Nitartha Digital Library
Tibetan
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ།


  collapse section
   
   
   
   
   
སྐབས་ལྔ་པ་རྩེ་མོའི་སྦྱོར་བའི་དཀའ་བའི་གནས་རྣམ་པར་བཤད་པ།
   
   
   


 
previousསྐབས་ལྔ་པ་རྩེ་མོའི་སྦྱོར་བའི་དཀའ་བའི་གནས་རྣམ་པར་བཤད་པ།next

སྐབས་ལྔ་པ་རྩེ་མོའི་སྦྱོར་བའི་དཀའ་བའི་གནས་རྣམ་པར་བཤད་པ།

རྣམ་ཀུན་རྫོགས་པ་རབ་མཐར་ཕྱིན་པ་ཡིས། །གཟུང་འཛིན་རྟོགས་པའི་དྲྭ་བ་ཀུན་བསལ་ནས། །བསོད་ནམས་མང་ལྡན་བར་མེད་ཏིང་འཛིན་གྱིས། །རྣམ་མཁྱེན་སྐྱེད་པའི་རྒྱལ་ཡུམ་དེ་ལ་འདུད། །རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཐོབ་པ་ལ་རབ་ཀྱི་མཐར། ཞེས་པའི་སྐབས་སུ། ངག་དོན་ལ་དཔྱད་པ་དང་། རྩེ་སྦྱོར་གྱི་མཚན་ཉིད་ལ་དཔྱད་པ་གཉིས་ལས། དང་པོ་ནི། བྱམས་མགོན་ཆོས་ཅན། རྣམ་རྫོགས་སྦྱོར་བའི་འོག་ཏུ་རྩེ་སྦྱོར་འཆད་པ་ལ་རྒྱུ་མཚན་ཡོད་དེ། ཚོགས་ལམ་གྱི་རྣམ་རྫོགས་སྦྱོར་བ་ལས་སྦྱོར་ལམ་གྱི་རྩེ་སྦྱོར་འབྱུང་བ་ཡིན་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ། རྩེ་སྦྱོར་གྱི་འོག་ཏུ་རྣམ་རྫོགས་སྦྱོར་བ་འཆད་པ་ལ་རྒྱུ་མཚན་ཡོད་པར་ཐལ། སྦྱོར་ལམ་གྱི་རྩེ་སྦྱོར་ལས་མཐོང་ལམ་གྱི་རྣམ་རྫོགས་སྦྱོར་བ་འབྱུང་བའི་ཕྱིར། འདོད་ན། མངོན་པར་རྟོགས་པ་བརྒྱད་ཀྱི་རིམ་པ་དེ་གོ་རིམ་འཆོལ་བའི་སྐྱོན་ཅན་དུ་ཐལ་ལོ་ཞེ་ན། དེའི་ལན་ནི་རྣམ་རྫོགས་སྦྱོར་བའི་སྐབས་ལྟར་ཤེས་པར་བྱའོ། །གཉིས་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ནི། ཁ་ཅིག་ན་རེ། མཁྱེན་གསུམ་བསྡུས་སྒོམ་ཚོགས་ལམ་ལས་རབ་ཏུ་གྱུར་པ་ཞེས་འཇོག་གི མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་ཞེས་མི་འཇོག་སྟེ། གལ་ཏེ་འཇོག་ན། ཐེག་ཆེན་གྱི་ཚོགས་ལམ་ཆེན་པོ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། མཁྱེན་གསུམ་བསྡུས་སྒོམ་ཐེག་ཆེན་གྱི་ཚོགས་ལམ་འབྲིང་པོ་ལས་རབ་ཏུ་གྱུར་པ་ཡིན་པའི་ཕྱིར་ཞེ་ན། དེ་ཆོས་ཅན། མཚོན་བྱ་དེར་ཐལ། ཁོ་རང་གི་མཚན་ཉིད་དེའི་ཕྱིར་ཏེ། མཁྱེན་གསུམ་བསྡུས་སྒོམ་ཐེག་དམན་གྱི་ཚོགས་ལམ་ལས་རབ་ཏུ་གྱུར་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། ཁ་ཅིག་ན་རེ། མཁྱེན་གསུམ་བསྡུས་ནས་སྒོམ་པའི་དྲོད་ཡན་ཆད་ཀྱི་སེམས་དཔའི་རྣལ་འབྱོར་ཞེ་ན། ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་གྱི་ཚོགས་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། མཁྱེན་གསུམ་བསྡུས་ནས་སྒོམ་པ་གང་ཞིག དྲོད་ཡན་ཆད་ཀྱི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། དྲོད་སྔོན་སོང་གི་དེ་ཡིན་པའི་ཕྱིར་ཏེ། ཉན་ཐོས་ཀྱི་དྲོད་སྔོན་སོང་གི་དེ་ཡིན་པའི་ཕྱིར། གཉིས་པ་ནི། མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར། གསུམ་པ་ནི། ཁ་ཅིག་ན་རེ། ཐེག་ཆེན་གྱི་ཚོགས་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། མཁྱེན་གསུམ་བསྡུས་སྒོམ་ཁྱད་པར་དུ་འཕགས་པའི་དེ་ཡིན་པའི་ཕྱིར་ཞེ་ན། དེ་ཆོས་ཅན། ཆོས་མཆོག་ཏུ་ཐལ། ཆོས་ཁྱད་པར་དུ་འཕགས་པའི་དེ་ཡིན་པའི་ཕྱིར། ཡང་ཁོ་ན་རེ། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མཁྱེན་གསུམ་བསྡུས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། མངོན་པར་རྟོགས་པ་བརྒྱད་བསྡུས་པར་ཐལ་ལོ་ཞེ་ན། སྔར་རྣམ་རྫོགས་སྦྱོར་བའི་སྐབས་ལྟར་ལན་བརྗོད་པར་བྱའོ། །རྨི་ལམ་ན་ཡང་ཆོས་རྣམས་ཀུན། །ཞེས་པའི་སྐབས་སུ། དྲོད་ཀྱི་རྩེ་སྦྱོར་གྱི་མཚན་ཉིད་ལ་དཔྱད་པ། རྟགས་ཀྱི་ངོ་བོ་ལ་དཔྱད་པ། རྟགས་སུ་འགྱུར་བའི་དུས་ལ་དཔྱད་པ་དང་གསུམ་ལས། དང་པོ་ལ་ཁ་ཅིག་ན་རེ། རྟགས་བཅུ་གཉིས་ཀྱིས་མཚོན་ནས་བསྟན་པའི་མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་དེ་དེའི་མཚན་ཉིད་ཡིན་ཞེས་དང་། གཞན་དག་དེ་རྟགས་ཀྱི་རྩེ་སྦྱོར་གྱི་མཚན་ཉིད་ཡིན་ཟེར་རོ། །དང་པོ་ལ་བྱང་སེམས་སྦྱོར་ལམ་པ་དབང་རྟུལ་གྱི་དྲོད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། རྨི་ལམ་གྱི་གནས་སྐབས་སུའང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་དགའ་བའི་སེམས་མི་སྐྱེ་བ་དེ་ཐོབ་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། བསམ་པའི་སྟོབས་ཀྱིས་ཕྱིར་ལྡོག་མི་སྲིད་པར་ཐལ་ལོ། །ཕྱི་མ་ལ་རྟགས་བཅུ་གཉིས་པོ་གང་རུང་གཅིག་ཐོབ་ན། རྟགས་བཅུ་གཉིས་པོ་ཐམས་ཅད་ཐོབ་དགོས་པར་ཐལ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། ཁ་ཅིག་ན་རེ། མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་དྲོད་ཀྱི་ཡེ་ཤེས་དེ་དྲོད་ཀྱི་རྩེ་སྦྱོར་གྱི་མཚན་ཉིད་ཡིན་ཞེ་ན། དེ་ཆོས་ཅན། དེའི་མཚན་ཉིད་མིན་པར་ཐལ། མཚན་ཉིད་མིན་པའི་ཕྱིར་ཏེ། མཚོན་བྱ་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། དྲོད་ཀྱི་ཡེ་ཤེས་མཚོན་བྱ་ཡིན་པའི་ཕྱིར། རང་ལུགས་ནི། དྲོད་ཀྱི་ངོ་བོར་གྱུར་པའི་མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་དེ་དྲོད་ཀྱི་རྩེ་སྦྱོར་གྱི་མཚན་ཉིད་ཡིན་ནོ། །གཉིས་པ་ལ་ལོ་ཆེན་ན་རེ། དང་པོ་བརྒྱད་འབྲས་བུའི་རྟགས་དང་། ཐ་མ་བཞི་རང་བཞིན་གྱི་རྟགས་ཡིན་གསུངས་པ་ལ། ཁ་ཅིག་ན་རེ། འབྲས་རྟགས་སུ་འདོད་པར་མི་འཐད་དེ། རྟགས་བཅུ་གཉིས་པོ་དྲོད་ཀྱི་ངོ་བོ་ཡིན་པ་གང་ཞིག དྲོད་ཀྱི་ངོ་བོ་དང་དྲོད་ཀྱི་འབྲས་བུའི་གཞི་མཐུན་མེད་པའི་ཕྱིར་ཞེས་ཟེར་ན། དེ་ལ་མ་ཁྱབ་པར་ཐལ། འདིར་རྗེས་ཐོབ་ཀྱི་རྟགས་ལས་མཉམ་གཞག་དཔོག་པ་གང་ཞིག མཉམ་གཞག་གི་དྲོད་དང་རྗེས་ཐོབ་ཀྱི་དྲོད་ཀྱི་རྩེ་སྦྱོར་གཉིས་རྒྱུ་འབྲས་ཡིན་པ་སྲིད་པའི་ཕྱིར། ཁ་ཅིག རྟགས་བཅུ་གཉིས་པོ་དྲོད་ཀྱི་རྩེ་སྦྱོར་ཐོབ་པའི་རྟགས་མིན་གྱི་ཕྱིར་མི་ལྡོག་གི་རྟགས་ཡིན་ཏེ། མདོ་ལས། དེ་ནི་མི་ལྡོག་ལུང་བསྟན་ཡིན་པར་རིག་པར་བྱ། །ཞེས་བཤད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དྲོད་ཀྱི་རྩེ་སྦྱོར་ཐོབ་པའི་རྟགས་དང་། ཕྱིར་མི་ལྡོག་པའི་རྟགས་ལ་འགལ་བ་མེད་པའི་ཕྱིར་དང་། མདོའི་དོན་ནི། རྟགས་བཅུ་གཉིས་པོ་གང་རུང་གཅིག་ཐོབ་ན་དྲོད་ཀྱི་རྩེ་སྦྱོར་ཐོབ་ཅིང་། དེ་ཐོབ་ན་ཕྱིར་མི་ལྡོག་པར་རྒྱལ་བས་ལྐོག་ཏུ་ལུང་སྟོན་པ་ཐོབ་ཅེས་པའི་དོན་ཡིན་པའི་ཕྱིར། ཁ་ཅིག་ན་རེ། དྲོད་ཀྱི་ཡེ་ཤེས་ཡིན་ན་དྲོད་ཀྱི་རྩེ་སྦྱོར་ཐོབ་པས་ཁྱབ་ཅིང་། དྲོད་ཀྱི་རྩེ་སྦྱོར་གྱི་རྟགས་ཐོབ་པས་ཀྱང་ཁྱབ་བོ། །གལ་ཏེ་དབང་རྣོན་ཁོ་ནའི་དབང་དུ་བྱས་ན་དྲོད་ལ་གནས་པའི་སེམས་དཔའ་དབང་རྟུལ་གྱི་རྒྱུད་ཀྱི་དྲོད་ཀྱི་ཡེ་ཤེས་དེ་དྲོད་ཀྱི་རྩེ་སྦྱོར་དུ་སྒྲུབ་པའི་རྟགས་ཤིག་མེད་པར་ཐལ། དེས་དྲོད་ཀྱི་རྩེ་སྦྱོར་གྱི་རྟགས་མ་ཐོབ་པའི་ཕྱིར་ཞེ་ན། བྱང་སེམས་སྦྱོར་ལམ་པ་དབང་རྟུལ་གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་རྟགས་ཤིག་མེད་པར་ཐལ། དེས་དེའི་རྟགས་མ་ཐོབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཡོད་པར་ཐལ། བྱང་སེམས་སྦྱོར་ལམ་པ་དབང་རྟུལ་ཡིན་ན། གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པས་ཁྱབ་པའི་ཕྱིར། གཞན་ཡང་གནས་སྐབས་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ཡིན་ན་དེའི་རྟགས་ཐོབ་པའི་ཁྱབ་པར་ཐལ། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་ཡིན་ན་དྲོད་ཀྱི་རྟགས་ཐོབ་པས་ཁྱབ་པའི་ཕྱིར། ཁ་ཅིག རྟགས་བཅུ་གཉིས་པོ་དེ་དྲོད་ཀྱི་ངོ་བོ་ཡིན་ཏེ། འགྲེལ་པར། རྟགས་ལ་སོགས་པ་དེ་དག་ནི་གོ་རིམ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིའི་ངོ་བོ་ཡིན་པར་ཁོང་དུ་ཆུད་པར་བྱའོ་ཞེས་གསུངས་པའི་ཕྱིར་ཞེ་ན། འོ་ན། བྱང་སེམས་སྦྱོར་ལམ་པས་གྲོང་ཁྱེར་ཚིག་པ་རབ་ཏུ་ཞི་བར་བྱེད་པའི་བདེན་ཚིག་གྲུབ་པ་ཆོས་ཅན། དྲོད་ཀྱི་ངོ་བོ་ཡིན་པར་ཐལ། རྟགས་བཅུ་གཉིས་པོ་གང་རུང་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། མཐོང་ལམ་པས་སངས་རྒྱས་བརྒྱ་མཐོང་བ་མཐོང་ལམ་གྱི་ངོ་བོ་ཡིན་པར་ཐལ་ལོ། །དེས་ན་ལུང་དེའི་དོན་ནི། རྟགས་ཀྱིས་མཚོན་པའི་རྩེ་སྦྱོར་སོགས་བཞི་པོ་དེ་དྲོད་སོགས་བཞིའི་ངོ་བོ་ཡིན་ཞེས་པའི་དོན་ཏེ། རྩ་བར་རྟགས་དང་། རྣམ་འཕེལ་དང་། བརྟན་པ་དང་། སེམས་ཀུན་ཏུ་གནས་པ་ཞེས་པ་ཙམ་མ་གཏོགས་འདི་ཡིན་དངོས་སུ་མ་གསུངས་ལ། འོག་ཏུ་མཐོང་ལམ་རྩེ་སྦྱོར་དང་སྒོམ་ལམ་དངོས་སུ་གསུངས་པའི་ཤུགས་ཀྱིས་འདི་སྦྱོར་ལམ་བཞིའི་ངོ་བོ་ཡིན་ནོ་སྙམ་དུ་སློབ་དཔོན་གྱིས་དགོངས་སོ། །གསུམ་པ་ལ། འབྲེ་ཆེན་པོ་ན་རེ། དང་པོ་བཞི་རྨི་ལམ་གྱི་རྟགས། ཐ་མ་དྲུག་སད་པའི་རྟགས། བར་པ་གཉིས་སད་རྨི་གཉིས་ཀའི་རྟགས་ཡིན་ཏེ། རྟགས་ཀྱི་རྒྱུ་རྨི་ལམ་གྱི་གནས་སྐབས་ན་ཡོད་ཅིང་། རྟགས་ཀྱི་ངོ་བོ་སད་པའི་གནས་སྐབས་ན་ཡོད་པའི་ཕྱིར་ཞེས་གསུང་ངོ་། །འོ་ན་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་གྱི་རྟགས་ལས་མཉམ་གཞག་གི་རྟོགས་པ་དཔོག་པའི་རྟགས་ཡིན་ན་མཉམ་རྗེས་གཉིས་ཀའི་རྟགས་ཡིན་དགོས་པར་ཐལ། རྟགས་ཀྱི་རྒྱུ་རྨི་ལམ་གྱི་གནས་སྐབས་ན་ཡོད་ཅིང་། རྟགས་ཀྱི་ངོ་བོ་སད་པའི་གནས་སྐབས་ན་ཡོད་པའི་རྟགས་དེ་ཡིན་ན་སད་རྨི་གཉིས་ཀའི་རྟགས་ཡིན་དགོས་པའི་ཕྱིར། འཛམ་བུ་གླིང་གི་སྐྱེ་བོ་སྙེད། །ཅེས་པའི་སྐབས་སུ། རྩེ་མོའི་རྩེ་སྦྱོར་གྱི་མཚན་ཉིད་ལ། ཁ་ཅིག རྣམ་འཕེལ་བཅུ་དྲུག་གིས་མཚོན་ནས་བསྟན་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་ཞེ་ན། རྒྱུ་ལམ་ཤེས་ཡིན་ན་ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་གིས་མཚོན་ནས་བསྟན་དགོས་པར་ཐལ། མཚོན་བྱ་དེ་ཡིན་ན་མཚན་ཉིད་དེ་ཡིན་དགོས་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་མོས་པ་སྒོམ་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། གཞན་ཡང་རྩེ་མོའི་རྩེ་སྦྱོར་ཡིན་ན་རྣམ་འཕེལ་བཅུ་དྲུག་ཐོབ་དགོས་པར་ཐལ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། རྟགས་ཀྱི་རྩེ་སྦྱོར་ཡིན་ན་རྟགས་བཅུ་གཉིས་ཐོབ་པའི་ཁྱབ་པ་ཡོད་པར་ཐལ་ལོ། །རང་ལུགས་ནི་སྔ་མ་ལ་དཔགས་ཏེ་ཤེས་པར་བྱའོ། །ཀུན་མཁྱེན་ཉིད་གསུམ་ཆོས་རྣམས། །ཞེས་པའི་སྐབས་སུ། བཟོད་པའི་རྩེ་སྦྱོར་གྱི་མཚན་ཉིད་ལ། ཁ་ཅིག