Nitartha Digital Library
Tibetan
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ།


  collapse section
   
   
   
སྐབས་གསུམ་པ་གཞི་ཤེས་ཀྱི་དཀའ་བའི་གནས་རྣམ་པར་བཤད་པ།
   
   
   
   
   


 
previousསྐབས་གསུམ་པ་གཞི་ཤེས་ཀྱི་དཀའ་བའི་གནས་རྣམ་པར་བཤད་པ།next

སྐབས་གསུམ་པ་གཞི་ཤེས་ཀྱི་དཀའ་བའི་གནས་རྣམ་པར་བཤད་པ།

དམིགས་མེད་ཐུགས་རྗེས་འཁོར་བ་མི་གཏོང་ཞིང་། །གཞི་ལམ་འབྲས་བུའི་ཆོས་ལ་མཚན་འཛིན་གྱི། །དྲི་མ་བསལ་བས་འབྲས་ཡུམ་སྒྲུབ་མཛད་པའི། །གཞི་ཀུན་ཤེས་པའི་རྒྱལ་ཡུམ་དེ་ལ་འདུད། །གཞི་ཐམས་ཅད་ཡོངས་སུ་ཤེས་པ་མེད་པར་ལམ་ལེགས་པར། ཞེས་པའི་སྐབས་སུ། ཁ་ཅིག་ན་རེ། ལམ་ཤེས་ཀྱི་འོག་ཏུ་གཞི་ཤེས་འཆད་པའི་རྒྱུ་མཚན་ཡོད་དེ། ལམ་ཤེས་སྐྱེ་བ་ལ་སྐབས་གསུམ་པར་བསྟན་པའི་གཞི་ཤེས་དེ་ངེས་པར་སྔོན་དུ་འགྲོ་དགོས་པའི་ཕྱིར་ཏེ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་ན་ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་དགོས་ཤིང་། དེ་ལ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་དགོས་ལ། དེ་ལ་འཁོར་བའི་ཉེས་དམིགས་མཐོང་བའི་སྐྱེས་བུ་འབྲིང་གི་ལམ་སྔོན་དུ་འགྲོ་དགོས་པའི་ཕྱིར་ཞེས་ཟེར་ན། རྩ་བའི་གཏན་ཚིགས་དེ་མི་འཐད་པར་ཐལ། ལམ་ཤེས་སྐྱེ་བ་ལ་གཉེན་པོ་གཞི་ཤེས་ཀྱང་ངེས་པར་སྔོན་དུ་འགྲོ་མི་དགོས། མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཀྱང་ངེས་པར་སྔོན་དུ་འགྲོ་མི་དགོས་པའི་ཕྱིར། དང་པོ་མ་གྲུབ་ན། ཐེག་ཆེན་གྱི་སྦྱོར་ལམ་གྱི་གནས་སྐབས་ན་གཉེན་པོའི་གཞི་ཤེས་ཡོད་པར་ཐལ། མ་གྲུབ་པ་དེའི་ཕྱིར། གཞན་ཡང་ལམ་ཤེས་སྐྱེ་བ་ལ་ལམ་ཤེས་ངེས་པར་སྔོན་དུ་འགྲོ་དགོས་པར་ཐལ། མ་གྲུབ་པ་གང་ཞིག གཉེན་པོ་གཞི་ཤེས་ཡིན་ན་ལམ་ཤེས་ཡིན་དགོས་པའི་ཕྱིར་རོ། །གཉིས་པ་མ་གྲུབ་ན། ལམ་ཤེས་ཡིན་ན་དམན་ལམ་སྔོན་སོང་ཡིན་དགོས་པར་ཐལ་ལོ། །གཞན་ཡང་། འཁོར་བའི་ཉེས་དམིགས་མཐོང་བའི་སྐྱེས་བུ་འབྲིང་གི་ལམ་དེ་ཡིན་ན་ཐེག་དམན་གྱི་ལམ་ཡིན་དགོས་པར་ཐལ། རྩ་བའི་རྟགས་སྒྲུབ་ཀྱི་སྐབས་སུ་ཁྱབ་པ་ཡོད་པའི་ཕྱིར། འདོད་ན། བྱང་འཕགས་ཡིན་ན་དམན་ལམ་སྔོན་སོང་ཡིན་དགོས་པར་ཐལ། འདོད་པ་གང་ཞིག ལམ་ཤེས་སྐྱེ་བ་ལ་འཁོར་བའི་ཉེས་དམིགས་མཐོང་བའི་སྐྱེས་བུ་འབྲིང་གི་ལམ་དེ་ངེས་པར་སྔོན་དུ་འགྲོ་དགོས་པའི་ཕྱིར། རང་ལུགས་ནི། གཞི་ཐམས་ཅད་ཡོངས་སུ་ཤེས་པ་ནི། མཚན་འཛིན་མི་མཐུན་ཕྱོགས་དང་སྤྲོས་བྲལ་རྟོགས་པའི་ཡེ་ཤེས་གཉེན་པོ་ཡིན་མིན་གྱི་ཁྱད་པར་ཤེས་པ་ཡིན་ལ། དེ་མེད་པར་ལམ་ལེགས་པར་ཡོངས་སུ་ཤེས་པ་ནི་ལམ་གསུམ་སྐྱེ་མེད་ཙམ་དུ་ཤེས་པ་མིན་པར་ལམ་གསུམ་ལ་མཚན་མར་འཛིན་པའི་དྲི་མ་དང་བྲལ་བའི་སྒོ་ནས་ཤེས་པ་ཡིན་པས། དེ་མེད་ཅེས་པའི་དོན་ཏེ་ལམ་ལེགས་པར་ཡོངས་སུ་ཤེས་པ་ཞེས་པའི་ནུས་པའང་ཐོན་ཞིང་། གནད་འདི་ཤེས་ན་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་མ་རྟོགས་ཀྱི་ཁྱད་པར་དང་། སྐབས་གསུམ་པའི་གཞུང་གི་དོན་རྣམས་རང་གྲོལ་དུ་ཤེས་པར་འགྱུར་ཏེ། ཁོ་བོ་ལ་ནི་དེ་ཡོད་དོ། །ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་པའི་སྐབས་སུ། དགག་གཞག་གཉིས་ཀྱི་དང་པོ་ལ། ཁ་ཅིག་ན་རེ། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། སྲིད་ཞི་ལ་མི་གནས་པའི་གཞི་ཤེས་ཡིན་ཏེ། དུས་གསུམ་མཉམ་ཉིད་དུ་མངོན་སུམ་རྟོགས་པའི་བྱང་འཕགས་ཀྱི་མཁྱེན་པ་ཡིན་པའི་ཕྱིར་ཞེས་ཟེར་བ་ལ། གཞན་དག་ན་རེ། དེ་ཆོས་ཅན། དམ་བཅའ་དེ་མིན་པར་ཐལ། ཞི་བ་ལ་གནས་པའི་གཞི་ཤེས་ཡིན་པའི་ཕྱིར་ཏེ། མྱང་འདས་ལ་གནས་པའི་གཞི་ཤེས་ཡིན་པའི་ཕྱིར་ཏེ། ཉོན་སྒྲིབ་སྤངས་པའི་མྱང་འདས་ལ་གནས་པའི་གཞི་ཤེས་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བྱང་སེམས་མཐོང་ལམ་པ་དེ་ཉོན་སྒྲིབ་ཟད་པར་སྤངས་པའི་གང་ཟག་ཡིན་པའི་ཕྱིར། ཡང་རྩ་བའི་གཏན་ཚིགས་དེ་མི་འཐད་པར་ཐལ། དུས་གསུམ་མཉམ་ཉིད་ཡིན་པ་མི་སྲིད་པའི་ཕྱིར་ཏེ། དུས་གསུམ་པོ་དེ་སྔ་ཕྱི་རིམ་བཞིན་དུ་འབྱུང་བ་ཡིན་པའི་ཕྱིར་ཞེས་ཟེར། དང་པོ་ལ། ཐེག་ཆེན་མཐོང་ལམ་པ་དེ་ཉོན་སྒྲིབ་སྤངས་པའི་མྱང་འདས་ཀྱི་མཐའ་ལ་གནས་པའི་གང་ཟག་ཏུ་ཐལ། དེ་ཉོན་སྒྲིབ་ཟད་པར་སྤངས་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཞི་བའི་མཐའ་ལ་གནས་པའི་གང་ཟག་ཏུ་ཐལ། འདོད་པ་དེའི་ཕྱིར། འདོད་ན། སྙིང་རྗེས་ཞི་བའི་མཐའ་འགོག་པའི་གང་ཟག་མིན་པར་ཐལ། འདོད་པ་དེའི་ཕྱིར། གཞན་ཡང་། མི་གནས་པའི་མྱང་འདས་གཞི་མ་གྲུབ་པར་ཐལ། སངས་རྒྱས་ཀྱི་ཡེ་ཤེས་དེ་སྲིད་ཞི་གང་རུང་ལ་གནས་པའི་ཕྱིར། རྟགས་ཁས་བླངས་ཏེ། དེ་ཞི་བ་ལ་གནས་པའི་ཕྱིར། ཕྱི་མ་ལ། ས་བརྒྱད་པའི་ཡེ་ཤེས་དེ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་མིན་པར་ཐལ། སྲིད་ཞི་མཉམ་ཉིད་ཡིན་པ་མི་སྲིད་པའི་ཕྱིར་ཏེ། སྲིད་པ་དེ་སྐྱོན་གྱི་རང་བཞིན་དང་། ཞི་བ་དེ་ཡོན་ཏན་གྱི་རང་བཞིན་ཡིན་པའི་ཕྱིར། རིམ་བཞིན་ཁས་བླངས་སོ། །དར་ཊཱིཀ་པ་ན་རེ། སྐབས་འདིར་སྲིད་ཞི་ལ་མི་གནས་པའི་ལམ་ཤེས་ཞེས་པའི་ཐ་སྙད་འཐད་ལ། སྲིད་ཞི་ལ་མི་གནས་པའི་གཞི་ཤེས་ཞེས་པའི་ཐ་སྙད་མི་འཐད་དེ། གཞུང་འདི་སྐབས་གཉིས་པར་ཐེག་ཆེན་གྱི་མཐོང་ལམ་དང་སྒོམ་ལམ་གཉིས་པོ་སྲིད་ཞི་འགོག་བྱེད་དུ་བསྟན་པ་དེ་འཆད་བྱེད་ཡིན་པའི་ཕྱིར་ཞེས་ཟེར་རོ། །འོ་ན་ཐེག་དམན་གྱི་གཞི་ཤེས་ལ་ཀུན་ཤེས་པ་ཉིད་ཀྱི་སྐབས་ལས་ལྡོག་སྟེ་ཞེས་པའི་ཐ་སྙད་མི་འཐད་པར་ཐལ། སྐབས་འདིར་དངོས་བསྟན་གྱི་ཤེར་ཕྱིན་ལ་ཀུན་ཤེས་པ་ཉིད་ཅེས་པའི་ཐ་སྙད་མི་འཐད་པའི་ཕྱིར། འདོད་ན། ཀུན་ཤེས་པ་ཉིད་ཀྱི་སྐབས་ལས་ལྡོག་སྟེ་ཞེས་པའི་གཞུང་དང་འགལ་ལོ། །ཡང་། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་སོགས་ཀྱི་གཞུང་འདི་སྐབས་གསུམ་གྱི་ནང་ནས་ལམ་ཤེས་སྟོན་བྱེད་ཀྱི་གཞུང་ཡིན་ལ། གཞི་ཤེས་སྟོན་བྱེད་ཀྱི་གཞུང་མིན་པའི་ཁྱད་པར་འཐད་པར་ཐལ། དམ་བཅའ་དེའི་ཕྱིར། གཞན་ཡང་། ལམ་ཤེས་ཡིན་ན་གཞི་ཤེས་ཀྱི་ཐ་སྙད་མི་འཐད་པས་ཁྱབ་པར་ཐལ། ཁྱོད་ཀྱི་དམ་བཅའ་སྒྲུབ་བྱེད་ལ་ཁྱབ་པ་ཡོད་པའི་ཕྱིར། འདོད་ན། བྱང་འཕགས་ཀྱི་རྒྱུད་ཀྱི་གཞི་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཁྱོད་ལ་དེ་འཐད་པར་ཐལ། ཁྱོད་དེ་དངོས་ཡིན་པའི་ཕྱིར། ཡང་ཕྱོགས་སྔ་སྨྲ་བ་པོ་ན་རེ། སྐབས་འདིར་བསྟན་གྱི་སྲིད་མཐའ་འགོག་པའི་ཤེས་རབ་དེས་སྟོང་ཉིད་མངོན་སུམ་མ་རྟོགས་ཏེ། དེས་སྙིང་རྗེ་སྒོམ་པར་འཕགས་སེང་གཉིས་ཀས་བཤད་པའི་ཕྱིར་ཟེར་ན། ཐེག་ཆེན་གྱི་མཉམ་གཞག་ཡེ་ཤེས་དེས་སྟོང་ཉིད་མངོན་སུམ་མ་རྟོགས་པར་ཐལ། དེས་བྱམས་སོགས་ཚད་མེད་སྒོམ་པར་རྒྱན་རྩ་འགྲེལ་ལས་བཤད་པའི་ཕྱིར། གཞན་ཡང་སྐབས་འདིར་བསྟན་གྱི་སྲིད་མཐའ་འགོག་བྱེད་ཀྱི་ཤེས་རབ་དེས་དུས་གསུམ་ཀུན་རྫོབ་ཏུ་མཉམ་ཉིད་དུ་མངོན་སུམ་རྟོགས་པར་ཐལ། དེས་དུས་གསུམ་རང་བཞིན་མེད་པར་མངོན་སུམ་དུ་མ་རྟོགས་པའི་ཕྱིར། འདོད་ན། མིན་པར་ཐལ། དུས་གསུམ་ཀུན་རྫོབ་ཏུ་མཉམ་པ་ཉིད་དུ་མངོན་སུམ་རྟོགས་པ་མེད་པའི་ཕྱིར། གཉིས་པ་ནི། གཞུང་འདིས་མཚན་འཛིན་དང་འཛིན་སྟངས་དངོས་སུ་འགལ་བའི་གཞི་ཤེས་དེ་དངོས་སུ་བསྟན་པ་ཡིན་ཏེ། འཁོར་འདས་བར་གསུམ་ལ་མི་གནས་ཤིང་དུས་གསུམ་ལ་དེ་དང་དེར་འཛིན་པའི་མཚན་འཛིན་མེད་པའི་གཞི་ཤེས་དེ་དངོས་སུ་བསྟན་པའི་ཕྱིར། ཤུགས་ལ་མཚན་འཛིན་དང་འཛིན་སྟངས་དངོས་སུ་མི་འགལ་བའི་ཐེག་དམན་གྱི་གཞི་ཤེས་བསྟན་པ་ཡིན་ནོ། །ཀུན་ཤེས་པ་ཉིད་ཀྱི་སྐབས་ལས། །ཞེས་པའི་སྐབས་སུ། ཁ་ཅིག་ན་རེ། ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། སྲིད་ཞི་ལ་གནས་པའི་གཞི་ཤེས་ཡིན་ཏེ། དུས་གསུམ་མཉམ་ཉིད་དུ་མངོན་སུམ་མ་རྟོགས་པའི་ཐེག་དམན་འཕགས་པའི་མཁྱེན་པ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། དེ་ཡིན་ཏེ། སྲིད་པ་ལ་དོར་བྱ་དང་ཞི་བ་ལ་བླང་བྱར་འཛིན་པའི་གཞི་ཤེས་ཡིན་པའི་ཕྱིར་ཞེས་ཟེར་རོ། །དང་པོ་ལ་ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། ཞི་བ་ལ་གནས་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། མྱང་འདས་ལ་གནས་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱིས་མྱང་འདས་མ་ཐོབ་པའི་ཕྱིར་ཏེ། ཐེག་དམན་སློབ་པའི་མཁྱེན་པ་ཡིན་པའི་ཕྱིར། ཕྱི་མ་ལ། ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་གཞི་ཤེས་ཆོས་ཅན། སྲིད་པ་ལ་གནས་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་མི་ནུས་ཏེ། སྲིད་པ་ཟད་པར་སྤངས་པའི་ཐེག་དམན་གྱི་མཁྱེན་པ་ཡིན་པའི་ཕྱིར། སྐབས་འདིར་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་མ་རྟོགས་དཔྱད་པ་ལ། རྟོགས་པའི་ལུགས་དགག དེ་ཡི་ཡན་ལག་ཏུ་ལོག་རྟོག་གཞན་དགག འགལ་མེད་ཀྱི་གནད་ངོས་གཟུང་བ་དང་གསུམ་ལས། དང་པོ་ལ། ཕྱོགས་སྔ་མ་བརྗོད་པ་དང་། དེ་དགག་པ་གཉིས་ལས། དང་པོ་ནི། ཙོང་ཁ་པ་ན་རེ། ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་ཏེ། གཞན་དུ་ན། ཉན་རང་དགྲ་བཅོམ་པ་ཆོས་ཅན། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་མ་སྤངས་པར་ཐལ། ཆོས་ཀྱི་བདག་མེད་མ་རྟོགས་པའི་ཕྱིར། ཡང་ས་དང་པོ་ལ་གནས་པའི་བྱང་སེམས་ཀྱིས་ཉན་རང་དགྲ་བཅོམ་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་ནུས་པར་ཐལ། སྔ་མས་དེ་མངོན་སུམ་རྟོགས། ཕྱི་མས་དེ་མངོན་སུམ་མ་རྟོགས་པའི་ཕྱིར། འདོད་ན། སྐྱེས་མ་ཐག་པའི་རྒྱལ་བུ་གཞོན་ནུ་དེས་རང་གི་བློན་པོའི་ཚོགས་རྒན་པོ་རྣམས་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་ནུས་པར་ཐལ་ལོ། །གཞན་ཡང་། ཉན་རང་དགྲ་བཅོམ་པ་ཆོས་ཅན། རང་རྒྱུད་ཀྱི་ཕུང་པོ་ལ་དམིགས་ནས་ངར་འཛིན་སྐྱེ་བར་ཐལ། རང་རྒྱུད་ཀྱི་ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་མ་སྤངས་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ངར་འཛིན་གྱི་དབང་གིས་ལས་བསགས། དེའི་དབང་གིས་འཁོར་བར་སྐྱེ་བ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། སྔ་ཕྱི་གཉིས་ཀ་ལ་ཁྱབ་པ་ཡོད་དེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །ཞེས་སོགས་གསུངས་པའི་ཕྱིར། གཞན་ཡང་དེ་ཆོས་ཅན། གང་ཟག་གི་བདག་མེད་མཚན་ཉིད་ཡོངས་སུ་རྫོགས་པའི་ཚུལ་གྱིས་མ་རྟོགས་པར་ཐལ། གདགས་གཞི་ཕུང་པོ་བདེན་མེད་དུ་མ་རྟོགས་པའི་ཕྱིར། ཡང་དེ་ཆོས་ཅན། ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་མ་སྤངས་པར་ཐལ། ཕུང་པོ་བདེན་མེད་དུ་མ་རྟོགས་པའི་ཕྱིར། འདོད་ན། དེ་སྤངས་པར་ཐལ། ཉོན་སྒྲིབ་སྤངས་པའི་ཕྱིར་ཞེས་གསུངས་སོ། །གཉིས་པ་ནི། དང་པོ་ལ། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་དེ་ཆོས་ཀྱི་བདག་འཛིན་གྱི་རྩ་བ་ཅན་ཡིན་པར་ཐལ། ཐལ་བ་དང་པོ་ལ་ཁྱབ་འགྲེལ་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཤེས་སྒྲིབ་ཏུ་ཐལ། རང་གི་བསྒྲིབ་བྱ་ལྷག་མཐོང་ལ་སྒྲིབ་པའི་སྒྲིབ་པ་གང་ཞིག ཆོས་ཀྱི་བདག་འཛིན་གྱི་རྩ་བ་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། ལང་གཤེགས་ལས། ཉོན་མོངས་པའི་སྒྲིབ་པ་ནི་གང་ཟག་གི་བདག་ཏུ་འཛིན་པའི་རྩ་བ་ཅན་ཡིན་ལ། ཤེས་བྱའི་སྒྲིབ་པ་ནི་ཆོས་ཀྱི་བདག་ཏུ་འཛིན་པའི་རྩ་བ་ཅན་ཡིན་ནོ་ཞེས་གསུངས་པའི་ཕྱིར། གཉིས་པ་ལ། ས་དྲུག་པའི་བྱང་སེམས་དེས་ཉན་རང་དགྲ་བཅོམ་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་ནུས་པར་ཐལ། ས་དྲུག་པ་ལ་གནས་པའི་བྱང་སེམས་ཀྱིས་སྤྲོས་པ་མཐའ་དག་བཀག་པའི་འགོག་པ་ལ་སྙོམས་པར་འཇུག་ནུས། ཉན་རང་དགྲ་བཅོམ་པས་དེ་མི་ནུས་པའི་ཕྱིར། ཡང་ས་དང་པོའི་བྱང་སེམས་དེས་ཀྱང་དེ་བློའི་སྟོབས་ཀྱིས་ཟིན་གྱིས་གནོན་ནུས་པར་ཐལ། སྔ་མ་དེས་མཐོང་སྤང་གཟུང་འཛིན་གྱི་རྣམ་པར་རྟོགས་པ་བརྒྱ་རྩ་བརྒྱད་ཀྱི་ས་བོན་གྱི་དངོས་གཉེན་ཐོབ་ལ། ཕྱི་མས་དེ་མ་ཐོབ་པའི་ཕྱིར། གཉིས་ཆར་གྱི་ཁྱབ་པ་ཁས། མདོ་སྡེ་ས་བཅུ་པ་ལས། ཟིལ་གྱིས་གནོན་མི་ནུས་པར་གསུངས་པ་ནི་སྐད་ཅིག་རེ་རེ་ལ་འགོག་པ་ལ་འཇུག་ལྡང་བྱེད་མི་ནུས་པས་ས་དང་པོ་ནས་ཉན་རང་གི་ས་ལས་འདས་པ་ཡིན་ཀྱང་། མཚན་འཛིན་མཐའ་དག་དངོས་སུ་སྤོང་བའི་གཉེན་པོ་མ་ཐོབ་པས་ཤིན་ཏུ་འདས་པ་མིན་ཞེས་པའི་དོན་ཏོ། །གསུམ་པ་ལ། ཉན་རང་དགྲ་བཅོམ་པ་ཆོས་ཅན། རང་རྒྱུད་ཀྱི་ཚོར་བའི་དབང་གིས་སྲེད་པ་སྐྱེ་བ་ཡིན་པར་ཐལ། ཚོར་བ་མ་སྤངས་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་སྟེ། སྤྱོད་འཇུག་ལས། ཚོར་བའི་དབང་གིས་སྲེད་པ་སྐྱེ། །ཞེས་གསུངས་པའི་ཕྱིར། ཡང་དེ་ཆོས་ཅན། རང་རྒྱུད་ཀྱི་རྣམ་རྟོག་གི་དབང་གིས་ལས་ཉོན་སྐྱེ་བ་ཡིན་པར་ཐལ། རྣམ་རྟོག་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་ཤེར་ལས། ལས་དང་ཉོན་མོངས་རྣམ་རྟོག་ལས། །ཞེས་གསུངས་པའི་ཕྱིར། ཁྱབ་པ་རིམ་པ་ལྟར་སོང་། ཐལ་འགྱུར་བཞི་པའི་ལན་ནི། སྐབས་གཉིས་པར་བསྟན་ཟིན་ཞིང་། གཞན་ཡང་ཉན་ཐོས་ཀྱི་མཐོང་ལམ་དེ་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བའི་མཐོང་ལམ་དུ་ཐལ། དེས་འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་ཕྱིར། རྟགས་ཁས། འདོད་ན། ཐེག་ཆེན་གྱི་སྦྱོར་ལམ་དེ་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བའི་མཐོང་ལམ་གྱི་རྒྱུ་བྱེད་པའི་སྒོ་ནས་ཐེག་དམན་གྱི་སྦྱོར་ལམ་ལས་ཁྱད་པར་དུ་འཕགས་པ་མིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ་ཞེས་གསུངས་པའི་ཕྱིར། ཡང་ཉན་ཐོས་འཕགས་པ་དེས་བདེ་གཤེགས་སྙིང་པོ་མངོན་སུམ་མཐོང་བར་ཐལ། དེས་འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་ཕྱིར། འདོད་ན། དེ་དེ་བཞིན་གཤེགས་པའི་སྙིང་པོ་ལྟ་བ་ལ་མིག་དང་མི་ལྡན་པའི་གང་ཟག་བཞིའི་ནང་ཚན་མིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། རྒྱུད་བླའི་འགྲེལ་པར། གང་ཟག་བཞི་པོ་འདི་དག་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལྟ་བ་ལ་མིག་དང་མི་ལྡན་པར་ཤེས་པར་བྱ་སྟེ། སོ་སོ་སྐྱེ་བོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའོ་ཞེས་པའི་གཞུང་དང་འགལ་ལོ། །དེ་ལ་ཁོ་ན་རེ། ཉན་ཐོས་དང་རང་སངས་རྒྱས་སོ་སོ་སྐྱེ་བོ་ལ་དགོངས་པ་ཡིན་གྱི། དེའི་འཕགས་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་མངོན་སུམ་དུ་རྟོགས་པ་ཡིན་ནོ་ཞེ་ན། ཉན་ཐོས་མཐོང་ལམ་པ་ཆོས་ཅན། ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་མི་ལེན་པར་ཐལ། བདེ་གཤེགས་སྙིང་པོ་མངོན་སུམ་དུ་མཐོང་བའི་ཕྱིར། ཁྱབ་སྟེ། རྒྱུད་བླ་ལས། ཇི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་། །ཞེས་གསུངས་པའི་ཕྱིར། ཡང་ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། འཁོར་འདས་ལ་བླང་དོར་གྱི་མཚན་མར་གཟུང་བའི་མཚན་འཛིན་དང་འཛིན་སྟངས་དངོས་སུ་འགལ་བར་ཐལ། ཐེག་ཆེན་གྱི་མཐོང་ལམ་དེ་དང་འཛིན་སྟངས་དངོས་སུ་འགལ་བ་གང་ཞིག ཁྱོད་དང་དེ་གཉིས་འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་མཐོང་ལམ་དུ་མཚུངས་པའི་ཕྱིར། ཡང་དེ་ཆོས་ཅན། དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་གཞི་ཤེས་སུ་ཐལ། བྱང་སེམས་ཀྱི་མཐོང་ལམ་དེ་དེ་ཡིན་པ་གང་ཞིག