་མ་རྟོགས་པའི་ཕྱིར། རྟགས་གསལ་ཁས། གསུམ་པ་ལ། མཁས་པ་འབྲེ་ཨར་ན་རེ། ཐེག་ཆེན་གྱི་མཐོང་ལམ་ཐམས་ཅད་སྐད་ཅིག་མ་བཞིར་འདུས་པ་ཡིན་ཏེ། དང་པོ་བདེན་བཞིའི་ཆོས་ཉིད་ཅིག་ཅར་དུ་མངོན་སུམ་མཐོང་བའི་ཆོས་བཟོད་བཞི་པོ་སྐད་ཅིག་མ་གཅིག་ཏུ་སྐྱེ། དེའི་རྗེས་སུ་ཆོས་ཤེས་བཞི་པོ་སྐད་ཅིག་ཏུ་སྐྱེ། དེའི་འོག་ཏུ་དེ་གཉིས་ཡུལ་དུ་བྱེད་པའི་རྗེས་བཟོད་བཞི་སྐད་ཅིག་གཅིག་ཏུ་སྐྱེ། དེའི་འོག་ཏུ་རྗེས་བཟོད་ཀྱི་ཡེ་ཤེས་དེ་ཉིད་ཡུལ་དུ་བྱེད་པའི་རྗེས་ཤེས་བཞི་སྐད་ཅིག་གཅིག་ཏུ་སྐྱེ་བའི་ཕྱིར་ཞེས་གསུངས་སོ། །མཐོང་ལམ་སྡུག་བསྔལ་རྗེས་ཤེས་ལ་གནས་པའི་བྱང་སེམས་ཆོས་ཅན། རྒྱུན་ཞུགས་འབྲས་གནས་ཀྱི་མཚོན་པར་བྱ་བའི་མཚོན་བྱ་དོན་གྱི་དགེ་འདུན་ཡིན་པར་ཐལ། ལམ་རྗེས་ཤེས་ལ་གནས་པའི་བྱང་སེམས་ཡིན་པའི་ཕྱིར། འདོད་ན། ཉན་ཐོས་ཀྱི་མཐོང་ལམ་སྡུག་བསྔལ་རྗེས་ཤེས་ལ་གནས་པའི་གང་ཟག་དེ་རྒྱུན་ཞུགས་འབྲས་གནས་ཡིན་པར་ཐལ་ལོ། །བཞི་པ་ལ། ཐོགས་མེད་ཀྱི་བསྡུ་བ་ལས། ཀུན་རྫོབ་སྤྲོས་པའི་རྣམ་གཞག་དང་། དོན་དམ་སྤྲོས་མེད་ཀྱི་རྣམ་གཞག་གཉིས་ལས། དང་པོ་ནི་ཆོས་ཤེས་ཕྱོགས་མཐུན་གྱི་སེམས་བཞི། རྗེས་ཤེས་ཕྱོགས་མཐུན་གྱི་སེམས་བཞི་སྟེ་བརྒྱད་དོ། །དེའི་རྗེས་སུ་ཞི་གནས་འབའ་ཞིག་པའི་སེམས་གཅིག་སྟེ་དགུ་པོ་འདིས་མཐོང་ལམ་ཡོངས་སུ་རྫོགས་པ་ཡིན་ནོ། །འདི་ནི་སྤྲོས་པ་ལ་དགའ་བའི་གདུལ་བྱ་བདེན་པ་མངོན་པར་རྟོགས་པ་ལ་གཞུག་པའི་ཕྱིར་དུ་མིང་ཚིག་ཡི་གེའི་ཚོགས་ཀྱིས་སྤྲོས་ཏེ་བསྟན་པའི་ཕྱིར་ན། ཀུན་རྫོབ་སྤྲོས་པའི་རྣམ་གཞག་ཅེས་གསུང་ངོ་། །གཉིས་པ་ནི། མཐོང་ལམ་ཐམས་ཅད་དེ་བཞིན་ཉིད་ཁོ་ནའི་ཡུལ་ཅན་དུ་ངེས་པའི་ཕྱིར་ན། དེ་བཞིན་ཉིད་ཁོ་ནའི་ཡུལ་ཅན་དུ་གྱུར་པའི་ཡེ་ཤེས་གཅིག་ཁོ་ནར་ཟད་དོ། །ལྔ་པ་ལ་ཀུན་བཏུས་ཀྱི་ལུགས་དང་། འགྲེལ་ཆེན་གྱི་ལུགས་གཉིས་ལས། དང་པོ་ནི། སྡུག་བདེན་གྱི་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཚེ་སྡུག་བསྔལ་མཐོང་སྤང་སྤོང་བར་བྱེད་པའི་བར་ཆད་མེད་ལམ་སྡུག་བསྔལ་ལ་ཆོས་བཟོད། དེའི་འོག་ཏུ་སྡུག་བསྔལ་མཐོང་སྤང་ལས་གྲོལ་བའི་རྣམ་གྲོལ་ལམ་སྡུག་བསྔལ་ཆོས་ཤེས། དེའི་འོག་ཏུ་དེ་གཉིས་འཕགས་ཆོས་རྣམས་ཀྱི་རྒྱུར་ངེས་པར་བྱེད་པའི་བློ་ལ་སྡུག་བསྔལ་རྗེས་བཟོད། དེའི་འོག་ཏུ་སྡུག་བསྔལ་རྗེས་བཟོད་དེ་ཉིད་ཡོངས་སུ་དཔྱོད་པར་བྱེད་པའི་བློ་ལ་སྡུག་བསྔལ་རྗེས་ཤེས་སུ་འཇོག་ཅིང་། བདེན་པ་ལྷག་མ་རྣམས་ལ་དེ་བཞིན་དུ་འབྱུང་ངོ་། །སྐད་ཅིག་མ་བཅུ་དྲུག་པོ་དེ་དག་ཀྱང་རྫས་ཀྱི་སྒོ་ནས་ཡིན་གྱི་ལྡོག་པའི་སྒོ་ནས་མིན་ཏེ། རྒྱལ་སྲས་མ་ལས། སྐད་ཅིག་མ་བཅུ་དྲུག་བར་མ་ཆད་དུ་འབྱུང་ཞེས་གསུངས་པའི་ཕྱིར། གཉིས་པ་ལ་ལུགས་གཉིས་ལས། ལུགས་དང་པོ་ནི། ཁ་ཅིག ཐེག་ཆེན་གྱི་མཐོང་ལམ་དེ་སྡུག་བསྔལ་བདེན་པའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཚེ་ཀུན་འབྱུང་སྤོང་བ་དང་། འགོག་པ་མངོན་དུ་བྱེད་པ་དང་། འཐོབ་བྱེད་ཀྱི་ལམ་གོམས་པར་བྱས་ཟིན་པས། འབྲས་བུའི་མངོན་པར་རྟོག་པ་ལ་ལྟོས་ནས་སྐད་ཅིག་མ་གཅིག་ཡིན་ཏེ། ཡེ་ཤེས་སྐད་ཅིག་མ་གཅིག་པོ་དེས་བདེན་པ་བཞི་ཆར་ལ་བྱ་བ་ཅིག་ཅར་བྱས་པའི་ཕྱིར། མཐོང་བ་ལ་ལྟོས་ནས་ཀྱང་སྐད་ཅིག་མ་གཅིག་ཡིན་ཏེ། བདེན་བཞིའི་རང་བཞིན་རྣམ་དག་གིས་ཆོས་ཉིད་ལ་རིགས་མི་འདྲ་བའི་དབྱེ་བ་མེད་པས་མཐོང་མ་མཐོང་གི་ཆ་གཉིས་མེད་པའི་ཕྱིར། སོ་སོར་མངོན་པར་རྟོགས་པ་ལ་ལྟོས་ནས་སྐད་ཅིག་མ་བཅུ་དྲུག་ཡིན་ཏེ། བདེན་བཞིའི་ཆོས་ཉིད་ལ་ལོགས་ཕྱོགས་སུ་འཛིན་པའི་སྒྲོ་འདོགས་བཅུ་དྲུག་ཡོད་པས་དེ་སེལ་བྱེད་ཀྱི་ཡེ་ཤེས་ཀྱང་གྲངས་དེ་སྙེད་གཅིག་འཇུག་པའི་ཕྱིར། དེས་ན་ཞུགས་གནས་ཀྱི་རྣམ་གཞག་ཀྱང་ལེགས་པར་འཐད་པ་ཡིན་ནོ། །ལུགས་གཉིས་པ་ནི། རྣམ་འགྲེལ་ལས། དོན་གྱིས་རང་བཞིན་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་གཞན་གྱིས་རྟོགས་བྱ་གང་། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་པའི་ཚུལ་གྱིས་ཡེ་ཤེས་སྐད་ཅིག་མ་གཅིག་པོ་དེས་བདེན་བཞིའི་ཆོས་ཉིད་ཅིག་ཅར་དུ་མངོན་སུམ་རྟོགས་པས་སོ་སོར་མངོན་པར་རྟོགས་པ་ལ་ལྟོས་ནས་ཀྱང་སྐད་ཅིག་མ་གཅིག་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ལུགས་གཉིས་ལས། ཕྱི་མ་འདི་ལ་སློབ་དཔོན་གྱིས་མཐོང་ལམ་སྐད་ཅིག་མ་དང་པོ་བཅོ་ལྔ་ལ་གནས་པའི་གང་ཟག་ལ་བཞུགས་པ་དང་། བཅུ་དྲུག་པ་ལ་གནས་པའི་གང་ཟག་ལ་འབྲས་གནས་ཀྱི་ཁྱད་པར་མཛད་པ་མི་འཐད་པར་ཐལ། ཐེག་ཆེན་གྱི་མཐོང་ལམ་དེ་སོ་སོར་མངོན་པར་རྟོགས་པ་ལ་ལྟོས་ནས་ཀྱང་སྐད་ཅིག་མ་གཅིག་ཡིན་པའི་ཕྱིར་ཞེས་བཀག་ནས་སྔ་མ་ཉིད་རང་ལུགས་སུ་བཞེད་དོ། །འོ་ན་སོ་སོར་མངོན་པར་རྟོགས་པ་ལ་ལྟོས་ནས་སྐད་ཅིག་མ་བཅུ་དྲུག་ཡིན་པའི་དོན་གང་ཞེ་ན། བདེན་བཞིའི་ཆོས་ཉིད་ལ་ལོག་ཕྱོགས་སུ་འཛིན་པའི་སྒྲོ་འདོགས་བཅུ་དྲུག་སེལ་བར་བྱེད་པའི་ངེས་ཤེས་བཅུ་དྲུག་རིམ་བཞིན་རྗེས་ཐོབ་ཀྱི་གནས་སྐབས་སུ་ཐོབ་པས་དེ་སྐྱེད་པར་བྱེད་པའི་ནུས་པ་བཅུ་དྲུག་མཉམ་གཞག་གི་གནས་སྐབས་སུ་རིམ་བཞིན་དུ་འབྱུང་དགོས་ལ། ནུས་པ་བཅུ་དྲུག་ཐོབ་པའི་མཉམ་གཞག་སྐད་ཅིག་མ་བཅུ་དྲུག་ལ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཏུ་འཇོག་པ་ཡིན་ནོ། །གལ་ཏེ་སྐད་ཅིག་མ་ཕྱི་མ་བཅོ་ལྔ་པོ་ཐམས་ཅད་མཐོང་ལམ་མིན་པར་འགྱུར་རོ་སྙམ་ན། སྐྱོན་མེད་དེ། སྔར་མ་མཐོང་བ་གསར་དུ་མཐོང་བར་བྱར་མེད་ཀྱང་། སྔར་མ་རྟོགས་པ་གསར་དུ་རྟོགས་པར་བྱར་ཡོད་པའི་ཕྱིར་ཏེ། ལོག་ཕྱོགས་སུ་འཛིན་པའི་སྒྲོ་འདོགས་སེལ་བར་བྱེད་པའི་ངེས་ཤེས་སྐྱེས་པའི་ནུས་པ་ཐོབ་པའི་ཚེ། གནས་སྐབས་དེར་དེའི་ཆོས་ཉིད་རྟོགས་པ་ལ་འཇོག་དགོས་ཤིང་། སྐད་ཅིག་མ་ཕྱི་མ་རྣམས་ལ་ནུས་པ་མ་ཐོབ་པ་ཐོབ་པར་བྱར་ཡོད་པའི་ཕྱིར། དེ་ལྟར་མཉམ་བཞག་སྐད་ཅིག་མ་བཅུ་དྲུག་ལས། སྐད་ཅིག་མ་དང་པོ་ཁོ་ན་བར་ཆད་མེད་ལམ་ཡིན་ཏེ། མཐོང་སྤང་དངོས་སུ་སྤོང་བར་བྱེད་པའི་མཐོང་ལམ་རྩེ་སྦྱོར་ཡིན་པའི་ཕྱིར། འདི་ལ་དགོངས་ནས་མཐོང་ལམ་རྩེ་སྦྱོར་རྩ་འགྲེལ་གཉིས་ཆར་ལས། སྐད་ཅིག་མ་དང་པོར་སྐྱེས་པའི་བཟོད་པ་ཁོ་ན་མཐོང་ལམ་རྩེ་སྦྱོར་དུ་གསུངས་པའི་ཕྱིར། ཁ་ཅིག སློབ་དཔོན་གྱི་དགོངས་པ་མཉམ་གཞག་སྐད་ཅིག་མ་གཅིག་ཡིན་ཞིང་། རྗེས་ཐོབ་ཀྱི་གནས་སྐབས་སུ་ངེས་ཤེས་བཅུ་དྲུག་རིམ་བཞིན་དུ་སྐྱེས་པས་དང་པོ་བཅོ་ལྔ་ལ་ཞུགས་པ་དང་། བཅུ་དྲུག་ལ་གནས་པ་ལ་འབྲས་གནས་ཀྱི་རྣམ་གཞག་བྱེད་པ་ཡིན་ཟེར་རོ། །འོ་ན་མཐོང་ལམ་ལ་གནས་པའི་གང་ཟག་ལ་ཞུགས་གནས་ཀྱི་རྣམ་གཞག་མི་འཐད་པར་ཐལ། ངེས་ཤེས་སྐད་ཅིག་མ་བཅུ་དྲུག་པོ་དེ་མཐོང་ལམ་མིན་པའི་ཕྱིར། ཁོ་ན་རེ། སྐྱོན་མེད་དེ། དེ་ལ་མཐོང་ལམ་གྱི་མིང་གིས་བཏགས་པའི་ཕྱིར་ཞེ་ན། འོ་ན་མཐོང་ལམ་མཉམ་གཞག་ལ་གནས་པའི་གང་ཟག་དེ་ཞུགས་པ་ཡིན་ནམ། འབྲས་གནས་ཡིན། དང་པོ་ལྟར་ན། ཞུགས་པའི་མངོན་པར་རྟོགས་པ་དེ་ལ་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་ཡོད་པར་ཐལ་ལོ། །ཕྱི་མ་ལྟར་ན་འབྲས་གནས་ཀྱི་འོག་ཏུ་ཞུགས་པ་འབྱུང་བར་ཐལ་ལོ། །བཞི་པ་རྗེས་ཐོབ་ཡོད་མེད་དཔྱད་པ་ལ། དར་ཊཱིཀ་པ་ན་རེ། ཐེག་ཆེན་གྱི་མཐོང་ལམ་དང་པོ་སྐྱེས་ཟིན་ནས་རང་བཞིན་རྣམ་དག་གི་ཆོས་ཉིད་མངོན་སུམ་དུ་མཐོང་ཟིན་རྒྱུན་ལྡན་དུ་གོམས་པར་བྱེད་པའི་མཉམ་གཞག་གི་མཁྱེན་པ་མ་སྐྱེས་གོང་གི་མཁྱེན་པ་ཐམས་ཅད་ཐེག་ཆེན་མཐོང་ལམ་གྱིས་བསྡུས་པ་ཡིན་ནོ་ཞེས་ཟེར། འོ་ན་ས་གཉིས་པའི་ཡེ་ཤེས་སྐད་ཅིག་དང་པོ་དེ་སྦྱོར་མཐོང་སྒོམ་གསུམ་གྱི་གནས་སྐབས་སུ་མཐོང་ཟིན་གྱི་དོན་ལ་སེམས་འཇལ་རྟོག་གསུམ་བྱེད་པའི་མཁྱེན་པ་མིན་པར་ཐལ། ས་དང་པོའི་རྗེས་ཐོབ་ཡེ་ཤེས་དེ་ཐེག་ཆེན་གྱི་སྒོམ་ལམ་མིན་པའི་ཕྱིར། འདོད་ན། འཇལ་དང་ངེས་རྟོགས་སྒོམ་པའི་ལམ། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་སྒོམ་ལམ་མིན་པར་ཐལ་ལོ། །གཞན་ཡང་ས་དང་པོའི་རྗེས་ཐོབ་ཀྱི་གནས་སྐབས་སུ་བདེན་པ་རྣམ་པར་འཇོག་པ་མཐའ་ལས་བྱུང་བའི་ཀུན་རྫོབ་ཀྱི་ཤེས་པ་མངོན་དུ་གྱུར་པ་མི་སྲིད་པར་ཐལ། དེ་ཐེག་ཆེན་གྱི་སྒོམ་ལམ་མ་ཡིན་པའི་ཕྱིར། ཁྱབ་སྟེ། ཀུན་བཏུས་ལས། མཐོང་བའི་ལམ་ལ་བདེན་པ་རྣམ་པར་འཇོག་པ་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་ཐོབ་སྟེ། མངོན་དུ་བྱེད་པ་ནི་མིན་ནོ། །དེ་དག་ནི་སྒོམ་པའི་ལམ་ལ་མངོན་དུ་བྱེད་དོ་ཞེས་གསུངས་པས་སོ། །དེས་ན་ས་དང་པོའི་རྗེས་ཐོབ་ཀྱི་མཁྱེན་པ་ནི་སྒོམ་ལམ་ཡིན་ཞིང་། དེ་ལ་གནས་པ་ནི་མཐོང་ལམ་པར་འཇོག་དགོས་ཏེ། སྒྲུབ་བྱེད་སྐབས་བཞི་པར་ཤེས་པར་བྱའོ། །ཀུན་ནས་ཞི་དང་ཐམས་ཅད་ལ། །ཞེས་པའི་སྐབས་སུ། ཁ་ཅིག ཐེག་ཆེན་སྒོམ་ལམ་པའི་རྒྱུད་ཀྱི་ཉོན་མོངས་པ་སྤངས་པའི་རྣམ་དཀར་གྱི་ཡོན་ཏན་དེ་ཆོས་ཅན། ཐེག་ཆེན་གྱི་བྱེད་པ་ཡིན་ཏེ། དེ་སྒོམ་སྟོབས་ཀྱིས་ཐོབ་པའི་རྣམ་དཀར་གྱི་ཡོན་ཏན་ཡིན་པའི་ཕྱིར། དེ་དེའི་མཚན་ཉིད་ཀྱང་ཡིན་ནོ་ཟེར་རོ། །འོ་ན་ཐེག་ཆེན་སྦྱོར་ལམ་པས་ཐེག་ཆེན་གྱི་སྒོམ་ལམ་མཚན་ཉིད་རྗེས་སུ་དཔྱོད་པའི་རྣམ་པས་སྒོམ་སྟོབས་ཀྱིས་སྦྱོར་ལམ་གྱི་གནས་སྐབས་སུ་ཐོབ་པའི་རྣམ་དཀར་གྱི་ཡོན་ཏན་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་མི་ནུས་ཏེ། ཐེག་ཆེན་སྦྱོར་ལམ་པའི་རྒྱུད་ཀྱི་ཡོན་ཏན་ཡིན་པའི་ཕྱིར། ཁ་ཅིག ཐེག་ཆེན་སྒོམ་ལམ་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་རྣམ་པའི་སྒོ་ནས་སྒོམ་སྟོབས་ཀྱིས་ཐོབ་པའི་རྣམ་དཀར་དེ་དེའི་མཚན་ཉིད་ཡིན་ཞེ་ན། ས་དང་པོའི་རྗེས་ཐོབ་ཀྱི་སྟོབས་ཀྱིས་ས་དང་པོའི་རྗེས་ཐོབ་ཏུ་ཐོབ་པའི་རྣམ་དཀར་གྱི་ཡོན་ཏན་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། ས་དང་པོའི་རྗེས་ཐོབ་ཡེ་ཤེས་དེ་ཐེག་ཆེན་གྱི་སྒོམ་ལམ་ཡིན་པའི་ཕྱིར། རྩ་བར་འདོད་ན། ས་དང་པོའི་རྗེས་ཐོབ་ཀྱི་གནས་སྐབས་སུ་ཐེག་ཆེན་གྱི་སྒོམ་ལམ་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་རྣམ་པས་སྒོམ་པ་ཡོད་པར་ཐལ་ལོ། །ཁ་ཅིག ཐེག་ཆེན་གྱི་སྒོམ་ལམ་གྱི་གནས་སྐབས་ཀྱི་བྱེད་པས་དེའི་བྱེད་པའི་གོ་མི་ཆོད་དེ། དཔེར་ན་ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་བཞིན་ནོ་ཞེ་ན། ཐེག་ཆེན་གྱི་སྒོམ་ལམ་གྱི་གནས་སྐབས་ཀྱི་འབྲས་བུ་དེས་འབྲས་བུའི་གོ་མི་ཆོད་པར་ཐལ། དམ་བཅའ་དེའི་ཕྱིར། རང་ལུགས་ནི། ཐེག་ཆེན་གྱི་སྒོམ་ལམ་གྱིས་ཐོབ་པའི་རྣམ་དཀར་གྱི་ཡོན་ཏན་དེ་དེའི་མཚན་ཉིད་ཡིན་ནོ། །བྱེད་པའི་འོག་ཏུ་སྒོམ་པ་ཡི། །ཞེས་པའི་སྐབས་སུ། སྒོམ་ལམ་གྱི་མཚན་ཉིད་ལ་དཔྱད། ཟག་བཅས་ཟག་མེད་ཀྱི་དོན་ལ་དཔྱད། གཉེན་པོས་སྤང་བྱ་སྤོང་ཚུལ་ལ་དཔྱད་པ་དང་གསུམ་ལས། དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ལ། མཐོང་ལམ་རྫོགས་རྗེས་སུ་བྱུང་ཞིང་། མི་སློབ་ལམ་མ་སྐྱེས་གོང་གི་མངོན་རྟོགས་ཞེས་དང་། ཐེག་པ་རང་ལུགས་ཀྱི་མཐོང་ལམ་རྫོགས་རྗེས་སུ་བྱུང་ཞིང་། ཐེག་པ་རང་ལུགས་ཀྱི་མི་སློབ་ལམ་མ་སྐྱེས་གོང་གི་མངོན་རྟོགས་ཞེས་དང་། བདག་མེད་མངོན་སུམ་རྟོགས་ཟིན་རྒྱུན་ལྡན་དུ་སྒོམ་པར་བྱེད་པའི་མངོན་རྟོགས་ཞེས་དང་། དེ་ལྟར་བྱེད་པའི་རྗེས་ལ་མངོན་རྟོགས་རྣམས་སྒོམ་ལམ་གྱི་མཚན་ཉིད་དུ་འཇོག་ན། དང་པོ་ལ། ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་ཚོགས་ལམ་པའི་མངོན་རྟོགས་ཆོས་ཅན། མཚོན་བྱར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། མཐོང་ལམ་སྔོན་དུ་སོང་ཞིང་མི་སློབ་ལམ་མ་ཐོབ་གོང་གི་མངོན་རྟོགས་ཡིན་པའི་ཕྱིར། དེ་ལ་ཁ་ཅིག ཐེག་པ་རང་ལུགས་ཀྱི་མཐོང་ལམ་རྫོགས་རྗེས་སུ་བྱུང་བར་ཐལ། མཐོང་ལམ་རྫོགས་རྗེས་སུ་བྱུང་བའི་ཕྱིར་ཞེ་ན། དེ་ཆོས་ཅན། ཐེག་པ་རང་ལུགས་ཀྱི་མཐོང་ལམ་སྔོན་དུ་སོང་བར་ཐལ། མཐོང་ལམ་སྔོན་དུ་སོང་བའི་ཕྱིར། ཡང་ཉན་ཐོས་ཀྱི་སྒོམ་ལམ་དེ་མཐོང་ལམ་རྫོགས་རྗེས་སུ་བྱུང་བ་མིན་པར་ཐལ། དེ་དེ་མིན་པའི་ཕྱིར། གཉིས་པ་ལ། ཅིག་ཅར་བའི་རྒྱུན་ཞུགས་ཀྱི་རྟོགས་པ་སྔོན་དུ་སོང་ཞིང་། རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱེད་ངེས་ཀྱི་གང་ཟག་གི་རྒྱུད་ཀྱི་སྲིད་ཉོན་དགུ་པ་སྤོང་བའི་བར་ཆད་མེད་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། རང་རྒྱལ་གྱི་མཐོང་ལམ་རྫོགས་རྗེས་སུ་བྱུང་བར་ཐལ། འདོད་པ་གང་ཞིག རང་རྒྱལ་གྱི་སྒོམ་ལམ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། རང་རྒྱལ་གྱི་མི་སློབ་ལམ་གྱི་དངོས་རྒྱུར་གྱུར་པའི་མཁྱེན་པ་ཡིན་པའི་ཕྱིར། འདོད་ན། ཅིག་ཅར་བའི་རྒྱུན་ཞུགས་ཀྱི་མངོན་པར་རྟོགས་པ་དེ་རང་རྒྱལ་གྱི་མཐོང་ལམ་དུ་ཐལ་ལོ། །གསུམ་པ་ལ། ཉན་ཐོས་སྒོམ་ལམ་པ་ཐེག་ཆེན་ལམ་དུ་ཞུགས་པའི་ཐེག་ཆེན་ཚོགས་ལམ་པའི་རྒྱུད་ཀྱི་ཉོན་སྒྲིབ་ཀྱི་དངོས་གཉེན་དུ་གྱུར་པའི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཆོས་ཅན། མཚོན་བྱར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེར་ཐལ། བདག་མེད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་དང་སྒོམ་ལམ་སྔོན་སོང་གང་ཞིག རང་གི་ངོས་སྐལ་གྱི་སྒོམ་སྤངས་ཀྱི་སྒྲིབ་པའི་དངོས་གཉེན་ཡིན་པའི་ཕྱིར། བཞི་པ་ལ། ཐེག་ཆེན་སྒོམ་ལམ་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། ཐེག་ཆེན་སྒོམ་ལམ་པའི་རྒྱུད་ཀྱི་བདག་མེད་རྟོགས་པའི་མཁྱེན་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། ཐེག་ཆེན་སྒོམ་ལམ་པས་གང་ཟག་གི་བདག་མེད་མངོན་སུམ་རྟོགས་ཟིན་རྒྱུད་ལྡན་དུ་སྒོམ་པར་ཐལ་ལོ། །ཡང་ཐེག་ཆེན་སྒོམ་ལམ་གྱི་མཚན་ཉིད་ལ། ཁ་ཅིག སྟོང་ཉིད་མངོན་སུམ་རྟོགས་ཟིན་རྒྱུན་ལྡན་དུ་སྒོམ་པར་བྱེད་པའི་རྗེས་ལ་མངོན་རྟོགས་ཞེས་དང་། གཞན་དག་སྦྱོར་མཐོང་སྒོམ་གསུམ་གྱི་གནས་སྐབས་སུ་མཐོང་ཟིན་གྱི་དོན་ལ་སེམས་འཇལ་རྟོག་གསུམ་བྱེད་པའི་ཐེག་ཆེན་མངོན་རྟོགས་ཞེས་ཟེར་ན། དང་པོ་ལ། ས་གཉིས་པའི་མོས་པ་སྒོམ་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། གཉིས་པ་ལ། དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་སྒོམ་ལམ་སྐད་ཅིག་མ་དང་པོ་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཁྱོད་ཀྱི་སྔོན་དུ་སྒོམ་ལམ་སོང་བར་ཐལ། འདོད་པ་དེའི་ཕྱིར། འདོད་ན། ཁྱོད་ཀྱི་སྔོན་དུ་ཐེག་ཆེན་གྱི་སྒོམ་ལམ་སོང་བར་ཐལ། ཁྱོད་དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་སྒོམ་ལམ་གང་ཞིག