བརྟན་པ་གཉིས་ཀྱིས་མཚོན་ནས་བསྟན་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་ཟེར་ན། གོང་གི་རིགས་པས་ཁེགས་སོ། །བརྟན་པ་གཉིས་ཀྱི་དོན་ལ། ཁ་ཅིག མཁྱེན་གསུམ་གྱི་ཆོས་ཡོངས་སུ་རྫོགས་པ་རང་དོན་རྟོགས་པ་བརྟན་པ་དང་། སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་གཞན་དོན་ཕྲིན་ལས་བརྟན་པ་ཡིན་ཞེས་ཟེར་རོ། །འོ་ན་བཟོད་པའི་གནས་སྐབས་ན་བརྟན་པ་གཉིས་མེད་པར་ཐལ། དེར་མཁྱེན་གསུམ་གྱི་ཆོས་ཡོངས་སུ་རྫོགས་པ་མེད་པའི་ཕྱིར། རང་ལུགས་ནི། བཟོད་པ་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་མཁྱེན་གསུམ་གྱི་ཆོས་ཡོངས་སུ་རྫོགས་པར་བསྔོ་བའི་རྟོགས་པ་དེ་རང་དོན་རྟོགས་པ་བརྟན་པ་དང་། དེའི་རྒྱུད་ཀྱི་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་སྙིང་རྗེ་གཞན་དོན་ཕྲིན་ལས་བརྟན་པ་ཡིན་ཏེ། བརྟན་པ་གཉིས་པོ་དེ་མདོ་ལས་བསྔོ་བའི་རྣམ་པས་གསུངས་པའི་ཕྱིར། དེའང་དང་པོ་ནི། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག དེ་བཞིན་དུ་རྣམ་མཁྱེན་དང་། རང་བྱུང་དང་། ཟག་པ་མེད་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག ཅེས་དང་པོས་མདོར་བསྟན། ཕྱི་མ་གསུམ་གྱིས་རིམ་པ་ལྟར། རྣམ་མཁྱེན་དང་། ལམ་ཤེས་དང་། གཞི་ཤེས་ཀྱི་ཆོས་ཡོངས་སུ་རྫོགས་པར་བསྔོ་བའོ། །གཉིས་པ་ནི་བདག་བརྒལ་ནས་སེམས་ཅན་མ་གྲོལ་བ་རྣམས་དགྲོལ་བར་འགྱུར་བའོ་ཞེས་པའོ། །གླིང་བཞི་པ་དང་སྟོང་དག་དང་། །ཞེས་པའི་སྐབས་སུ། ཆོས་མཆོག་གི་རྩེ་སྦྱོར་ལ་མདོ་ལས་གསུངས་ཚུལ། བསྟན་བཅོས་ལས་བསྟན་པའི་ཚུལ། དེ་དག་གི་དགོངས་པ་དཔྱད་པ་དང་གསུམ་ལས། དང་པོ་ནི། སྡུད་པ་ལས། མི་ལྡོག་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས་པ་ཡི། །སེམས་བསྐྱེད་པ་ལ་བསམ་པ་དག་པས་ཡི་རང་བ། །སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་གཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟར་མིན། །ཞེས་གསུངས་ཏེ། མི་ལྡོག་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས་པའི་བྱང་སེམས་ཀྱི་སེམས་བསྐྱེད་ཀྱིས་བསྡུས་པའི་དགེ་རྩ་ནི་རྗེས་སུ་ཡི་རང་བར་བྱ་བའི་ཡུལ་དང་། ཆོས་མཆོག་གི་ངོ་བོར་གྱུར་པའི་རྗེས་སུ་ཡི་རང་ནི་རྗེས་སུ་ཡི་རང་བར་བྱེད་པ་པོར་བསྟན་ཞིང་། དེས་ནི་གླིང་བཞི་པ་དང་། སྟོང་དང་པོ་དང་། སྟོང་གཉིས་པ་དང་། སྟོང་གསུམ་པའི་ས་རྡོའི་སྲང་གྲངས་ལས་རྗེས་སུ་ཡི་རང་བསོད་ནམས་མང་བར་བསྟན་ཏོ། །གཉིས་པ་ནི། མདོ་ལས་དངོས་སུ་བསྟན་པའི་དཔེ་ནི། གླིང་བཞི་པ་དང་སྟོང་དག་དང་། །སྟོང་གཉིས་གསུམ་དག་དཔེར་མཛད་ནས། །ཞེས་པས་བསྟན། དོན་ཡི་རང་འདིར་དངོས་སུ་མི་སྟོན་པར་མདོའི་སྦས་དོན་ཏིང་ངེ་འཛིན་འདིར་དངོས་སུ་སྟོན་པ་ནི། བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲགས་པ་ཡིན། །ཞེས་པས་བསྟན་ཏོ། །གསུམ་པ་ལ། སློབ་དཔོན་གྱི་བཞེད་པ་ནི། ཆོས་མཆོག་གི་ངོ་བོར་གྱུར་པའི་རྗེས་སུ་ཡི་རང་བ་དང་ཏིང་ངེ་འཛིན་གཉིས་དོན་གཞན་ཡིན་ཏེ། སེམས་བྱུང་རྫས་གཞན་ཡིན་པའི་ཕྱིར། འོན་ཀྱང་རྗེས་སུ་ཡི་རང་བསོད་ནམས་མང་བར་བསྟན་པས་ཏིང་ངེ་འཛིན་ཀྱང་བསོད་ནམས་མང་བར་མཚོན་ནུས་ཏེ། དེ་གཉིས་མཚུངས་ལྡན་གང་ཞིག གྲོགས་ཀྱི་ཡོན་ཏན་བརྗོད་པས་གཅིག་ཤོས་གྲོགས་ཅན་གྱི་ཡོན་ཏན་ཀྱང་བརྗོད་པར་འགྱུར་བའི་ཕྱིར་ཞེས་ཊཱི་ཀར་གསུང་། འབྲེ་ཆེན་པོ་ན་རེ། ཆོས་མཆོག་གི་ངོ་བོ་ནི་རྗེས་སུ་ཡི་རང་ཀྱང་ཡིན། ཏིང་འཛིན་ཡང་ཡིན་ལ་མདོ་ལས་ཡི་རང་གི་ལྡོག་པ་ནས་བསྟན། བསྟན་བཅོས་ལས་ཏིང་ངེ་འཛིན་གྱི་ལྡོག་པ་ནས་བསྟན་གསུང་། ལུགས་དང་པོ་དེ་ལ། དེ་གཉིས་མཚུངས་ལྡན་མིན་པར་ཐལ། རྗེས་སུ་ཡི་རང་ནི་རྗེས་ཐོབ་བསོད་ནམས་ཀྱི་ཚོགས་ཡིན་ལ། ཏིང་འཛིན་མཉམ་གཞག་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པའི་ཕྱིར། དེས་ན་སློབ་དཔོན་གྱི་བཞེད་པ་ནི་ཡི་རང་བསོད་ནམས་ཀྱི་ཚོགས་དང་། ཏིང་འཛིན་ཡེ་ཤེས་ཀྱི་ཚོགས་སུ་བཞེད་པས། རྗེས་ཐོབ་དང་མཉམ་གཞག་ལ་སོ་སོར་གཞག་དགོས་ཏེ། རྗེས་སུ་ཡི་རང་སྒོམ་ལམ་རྗེས་ཐོབ་ལ་གཞག་པ་དང་དོན་གཅིག་པའི་ཕྱིར་ཏེ། འགྲེལ་པར། ཏིང་འཛིན་དང་ཡེ་ཤེས་ཀྱི་ཚོགས་སོ་སོར་དཔེར་མཛད་ནས་ཞེས་གསུངས་པའི་ཕྱིར། འབྲེའི་དེ་ཡང་མི་འཐད་དེ། ཆོས་མཆོག་གི་ངོ་བོར་གྱུར་པའི་ཏིང་འཛིན་དང་རྗེས་སུ་ཡི་རང་གཉིས་བདག་ཉིད་གཅིག་མིན་པར་ཐལ། དེ་གཉིས་སེམས་བྱུང་རྫས་གཞན་ཡིན་པའི་ཕྱིར། དེས་ན་གཞུང་འདི་དག་གི་དོན་ལ་རྗེས་སུ་ཡི་རང་བར་བྱ་བའི་དགེ་རྩ་དང་ལྡན་པའི་བྱང་སེམས་ངོས་གཟུང་བ། ཆོས་མཆོག་གི་ངོ་བོར་གྱུར་པའི་རྗེས་སུ་ཡི་རང་དང་ཏིང་འཛིན་ལ་དཔྱད། དཔེ་དང་ཆོས་མཐུན་སྦྱོར་བ་གསུམ། དང་པོ་ནི། བརྒྱད་སྟོང་པར། ཐེག་པ་ལ་གསར་དུ་ཞུགས་པའི་དང་། སྤྱོད་པ་ལ་ཞུགས་པའི་དང་། ཕྱིར་མི་ལྡོག་པའི་དང་། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ཞེས་དངོས་སུ་གསུངས་ཞིང་། འདིའི་ངོས་འཛིན་པ་ལ་འགྲེལ་ཆེན་ལས། ལུགས་གསུམ་གསུངས་ཏེ། ཁ་ཅིག་མཐོང་ལམ་དང་སྒོམ་ལམ་བཞིའི་སྤང་བྱ་རྟོགས་པ་བཞིའི་གཉེན་པོ་ལ་གནས་པ་ལ་འདོད་པ་དང་། གཞན་དག་རྟགས་དང་རྣམ་འཕེལ་སོགས་བཞི་ལ་གནས་པ་ལ་འདོད་པ་དང་། འགའ་ཞིག་མོས་པས་སྤྱོད་པ་དང་། ས་དང་པོ་ནས་བདུན་པའི་བར་ལ་གནས་པ་དང་། དག་པ་ས་ལ་གནས་པ་དང་། ས་བཅུ་ལ་གནས་པ་ལ་འདོད་པ་གསུམ་གསུངས་ཤིང་། ཊཱི་ཀར་མཐོང་སྒོམ་ལམ་གྱི་རྟོགས་པ་པོའི་དབང་དུ་བྱས་ནས་གསུངས་པས། ས་དང་པོ་དང་། གཉིས་པ་ནས་བདུན་པའི་བར་དང་། བརྒྱད་དགུ་གཉིས་དང་། བཅུ་པ་ལ་གནས་པ་ལ་གསུངས་ཀྱང་། དེ་གཉིས་ལུགས་སོ་སོ་མིན་ནམ་སྙམ་དུ་སེམས་སོ། །གང་ལྟར་ཡང་བྱང་སེམས་བཞི་པོ་དེ་དག་གིས་སེམས་བསྐྱེད་པའི་རྩ་བ་ནི་རྗེས་སུ་ཡི་རང་བར་བྱ་བའི་ཡུལ་ལོ། །རྗེས་སུ་ཡི་རང་བར་བྱེད་པ་པོ་ནི་ཆོས་མཆོག་ལ་གནས་པའི་སེམས་དཔའ་འོ། །གཉིས་པ་ནི། ཆོས་མཆོག་གི་ངོ་བོར་གྱུར་པའི་རྗེས་སུ་ཡི་རང་ནི་རྗེས་ཐོབ་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པ་ཡིན་ལ། ཏིང་འཛིན་ནི་མཉམ་གཞག་ཡེ་ཤེས་ཀྱི་ཚོགས་ཀྱིས་བསྡུས་པ་ཡིན་ཏེ། མདོ་ལས། བསོད་ནམས་ཀྱི་ཚོགས་བསོད་ནམས་མང་བར་དངོས་སུ་བསྟན་པས་ཡེ་ཤེས་ཀྱི་ཚོགས་བསོད་ནམས་མང་བར་ཤུགས་ལ་བསྟན་པའི་ཕྱིར། འགྲེལ་ཆེན་ལས་དོན་གཞན་ཐབས་ཀྱི་ཞེས་གསུངས་པ་འདི་ཉིད་ཡིན་ནོ། །གསུམ་པ་ནི། གླིང་བཞི་པ་དང་། སྟོང་དང་པོ་དང་། སྟོང་གཉིས་པ་དང་། སྟོང་གསུམ་པས་བྱང་སེམས་བཞི་པོ་བསྟན་ཅིང་། དེའི་སྲང་གྲངས་ཀྱི་རྗེས་ཐོབ་བསོད་ནམས་ཀྱིས་བསྡུས་པའི་རྗེས་སུ་ཡི་རང་བསྟན་སྟེ། མདོ་ལས། ས་རྡོའི་སྲང་གྲངས་ཁོ་ན་བཤད་པའི་ཕྱིར། སྦས་དོན་ཏིང་འཛིན་ནི་ཆུ་ཐིགས་ཀྱི་གྲངས་ཀྱིས་བསྟན་ཏེ། དེ་མཉམ་གཞག་དང་ཆོས་མཚུངས་པའི་ཕྱིར་རོ། །འཇུག་པ་དང་ནི་ལྡོག་པ་ལ། །ཞེས་པའི་སྐབས་སུ། འབུམ་ཕྲག་གསུམ་པ་ན་རེ། འདིར་བསྟན་འཇུག་པ་གཟུང་རྟོག་དང་ལྡོག་པ་གཟུང་རྟོག་གཉིས་ནི་སྐབས་དང་པོར་བསྟན་པའི་རྣམ་བྱང་གཟུང་རྟོག་ཏུ་འདུས་ཏེ། འཇུག་པ་གཟུང་རྟོག་གི་འཇུག་བྱའི་ཡུལ་བྱང་སེམས་ཀྱི་ལམ་འབྲས་བུ་དང་བཅས་པ་དང་། ལྡོག་པ་གཟུང་རྟོག་གི་ལྡོག་བྱའི་ཡུལ་ཉན་ཐོས་ཀྱི་ལམ་འབྲས་བུ་དང་བཅས་པ་དེ་རྣམ་བྱང་གི་ཆོས་སུ་འདུས་པའི་ཕྱིར་ཟེར་རོ། །འོ་ན་འདིར་བསྟན་ལྡོག་པ་གཟུང་རྟོག་ཆོས་ཅན། ཡུལ་ལ་བླང་བྱར་མངོན་པར་ཞེན་པའི་བློ་ཡིན་པར་ཐལ། རྣམ་བྱང་གཟུང་རྟོག་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། ཡུལ་ལ་ལྡོག་བྱར་མངོན་པར་ཞེན་པ་ཡིན་པའི་ཕྱིར་ཏེ། ལྡོག་པ་གཟུང་རྟོག་ཡིན་པའི་ཕྱིར། ཡང་འདིར་བསྟན་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞིས་མ་བསྡུས་པའི་མཐོང་སྤང་ཤེས་སྒྲིབ་རྟོག་པ་ཅིག་ཡོད་པར་ཐལ། འདིར་བསྟན་གཟུང་རྟོག་ཡིན་ན་སྐབས་དང་པོར་བསྟན་པའི་རྣམ་བྱང་གཟུང་རྟོག་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། འདིར་བསྟན་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞིའི་ས་བོན་གྱིས་མ་བསྡུས་པའི་མཐོང་སྤང་ཤེས་སྒྲིབ་ཏུ་གཏོགས་པའི་ས་བོན་ཡོད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། འདིར་བསྟན་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞིའི་ས་བོན་སྤངས་ན། མཐོང་སྤང་ཤེས་སྒྲིབ་ཀྱི་ས་བོན་སྤངས་པས་མ་ཁྱབ་པར་ཐལ་ལོ། །ཡང་རྣམ་བྱང་ལ་དམིགས་པའི་ཤེས་སྒྲིབ་རྟོག་པ་ཡིན་ན་རྣམ་བྱང་གཟུང་རྟོག་ཡིན་པས་ཁྱབ་པར་ཐལ། ཐེག་དམན་གྱི་ལམ་འབྲས་བུ་དང་བཅས་པ་ལ་དམིགས་པའི་རྣམ་བྱང་གི་ཆོས་ལྡོག་པ་གཟུང་རྟོག་དེ་རྣམ་བྱང་གཟུང་རྟོག་ཡིན་དགོས་པའི་ཕྱིར། རྟགས་ཁས། འདོད་ན། མཐོང་ལམ་ལ་དམིགས་ནས་འཛིན་པ་པོར་མངོན་པར་ཞེན་པའི་བློ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། གཟུང་རྟོག་མིན་པའི་ཕྱིར་ཏེ། འཛིན་རྟོག་ཡིན་པའི་ཕྱིར་ཏེ། རྫས་འཛིན་རྟོག་པ་ཡིན་པའི་ཕྱིར། རང་ལུགས་ནི། འདིར་བསྟན་ལྡོག་པ་གཟུང་རྟོག་དེ་སྐབས་དང་པོར་བསྟན་པའི་རྟོག་པ་བཞིའི་དང་པོར་འདུས་ཏེ། དེ་བཞི་གང་རུང་དུ་འདུས་པ་གང་ཞིག ཕྱི་མ་གསུམ་དུ་མི་འདུས་པའི་ཕྱིར་ཏེ། རང་ཡུལ་ལ་ལྡོག་བྱར་མངོན་པར་ཞེན་པའི་བློ་ཡིན་པའི་ཕྱིར། སྐབས་དང་པོར་བསྟན་པའི་མཐོང་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞིའི་དང་པོ་འདིར་བསྟན་ལྡོག་པ་གཟུང་རྟོག་ཏུ་འདུས་ཏེ། འདིར་བསྟན་རྟོག་པ་བཞི་གང་རུང་དུ་འདུས་པ་གང་ཞིག གཞན་གསུམ་དུ་མ་འདུས་པའི་ཕྱིར། དེ་ལ་ཁ་ཅིག