ཁྱོད་དང་དེ་གཉིས་འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་མཐོང་ལམ་དུ་མཚུངས་པའི་ཕྱིར། འདོད་ན། གཉེན་པོ་གཞི་ཤེས་སུ་ཐལ་ལོ། །ཡང་དེ་ཆོས་ཅན། རྟོག་པ་ཉི་ཚེ་བ་མིན་པར་ཐལ། བྱང་སེམས་འཕགས་པས་རྟོགས་པའི་འཛིན་པ་ཆོས་ཀྱི་བདག་མེད་དེ་ཁྱོད་ཀྱིས་ཀྱང་རྟོགས་པའི་ཕྱིར། འདོད་ན། ཉི་ཚེ་བ་དང་སྣ་ཚོགས་ཉིད། །ཅེས་པའི་གཞུང་དང་འགལ་ལོ། །ཡང་དེ་ཆོས་ཅན། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་གཞི་ཤེས་སུ་ཐལ། གཟུགས་སོགས་ཀྱི་ཆོས་ཉིད་དང་། དུས་གསུམ་གྱི་ཆོས་དང་། སྦྱིན་སོགས་ཀྱི་སྤྱོད་པ་རྣམས་ལ་ཞེན་སྤྱོད་དངོས་སུ་འགོག་ནུས་པའི་གཞི་ཤེས་ཡིན་པའི་ཕྱིར། མ་གྲུབ་ན། ཁས་བླངས་ཏེ། ས་དང་པོའི་བྱང་སེམས་དེས་ཉན་རང་དགྲ་བཅོམ་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་ནུས་པར་ཐལ། སྔ་མའི་རྒྱུད་ཀྱི་གཞི་ཤེས་དེས་དེ་དངོས་སུ་འགོག་ནུས་པ་གང་ཞིག ཕྱི་མའི་རྒྱུད་ཀྱི་གཞི་ཤེས་དེས་དེ་དངོས་སུ་འགོག་མི་ནུས་པའི་ཕྱིར། ལྔ་པ་ལ། རྫས་དང་བཏགས་པའི་རྟེན་ཅན་གྱི། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་རྫས་འཛིན་རྟོགས་པ་ཆོས་ཅན། ཉོན་སྒྲིབ་ཏུ་ཐལ། བདེན་འཛིན་ཡིན་པའི་ཕྱིར། འདོད་ན། ཐེག་ཆེན་སྦྱོར་ལམ་གྱི་ཁྱད་པར་བྱེད་ཆོས་སུ་གྱུར་པའི་རྟོགས་པ་བཞི་པོ་དེ་བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོ་མིན་པར་ཐལ། འདོད་པ་དེའི་ཕྱིར། གཉིས་པ་ནི། ཁོ་ན་རེ། བདེན་འཛིན་ཡིན་ན་ཉོན་སྒྲིབ་ཡིན་པས་ཁྱབ་ཀྱང་། དབང་ཤེས་ལྔ་ལ་ཡུལ་རང་ངོས་ནས་བདེན་པར་སྣང་བའི་བདེན་སྣང་གི་ཆ་དེ་ཤེས་སྒྲིབ་ཡིན་པ་དེ་དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ལུགས་ཡིན་ཞིང་། ས་བདུན་པ་མན་ཆད་དུ་ཤེས་སྒྲིབ་ཅུང་ཟད་ཀྱང་མི་སྤོང་སྟེ། དེར་བདེན་འཛིན་གྱི་ས་བོན་བག་ཆགས་དང་བཅས་པ་ཡོད་པའི་ཕྱིར། དེས་ན་ཤེས་སྒྲིབ་སྤོང་བའི་མ་མཐའི་ས་མཚམས་ནི་ས་བརྒྱད་པ་ནས་འཇོག་ཅེས་ཟེར་རོ། །འདི་ལ་ལན་གྱིས་བཟློག་པར་མི་ནུས་པའི་ཐལ་འགྱུར་ཆེན་པོ་བཅོ་བརྒྱད་འབྱུང་བས་རིམ་པ་བཞིན་ཉོན་ཅིག བྱང་སེམས་མཐོང་ལམ་པ་ཆོས་ཅན། རང་རྒྱུད་ཀྱི་ཕུང་པོ་ལ་དམིགས་ནས་ངར་འཛིན་སྐྱེ་བར་ཐལ། རང་རྒྱུད་ཀྱི་ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་མ་སྤངས་པའི་གང་ཟག་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། སྔར་ལྟར་རོ། ༡ ས་དགུ་ལ་ནི་ཆེན་པོ་ཡི། །ཞེས་པས་སྒོམ་སྤང་ཉོན་སྒྲིབ་ཀྱི་གཉེན་པོར་གྱུར་པའི་སྒོམ་ལམ་གྱི་དབྱེ་བ་བསྟན་པར་ཐལ། དེས་སྒོམ་སྤང་གི་དེ་བསྟན་པ་གང་ཞིག ཤེས་སྒྲིབ་ཀྱི་དེར་གྱུར་པའི་སྒོམ་ལམ་ཆུང་ངུའི་ཆུང་ངུ་སོགས་མི་སྲིད་པའི་ཕྱིར། ཕྱི་ཟུར་ཁས། འདོད་ན། སངས་རྒྱས་ཀྱི་རྣམ་དག་དེ་ཉོན་སྒྲིབ་སྤངས་པའི་ཆ་ནས་ཤིན་ཏུ་བར་འཇོག་རིགས་པར་ཐལ། གཞུང་དེས་དེ་ཤིན་ཏུ་བ་ཡིན་པའི་སྒྲུབ་བྱེད་བསྟན་པ་གང་ཞིག འདོད་པ་དེའི་ཕྱིར། ༢ ཡང་། དེ་ནི་རྒྱུན་ཞུགས་ཡིན་པའི་ཕྱིར། །ཞེས་པས་སྒོམ་སྤངས་ཉོན་སྒྲིབ་ཁོ་ནའི་གཉེན་པོར་གྱུར་པའི་སྒོམ་ལམ་གྱི་དབྱེ་བ་བསྟན་པར་ཐལ། རྟགས་སྔར་ལྟར་རོ། །འདོད་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ་ཞེས་པའི་སྐབས་ཀྱི་རྣམ་པར་རྟོག་པ་དེ་ཉོན་མོངས་པ་ལ་བྱེད་རིགས་པར་ཐལ། འདོད་པ་དེའི་ཕྱིར། ༣ ཡང་བྱང་སེམས་འཕགས་པས་ཉོན་སྒྲིབ་ཆེད་དུ་གཉེར་ནས་སྤོང་བར་ཐལ། ས་བདུན་པ་མན་ཆད་ཀྱི་བར་ཆད་མེད་ལམ་ཡིན་ན་ཉོན་སྒྲིབ་ཁོ་ནའི་གཉེན་པོ་ཡིན་དགོས་པའི་ཕྱིར། རྟགས་ཁས། ༤ ཡང་བྱང་སེམས་འཕགས་པས་ས་བཅུ་རྣམས་སུ་རང་རང་གི་ངོས་སྐལ་གྱི་ཤེས་སྒྲིབ་སྤོང་བ་མེད་པར་ཐལ། ས་བདུན་པ་མན་ཆད་དུ་རང་རང་གི་ངོས་སྐལ་གྱི་ཤེས་སྒྲིབ་སྤོང་བ་མེད་པའི་ཕྱིར། འདོད་ན། ཀུན་བཏུས་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་ས་བཅུ་རྣམས་སུ་སྒོམ་པའི་ལམ་ལ་ཤེས་བྱའི་སྒྲིབ་པའི་གཉེན་པོར་ལམ་སྒོམ་གྱི་ཉོན་མོངས་པའི་སྒྲིབ་པའི་གཉེན་པོར་ནི་མ་ཡིན་ཞེས་གསུངས་པ་དང་འགལ་ལོ། ༥ །ཡང་ས་གཉིས་པའི་བར་ཆད་མེད་ལམ་ཆོས་ཅན། ཐེག་དམན་གྱི་བར་ཆད་མེད་ལམ་དུ་ཐལ། རང་གི་ངོས་སྐལ་གྱི་ཉོན་སྒྲིབ་ཁོ་ནའི་དངོས་གཉེན་དུ་གྱུར་པའི་བར་ཆད་མེད་ལམ་ཡིན་པའི་ཕྱིར། རྟགས་ཁས། ༦ ཡང་སྒོམ་སྤང་གཟུང་འཛིན་གྱི་རྣམ་པར་རྟོགས་པ་བཞི་པོ་དེ་ཤེས་སྒྲིབ་ཡིན་ནམ་ཉོན་སྒྲིབ་ཡིན། ཕྱི་མ་ལྟར་ན། ཉན་ཐོས་སྒོམ་ལམ་བར་ཆད་མེད་ལམ་དེས་དེའི་དངོས་གཉེན་བྱེད་ནུས་པར་ཐལ། དེ་ཉོན་སྒྲིབ་ཡིན་པའི་ཕྱིར། འདོད་ན། དེ་སྒོམ་ལམ་རྩེ་སྦྱོར་དུ་ཐལ་ལོ། ༧ །གཞན་ཡང་ཉན་ཐོས་དགྲ་བཅོམ་པས་དེ་བཞི་ཟད་པར་སྤངས་པར་ཐལ། དེ་བཞི་ཉོན་སྒྲིབ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ལ་ཐེག་པ་གསུམ་གྱིས་བསྡུས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་བརྟེན་པར་ཐལ། འདོད་པ་གང་ཞིག དགྲ་བཅོམ་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཡམས་ནད་འདི་རྣམས་ཟད་ནས་ནི། །ཞེས་སོགས་གསུངས་པའི་ཕྱིར། ༨ སྔ་མ་ལྟར་ན། སྒོམ་ལམ་རྩེ་སྦྱོར་ཡིན་ན་དག་སའི་ཡེ་ཤེས་ཡིན་དགོས་པར་ཐལ། སྒོམ་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་ཡིན་ན། དག་སའི་ཡེ་ཤེས་ཀྱི་སྤངས་བྱ་ཡིན་དགོས་པའི་ཕྱིར། ཁྱབ་སྟེ། སྒོམ་པའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །ཞེས་པའི་གཞུང་འདི་སྒོམ་ལམ་རྩེ་སྦྱོར་སྟོན་བྱེད་ཀྱི་གཞུང་ཡིན་པའི་ཕྱིར། ༩ མཐོང་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་དེ་ཤེས་སྒྲིབ་ཡིན་ནམ་ཉོན་སྒྲིབ་ཡིན། དང་པོ་ལྟར་ན། དེ་ཆོས་ཅན། དག་སའི་ཡེ་ཤེས་ཀྱི་སྤང་བྱ་ཡིན་པར་ཐལ། ཤེས་སྒྲིབ་ཡིན་པའི་ཕྱིར། འདོད་ན། སྒོམ་སྤངས་སུ་ཐལ་ལོ། ༡༠ །གཞན་ཡང་། དེ་ཆོས་ཅན། ས་གཉིས་པའི་ཡེ་ཤེས་དེས་ཁྱོད་མ་སྤངས་པར་ཐལ། ཁྱོད་ཤེས་སྒྲིབ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ས་གཉིས་པའི་བྱང་སེམས་སྒོམ་ལམ་པ་ཆོས་ཅན། ཁྱོད་བྱང་སེམས་སྒོམ་ལམ་པ་མིན་པར་ཐལ། འདོད་པ་དེའི་ཕྱིར། ༡༡ ཕྱི་མ་ལྟར་ན། ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་དེས་དེ་བཞིའི་ས་བོན་དངོས་སུ་སྤོང་ནུས་པར་ཐལ། དེ་བཞི་མཐོང་སྤངས་སུ་གྱུར་པའི་ཉོན་སྒྲིབ་ཡིན་པའི་ཕྱིར། འདོད་ན། དེ་མཐོང་ལམ་རྩེ་སྦྱོར་དུ་ཐལ་ལོ། ༡༢ །ཡང་མཐོང་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་རྒྱ་རྩ་བརྒྱད་ཆོས་ཅན། ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་ལ་གནས་པའི་གང་ཟག་གིས་ཁྱོད་མ་སྤངས་པར་ཐལ། ཁྱོད་ཤེས་སྒྲིབ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་སྐྱེས་ན་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ཀྱི་དབྱེ་བས། ཞེས་སོགས་ཀྱི་གཞུང་དང་འགལ་ལོ། ༡༣ །ཡང་མཐོང་བའི་ལམ་ཐོབ་པའི་རྣལ་འབྱོར་པ་དེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་འཇིགས་པ་མེད་པའི་ཕྱིར་ཞེས་པའི་སྐབས་ནས་བསྟན་པའི་ཤེས་སྒྲིབ་དེ་ཆོས་ཅན། ཐེག་ཆེན་གྱི་མཐོང་ལམ་ཁྱད་པར་ལམ་ལ་གནས་པའི་བྱང་སེམས་ཀྱིས་ཁྱོད་མ་སྤངས་པར་ཐལ། ཁྱོད་ཤེས་སྒྲིབ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ལྟ་བུའི་བྱང་སེམས་དེས་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་མ་ཐོབ་པར་ཐལ། འདོད་པ་དེའི་ཕྱིར། ༡༤ རྒྱུན་ཞུགས་འབྲས་གནས་ཆོས་ཅན། མཐོང་སྤངས་མ་ལུས་པ་སྤངས་པར་ཐལ། མཐོང་སྤངས་སུ་གྱུར་པའི་ཉོན་སྒྲིབ་མ་ལུས་པ་སྤངས་པའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། མཐོང་སྤངས་ཡིན་ན་ཉོན་སྒྲིབ་ཡིན་དགོས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་ཐོབ་པར་ཐལ། འདོད་པ་དེའི་ཕྱིར། ༡༥ ཡང་ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་སོང་གི་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། ཟག་མེད་བར་ཆད་མེད་ལམ་མིན་པར་ཐལ། རང་གི་ངོས་སྐལ་གྱི་སྒྲིབ་པ་ཅུང་ཟད་ཀྱང་མི་སྤོང་བའི་ཕྱིར། རྟགས་ཁས་བླངས་ཏེ། རང་གི་ངོས་སྐལ་གྱི་ཉོན་སྒྲིབ་ཅུང་ཟད་ཀྱང་མི་སྤོང་བ་གང་ཞིག རང་གི་ངོས་སྐལ་གྱི་ཤེས་སྒྲིབ་ཅུང་ཟད་ཀྱང་མི་སྤོང་བའི་ཕྱིར། ཕྱི་མ་ཁས་བླངས། ༡༦ ཡང་ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་གྱི་སྦྱོར་ལམ་ནས་ས་བདུན་པའི་བར་དུ་སྒྲིབ་པ་ཅུང་ཟད་ཀྱང་མི་སྤོང་བར་ཐལ། དེ་འདྲའི་སྦྱོར་ལམ་དེས་ཉོན་སྒྲིབ་ཅུང་ཟད་ཀྱང་མི་སྤོང་བ་གང་ཞིག ཤེས་སྒྲིབ་སྤོང་བའི་མ་མཐའི་ས་མཚམས་ས་བརྒྱད་པ་ནས་འཇོག་པའི་ཕྱིར། ༡༧ ཤེས་སྒྲིབ་ཀྱི་ངོས་འཛིན་དེ་ཡང་མི་འཐད་དེ། ཤེས་སྒྲིབ་ཡིན་ན་མངོན་ཞེན་ཅན་གྱི་བློ་མིན་དགོས་པར་ཐལ། དེ་ཡིན་ན་དབང་ཤེས་ལ་ཡུལ་རང་ངོས་ནས་བདེན་པར་སྣང་བ་ཙམ་ཡིན་དགོས་པ་གང་ཞིག དབང་ཤེས་ལ་རང་ཡུལ་ལ་ཞེན་པ་མེད་པའི་ཕྱིར། འདོད་ན། ཤེས་སྒྲིབ་ཡིན་ན་བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོ་མིན་དགོས་པར་ཐལ། འདོད་པ་དེའི་ཕྱིར། ༡༨ སྟོབས་ལྡན་བློ་གྲོས་ཁྲོ་ཆེན་ཁྲོས་ནས་ནི། །དངོས་སྟོབས་རིགས་པའི་ཧཱུྃ་སྒྲ་སྒྲོག་པའི་ཚེ། །ཕས་རྒོལ་ལོག་སྨྲའི་བགེགས་དཔུང་མ་ལུས་པ། །ཁོར་ཡུག་ཆེན་པོའི་ཕ་མཐར་ཅིས་མི་འབྲོས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་ནི། བྱམས་པའི་གཞུང་ལས། ཉན་རང་གི་ཆོས་ཀྱི་བདག་མེད་མ་རྟོགས་པའི་རྣམ་གཞག་གསུང་ཞིང་། ཀླུ་སྒྲུབ་ཀྱི་གཞུང་ལས་རྟོགས་པ་ལྟར་གསུངས་པའི་དོན་ལ། ཁ་ཅིག་སྒྲ་ཇི་བཞིན་དུ་བཤད་ནས། དེ་གཉིས་དགོངས་པ་འགལ་བར་འདོད་པ་དང་། འགའ་ཞིག་གཉིས་ཆར་གྱི་ལུགས་ལ་ཆོས་ཀྱི་བདག་མེད་རྟོགས་པས་མི་འགལ་བར་འདོད་པ་དང་། ཊཱི་ཀ་ལས། གཉིས་ཆར་གྱི་ལུགས་ལ་མ་རྟོགས་པས་དགོངས་པ་མི་འགལ་བར་བཞེད་པ་དང་གསུམ་ལས། དང་པོ་ནི། གང་རུང་གཅིག་ལ་སྐུར་བ་འདེབས་པའི་གཞི་ཡིན་པས་རྒྱང་རིང་དུ་དོར་བར་བྱའོ། །གཉིས་པ་ནི། ཆོས་ཀྱི་བདག་དང་། ཆོས་ཀྱི་བདག་འཛིན་གྱི་ངོ་བོ་ངོས་མ་ཟིན་པའི་ནང་མཚན་ཕྱོགས་བཅུར་སྒྲོག་པའོ། །གསུམ་པ་ལའང་སྐྱོན་ཅུང་ཟད་ཅིག་གནས་ན་ཡང་རེ་ཞིག་སྦ་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན། རྒྱུ་མཚན་མ་ངེས་པ་དག་གིས་ཀུ་ཅོ་མང་དུ་འདོན་པས་འཇིགས་པའི་ཕྱིར་རོ། །ཁོ་བོ་ནི་གསུང་རབ་ཀྱི་དོན་ལ་འདི་ལྟར་བལྟ་སྟེ། སྤྱིར་ཆོས་ཀྱི་བདག་ཉེར་ལེན་གྱི་ཕུང་པོ་ལྔ་བདེན་པར་གྲུབ་པ་ལ་བྱས་ནས་དེར་འཛིན་པའི་བློ་ཆོས་ཀྱི་བདག་འཛིན་དང་། དེ་སྟོང་པར་རྟོགས་པའི་བློ་ཆོས་ཀྱི་བདག་མེད་རྟོགས་པའི་བློ་ཡིན་པར་འཕགས་པ་ཀླུ་སྒྲུབ་ཡབ་སྲས་བཞེད་ཅིང་། དེའི་ཚེ་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་ཏེ། ཉན་རང་གིས་གདགས་གཞི་ཕུང་པོ་བདེན་མེད་དུ་རྟོགས་པའི་ཕྱིར། རིན་ཆེན་ཕྲེང་བ་དང་འཇུག་བ་རྩ་འགྲེལ་གྱི་ལུང་རིགས་རྣམས་ཀྱིས་འདི་ཙམ་ཞིག་སྒྲུབ་པ་ཡིན་གྱི། ཉན་རང་དང་བྱང་འཕགས་ཀྱི་རྟོགས་པ་ཁྱད་པར་མེད་པ་ནི་ཀླུ་སྒྲུབ་ཡབ་སྲས་ཀྱིས་གསུངས་པ་མ་མཐོང་ངོ་། །ཉན་རང་གི་རྟོགས་པ་དེ་ཙམ་ཞིག་ལ་བྱམས་ཆོས་ཀྱི་གནས་སྐབས་སུའང་འགལ་བ་མེད་དེ། ཉན་རང་གིས་བདེན་མེད་མ་རྟོགས་པའི་ལུང་མངོན་རྟོགས་རྒྱན་གྱི་དབུ་ཞབས་གང་དུ་བཙལ་ཡང་མི་རྙེད་པའི་ཕྱིར་དང་། སོ་སོ་སྐྱེ་བོ་འཕགས་དབྱེ་བས། །ཞེས་པའི་གཞུང་སྒྲ་ཇི་བཞིན་དུ་འཆད་ན་བདེན་མེད་རྟོགས་པར་འགྲུབ་པའི་ཕྱིར། འོན་ཀྱང་ཆོས་ཀྱི་བདག་མེད་རྟོགས་པའི་ཐ་སྙད་ནི་མི་བྱེད་དེ། ཆོས་ཀྱི་བདག་ངོས་འཛིན་ཚུལ་མི་འདྲ་བའི་ཕྱིར། འོ་ན་ཇི་ལྟར་ངོས་གཟུང་ཞེ་ན། བདེན་པར་གཟུང་མ་གཟུང་གང་ཡིན་ཀྱང་རུང་སྟེ། འཁོར་གསུམ་དུ་རྣམ་པར་རྟོག་པའི་བློའི་འཛིན་སྟངས་ཀྱི་གཟུང་བྱར་གྱུར་པའི་མཚན་མའི་སྤྲོས་པ་དེ་ལ་ཆོས་ཀྱི་བདག་དང་། དེ་མེད་པ་ལ་ཆོས་ཀྱི་བདག་མེད་པ་དང་། འཁོར་གསུམ་དུ་རྣམ་པར་རྟོག་པའི་བློ་ལ་ཆོས་ཀྱི་བདག་འཛིན་དང་། འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་བློ་ལ་ཆོས་ཀྱི་བདག་མེད་རྟོགས་པའི་བློར་བྱེད་པ་ནི་མགོན་པོ་བྱམས་པའི་བཞེད་པ་སྟེ། རྒྱུད་བླར། འཁོར་གསུམ་རྣམ་པར་རྟོགས་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་དང་། སྐབས་དང་པོ་དང་ལྔ་པར་ཡང་ཡུལ་ལ་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་བློ་དེ་བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་ཤེས་སྒྲིབ་ཏུ་གསུངས་པའི་ཕྱིར་དང་། སྐབས་གསུམ་པར་ཡང་གཟུགས་སོགས་ཕུང་པོ་སྟོང་ཉིད་ལ་དེར་ཞེན་པའི་བློ་དང་། དུས་གསུམ་པོ་ལ་དེ་དང་དེར་ཞེན་པའི་བློ་དང་། སྦྱིན་སོགས་ལ་སྦྱིན་སོགས་སུ་ཞེན་པའི་བློ་དང་། བྱང་ཆུབ་ཕྱོགས་མཐུན་ལ་ཉམས་ལེན་དུ་ཞེན་པའི་བློ་དང་། དེ་བཞིན་གཤེགས་པ་ལ་སྐྱབས་གནས་སུ་མངོན་པར་ཞེན་པའི་བློ་རྣམས་ཆོས་ཀྱི་བདག་འཛིན་དུ་བྱས་ནས་བྱང་སེམས་ལམ་གྱི་ཐུན་མོང་མིན་པའི་སྤང་བྱར་བཤད་པའི་ཕྱིར། དེ་ལྟ་བུའི་ཆོས་ཀྱི་བདག་མེད་ཉན་རང་གིས་ཅུང་ཟད་ཀྱང་མ་རྟོགས་ཏེ། བྱང་སེམས་ཀྱི་སྦྱོར་མཐོང་སྒོམ་གསུམ་པོ་དེ་དེ་ལྟ་བུའི་ཆོས་ཀྱི་བདག་མེད་རྟོགས་པའི་སྒོ་ནས་ཐེག་དམན་གྱི་ལམ་གསུམ་ཆར་ལས་ཁྱད་པར་དུ་འཕགས་པར་མངོན་རྟོགས་རྒྱན་ལས་ཤིན་ཏུ་གསལ་བར་གསུངས་པའི་ཕྱིར་དང་། མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་། གཉེན་པོ་གཞི་ཤེས་ཀྱི་ཁྱད་པར་ཡང་འདིའི་སྒོ་ནས་འབྱེད་པའི་ཕྱིར་དང་། དེ་ནི་མཚན་མར་དམིགས་སྒོ་ནས། །ཞེས་པ་དང་། ཉི་ཚེ་བ་དང་སྣ་ཚོགས་ཉིད། །ཅེས་སོགས་ཀྱི་གཞུང་རྣམས་ཀྱིས་འདི་ཁོ་ན་སྟོན་པར་སྣང་བའི་ཕྱིར། དེ་ལྟ་བུའི་ཆོས་ཀྱི་བདག་མེད་ཉན་རང་གིས་མ་རྟོགས་པར་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱང་བཞེད་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། ཟབ་མོའི་འཁུ་འཕྲིག་ཅན་འཇིགས་པ། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་དང་། སྡིག་དང་བསོད་ནམས་བྱ་བ་འདས། །ཟབ་མོ་བཀོལ་བའི་དོན་དང་ལྡན། །མུ་སྟེགས་གཞན་དང་རང་ཉིད་ཀྱི། །གནས་མིན་སྐྲག་པས་མ་མྱངས་པས། །ཞེས་དང་། འཇུག་པ་ལས། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་སྟོང་། །ཞེས་པའི་འགྲེལ་པར། དེ་ནི་བྱང་ཆུབ་སེམས་དཔའ་གནས་སྐབས་མ་ཐོབ་པ་དག་གིས་ཤེས་པར་མི་ནུས་སོ་ཞེས་གསུངས་པའི་ཕྱིར་རོ། །ཀླུ་སྒྲུབ་ཀྱིས་ཕུང་པོ་བདེན་མེད་དུ་རྟོགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པར་བྱས་ནས་ཉན་རང་ལ་དེ་ཡོད་པར་བཤད་པ་དང་། བྱམས་པས་མཚན་མེད་རྟོགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པར་བྱས་ནས་ཉན་རང་ལ་དེ་མེད་པར་བཤད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། སྔ་མས་ནི་ཤེར་ཕྱིན་གྱི་མདོ་ལས། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་སོགས་ཐེག་པ་གསུམ་ཆར་གྱི་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་བདེན་མེད་རྟོགས་པའི་ཤེས་རབ་དེ་རིགས་ཚོགས་ལ་སོགས་པས་གཏན་ལ་འབེབས་པར་མཛད་ལ། དེའི་ཚེ་རང་གི་བསྟན་བཅོས་ལ་རིགས་ཅན་གསུམ་ཀ་འཇུག་པར་བྱ་བའི་ཕྱིར་དུ་རྟོགས་པ་མི་འདྲ་བའི་ཁྱད་པར་གསལ་བར་མ་བཤད་པ་ཡིན་ལ། ཕྱི་མས་ནི་ཤེར་ཕྱིན་གྱི་མདོའི་བརྗོད་བྱ་མངོན་པར་རྟོགས་པ་བརྒྱད་དུ་དྲིལ་ནས་ཐེག་ཆེན་ཐུན་མོང་མིན་པའི་ལམ་གྱི་རྣམ་གཞག་འཆད་པ་ཡིན་ལ། དེའི་ཚེ་རང་གིས་བསྟན་བཅོས་ཀྱིས་གདུལ་བྱ་ཐེག་ཆེན་གྱི་ལམ་ཁོ་ན་ལ་འཇུག་པའི་ཕྱིར་དུ་ལམ་རེ་རེའི་སྐབས་སུའང་ཐེག་དམན་ལས་ཁྱད་ཞུགས་པའི་རྟོགས་པ་རེ་རེ་བཤད་པ་ཡིན་ནོ། །མདོར་ན་ཉན་རང་གིས་ཕུང་པོ་བདེན་མེད་དུ་རྟོགས་པ་ནི་བྱམས་པ་དང་། ཀླུ་སྒྲུབ་གཉིས་ཀའང་བཞེད་ཅིང་། མཚན་མེད་དང་། དམིགས་མེད་དང་། སྤྲོས་བྲལ་མ་རྟོགས་པ་ནི་གཉིས་ཀའང་བཞེད་པ་ཡིན་ནོ། །ཐ་སྙད་མི་མཐུན་པ་ཙམ་གྱིས་དགོངས་པ་མི་མཐུན་པར་ནི་མི་འགྱུར་ཏེ། ཐ་སྙད་ནི་དགོས་པའི་དབང་གིས་བཏགས་པ་ཡིན་ལ། དགོས་པའང་བཤད་ཟིན་ཏོ། །གཞན་ལ་སྐྱོན་བརྗོད་པ་འགག་ཞིག་ནི་ཊཱི་ཀ་གཞིར་བཞག་ནས་བྱས་པ་ཡིན་པས་འདི་དང་འགལ་བར་སེམས་པར་མི་བྱ་སྟེ། འདི་ནི་འཇིག་རྟེན་འདི་ན་ཁོ་བོ་འབའ་ཞིག་གི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེ་ནི་མཚན་མར་དམིགས་སྒོ་ནས། །ཞེས་པའི་སྐབས་སུ་ཁ་ཅིག ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། འབྲས་ཡུམ་ལ་རིང་བའི་གཞི་ཤེས་ཡིན་ཏེ། འབྲས་ཡུམ་སྒྲུབ་པའི་ཐབས་ལ་མི་མཁས་པའི་གཞི་ཤེས་ཡིན་པའི་ཕྱིར་ཏེ། གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་གཞི་ཤེས་ཡིན་པའི་ཕྱིར་ཞེ་ན། དེ་ཆོས་ཅན། རང་གི་ངོས་སྐལ་གྱི་གང་ཟག་གི་བདག་འཛིན་གྱི་ས་བོན་དངོས་སུ་སྤོང་མི་ནུས་པར་ཐལ། གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་བློ་ཡིན་པའི་ཕྱིར། འདོད་ན། དེ་དངོས་སུ་སྤོང་བའི་སྒོ་ནས་རང་རྒྱུད་ལྡན་གྱི་གང་ཟག་ཉེར་ཞི་གཉིས་སུ་འཁྲིད་པར་བྱེད་པ་མིན་པར་ཐལ། འདོད་པ་དེའི་ཕྱིར། ཡང་དེ་ཆོས་ཅན། སྒྲ་དོན་འདྲེས་འཛིན་གྱི་རྟོག་པར་ཐལ་བ་དང་། སྒྲུབ་པའི་རྣམ་པ་ཅན་དུ་ཐལ། གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་བློ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར་དང་། གང་ཟག་གི་བདག་མེད་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པའི་མཁྱེན་པ་ཡིན་པའི་ཕྱིར། རང་ལུགས་ནི། ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། མཚན་འཛིན་གྱིས་བཅིངས་པའི་གཞི་ཤེས་ཡིན་ཏེ། མཉམ་གཞག་ཏུ་མཚན་མེད་མ་རྟོགས་པས་རྗེས་ཐོབ་ཏུ་མཚན་འཛིན་གྱི་སྒྲོ་འདོགས་གཅོད་མི་ནུས་པའི་གཞི་ཤེས་ཡིན་པའི་ཕྱིར། མཚན་འཛིན་དང་ལྡན་བཞིན་པ་མིན་ཏེ། འདི་ནི་རྣལ་འབྱོར་མངོན་སུམ་ཡིན་ལ། མཚན་འཛིན་ནི་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཡིན་པའི་ཕྱིར། རྗེས་ཐོབ་ཏུ་མཚན་འཛིན་གྱི་སྒྲོ་འདོགས་གཅོད་མི་ནུས་པའི་དོན་ཡང་། རྗེས་ཐོབ་ཏུ་མཚན་འཛིན་འབྱུང་སྲིད་པ་ཙམ་ལ་བྱེད་པ་ནི་མིན་ཏེ། མ་དག་ས་བདུན་གྱི་རྗེས་ཐོབ་ཏུའང་མཚན་འཛིན་འབྱུང་སྲིད་པའི་ཕྱིར། དེས་ན་ཉན་ཐོས་ཀྱི་གཞི་ཤེས་ནི་མཉམ་གཞག་ཏུ་མཚན་འཛིན་དང་འཛིན་སྟངས་མི་འགལ་བས་རྗེས་ཐོབ་ཏུ་མཚན་མེད་ཀྱི་དོན་ལ་ངེས་ཤེས་འདྲེན་མི་ནུས་ཤིང་། གོམས་པ་མཐར་ཐུག་པའི་ཚེའང་སྤོང་མི་ནུས་པ་ལ་བྱའོ། །དེ་ནི་ཐབས་ལ་མཁས་པ་ཡིས། །ཞེས་པའི་སྐབས་སུ། ཁ་ཅིག ཐེག་ཆེན་མཐོང་ལམ་བར་ཆར་མེད་ལམ་ཆོས་ཅན། འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ཡིན་ཏེ། འབྲས་ཡུམ་སྒྲུབ་པའི་ཐབས་ལ་མཁས་པའི་བྱང་འཕགས་ཀྱི་མངོན་རྟོགས་ཡིན་པའི་ཕྱིར་ཏེ། གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་མཚན་འཛིན་གྱིས་མ་བཅིངས་པའི་བྱང་འཕགས་ཀྱི་མངོན་རྟོགས་ཡིན་པའི་ཕྱིར་ཞེས་ཟེར། གཞན་དག་ན་རེ། ཐེག་ཆེན་སྒོམ་ལམ་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་རྟོགས་པའི་རྟོགས་རིགས་ཆོས་ཅན། སྒྲུབ་བྱེད་དང་པོ་དེར་ཐལ། དེའི་ཕྱིར་ཏེ། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་བྱང་འཕགས་ཀྱི་མཁྱེན་པ་ཡིན་པའི་ཕྱིར། འདོད་ན། གཉེན་པོ་གཞི་ཤེས་སུ་ཐལ། འདོད་པ་དེའི་ཕྱིར། འདོད་ན། གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་མཚན་འཛིན་གྱི་གཉེན་པོའི་རིགས་སུ་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་སུ་ཐལ་ལོ། །ཞེས་པའི་སྐྱོན་བརྗོད་པའང་ཡོད་དོ། །དེ་ནི་ཁྱབ་པར་མེད་དེ། བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་ཆོས་ཅན། ལམ་གསུམ་རང་བཞིན་མེད་པར་རྟོགས་པའི་རྟོགས་རིགས་སུ་ཐལ། ལམ་ཤེས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་སུ་ཐལ་ལོ། །ལུགས་དང་པོའང་མི་འཐད་དེ། བྱང་ཆུབ་སྒྲུབ་པའི་ཐབས་ལ་མཁས་པའི་སྦྱོར་བ་ཡིན་ན་བྱང་ཆུབ་ལ་ཉེ་བའི་སྦྱོར་བ་ཡིན་དགོས་པར་ཐལ། ངག་དོན་ལ་ཁྱབ་པ་ཡོད་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་སྟེ། བྱང་ཆུབ་ལ་ཉེ་བའི་སྦྱོར་བའི་མ་མཐའི་ས་མཚམས་ས་དང་པོ་ནས་འཇོག་པ་དེ་འཐད་པའི་ཕྱིར། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །ཞེས་པའི་སྐབས་སུ། གཞུང་སྤྱིའི་བསྟན་ཚུལ་དང་། སོ་སོའི་ངག་དོན་ལ་དཔྱད་པ་གཉིས། དང་པོ་ནི། གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་མཚན་འཛིན་ནི་མི་མཐུན་ཕྱོགས་སུ་འཇོག་པར་བྱེད་པའི་མི་མཐུན་ཕྱོགས་དེ་ཡིན་པས་དེ་དང་བཅས་པའི་གཞི་ཤེས་ལ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་། དེ་སྤོང་ནུས་པའི་གཞི་ཤེས་ལ་གཉེན་པོ་གཞི་ཤེས་སུ་འཇོག་པ་ཡིན་ཅིང་། དེ་ལའང་། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །ཞེས་པས་གཞིའི་ཆོས་ཉིད་ལ་མཚན་མར་འཛིན་པའི་མཚན་འཛིན་དེ་བསྟན། དུས་གསུམ་རྟོགས་པའི་ཆོས་རྣམས་དང་། །ཞེས་པས་གཞིའི་ཆོས་ཅན་ལ་མཚན་མར་འཛིན་པའི་མཚན་འཛིན་དེ་བསྟན། སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །ཞེས་པས་ལམ་ལ་མཚན་མར་འཛིན་པ་དང་། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་པས་འབྲས་བུ་ལ་མཚན་འཛིན་བསྟན། སྦྱིན་ལ་སོགས་ལ་ངར་འཛིན་མེད། །ཅེས་པས་ལམ་ལ་མཚན་མར་འཛིན་པའི་མཚན་འཛིན་གྱི་གཉེན་པོ་བསྟན། ཆོས་རྣམས་རང་བཞིན་གཅིག་པར་ནི། །ཞེས་སོགས་ཀྱིས་འབྲས་བུ་ལ་མཚན་འཛིན་གྱི་གཉེན་པོ་བསྟན་ནོ། །འོ་ན་གཞི་ལ་མཚན་མར་འཛིན་པའི་མཚན་འཛིན་གྱི་གཉེན་པོ་ཅིའི་ཕྱིར་མི་སྟོན་སྙམ་ན། དེ་ནི་གོང་དུ། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་སོགས་ཀྱི་སྐབས་སུ། གཉེན་པོ་གཞི་ཤེས་ཀྱི་ངོ་བོ་འཆད་པའི་སྐབས་སུ་བསྟན་ཟིན་པ་ལ་དགོངས་སོ། །གཉིས་པ་ནི། གཞུང་དེའི་སྐབས་སུ། ཁ་ཅིག་ན་རེ། གཞི་ལམ་ལ་བདེན་པར་འཛིན་པའི་བདེན་འཛིན་ཆོས་ཅན། གཉེན་པོ་གཞི་ཤེས་ཀྱི་མི་མཐུན་ཕྱོགས་ཡིན་ཏེ། དེའི་སྤང་བྱ་ཡིན་པའི་ཕྱིར་ཞེ་ན། གཞི་ལམ་ལ་མཚན་མར་འཛིན་པའི་མཚན་འཛིན་ཡིན་ན་དེ་ལ་བདེན་པར་འཛིན་པའི་བདེན་འཛིན་ཡིན་དགོས་པར་ཐལ། སྦྱོར་བ་དེ་གཞུང་དེའི་དོན་སྦྱོར་ཡིན་པའི་ཕྱིར། འདོད་ན། བྱང་འཕགས་ཀྱི་རྒྱུད་ལ་གཞི་ལམ་ལ་བདེན་པར་འཛིན་པའི་བདེན་འཛིན་ཡོད་པར་ཐལ། དེའི་རྒྱུད་ལ་དེ་ལ་མཚན་མར་འཛིན་པའི་མཚན་འཛིན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་བདེན་མེད་མངོན་སུམ་དུ་རྟོགས་ཟིན་པའི་ཕྱིར། རྩར་རྟགས་མ་གྲུབ་ན། དེར་ཐལ། དེའི་རྒྱུད་ལ་གཉེན་པོ་གཞི་ཤེས་ཀྱི་སྤང་བྱར་གྱུར་པའི་མཚན་འཛིན་ཡོད་པའི་ཕྱིར། མ་གྲུབ་ན། གཉེན་པོ་གཞི་ཤེས་ཀྱི་དངོས་ཀྱི་སྤང་བྱར་གྱུར་པའི་མཚན་འཛིན་མ་གྲུབ་པར་ཐལ། བྱང་སེམས་འཕགས་པའི་རྒྱུད་ལའང་དེ་མེད། ཐེག་ཆེན་སོ་སོ་སྐྱེ་བོའི་རྒྱུད་ལའང་དེ་མེད། ཐེག་དམན་གྱི་རྒྱུད་ལའང་དེ་མེད་པའི་ཕྱིར། དང་པོ་དངོས། བར་པ་མ་གྲུབ་ན། དེའི་རྒྱུད་ལ་གཉེན་པོ་གཞི་ཤེས་ཡོད་པར་ཐལ། མ་གྲུབ་པ་དེའི་ཕྱིར། དེ་ལ་ཁོ་ན་རེ། དེའི་རྒྱུད་ལ་ཐེག་ཆེན་གྱི་མཐོང་ལམ་ཡོད་པར་ཐལ། དེའི་རྒྱུད་ལ་དེའི་དངོས་ཀྱི་སྤང་བྱར་གྱུར་པའི་མཐོང་སྤངས་ཀྱི་ས་བོན་ཡོད་པའི་ཕྱིར་ཞེ་ན། ཐེག་ཆེན་གྱི་མཐོང་ལམ་དེས་ཐེག་ཆེན་ཚོགས་ལམ་པའི་རྒྱུད་ཀྱི་མཐོང་སྤངས་ཀྱི་ས་བོན་དེ་དངོས་སུ་སྤོང་བར་ཐལ། དེའི་རྒྱུད་ལ་དེའི་དངོས་ཀྱི་སྤང་བྱར་གྱུར་པའི་མཐོང་སྤངས་ཀྱི་ས་བོན་ཡོད་པའི་ཕྱིར། འདོད་ན། ཐེག་ཆེན་སྦྱོར་ལམ་པའི་རྒྱུད་ལ་མཐོང་སྤངས་ཀྱི་ས་བོན་མེད་པར་ཐལ་ལོ། །རྟགས་ཕྱི་ཟུར་མ་གྲུབ་ན། གཉེན་པོ་གཞི་ཤེས་དེས་ཐེག་དམན་གྱི་རྒྱུད་ཀྱི་མཚན་འཛིན་དངོས་སུ་སྤོང་བར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། དེ་འབད་མེད་དུ་གྲོལ་བར་འགྱུར་རོ། །སྦྱིན་ལ་སོགས་ལ་ངར་འཛིན་མེད། །ཅེས་པའི་ལམ་ལ་མཚན་འཛིན་གྱི་གཉེན་པོའི་སྐབས་སུ། ཁ་ཅིག་ན་རེ། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། ལམ་ལ་མཚན་འཛིན་གྱི་དངོས་གཉེན་ཡིན་ཏེ། ལམ་གྱི་གནས་ཚུལ་ལ་ཞུགས་པའི་བློ་གང་ཞིག