འདོད་པ་དེའི་ཕྱིར། གཉིས་པ་ནི། མཐོང་ལམ་རྫོགས་རྗེས་སུ་བྱུང་བའི་སློབ་པ་འཕགས་པའི་རྒྱུད་ཀྱི་བདག་མེད་རྟོགས་པའི་མཁྱེན་པ་སྒོམ་ལམ་གྱི་མཚན་ཉིད། ཐེག་ཆེན་གྱི་མཐོང་ལམ་རྫོགས་རྗེས་སུ་བྱུང་ཞིང་ཐེག་ཆེན་གྱི་མི་སློབ་ལམ་མ་སྐྱེས་གོང་གི་མངོན་པར་རྟོགས་པ་དེ་ཐེག་ཆེན་གྱི་སྒོམ་ལམ་གྱི་མཚན་ཉིད། གཉིས་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ནི། ཁ་ཅིག ཐེག་ཆེན་གྱི་སྒོམ་ལམ་རྗེས་ཐོབ་ཐམས་ཅད་ནི་འཁྲུལ་པའི་སྣང་བ་དང་བཅས་པས་ཟག་བཅས་དང་། མཉམ་གཞག་ཐམས་ཅད་ནི་འཁྲུལ་པའི་སྣང་བ་མེད་པས་ཟག་མེད་ཡིན་ཟེར་རོ། །འོ་ན་ས་གཉིས་པའི་བསྔོ་བ་སྒོམ་ལམ་ཆོས་ཅན། འཁྲུལ་སྣང་ཅན་གྱི་ཤེས་པར་ཐལ། ཐེག་ཆེན་གྱི་སྒོམ་ལམ་རྗེས་ཐོབ་ཡིན་པའི་ཕྱིར། འདོད་ན། རྟོགས་མེད་ལོག་ཤེས་སུ་ཐལ། རྟོག་མེད་ཀྱི་ཤེས་པ་དང་འཁྲུལ་སྣང་ཅན་གྱི་གཞི་མཐུན་ཡིན་པའི་ཕྱིར་རོ། །གཞན་ཡང་ས་བཅུའི་རྗེས་ཐོབ་རྣམས་སུ་འཁྲུལ་པ་ཇེ་ཆེར་འགྱུར་བ་ཡིན་པར་ཐལ། ས་བཅུའི་རྗེས་ཐོབ་ཐམས་ཅད་འཁྲུལ་སྣང་དང་བཅས་པ་གང་ཞིག ས་བཅུའི་རྗེས་ཐོབ་ཀྱི་སྣང་བ་ཇེ་ཆེར་འབྱུང་བ་ཡིན་པའི་ཕྱིར་ཏེ། ས་དང་པོའི་རྗེས་ཐོབ་ཀྱི་གནས་སྐབས་སུ་སངས་རྒྱས་བརྒྱ་མཐོང་བ་དང་། ས་གཉིས་པའི་རྗེས་ཐོབ་ཀྱི་གནས་སྐབས་སུ་སངས་རྒྱས་སྟོང་མཐོང་བ་སོགས་ཀྱི་ཁྱད་པར་ཡོད་པའི་ཕྱིར། ཡང་ཁ་ཅིག ཉོན་མོངས་པའི་ཟག་པ་དང་བཅས་པ་དང་། ཉོན་མོངས་པའི་ཟག་པ་མེད་པ་དེ་སྐབས་འདིའི་ཟག་བཅས་ཟག་མེད་ཀྱི་ཁྱད་པར་ཡིན་ནོ་ཞེས་ཟེར་རོ། །འོ་ན་བྱང་སེམས་འཕགས་པས་ཉོན་སྒྲིབ་སྤངས་སམ་མ་སྤངས། དང་པོ་ལྟར་ན་ས་གཉིས་པའི་མོས་པ་སྒོམ་ལམ་ཆོས་ཅན། ཉོན་མོངས་པའི་ཟག་བཅས་མིན་པར་ཐལ། ཉོན་མོངས་པ་སྤངས་པའི་གང་ཟག་གི་རྒྱུད་ཀྱི་ཤེས་པ་ཡིན་པའི་ཕྱིར། ཕྱི་མ་ལྟར་ན། ས་གཉིས་པའི་མཉམ་གཞག་ཡེ་ཤེས་ཆོས་ཅན། ཉོན་མོངས་པའི་ཟག་མེད་མིན་པར་ཐལ། ཉོན་མོངས་པ་མ་སྤངས་པའི་ཤེས་པ་ཡིན་པའི་ཕྱིར། སྔ་ཕྱི་གཉིས་ཀའི་རྟགས་གསལ་ཁས། དར་ཊཱིཀ་པ་ན་རེ། འདིའི་ཟག་པ་དང་བཅས་པའི་དོན་ནི་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་བཅས་པས་ཟག་བཅས་སུ་གཞག་པ་ཡིན་གྱི། སྤང་བྱས་བསྡུས་པའི་ཟག་བཅས་ནི་མིན་ཏེ། མོས་བསྔོ་རྗེས་སུ་ཡི་རང་གསུམ་པོ་དེ་བྱང་ཆུབ་སེམས་དཔས་རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་རྫོགས་པའི་ཡན་ལག་ཏུ་འབད་པས་བསྐྱེད་པར་བྱ་བ་ཡིན་པ་གང་ཞིག སྒོམ་སྤང་འབད་པས་བསྐྱེད་པའི་མཁས་པ་སུ་ཡང་མི་སྲིད་པའི་ཕྱིར་དང་། སྤང་བྱར་བྱེད་ན་སྒོམ་སྤང་སུ་བྱེད་དགོས་ཤིང་། ཐེག་ཆེན་འཕགས་པའི་རྒྱུད་ཀྱི་སྒོམ་སྤང་དང་སྒོམ་ལམ་གྱི་གཞི་མཐུན་སུ་གང་གིས་ཀྱང་བྱར་མེད་པའི་ཕྱིར། ས་བརྒྱད་པ་ཡན་ཆད་ན་སྒྲ་དོན་འདྲེས་འཛིན་གྱི་རྟོགས་པ་མེད་ན། ལྐོག་གྱུར་གྱི་གཞལ་བྱ་ཅུང་ཟད་ཀྱང་ཡུལ་དུ་མི་བྱེད་པར་འགྱུར་རོ་ཞེས་ཟེར་རོ། །འོ་ན། སྤང་བྱས་བསྡུས་པའི་ཟག་བཅས་མིན་ཞེས་པའི་དོན་དེ། ཟག་བཅས་སྒོམ་ལམ་ལ་བཅས་རྒྱུའི་ཟག་པ་དེ་སྤང་བྱས་བསྡུས་པའི་ཟག་བཅས་མིན་ཞེས་ཟེར་རམ། ཟག་བཅས་སྒོམ་ལམ་རང་གི་ངོ་བོ་སྤང་བྱས་བསྡུས་པ་མིན་ཞེས་ཟེར། དང་པོ་ལྟར་ན། ཐེག་ཆེན་གྱི་སྦྱོར་ལམ་ལ་ལྡན་རྒྱུའི་རྟོགས་པ་དེ་སྤང་བྱས་བསྡུས་པ་མིན་པར་ཐལ། ཐེག་ཆེན་སྦྱོར་ལམ་དེ་བྱང་ཆུབ་སེམས་དཔའ་རྣམ་མཁྱེན་ཐོབ་པའི་ཆེད་དུ་འབད་པས་བསྐྱེད་པར་བྱ་བ་ཡིན་པ་གང་ཞིག སྒོམ་སྤང་འབད་པས་བསྐྱེད་པའི་མཁས་པ་སུ་ཡང་མེད་པའི་ཕྱིར། ཕྱི་མ་ལྟར་ན་ཤིན་ཏུ་འདོད་དེ། ཟག་བཅས་སྒོམ་ལམ་དེ་ལ་སྤང་བྱས་བསྡུས་པའི་ཟག་བཅས་ལྡན་པར་ཁས་བླངས་ཀྱི། སྤང་བྱས་བསྡུས་པར་ཁས་མ་བླངས་པའི་ཕྱིར། དེ་བཞིན་དུ། སྤང་བྱར་བྱེད་ན་སྒོམ་སྤངས་སུ་བྱེད་དགོས་ཏེ་ཞེས་སོགས་ཀྱང་འབྲེལ་མེད་པར་སྨྲ་བ་ཙམ་དུ་ཟད་དེ། བཅས་རྒྱུའི་ཟག་པ་སྒོམ་སྤངས་སུ་ཁས་བླངས་ཀྱང་སྒོམ་ལམ་དུ་ཁས་མ་བླངས། ཟག་བཅས་སྒོམ་ལམ་སྒོམ་ལམ་དུ་ཁས་བླངས་ཀྱང་སྒོམ་སྤང་སུ་ཁས་མ་བླངས་པའི་ཕྱིར། ས་གཉིས་པའི་མོས་པ་སྒོམ་ལམ་ཆོས་ཅན། མངོན་ཞེན་ཅན་གྱི་བློ་ཡིན་པར་ཐལ། སྒྲ་དོན་འདྲེས་འཛིན་གྱི་རྟོགས་པ་དང་བཅས་པའི་བློ་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། ཐེག་ཆེན་འཕགས་པའི་རྒྱུད་ཀྱི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། དག་པ་འཇིག་རྟེན་པ་གཟུང་བ་དང་འཛིན་པར་མངོན་པར་མ་ཞེན་པའི་རྣམ་པ་ཅན་རྗེས་ཀྱི་སེམས་ཀྱིས་བསྡུས་པ་ཞེས་གསུངས་པའི་ཕྱིར་རོ། །ཡང་སངས་རྒྱས་ཀྱི་སར་ལྐོག་གྱུར་གྱི་གཞལ་བྱ་ཅུང་ཟད་ཀྱང་ཡུལ་དུ་མི་བྱེད་པར་ཐལ། དེར་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་མེད་པའི་ཕྱིར། ཁྱབ་པ་ཁས། གལ་ཏེ་སངས་རྒྱས་རང་སྣང་ལ་ལྐོག་གྱུར་གྱི་གཞལ་བྱ་མི་སྣང་ཞིང་། ལྐོག་གྱུར་གྱི་གཞལ་བྱ་གདུལ་བྱའི་གཞན་སྣང་ལ་འཇོག་པ་ཡིན་ནོ་ཞེ་ན། ལྐོག་གྱུར་གྱི་གཞལ་བྱ་མེད་ངེས་སུ་ཐལ། དེ་རྫོགས་པའི་སངས་རྒྱས་ཀྱི་མངོན་སུམ་གྱིས་མ་གཟིགས་ཤིང་ཤུགས་ལ་རྟོགས་པའང་མེད་པའི་ཕྱིར། ཁྱབ་རྟགས་སྒྲིག་མཚམས་དང་བཅས་པ་སངས་རྒྱས་ཀྱི་ཞིང་སྦྱངས་པའི་ཐད་དུ་ཁས་བླངས་སོ། །ཁོ་ན་རེ། ས་བརྒྱད་པའི་མོས་པ་སྒོམ་ལམ་ཆོས་ཅན། རྣམ་མཁྱེན་མ་རྟོགས་པར་ཐལ། དེ་མངོན་སུམ་མ་རྟོགས། དོན་སྤྱིའི་ཚུལ་དུའང་མ་རྟོགས་པའི་ཕྱིར། རྟགས་ཕྱི་མ་ཁས་བླངས་སོ་ཞེ་ན། དེ་ཆོས་ཅན། སྟོང་ཉིད་མ་རྟོགས་པར་ཐལ། དེ་མངོན་སུམ་ཡང་མ་རྟོགས། དོན་སྤྱིའི་ཚུལ་དུའང་མ་རྟོགས་པའི་ཕྱིར། ཁྱབ་རྟགས་སྔ་མ་མཁས་བླངས་ཤིང་། ཕྱི་མ་དེར་ཐལ། སྟོང་ཉིད་མངོན་སུམ་རྟོགས་པའི་མཁྱེན་པ་སྔོན་སོང་གི་ཡེ་ཤེས་ཡིན་པའི་ཕྱིར། རྩ་བར་འདོད་ན། མི་དམིགས་པའི་རྣམ་པ་ཅན་མིན་པར་ཐལ་བ་དང་། ཐབས་ཤེས་ཁྱད་པར་ཅན་དང་ལྡན་པའི་སྦྱོར་བ་མིན་པར་ཐལ་ལོ། །ཡང་ཁོ་ན་རེ། ས་བརྒྱད་པའི་མོས་པ་སྒོམ་ལམ་ཆོས་ཅན། རྣམ་མཁྱེན་མངོན་སུམ་རྟོགས་པར་ཐལ། རྣམ་མཁྱེན་རྟོགས་པའི་མངོན་སུམ་ཡིན་པའི་ཕྱིར་ཞེ་ན། གཞན་རྒྱུད་ཀྱི་དགེ་རྩ་མངོན་སུམ་རྟོགས་ནས་དེ་ལ་རྗེས་སུ་ཡི་རང་བྱེད་པའི་ས་གཉིས་པའི་རྗེས་སུ་ཡི་རང་སྒོམ་ལམ་ཆོས་ཅན། རང་ཡུལ་དོན་སྤྱིའི་ཚུལ་དུ་རྟོགས་པར་ཐལ། རང་ཡུལ་རྟོགས་པའི་སྒྲ་དོན་འདྲེས་འཛིན་གྱི་རྟོགས་པ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། རང་ཡུལ་མངོན་སུམ་རྟོགས་པ་དང་། རང་ཡུལ་དོན་སྤྱིའི་ཚུལ་གྱིས་རྟོག་པའི་གཞི་མཐུན་ཡོད་པར་ཐལ་ལོ། །གཉིས་པ་ནི། འདིར་བསྟན་ཟག་པ་དེ་མངོན་ཞེན་མེད་པར་གཟུང་འཛིན་གཉིས་སུ་སྣང་བ་ཙམ་གྱི་ཤེས་སྒྲིབ་ཀྱི་རྣམ་རྟོག་ལ་འཇོག་པ་ཡིན་ཏེ། ཆོས་ཉིད་ལ་མཉམ་པར་གཞག་པའི་ཐེག་ཆེན་གྱི་མཉམ་གཞག་ཡིན་ན་དེ་དང་མི་ལྡན་པས་ཁྱབ་པ་གང་ཞིག ཐེག་ཆེན་གྱི་སྒོམ་ལམ་རྗེས་ཐོབ་ཡིན་ན་དེ་དང་ལྡན་པས་ཁྱབ་པའི་ཕྱིར། འོན་ཀྱང་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ནི་མ་ཡིན་ཏེ། མངོན་ཞེན་ཅན་གྱི་བློ་མ་ཡིན་པའི་ཕྱིར། ཡང་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་མ་ཡིན་ཏེ། དེ་དང་རྟོག་མེད་ཤེས་པའི་གཞི་མཐུན་ཡོད་པའི་ཕྱིར་ཏེ། སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཤེས་པ་ཐམས་ཅད་དེ་འདྲ་ཡིན་པའི་ཕྱིར། ཡང་དེ་བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་ཤེས་སྒྲིབ་རྟོགས་པ་ཡང་མ་ཡིན་ཏེ། དེ་ཡིན་ན་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་པོ་གང་རུང་ཡིན་དགོས་ཤིང་། དེ་བཞི་པོ་གང་རུང་ཡིན་ན་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཡིན་དགོས་པའི་ཕྱིར། དེས་ན་གཟུང་འཛིན་གཉིས་སུ་ཞེན་པ་མེད་པར་གཟུང་འཛིན་གཉིས་སུ་སྣང་བ་ཙམ་ལ་རྣམ་རྟོག་གི་མིང་གིས་བཏགས་པ་སྟེ། ཡང་དག་པ་མིན་པའི་ཀུན་ཏུ་རྟོག་པ་ཙམ་ལ་རྣམ་རྟོག་ཏུ་བྱས་པ་ཡིན་པའི་ཕྱིར། གསུམ་པ་ནི། ཁ་ཅིག