ཐེག་དམན་གྱི་ལམ་འབྲས་བུ་དང་བཅས་པ་དེ་ཀུན་ནས་ཉོན་མོངས་ཀྱི་ཆོས་སུ་ཐལ། དེ་ལ་ལྡོག་བྱར་མངོན་པར་ཞེན་པའི་བློ་དེ་ཀུན་ནས་ཉོན་མོངས་གཟུང་རྟོག་ཡིན་པའི་ཕྱིར། མ་གྲུབ་ན། དེ་འདྲའི་བློ་ཆོས་ཅན། དེར་ཐལ། སྐབས་དང་པོར་བསྟན་པའི་རྟོག་པ་བཞིའི་དང་པོ་ཡིན་པའི་ཕྱིར་ཞེས་ཟེར་ན། རྣམ་དག་སྐྱེ་བྱེད་ལ་དམིགས་ནས་བདེན་པར་མངོན་པར་ཞེན་པའི་བློ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན་ཁས་བླངས་ཏེ། རྣམ་དག་སྐྱེ་བྱེད་ཀུན་ནས་ཉོན་མོངས་ཀྱི་ཆོས་སུ་ཐལ། འདོད་པ་དེའི་ཕྱིར། ཁྱབ་པ་ཁས། མདོར་ན། འདིར་བསྟན་ལྡོག་པ་གཟུང་རྟོག་སོགས་ནི་དམིགས་ཡུལ་གྱི་སྒོ་ནས་ཕྱེ་བ་མིན་པར་འཛིན་སྟངས་ཀྱི་སྒོ་ནས་ཕྱེ་བའི་གནད་ཤེས་ན་དེ་འཁྲུལ་ས་མེད་དོ། །སོ་སོ་སྐྱེ་བོ་འཕགས་དབྱེ་བས། །ཞེས་པའི་སྐབས་སུ། མཐའ་དཔྱད་པ་ལ་གཞུང་ལས་བཤད་ཚུལ། དེ་ལས་གཞན་གྱི་བཤད་པའི་ཚུལ་དགག་པ། དོན་ལ་གནས་པའི་ཕྱོགས་བཤད་པ་གསུམ། དང་པོ་ནི། རྩ་བར། སོ་སོ་སྐྱེ་བོའི་དབྱེ་བས། སེམས་ཅན་རྫས་ཡོད་པར། རྣམ་རྟོག་འཛིན་པར་དག་ཏུ་འདོད། འཕགས་པའི་དབྱེ་བས། སེམས་ཅན་བཏགས་ཡོད་པར། རྣམ་རྟོག་འཛིན་པ་དག་ཏུ་འདོད། ཞེས་རྟོག་པ་གཉིས་སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པར་བསྟན་པ་དང་། ཉི་ཁྲི་སྣང་བར། ཆོས་ཐམས་ཅད་བདག་མེད་པའོ་ཞེས་ཆོས་དེ་ལྟ་བུ་སོ་སོ་སྐྱེ་བོས་ཀྱང་རྟོགས་པ་མིན་ནམ། དེས་ན་འཛིན་པའི་རྣམ་པར་རྟོག་པ་དང་པོའི་རྣམ་པར་གཞག་པས་མ་ཁྱབ་པར་འགྱུར་རོ་ཞེ་ན། དེ་དག་གི་ནི་དེ་ནི་མོས་པ་ཡིད་ལ་བྱེད་པ་ཡིན་ལ། འདི་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་བརྗོད་པར་འདོད་པས་སྙིང་པོ་མེད་དོ་ཞེས་པ་དང་། ཡང་འཕགས་པ་ལའང་འདི་ལྟ་བུ་ཡོད་པ་ཡིན་ཏེ། དགེ་སློང་དག་མཚན་མོ་འདས་ནས་ནང་པར་གྱི་དུས་སུ་སྲོག་ཆགས་ལྕེ་སྤྱང་སྐད་འབྱིན་པའི་སྒྲ་ཐོས་སོ་ཞེས་བྱ་བ་དང་། དེ་བཞིན་དུ་ང་དེའི་དུས་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ཡན་ལག་མ་སྨད་པ་ཞེས་བྱ་བར་འགྱུར་རོ་ཞེས་གསུངས་པ་མིན་ནམ། དེས་ན་འཛིན་པའི་རྣམ་པར་རྟོག་པ་གཉིས་པའི་རྣམ་པར་གཞག་པས་མ་ཁྱབ་པར་འགྱུར་རོ་ཞེ་ན། དེའི་ཚིག་དེ་ནི་ཐ་སྙད་པ་ཡིན་གྱི། དོན་ལ་མིན་པས་དེས་ན་སྙིང་པོ་མེད་དོ་ཞེས་པ་དང་། དེ་བཞིན་དུ་འགྲེལ་ཆེན་ལས་ཀྱང་བཤད་དོ། །གཉིས་པ་ནི། ཨར་ན་རེ། གཞུང་འདིས་དངོས་སུ་སྟོན་པའི་རྫས་འཛིན་རྟོག་པ་དང་བཏགས་འཛིན་རྟོག་པ་གཉིས་སྐྱེ་འཕགས་གཉིས་ལ་གཙོ་ཆེ་བས་རྣམ་པ་གསལ་བའི་དཔེ་ཙམ་བསྟན་གྱི་སོ་སོར་ངེས་པར་བསྟན་པ་ནི་མིན་ནོ་ཞེས་ཟེར་རོ། །གཞན་ན་རེ། གཞུང་འདིས་མཐོང་སྤང་རྫས་འཛིན་རྟོག་པ་དང་བཏགས་འཛིན་རྟོག་པ་གཉིས་སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པར་བསྟན་གྱི། སྤྱིར་དེ་གཉིས་སོ་སོར་ངེས་པར་མ་བསྟན་ཞེས་སྨྲའོ། །ཚིག་ཙམ་ལ་བརྟེན་པ་ཁ་ཅིག གཞུང་འདིས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་གང་ཟག་གི་བདག་འཛིན་དེ་ཡུལ་རྫས་འཛིན་དང་། བདག་མེད་མངོན་སུམ་རྟོགས་པའི་ཤེས་རབ་ཀྱིས་དྲངས་པའི་གང་ཟག་བཏགས་པ་ཙམ་དུ་འཛིན་པའི་བློ་དེ་ཡུལ་བཏགས་འཛིན་ཡིན་པས་སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པར་བཤད་པ་ཡིན་གྱི། ཡུལ་ཅན་རྫས་འཛིན་རྟོག་པ་དང་རྟགས་འཛིན་རྟོག་པ་གཉིས་སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པར་མ་བཤད་དེ། རྫས་འཛིན་རྟོག་པ་འཕགས་པ་ལའང་ཡོད། བཏགས་འཛིན་རྟོག་པ་སོ་སྐྱེ་ལའང་ཡོད་པའི་ཕྱིར་ཞེས་ཟེར་རོ། །ལུགས་དང་པོ་དེ་མི་འཐད་དེ། སྐབས་འདིར་དངོས་སུ་བསྟན་པའི་རྫས་འཛིན་རྟོག་པ་ཡིན་ན་སོ་སྐྱེ་ཁོ་ནའི་རྒྱུད་ལ་ཡོད་པས་མ་ཁྱབ་པར་ཐལ་བ་དང་། བཏགས་འཛིན་རྟོག་པ་ཡིན་ན་འཕགས་པ་ཁོ་ནའི་རྒྱུད་ལ་ཡོད་པས་མ་ཁྱབ་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ཉི་སྣང་ལས་འཛིན་པའི་རྣམ་པར་རྟོག་པ་དང་པོའི་རྣམ་པར་གཞག་པས་མ་ཁྱབ་བོ་ཞེས་དང་། གཉིས་པའི་རྣམ་པར་གཞག་པས་མ་ཁྱབ་བོ་ཞེས་པ་ལ་སྙིང་པོ་མེད་ཅེས་པའི་ལན་བཏབ་པ་མི་འཐད་པར་ཐལ་ལོ། །ལུགས་གཉིས་པ་མི་འཐད་དེ། ཐེག་དམན་འཕགས་པ་ལའང་མཐོང་སྤང་དུ་གྱུར་པའི་རྫས་འཛིན་རྟོག་པ་ཡོད་པ་གང་ཞིག བྱང་སེམས་སོ་སྐྱེ་ལ་མཐོང་སྤང་དུ་གྱུར་པའི་བཏགས་འཛིན་རྟོག་པ་ཡོད་པའི་ཕྱིར། རྟགས་དང་པོ་དེར་ཐལ། དེའི་རྒྱུད་ལ་ཆོས་ཀྱི་དབང་དུ་བྱས་པའི་མཐོང་སྤང་དུ་གྱུར་པའི་རྫས་འཛིན་རྟོག་པ་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ལ་མཐོང་སྤང་དུ་གྱུར་པའི་ཆོས་ལ་བདེན་པར་འཛིན་པའི་བདེན་འཛིན་ཡོད་པའི་ཕྱིར། རྟགས་ཕྱི་མ་དེར་ཐལ། དེའི་རྒྱུད་ལ་མཐོང་སྤང་དུ་གྱུར་པའི་ཆོས་ལ་མོས་པ་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་ཡོད་པའི་ཕྱིར། གསུམ་པའང་མི་འཐད་དེ། འདིར་བསྟན་རྫས་འཛིན་རྟོག་པའི་ཡུལ་ཡིན་ན་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་གང་ཟག་གི་བདག་འཛིན་ཡིན་དགོས་པར་ཐལ། དེའི་ཡུལ་གྱི་ངོས་འཛིན་དེ་ལྟར་འཐད་པའི་ཕྱིར། འདོད་ན། འཛིན་འདོར་ལ་སོགས་པའི་ཡུལ་དགུ་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། འདིར་བསྟན་རྫས་འཛིན་རྟོག་པ་དེ་ལ་ཡུལ་གྱི་དབྱེ་བས་དགུར་དབྱེ་བ་མི་འཐད་པར་ཐལ་ལོ། །ཕྱི་མ་ལ་བཏགས་འཛིན་རྟོག་པའི་ཡུལ་ཡིན་ན་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་དྲངས་པའི་གང་ཟག་བཏགས་པ་ཙམ་དུ་འཛིན་པའི་བློ་ཡིན་པར་ཐལ། དེའི་ཡུལ་གྱི་ངོས་འཛིན་དེ་འཐད་པའི་ཕྱིར། འདོད་ན། སྔར་ལྟར་རོ། །གཞན་ཡང་ཉི་སྣང་ལས། དེའང་འཛིན་པའི་རྣམ་པར་རྟོག་པ་དང་པོས་མ་ཁྱབ་པར་འགྱུར་རོ་ཞེ་ན། ཞེས་པའི་འཛིན་པའི་རྣམ་པར་རྟོག་པ་དང་པོ་དེ་ཡུལ་ཅན་རྫས་འཛིན་རྟོག་པ་མིན་པར་ཡུལ་རྫས་འཛིན་ཁོ་ན་དང་། འཛིན་པའི་རྣམ་པར་རྟོག་པ་གཉིས་པས་མ་ཁྱབ་པར་འགྱུར་ཞེས་པའི་འཛིན་པའི་རྣམ་པར་རྟོག་པ་གཉིས་པ་དེ་ཡུལ་ཅན་བཏགས་འཛིན་རྟོག་པ་མིན་པར་ཡུལ་བཏགས་འཛིན་ཁོ་ནར་ཐལ། སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པར་བཤད་པའི་རྟོག་པ་དེ་ཡུལ་ཅན་རྫས་འཛིན་རྟོག་པ་དང་བཏགས་འཛིན་རྟོག་པ་ལ་མི་བྱེད་པར་ཡུལ་རྫས་འཛིན་དང་བཏགས་འཛིན་གཉིས་ལ་བྱེད་པ་འཐད་པའི་ཕྱིར། འདོད་ན། འདིར་བསྟན་འཛིན་རྟོགས་གཉིས་པོ་དེ་ལྟར་དུ་འཇོག་པ་རིགས་པར་ཐལ་ལོ། །ཡང་སྐབས་འདིར་དངོས་བསྟན་གྱི་བཏགས་འཛིན་རྟོག་པ་ཡིན་ན་དེ་ཁོ་ན་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་ཡིན་པས་མ་ཁྱབ་པར་ཐལ། དེ་འཕགས་པ་ཁོ་ན་ལ་ཡོད་པར་མ་ངེས་པའི་ཕྱིར། རྟགས་ཁས། འདོད་ན། འདིར་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་བརྗོད་པར་འདོད་པ་ཡིན་པས་སྙིང་པོ་མེད་དོ་ཞེས་པའི་ཉི་སྣང་གི་ལུང་དང་འགལ་ལོ། །ཡང་འདིར་དངོས་བསྟན་གྱི་རྫས་འཛིན་རྟོག་པ་འཕགས་པའི་རྒྱུད་ལ་ཡོད་པར་ཐལ། འདིར་དངོས་སུ་བསྟན་པའི་རྟོག་པ་གཉིས་སྐྱེ་འཕགས་གཉིས་ལ་སོ་སོར་མ་ངེས་པའི་ཕྱིར། རྟགས་ཁས། འདོད་ན། དེའི་རྒྱུད་ལ་དེ་ཡོད་པར་བཤད་པ་དེ་དྲང་དོན་མིན་པར་ཐལ་ལོ། །འདོད་ན། དེའི་ཚིག་དེ་ནི་ཐ་སྙད་པ་ཡིན་གྱི། དོན་དམ་པ་མིན་པས་དེས་ན་སྙིང་པོ་མེད་དོ་ཞེས་པ་དང་འགལ་ལོ། །གསུམ་པ་ནི། གཞུང་འགྲེལ་གཉིས་ཀྱི་སྐབས་ནས་བསྟན་པའི་རྟོག་པ་གཉིས་སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པར་བསྟན་པ་ཡིན་ཏེ། འདི་ལྟར་སྐབས་འདིར་དངོས་བསྟན་གྱི་རྫས་འཛིན་རྟོག་པ་ཡིན་ན་སོ་སོ་སྐྱེ་བོ་ཁོ་ནའི་རྒྱུད་ལ་ཡོད་པས་ཁྱབ་སྟེ། དེ་ཡིན་ན་གང་ཟག་གི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་ཡིན་པས་ཁྱབ་པ་གང་ཞིག དེ་འཕགས་པའི་རྒྱུད་ལ་ཡོད་པ་མི་སྲིད་པའི་ཕྱིར། དང་པོ་དེར་ཐལ། སེམས་ཅན་རྫས་ཡོད་པར། རྣམ་རྟོག་འཛིན་པ་དག་ཏུ་འདོད། །ཅེས་སོ། །ཕྱི་མ་དེར་ཐལ། འཕགས་པ་ཡིན་ན། གང་ཟག་གི་བདག་མེད་མངོན་སུམ་རྟོགས་པས་ཁྱབ་པའི་ཕྱིར། ཡང་སྐབས་འདིར་དངོས་སུ་བསྟན་པའི་བཏགས་འཛིན་རྟོག་པ་ཡིན་ན་འཕགས་པ་ཁོ་ནའི་རྒྱུད་ལ་ཡོད་པས་ཁྱབ་སྟེ། དེ་ཡིན་ན་གང་ཟག་གི་དབང་དུ་བྱས་པའི་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་ཡིན་པས་ཁྱབ། དེ་སོ་སྐྱེའི་རྒྱུད་ལ་ཡོད་པ་མི་སྲིད་པའི་ཕྱིར་ཏེ། དེ་ཡིན་ན་གང་ཟག་གི་དབང་དུ་བྱས་པའི་བཏགས་འཛིན་རྟོག་པ་ཡིན་པས་ཀྱང་ཁྱབ། དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་ཡིན་པས་ཁྱབ་པའི་ཕྱིར། དང་པོ་དེར་ཐལ། སེམས་ཅན་བཏགས་ཡོད་པར། །རྣམ་རྟོགས་འཛིན་པ་དག་ཏུ་འདོད། །ཅེས་གསུངས་པའི་ཕྱིར། ཕྱི་མ་དེར་ཐལ། དེ་དག་གིས་དེ་ནི་མོས་པ་ཡིད་ལ་བྱེད་པ་ཡིན་ལ། འདིར་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་བརྗོད་པར་འདོད་པ་ཡིན་པས་སྙིང་པོ་མེད་དོ་ཞེས་གསུངས་པའི་ཕྱིར། འདིར་ཤུགས་ལ་བསྟན་པའི་རྫས་འཛིན་རྟོག་པ་དང་བཏགས་འཛིན་རྟོག་པ་གཉིས་སྐྱེ་འཕགས་གཉིས་ལ་སོ་སོར་ངེས་པ་ནི་མིན་ཏེ། དེ་ལྟར་བསྟན་པའི་རྫས་འཛིན་རྟོག་པ་ཐེག་དམན་འཕགས་པ་དང་། བཏགས་འཛིན་རྟོག་པ་བྱང་སེམས་སོ་སྐྱེའི་རྒྱུད་ལ་ཡོད་པའི་ཕྱིར། དང་པོ་དེར་ཐལ། སྐབས་འདིར་ཤུགས་ལ་ཆོས་ཀྱི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་བསྟན་པ་གང་ཞིག དེ་དེའི་རྒྱུད་ལ་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ལ་མཐོང་སྤང་དུ་གྱུར་པའི་ཆོས་ལ་བདེན་པར་འཛིན་པའི་བདེན་འཛིན་ཡོད་པའི་ཕྱིར། རྩ་རྟགས་ཕྱི་མ་དེར་ཐལ། སྐབས་འདིར་ཆོས་ཀྱི་དབང་དུ་བྱས་པའི་བཏགས་འཛིན་རྟོག་པ་ཤུགས་ལ་བསྟན་པ་གང་ཞིག དེ་བྱང་སེམས་སོ་སྐྱེའི་རྒྱུད་ལ་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ལ་ཆོས་ཀྱི་དབང་དུ་བྱས་པའི་མོས་པ་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་ཡོད་པའི་ཕྱིར་ཏེ། མཐོང་སྤང་དུ་གྱུར་པའི་ཆོས་ཀྱི་དབང་དུ་བྱས་པའི་བཏགས་འཛིན་རྟོག་པ་ཡོད་པ་གང་ཞིག དེ་ལྟ་བུའི་མོས་པ་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་གཞི་གྲུབ་པའི་ཕྱིར། དེས་ན་འདིར་བཏགས་ཆོས་གང་ཟག་ལ་རྫས་ཡོད་དང་བཏགས་ཡོད་དུ་འཛིན་པའི་བློ་དངོས་སུ་བསྟན་ཅིང་། གདགས་གཞི་ཆོས་ལ་རྫས་ཡོད་བཏགས་ཡོད་དུ་འཛིན་པའི་བློ་ཤུགས་ལ་བསྟན་ཏེ། དེ་གཉིས་སྐབས་འདིར་བསྟན་དགོས་པ་གང་ཞིག དངོས་སུ་བསྟན་པའི་ཕྱིར། འདིར་བསྟན་དགོས་ཏེ། རྒྱས་བཤད་ཀྱི་སྐབས་སུ་དངོས་སུ་བསྟན་པའི་ཕྱིར་ཏེ། འཛིན་པ་དང་ནི་འདོར་བ་དང་། །ཞེས་པར་གདགས་གཞི་ཆོས་ལ་འཛིན་འདོར་སོགས་དགུ་ཕྱེ་ནས་དེ་ལ་རྫས་ཡོད་དུ་འཛིན་པའི་བློ་དེ་ལ་འཛིན་རྟོགས་དང་པོ། ཆེད་བཞིན་ངེས་པར་མི་འབྱུང་དང་། །ཞེས་པར་གདགས་གཞི་ཆོས་དེ་ལ་ཆེད་བཞིན་ངེས་པར་མི་འབྱུང་བ་སོགས་དགུར་ཕྱེ་ནས་དེ་ལ་བཏགས་ཡོད་དུ་འཛིན་པའི་བློ་དེ་འཛིན་རྟོག་གཉིས་པར་དངོས་སུ་བསྟན་པའི་ཕྱིར། དེ་བཞིན་དུ་རྒྱས་བཤད་པའི་སྐབས་སུ་བཏགས་ཆོས་གང་ཟག་ལ་རྫས་ཡོད་དང་བཏགས་ཡོད་དུ་འཛིན་པའི་བློ་ཤུགས་ལ་བསྟན་པའི་རྒྱུ་མཚན་ལའང་སྦྱར་བར་བྱའོ། །གལ་ཏེ་གང་ཟག་གི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་དེ་གང་ཟག་གི་བདེན་འཛིན་ཡིན་པས་ཉོན་སྒྲིབ་ཡིན་ལ། དེ་འདིར་བསྟན་རྟོག་པར་མི་འདོད་དོ་སྙམ་ན། དེ་དེ་མིན་ཏེ། གང་ཟག་གི་བདེན་འཛིན་ནི་ཕུང་པོ་ལ་དམིགས་ནས་ངར་འཛིན་པའི་བློ་ཡིན་ལ། འདི་ནི་དེ་ལ་དམིགས་ནས་བདེན་པར་འཛིན་པའི་བློ་ཡིན་པའི་ཕྱིར། ཤེས་བྱ་ཀུན་རིག་གི་དགོངས་པ་དཔྱིས་ཕྱིན་པར་བཀོད་པའོ། །ངོ་བོ་ཉིད་དང་རིགས་དང་ནི། །ཞེས་པའི་སྐབས་སུ། ཁ་ཅིག བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་ཤེས་སྒྲིབ་གང་ཞིག བྱང་སེམས་ཀྱི་ལམ་འབྲས་བུ་དང་བཅས་པ་ལ་འཇུག་བྱར་མངོན་པར་ཞེན་པའི་བློ་དེ་གཟུང་རྟོག་དང་པོའི་མཚན་ཉིད་ཟེར་ན། བྱང་སེམས་ཀྱི་ལམ་ཁོ་ན་ལ་འཇུག་བྱར་མངོན་པར་ཞེན་པའི་བློ་ཆོས་ཅན། ཕྱི་ཟུར་དུ་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དང་གཅིག་ཡིན་པའི་ཕྱིར། ཁ་ཅིག གང་ཞིག ངོ་བོ་ཉིད་ལ་སོགས་པའི་ཡུལ་དགུ་ལ་འཇུག་བྱར་མངོན་པར་ཞེན་པའི་བློ་ཟེར་ན། སྒོམ་སྤང་འཇུག་པ་གཟུང་རྟོག་ཆོས་ཅན། ཕྱི་མར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མཐོང་སྤང་དུ་གྱུར་པའི་འཇུག་པ་གཟུང་རྟོག་ཏུ་ཐལ་ལོ། །ཁ་ཅིག དེ་འདྲ་དེ་མཐོང་སྤང་དུ་གྱུར་པའི་འཇུག་པ་གཟུང་རྟོག་གི་མཚན་ཉིད་ཡིན་ཟེར། བྱང་སེམས་ཀྱི་ངོ་བོ་ཉིད་ཁོ་ན་ལ་འཇུག་བྱར་མངོན་པར་ཞེན་པའི་འཇུག་པ་གཟུང་རྟོག་ཆོས་ཅན། ཟུར་ཕྱི་མར་ཐལ། མཚོན་བྱ་དེའི་ཕྱིར། མ་གྲུབ་ན། མཐོང་སྤང་དུ་གྱུར་པའི་འཇུག་པ་གཟུང་རྟོག་དེ་ལ་ལམ་གྱི་ངོ་བོ་ཉིད་ལ་འཇུག་བྱར་ཞེན་པ་སོགས་དགུར་དབྱེ་བ་མི་འཐད་པར་ཐལ། མ་གྲུབ་པ་དེའི་ཕྱིར། རྩ་བར་འདོད་ན། བྱང་སེམས་ལམ་གྱི་ངོ་བོ་ཉིད་དེ་ངོ་བོ་ཉིད་ལ་སོགས་པའི་ཡུལ་དགུར་ཐལ་ལོ། །ཁ་ཅིག ཡུལ་དགུ་གང་རུང་ལ་ཞེས་པའི་ཁྱད་པར་སྦྱོར་རོ་ཞེ་ན། ངོ་བོ་ཉིད་ལ་སོགས་པའི་ཡུལ་དགུ་ཆར་ལ་འཇུག་པར་མངོན་པར་ཞེན་པའི་བློ་ཆོས་ཅན། ཟུར་ཕྱི་མ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། བྱང་སེམས་ལམ་གྱི་ངོ་བོ་ཉིད་ལ་འཇུག་བྱར་མངོན་པར་ཞེན་པའི་བློ་ཡིན་པར་ཐལ། འདོད་པ་གང་ཞིག གཞན་བརྒྱད་མིན་པའི་ཕྱིར། འདོད་ན། ངོ་བོ་ཉིད་ལ་སོགས་པའི་ཡུལ་དགུ་བྱང་སེམས་ལམ་གྱི་ངོ་བོ་ཉིད་དུ་ཐལ། འདོད་པ་དེའི་ཕྱིར། སྲིད་དང་ཞི་བར་ལྟུང་བའི་ཕྱིར། །ཞེས་པའི་སྐབས་སུ། ཁ་ཅིག བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་ཤེས་སྒྲིབ་གང་ཞིག ཐེག་དམན་གྱི་ལམ་འབྲས་བུ་དང་བཅས་པ་ལ་ལྡོག་བྱར་མངོན་པར་ཞེན་པའི་བློ་ལྡོག་པ་གཟུང་རྟོག་གི་མཚན་ཉིད་ཡིན་ཟེར། ཐེག་དམན་གྱི་ལམ་ཁོ་ན་ལ་ལྡོག་བྱར་ཞེན་པའི་ལྡོག་པ་གཟུང་རྟོག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ཁ་ཅིག དེ་གང་ཞིག རྟོག་པ་དམན་པ་སོགས་ཡུལ་དགུ་ལ་ལྡོག་བྱར་མངོན་པར་ཞེན་པའི་བློ་ཞེ་ན། སྒོམ་སྤང་ལྡོག་པ་གཟུང་རྟོག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ཁ་ཅིག་དེ་མཐོང་སྤང་ལྡོག་པ་གཟུང་རྟོག་གི་མཚན་ཉིད་ཡིན་ཟེར་ན། རྟོག་པ་དམན་པ་ཁོ་ན་ལ་ལྡོག་བྱར་མངོན་པར་ཞེན་པའི་ལྡོག་པ་གཟུང་རྟོགས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ཁ་ཅིག ཡུལ་དགུ་གང་རུང་ལ་ཞེས་པའི་ཁྱད་པར་སྦྱོར་ན། རྟོག་པ་དམན་པ་སོགས་ཡུལ་དགུ་ཆར་ལ་ལྡོག་བྱར་མངོན་པར་ཞེན་པའི་བློ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེ་རྣམས་ཀྱི་རྟགས་སྒྲུབ་ཚུལ་སྔར་ལྟར་ཤེས་སོ། །འཛིན་པ་དང་ནི་འདོར་བ་དང་། །ཞེས་པའི་སྐབས་སུ། ཁ་ཅིག བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་ཤེས་སྒྲིབ་གང་ཞིག འཛིན་འདོར་ལ་སོགས་པའི་ཡུལ་དགུ་ལ་བདེན་པར་མངོན་པར་ཞེན་པའི་བློ་དེ་རྫས་འཛིན་རྟོག་པའི་མཚན་ཉིད་ཡིན་ཟེར་ན། སྒོམ་སྤང་རྫས་འཛིན་རྟོག་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ཁ་ཅིག དེ་མཐོང་སྤང་རྫས་འཛིན་རྟོག་པའི་མཚན་ཉིད་ཡིན་ཞེས་དང་། ཡུལ་དགུ་གང་རུང་ལ་ཞེས་སྦྱོར་ན་སྔ་མ་ལྟར་རོ། །ཡང་མཚན་ཉིད་ཕྱི་མ་ལ། བདག་རང་དབང་ཅན་ལ་བདེན་པར་མངོན་པར་ཞེན་པའི་མཐོང་སྤང་རྫས་འཛིན་རྟོག་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། བདག་རང་དབང་ཅན་དང་ཞེས་པའི་སྐབས་ནས་བསྟན་པའི་རྟོག་པ་དེ་ལ་མཐོང་སྤང་དང་སྒོམ་སྤང་གཉིས་སུ་ཡོད་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཆོས་ཀྱི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། གང་ཟག་གི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་ཡིན་པའི་ཕྱིར། གཞན་ཡང་། སོ་སོ་སྐྱེ་བོ་འཕགས་དབྱེ་བས། །ཞེས་པའི་སྐབས་ནས་བསྟན་པའི་རྫས་འཛིན་རྟོག་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། སྔར་ལྟར་རོ། །ཆེད་བཞིན་ངེས་པར་མི་འབྱུང་དང་། །ཞེས་པའི་སྐབས་སུ། ཁ་ཅིག བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་ཤེས་སྒྲིབ་གང་ཞིག ཆེད་བཞིན་ངེས་པར་མི་འབྱུང་བ་ལ་སོགས་པའི་ཡུལ་དགུ་ལ་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་བློ་དེ་བཏགས་འཛིན་རྟོག་པའི་མཚན་ཉིད་ཡིན་ཞེ་ན། སྒོམ་སྤང་བཏགས་འཛིན་རྟོག་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ཁ་ཅིག དེ་མཐོང་སྤང་བཏགས་འཛིན་རྟོག་པའི་མཚན་ཉིད་ཡིན་ཞེས་དང་། ཡུལ་དགུ་གང་རུང་ལ་ཞེས་པའི་ཁྱད་པར་སྦྱོར་ནའང་སྔ་མས་ཤེས་སོ། །གཞན་ཡང་མཚན་ཉིད་ཕྱི་མ་ལ། གང་ཟག་ལ་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་མཐོང་སྤང་བཏགས་འཛིན་རྟོག་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། གཞན་ཡང་། སོ་སོ་སྐྱེ་བོ་འཕགས་དབྱེ་བས། །ཞེས་པས་བསྟན་པའི་བཏགས་འཛིན་རྟོག་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། སྔ་ཕྱི་གཉིས་ཆར་ལ་འདོད་ན། ཆོས་ཀྱི་དབང་དུ་བྱས་པའི་བཏགས་འཛིན་རྟོག་པ་དང་། ཕུང་པོ་ལ་སོགས་པའི་ཡུལ་དགུ་ལ་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་མཐོང་སྤང་བཏགས་འཛིན་རྟོག་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཕུང་པོ་ལ་སོགས་པའི་ཡུལ་དགུ་དང་། ཆེད་བཞིན་ངེས་པར་མི་འབྱུང་བ་ལ་སོགས་པའི་ཡུལ་དགུ་དོན་གཅིག་པར་ཐལ་ལོ། །རང་ལུགས་ནི། མཐོང་སྤང་དུ་གྱུར་པའི་འཇུག་པ་གཟུང་རྟོག་སོགས་བཞིའི་མཚན་ཉིད་རིམ་བཞིན། མཐོང་སྤང་དུ་གྱུར་པའི་ཤེས་སྒྲིབ་གང་ཞིག རང་ཡུལ་ལ་བླང་བྱའི་གཟུང་བར་མངོན་པར་ཞེན་པའི་བློ། དེ་གང་ཞིག རང་ཡུལ་ལ་དོར་བྱའི་གཟུང་བར་མངོན་པར་ཞེན་པའི་བློ། དེ་གང་ཞིག རང་ཡུལ་ལ་འཛིན་པ་པོར་བདེན་པར་མངོན་པར་ཞེན་པའི་བློ། དེ་གང་ཞིག རང་ཡུལ་ལ་འཛིན་པ་པོར་བཏགས་པ་ཙམ་དུ་མངོན་པར་ཞེན་པའི་བློ། དྲི་མ་ཟད་དང་མི་སྐྱེ་བའི། །ཞེས་པའི་སྐབས་སུ། བྱང་ཆུབ་ཆེན་པོའི་མཐའ་དཔྱད་པ་ལ། མཚན་གཞི་ལ་དཔྱད། མཚན་ཉིད་ལ་དཔྱད། སྒྲུབ་བྱེད་ལ་དཔྱད་པ་གསུམ་མོ། །དང་པོ་ལ། ཁ་ཅིག གནས་སྐབས་ཀྱི་བྱང་ཆུབ་ཆེན་པོ་ཡིན་ན་བྱང་ཆུབ་ཆེན་པོ་ཡིན་དགོས་ཏེ། ཐེག་ཆེན་གྱི་མཐོང་ལམ་དེ་བྱང་ཆུབ་ཆེན་པོ་ཡིན་པའི་ཕྱིར་ཏེ། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོའི་ཡེ་ཤེས་དེ་རང་འབྲས་བྱང་ཆུབ་ཆེན་པོ་དངོས་སུ་འབྱིན་བྱེད་ཡིན་པའི་ཕྱིར་ཏེ། དེ་ཚོགས་སྒྲུབ་ཡིན་པའི་ཕྱིར་ཞེ་ན། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོའི་ཡེ་ཤེས་དེ་རང་འབྲས་ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་དངོས་སུ་འབྱིན་བྱེད་ཡིན་པར་ཐལ། དེ་ཐེག་ཆེན་གྱི་སྒྲུབ་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཐེག་ཆེན་གྱི་མཐོང་ལམ་དེ་ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ་ཡིན་པར་ཐལ་ལོ། །ཁ་ཅིག ཐེག་ཆེན་གྱི་མཐོང་ལམ་དེ་བྱང་ཆུབ་ཆེན་པོ་ཡིན་པར་ཐལ། མཐོང་ལམ་རྩེ་སྦྱོར་འཆད་པའི་སྐབས་སུ། བྱང་ཆུབ་ཆེན་པོ་འཆད་པ་ལ་རྒྱུ་མཚན་ཡོད་པའི་ཕྱིར་ཞེ་ན། རྣམ་མཁྱེན་དེ་རང་བཞིན་གནས་རིགས་སུ་ཐལ། རྣམ་མཁྱེན་འཆད་པའི་སྐབས་སུ་རང་བཞིན་གནས་རིགས་འཆད་པ་ལ་རྒྱུ་མཚན་ཡོད་པའི་ཕྱིར། གཉིས་པ་ལ་དགག་གཞག་གཉིས། དང་པོ་ལ། ཁ་ཅིག དྲི་མ་ཟད་སྐྱེ་བདེན་པ་བ་མེད་པར་མངོན་སུམ་རྟོགས་པའི་ཡེ་ཤེས་དེ་བྱང་ཆུབ་ཆེན་པོའི་མཚན་ཉིད་ཡིན་ཟེར་ན། ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཁ་ཅིག དེའི་ཡེ་ཤེས་མཐར་ཐུག་ཅེ་ན། གཟུགས་སྐུ་གཉིས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གྲུབ་སྟེ། ཆོས་ཀྱི་སྐུ་ལ་སོགས་པ་ཇི་ལྟ་བ་བཞིན་གྱི་བདག་ཉིད་ནི་བྱང་ཆུབ་ཆེན་པོ་ཡིན་པར་བརྗོད་དོ་ཞེས་དང་། རྒྱུད་བླར། དེ་དབྱེ་ཟབ་དང་རྒྱ་ཆེ་དང་། །བདག་ཉིད་ཆེན་པོའི་ཡོན་ཏན་གྱི། །ཞེས་གསུངས་པའི་ཕྱིར། ཁ་ཅིག དྲི་མ་ཟད་སྐྱེ་བདེན་པ་བ་མེད་པར་རྟོགས་པའི་ཡེ་ཤེས་དང་ལྡན་པའི་སྐྱབས་གནས་མཐར་ཐུག་ཅེ་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་དྲི་མ་ཟད་སྐྱེ་བདེན་པ་མེད་པར་མངོན་སུམ་རྟོགས་པའི་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། སངས་རྒྱས་འཕགས་པ་དེ་སངས་རྒྱས་འཕགས་པ་དང་ལྡན་པར་ཐལ་ལོ། །གཉིས་པ་ནི། སྤངས་རྟོགས་མཐར་ཐུག་གི་སྐྱབས་གནས། དབྱེ་ན་སྐུ་གསུམ་མོ། །གསུམ་པ་ནི། དྲི་མ་དོན་དམ་པར་ཟད་པ་མེད་པ་དང་སྐྱེ་བ་མེད་པ་གཉིས། བྱང་ཆུབ་ཆེན་པོའི་དྲི་མ་གདོད་མ་ནས་ཟད་པ་དང་མི་སྐྱེ་བར་རྟོགས་པའི་སྒྲུབ་བྱེད་དུ་རིམ་པ་བཞིན་ཤེས་པར་བྱའོ། །གལ་ཏེ་དྲི་མ་ཟད་པར་རྟོགས་པའི་སྒྲུབ་བྱེད་དུ་དྲི་མ་ཟད་པ་མེད་པར་བཀོད་པ་ལ་འབྲེལ་མེད་དོ་ཞེ་ན་སྐྱོན་མེད་དེ། ཟད་པ་མེད་པ་ནི་དོན་དམ་པར་ཟད་པ་མེད་ཡིན་ལ། ཟད་པ་ནི་གདོད་མ་ནས་ཟད་པ་ཡིན་པ་གང་ཞིག དེ་གཉིས་དོན་གཅིག་པའི་ཕྱིར། དེ་ལ་ཁོ་ན་རེ། དྲི་མ་དོན་དམ་པར་སྐྱེ་བ་མེད་པ་དང་དྲི་མ་གདོད་མ་ནས་སྐྱེ་བ་གཉིས་དོན་གཅིག་པར་ཐལ། དྲི་མ་དོན་དམ་པར་ཟད་པ་མེད་པ་དང་གདོད་མ་ནས་ཟད་པ་གཉིས་དོན་གཅིག་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། ཟད་པ་ཞེས་པའི་སྒྲ་དོན་དེ་གདོད་མ་ནས་མེད་པ་དང་། གཉེན་པོས་གསར་དུ་ཟད་པར་བྱས་པ་གཉིས་ཀ་ལ་འཇུག་པ་གང་ཞིག