དེ་དངོས་སུ་སྤོང་བྱེད་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ལམ་ལ་མཚན་འཛིན་གྱི་ས་བོན་གྱི་དངོས་གཉེན་ཡིན་ཏེ། དེ་གང་ཞིག དེ་དངོས་སུ་སྤོང་བྱེད་ཡིན་པའི་ཕྱིར་ཞེ་ན། དང་པོ་ལ། དེ་ཆོས་ཅན། ལམ་ལ་མཚན་འཛིན་ལ་དངོས་སུ་གནོད་པ་བྱེད་པའི་སྒོ་ནས་སྤོང་བར་ཐལ། དེའི་དངོས་གཉེན་ཡིན་པའི་ཕྱིར། འདོད་ན། དེ་མིན་པར་ཐལ། ལམ་ལ་མཚན་འཛིན་འདས་པ་འགགས། མ་འོངས་པ་མ་སྐྱེས། ད་ལྟ་བ་ཁྱོད་དང་མཉམ་དུ་མི་འཇུག་པའི་ཕྱིར། ཕྱི་མ་མ་གྲུབ་ན། ཐེག་ཆེན་གྱི་བར་ཆད་མེད་ལམ་གྱི་དུས་ན་ལམ་ལ་མཚན་འཛིན་ཡོད་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། དེའི་དུས་ན་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཡོད་པར་ཐལ་བ་དང་། མཐོང་སྤང་རྟོག་པ་ཡོད་པར་ཐལ། འདོད་པ་དེའི་ཕྱིར། ཐལ་བ་ཕྱི་མ་ལ་འདོད་ན། མཐོང་སྤང་རྟོག་པ་མ་སྤངས་པའི་གང་ཟག་ཡིན་ན་མཐོང་སྤང་རྟོག་པ་རྒྱུད་ལྡན་ཡིན་དགོས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་ལ་གནས་པའི་གང་ཟག་ཆོས་ཅན། ཉོན་ཡིད་རྒྱུད་ལྡན་གྱི་གང་ཟག་ཏུ་ཐལ། དེ་མ་སྤངས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། ཐེག་དམན་སློབ་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། སུམ་ཅུ་པ་ལས། འཇིག་རྟེན་འདས་པའི་ལམ་ན་མེད། །ཅེས་པ་དང་འགལ་ལོ། །ངག་དོན་གཉིས་པ་ལ། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། ལམ་ལ་མཚན་འཛིན་གྱི་ས་བོན་དེ་ཁྱོད་ཀྱི་ངོས་སྐལ་གྱི་སྤང་བྱ་ཡིན་པར་ཐལ། ཁྱོད་དེའི་དངོས་གཉེན་ཡིན་པའི་ཕྱིར། འདོད་ན། དེའི་ས་བོན་དེ་ཆོས་ཅན། ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་དེས་ཁྱོད་ཟད་པར་སྤངས་པར་ཐལ། ཁྱོད་མཐོང་ལམ་རྩེ་སྦྱོར་གྱི་ངོས་སྐལ་གྱི་སྤང་བྱ་ཡིན་པའི་ཕྱིར། འདོད་ན། མ་དག་ས་བདུན་གྱི་རྗེས་ཐོབ་ཀྱི་གནས་སྐབས་ན་ལམ་ལ་མཚན་འཛིན་མེད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེའི་སྐབས་སུ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུན་མི་ཆད་དུ་ལྡན་པར་ཐལ། འདོད་པ་དེའི་ཕྱིར། འབྲས་བུ་ལ་མཚན་འཛིན་གྱི་སྐབས་སུ་དེ་བཞིན་གཤེགས་པ་ལ་སྐྱབས་གནས་སུ་བདེན་པར་གཟུང་བའི་སྒོ་ནས་ཕྱག་འཚལ་བའི་བློ་ཆོས་ཅན། གཉེན་པོ་གཞི་ཤེས་ཀྱི་མི་མཐུན་ཕྱོགས་ཡིན་ཏེ། དེའི་སྤང་བྱ་ཡིན་པའི་ཕྱིར་ཞེས་ཟེར་ན། འབྲས་བུ་ལ་མཚན་འཛིན་གྱི་བློ་དེ་བདེན་འཛིན་ཡིན་པར་ཐལ། སྦྱོར་བ་དེ་གཞུང་དེའི་དོན་སྦྱོར་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་བྱང་འཕགས་ཀྱི་རྒྱུད་ལ་མེད་པར་ཐལ། ཁྱོད་བདེན་འཛིན་ཡིན་པའི་ཕྱིར། འདོད་ན། མ་དག་ས་བདུན་གྱི་གནས་སྐབས་ན་དེ་མེད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན་སྔར་ལྟར་རོ། །འབྲས་བུ་ལ་མཚན་འཛིན་གྱི་གཉེན་པོའི་སྐབས་སུ། ཁ་ཅིག ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། འབྲས་བུ་ལ་མཚན་འཛིན་གྱི་བློའི་དངོས་གཉེན་ཡིན་ཏེ། འབྲས་བུའི་གནས་ཚུལ་ལ་ཞུགས་པའི་བློ་གང་ཞིག དེ་དངོས་སུ་སྤོང་བྱེད་ཡིན་པའི་ཕྱིར་དང་། ཡང་དེ་ཆོས་ཅན། དེའི་ས་བོན་གྱི་དངོས་གཉེན་ཡིན་ཏེ། དེ་གང་ཞིག དངོས་སུ་སྤོང་བྱེད་ཡིན་པའི་ཕྱིར་ཞེས་ཟེར་ན། ལམ་ལ་མཚན་འཛིན་གྱི་གཉེན་པོའི་སྐབས་སུ་འཕངས་པ་རྣམས་དྲན་པར་བྱ་ཞིང་། ཁྱད་པར་དུ་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། དེ་བཞིན་གཤེགས་པ་ལ་སྐྱབས་གནས་སུ་བདེན་པར་འཛིན་པའི་བློའི་དངོས་གཉེན་དུ་ཐལ། འབྲས་བུ་ལ་མཚན་འཛིན་གྱི་བློའི་དངོས་གཉེན་གང་ཞིག འབྲས་བུ་ལ་མཚན་འཛིན་གྱི་བློ་དེ་དེ་བཞིན་གཤེགས་པ་ལ་སྐྱབས་གནས་སུ་བདེན་པར་འཛིན་པའི་བློ་ཡིན་པའི་ཕྱིར། མ་གྲུབ་ན། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་པའི་སྦྱོར་བ་དེ་འཐད་པ་བུད། འདོད་ན། དེ་མིན་པར་ཐལ། ཐེག་ཆེན་འཕགས་པའི་མཁྱེན་པ་ཡིན་པའི་ཕྱིར། དེ་ལྟར་ཀུན་ཤེས་ཉིད་ལུགས་ལ། །ཞེས་པའི་སྐབས་སུ། ཁ་ཅིག སྐབས་གསུམ་པ་གཞི་ཤེས་འཆད་པའི་སྐབས་འདིར་ཆོས་ཅན། མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེ་མ་ལུས་པ་ཤེས་པར་བྱ་བ་ཡིན་ཏེ། ཐེག་དམན་གྱི་གཞི་ཤེས་མི་མཐུན་ཕྱོགས་ཡིན་པ་དང་། བྱང་སེམས་ཀྱི་གཞི་ཤེས་དེའི་གཉེན་པོ་ཡིན་པའི་ཁྱད་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར། དེ་ལྟ་བུའི་ཁྱད་པར་ཆོས་ཅན། གཞི་ཤེས་འཆད་པའི་སྐབས་འདིར་ཤེས་པར་བྱ་བ་ཡིན་ཏེ། དེར་རྟོགས་པར་བྱ་བ་ཡིན་པའི་ཕྱིར། ཡང་ཁ་ཅིག གཞི་ཤེས་འཆད་པའི་སྐབས་འདིར་ཆོས་ཅན་མི་མཐུན་ཕྱོགས་དང་གཉེན་པོའི་རབ་དབྱེ་མ་ལུས་པ་ཤེས་པར་བྱ་བ་ཡིན་ཏེ། ཐེག་དམན་གྱི་གཞི་ཤེས་དེ་གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་མཚན་འཛིན་གྱིས་བཅིངས་པའི་མི་མཐུན་ཕྱོགས་ཡིན་པ་དང་། བྱང་སེམས་ཀྱི་གཞི་ཤེས་དེའི་གཉེན་པོ་ཡིན་པའི་ཁྱད་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར། དེ་ལྟ་བུའི་ཁྱད་པར་ཆོས་ཅན། སྐབས་གསུམ་པ་གཞི་ཤེས་འཆད་པའི་སྐབས་འདིར་ཤེས་པར་བྱ་བ་ཡིན་ཏེ། དེར་རྟོགས་པར་བྱ་བ་ཡིན་པའི་ཕྱིར་ཞེས་དང་། ཡང་ཁ་ཅིག སྐབས་གསུམ་པར་བསྟན་པའི་མི་མཐུན་ཕྱོགས་ཀྱི་རྟེན་གྱི་གང་ཟག་ཡིན་ན་ཐེག་དམན་ཡིན་དགོས་ཏེ། འགྲེལ་པ་དོན་གསལ་ལས། ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་སུ་དེ་ལྟར་བཤད་པའི་ཚུལ་གྱིས་གོ་རིམ་བཞིན་དུ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་མི་མཐུན་ཕྱོགས་དང་། གཉེན་པོའི་རབ་ཏུ་དབྱེ་བ་ཤེས་པར་བྱའོ་ཞེས་གསུངས་པའི་ཕྱིར་ཞེས་ཟེར། དང་པོ་གཉིས་ལ་ཐེག་དམན་གྱི་གཞི་ཤེས་ཆོས་ཅན། མཚན་འཛིན་དུ་ཐལ། གཞི་ཤེས་འཆད་པའི་སྐབས་ནས་བསྟན་པའི་མི་མཐུན་ཕྱོགས་ཡིན་པའི་ཕྱིར། འདོད་ན། སྒྲ་དོན་འདྲེས་འཛིན་གྱི་རྟོག་པར་ཐལ་བ་དང་། རྣལ་འབྱོར་མངོན་སུམ་མིན་པར་ཐལ་ལོ། །བར་པ་གཉིས་ལ། ཐེག་དམན་གྱི་རྒྱུད་ཀྱི་གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་མཚན་འཛིན་གྱི་བློ་དེ་གཉེན་པོ་གཞི་ཤེས་ཀྱི་དངོས་ཀྱི་སྤང་བྱར་ཐལ། སྦྱོར་བ་དེ་གཞུང་དེའི་དོན་སྦྱོར་ཡིན་པའི་ཕྱིར། འདོད་ན། ཐེག་དམན་འབད་མེད་དུ་གྲོལ་བར་ཐལ་ལོ། །གསུམ་པ་ལ། བདག་ལྟའི་རྟེན་གྱི་གང་ཟག་ཡིན་ན་ཕྱི་རོལ་མུ་སྟེགས་བྱེད་ཡིན་དགོས་པར་ཐལ། རྒྱུད་བླ་ལས། ཆོས་ལ་ཁོང་ཁྲོ་བདག་ལྟ་དང་། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང་། །སེམས་ཅན་དོན་ལ་ལྟོས་མེད་ཉིད། །འདོད་ཆེན་མུ་སྟེགས་ཉན་ཐོས་དང་། །རང་བྱུང་རྣམས་ཀྱི་སྒྲིབ་རྣམ་བཞི། །ཞེས་བཤད་པའི་ཕྱིར། ཡང་གཞི་ཤེས་ཀྱི་རྟེན་གྱི་གང་ཟག་ཡིན་ན་ཐེག་དམན་ཡིན་དགོས་པར་ཐལ། ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཁྱབ་པ་ཁས། རང་ལུགས་ནི། གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་མཚན་འཛིན་མི་མཐུན་ཕྱོགས་ཡིན་པ་དང་། གཞི་ལམ་འབྲས་གསུམ་སྤྲོས་བྲལ་དུ་རྟོགས་པའི་ཤེས་རབ་གཉེན་པོ་ཡིན་པའི་ཁྱད་པར་དེ་ཆོས་ཅན། སྐབས་གསུམ་པ་གཞི་ཤེས་འཆད་པའི་སྐབས་འདིར་ཤེས་པར་བྱ་བ་ཡིན་ཏེ། དེར་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །གཟུགས་སོགས་དེ་མི་རྟག་སོགས་དང་། །ཞེས་པའི་སྐབས་སུ་གཞི་ཤེས་སྦྱོར་བའི་མཚན་ཉིད་ལ་དཔྱད། ས་མཚམས་ལ་དཔྱད་པ་གཉིས། དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག གཞི་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་མཚུངས་ལྡན་དང་བཅས་པ་ཞེས་དང་། གཞི་རང་བཞིན་མེད་པར་རྟོགས་ནས་སྒོམ་པའི་ཤེས་རབ་མཚུངས་ལྡན་དང་བཅས་པ་ཞེས་དང་། ཡང་མཚན་ཉིད་ཕྱི་མ་སྐབས་གསུམ་པར་བསྟན་པའི་གཞི་ཤེས་སྦྱོར་བའི་མཚན་ཉིད་ཡིན་ཞེས་ཟེར། དང་པོ་ལ་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། གཉིས་པ་ལ། ཉན་ཐོས་ཀྱི་སྦྱོར་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། ཉན་ཐོས་ཀྱི་མཐོང་ལམ་དེ་གཞི་ཤེས་ཡིན་པའི་ཕྱིར། གསུམ་པ་ལ། ཉན་ཐོས་ཀྱི་གཞི་ཤེས་སྦྱོར་བ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། དེའི་སྐབས་ནས་ཤུགས་ལ་བསྟན་པའི་གཞི་ཤེས་སྦྱོར་བ་ཡིན་པའི་ཕྱིར་ཏེ། ཉན་ཐོས་ཀྱི་གཞི་ཤེས་དེ། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་པའི་སྐབས་ནས་ཤུགས་ལ་བསྟན་པའི་གཞི་ཤེས་ཡིན་པའི་ཕྱིར། གཉིས་པ་ནི། གཞི་ལམ་འབྲས་གསུམ་སྤྲོས་བྲལ་དུ་རྟོགས་ནས་སྒོམ་པའི་ཐབས་ཤེས་ཟུང་འཇུག་གི་རྣལ་འབྱོར་དེ་སྐབས་འདིར་དངོས་སུ་བསྟན་པའི་གཞི་ཤེས་སྦྱོར་བའི་མཚན་ཉིད་ཡིན་ནོ། །གཉིས་པ་ལ་དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། གཞི་ཤེས་སྦྱོར་བ་དེ་ས་དང་པོ་མན་ཆད་དུ་བསྒོམ་པར་བྱ་བ་ཡིན་ཏེ། དེ་ཐེག་དམན་གྱི་ས་ལས་འདའ་བའི་ཕྱིར་དུ་བསྒོམ་པར་བྱ་བ་ཡིན་པ་གང་ཞིག དེ་ལས་འདའ་བ་དེ་ས་དང་པོ་ནས་ཐོབ་པའི་ཕྱིར། ས་དང་པོ་ཡན་ཆད་དུ་མི་སྒོམ་སྟེ། དེར་ཐེག་དམན་གྱི་ས་ལས་འདས་ཟིན་པའི་ཕྱིར་ཏེ། དེར་གང་ཟག་གི་བདག་མེད་རྟོགས་ཟིན་རྒྱུན་ལྡན་དུ་བསྒོམ་པར་མི་བྱེད་པའི་ཕྱིར་ཟེར། ཁ་ཅིག་ན་རེ། དེ་ཐེག་ཆེན་གྱི་སྦྱོར་ལམ་ཁོ་ནར་བསྒོམ་པར་བྱ་བ་ཡིན་ཏེ། དེ་དག་རྣམ་པར་བསྒོམ་པའི་སྦྱོར་བ་གང་ཞེ་ན། སྦྱོར་བའི་ལམ་ནི་ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །དང་པོ་ལ་གཞི་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་དེ་ས་དང་པོ་མན་ཆད་དུ་བསྒོམ་པར་བྱ་བ་ཡིན་པར་ཐལ། དེ་ཐེག་དམན་གྱི་ས་ལས་འདའ་བའི་ཕྱིར་དུ་བསྒོམ་པར་བྱ་བ་ཡིན་པ་གང་ཞིག དེ་ལས་འདའ་བ་དེ་ས་དང་པོ་ནས་ཐོབ་པའི་ཕྱིར། ཁྱབ་པ་ཁས། རྟགས་དང་པོ་མ་གྲུབ་ན། གཞི་ཤེས་སྦྱོར་བ་དེ་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་སུ་ཐལ། དེ་ཐེག་དམན་གྱི་ས་ལས་འདའ་བའི་ཕྱིར་དུ་བསྒོམ་པར་བྱ་བ་ཡིན་པ་གང་ཞིག མ་གྲུབ་པ་དེའི་ཕྱིར། འདོད་ན། གཞི་ལམ་འབྲས་གསུམ་ལ་མཚན་མར་འཛིན་པའི་མཚན་འཛིན་དེ་གང་ཟག་གི་བདག་འཛིན་དུ་ཐལ། འདོད་པ་དེའི་ཕྱིར། འདོད་ན། ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་གཞི་ཤེས་དེས་དེ་སྤང་བར་ཐལ་ལོ། །ཡང་ས་དང་པོ་ཡན་ཆད་དུ། སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་པའི་སྐབས་ཀྱི་མི་མཐུན་ཕྱོགས་དེ་མེད་པར་ཐལ། དེ་ཡན་ཆད་དུ་གཞི་ཤེས་སྦྱོར་བ་མེད་པའི་ཕྱིར། ཁྱབ་སྟེ། མི་མཐུན་ཕྱོགས་འཆད་པའི་སྐབས་སུ། སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་དང་། གཉེན་པོ་འཆད་པའི་སྐབས་སུ། སྤྱོད་པ་བཀག་པའི་སྦྱོར་བ་ཞེས་བཤད་པའི་ཕྱིར། གཉིས་པ་ལ། ཐེག་ཆེན་གྱི་སྒོམ་སྤང་འཇུག་པ་གཟུང་རྟོག་གི་གཉེན་པོར་གྱུར་པའི་ཐེག་ཆེན་གྱི་སྒོམ་ལམ་གྱི་སྦྱོར་བ་ཉེར་བསྡོགས་ཀྱི་ལམ་དེ་ཐེག་ཆེན་གྱི་སྦྱོར་ལམ་ཁོ་ནར་བསྒོམ་པར་བྱ་བ་ཡིན་པར་ཐལ། དེ་ལ་སྦྱོར་བའི་ལམ་གྱི་ཐ་སྙད་གསུངས་པའི་ཕྱིར། ཐེག་ཆེན་གྱི་གདམས་ངག་དེ་ཐེག་ཆེན་གྱི་ཚོགས་ལམ་ཁོ་ནར་ཉན་པར་ཐལ། དོན་གསལ་ལས། ལས་དང་པོ་པ་དེ་ལྟར་གདམས་ངག་ཐོབ་པ་ལ་ངེས་པར་འབྱེད་པའི་ཡན་ལག་འབྱུང་བས་ངེས་པར་འབྱེད་པའི་ཡན་ལག་ཞེས་གསུངས་པའི་ཕྱིར། གཉིས་ཆར་གྱི་ཁྱབ་པ་ཁས། གཉིས་པ་ནི། སྤྱིར་གཞི་ཤེས་སྦྱོར་བ་ཙམ་ནི་རྒྱུན་མཐའི་བར་ན་ཡོད་དེ། རྒྱུན་མཐའི་བར་དུ་གཞིའི་ཆོས་ལ་མངོན་ཞེན་གྱི་བག་ལ་ཉལ་ཡོད་པའི་ཕྱིར། མཚན་འཛིན་རགས་པའི་གཉེན་པོ་ནི་ས་བདུན་པའི་བར་དུ་སྒོམ་དགོས་ཏེ། ས་བདུན་པ་མན་ཆད་དུ་མཚན་འཛིན་མངོན་གྱུར་པ་འབྱུང་སྲིད་པའི་ཕྱིར། དེ་མ་རྫོགས་དང་རབ་རྫོགས་དང་། །ཞེས་པའི་སྐབས་སུ། མཚན་ཉིད་གསུམ་གྱི་མཚན་ཉིད་རིམ་བཞིན། དོན་ལ་མེད་བཞིན་དུ་རྟོགས་པས་སྒྲོ་བཏགས་པའི་ཆོས་དང་། རང་གི་རྒྱུ་རྐྱེན་གཞན་གྱི་དབང་གིས་བྱུང་བའི་རྟེན་འབྲེལ་དང་། མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མས་རྙེད་པའི་རྙེད་དོན་གང་ཞིག ཡུལ་གྱི་གནས་ལུགས་མཐར་ཐུག་པ་ཞེས་ཟེར་རོ། །དང་པོ་ལ་དངོས་པོ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། གཞི་གྲུབ་པའི་ཕྱིར། རྩ་བར་འདོད་ན། མིན་པར་ཐལ། གཞན་དབང་ཡིན་པའི་ཕྱིར། གཉིས་པ་ལ། ངོ་བོ་ཉིད་སྐུ་ཆོས་ཅན། གཞན་དབང་དུ་ཐལ། མཚན་ཉིད་དེའི་ཕྱིར་ཏེ། རང་གི་རྒྱུ་རྐྱེན་སྦྱོར་བཞི་སྒོམ་པ་ལས་བྱུང་བའི་རྟེན་འབྲེལ་ཡིན་པའི་ཕྱིར། རྩ་བར་འདོད་ན། མིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། གསུམ་པ་ལ་བུམ་པའི་ཆོས་ཉིད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་མིན་པར་ཐལ། མཐར་ཐུག་དཔྱོད་པའི་རིགས་ཤེས་ཚད་མས་མ་རྙེད་པའི་ཕྱིར་ཏེ། དེའི་ངོ་བོ་མ་གྲུབ་པའི་ཕྱིར། འདི་དག་ནི་གཞན་དུ་འཆད་པར་འདོད་པས་འདིར་མ་སྤྲོས་སོ། །སྡུག་བསྔལ་ལ་སོགས་བདེན་པ་ལ། །ཞེས་པའི་སྐབས་སུ། ཐེག་ཆེན་གྱི་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཆོས་ཅན། གཞི་ཤེས་འཆད་པའི་སྐབས་ནས་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་ཡིན་ཏེ། སྒྲོ་འདོགས་སོ་གཉིས་དང་བྲལ་བའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར་བྱས་པ་ལ། ཁ་ཅིག་ན་རེ། དེ་ཆོས་ཅན། གཟུགས་སོགས་མི་རྟག་པར་སྒོམ་པར་ཐལ། གཟུགས་སོགས་རྟག་པ་བཀག་ནས་སྒོམ་པའི་ཕྱིར། འདོད་ན། སྒྲོ་འདོགས་སོ་གཉིས་དང་བྲལ་བ་མིན་པར་ཐལ་ལོ་ཟེར་ན། དེ་ཆོས་ཅན། ཆད་མཐའ་སྒོམ་པར་ཐལ། རྟག་པའི་མཐའ་བཀག་ནས་སྒོམ་པའི་ཕྱིར། གཞན་ཡང་མཐའ་བཞིའི་སྤྲོས་པ་དང་བྲལ་བའི་སྤྲོས་བྲལ་མངོན་སུམ་རྟོགས་པའི་ཡེ་ཤེས་ཆོས་ཅན། བདེན་འཛིན་སྒོམ་པར་ཐལ། ཡོད་འཛིན་བཀག་ནས་སྒོམ་པའི་ཕྱིར། ཁོ་ན་རེ། དེ་ཆོས་ཅན། ཁྱོད་ལ་རྟོགས་རིགས་གསུམ་མ་ཚང་བར་ཐལ། ཁྱོད་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་ཅན་མིན་པའི་ཕྱིར་ཞེ་ན། བདག་མེད་གསུམ་མངོན་སུམ་རྟོགས་པའི་ཡེ་ཤེས་ཡིན་ན་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་ཅན་ཡིན་དགོས་པར་ཐལ། རྟོགས་རིགས་གསུམ་དང་ལྡན་པའི་མཁྱེན་པ་ཡིན་ན་དེ་ཡིན་དགོས་པའི་ཕྱིར། འདོད་ན། ས་བརྒྱད་པའི་བྱང་སེམས་ཀྱི་རྒྱུད་ཀྱི་སྤྲོས་པ་མཐའ་དག་བཀག་པའི་འགོག་པའི་སྙོམས་འཇུག་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། གང་ཟག་གི་བདག་མེད་ཀྱང་མངོན་སུམ་རྟོགས། གཟུང་བ་ཆོས་ཀྱི་བདག་མེད་ཀྱང་མངོན་སུམ་རྟོགས། འཛིན་པ་ཆོས་ཀྱི་བདག་མེད་ཀྱང་མངོན་སུམ་རྟོགས་པའི་ཕྱིར་