དེ་ཆོས་ཅན། བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་ཤེས་སྒྲིབ་ཏུ་ཐལ། བྱང་འཕགས་ཀྱི་རྒྱུད་ཀྱི་ཤེས་སྒྲིབ་ཡིན་པའི་ཕྱིར་ཞེ་ན། བྱང་འཕགས་ཀྱི་རྒྱུད་ཀྱི་ཉོན་མོངས་པའི་བག་ལ་ཉལ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག ཊཱི་ཀ་ལས་ཤེས་སྒྲིབ་ཀྱི་རྣམ་པར་རྟོག་པ་ཞེས་གསུངས་པའི་ཚིག་ཙམ་ལ་བརྟེན་ནས་འདི་བཏགས་འཛིན་རྟོག་པར་བྱས་ནས། མོས་པ་སྒོམ་ལམ་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ལ་བཏགས་འཛིན་རྟོགས་པ་དང་། མོས་པ་སྒོམ་ལམ་གྱི་ངོ་བོར་གྱུར་པའི་ཡིད་ཀྱི་རྣམ་པར་ཤེས་པ་རྫས་ཐ་དད་པ་གཉིས་ཡོད་པར་འདོད་པ་ནི་ཤིན་ཏུ་འཁྲུལ་ཏེ། སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ་ཞེས་པ་དང་འགལ་ཞིང་། འདི་བཏགས་འཛིན་རྟོག་པར་བྱས་ན་ས་བརྒྱད་པ་ཡན་ཆད་ན་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་མེད་པའི་རང་ལུགས་དང་ཡང་འགལ་བའི་ཕྱིར་ཏེ། བཏགས་འཛིན་རྟོག་པ་ཡིན་ན་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཡིན་པས་ཁྱབ་པ་ཊཱི་ཀའི་བཞེད་པ་ཡིན་པའི་ཕྱིར། ཡང་ཁ་ཅིག ཊཱི་ཀ་ལས། ས་བརྒྱད་པ་ཡན་ཆད་ན་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་མེད་པ་དང་། འདིར་གཟུང་འཛིན་གཉིས་སུ་སྣང་བའི་ཤེས་སྒྲིབ་ཀྱི་རྣམ་རྟོག་ལ་འདོད་པ་ནི་ནང་འགལ་ཏེ། གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་པོ་གང་རུང་ཡིན་ན་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཡིན་པས་ཁྱབ་པ་ཊཱི་ཀའི་ལུགས་ཡིན་པའི་ཕྱིར་ཞེས་སྨྲ་བ་ནི་འབྲེལ་མེད་དེ། འདི་གཟུང་འཛིན་གྱི་རྣམ་པར་རྟོགས་པ་བཞི་པོ་གང་རུང་དུ་མི་འདོད་པའི་ཕྱིར། གསུམ་པ་ལ། སྤྱིར་སྤོང་ཚུལ་དང་། གང་ཟག་སོ་སོའི་སྤོང་ཚུལ་གཉིས་ལས། དང་པོ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། མངོན་པ་གོང་མ་ལྟར་ན་གཉེན་པོ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་། སྤང་བྱ་འགག་པ་ལ་མངོན་དུ་ཕྱོགས་པ་གཉིས་དུས་མཉམ་པས་སྐྱེ་འགྱུར་མ་འོངས་པས་སྤང་བྱ་ད་ལྟར་བ་སྤོང་ཞིང་། འོག་མ་ལྟར་ན་སྤང་གཉེན་གཉིས་པོ་ལྷན་ཅིག་ཏུ་སྐྱེ་འགག་བྱེད་པས་འགག་འགྱུར་ད་ལྟར་བས་སྤང་བྱ་སྤོང་ངོ་ཞེས་ཟེར་རོ། །སྔ་མ་དེ་མི་འཐད་པར་ཐལ། གཉེན་པོ་མ་འོངས་པ་དེ་མ་སྐྱེས་པ་ཡིན་པས་སྤང་བྱ་སྤོང་བའི་བྱེད་པ་ཉེ་བར་མི་གནས་པའི་ཕྱིར། ཁ་ཅིག གཉེན་པོས་སྤང་བྱ་མངོན་གྱུར་བ་མི་སྤོང་སྟེ། དེ་འདས་པ་འགགས། མ་འོངས་པ་མ་སྐྱེས། ད་ལྟར་བ་ལམ་དང་ལྷན་ཅིག་ཏུ་མི་འཇུག་པའི་ཕྱིར་ཞེས་ཟེར་རོ། །འོ་ན་སྣང་བས་མུན་པ་མི་སེལ་བར་ཐལ། དེ་འདས་པ་འགགས། མ་འོངས་པ་མ་སྐྱེས། ད་ལྟར་བ་སྣང་བ་དང་ལྷན་ཅིག་ཏུ་མི་འཇུག་པའི་ཕྱིར། གཞན་ཡང་སྤང་བྱ་མངོན་གྱུར་བ་སྤོང་བར་ཐལ། དེས་དེའི་ས་བོན་ལ་དངོས་སུ་གནོད་པ་བྱེད་པའི་སྒོ་ནས་དེ་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པའི་ཕྱིར། ཁ་ཅིག མཐོང་ལམ་བར་ཆད་མེད་ལམ་གྱི་དུས་ན་དེའི་ངོས་སྐལ་གྱི་མཐོང་སྤང་མེད་དེ། དེ་གཉིས་གང་ཟག་གཅིག་གི་རྒྱུད་ལ་ཅིག་ཅར་དུ་འཇུག་པ་མེད་པའི་ཕྱིར། དེ་བཞིན་དུ་བར་ཆད་མེད་པའི་རྩེ་སྦྱོར་གྱི་གནས་སྐབས་ནའང་དེའི་ངོས་སྐལ་གྱི་གནས་ངན་ལེན་གྱི་དྲི་མ་མེད་ཅེས་ཟེར་རོ། །འོ་ན་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་སྤང་བྱ་དེ་ཐེག་ཆེན་སྦྱོར་ལམ་པའི་རྒྱུད་ལ་ཡོད་པར་ཐལ། དེ་འདྲ་ཡོད་པ་གང་ཞིག དེ་མཐོང་ལམ་པའི་རྒྱུད་ལ་མེད་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་དེ་ཆོས་ཅན། ཁྱོད་ཀྱི་སྐད་ཅིག་ཕྱི་ལོགས་དེ་མ་ཐག་ཏུ་ཁྱོད་སྤངས་པའི་སོ་སོར་བརྟགས་འགོག་འབྱུང་བར་ཐལ། ཁྱོད་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་སྤང་བྱ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། མཐོང་ལམ་བར་ཆད་མེད་ལམ་གྱི་གནས་སྐབས་སུ་དེ་སྤངས་པའི་སོ་སོར་བརྟགས་འགོག་ཡོད་པར་ཐལ་ལོ། །ཡང་རྒྱུན་མཐའི་བྱང་སེམས་ཀྱི་རྒྱུད་ཀྱི་སེམས་ཀྱི་ཆོས་ཉིད་དེ་དྲི་བཅས་དེ་བཞིན་ཉིད་མིན་པར་ཐལ། དེའི་སེམས་དེ་དྲི་བཅས་ཀྱི་ཤེས་པ་མ་ཡིན་པའི་ཕྱིར་ཏེ། དེའི་རྒྱུད་ལ་དྲི་མ་མེད་པའི་ཕྱིར། རྟགས་ཁས། རྩ་བར་འདོད་ན། དེ་དྲི་མེད་དེ་བཞིན་ཉིད་ཡིན་པར་ཐལ་ལོ། །གཉིས་པ་ནི། གཉེན་པོས་སྤང་བྱ་མངོན་གྱུར་བ་ལ་དངོས་སུ་གནོད་པ་བྱེད་པའི་སྒོ་ནས་སྤོང་བ་མེད་དེ། གཉེན་པོ་དང་སྤང་བྱ་མངོན་གྱུར་བ་དངོས་སུ་ཕྲད་པ་མེད་པའི་ཕྱིར་ཏེ། དེ་འདས་པ་འགགས། མ་འོངས་པ་མ་སྐྱེས། ད་ལྟར་བ་གཉེན་པོ་དང་མཉམ་དུ་མི་འཇུག་པའི་ཕྱིར། དེའི་ས་བོན་ལ་དངོས་སུ་གནོད་པ་བྱེད་པའི་སྒོ་ནས་སྤོང་བ་ཡོད་དེ། དེའི་ས་བོན་དང་གཉེན་པོ་གཉིས་རྒྱུད་གཅིག་ལ་ལྷན་ཅིག་ཏུ་འཇུག་པ་ཡོད་པའི་ཕྱིར་ཏེ། ས་བོན་གྱིས་དམིགས་རྣམ་མི་འཛིན་པའི་ཕྱིར། གསུམ་པ་ནི། ཁ་ཅིག་ན་རེ། ཐེག་ཆེན་མཐོང་སྤང་རྟོག་པ་མངོན་གྱུར་བ་ལ་དངོས་སུ་གནོད་པ་བྱེད་པའི་སྒོ་ནས་སྤོང་བར་བྱེད་པའི་གཉེན་པོ་ཡོད་དམ་མེད། ཡོད་ན་ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་ལས་མ་འདས་པས། དེས་དེ་ལ་དངོས་སུ་གནོད་པ་བྱེད་པའི་སྒོ་ནས་སྤོང་བ་མིན་པར་ཐལ། དེའི་དུས་ན་དེ་འདས་པ་འགགས་པ་སོགས་ཀྱི་ཕྱིར་རོ། །འཁོར་གསུམ། ཕྱི་མ་ལྟར་ན། དེ་ཆོས་ཅན། ཁྱོད་སྤང་བྱ་མིན་པར་ཐལ། ཁྱོད་ལ་དངོས་སུ་གནོད་པ་བྱེད་པའི་སྒོ་ནས་སྤོང་བའི་གཉེན་པོ་མེད་པའི་ཕྱིར་ཞེས་ཟེར་ན། སྔ་མ་ཁས་མི་ལེན་ཞིང་། ཕྱི་མ་ཁས་བླངས་ཀྱང་སྐྱོན་དེ་མི་འཇུག་སྟེ། ཐེག་ཆེན་གྱི་མཐོང་སྤང་རྟོག་པ་མངོན་གྱུར་བ་ཆོས་ཅན། སྤང་བྱ་མིན་པར་ཐལ། ཁྱོད་དང་དངོས་སུ་ཕྲད་པའི་གཉེན་པོ་མེད་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན་དེར་ཐལ། དཀོན་བརྩེགས་ལས། ཡེ་ཤེས་དང་ནི་ཉོན་མོངས་རྣམ་རྟོག་གང་། །དེ་དག་ལན་འགའ་ཙམ་ཡང་ཕྲད་པ་མེད། །ཅེས་གསུངས་པའི་ཕྱིར། གཉིས་པ་ལ་ཉན་ཐོས་ཀྱི་སྤོང་ཚུལ། རང་རྒྱལ་གྱི་སྤོང་ཚུལ། བྱང་སེམས་ཀྱི་སྤོང་ཚུལ་དང་གསུམ་ལས། དང་པོ་ལ་ཅིག་ཆར་བའི་སྤོང་ཚུལ་དང་། རིམ་གྱིས་པའི་སྤོང་ཚུལ་གཉིས་ལས། དང་པོ་ནི། འདོད་པ་ནས་སྲིད་རྩེའི་བར་གྱི་ཉོན་མོངས་པ་བརྒྱ་རྩ་གཅིག་སྤོང་ཐེབས་དགུར་དྲིལ་ནས་སྤོང་བར་བྱེད་དོ། །གཉིས་པ་ནི། དེ་རྣམས་ཐེབས་བརྒྱད་ཅུ་རྩ་གཅིག་ཏུ་བྱས་ཏེ་སོ་སོར་ཕྱེ་ནས་སྤོང་བར་བྱེད་དོ། །གཉིས་པ་ལ། དང་པོ་ཉིད་ནས་རང་སངས་རྒྱས་ཀྱི་ལམ་དུ་ཞུགས་པའི་རང་སངས་རྒྱས་ཀྱི་རིགས་ཅན་གསུམ་གྱིས་ནི་རིམ་གྱིས་པའི་སྤོང་ཚུལ་ལྟར་སྤོང་ལ། ཉན་ཐོས་ཅིག་ཆར་བ་རང་རྒྱལ་དུ་འགྱུར་བས་ནི་ཉོན་མོངས་པ་ལྷག་མ་རྣམས་ཅིག་ཆར་བའི་སྤོང་ཚུལ་ལྟར་སྤོང་ངོ་། །གསུམ་པ་ལ། ཉོན་སྒྲིབ་སྤོང་ཚུལ་དང་། ཤེས་སྒྲིབ་སྤོང་ཚུལ་གཉིས་ལས། དང་པོ་ལ་ཊཱི་ཀ་ལས། ཁ་ཅིག བྱང་ཆུབ་སེམས་དཔའ་ཉོན་སྒྲིབ་སྤོང་ཚུལ་ཅིག་ཆར་བ་ལྟར་འདོད་པ་མི་འཐད་དེ། གནད་ཀྱི་ཟླ་འོད་དུ་ཕྱིར་མི་འོང་དུ་གཞག་པའི་ཚེ་ས་དགུའི་སྒོམ་སྤང་མ་ལུས་པ་སྤངས་ཟིན་པས་དགྲ་བཅོམ་དུ་ཐལ་བ་སོགས་ཀྱི་དགག་པ་མཛད་པ་དང་། དགོངས་འགྲེལ་དང་བྱང་ས་ལས། ས་གསུམ་པ་ཉིད་དུ་འདོད་པ་ལ་འདོད་ཆགས་དང་བྲལ་བར་བཤད་པ་དང་། ཉི་སྣང་ལས། ཆགས་བྲལ་སྔོན་སོང་གི་རྣམ་གཞག་མཛད་ནས་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་དང་། ཅི་ཡང་མེད་མན་ཆད་ལ་འདོད་ཆགས་དང་བྲལ་བའི་བྱང་སེམས་མཐོང་ལམ་པ་ཡོད་པར་བཤད་པའི་ཕྱིར་ཞེས་གསུངས་ལ། དེའི་དོན་ཡང་དགོངས་འགྲེལ་དང་བྱང་ས་ལས་བཤད་པ་ནི་སེམས་ཙམ་པའི་སྐབས་སུ་ས་བདུན་པ་མན་ཆད་དུ་ཉོན་སྒྲིབ་མ་སྤངས་པ་ལ་དགོངས་ལ། གནད་ཀྱི་ཟླ་འོད་དང་ཉི་སྣང་གི་ལུགས་སྔ་མ་ནི་བག་ཆགས་ལ་དགོངས་པ་ཡིན་ཏེ། མངོན་གྱུར་བ་ལ་བྱས་ན་ས་དང་པོ་ནས་མཐར་གནས་ཀྱི་སྙོམས་འཇུག་དགུ་ཐོབ་པས་འདོད་ཉོན་མངོན་གྱུར་བ་མ་སྤངས་པ་མི་སྲིད་པའི་ཕྱིར། ཉི་སྣང་གི་ལུང་ཕྱི་མ་ནི་མཐོང་ལམ་གྱི་སྔ་རོལ་དུ་ཅི་ཡང་མེད་མན་ཆད་ལ་འདོད་ཆགས་དང་བྲལ་བར་བྱས་པས་མཐོང་ལམ་ཐོབ་པ་ལ་དགོངས་པ་ཡིན་ཏེ། ཆགས་བྲལ་སྔོན་སོང་གི་རྣམ་གཞག་ཏུ་མཛད་པའི་ཕྱིར། གཉིས་པ་ནི། འདོད་པའི་སས་བསྡུས་ཀྱི་གཟུང་འཛིན་གྱི་རྣམ་པར་རྟོག་པ་རྣམས་ཆེན་པོ་དང་། འབྲིང་དང་། ཆུང་ངུ་གསུམ་དུ་བསྡུས་ནས། ས་གཉིས་པ། ས་གསུམ་པ། ས་བཞི་པ་གསུམ་གྱིས་སྤོང་ངོ་། །དེ་བཞིན་དུ་གཟུགས་ཀྱི་སས་བསྡུས་རྣམས་གསུམ་དུ་བསྡུས་ནས་ས་ལྔ་པ། ས་དྲུག་པ། ས་བདུན་པ་གསུམ་གྱིས་སྤོང་ངོ་། །གཟུགས་མེད་ཀྱི་སས་བསྡུས་རྣམས་གསུམ་དུ་བསྡུས་ནས་དག་པ་ས་གསུམ་གྱིས་རིམ་བཞིན་སྤོང་ངོ་། །དེ་དག་ཀྱང་ས་བོན་གྱི་དབང་དུ་བྱས་པ་ཡིན་གྱི་མངོན་གྱུར་བ་སྦྱོར་ལམ་གྱི་སྤང་བྱར་འཕགས་སེང་གཉིས་བཞེད་དོ། །མོས་པ་རང་གི་དོན་དང་ནི། །ཞེས་པའི་སྐབས་སུ། མི་འཐད་པའི་ཆ་དགག་པ། ཊཱི་ཀའི་བཞེད་པ་བསྟན་པ། རང་གི་འདོད་པ་བརྗོད་པའོ། །དང་པོ་ལ་ལོ་ཙཱ་བ་ན་རེ། འདིར་བསྟན་གྱི་རང་དོན་མོས་པ་དགུ་ཚོགས་སྦྱོར་དང་། གཉིས་དོན་མོས་པ་དགུ་མ་དག་ས་བདུན་དང་། གཞན་དོན་མོས་པ་དགུ་དག་པ་ས་གསུམ་ན་ཡོད་གསུང་ངོ་། །འདིར་བསྟན་རང་དོན་མོས་པ་དགུ་པོ་ཆོས་ཅན། ཐེག་ཆེན་གྱི་སྒོམ་ལམ་མིན་པར་ཐལ། ཚོགས་སྦྱོར་གྱི་གནས་སྐབས་ཀྱི་རྟོགས་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་དེ་ཡིན་པར་ཐལ། འགྲེལ་པ་ལས། སྒོམ་པའི་ལམ་དང་པོ་མོས་པ་ཡིད་ལ་བྱེད་པ་ཞེས་གསུངས་པའི་ཕྱིར། གཞན་ཡང་། འདིར་བསྟན་སྒྲུབ་པ་སྒོམ་ལམ་དང་། རྣམ་དག་སྒོམ་ལམ་གཉིས་པོ་དེ་ཐེག་ཆེན་གྱི་སྒོམ་ལམ་མིན་པར་ཐལ། འདིར་བསྟན་མོས་བསྔོ་རྗེས་སུ་ཡི་རང་གསུམ་པོ་དེ་དེ་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བྱ་བ་འདི་ནི་སྒོམ་པའི་ལམ། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ། ངོ་བོ། དམིགས་པ། དབྱེ་བ། ས་མཚམས་དང་བཞི་ལས། དང་པོ་ནི། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་གང་ཞིག ལུང་རིགས་ཀྱི་རྒྱུ་ལས་ཤེར་ཕྱིན་དོན་གསུམ་གྱི་འབྱུང་གནས་སུ་མཐའ་ཅིག་ཏུ་ངེས་པར་འཛིན་པའི་དད་པ་མཚུངས་ལྡན་དང་བཅས་པ། གཉིས་པ་ལ། དངོས་ཀྱི་དམིགས་པ་དང་། ཆེད་དུ་བྱ་བའི་དམིགས་པ་གཉིས་ལས། དང་པོ་ནི། ཤེར་ཕྱིན་རྗོད་བྱེད་དང་བཅས་པའོ། །གཉིས་པ་ནི་རང་དོན་གཉིས་དོན་གཞན་དོན་གསུམ་མོ། །གསུམ་པ་ལ་མོས་པ་སྒོམ་ལམ་གསུམ་གྱི་མཚན་ཉིད་རིམ་བཞིན། ཐེག་ཆེན་གྱི་མོས་པ་སྒོམ་ལམ་གང་ཞིག བསམ་པས་གཞན་དོན་སྒྲུབ་ཅིང་། སྦྱོར་བས་རང་དོན་གཙོ་བོར་སྒྲུབ་པ་དང་། གང་ཞིག་བསམ་པས་གཞན་དོན་སྒྲུབ་ཅིང་། སྦྱོར་བས་རང་གཞན་གཉིས་ཀའི་དོན་མཉམ་པ་ཉིད་དུ་སྒྲུབ་པ་དང་། གང་ཞིག་བསམ་སྦྱོར་གཉིས་ཀས་གཞན་དོན་གཙོ་བོར་སྒྲུབ་པ་སྟེ། དེ་རེ་རེ་ལའང་ཆུང་ངུའི་ཆུང་ངུ་སོགས་དགུ་དགུར་ཡོད་དོ། །བཞི་པ་ནི། རང་དོན་མོས་པ་སྒོམ་ལམ་ནི་ས་གཉིས་པའི་རྗེས་ཐོབ་ནས་ས་བདུན་པའི་རྗེས་ཐོབ་ཀྱི་བར་ན་ཡོད་དེ། དེར་ཉོན་ཡིད་མ་སྤངས་པས་བདག་ཏུ་ང་རྒྱལ་བ་ཕྲ་མོ་འབྱུང་སྲིད་པའི་ཕྱིར། གཉིས་དོན་མོས་པ་སྒོམ་ལམ་ནི་ས་བརྒྱད་པ་དང་དགུ་པའི་རྗེས་ཐོབ་ན་ཡོད་དེ། དེར་ཉོན་ཡིད་གནས་གྱུར་པས་བདག་གཞན་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར། གཞན་དོན་མོས་པ་སྒོམ་ལམ་ནི་ས་བཅུ་པའི་རྗེས་ཐོབ་ན་ཡོད་དེ། དེ་ལ་གནས་པའི་བྱང་སེམས་རྗེས་ཐོབ་ཏུ་གཞན་དོན་བྱེད་ཚུལ་སངས་རྒྱས་དང་མཚུངས་པའི་ཕྱིར། གསུམ་པ་རང་གི་འདོད་པ་བརྗོད་པ་ལ། ལམ་ཤེས་འཆད་པའི་སྐབས་འདིར་ཐེག་ཆེན་གྱི་སྒོམ་ལམ་འདི་བྱང་སེམས་ཀྱིས་ཤེས་པར་བྱ་བའི་ལྡོག་པ་ནས་བསྟན་པའི་ཕྱིར་ན། ངོ་བོ་མཉམ་རྗེས་གཉིས་སུ་ཕྱེ་ནས་བསྟན་ཚུལ་རབ་ཏུ་དབྱེ་བ་དང་། དམིགས་རྣམ་གྱི་སྒོ་ནས་བསྟན་དགོས་པས་ན་རྗེས་ཐོབ་ལ་མོས་པའི་གནས་སྐབས་སུ་དབྱེ་བ་གསུངས་པ་དེ་བསྔོ་བ་དང་རྗེས་སུ་ཡི་རང་གཉིས་ལའང་སྦྱར་བར་བྱ་བ་ཡིན་ཞིང་། དེ་གཉིས་ཀྱི་གནས་སྐབས་སུ། དེ་ནི་དམིགས་མེད་རྣམ་པ་ཅན། །ཞེས་དང་། ཐབས་དང་མི་དམིགས་པ་དག་གིས། །ཞེས་དམིགས་རྣམ་གསུངས་པ་དེ་མོས་པ་ལའང་སྦྱར་བར་བྱ་བ་ཡིན་ལ། མཉམ་གཞག་ལ་སྒྲུབ་པ་སྒོམ་ལམ་གྱི་སྐབས་སུ་དམིགས་རྣམ་གསུངས་པ་དེ་རྣམ་དག་སྒོམ་ལམ་ལའང་སྦྱར་བར་བྱ་བ་ཡིན་ཞིང་། རྣམ་དག་སྒོམ་ལམ་གྱི་གནས་སྐབས་སུ་རྣམ་པ་དགུར་དབྱེ་བ་གསུངས་པ་དེ་སྒྲུབ་པ་སྒོམ་ལམ་ལའང་སྦྱར་བར་བྱ་བ་ཡིན་ནོ། །དེས་ན་མཉམ་གཞག་ལ་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུར་ཕྱེ་བ་དེ་ས་གཉིས་པ་ནས་ས་བཅུ་པའི་བར་གྱི་མཉམ་གཞག་གི་དབྱེ་བ་ཡིན་པ་ལྟར། རྗེས་ཐོབ་ལ་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུར་ཕྱེ་བ་དེའང་ས་གཉིས་པའི་རྗེས་ཐོབ་ནས་ས་བཅུ་པའི་རྗེས་ཐོབ་ཀྱི་བར་གྱི་དབྱེ་བ་ཡིན་པས་ན། མོས་པ་གསུམ་པོ་རེ་རེའང་ས་གཉིས་པའི་རྗེས་ཐོབ་ནས་ས་བཅུ་པའི་རྗེས་ཐོབ་ཀྱི་བར་དུ་འཇོག་དགོས་ཏེ། དེ་རེ་རེ་ལའང་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུ་དགུར་གསུངས་པའི་ཕྱིར། གསུམ་དུ་ཕྱེ་བ་ནི། བྱེད་ལས་ཀྱི་སྒོ་ནས་ཕྱེ་བ་མ་ཡིན་གྱི་འཛིན་སྟངས་ཀྱི་སྒོ་ནས་ཕྱེ་བ་ཡིན་ཏེ། ཡུམ་ཤེར་ཕྱིན་རང་དོན་ཕུན་སུམ་ཚོགས་པའི་འབྱུང་གནས་སུ་མོས་པ་ལ་རང་དོན་མོས་པ་དང་། དེ་གཉིས་དོན་གྱི་འབྱུང་གནས་སུ་མོས་པ་ལ་གཉིས་དོན་མོས་པ་དང་། དེ་གཞན་དོན་གྱི་འབྱུང་གནས་སུ་མོས་པ་ལ་གཞན་དོན་མོས་པར་འཇོག་པས་ན་ལྡོག་པའི་སྒོ་ནས་ཕྱེ་བའོ། །རྩ་བའི་དགོངས་པ་ནི་འདི་ཁོ་ན་ལྟར་ཡིན་གྱི། གཞན་དུ་ན་གསུམ་པོ་རེ་རེ་ལ་ཆུང་ངུའི་ཆུང་ངུ་སོགས་དགུ་དགུར་ཕྱེ་བ་ལ་དགོས་པ་མེད་པར་འགྱུར་ཞིང་། མངོན་རྟོགས་རྒྱན་གྱི་སྐབས་སུ་ས་བདུན་པ་མན་ཆད་དུ་ཉོན་ཡིད་མ་སྤངས་པའི་རྣམ་གཞག་ཁས་ལེན་ན། ཉན་རང་གི་སྤངས་རྟོགས་ས་དང་པོ་ནས་རྫོགས་པ་དང་འགལ་བའི་ཕྱིར་ཏེ། ཉོན་ཡིད་ཀྱི་རྣམ་གཞག་བྱེད་པའི་ཚེ། ཉན་རང་དགྲ་བཅོམ་གྱིས་ཉོན་ཡིད་སྤངས་པར་བཤད་པའི་ཕྱིར། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །ཞེས་པའི་སྐབས་སུ། བསྔོ་བ་སྒོམ་ལམ་གྱི་མཚན་ཉིད་ལ་དཔྱད་པ་དང་། བསྔོ་རྒྱུའི་དགེ་རྩ་ལ་དཔྱད་པ་གཉིས། དང་པོ་ནི། ཁ་ཅིག ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་གང་ཞིག