ཏེ། གང་ཟག་སོགས་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར། རྩ་བར་འདོད་ན། མི་ནུས་ཏེ། ཆོས་ཅན་ཡིན་པའི་ཕྱིར་རོ། །ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔས། ཞེས་པའི་སྐབས་སུ། དགག་གཞག་སྤང་གསུམ་ལས། དང་པོ་ནི། བུ་སྟོན་སོགས་ན་རེ། སྐབས་གསུམ་པ་གཞི་ཤེས་འཆད་པའི་སྐབས་འདིར་ཉན་ཐོས་ཀྱི་མཐོང་ལམ་དངོས་སུ་བསྟན་དགོས་ཏེ། བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ལམ་ཤེས་པར་བྱ་དགོས་པའི་ཕྱིར། འདིར་ཉན་ཐོས་ཀྱི་སྒོམ་ལམ་དངོས་སུ་བསྟན་མི་དགོས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉན་ཐོས་ཀྱི་ལམ་རྣམ་པར་སྒོམ་པའི་འབྲས་བུ་མངོན་དུ་མི་བྱེད་པའི་ཕྱིར་ཞེས་དང་། རེད་མདའ་བ་སོགས་ན་རེ། སྐབས་གཉིས་པར་མཐོང་ལམ་བསྟན་པའི་རྗེས་སུ་སྒོམ་ལམ་བསྟན་པ་ལྟར་སྐབས་གསུམ་པར་ཡང་མཐོང་ལམ་བསྟན་པའི་རྗེས་སུ་སྒོམ་ལམ་ཅིའི་ཕྱིར་མི་སྟོན་ཞེ་ན། སྐབས་གསུམ་པར་ཐེག་ཆེན་གྱི་མཐོང་ལམ་བསྟན་པའི་རྗེས་སུ་ཐེག་ཆེན་གྱི་སྒོམ་ལམ་སྟོན་མི་དགོས་ཏེ། སྐབས་གཉིས་པར་བསྟན་ཟིན་པའི་ཕྱིར། ཡང་གཞི་ཤེས་འཆད་པའི་སྐབས་འདིར་ཐེག་ཆེན་གྱི་མཐོང་ལམ་དངོས་སུ་བསྟན་པའི་རྗེས་སུ་ཐེག་དམན་གྱི་སྒོམ་ལམ་ཤུགས་ལ་བསྟན་པའི་ཆེད་དུ་ཐེག་ཆེན་གྱི་སྒོམ་ལམ་དངོས་སུ་བསྟན་མི་དགོས་ཏེ། བྱང་ཆུབ་སེམས་དཔས་ཐེག་དམན་གྱི་ལམ་རྣམ་པར་སྒོམ་པའི་འབྲས་བུ་མངོན་དུ་མི་བྱེད་པའི་ཕྱིར། སྐབས་འདིར་ཐེག་དམན་གྱི་མཐོང་ལམ་ཤུགས་ལ་བསྟན་པའི་ཆེད་དུ་ཐེག་ཆེན་གྱི་མཐོང་ལམ་དངོས་སུ་བསྟན་དགོས་ཏེ། བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ལམ་ཤེས་པར་བྱ་དགོས་པའི་ཕྱིར་ཞེས་ཟེར་རོ། །དང་པོ་ལ། སྐབས་གསུམ་པ་འདིར་ཉན་ཐོས་ཀྱི་མཐོང་ལམ་དངོས་སུ་བསྟན། དེའི་སྒོམ་ལམ་དངོས་སུ་མ་བསྟན་པའི་ཁྱད་པར་མི་འཐད་པར་ཐལ། མི་མཐུན་ཕྱོགས་ཀྱི་གཞི་ཤེས་འཆད་པའི་སྐབས་སུ་གཉིས་ཀའང་དངོས་སུ་བསྟན་པར་མཚུངས། ཉན་ཐོས་ཀྱི་མཐོང་སྒོམ་རང་གི་ལྡོག་པ་ནས་གཉིས་ཀའང་དངོས་སུ་མ་བསྟན་པར་མཚུངས་པའི་ཕྱིར། ཡང་བྱང་ཆུབ་སེམས་དཔའ་ལ་ཉན་ཐོས་ཀྱི་སྒོམ་ལམ་བསྟན་མི་དགོས་པར་ཐལ། སྐབས་གསུམ་པ་འདིར་དེ་ལ་དེ་བསྟན་མི་དགོས་པའི་ཕྱིར། འདོད་ན། དེ་དགོས་པར་ཐལ། དེ་ལ་ཐེག་པ་གསུམ་གྱི་ལམ་ཐམས་ཅད་བསྟན་དགོས་པའི་ཕྱིར་ཏེ། དེས་ཐེག་པ་གསུམ་གྱི་ལམ་ཐམས་ཅད་ཤེས་པར་བྱ་དགོས་པའི་ཕྱིར། ཡང་སྐབས་གསུམ་པར་སྒོམ་ལམ་མི་སྟོན་ཞེས་པའི་སྒོམ་ལམ་གྱི་ཟླས་དྲངས་པའི་མཐོང་ལམ་དེ་ཉན་ཐོས་ཀྱི་མཐོང་ལམ་ཡིན་པར་ཐལ། སྦྱོར་བ་དེ་གཉིས་གཞུང་དེའི་དོན་སྦྱོར་ཡིན་པའི་ཕྱིར། འདོད་ན། ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་མཐོང་ལམ་དུ་ཐལ། དེའི་ཟླས་དྲངས་པའི་མཐོང་ལམ་ཡིན་པའི་ཕྱིར། གཉིས་པ་ལ། བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ལམ་རྣམ་པར་སྒོམ་པའི་འབྲས་བུ་མངོན་དུ་མི་བྱེད་པ་དེ་སྐབས་གསུམ་པ་འདིར་ཐེག་ཆེན་གྱི་སྒོམ་ལམ་དངོས་སུ་མི་སྟོན་པའི་རྒྱུ་མཚན་ཡིན་ནམ། ཐེག་དམན་གྱི་སྒོམ་ལམ་ཤུགས་ལ་མི་སྟོན་པའི་རྒྱུ་མཚན་ཡིན། དང་པོ་ལྟར་ན། ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། བྱང་ཆུབ་སེམས་དཔས་ཁྱོད་རྣམ་པར་སྒོམ་པའི་འབྲས་བུ་མངོན་སུམ་མི་བྱེད་པར་ཐལ། བྱང་ཆུབ་སེམས་དཔས་ཐེག་དམན་གྱི་ལམ་རྣམ་པར་སྒོམ་པའི་འབྲས་བུ་མངོན་སུམ་མི་བྱེད་པ་དེ་སྐབས་གསུམ་པ་འདིར་ཁྱོད་དངོས་སུ་མི་སྟོན་པའི་རྒྱུ་མཚན་ཡང་དག་ཡིན་པའི་ཕྱིར། གཉིས་པ་ལྟར་ན། བྱང་ཆུབ་སེམས་དཔས་ཐེག་དམན་གྱི་ལམ་ཤེས་པར་བྱ་བ་དེ་སྐབས་འདིར་ཐེག་དམན་གྱི་མཐོང་ལམ་ཤུགས་ལ་སྟོན་པའི་རྒྱུ་མཚན་རྣམ་དག་ཏུ་ཐལ། ཁས་བླངས་དེའི་ཕྱིར། འདོད་ན། བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ལམ་ཤེས་པར་བྱ་བ་དེ་སྐབས་འདིར་ཉན་ཐོས་ཀྱི་མཐོང་ལམ་སྟོན་པའི་རྒྱུ་མཚན་ཡང་དག་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། ཉན་ཐོས་ཀྱི་མཐོང་ལམ་ཆོས་ཅན། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་མཐོང་ལམ་དུ་ཐལ། བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ལམ་ཤེས་པར་བྱ་བ་དེ་སྐབས་འདིར་ཁྱོད་སྟོན་པའི་རྒྱུ་མཚན་ཡང་དག་ཡིན་པའི་ཕྱིར། ཡང་བྱང་ཆུབ་སེམས་དཔས་ཉན་ཐོས་ཀྱི་ལམ་ཤེས་པར་བྱ་བ་དེ་སྐབས་འདིར་ཉན་ཐོས་ཀྱི་མཐོང་ལམ་སྟོན་པའི་རྒྱུ་མཚན་ཡང་དག་མིན་པར་ཐལ། དེ་སྐབས་འདིར་ཐེག་ཆེན་གྱི་མཐོང་ལམ་སྟོན་པའི་རྒྱུ་མཚན་ཡང་དག་ཡིན་པའི་ཕྱིར། རྟགས་ཁས་བླངས་ཏེ། དེ་སྐབས་འདིར་ཐེག་དམན་གྱི་མཐོང་ལམ་ཤུགས་ལ་བསྟན་པའི་ཆེད་དུ་ཐེག་ཆེན་གྱི་མཐོང་ལམ་དངོས་སུ་སྟོན་པའི་རྒྱུ་མཚན་ཡང་དག་ཡིན་པའི་ཕྱིར། གཉིས་པ་ནི། ལམ་ཤེས་འཆད་པའི་སྐབས་སུ་ཐེག་ཆེན་གྱི་མཐོང་ལམ་བསྟན་ནས། ཐེག་ཆེན་གྱི་སྒོམ་ལམ་བསྟན་པ་ལྟར་གཞི་ཤེས་འཆད་པའི་སྐབས་སུའང་དེ་ལྟར་དུ་ཅིའི་ཕྱིར་མི་སྟོན་ཞེ་ན། སྤྱིར་རྟོགས་རིགས་ལ་ཐེག་ཆེན་གྱི་རྟོགས་རིགས་དང་། ཐེག་དམན་གྱི་རྟོགས་རིགས་གཉིས་ཡོད་པ་ལས། སྐབས་གསུམ་པ་འདིར་ཐེག་ཆེན་གྱི་རྟོགས་རིགས་རྒྱུན་ལྡན་དུ་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་དངོས་སུ་བསྟན་མི་དགོས་ཏེ། དེ་སྐབས་གཉིས་པར་བསྟན་ཟིན་ཅིང་། འདིར་ཡང་བསྟན་པ་ལ་དགོས་པ་ལྷག་པོ་མི་སྣང་བའི་ཕྱིར་དང་། སྐབས་འདིར་ཐེག་དམན་གྱི་རྟོགས་རིགས་རྒྱུན་ལྡན་དུ་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་དངོས་སུ་བསྟན་མི་དགོས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐེག་དམན་གྱི་ལམ་གྱི་རྟོགས་རིགས་མངོན་སུམ་རྟོགས་ཟིན་རྒྱུན་ལྡན་དུ་གོམས་པར་མི་བྱེད་པའི་ཕྱིར་ཏེ། དེས་དེ་སྒོམ་པའི་འབྲས་བུ་མངོན་སུམ་མི་བྱེད་པའི་ཕྱིར། སྐབས་འདིར་ཐེག་དམན་གྱི་རྟོགས་རིགས་མངོན་སུམ་མཐོང་བའི་ཐེག་ཆེན་གྱི་མཐོང་ལམ་དངོས་སུ་སྟོན་དགོས་ཏེ། བྱང་ཆུབ་སེམས་དཔས་ཐེག་དམན་གྱི་ལམ་ཤེས་པར་བྱ་དགོས་པའི་ཕྱིར། མདོར་ན་འདིར་མཐོང་ལམ་གྱི་རྗེས་སུ་སྒོམ་ལམ་དངོས་སུ་མི་སྟོན་པའི་རྒྱུ་མཚན་བཤད་པ་ཡིན་ལ། དེ་བསྟན་ན་ཐེག་དམན་གྱི་རྟོགས་རིགས་རྒྱུན་ལྡན་དུ་གོམས་པར་བྱེད་པའི་ཐེག་ཆེན་གྱི་སྒོམ་ལམ་བསྟན་དགོས་པ་ལས་དེ་ནི་གཞི་མ་གྲུབ་པ་ཁོ་ནའོ། །འོ་ན་དངོས་བསྟན་གྱི་མཐོང་ལམ་དེའང་ཐེག་དམན་གྱི་རྟོགས་རིགས་མངོན་སུམ་མཐོང་བའི་ཐེག་ཆེན་གྱི་མཐོང་ལམ་ཡིན་པར་འགྱུར་རོ་ཞེ་ན། ཤིན་ཏུ་འདོད་དེ། རྟག་སོགས་ཀྱི་སྒྲོ་འདོགས་བཅུ་དྲུག་དང་བྲལ་བ་ནི་ཉན་ཐོས་ཀྱི་རྟོགས་རིགས་ཡིན་ལ། མི་རྟག་ལ་སོགས་བཅུ་དྲུག་དང་བྲལ་བ་ནི་མི་དམིགས་པའི་ཤེས་རབ་སྟེ། རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་པ་དང་དོན་གཅིག་གོ །འོ་ན་དེ་སྐབས་གཉིས་པར་བསྟན་ཟིན་པས་འདིར་བསྟན་མི་དགོས་སྙམ་ན། དེར་བསྟན་པ་ནི་བྱང་སེམས་ཀྱིས་ཤེས་པར་བྱ་དགོས་སོ་ཞེས་ཤེས་པའི་ཆེད་ཡིན་ལ། འདིར་མཐོང་ལམ་གྱི་ལྡོག་པ་ནས་བསྟན་པ་ནི་ཤེས་མཐོང་གིས་བལྟས་ནས་རྟོགས་རིགས་དེ་ལས་འདའ་བར་བྱེད་ཅེས་པའི་དོན་ཏེ། ནུས་པ་ཤིན་ཏུ་ཐོན་ནོ། །གསུམ་པ་ནི། ཁ་ཅིག་ན་རེ། སྡུག་བསྔལ་ལ་སོགས་བདེན་པ་ལ། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་མཐོང་ལམ་ཆོས་ཅན། ཐེག་དམན་གྱི་རྟོགས་རིགས་མངོན་སུམ་དུ་མཐོང་བའི་མཐོང་ལམ་མ་ཡིན་པར་ཐལ། སྒྲོ་འདོགས་སོ་གཉིས་དང་བྲལ་བའི་མཐོང་ལམ་ཡིན་པའི་ཕྱིར་ཞེ་ན། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར་རོ། །ཡུམ་དོན་རབ་གསལ་ལས་སྐབས་གསུམ་པའི་དཀའ་བའི་གནས་རྣམ་པར་བཤད་པའོ།། །།


previousསྐབས་གསུམ་པ་གཞི་ཤེས་ཀྱི་དཀའ་བའི་གནས་རྣམ་པར་བཤད་པ།next