མོས་པས་བསགས་པའི་དགེ་རྩ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བསྒྱུར་བའི་བདུན་པ་མཚུངས་ལྡན་དང་བཅས་པ་ཞེས་དང་། ཡང་དེ་གང་ཞིག རང་གཞན་གྱི་དགེ་རྩ་སོགས་འཇོག་ན། དང་པོ་ལ་ས་གཉིས་པའི་བྱང་སེམས་ཀྱི་མཉམ་གཞག་ལས་ལངས་མ་ཐག་ཏུ་མཉམ་གཞག་གི་དགེ་རྩ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའི་བསྔོ་བ་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ས་གཉིས་པའི་མཉམ་གཞག་གི་སྔོན་རོལ་ན་མོས་པ་སྒོམ་ལམ་ཡོད་པར་ཐལ་ལོ། །གཉིས་པ་ལ། ས་གཉིས་པའི་བྱང་སེམས་ཀྱི་རང་རྒྱུད་ཀྱི་དགེ་རྩ་ཁོ་ན་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་བའི་བསྔོ་བ་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེ་འདྲ་ཡོད་པའི་ཕྱིར་ཏེ། དེས་རང་རྒྱུད་ཀྱི་དགེ་རྩ་ཁོ་ན་ལ་རྗེས་སུ་ཡི་རང་བ་ཡོད་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་གང་ཞིག དགེ་རྩ་རྫོགས་བྱང་གི་རྒྱུར་བསྔོ་བའི་འདུན་པ་མཚུངས་ལྡན་དང་བཅས་པའོ། །གཉིས་པ་ལ་ཁ་ཅིག ཆོས་ཉིད་བསྔོ་རྒྱུའི་དགེ་བ་ཡིན་ཏེ། དེ་དགེ་བ་ཡིན་པའི་ཕྱིར་ཏེ། དེ་དོན་དམ་པའི་དགེ་བ་ཡིན་པའི་ཕྱིར་ཞེས་ཟེར་ན། མི་དགེ་བ་ལའང་བསྔོ་རྒྱུའི་དགེ་རྩ་ཡོད་པར་ཐལ། དེ་ལ་ཆོས་ཉིད་དེ་བཞིན་ཉིད་ཡོད་པའི་ཕྱིར། གཞན་ཡང་འཁོར་བ་ཡིན་ན་མི་དགེ་བ་ཡིན་དགོས་པར་ཐལ། དེ་ཡིན་ན་དོན་དམ་པའི་མི་དགེ་བ་ཡིན་དགོས་པའི་ཕྱིར། འདོད་ན། ཁམས་གོང་ན་མི་དགེ་བ་ཡོད་པར་ཐལ། དེ་ན་དོན་དམ་པའི་འཁོར་བ་ཡོད་པའི་ཕྱིར། གཞན་ཡང་ཀུན་གཞི་ལ་ཡོད་པའི་དགེ་བའི་བག་ཆགས་ཆོས་ཅན། དགེ་བར་ཐལ། རྗེས་འབྲེལ་གྱི་དགེ་བ་ཡིན་པའི་ཕྱིར། འདོད་ན། གནས་སྐབས་དགེ་རྩ་ཆད་པའི་གང་ཟག་གི་རྒྱུད་ལ་དགེ་བ་ཡོད་པར་ཐལ་ལོ། །ཁ་ཅིག དགེ་བ་ཡིན་ན་བསྔོ་རྒྱུའི་དགེ་བ་ཡིན་པས་མ་ཁྱབ་སྟེ། སངས་རྒྱས་ཀྱི་རྒྱུད་ཀྱི་སྟོབས་བཅུ་པོ་དེ་དེ་མ་ཡིན་པའི་ཕྱིར་ཏེ། དེ་སྔ་མ་ལས་ཕྱི་མ་ཁྱད་པར་དུ་འགྱུར་བ་མེད་པའི་ཕྱིར་ཞེ་ན། དེ་བསྔོ་རྒྱུའི་དགེ་རྩར་ཐལ། དེ་བྱང་འཕགས་ཀྱི་བསྔོ་རྒྱུའི་དགེ་རྩར་བྱེད་པའི་ཕྱིར་ཏེ། བྱང་སེམས་འཕགས་པས་སོ་སྐྱེ་ནས་སངས་རྒྱས་ཀྱི་བར་གྱི་དགེ་རྩ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་བར་བྱེད་པའི་ཕྱིར་རོ། །ཐབས་དང་མི་དམིགས་པ་དག་གིས། །ཞེས་པའི་སྐབས་སུ། རྗེས་སུ་ཡི་རང་སྒོམ་ལམ་གྱི་མཚན་ཉིད་ལ་དཔྱད་པ་དང་། ས་མཚམས་གཉིས་ལས། དང་པོ་ལ་ཁ་ཅིག ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་གང་ཞིག རང་གཞན་གྱི་དགེ་རྩ་ལ་དགའ་བ་ཡང་དག་པར་སྒོམ་པ་ཟེར་ན། ས་གཉིས་པའི་བྱང་སེམས་ཀྱིས་གཞན་རྒྱུད་ཀྱི་དགེ་བ་ཁོ་ན་ལ་རྗེས་སུ་ཡི་རང་བའི་རྗེས་སུ་ཡི་རང་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རང་ལུགས་ནི། དེ་གང་ཞིག ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས་དགེ་བའི་རྩ་བ་ལ་དགའ་བ་ཡང་དག་པར་སྒོམ་པ། གཉིས་པ་ལ་ཁ་ཅིག རྗེས་སུ་ཡི་རང་སྒོམ་ལམ་ཡིན་ན་མོས་བསྔོ་གཉིས་སྔོན་དུ་འགྲོ་དགོས་སོ་ཞེ་ན། དེ་མིན་པར་ཐལ། ས་གཉིས་པའི་བྱང་སེམས་ཀྱི་མཉམ་གཞག་ལས་ལངས་མ་ཐག་ཏུ་མཉམ་གཞག་གི་དགེ་རྩ་ལ་རྗེས་སུ་ཡི་རང་བ་དེ་ཡོད་པའི་ཕྱིར། རྗེས་སུ་ཡི་རང་ཡིད་ལ། ཞེས་པའི་སྐབས་སུ། ཁ་ཅིག རྗེས་སུ་ཡི་རང་བྱེད་པ་པོའི་རྗེས་སུ་ཡི་རང་དང་། རྗེས་སུ་ཡི་རང་བྱ་བའི་ཡུལ་གྱི་དགེ་རྩ་གཉིས་པོ་དེ་བསོད་ནམས་རྣམ་པ་ཐམས་ཅད་དུ་མཉམ་པ་ཉིད་དུ་ཐོབ་པར་འདོད་པ་ནི་མིན་ཏེ། ས་དང་པོ་ལ་གནས་པའི་བྱང་སེམས་ཀྱིས་དུས་སྐད་ཅིག་མ་གཅིག་ལ་རྫོགས་པའི་བྱང་ཆུབ་མངོན་དུ་བྱེད་པ་ཡོད་པར་ཐལ། དེས་རྒྱུན་མཐའི་བྱང་སེམས་ཀྱི་དུས་སྐད་ཅིག་མ་གཅིག་ལ་རྫོགས་བྱང་མངོན་དུ་བྱེད་པ་ལ་རྗེས་སུ་ཡི་རང་བྱེད་པ་ཡོད་པའི་ཕྱིར། ཁྱབ་པ་ཁས། རང་ལུགས་ནི། བསོད་ནམས་ཐོབ་པར་མཉམ་པའམ། བསོད་ནམས་མཉམ་པ་ཉིད་དུ་ཐོབ་སྲིད་པ་ཙམ་ལ་དགོངས་ནས་ཕན་ཡོན་གྱི་ཚུལ་གྱིས་གསུངས་པ་ཡིན་ཏེ། ས་གཉིས་པ་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་དགེ་རྩ་དེ་དང་། རྟོགས་པ་མཉམ་པའི་བྱང་སེམས་གཞན་ཞིག་གི་རྗེས་སུ་ཡི་རང་བའི་ཚེ། དེ་གཉིས་མཉམ་པ་ཉིད་དུ་ཐོབ་པ་ཡོད་པའི་ཕྱིར། ཡང་ཡི་རང་བ་བྱེད་པ་པོའི་དགེ་རྩ་ལས་ཡུལ་གྱི་དགེ་རྩ་བསོད་ནམས་ལྷག་པ་ཡོད་དེ། ས་གཉིས་པ་ལ་གནས་པའི་བྱང་སེམས་ཀྱིས་རྒྱུན་མཐའི་བྱང་སེམས་ཀྱི་དགེ་རྩ་ལ་རྗེས་སུ་ཡི་རང་བ་ཡོད་པའི་ཕྱིར། ཡུལ་གྱི་དགེ་རྩ་ལས་བྱེད་པ་པོའི་དགེ་རྩ་བསོད་ནམས་མང་བ་ཡོད་དེ། བྱང་སེམས་སྒོམ་ལམ་པས་ཉན་རང་གི་རྒྱུད་ཀྱི་དགེ་རྩ་ལ་རྗེས་སུ་ཡི་རང་བ་ཡོད་པའི་ཕྱིར། ཁྱབ་སྟེ། བྱེད་པ་པོའི་དགེ་རྩ་ནི་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པ་ཡིན་ལ། ཡུལ་ནི་ཉན་རང་གི་རྒྱུད་ཀྱི་དགེ་རྩ་ཡིན་པའི་ཕྱིར། ཟག་པ་དང་བཅས་པའི། ཞེས་པའི་སྐབས་སུ། ཟག་མེད་སྒོམ་ལམ་གཉིས་ལ་དགག་གཞག་གཉིས་ལས། དང་པོ་ནི། ལོ་ཆེན་ན་རེ། སྒྲུབ་པ་སྒོམ་ལམ་དང་རྣམ་དག་སྒོམ་ལམ་གྱི་མཚན་ཉིད་རིམ་བཞིན། ཐེག་ཆེན་གྱི་སྒོམ་ལམ་གང་ཞིག གཞན་དབང་སྒྱུ་མ་ལྟ་བུ་དངོས་ཡུལ་དུ་བྱེད་པའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་དང་། དེ་གང་ཞིག ཡོངས་གྲུབ་ནམ་མཁའ་ལྟ་བུ་དངོས་ཡུལ་དུ་བྱེད་པའི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་གསུངས། འོ་ན་ཐེག་ཆེན་གྱི་མོས་པ་སྒོམ་ལམ་ཆོས་ཅན། སྒྲུབ་པ་སྒོམ་ལམ་དུ་ཐལ། མཚན་ཉིད་དེའི་ཕྱིར་ཏེ། གཞན་དབང་སྒྱུ་མ་ལྟ་བུ་དངོས་ཡུལ་དུ་བྱེད་པ་གང་ཞིག རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཡིན་པའི་ཕྱིར། དང་པོ་དེར་ཐལ། ཀུན་རྫོབ་བདེན་པ་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་དེ་བདེན་མེད་དུ་རྟོགས་པའི་མཁྱེན་པ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། སྟོང་ཉིད་རྟོགས་པའི་རྗེས་ཐོབ་ཀྱི་མཁྱེན་པ་གང་ཞིག མངོན་ཞེན་མེད་པའི་བློ་ཡིན་པའི་ཕྱིར། ཡང་གཞན་དབང་སྒྱུ་མ་ལྟ་བུ་དངོས་ཡུལ་དུ་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་ཆོས་ཅན། ཟག་མེད་སྒོམ་ལམ་དུ་ཐལ། སྒྲུབ་པ་སྒོམ་ལམ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཟག་བཅས་སྒོམ་ལམ་དུ་ཐལ། ཐེག་ཆེན་གྱི་སྒོམ་ལམ་རྗེས་ཐོབ་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། ཡང་ཁ་ཅིག དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། ཐེག་ཆེན་གྱི་སྒོམ་ལམ་མཉམ་གཞག་གང་ཞིག རྟོག་པ་མཐར་ཐུག་གི་རྒྱུར་གྱུར་པ་ཞེས་དང་། དེ་གང་ཞིག སྤངས་པ་མཐར་ཐུག་གི་རྒྱུར་གྱུར་པ་ཞེ་ན། ས་གཉིས་པའི་བར་ཆད་མེད་ལམ་ཆོས་ཅན། རྣམ་དག་སྒོམ་ལམ་དུ་ཐལ། མཚན་ཉིད་དེའི་ཕྱིར་ཏེ། ངོ་བོ་ཉིད་སྐུའི་རྒྱུར་གྱུར་པ་ཡིན་པའི་ཕྱིར། ས་གཉིས་པའི་རྣམ་གྲོལ་ལམ་ཆོས་ཅན། སྒྲུབ་པ་སྒོམ་ལམ་དུ་ཐལ། མཚན་ཉིད་དེའི་ཕྱིར་ཏེ། རྟོགས་པ་ཡེ་ཤེས་ཆོས་སྐུའི་རྒྱུར་གྱུར་པ་ཡིན་པའི་ཕྱིར། གཉིས་པ་ནི། དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གང་ཞིག སྟོང་ཉིད་མངོན་སུམ་རྟོག་ཟིན་རྒྱུན་ལྡན་དུ་གོམས་པར་བྱེད་པའི་སྤོང་བ་གཉེན་པོས་བསྡུས་པ་དང་། དེ་གང་ཞིག རང་རྒྱུ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་དྲི་མ་ལས་གྲོལ་བའི་རྣམ་གྲོལ་ལམ་གྱིས་བསྡུས་པའོ། །འབྲས་བུ་དག་པ་གཟུགས་ལ་སོགས། །ཞེས་པའི་སྐབས། གཞུང་གི་བསྟན་ཚུལ་ལ་དཔྱད་པ་དང་། ངག་དོན་ལ་དཔྱད་པ་གཉིས་ལས། དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། ལོ་ཆེན་ན་རེ། རྗེས་ཐོབ་དག་པ་འཇིག་རྟེན་པའི་སྒོམ་ལམ་ལ་སྒྲུབ་པ་སྒོམ་ལམ་དང་། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྒོམ་ལམ་ལ་རྣམ་དག་སྒོམ་ལམ་དུ་འཇོག་དགོས་ཏེ། རྒྱུད་བླར། རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སངས་རྒྱས་སྐུ་ནི་ངེས་ཐོབ་པ། །དེ་ནི་རྗེས་ལ་ཐོབ་པ་ཡི། །ཡེ་ཤེས་འབྲས་བུ་ཡིན་པར་བསྟན། །ཞེས་དང་། ཆུ་མཚོ་སོགས་བཞིན་འདོད་ཆགས་སོགས། །གློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེས་ཀྱི། །འབྲས་བུ་ཡིན་པར་རབ་ཏུ་བསྟན། །ཞེས་གསུངས་པའི་ཕྱིར། དེས་ན་ས་གཉིས་པ་ནས་ས་བཅུ་པའི་བར་གྱི་མཉམ་གཞག་རྣམ་པར་མི་རྟོགས་པའི་ཡེ་ཤེས་ནི་རྣམ་དག་སྒོམ་ལམ་དངོས་ཡིན་པས་སངས་རྒྱས་རྟེན་དང་ཞེས་སོགས་ཀྱིས་དེའི་རྒྱུ་བསྟན། འབྲས་བུ་དག་པ་ཞེས་སོགས་ཀྱིས་དེའི་ཡུལ་རང་བཞིན་རྣམ་དག་གི་ཆོས་ཉིད་བསྟན། ཉོན་མོངས་ཤེས་བྱ་ཞེས་སོགས་ཀྱིས་དེའི་འབྲས་བུ་བསྟན། ས་དགུ་ལ་ནི་ཞེས་སོགས་ཀྱིས་དེའི་དབྱེ་བ་བསྟན། དེ་ལ་ཀླན་ཀ་ཞེས་སོགས་ཀྱིས་དེའི་མཚན་ཉིད་བསྟན་པ་ཡིན་ནོ། །གསུང་ངོ་། །མི་འཐད་དེ། སྒྲུབ་པ་སྒོམ་ལམ་སྔོན་དུ་མ་སོང་བའི་རྣམ་དག་སྒོམ་ལམ་ཡོད་པར་ཐལ། ས་གཉིས་པའི་རྗེས་ཐོབ་སྔོན་དུ་མ་སོང་བའི་ས་གཉིས་པའི་མཉམ་གཞག་ཡོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། འབྲས་བུ་དག་པ་ཞེས་སོགས་ཀྱི་གཞུང་དེས་རྣམ་དག་སྒོམ་ལམ་མ་བསྟན་པར་ཐལ་ལོ། །གཞན་ཡང་། ཤེས་སྒྲིབ་སྤོང་བྱེད་ཀྱི་སྒོམ་ལམ་ཡིན་ན་རྗེས་ཐོབ་ཡིན་དགོས་པར་ཐལ། རྒྱུད་བླ་ལས། མཉམ་གཞག་གིས་ཉོན་སྒྲིབ་སྤོང་བ་དང་། རྗེས་ཐོབ་ཀྱིས་ཤེས་སྒྲིབ་སྤོང་བར་གསུང་བའི་ཕྱིར། ཁྱབ་པ་ཁས། གཞན་ཡང་ལམ་ཤེས་འཆད་པའི་སྐབས་ནས་བསྟན་པའི་ཐེག་ཆེན་གྱི་སྒོམ་ལམ་ལྔ་པོ་གང་གིས་ཀྱང་མ་བསྡུས་པའི་ས་གཉིས་པ་ཡན་ཆད་ཀྱི་སྒོམ་ལམ་གཅིག་ཡོད་པར་ཐལ། ས་གཉིས་པའི་རྣམ་གྲོལ་ལམ་དེ་དེ་ལྔ་པོ་གང་གིས་ཀྱང་མ་བསྡུས་པའི་ཕྱིར། རྟགས་ཁས་བླངས་ཏེ། མོས་བསྔོ་རྗེས་སུ་ཡི་རང་གསུམ་པོ་གང་རུང་མིན་པ་གང་ཞིག སྒྲུབ་པ་སྒོམ་ལམ་ཡང་མིན། རྣམ་དག་སྒོམ་ལམ་ཡང་མ་ཡིན་པའི་ཕྱིར། རྟགས་ཕྱི་མ་གཉིས་ཁས་བླངས་ཏེ། རིམ་བཞིན་རྗེས་ཐོབ་མིན་པའི་ཕྱིར་དང་། ངོས་སྐལ་གྱི་སྒྲིབ་པའི་དངོས་གཉེན་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྣམ་དག་སྒོམ་ལམ་གྱི་འབྲས་བུ་ཉན་ཐོས་རང་རྒྱལ་བྱང་སེམས་སངས་རྒྱས་ཀྱི་རྣམ་དག་བཞིར་ངེས་པར་ཐལ། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཞེས་པའི་གཞུང་དེས་རྣམ་དག་སྒོམ་ལམ་གྱི་འབྲས་བུ་བསྟན་པའི་ཕྱིར། དེས་ན་རྒྱུད་བླ་དང་རྒྱན་ལས། སྒྲུབ་པ་སྒོམ་ལམ་དང་། རྣམ་དག་སྒོམ་ལམ་གྱི་ཐ་སྙད་མ་གསུངས་ཤིང་། རྗེས་ཐོབ་ཀྱིས་ཡོན་ཏན་སྒྲུབ་པ་དང་། མཉམ་གཞག་གིས་ཉེས་པ་སེལ་བར་བྱེད་པ་ཙམ་གསུངས་ཀྱང་། དེ་དང་འདི་དོན་མི་གཅིག་སྟེ། དེར་ནི། ཐེག་ཆེན་གྱི་སྒོམ་ལམ་ཐམས་ཅད་མཉམ་རྗེས་གཉིས་སུ་ཕྱེ་བའི་སྐབས་ཡིན་ལ། འདིར་ནི་རྗེས་ཐོབ་ལ་མོས་བསྔོ་རྗེས་སུ་ཡི་རང་གསུམ་བསྟན་ཟིན་ནས་མཉམ་གཞག་ལ་སྒྲུབ་པ་སྒོམ་ལམ་དང་། རྣམ་དག་སྒོམ་ལམ་གཉིས་སུ་ཕྱེ་བའི་སྐབས་ཡིན་པའི་ཕྱིར། ཨར་ན་རེ། འབྲས་བུ་དག་པ་ཞེས་སོགས་ཀྱི་གཞུང་གིས་རང་བཞིན་རྣམ་དག་བསྟན་པ་མ་ཡིན་པར་ཐལ། འགྲེལ་པར། བདག་ཏུ་མངོན་པར་ཞེན་པ་ལ་སོགས་པ་བྲལ་བས་རབ་ཏུ་ཕྱེ་བ་ཉིད་ཀྱིས་ཞེས་གསུངས་པའི་ཕྱིར་ཞེས་ལོ་ཙཱ་བའི་ལུགས་བཀག་ནས། རང་ལུགས་ལ། འབྲས་བུ་དག་པ་ཞེས་སོགས་ཀྱི་གློ་བུར་རྣམ་དག་དངོས་སུ་བསྟན། ཉོན་མོངས་ཤེས་བྱ་ཞེས་སོགས་ཀྱིས་གློ་བུར་རྣམ་དག་གི་དབྱེ་བ་བསྟན་པས་ན། འབྲས་བུ་དག་པ་ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་རྣམ་གྲོལ་ལམ་དེ་ལ་ཉན་ཐོས་ལ་འབྲས་བུ་བཞིས་བསྡུས་པའི་རྣམ་གྲོལ་ལམ་བཞི། རང་རྒྱལ་ཅིག་ཆར་བར་ངེས་པས་རྒྱུན་ཞུགས་དང་དགྲ་བཅོམ་གྱི་རྣམ་གྲོལ་ལམ་གཉིས། བྱང་སེམས་ལ་ས་བཅུའི་རྣམ་གྲོལ་ལམ་བཅུ། སངས་རྒྱས་ཀྱི་རྣམ་གྲོལ་ལམ་གཅིག་སྟེ་བཅུ་བདུན་དུ་ཡོད་པ་ཡིན་ཞེས་གསུང་ངོ་། །འབྲས་བུ་དག་པ་ཞེས་སོགས་ཀྱི་སྐབས་སུ་རྣམ་གྲོལ་ལམ་བཅུ་བདུན་དངོས་སུ་བསྟན་པ་མིན་པར་ཐལ། དེའི་སྐབས་ནས་དངོས་བསྟན་གྱི་རྣམ་གྲོལ་ལམ་དེ་ཡིན་ན་རྣམ་དག་སྒོམ་ལམ་ཡིན་དགོས་པའི་ཕྱིར་ཏེ། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཅེས་པའི་སྐབས་ནས་དངོས་བསྟན་གྱི་བར་ཆད་མེད་ལམ་ཡིན་ན་སྒྲུབ་པ་སྒོམ་ལམ་ཡིན་དགོས་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ། དེའི་སྐབས་སུ་རྣམ་གྲོལ་ལམ་བཅུ་བདུན་དངོས་སུ་བསྟན་པར་ཐལ། ཉོན་མོངས་ཤེས་བྱ་ཞེས་སོགས་ཀྱི་སྐབས་སུ་རྣམ་གྲོལ་ལམ་བཅུ་བདུན་དངོས་སུ་བསྟན་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། ས་དགུ་ལ་ནི་ཞེས་པའི་སྐབས་སུ་འཕགས་རྒྱུད་ཀྱི་བར་ཆད་མེད་ལམ་ཐམས་ཅད་དངོས་སུ་བསྟན་པར་ཐལ། ཉོན་མོངས་ཤེས་བྱ་ཞེས་པའི་སྐབས་སུ་འཕགས་རྒྱུད་ཀྱི་རྣམ་གྲོལ་ལམ་ཐམས་ཅད་དངོས་སུ་བསྟན་པའི་ཕྱིར། རྟགས་ཁྱབ་ཁས། སྔ་མའི་གཏན་ཚིགས་ཀྱང་མ་གྲུབ་སྟེ། ཉན་ཐོས་ཀྱི་འབྲས་བུ་དང་པོ་གསུམ་གྱིས་བསྡུས་པའི་རྣམ་གྲོལ་ལམ་དེ་ཉོན་མོངས་ཉམས་ཕྱིར། ཉན་ཐོས་རྣམས་ཀྱི་དག །ཅེས་པའི་གཞུང་གིས་དངོས་སུ་བསྟན་པའི་རྣམ་གྲོལ་ལམ་མིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཉོན་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་དུ་ཐལ། མ་གྲུབ་པ་དེའི་ཕྱིར། རང་རྒྱལ་ཅིག་ཅར་བར་ངེས་པའང་མི་འཐད་དེ། བསེ་རུ་ལྟ་བུའི་རང་རྒྱལ་གྱི་རིགས་ཅན་སྦྱོར་ལམ་པ་ཆོས་ཅན། སྲིད་རྩེ་ལ་འདོད་ཆགས་དང་བྲལ་བར་ཐལ། འདོད་པ་ལ་འདོད་ཆགས་དང་བྲལ་བ་གང་ཞིག ཅིག་ཅར་བ་ཡིན་པའི་ཕྱིར། གཉིས་པ་ནི། ས་གཉིས་པ་ནས་ས་བཅུ་པའི་བར་གྱི་རྣམ་གྲོལ་ལམ་རྣམས་རྣམ་དག་སྒོམ་ལམ་དངོས་ཡིན་པས། དེ་འཆད་པ་ལ། སངས་རྒྱས་རྟེན་དང་ཞེས་སོགས་ཀྱིས་དེའི་རྒྱུ་བསྟན། འབྲས་བུ་དག་པ་ཞེས་སོགས་ཀྱིས་དེའི་ངོ་བོ་བསྟན། ཉོན་མོངས་ཤེས་བྱ་ཞེས་སོགས་ཀྱིས་སྤྱིར་རྣམ་དག་ལ་འཕགས་བཞིའི་རྣམ་དག་བཞིར་ཡོད་དོ་ཞེས་ཞར་བྱུང་གི་ཚུལ་གྱིས་བསྟན་གྱི་སྔ་མའི་དབྱེ་བ་བསྟན་པ་ནི་མིན་ནོ། །གཞུང་དེས་རྣམ་དག་དང་པོ་གསུམ་གྱི་སྒྲུབ་བྱེད་དངོས་སུ་བསྟན་ནས། སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བ་ཡིན་པའི་སྒྲུབ་བྱེད་དངོས་སུ་མ་བསྟན་པས་ས་དགུ་ལ་ནི་ཞེས་སོགས་ཀྱིས་དེའི་སྒྲུབ་བྱེད་དངོས་སུ་བསྟན། དེ་ལ་ཀླན་ཀ་ཞེས་སོགས་ཀྱིས་སྒྲུབ་བྱེད་ལ་ཀླན་ཀ་སྤོང་བ་དེ་བསྟན། འོ་ན་རྣམ་དག་སྒོམ་ལམ་འཆད་པའི་སྐབས་སུ་འཕགས་པ་བཞི་ཆར་གྱི་རྣམ་དག་ཞར་བྱུང་དུ་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། སྤྱིར་རྣམ་དག་ཙམ་འཕགས་པ་བཞི་ཆར་ལ་ཡོད་ཀྱང་། མི་འདྲ་བའི་ཁྱད་པར་འདི་ལྟར་ཡིན་ནོ་ཞེས་བསྟན་པའི་ཆེད་ཡིན་ནོ། །གཉིས་པ་ལ། དགག་གཞག་གཉིས་ལས། དང་པོ་ནི། ཨར་ན་རེ། སྔར་བཤད་པའི་རྣམ་གྲོལ་ལམ་བཅུ་བདུན་ཆོས་ཅན། ཁྱོད་རང་གི་ངོས་སྐལ་གྱི་དྲི་མས་རྣམ་པར་དག་པ་ན། ཁྱོད་ཀྱི་ཡུལ་གཟུགས་སོགས་ཀྱང་རང་རང་གི་ངོས་སྐལ་གྱི་དྲི་མས་རྣམ་པར་དག་པ་ཡིན་ཏེ། དེ་ལྟ་བུའི་དག་པ་གཉིས་པོ་དེ་དོན་གྱི་སྟེང་དུ་ཐ་མི་དད་ཅིང་། ཚད་མས་ཀྱང་སོ་སོར་བཅད་དུ་མེད་པའི་ཕྱིར་ཞེ་ན། ཤེས་བྱ་ཐམས་ཅད་དྲི་མས་རྣམ་པར་དག་པར་ཐལ། རྣམ་མཁྱེན་དྲི་མས་རྣམ་པར་དག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། ཁ་ཅིག ས་གཉིས་པའི་རྣམ་གྲོལ་ལམ་ཆོས་ཅན། ཁྱོད་དྲི་མ་བདེན་གྲུབ་ཀྱིས་རྣམ་པར་དག་པ་ན། ཁྱོད་ཀྱི་ཡུལ་གཟུགས་སོགས་ཀྱང་དེས་རྣམ་པར་དག་པ་ཡིན་ཏེ། དེ་ལྟ་བུའི་དག་པ་གཉིས་པོ་དེ་ངོ་བོའི་སྒོ་ནས་ཐ་མི་དད་ཅིང་། ཚད་མས་ཀྱང་སོ་སོར་བཅད་དུ་མེད་པའི་ཕྱིར། ཞེས་དང་། དར་ཊཱིཀ་པ་ན་རེ། སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། ཁྱོད་རང་རྒྱུད་ལྡན་གྱི་གང་ཟག་གིས་སྤངས་པའི་དྲི་མས་རྣམ་པར་དག་པ་ན། ཁྱོད་ཀྱི་ཡུལ་གཟུགས་སོགས་ཀྱང་ཁྱོད་རྒྱུད་ལྡན་གྱི་གང་ཟག་གིས་སྤངས་པའི་དྲི་མས་རྣམ་པར་དག་པ་ཡིན་ཏེ། ཁྱོད་དེས་རྣམ་པར་དག་པ་གང་ཞིག ཁྱོད་དང་ཁྱོད་ཀྱི་ཡུལ་གཟུགས་སོགས་དེས་དག་མ་དག་གིས་ཐ་དད་པ་དོན་སྟེང་ན་ཡོད་པ་མིན་ཞིང་། ཚད་མས་ཀྱང་སོ་སོར་བཅད་དུ་མེད་པའི་ཕྱིར་ཞེས་ཟེར། དང་པོ་ལ་ས་གཉིས་པའི་རྣམ་གྲོལ་ལམ་ཆོས་ཅན། རྒྱལ་སྲས་ཀྱི་རྣམ་དག་ཡིན་ཏེ། ཐེག་པ་གསུམ་གྱི་ལམ་གྱི་དྲི་མ་བདེན་གྲུབ་ཀྱིས་དག་པའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་དེ། རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །ཞེས་པའི་གཞུང་གི་དོན་སྦྱོར་ཡིན་པར་ཐལ། གང་གི་སྦྱོར་བ་དེ་གཞུང་དེའི་དོན་སྦྱོར་ཡིན་པའི་ཕྱིར། འདོད་ན། ཉན་ཐོས་དགྲ་བཅོམ་པའི་རྣམ་གྲོལ་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། སྦྱོར་བ་ཕྱི་མ་ལ་འབྲས་བུ་དག་པ་ཞེས་སོགས་ཀྱི་གཞུང་འདི་རྣམ་དག་སྒོམ་ལམ་གཙོ་བོར་སྟོན་བྱེད་ཀྱི་གཞུང་མིན་པར་ཐལ། སྐབས་འདིར་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན་དུ་འཛིན་རིགས་པའི་ཕྱིར། གཉིས་པ་ནི། ས་གཉིས་པའི་རྣམ་གྲོལ་ལམ་ཆོས་ཅན། རང་རྒྱུ་བར་ཆད་མེད་ལམ་གྱིས་བསལ་ཟིན་པའི་དྲི་མས་རྣམ་པར་དག་པ་ན། ཁྱོད་ཀྱི་ཡུལ་གཟུགས་སོགས་ཀྱི་ཆོས་ཉིད་མཐོང་བ་ལའང་དེས་རྣམ་པར་དག་པ་ཡིན་ཏེ། ཁྱོད་དང་ཁྱོད་ཀྱི་ཡུལ་གཟུགས་སོགས་ཀྱི་ཆོས་ཉིད་མཐོང་བ་ལ་དྲི་མས་དག་པའི་དག་པ་གཉིས་པོ་དེ་རང་མཚན་ལ་ངོ་བོའི་སྒོ་ནས་ཐ་མི་དད་ཅིང་། སྤྱི་མཚན་ལ་རང་གིས་སོ་སོར་བཅད་དུ་མེད་པའི་ཕྱིར། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཞེས་པའི་སྐབས་སུ། ཁ་ཅིག ཉན་ཐོས་དགྲ་བཅོམ་པའི་རྣམ་གྲོལ་ལམ་ཆོས་ཅན། ཉན་ཐོས་ཀྱི་རྣམ་དག་ཡིན་ཏེ། རང་རྒྱུ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་ཉོན་སྒྲིབ་ལས་གྲོལ་བའི་ཉན་ཐོས་ཀྱི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། རང་རྒྱལ་དགྲ་བཅོམ་པའི་རྒྱུད་ཀྱི་རྣམ་གྲོལ་ལམ་ཆོས་ཅན། རང་རྒྱལ་གྱི་རྣམ་དག་ཡིན་ཏེ། རང་རྒྱུ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་ཤེས་སྒྲིབ་གཟུང་རྟོག་ལས་གྲོལ་བའི་རང་རྒྱལ་གྱི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། ས་གཉིས་པའི་རྣམ་གྲོལ་ལམ་ཆོས་ཅན། བྱང་སེམས་ཀྱི་རྣམ་དག་ཡིན་ཏེ། ཐེག་པ་གསུམ་གྱི་ལམ་གྱི་སྒྲིབ་པ་གསུམ་ལས་གྲོལ་བའི་བྱང་སེམས་ཀྱི་རྣམ་གྲོལ་ལམ་ཡིན་པའི་ཕྱིར་ཞེ་ན། ཉན་ཐོས་ཀྱི་མཐོང་ལམ་རྣམ་གྲོལ་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཉོན་སྒྲིབ་སྤངས་པའི་རྣམ་དག་ཏུ་ཐལ། སྐབས་འདིར་བསྟན་གྱི་ཉན་ཐོས་ཀྱི་རྣམ་དག་ཡིན་པའི་ཕྱིར། གཉིས་པ་ལ། རང་རྒྱལ་གྱི་རྣམ་དག་ཡིན་ན་རང་རྒྱུ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་ཤེས་སྒྲིབ་གཟུང་རྟོག་ལས་གྲོལ་བས་ཁྱབ་པར་ཐལ། སྦྱོར་བ་དེ་གཞུང་དེའི་དོན་སྦྱོར་ཡིན་པའི་ཕྱིར། འདོད་ན། ཅིག་ཆར་བའི་རྒྱུན་ཞུགས་རང་སངས་རྒྱས་སུ་གྱུར་པའི་རང་སངས་རྒྱས་ཀྱི་རྣམ་གྲོལ་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཅིག་ཆར་བའི་རྒྱུན་ཞུགས་འབྲས་གནས་དེས་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པར་ཐལ་ལོ། །གསུམ་པ་ལ། དེ་ཆོས་ཅན། རྟགས་དེ་མི་འཐད་པར་ཐལ། ཐེག་ཆེན་གྱི་ལམ་གྱི་སྒྲིབ་པ་ལས་མ་གྲོལ་བའི་ཕྱིར། ཁ་ཅིག ས་གཉིས་པའི་རྣམ་གྲོལ་ལམ་ཆོས་ཅན། རྒྱལ་སྲས་ཀྱི་རྣམ་དག་ཡིན་ཏེ། ཐེག་པ་གསུམ་གྱི་ལམ་གྱི་སྒྲིབ་པ་རགས་པ་གསུམ་ལས་གྲོལ་བའི་བྱང་སེམས་ཀྱི་རྣམ་གྲོལ་ལམ་ཡིན་པའི་ཕྱིར་ཞེ་ན། ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། རྣམ་དག་སྒོམ་ལམ་དུ་ཐལ། སྐབས་འདིར་བསྟན་གྱི་རྒྱལ་སྲས་ཀྱི་རྣམ་དག་གང་ཞིག རྣམ་གྲོལ་ལམ་ཡིན་པའི་ཕྱིར། ས་དགུ་ལ་ནི་དང་། དེ་ལ་ཀླན་ཀ་ཞེས་པའི་སྐབས་སུ་འཕགས་གྲོལ་གྱི་བཞེད་པ་དང་། སློབ་དཔོན་གྱི་བཞེད་པ་གཉིས་ལས། དང་པོ་ནི། གཞུང་སྔ་མས་ཐེག་ཆེན་སྒོམ་ལམ་དགུ་པོ་སྒོམ་སྤང་དགུའི་གཉེན་པོར་བསྟན་པ་ལ། སྤང་བྱ་སྒོམ་སྤང་དགུ་གྲུབ་ན་མ་དག་གཞན་དབང་བདེན་པར་གྲུབ་པར་འགྱུར་ཞིང་། གཉེན་པོ་སྒོམ་ལམ་དགུ་གྲུབ་ན་དག་པ་གཞན་དབང་བདེན་པར་གྲུབ་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དེ་ལྟ་བུའི་སྤང་གཉེན་གྱི་རིམ་པ་ཐ་སྙད་ཙམ་དུ་ཡིན་གྱི། དོན་དམ་པར་ནི་མིན་ཞེས་སྟོན་པ་ནི། མདོ་ལས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནོད་པར་མི་བགྱིད། དམན་པར་མི་བགྱིད་ལགས་སོ་ཞེས་གསུངས་སོ། །འོ་ན་སྤང་གཉེན་དོན་དམ་པར་མ་གྲུབ་ན། བྱང་ཆུབ་སེམས་དཔས་ཚོགས་གཉིས་ལ་འབད་པ་བྱས་པ་དོན་མེད་པར་འགྱུར་རོ་ཞེ་ན། དོན་དམ་དུ་འདོད་པ་དང་། ཐ་སྙད་དུ་མ་ཁྱབ་པ་ཞེས་སྟོན་པ་ནི། མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་འགའ་ཡང་ཡོངས་སུ་འཛིན་པར་མི་བགྱིད་ལགས་སོ་ཞེས་གསུངས་སོ། །ཡང་བྱང་ཆུབ་སེམས་དཔས་དོན་དམ་པར་ཚོགས་གཉིས་ལ་འབད་པ་བྱས་པ་དོན་མེད་ན། ཐོབ་པ་དང་མངོན་པར་རྟོགས་པ་གང་ཡང་མེད་པར་འགྱུར་རོ་ཞེ་ན། དོན་དམ་དུ་འདོད་པ་དང་། ཀུན་རྫོབ་ཏུ་མ་ཁྱབ་པའི་ལན་འདེབས་པ་ནི། མདོ་ལས། བཅོམ་ལྡན་འདས་གཉིས་རྣམ་པར་དག་པ་ནི་ཐོབ་པ་དང་མངོན་པར་རྟོགས་པ་མ་མཆིས་སོ། །ཞེས་དེ་ལྟར་ཀླན་ཀའི་རིམ་པ་གསུམ་དང་། ལན་རིམ་པ་གསུམ་ཚིགས་བཅད་དུ་བསྡེབས་པ་ནི། དེ་ལ་ཀླན་ཀ་སྤངས་པ་ཡིས། །ཞེས་སོགས་སོ། །གཉིས་པ་ནི། ས་དགུ་ལ་ནི་ཞེས་སོགས་ཀྱི་སྐབས་སུ་སྤང་བྱ་ཆེ་རིམ་ནས་འགག་པ་དང་། གཉེན་པོ་ཆུང་རིམ་ནས་སྐྱེ་བར་ཁས་བླངས་པ་ལ། སྤང་གཉེན་གྱི་རིམ་པ་དེ་མི་འཐད་པར་ཐལ། གཉེན་པོ་ཆུང་ངུས་སྤང་བྱ་ཆེན་པོ་སེལ་མི་ནུས་པའི་ཕྱིར་དང་། སྤང་བྱ་ཆུང་ངུ་སྤོང་བ་ལ་གཉེན་པོ་ཆེན་པོ་མི་དགོས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། གོས་ལ་ཆགས་པའི་དྲི་མ་རགས་པ་སེལ་བ་ལ་བཙོ་ལག་མཁན་གྱིས་འབད་པ་ཆུང་ངུས་ཆོག་ལ། ཕྲ་མོ་སེལ་བ་ལ་བཙོ་ལག་མཁན་ཆེ་ཐད་དུ་འབད་པར་དཔེས་འཐད་པར་གྲུབ་པའི་ཕྱིར། ཡུམ་དོན་རང་གསལ་ལས་སྐབས་གཉིས་པའི་དཀའ་བའི་གནས་རྣམ་པར་བཤད་ཟིན་ཏོ།། །།


previousསྐབས་གཉིས་པ་ལམ་ཤེས་ཀྱི་དཀའ་བའི་གནས་རྣམ་པར་བཤད་པ།next