སྐྱེ་བ་ཞེས་པའི་སྒྲ་དེ་རྒྱུ་རྐྱེན་གྱིས་གསར་དུ་སྐྱེ་བ་ཁོ་ན་ལ་འཇུག་པའི་ཕྱིར་དང་། གདོད་མ་ནས་སྐྱེ་བ་ལ་མི་འཇུག་པའི་ཕྱིར། དྲི་མ་ཟད་སྐྱེ་བདེན་པ་བ་མེད་པའི་སྒྲུབ་བྱེད་དུ། དབུས་མཐའ་ལས། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །ཞེས་གསུངས་པའི་ཕྱིར་བྱས་པ་ལ་ཁོ་ན་རེ། དེ་འདྲའི་གཞུང་དེ་ཆོས་ཅན། དྲི་མ་ཟད་སྐྱེ་བདེན་པ་བ་མེད་པར་མ་བསྟན་པར་ཐལ། དབུས་མཐའི་གཞུང་ཡིན་པའི་ཕྱིར། ཁྱབ་སྟེ། དེ་སེམས་ཙམ་པའི་རང་གཞུང་ཡིན་པའི་ཕྱིར། དེས་ན་གཞུང་འདི་དབུས་མཐའ་ན་ཡོད་ཀྱང་། དེ་དྲངས་པ་མིན་གྱི། དབུ་མའི་གཞུང་ཞིག་ལ་ཡོད་པ་དེ་དྲངས་པར་གསལ་ལོ་ཟེར་རོ། །སེམས་ཙམ་པའི་རང་གཞུང་དུ་ཁས་ལེན་ན། བདེན་མེད་སྟོན་བྱེད་མིན་དགོས་པར་ཐལ། དབུས་མཐའ་ལས་གསུངས་པའི་དེ་འདྲའི་གཞུང་དེས་བདེན་མེད་མ་བསྟན་པ་གང་ཞིག དབུ་མའི་གཞུང་ལས་གསུངས་པའི་དེ་འདྲའི་གཞུང་དེས་བདེན་མེད་བསྟན་པའི་ཕྱིར། འདོད་ན། བཀའ་རྒྱས་འབྲིང་བསྡུས་པ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། སེམས་ཙམ་པས་སེམས་ཙམ་པའི་ལྟ་བ་སྟོན་བྱེད་དུ་ཁས་ལེན་པའི་ཕྱིར། གཞན་ཡང་། ཆོས་ཀྱི་དབྱིངས་ལས་མ་གཏོགས་པར། །ཞེས་པའི་གཞུང་དེ་ཆོས་ཅན། བདག་མེད་མ་བསྟན་པར་ཐལ། དབུས་མཐའི་གཞུང་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དབུས་མཐའི་གཞུང་ཡིན་ན་དེ་ལས་གཞན་པའི་གཞུང་མིན་དགོས་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་སོགས་ཀྱི་ཚིགས་བཅད་དེ་ཆོས་ཅན། རྒྱུད་བླའི་གཞུང་མིན་པར་ཐལ། མངོན་རྟོགས་རྒྱན་གྱི་གཞུང་ཡིན་པའི་ཕྱིར། དེ་ལ་སྐྱེ་བ་དང་འཇིག་པས་སྟོང་། ཞེས་པའི་སྐབས་སུ། གཞུང་གི་འབྲེལ། གཞུང་སྤྱིའི་དོན། སོ་སོའི་སྒྲུབ་བྱེད་དང་གསུམ་ལས། དང་པོ་ནི། དྲི་མའི་ཆོས་བདེན་པར་ཡོད་པ་དང་། སྟོན་པ་སངས་རྒྱས་ཀྱིས་སྒྲིབ་གཉིས་སྤངས་པ་གཉིས་ཁས་བླངས་ནང་འགལ་བར་སྟོན་པའི་སྐབས་སུ། རྣལ་འབྱོར་ས་བཞི་སྟོན་པ་ལ་དེ་ལྟར་ཁས་ལེན་པ་དངོས་སྨྲ་བ་ཡིན་ཞིང་དེ་ལ་གསུམ་ལས། ཉན་ཐོས་སྡེ་གཉིས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པར་མ་རྟོགས་པར་གང་ཟག་གི་བདག་མེད་རྟོགས་པ་ཙམ་གྱིས་སྒྲིབ་པ་ཐམས་ཅད་སྤངས་ནས་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པ་དང་། སེམས་ཙམ་པས་ཐམས་ཅད་རང་བཞིན་མེད་པར་མ་རྟོགས་པར། གཟུང་འཛིན་གཉིས་སྟོང་གི་དེ་བཞིན་ཉིད་རྟོག་པ་ཙམ་གྱིས་སྒྲིབ་པ་ཐམས་ཅད་སྤངས་ནས་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པ་བཀག་ནས་བྱང་ཆུབ་ཆེན་པོ་ཐོབ་པ་ལ་རྣལ་འབྱོར་ས་བཞི་རིམ་གྱིས་སྐྱེད་དེ། སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་གྱི་ས་ལ་བརྟེན་ནས་ཤེས་སྒྲིབ་སྤོང་དགོས་སོ་ཞེས་ཤེས་པའི་ཆེད་དུ་རྣལ་འབྱོར་ས་བཞི་སྟོན་ཏོ། །གཉིས་པ་ལ། རྣལ་འབྱོར་སའི་མཚན་ཉིད། ས་མཚམས། གྲངས་ངེས། གོ་རིམ་ངེས་པ་དང་བཞིའོ། །དང་པོ་ནི། དགག་གཞག་གཉིས། དང་པོ་ནི། ཁ་ཅིག བདག་མེད་རྟོགས་པ་དང་། གཟུང་མེད་རྟོགས་པ་དང་། འཛིན་མེད་རྟོགས་པ་དང་། སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་གྱི་སའི་མཚན་ཉིད་རིམ་བཞིན། གང་ཟག་གི་བདག་མེད་རྟོགས་ནས་རྩེ་གཅིག་ཏུ་སྒོམ་པ་བྱེད་པའི་མདོ་སྡེ་པའི་ལྟ་བ་དང་། སྣང་བ་ཕྱི་རོལ་གྱི་དོན་མི་བདེན་པར་ཤེས་པའི་དོན་དུ་བདེན་མེད་རྟོགས་ནས་རྩེ་གཅིག་ཏུ་སྒོམ་པར་བྱེད་པའི་སེམས་ཙམ་རྣམ་བདེན་པའི་ལྟ་བ་དང་། གཟུང་བ་མེད་ན་འཛིན་པ་མེད་པའི་ཕྱིར་ན་གཟུང་འཛིན་གཉིས་སྟོང་གི་ཤེས་པ་ཡང་དག་པར་ཡོད་པར་ལྡན་པའི་སེམས་ཙམ་རྣམ་རྫུན་པའི་ལྟ་བ་དང་། ཆོས་ཐམས་ཅད་དོན་དམ་པར་སྤྲོས་བྲལ་དང་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུར་རྟོགས་ནས་སྒོམ་པའི་དབུ་མ་པའི་ལྟ་བ་དང་ཞེས་ཟེར་རོ། །འོ་ན་རྣལ་འབྱོར་གྱི་ས་བཞི་པོ་དེ་དབུ་མ་པའི་ལྟ་བ་རྟོགས་པའི་བློ་མིན་པར་ཐལ། ས་དང་པོ་གསུམ་པོ་དེ་དངོས་སྨྲ་བའི་ལྟ་བ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་བཤེས་ཀྱིས། དེ་ལ་སྐྱེ་བ་དང་འཇིག་པས་སྟོང་པའི་ཕྱིར་ཞེས་བྱ་བ་ལ་སོགས་སྙིང་རྗེ་ཆེན་པོའི་དོན་སྒོམ་པའི་རིམ་པ་ཡིད་ལ་བྱེད་པ་འདི་ནི་དབུ་མ་པའི་བསྟན་བཅོས་ལས་གསལ་བས་འདིར་བདག་གིས་མི་བསམ་མོ་ཞེས་གསུངས་པའི་ཕྱིར། གཞན་ཡང་འདིར་བསྟན་རྣལ་འབྱོར་གྱི་ས་བཞི་པོ་དེ་དངོས་སྨྲ་བའི་ལུགས་ཀྱི་བྱང་ཆུབ་ཆེན་པོ་ཐོབ་པའི་ཐབས་འགོག་པའི་ཆེད་དུ་བསྟན་པ་མིན་པར་ཐལ། རྟགས་སྔར་ལྟར་རོ། །འདོད་མི་ནུས་ཏེ། གསེར་གླིང་པས། ནང་གི་མུ་སྟེགས་པ་རྣམས་ཀྱིས་བྱང་ཆུབ་སྒྲུབ་པའི་ཐབས་མིན་པར་སྟོན་པའི་སྐབས་སུ་ཐམས་ཅད་དུ་འགྲོ་བ་མེད་པར་བསྟན་པ་ནི་བྱང་ཆུབ་ཇི་ལྟ་བ་དེ་ལྟ་བུ་ཡིན་པ་བླ་མའི་མན་ངག་མདོར་བསྡུས་ཏེ་བསྟན་པས་འཇུག་པའི་སྒོ་ནས་ཚིག་ལེའུར་བྱས་པ་ལས་མ་སྨོས་པའི་དོན་གྱི་ཤུགས་ཀྱིས་འཕངས་པ་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ་ཞེས་བཤད་པའི་ཕྱིར། གཞན་ཡང་ཐེག་ཆེན་ལམ་དུ་གསར་དུ་འཇུག་པའི་གང་ཟག་ཡིན་ན་དང་པོར་དངོས་སྨྲ་བའི་ལྟ་བ་རྒྱུད་ལ་སྐྱེད་དགོས་པར་ཐལ། དེ་ཡིན་ན་རྣལ་འབྱོར་ས་བཞི་རིམ་བཞིན་སྐྱེད་དགོས་པ་གང་ཞིག དང་པོ་གསུམ་པོ་དེ་དངོས་སྨྲ་བའི་ལྟ་བ་ཡིན་པའི་ཕྱིར། འདོད་ན། དང་པོ་ནས་དབུ་མ་པའི་ལྟ་བ་རྒྱུད་ལ་སྐྱེས་པའི་བྱང་སེམས་ཚོགས་ལམ་པ་མེད་པར་ཐལ་ལོ། །ཁ་ཅིག་རིམ་བཞིན། ཕུང་པོ་གང་ཟག་གི་བདག་མེད་དུ་རྟོགས་པའི་རྣལ་འབྱོར་དང་། གཟུང་བ་ཕྱི་དོན་མེད་པར་རྟོགས་པའི་རྣལ་འབྱོར་དང་། ཕྱི་དོན་འཛིན་པའི་ཤེས་པ་མ་འཁྲུལ་བ་མེད་པར་རྟོགས་པའི་རྣལ་འབྱོར་དང་། ཆོས་ཐམས་ཅད་བདག་མེད་རྟོགས་པའི་རྣལ་འབྱོར་ཟེར་རོ། །དང་པོ་ལ། ལམ་མ་ཞུགས་ཀྱི་གང་ཟག་གི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། དེ་འདྲ་ཡོད་པའི་ཕྱིར། ཕྱི་མ་གསུམ་ལ་རྣམ་མཁྱེན་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། རང་གི་ངོས་སྐལ་གྱི་ཤེས་སྒྲིབ་ཀྱི་གཉེན་པོར་ཐལ་ལོ། །ཁ་ཅིག མཚན་ཉིད་རིམ་བཞིན། ཕུང་པོ་གང་ཟག་གི་བདག་མེད་པར་བསྟན་པའི་དོན་སྒོམ་པར་བྱེད་པའི་མངོན་པར་རྟོགས་པ་གང་ཞིག གང་ཟག་གི་བདག་འཛིན་སྤངས་པའི་རྣལ་གྲོལ་དོན་དུ་གཉེར་བའི་རིགས་ཅན་དང་། གཟུང་བ་ཕྱི་དོན་མེད་པར་གཏན་ལ་ཕབ་པའི་དོན་སྒོམ་པར་བྱེད་པའི་མངོན་པར་རྟོགས་པ་གང་ཞིག ཕྱི་དོན་ལ་བདེན་པར་འཛིན་པའི་བདེན་འཛིན་སྤངས་པའི་དང་། ཕྱི་དོན་འཛིན་པའི་འཛིན་པ་མ་འཁྲུལ་བ་མེད་པར་བསྟན་པའི་དོན་སྒོམ་པར་བྱེད་པའི་དེ་གང་ཞིག དེ་ལྟར་འཛིན་པའི་འཛིན་པ་མ་འཁྲུལ་བ་ཡོད་པར་འཛིན་པའི་བདེན་འཛིན་སྤངས་པའི་དང་། ཆོས་ཐམས་ཅད་རང་བཞིན་མེད་པར་གཏན་ལ་ཕབ་པའི་དོན་སྒོམ་པར་བྱེད་པའི་དེ་གང་ཞིག ཆོས་ཐམས་ཅད་བདེན་པར་འཛིན་པའི་བདེན་འཛིན་སྤངས་པའི་རྣམ་གྲོལ་དོན་དུ་གཉེར་བའི་རིགས་ཅན་ནོ་ཟེར་རོ། །འོ་ན་ཉན་ཐོས་ཀྱི་སྦྱོར་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། བྱང་སེམས་ཀྱི་མངོན་རྟོགས་སུ་ཐལ། འདོད་པ་དེའི་ཕྱིར། མ་ཁྱབ་ན། འདིར་བསྟན་གྱི་རྣལ་འབྱོར་གྱི་ས་བཞི་པོ་དེ་བྱང་སེམས་ཀྱི་ཤེས་སྒྲིབ་སྤོང་བའི་ཆེད་དུ་རིམ་བཞིན་བསྐྱེད་པར་བྱ་བ་མིན་པར་ཐལ། མ་ཁྱབ་པ་དེའི་ཕྱིར། མཚན་ཉིད་ཕྱི་མ་ལ་བྱང་སེམས་ཀྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་ཆོས་ཅན། མཚོན་བྱར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། སྤྲོས་བྲལ་མངོན་སུམ་རྟོགས་པར་ཐལ། དེ་རྟོགས་པའི་རྣལ་འབྱོར་ཡིན་པའི་ཕྱིར། འདོད་ན། ཆོས་དབྱིངས་ཀུན་ཏུ་འགྲོ་བའི་ཚུལ་གྱིས་རྟོགས་པའི་ཡེ་ཤེས་ཡིན་ན་ཆོས་དབྱིངས་མངོན་སུམ་རྟོགས་པས་མ་ཁྱབ་པར་ཐལ། ཆོས་དབྱིངས་རྟོགས་པའི་ཡེ་ཤེས་ཡིན་ན་དེ་མངོན་སུམ་རྟོགས་པའི་ཡེ་ཤེས་ཡིན་པས་མ་ཁྱབ་པའི་ཕྱིར། ཁྱབ་པ་སྒྲིགས་མཚམས་དང་བཅས་པ་ཁས་བླངས། གཉིས་པ་ནི། མཚན་ཉིད་རིམ་བཞིན། ཆོས་ཐམས་ཅད་བདག་མེད་པར་རྟོགས་པའི་ལྟ་བ་བསྐྱེད་པའི་ཆེད་དུ་ཕུང་པོ་གང་ཟག་གི་བདག་མེད་པར་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་ཚོགས་ལམ་གྱིས་བསྡུས་པའི་མངོན་རྟོགས་དང་། གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པའི་བྱང་སེམས་ཀྱི་དྲོད་རྩེ་གང་རུང་གིས་བསྡུས་པའི་མངོན་རྟོགས་དང་། འཛིན་པ་རང་བཞིན་མེད་པའི་དོན་ལ་གསལ་སྣང་ཐོབ་པའི་བཟོད་མཆོག་གང་རུང་གིས་བསྡུས་པའི་མངོན་པར་རྟོགས་པ་དང་། ཆོས་ཐམས་ཅད་སྤྲོས་པའི་མཐའ་བཞི་དང་བྲལ་བར་མངོན་སུམ་རྟོགས་པའི་ཡེ་ཤེས་གང་ཞིག རང་གི་ངོས་སྐལ་གྱི་ཤེས་སྒྲིབ་ཀྱི་དངོས་གཉེན་དུ་གྱུར་པའམ། ཡང་ན་ཕྱི་མའི་མཚན་ཉིད་ལ། དེ་ལྟར་རྟོགས་པའི་མཁྱེན་པ་གང་ཞིག རང་གི་ངོས་སྐལ་གྱི་ཤེས་སྒྲིབ་ཀྱི་གཉེན་པོའི་རིགས་སུ་གནས་པའི་མངོན་རྟོགས་སོ། །གཉིས་པ་ལ། དངོས་དང་རྩོད་པ་སྤང་བ་གཉིས་ལས། དང་པོ་ལ། དང་པོ་ནི་ཐེག་ཆེན་གྱི་ཚོགས་ལམ་དུ་བསྒོམ་པར་བྱ་བ་ཡིན་ཏེ། དེར་ཆོས་ཀྱི་བདག་མེད་པར་རྟོགས་པའི་སྣོད་རུང་དུ་བྱ་བའི་ཕྱིར་རམ། ཉོན་མོངས་པའི་འཆིང་བ་གནོན་པའི་ཕྱིར་དུ་བསྒོམ་དགོས་པའི་ཕྱིར། གཉིས་པ་ནི་ཐེག་ཆེན་གྱི་དྲོད་རྩེ་གཉིས་སུ་བསྒོམ་པར་བྱ་བ་ཡིན་ཏེ། དེར་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ལྷག་པའི་ཕྱིར། གསུམ་པ་ནི་ཐེག་ཆེན་གྱི་བཟོད་མཆོག་གཉིས་སུ་བསྒོམ་པར་བྱ་བ་ཡིན་ཏེ། དེར་འཛིན་པ་རང་བཞིན་མེད་པའི་དོན་ལ་གསལ་སྣང་ལྷག་པའི་ཕྱིར། བཞི་པ་ནི་ཐེག་ཆེན་གྱི་མཐོང་ལམ་ནས་བསྒོམ་པར་བྱ་བ་ཡིན་ཏེ། དེར་གཟུང་འཛིན་གྱི་རྣམ་རྟོག་བཞིའི་ས་བོན་གྱི་དངོས་གཉེན་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ནི། ཁ་ཅིག་ན་རེ། རྣལ་འབྱོར་ས་བཞིའི་ལམ་རིམ་དེ་ལྟར་དུ་འཇོག་པ་མི་འཐད་དེ། དེ་དོན་སྤྱིའི་ཚུལ་གྱིས་རྟོགས་པ་ལ་བྱེད་ན་ཐེག་ཆེན་གྱི་ཚོགས་ལམ་ནས་འཇོག་རིགས་པའི་ཕྱིར་དང་། མངོན་སུམ་རྟོགས་པ་ལ་བྱེད་ན་བཞི་ཀའང་ཐེག་ཆེན་གྱི་མཐོང་ལམ་ནས་འཇོག་རིགས་པའི་ཕྱིར་ཟེར། འོ་ན་གཟུང་འཛིན་གྱི་རྣམ་པར་རྟོག་པ་མངོན་གྱུར་པ་བཞི་པོ་དེ་ཐེག་ཆེན་གྱི་སྦྱོར་ལམ་བཞི་ལ་རིམ་བཞིན་སྤང་བྱར་ལྡན་པ་མིན་པར་ཐལ། ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པ་ལ་སོགས་པ་བཞི་པོ་དེ་དོན་སྤྱིའི་ཚུལ་གྱིས་རྟོགས་པ་ཐེག་ཆེན་གྱི་ཚོགས་ལམ་ནས་ཡོད་པའི་ཕྱིར་དང་། མངོན་སུམ་དུ་རྟོགས་པ་ཐེག་ཆེན་གྱི་མཐོང་ལམ་མ་ཐོབ་ཀྱི་བར་མེད་པའི་ཕྱིར། རྟགས་ཁས། ཡང་ཚོགས་སྒྲུབ་དང་པོ་བཅོ་ལྔའི་མ་མཐའི་ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོ་ནས་འཇོག་པ་དང་། ཕྱི་མ་གཉིས་ཀྱི་མ་མཐའི་ས་མཚམས་ཐེག་ཆེན་གྱི་མཐོང་ལམ་ནས་འཇོག་པ་དེ་མི་འཐད་པར་ཐལ། གནས་སྐབས་ཀྱི་བྱང་ཆེན་སྐྱེད་པའི་ཚོགས་སྒྲུབ་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོ་ན་ཡོད་ཅིང་། མཐར་ཐུག་གི་བྱང་ཆེན་དངོས་སུ་སྐྱེད་པ་རྒྱུན་མཐའ་ན་ཡོད་པའི་ཕྱིར། ཁྱབ་པ་ཁས། གསུམ་པ་གྲངས་ངེས་ལ། དགག་གཞག་གཉིས། དང་པོ་ལ། དར་ཊཱིཀ་པ་ན་རེ། ཁ་ཅིག རྣལ་འབྱོར་གྱི་ས་གཉིས་པས་སེམས་ཙམ་པའི་ལྟ་བ་དང་མཐུན་པའི་རྣལ་འབྱོར་གྱི་ས་དང་། གསུམ་པས་རང་ལུགས་ཀྱི་ལྟ་བ་དང་མཐུན་པའི་རྣལ་འབྱོར་གྱི་ས་སྟོན་པར་འདོད་པ་ནི་མི་འཐད་དེ། ས་བཞི་པས་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལ་བརྟེན་པའི་ལྟ་བ་བསྟན་པ་གང་ཞིག དེ་ལས་གོང་དུ་གྱུར་པའི་ལྟ་བ་ཁས་ལེན་པའི་སེམས་ཙམ་པ་མེད་པའི་ཕྱིར། རྣལ་འབྱོར་གྱི་ས་གཞི་འདོད་པ་མི་འཐད་དེ། སྔོན་པོ་སྔོ་སྣང་ཤེས་པ་ལས་རྫས་གཞན་མིན་པར་རྟོགས་ནས། སྔོ་སྣང་ཤེས་པ་སྔོན་པོ་ལས་རྫས་གཞན་མ་ཡིན་པར་མ་རྟོགས་པའི་རིམ་པ་འདོད་པའི་གང་ཟག་མེད་པའི་ཕྱིར། དེས་ན་རྣལ་འབྱོར་གྱི་ས་དེ་ལ་གསུམ་དུ་ངེས་པ་ཡིན་ཏེ། གང་ཟག་གི་བདག་མེད་རྟོགས་པའི་དང་། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་རྟོགས་པ་དང་། སྟོང་ཉིད་ཕྲ་མོ་རྟོགས་པའི་རྣལ་འབྱོར་གྱི་ས་གསུམ་དུ་ངེས་པའི་ཕྱིར། འོ་ན་སློབ་དཔོན་གྱིས། སྔོན་པོ་དང་དེའི་བློ་དག་ལྷན་ཅིག་དམིགས་པར་ངེས་པའི་ཕྱིར་ཞེས་པའི་སྐབས་སུ་བསྟན་པའི་རྣལ་འབྱོར་གྱི་ས་དང་། གཟུང་བ་མེད་ན་འཛིན་པ་མེད་དོ་སྙམ་དུ་ངེས་པར་བྱས་ནས་ཞེས་པས་རྣལ་འབྱོར་གྱི་ས་སོ་སོར་བསྟན་པ་ལྟར་སྣང་བ་ཅི་ཡིན་ཞེ་ན། གཞུང་དངོས་མཉམ་གཞག་གི་གནས་སྐབས་སུ་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་རྟོགས་པ་དང་། ཕྱི་མས་རྗེས་ཐོབ་ཏུ་གཟུང་འཛིན་གཉིས་སུ་སྣང་བའི་བློ་འཁྲུལ་པར་རྟོགས་པའི་རིམ་པ་སྣང་བ་ཡིན་གྱི། དེ་གཉིས་ཀྱི་གནས་སྐབས་ནས་བསྟན་པའི་རྣལ་འབྱོར་གྱི་ས་གཉིས་པོ་དེ་ལ་བཟང་ངན་ཡོད་པ་ནི་མིན་ནོ་ཟེར་རོ། །སེམས་ཙམ་རྣམ་བདེན་པའི་ལྟ་བ་ལས་ལྷག་པའི་སེམས་ཙམ་པ་མེད་པར་ཐལ། སེམས་ཙམ་རྣམ་བདེན་པས་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ལ་བརྟེན་པའི་ལྟ་བ་ཁས་ལེན་པ་གང་ཞིག དེ་ལས་གོང་དུ་གྱུར་པའི་ལྟ་བ་ཁས་ལེན་པའི་སེམས་ཙམ་པ་མེད་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དེ་རྣམ་བདེན་པས་རྣམ་པ་བདེན་པར་འདོད་པ་དང་། ཅིག་ཤོས་ཀྱིས་རྫུན་པར་འདོད་པའི་གཞི་གཅིག་མེད་པར་ཐལ། འདོད་པ་དེའི་ཕྱིར། གཞན་ཡང་སྔོན་པོ་དང་དེའི་བློ་དག་ཞེས་སོགས་ཀྱིས་བསྟན་པའི་རྣལ་འབྱོར་གྱི་ས་དང་། གཟུང་བ་མེད་ན་འཛིན་པ་མེད་དོ་ཞེས་པའི་སྐབས་ནས་བསྟན་པའི་རྣལ་འབྱོར་གྱི་ས་དེ་མཉམ་གཞག་དང་རྗེས་ཐོབ་ལ་འཇོག་པ་དེ་མི་འཐད་པར་ཐལ། མཉམ་གཞག་ཏུ་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་རྟོགས་ནས། གཟུང་འཛིན་གཉིས་སུ་སྣང་བའི་བློ་འཁྲུལ་པར་མ་རྟོགས་པའི་རིམ་པ་འདོད་པའི་གང་ཟག་མེད་པའི་ཕྱིར་དང་། རྗེས་ཐོབ་ཏུ་ཡང་དེ་ལྟར་མི་འཐད་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་གཟུང་བ་མེད་ན་འཛིན་པ་མེད་དོ་ཞེས་པའི་གཞུང་དེ་སྔོ་སྣང་ཤེས་པ་སྔོན་པོ་ལས་རྫས་གཞན་མིན་པར་རྟོགས་པའི་རྣལ་འབྱོར་གྱི་ས་གཅིག་བསྟན་པར་ཐལ། ཁྱོད་ཀྱིས་གཞན་ལུགས་འགོག་པ་དེ་ལ་ཁྱབ་པ་ཡོད་པའི་ཕྱིར། འདོད་ན། གཞུང་དེས་རྗེས་ཐོབ་ཀྱི་རྣལ་འབྱོར་གྱི་ས་ཁོ་ན་བསྟན་པ་མིན་པར་ཐལ། འདོད་པ་གང་ཞིག གཟུང་འཛིན་རྫས་གཞན་གྱིས་སྟོང་ཉིད་རྟོག་པའི་མཉམ་གཞག་ཡིན་ན་སྔོར་སྣང་ཤེས་པ་སྔོན་པོ་ལས་རྫས་གཞན་མིན་པར་རྟོགས་དགོས་པའི་ཕྱིར། གཞན་ཡང་འཛིན་པའི་རྣམ་པའི་མཚན་ཉིད་རྣམ་པར་རིག་པ་ཙམ་བསལ་ཏེ་ཞེས་པའི་ཡང་སྒྲ་དེ། འཛིན་པའི་རྣམ་པ་ཅན་གྱི་སེམས་ལ་མངོན་པར་ཞེན་པ་ཡོངས་སུ་མ་བོར་བས་ཞེས་པ་ལ་སྙག་པ་མིན་པར་ཐལ། གཞུང་བར་པ་གཉིས་ནས་བསྟན་པའི་རྣལ་འབྱོར་གྱིས་ས་ལ་བཟང་ངན་མེད་པའི་ཕྱིར། རྟགས་ཁས། འདོད་ན། དེའང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་ཞེས་པའི་ཡང་སྒྲ་དེ། གཉིས་སུ་མེད་པའི་ཡེ་ཤེས་འབའ་ཞིག་འདི་ཡང་དག་པར་ཡོད་པའི་ངོ་བོ་ཡིན་ནོ་སྙམ་དུ་ངེས་པར་བྱས་ནས་ཞེས་པ་ལ་སྙག་པ་མིན་པར་ཐལ། འདོད་པ་དེའི་ཕྱིར། གཉིས་པ་ནི། རྣལ་འབྱོར་གྱི་ས་དེ་ལ་བཞིར་གྲངས་ངེས་ཏེ། ཡུལ་བདག་མེད་ལ་ལྟོས་ནས་ཀྱང་དེར་ངེས་པ་དང་། སྤང་བྱ་སྒྲིབ་པ་ལ་ལྟོས་ནས་ཀྱང་བཞིར་གྲངས་ངེས་པའི་ཕྱིར། དང་པོ་དེར་ཐལ། ཡུལ་བདག་མེད་ལ་གང་ཟག་གི་བདག་མེད་དང་། ཆོས་ཀྱི་བདག་མེད་གཉིས། ཕྱི་མ་ལ་བདེན་པ་བཀག་ཙམ་གྱི་ཆོས་ཀྱི་བདག་མེད་དང་། མཐའ་བཞིའི་སྤྲོས་པ་དང་བྲལ་བའི་དེའི་བདག་མེད་གཉིས། དང་པོ་ལའང་གཟུང་བ་ཕྱི་རོལ་གྱི་དོན་དུ་བདེན་པ་བཀག་ཙམ་གྱི་ཆོས་ཀྱི་བདག་མེད་དང་། དེ་འཛིན་པའི་ཤེས་པ་ལ་བདེན་པ་བཀག་ཙམ་གྱི་ཆོས་ཀྱི་བདག་མེད་གཉིས་སུ་འདུས་པའི་ཕྱིར། རྩ་རྟགས་ཕྱི་མ་དེར་ཐལ། སྤང་བྱ་སྒྲིབ་པ་དེ་ལ་ཤེས་སྒྲིབ་དང་ཉོན་སྒྲིབ་གཉིས་ལས། དང་པོ་ལ་མངོན་གྱུར་དང་ས་བོན་གཉིས། དང་པོ་ལ་གཟུང་རྟོག་དང་འཛིན་རྟོག་མངོན་གྱུར་པ་གཉིས་ཡོད་པའི་ཕྱིར། བཞི་པ་གོ་རིམ་ངེས་པ་ནི། བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས་ནི་དང་པོར་སྒོམ་དགོས་ཏེ། ཕུང་པོ་ལ་དམིགས་ནས་ངར་འཛིན་པའི་བློ་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན་པས་དང་པོར་འགོག་དགོས་པའི་ཕྱིར་ཏེ། འཇུག་པར། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་གསུངས་པའི་ཕྱིར། དེའི་འོག་ཏུ་ཆོས་ཀྱི་བདག་མེད་རྟོགས་པའི་ལྟ་བ་སྒོམ་དགོས་ཏེ། དེ་མི་སྐྱེད་པར་ཤེས་སྒྲིབ་སྤོང་མི་ནུས་པའི་ཕྱིར། དེ་ལའང་གཟུང་བ་ཕྱི་རོལ་གྱི་དོན་ལ་བདེན་པར་འཛིན་པ་དེ་འགོག་སླ་བས་དང་པོར་འགོག་ཅིང་། དེའི་རྗེས་སུ་འཛིན་པ་ལ་བདེན་པར་འཛིན་པ་འགོག་པ་ཡིན་ཏེ། འཇུག་པ་ལས། ཤེས་བྱ་མེད་ན་ཤེས་པ་བཀག་འགྲུབ་པས། །དང་པོར་ཤེས་བྱ་དགག་པར་མཛད་པ་ཡིན། །ཞེས་གསུངས་སོ། །དེའི་འོག་ཏུ་སྤྲོས་བྲལ་རྟོགས་པའི་ལྟ་བ་སྒོམ་དགོས་ཏེ། ཤེས་སྒྲིབ་ཀྱི་ས་བོན་སྤོང་བ་ལ་ཐེག་ཆེན་ཐུན་མོང་མིན་པའི་རྟོགས་རིགས་དགོས་པའི་ཕྱིར་ཏེ། མདོ་སྡེ་ས་བཅུ་པ་ལས། སངས་རྒྱས་ཀྱི་ཆོས་རྗེས་སུ་རྟོགས་པ་བྱ་བ་ལ། འདི་ནི་དོན་དམ་པའི་བཟོད་པ་ཡིན་ན། ཞེས་གསུངས་པའི་ཕྱིར། གསུམ་པ་གཞུང་སོ་སོའི་སྒྲུབ་བྱེད་ལ། རྣལ་འབྱོར་གྱི་ས་དང་པོའི་སྐབས་སུ་གང་ཟག་གི་བདག་མེད་པར་སྒྲུབ་པའི་རིགས་པ། གཉིས་པའི་སྐབས་སུ་གཟུང་བ་ཕྱི་རོལ་གྱི་དོན་མེད་པར་སྒྲུབ་པའི་རིགས་པ། གསུམ་པའི་སྐབས་སུ་གཟུང་བ་མེད་པས་དེ་འཛིན་མེད་པར་སྒྲུབ་པའི་རིགས་པ། བཞི་པའི་སྐབས་སུ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྒྲུབ་པའི་རིགས་པ་དང་བཞི་ལས། དང་པོ་ལ། སློབ་དཔོན་ཟླ་གྲགས་ཀྱི་ལུགས། དབྱིག་གཉེན་གྱི་ལུགས། ལེགས་ལྡན་འབྱེད་ཀྱི་ལུགས་དང་གསུམ། དང་པོ་ནི། ཕུང་པོ་དམིགས་ཡུལ་དུ་བྱས་ནས་ངར་འཛིན་ལྷན་སྐྱེས་ཀྱིས་ངའོ་སྙམ་དུ་གཟུང་བའི་ཡུལ་གང་ཟག་དང་། དེ་རང་བཞིན་གྱིས་གྲུབ་པ་གང་ཟག་གི་བདག་ཡིན་ནོ། །གལ་ཏེ་ཕུང་པོ་ལ་བདག་ཏུ་འདོགས་ཏེ། ཕུང་པོ་བདག་གི་གདགས་གཞི་ཡིན་པའི་ཕྱིར་ཟེར་ན། གཏན་ཚིགས་མ་གྲུབ་སྟེ། ཕུང་པོ་ལ་དམིགས་ནས་ངར་འཛིན་ལྷན་སྐྱེས་དེས་གཞི་མེད་ལ་བདག་ཏུ་གཟུང་བའི་ཕྱིར། གང་ཟག་གི་བདག་མེད་པ་ནི་ངར་འཛིན་ལྷན་སྐྱེས་ཀྱི་ཡུལ་དུ་གྱུར་པའི་བདག་དེ་ངོ་བོ་ཉིད་ཀྱིས་མ་གྲུབ་སྟེ། རྟགས་གཅིག་རང་དབང་ཅན་གྱི་བདག་མེད་པར་རྟོགས་པས་གང་ཟག་གི་བདག་མེད་པར་རྟོགས་པར་མི་འགྱུར་ཏེ། གང་ཟག་གི་བདག་མེད་རྟོགས་པའི་དོན་བསྒོམས་པས་འཁོར་བ་ལས་གྲོལ་བ་གང་ཞིག རྟགས་གཅིག་རང་དབང་ཅན་གྱི་བདག་མེད་བསྒོམ་པས་འཁོར་བ་ལས་གྲོལ་བར་མི་འགྱུར་བའི་ཕྱིར་ཏེ། དེས་ལྷན་སྐྱེས་ཀྱི་བདག་འཛིན་ལ་མི་གནོད་པའི་ཕྱིར། གཉིས་པ་ནི། བདག་ཅེས་བརྗོད་པའི་སྒྲ་དེ་ཕུང་པོའི་རྒྱུན་ཁོ་ན་ལ་འཇུག་སྟེ། ངར་འཛིན་ལྷན་སྐྱེས་ཀྱི་ཕུང་པོའི་རྒྱུན་ལ་བདག་ཏུ་འདོགས་པའི་ཕྱིར། དེའང་མཛོད་འགྲེལ་ལས། བདག་ཏུ་མངོན་པར་བརྗོད་པ་འདི་ནི་ཕུང་པོའི་རྒྱུན་ཁོ་ན་ལ་འཇུག་གི་བརྗོད་པར་བྱ་བ་གཞན་ལ་ནི་མིན་ནོ་ཞེས་གསུང་ངོ་། །བདག་དེའང་གཟུགས་ཀྱི་སྐྱེ་མཆེད་བཞིན་དུ་རྫས་སུ་ཡོད་པ་ནི་མ་ཡིན་གྱི། རྡུལ་རྫས་བརྒྱད་ལ་འོ་མ་ཞེས་བརྗོད་པ་ལྟར་བཏགས་པ་ཙམ་དུ་ཡོད་པར་བཞེད་དེ། མཛོད་འགྲེལ་ལས། བཏགས་པར་ཡོད་དོ་ཞེ་ན་ཁོ་བོ་ཅག་ཀྱང་དེ་སྐད་སྨྲའོ་ཞེས་གསུངས་ཤིང་། གལ་ཏེ་བདག་རྫས་སུ་མེད་ན་སེམས་ཅན་སྐྱེ་བ་མི་འཐད་དོ་སྙམ་ན་སྐྱོན་མེད་དེ། ཕུང་པོ་ལ་སེམས་ཅན་དུ་སྒྲོ་བཏགས་ནས་ཕུང་པོའི་རྒྱུན་སྐད་ཅིག་སྔ་མ་ལས་ཕྱི་མ་སྐྱེ་བ་ལ་སེམས་ཅན་སྐྱེ་ཞེས་ཐ་སྙད་བྱེད་པའི་ཕྱིར་རོ། །དེས་ན་སྔར་གྱི་བདག་དེ་རྫས་སུ་ཡོད་པ་ལ་གང་ཟག་གི་བདག་དང་། དེར་འཛིན་པའི་བློ་དེ་གང་ཟག་གི་བདག་འཛིན་ཡིན་པས་གང་ཟག་གི་བདག་ནི་ཐ་སྙད་ཙམ་དུའང་མེད་དོ། །གསུམ་པ་ནི། རྣམ་པར་ཤེས་པའི་ཕུང་པོ་ལ་དམིགས་ནས་ངར་འཛིན་ལྷན་སྐྱེས་ཀྱིས་ངའོ་སྙམ་པའི་བདག་ཏུ་ཐ་སྙད་འདོགས་ཏེ། མདོ་ལས། བདག་ནི་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་ཐུལ་བ་ཡིས། །མཁས་པས་མཐོ་རིས་འཐོབ་པར་འགྱུར། །ཞེས་སེམས་ཐུལ་བ་ལ་བདག་ཐུལ་ཞེས་ཐ་སྙད་མཛད་པའི་ཕྱིར། དེས་ན་ངར་འཛིན་ལྷན་སྐྱེས་ཀྱི་ཡུལ་དུ་གྱུར་པའི་བདག་དེ་གྲུབ་མཐའ་ཕྱིན་ཅི་ལོག་གམ་ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གིས་རྟག་པ་གཅིག་པུ་རང་དབང་ཅན་དུ་སྒྲོ་འདོགས་པར་བྱེད་དེ། བདག་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་བདག་གིས་མྱོང་བར་མཐོང་ནས། བདག་རྟག་པར་སྒྲོ་འདོགས་པར་བྱེད། བདག་སྐྱེ་ནའང་གཅིག་པུར་སྐྱེ། འཆི་ནའང་གཅིག་པུར་འཆི་ཞེས་གཅིག་པུར་སྒྲོ་འདོགས་པར་བྱེད། བདག་ཅེས་པའི་འཛིན་སྟངས་ལ་བརྟེན་ནས་གཞན་ལ་རག་མ་ལས་པས་རང་དབང་ཅན་དུ་སྒྲོ་འདོགས་པར་བྱེད་པའི་ཕྱིར། གང་ཟག་གི་བདག་མེད་པའི་ཚུལ་ནི་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་པའི་ཡུལ་ནི་དོན་དམ་པར་མེད་པ་ཡིན་གྱི། ཐ་སྙད་དུ་ཡོད་ལ། ཀུན་བཏགས་ཀྱི་འཛིན་པའི་ཡུལ་གྱི་རྟག་པ་གཅིག་པོ་རང་དབང་ཅན་གྱི་བདག་ནི་ཐ་སྙད་ཙམ་དུ་ཡང་མེད་དོ། །གཉིས་པ་ནི། སེམས་ཙམ་པའི་གཞུང་རྣམས་ལས། སྣང་བ་སེམས་སུ་སྒྲུབ་པ་ལ་གསལ་ཞིང་རིག་པའི་རྟགས་ཀྱིས་སྒྲུབ་པ་དང་། ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་སྒྲུབ་པ་དང་གཉིས་ཡོད་དེ། རིགས་གཏེར་ལས། གསལ་དང་ལྷན་ཅིག་དམིགས་པས་འགྲུབ། །ཅེས་གསུངས་པའི་ཕྱིར། དང་པོ་ནི། གཟུགས་སོགས་སྣང་བ་ཆོས་ཅན། སེམས་ཀྱི་བདག་ཉིད་ཡིན་ཏེ། གསལ་བ་ཡིན་པའི་ཕྱིར། གཉིས་པ་ནི། རྣམ་ངེས་ལས། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་སྟེ། སྔོན་པོ་དང་དེར་འཛིན་ཚད་མ་ཆོས་ཅན། རྫས་གཞན་མིན་ཏེ། ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། དཔེར་ན་དབང་ཤེས་འཁྲུལ་པ་ལ་སྣང་བའི་ཟླ་གཉིས་ཀྱི་རྣམ་པ་བཞིན། དེ་ལའང་ཆོས་ཅན་གྱི་དོན། བསྒྲུབ་བྱའི་ཆོས་ཀྱི་དོན། གཏན་ཚིགས་ཀྱི་དོན་དང་གསུམ་ལས། དང་པོ་ནི། གཟུགས་སོགས་དོན་ལྔ་དང་། དེར་འཛིན་པའི་ཚད་མ་ལྔའོ། །གཉིས་པ་ནི། དེ་གཉིས་རྫས་གཞན་ཡིན་པ་བཀག་ནས། གཟུགས་སོགས་སྣང་བ་སེམས་དང་རྫས་གཅིག་ཏུ་སྒྲུབ་པའོ། །གསུམ་པ་ནི། ལྷན་ཅིག་པ་ནི་དུས་གཅིག་པ། དམིགས་པ་ནི་རྟོགས་པ། ངེས་པ་ནི་ཁྱབ་པའོ། །གསུམ་པ་ནི། གཟུང་བ་ཕྱི་རོལ་གྱི་དོན་འཛིན་པའི་འཛིན་པ་བདེན་པར་མེད་དེ། གཟུང་བ་ཕྱི་རོལ་གྱི་དོན་མེད་པའི་ཕྱིར། དཔེར་ན་གསད་བྱ་མོ་གཤམ་གྱི་བུ་མེད་པས་གསོད་བྱེད་ཀྱི་གཤེད་མ་མེད་པ་བཞིན་ནོ། །བཞི་པ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་མེད་པར་སྒྲུབ་པའི་རང་རྒྱུད་ཀྱི་གཏན་ཚིགས་ལ་ལྔར་ཡོད་དེ། ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ། རྒྱུ་ལ་དཔྱོད་པ་རྡོ་རྗེ་ཟེགས་མ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག ཐམས་ཅད་ལ་དཔྱོད་པ་རྟེན་འབྲེལ་གྱི་གཏན་ཚིགས་རྣམས་སོ། །གཏན་ཚིགས་བར་པ་གསུམ་གྱིས་ནི་སྐྱེ་བའི་སྤྲོས་པ་ཙམ་འགོག་གི བདེན་པ་སྤྱི་ལྡོག་ནས་མི་འགོག་པས་དབུ་མའི་ལུས་ཡོངས་སུ་རྫོགས་པ་མིན་ལ་གཏན་ཚིགས་དང་པོ་དང་མཐའ་མས་ནི་བདེན་པ་སྤྱི་ལྡོག་ནས་འགོག་པས་རང་བཞིན་མེད་པར་སྒྲུབ་པའི་རིག་པ་ཡོངས་སུ་རྫོགས་པ་ཡིན་ནོ། །འོན་ཀྱང་གཏན་ཚིགས་དང་པོ་བཞིས་ཡོད་པ་སྒྲོ་འདོགས་འགོག་གི མེད་པར་སྐུར་འདེབས་མི་འགོག་ཅིང་། རྟེན་འབྲེལ་གྱི་གཏན་ཚིགས་ཀྱིས་ནི་སྒྲོ་འདོགས་དང་སྐུར་འདེབས་གཉིས་ཀ་འགོག་པས་གཏན་ཚིགས་གཞན་རྣམས་ལས་ནུས་པ་ལྷག་པ་ཡིན་ཏེ། འདི་ལ་དགོངས་ནས་འཇུག་པ་ལས། དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་པའི་ཕྱིར། འོ་ན་དེ་གཉིས་ཀ་ཇི་ལྟར་འགོག་ཅེ་ན། རང་བཞིན་གྱིས་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། ཐ་སྙད་དུ་ཡོད་དེ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པའི་ཚུལ་གྱིས་སོ། །དེའང་། དང་པོ་གཅིག་དུ་བྲལ་གྱི་གཏན་ཚིགས་ལ། རྟགས་འགོད་པ། ཆོས་ཅན་སོགས་བཤད་པ། ཚུལ་སྒྲུབ་པ་དང་གསུམ་ལས། དང་པོ་ནི། གཟུགས་སོགས་སྣང་བ་འདི་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་དང་དུ་མ་གང་རུང་དང་བྲལ་བའི་ཕྱིར། དཔེར་ན་གཟུགས་བརྙན་བཞིན་ནོ། །གཉིས་པ་ལ་ཆོས་ཅན་གྱི་དོན། བསྒྲུབ་བྱའི་ཆོས་ཀྱི་དོན། དགག་བྱའི་དོན། གཏན་ཚིགས་ཀྱི་དོན་ནོ། །དང་པོ་ནི། དབུ་མ་པ་དང་དངོས་སྨྲ་བ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་གཟུགས་སོགས་སྣང་བ་ཙམ་ཆོས་ཅན་དུ་འཛིན་གྱི། བདེན་གྲུབ་ཀྱིས་ཁྱད་པར་དུ་བྱས་པ་དང་། བདེན་མེད་ཀྱིས་ཁྱད་པར་དུ་བྱས་པའི་སྣང་བ་ཆོས་ཅན་དུ་མི་འཛིན་ཏེ། ཤེས་འདོད་ཆོས་ཅན་ཡིན་ན་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་དགོས་པའི་ཕྱིར། གཉིས་པ་ནི། བདེན་མེད་སྒྱུ་མ་ལྟ་བུ་ལ་འདོད་པ་དང་། བདེན་པ་བཀག་ཙམ་གྱི་མེད་དགག་ལ་འདོད་པ་གཉིས་ལས། དང་པོ་ནི་མི་འཐད་དེ། མཐར་ཐུག་དཔྱོད་པའི་རིག་ངོར་ཡོངས་གཅོད་དུ་གྱུར་པའི་ཆོས་མེད་པའི་ཕྱིར། དེས་ན་ཕྱི་མ་ཁོ་ནའོ། །གསུམ་པ་ལ་ཁ་ཅིག བློ་ལ་མ་ལྟོས་པར་ཡུལ་རང་ངོས་ནས་གྲུབ་པ་བདེན་པའི་དོན་ཡིན་ལ་དེ་དགག་བྱ་ཡིན་ཞིང་། དབུ་མ་རང་རྒྱུད་པས་ནི་དངོས་སུ་བདེན་པ་ཁས་མི་ལེན་ཀྱང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་བླངས་པས་བདེན་དངོས་ཁས་བླངས་པའི་ཕྱིར་དེ་དབུ་མ་པ་ཡང་དག་མིན་ནོ་ཞེས་ཟེར་རོ། །འོ་ན། མཚན་ཉིད་ཀྱིས་གྲུབ་པ་རིགས་པས་དཔྱད་བཟོད་ལ་བྱེད་དམ། འཇོག་བྱེད་ལ་བྱེད། ཕྱི་མ་ལྟར་ན་ཟླ་བ་གྲགས་པས་ཀྱང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་བླངས་པར་འགྱུར་ཏེ། དེས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་མཚན་ཉིད་ཀྱིས་གྲུབ་པར་ཁས་བླངས་པའི་ཕྱིར། དང་པོ་ལྟར་ན་རང་རྒྱུད་པས་རིགས་པས་དཔྱད་བཟོད་དུ་གྲུབ་པའི་ཆོས་ཁས་བླངས་པ་མེད་དེ། སློབ་དཔོན་སེང་གེ་བཟང་པོས། འཁོར་བ་དང་རྣམ་པར་བྱང་བ་མི་མཐུན་པ་དང་གཉེན་པོ་སྣང་བརྙན་ཙམ་གྱི་ངོ་བོས་ཞེས་དང་། སློབ་དཔོན་ཡེ་ཤེས་སྙིང་པོས། གལ་ཏེ་རིགས་པའི་སྟོབས་ཀྱིས་ནི། །ཐ་སྙད་དུ་ཡང་མི་སྐྱེ་ཟེར། །དེ་བདེན་དེ་ཕྱིར་དེ་ན་དེ། །ཇི་ལྟར་སྣང་ཞིང་ཡིན་པར་གསུངས། །ཞེས་གསུངས་པའི་ཕྱིར། རང་ལུགས་ནི། དབུ་མ་པའི་དགག་བྱ་ལ་དངོས་ཀྱི་དགག་བྱ་དང་། ཆེད་དུ་བྱ་བའི་དགག་བྱ་གཉིས་ལས། དང་པོ་ནི། མཐའ་བཞིའི་སྤྲོས་པ་ཡིན་ལ། ཕྱི་མ་ནི། མཐའ་བཞིར་འཛིན་པའི་བློ་རྟག་འཛིན་ཅན་འདིའི་དགག་བྱ་ནི་མཐའ་དང་པོ་ཡིན་ཞིང་དེ་ལ་བག་ཆགས་ཀྱི་དབང་གིས་དང་པོ་ནས་བདེན་པར་འཛིན་པའི་ལྷན་སྐྱེས་ཀྱི་བདེན་འཛིན་དང་། དེའི་ཡུལ་བདེན་པ་ཡོད་པའི་སྒྲུབ་བྱེད་བཙལ་བ་ན། གྲུབ་མཐའ་སྨྲ་བ་རྣམས་ཀྱིས་སྒྲུབ་བྱེད་མང་དུ་བཀོད་ཀྱང་། ཐམས་ཅད་རིགས་པས་དཔྱད་བཟོད་དུ་འདོད་པར་མཚུངས་པས། དཔྱད་བཟོད་ཀྱི་དོན་བདེན་པ་ཡོད་པར་འཛིན་པའི་བློ་ནི་བདེན་འཛིན་ཀུན་བཏགས་ཡིན་པས་གཉིས་ཡོད་དོ། །འགོག་བྱེད་ཀྱི་རིགས་པ་ལའང་ཐལ་འགྱུར་དང་། རང་རྒྱུད་གཉིས་ཡོད་པ་ལས། དང་པོས་ཀུན་བཏགས་ཀྱི་བདེན་པ་འགོག ཕྱི་མས་ལྷན་སྐྱེས་ཀྱི་བདེན་པ་འགོག་ཏེ། སྒྲུབ་བྱེད་རིགས་པས་དཔྱད་བཟོད་ལ་གནོད་པ་བསྟན་པའི་སྒོ་ནས་བསྒྲུབ་བྱ་བདེན་པ་འགོག་དགོས་པའི་ཕྱིར། འོ་ན་ཀུན་བཏགས་ཀྱི་བདེན་པ་ལྡོག་པས་ལྷན་སྐྱེས་ཀྱི་བདེན་པ་ལྡོག་པར་ཇི་ལྟར་འགྱུར་ཞེ་ན། ལྷན་སྐྱེས་ཀྱི་བདེན་པ་ཡོད་པའི་སྒྲུབ་བྱེད་ཀུན་བཏགས་ཀྱི་བདེན་པའི་སྒྲུབ་བྱེད་ལས་གཞན་མེད་ལ། སྒྲུབ་བྱེད་མ་མཐོང་བ་ན་བསྒྲུབ་བྱ་ཁས་མི་ལེན་པ་རིགས་པ་སྨྲ་བ་ཐམས་ཅད་ཀྱི་ཚུལ་ཡིན་པའི་ཕྱིར། འོ་ན་ཐལ་འགྱུར་གྱི་འོག་ཏུ་རང་རྒྱུད་འགོད་མི་དགོས་སོ་སྙམ་ན། འདི་ནི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་ཡིན་པས་སྐྱོན་མེད་དོ། །བཞི་པ་ནི། བདེན་པའི་གཅིག་དང་དུ་མ་གང་རུང་དང་བྲལ་བ་གཏན་ཚིགས་ཀྱི་དོན་ཡིན་ཏེ། འདིར་བདེན་པ་འགོག་པའི་སྐབས་ཡིན་པའི་ཕྱིར། ཐ་སྙད་གཅིག་དང་དུ་མ་གང་རུང་དང་བྲལ་བ་གཏན་ཚིགས་ཀྱི་དོན་མིན་ཏེ། དེ་ལྟར་ན་ཕྱོགས་ཆོས་མི་འགྲུབ་པའི་ཕྱིར། གསུམ་པ་ཚུལ་སྒྲུབ་པ་ལ། ཕྱོགས་ཆོས་སྒྲུབ་པ་དང་། ཁྱབ་པ་སྒྲུབ་པ་གཉིས་ཏེ། དང་པོ་ནི། རྡུལ་ཕྲན་ཆོས་ཅན། བདེན་པའི་གཅིག་ཏུ་མེད་དེ། ཕྱོགས་ཀྱི་ཆ་དང་བཅས་པ་ཡིན་པའི་ཕྱིར། རྟགས་ཁས་བླངས་ཏེ། རྡུལ་ཕྲན་གྱིས་རགས་པ་རྩོམ་པར་ཁས་བླངས་པ་གང་ཞིག ཕྱོགས་ཀྱི་ཆ་བཅས་མིན་པར་རགས་པ་རྩོམ་མི་ནུས་པའི་ཕྱིར། རྡུལ་ཕྲན་བཀག་པས་རགས་པ་ཡང་ཁེགས་ཏེ། ཚོགས་པ་ཅན་མེད་ན་ཚོགས་པ་མེད་དགོས་པའི་ཕྱིར། རྡུལ་ཕྲན་དང་རགས་པ་གཉིས་ཀ་བཀག་པས་གཟུགས་ཅན་གྱི་ཁམས་བཅུ་ཡང་ཁེགས་ཏེ། དེ་བཅུ་རྡུལ་ཕྲན་གྱིས་རྩོམ་པ་ལས་བྱུང་བའི་རགས་པ་ཡིན་པའི་ཕྱིར། དེ་བཀག་པས་རྣམ་ཤེས་ཀྱི་ཁམས་ལྔ་ཡང་ཁེགས་ཏེ། དེའི་དམིགས་རྐྱེན་དང་བདག་རྐྱེན་མེད་པའི་ཕྱིར། དེ་བཀག་པས་ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཁེགས་ཏེ། དེའི་དེ་མ་ཐག་རྐྱེན་མེད་པའི་ཕྱིར། འཇུག་ཤེས་དྲུག་བཀག་པས་ཀུན་གཞིའི་རྣམ་ཤེས་ཡང་ཁེགས་ཏེ། དེའི་བག་ཆགས་གསོག་པ་པོ་མེད་པའི་ཕྱིར། དེ་ཁེགས་པས་ཉོན་ཡིད་ཁེགས་ཏེ། དེའི་དམིགས་པ་མེད་པའི་ཕྱིར། རྣམ་པར་ཤེས་པ་བཀག་པས་སེམས་བྱུང་ཁེགས་ཏེ། གཙོ་བོ་མེད་པས་འཁོར་མི་སྲིད་པའི་ཕྱིར། དེ་ལྟར་བདེན་པའི་གཅིག་བཀག་པས་དེའི་དུ་མ་ཁེགས་ཏེ། དུ་མ་ནི་གཅིག་བསགས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར། དཔེར་ན་ཤིང་མེད་ན་ནགས་ཚལ་མེད་པ་བཞིན་ནོ། །གཉིས་པ་ལ་རྗེས་ཁྱབ་སྒྲུབ་པ་དང་། ལྡོག་ཁྱབ་སྒྲུབ་པ་གཉིས། དང་པོ་ནི། མཐུན་དཔེ་གཟུགས་བརྙན་བདེན་མེད་དུ་གང་གིས་གྲུབ་པ་ཡིན་ཞེ་ན། གངས་པ་ཤེའུ་ན་རེ། གཟུགས་བརྙན་བདེན་མེད་དུ་མངོན་སུམ་གྱིས་གྲུབ་པ་ཡིན་ཏེ། དེ་ཚད་མས་གྲུབ་པ་གང་ཞིག རྟགས་ལ་མི་ལྟོས་པའི་ཕྱིར། དཔེར་འགྱུར་ཚུལ་ནི། གཟུགས་བརྙན་སྣང་ཡང་དེ་མི་བདེན་པ་དེ་བཞིན་དུ། གཟུགས་སུ་སྣང་ཡང་དེར་མི་བདེན་པ་ཡིན་ཞེས་གསུངས་སོ། །ཞི་བ་འཚོ་ན་རེ། དེ་རྗེས་དཔག་གིས་འགྲུབ་སྟེ་འདི་ལྟར། གཟུགས་བརྙན་ཆོས་ཅན། བདེན་པར་མེད་དེ། འདུས་བྱས་སུའང་མི་བདེན། འདུས་མ་བྱས་སུའང་མི་བདེན་པའི་ཕྱིར། ཕྱི་མ་དེར་ཐལ། དབང་ཤེས་ཀྱིས་དམིགས་པའི་ཕྱིར། སྔ་མ་དེར་ཐལ། ཤེས་པར་ཡང་མི་བདེན། ཕྱི་རོལ་དོན་དུའང་མི་བདེན་པའི་ཕྱིར། དང་པོ་དེར་ཐལ། ཕྱི་དོན་དུ་སྣང་བའི་ཕྱིར། ཕྱི་མ་དེར་ཐལ། མེ་ལོང་ནང་དུའང་མི་བདེན། དེ་ལས་གཞན་དུའང་མི་བདེན་པའི་ཕྱིར། སྔ་མ་དེར་ཐལ། གཟུགས་བརྙན་གཡོ་ཡང་མེ་ལོང་མི་གཡོ་བའི་ཕྱིར། ཕྱི་མ་དེར་ཐལ། གོ་ས་གཅིག་ཏུ་ཐོགས་བཅས་ཀྱི་གཟུགས་གཉིས་མི་རུང་བའི་ཕྱིར་ཞེས་གསུངས་སོ། །གཉིས་པ་ལྡོག་ཁྱབ་སྒྲུབ་པ་ནི། མི་མཐུན་ཕྱོགས་དང་གཏན་ཚིགས་གཞི་མཐུན་ཡོད་པ་ལ། གནོད་པ་ཅན་གྱི་ཚད་མ་སྟོན་པར་བྱེད་པ་སྟེ། བདེན་པར་གྲུབ་ན་བདེན་པའི་གཅིག་དང་དུ་མ་གང་རུང་དང་བྲལ་བ་མིན་དགོས་ཏེ། བདེན་པར་མེད་ན་བདེན་པའི་གཅིག་དང་དུ་མ་གང་རུང་དང་བྲལ་བ་ཡིན་དགོས་པའི་ཕྱིར་རོ། །འོ་ན་གཏན་ཚིགས་འདི་ལ་བརྟེན་ནས་དབུ་མ་པའི་ལྟ་བ་དུས་ནམ་ཙམ་རྒྱུད་ལ་སྐྱེས་པ་ཡིན་ཞེ་ན། བསྒྲུབ་བྱ་ངེས་པའི་དུས་དུ་སྐྱེས་པར་འདོད་པ་དང་། ཕྱོགས་ཆོས་ངེས་པའི་དུས་སུ་སྐྱེས་པར་འདོད་པ་གཉིས་ལས། དོན་སྒྲུབ་ཀྱི་གཏན་ཚིགས་ཡིན་ན་དང་པོ་འཐད་ཀྱང་། འདི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་ཡིན་པས་ཕྱི་མ་འཐད་དེ། བདེན་པའི་དུ་བྲལ་དུ་རྟོགས་པའི་ཚེ་བདེན་མེད་ཀྱི་དོན་རྟོགས་ཟིན་པའི་ཕྱིར་ཏེ། སློབ་དཔོན་དཔལ་སྦས་ཀྱིས་དེ་ཁོ་ན་ཉིད་ལ་འཇུག་པ་ལས། རང་བཞིན་མེད་དེ་ཐ་སྙད་དུ། །རུང་བ་ཉིད་དུ་སྒྲུབ་པར་བྱེད། །གཅིག་དང་དུ་མའི་རང་བཞིན་ཅན། །བྲལ་བའི་ཕྱིར་ན་རང་བཞིན་མེད། །ཅེས་གསུངས་པའི་ཕྱིར། གཉིས་པ་རྡོ་རྗེ་ཟེགས་མའི་གཏན་ཚིགས་ནི། ཕྱི་ནང་གི་དངོས་པོ་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་མེད་དེ། བདག་ལས་མི་སྐྱེ། གཞན་ལས་མི་སྐྱེ། གཉིས་ཀ་ལས་མི་སྐྱེ། རྒྱུ་མེད་ལས་མི་སྐྱེ་བའི་ཕྱིར། འདི་ལ་རྡོ་རྗེ་ཟེགས་མ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རྡོ་རྗེའི་ཆ་ཤས་རེ་རེས་ཀྱང་བྲག་རི་འཇོམས་པར་ནུས་པ་བཞིན། འདིའི་རིགས་པའི་ཆ་ཤས་རེ་རེས་ཀྱང་དངོས་པོར་སྨྲ་བའི་ལོག་རྟོག་གི་བྲག་རི་འཇོམས་པར་ནུས་པའི་ཕྱིར། འདིའི་ཕྱོགས་ཆོས་སྒྲུབ་པ་ལ་རྩ་ཤེར་ལས་དམ་བཅའ་བཞི་གསུངས་ཤིང་། དེ་ཉིད་སངས་རྒྱས་བསྐྱང་གིས་ཐལ་འགྱུར་གྱི་སྒོ་ནས་སྒྲུབ་པ་དང་། ལེགས་ལྡན་འབྱེད་ཀྱིས་རང་རྒྱུད་ཀྱི་སྒོ་ནས་སྒྲུབ་པ་གཉིས་ལས། དང་པོ་ནི། ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན། བདག་ལས་སྐྱེ་བ་མེད་དེ། སྐྱེ་བ་དོན་མེད་པ་དང་། སྐྱེ་བ་ཐུག་མེད་དུ་ཐལ་བའི་ཕྱིར། གཞན་ལས་ཀྱང་མི་སྐྱེ་སྟེ། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བའི་ཕྱིར་རོ། །གཉིས་ཀ་ལས་ཀྱང་མི་སྐྱེ་སྟེ། གཉིས་ཀའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །རྒྱུ་མེད་པར་མི་སྐྱེ་སྟེ། རྟག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བ་དང་། རྩོམ་པར་དོན་མེད་པར་ཐལ་བའི་ཕྱིར། འདི་དག་གི་རྣམ་པར་གཞག་པ་ལ་གཞན་ལ་གྲགས་ཀྱི་རྗེས་དཔག་འགལ་བ་བརྗོད་པའི་ཐལ་འགྱུར། རྒྱུ་མཚན་མཚུངས་པའི་མགོ་སྙོམས། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པས་མ་གྲུབ་པ། རང་རྒྱུད་ཀྱི་དམ་བཅའ་མེད་པར་ཐལ་བ་དང་ལྔ་ལས། དེའང་བདག་སྐྱེ་བཀག་པ་ལྟ་བུ་ལ་མཚོན་ན། གཞན་ལ་གྲགས་ཀྱི་རྗེས་དཔག་ནི། གྲངས་ཅན་པས་འཇིམ་པ་དང་བུམ་པ་བདག་ཉིད་གཅིག་ཏུ་ཁས་བླངས་པ་ལ། འཇིམ་པའི་དུས་ཀྱི་བུམ་པ་ཆོས་ཅན། རང་དང་བདག་ཉིད་གཅིག་ཏུ་གྱུར་པའི་རྒྱུ་ལས་སྐྱེ་བ་དོན་མེད་དེ། གྲུབ་ཟིན་པའི་ཕྱིར། དཔེར་ན་མངོན་གསལ་གྱི་བུམ་པ་བཞིན་ཞེས་པ་དེ་རྟགས་དང་མཐུན་དཔེ་ཕ་རོལ་པོས་ཁས་བླངས་ལ་བརྟེན་ནས་དགག་པ་ནི་གཞན་ལ་གྲགས་ཀྱི་རྗེས་དཔག་གོ །ཕ་རོལ་པོས་མངོན་པར་མི་གསལ་བའི་བུམ་པ་སྐྱེད་དགོས་ལ། མངོན་པར་གསལ་བའི་བུམ་པ་སྐྱེད་མི་དགོས་ཏེ། གྲུབ་ཟིན་པའི་ཕྱིར་ཞེ་ན། མངོན་པར་མི་གསལ་བའི་བུམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཞེས་པ་ནི་རྒྱུ་མཚན་མཚུངས་པའི་མགོ་སྙོམས། ཐུག་མེད་དུ་སྐྱེ་བར་ཐལ། གྲུབ་ཟིན་པའང་སྐྱེ་དགོས་པའི་ཕྱིར། སྐྱེ་བ་དོན་མེད་པར་ཐལ། གྲུབ་ཟིན་ཡང་སྐྱེ་དགོས་པའི་ཕྱིར་ཞེས་པ་ནི་འགལ་བ་བརྗོད་པའི་ཐལ་འགྱུར། གལ་ཏེ་འཇིམ་དུས་ཀྱི་བུམ་པ་སྐྱེད་དགོས་ཏེ། དེ་རྒྱུའི་བདག་ཉིད་དུ་ཡོད་པའི་ཕྱིར་ཞེ་ན། སྒྲུབ་བྱེད་བསྒྲུབ་བྱ་ལྟར་མ་གྲུབ་པའོ། །རང་རྒྱུད་ཀྱི་དམ་བཅའ་མེད་པར་ཐལ་བ་ནི་དངོས་སྨྲ་བ་དང་། བདེན་པར་གྲུབ་མ་གྲུབ་རྩོད་པ་བྱེད་པའི་ཚེ་རང་རྒྱུད་ཀྱི་དམ་བཅའ་མེད་པར་ཐལ་ཏེ། དེའི་ཚེ་དེ་དེ་ལྟར་ཡོད་ན་རིགས་ངོར་གྲུབ་དགོས་པའི་ཕྱིར། གཉིས་པ་ལེགས་ལྡན་འབྱེད་ཀྱིས་རང་རྒྱུད་ཀྱི་སྒོ་ནས་སྒྲུབ་པ་ནི། ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན། དོན་དམ་པར་བདག་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར། དོན་དམ་པར་གཞན་ལས་མི་སྐྱེ་སྟེ། གཞན་དུ་སྒྲུབ་ཟིན་པའི་ཕྱིར། བུམ་པ་བཞིན། གཉིས་ཀ་ལས་མི་སྐྱེ་སྟེ། གཉིས་ཀའི་རིགས་པ་བསྟན་ཟིན་པའི་ཕྱིར། རྒྱུ་མེད་པ་ལས་མི་སྐྱེ་སྟེ། སྤྱི་དང་ཁྱད་པར་དང་ལྡན་པའི་ཕྱིར། མྱུ་གུ་བཞིན་ནོ། །དེས་ན་རྩ་ཤེར་ལས། བདག་ལས་མ་ཡིན་གཞན་ལས་མིན། །ཞེས་སོགས་གསུངས་པའི་དམ་བཅའ་བཞི་པོ་སྒྲུབ་པ་ལ། ཐལ་འགྱུར་གྱི་སྒོ་ནས་སྒྲུབ་པ་དང་། རང་རྒྱུད་ཀྱི་སྒོ་ནས་སྒྲུབ་པ་གཉིས་འབྱུང་བས་ཐལ་རང་གཉིས་སུ་གྲགས་པ་ཡིན་གྱི། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཁས་མི་ལེན་པ་སོགས་ཀྱི་སྒོ་ནས་འབྱེད་པ་ནི་རང་གི་རྣམ་པར་རྟོག་པའི་རྡུལ་གྱིས་འཕགས་ཡུལ་གྱི་དབུ་མ་པ་ཆེན་པོ་རྣམས་ཀྱི་གདོང་འགེངས་པར་བྱེད་པ་ཡིན་པས། ཁོ་བོས་འབད་པས་ལོགས་ཤིག་ཏུ་འཆད་དོ། །གསུམ་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་ནི། ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་མེད་དེ། རྒྱུ་དུས་ན་ཡོད་པའང་མི་སྐྱེ། རྒྱུ་དུས་ན་མེད་པའང་མི་སྐྱེ་བའི་ཕྱིར། དཔེར་ན་ནམ་མཁའ་བཞིན། འདིའི་ཕྱོགས་ཆོས་སྒྲུབ་པ་ལ། གལ་ཏེ་རྒྱུ་དུས་ན་ཡོད་པ་སྐྱེའོ་ཞེ་ན། འདི་ལ་རྒྱུ་འབྲས་འཆོལ་བར་ཐལ་བ་དང་། རྒྱུ་འབྲས་ཐུག་མེད་དུ་ཐལ་བ་དང་། རྒྱུ་མེད་དུ་ཐལ་བའི་སྐྱོན་གསུམ་ལས། དང་པོ་ནི་རྒྱུ་འབྲས་གཉིས་ཀ་གྲུབ་ཟིན་པས་བསྐྱེད་བྱ་སྐྱེད་བྱེད་གང་ཡིན་སོ་སོར་གཟུང་དུ་མེད་པའོ། །གཉིས་པ་ནི་གྲུབ་ཟིན་པའང་སྐྱེད་དགོས་ན་ཐུག་མེད་དུ་ཐལ་བའོ། །གསུམ་པ་ནི་རྒྱུ་དུས་ན་ཡོད་པ་སྐྱེ་ན་རྒྱུས་འབྲས་བུ་ལ་ཕན་མ་བཏགས་པར་འགྱུར་བས་འབྲས་བུ་རྒྱུ་མེད་དུ་འགྱུར་ཏེ། རྒྱུས་ཕན་མ་བཏགས་པའི་ཕྱིར། གལ་ཏེ་རྒྱུ་དུས་ན་མེད་པ་སྐྱེའོ་ཞེ་ན། དེའང་མི་འཐད་པར་ཐལ། བསྐྱེད་བྱར་མི་འཐད་པ་དང་། རྒྱུའི་ནུས་པ་འཇུག་པའི་ཡུལ་མིན་པ་དང་། ཧ་ཅང་ཐལ་བའི་སྐྱོན་གསུམ་ཡོད་པའི་ཕྱིར། དང་པོ་ནི་རྒྱུ་དུས་ན་བསྐྱེད་བྱར་མེད་པའོ། །གཉིས་པ་ནི་རྒྱུའི་ནུས་པ་ཡོད་པའི་དུས་ན་འབྲས་བུ་མེད། འབྲས་བུ་ཡོད་པའི་དུས་ན་རྒྱུའི་ནུས་པ་མེད་པའོ། །གསུམ་པ་ནི་རི་བོང་གི་རྭའང་བསྐྱེད་པར་འགྱུར་བའམ། ཡང་ན་འབྲས་བུ་ཡང་བསྐྱེད་བྱར་མིན་པར་འགྱུར་ཏེ། དེ་གཉིས་རྒྱུ་དུས་ན་མེད་པར་མཚུངས་པའི་ཕྱིར། བཞི་པ་མུ་བཞི་སྐྱེ་འགོག་ནི། ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་མེད་དེ། རྒྱུ་དུ་མས་འབྲས་བུ་གཅིག་ཀྱང་མི་སྐྱེད། རྒྱུ་དུ་མས་འབྲས་བུ་དུ་མའང་མི་སྐྱེད། རྒྱུ་གཅིག་གིས་འབྲས་བུ་གཅིག་ཀྱང་མི་སྐྱེད། རྒྱུ་གཅིག་གིས་འབྲས་བུ་དུ་མའང་མི་སྐྱེད་པའི་ཕྱིར། འདིའི་ཕྱོགས་ཆོས་སྒྲུབ་པ་ལ། གལ་ཏེ་རྒྱུ་དུ་མས་འབྲས་བུ་གཅིག་སྐྱེད་དོ་ཞེ་ན། འོ་ན་འབྲས་བུ་གཅིག་པོ་དེ་ལ་རྒྱུ་དུ་མས་ཕན་བཏགས་པའི་ཆ་དུ་མ་ཡོད་དམ་མེད། མེད་ན་རྒྱུ་དུ་མས་འབྲས་བུ་གཅིག་སྐྱེད་པ་འགལ་ལ། ཡོད་ན་རྒྱུ་དུ་མས་འབྲས་བུ་དུ་མ་སྐྱེད་པའི་མུར་སོང་གི རྒྱུ་དུ་མས་འབྲས་བུ་གཅིག་སྐྱེད་པའི་མུར་མ་སོང་ངོ་། །གལ་ཏེ་གཏན་ཚིགས་གཉིས་པ་མ་གྲུབ་བོ་ཞེ་ན། རྒྱུའི་ཆ་ཤས་རེ་རེས་འབྲས་བུའི་ཆ་ཤས་རེ་རེ་སྐྱེད་པ་ཡིན་ནམ། འབྲས་བུའི་ཆ་ཤས་ཐམས་ཅད་སྐྱེད་པ་ཡིན། དང་པོ་ལྟར་ན་རྒྱུ་གཅིག་གིས་འབྲས་བུ་གཅིག་སྐྱེད་པའི་མུར་སོང་གི རྒྱུ་དུ་མས་འབྲས་བུ་དུ་མ་སྐྱེད་པའི་མུར་མ་སོང་ངོ་། །ཕྱི་མ་ལྟར་ན་རྒྱུ་གཅིག་གིས་འབྲས་བུ་དུ་མ་སྐྱེད་པའི་མུར་སོང་གི རྒྱུ་དུ་མས་འབྲས་བུ་དུ་མ་སྐྱེད་པའི་མུར་མ་སོང་བའི་ཕྱིར། གཏན་ཚིགས་ཕྱི་མ་གཉིས་ཀྱང་གྲུབ་སྟེ། འབྲས་བུ་སྐྱེད་པ་ལ་རྒྱུ་རྐྱེན་ཚོགས་དགོས་པའི་ཕྱིར། ལྔ་པ་རྟེན་འབྲེལ་གྱི་གཏན་ཚིགས་ནི། ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན་གཟུགས་བརྙན་བཞིན་ནོ། །འདིའི་རྗེས་ཁྱབ་ནི། མཐུན་དཔེ་གཟུགས་བརྙན་གྱི་སྟེང་དུ་སྒྲུབ་ཚུལ་སྔར་ལྟར་རོ། །ལྡོག་ཁྱབ་ནི། རྟེན་འབྲེལ་དང་། ངོ་བོ་ཉིད་ཀྱིས་གྲུབ་པ་འགལ་བ་ཡིན་ཏེ། ངོ་བོ་ཉིད་ནི་རྒྱུ་རྐྱེན་གྱིས་མ་བྱས་པ་དང་། གཞན་ལ་ལྟོས་པ་མིན་པ་དང་། གནས་སྐབས་གཞན་དུ་མི་འགྱུར་བའི་དོན་གསུམ་ལ་འཇོག་དགོས་ཤིང་། རྟེན་འབྲེལ་ལ་ལྟོས་གྲུབ་དང་། རྒྱུ་རྐྱེན་ལས་སྐྱེས་པ། གཞན་དུ་འགྱུར་བ་སྟེ་དོན་གསུམ་པོ་དེ་ཚང་བ་ཡིན་པའི་ཕྱིར། ཕྱོགས་ཆོས་སྒྲུབ་ཚུལ་ནི། ཆོས་ཐམས་ཅད་རྟེན་འབྲེལ་གཉིས་པོ་གང་རུང་དུ་འདུས་པའོ། །སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །ཞེས་དང་། འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །ཅེས་པའི་སྐབས་སུ་སྦྱོར་འཇུག་གཉིས་ཀྱི་མཐའ་དཔྱད་པ་ལ། གཞུང་ལས་ཇི་ལྟར་བཤད་པའི་ཚུལ་དང་། དེ་འཕགས་སེང་གཉིས་ཀྱིས་བཀྲལ་བའི་ཚུལ། སློབ་དཔོན་གྱི་དགོངས་པ་བྱེ་བྲག་ཏུ་བཤད་པ། རྩ་བའི་དགོངས་པ་ངོས་གཟུང་བ་དང་བཞི་ལས། དང་པོ་ནི། ལུས་རྣམ་གཞག་ཏུ། མཐོང་ཞེས་བྱ་དང་སྒོམ་པ་ཞེས། །བྱ་བའི་ལམ་ནི་སོ་སོ་ལ། །རྣམ་པར་རྟོག་པ་རྣམ་བཞི་ཡི། །གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་མཐོང་སྤང་རྟོག་པ་བཞི་ཡོད་པས་དེའི་གཉེན་པོ་བཞི། སྒོམ་སྤང་རྟོག་པ་བཞི་ཡོད་པས་དེའི་གཉེན་པོ་བཞིར་གསུངས་སོ། །རྟོག་པ་དེ་དག་གི་ཐ་སྙད་ནི། སྐབས་ལྔ་པར་མཐོང་སྤང་རྟོག་པའི་སྐབས་སུ་འཇུག་པ་གཟུང་རྟོག་སོགས་བཞིའི་ཐ་སྙད་གསུངས་ཏེ། འཇུག་པ་དང་ནི་ལྡོག་པ་དང་། །ཞེས་དང་། སེམས་ཅན་རྫས་དང་བཏགས་ཡོད་དང་། །ཞེས་གསུངས་པའི་ཕྱིར། སྒོམ་སྤང་རྟོག་པའི་སྐབས་སུ་འཇུག་པ་གཟུང་རྟོག་སོགས་ཀྱི་ཐ་སྙད་མ་གསུངས་པར། སྦྱོར་བའི་ཡུལ་ཅན་དང་། འཇུག་པའི་ཡུལ་ཅན་དང་། སེམས་ཅན་དུ་བཏགས་པ་ལ་བརྟེན་པ་དང་། དེའི་རྒྱུ་མཚན་ལ་བརྟེན་པ་ཞེས་པའི་ཐ་སྙད་གསུངས་ཏེ། སྦྱོར་བའི་རྣམ་པའི་སྤྱོད་ཡུལ་ཅན། །ཞེས་དང་། འཇུག་པའི་ཡུལ་ཅན་ཡིན་བཞེད་དེ། །ཞེས་དང་། སེམས་ཅན་བཏགས་པའི་སྤྱོད་ཡུལ་དང་། །ཞེས་དང་། སེམས་ཅན་བཏགས་དང་དེ་རྒྱུ་ཡི། །ཡུལ་ཅན་ཞེས་གསུངས་པའི་ཕྱིར། གཉིས་པ་ནི། འཕགས་པའི་བཞེད་པ་ལ། སྒོམ་སྤང་རྟོག་པའི་སྐབས་སུ་འཇུག་པ་གཟུང་རྟོག་སོགས་ཀྱི་ཐ་སྙད་མ་མཛད་པར། སྦྱོར་བའི་ཡུལ་ཅན་ཞེས་སོགས་ཀྱི་ཐ་སྙད་མཛད་ཅིང་། སྦྱོར་འཇུག་གཉིས་པོའང་རྟོག་པའི་གཉེན་པོར་མི་འདོད་པར་དེའི་ཡུལ་ལ་འདོད་དེ། མདོར་བསྡུས་རྒྱས་པ་ལ་སོགས་པའི་ཆོས་དགུ་ལ་ལྡོག་པ་དང་རྣལ་མ་ཅི་རིགས་པར་སྦྱོར་བ་ནི་ཡུལ་ཡིན་ལ། དེ་ལ་རྟོག་པའི་བློ་རྟོག་པ་དང་པོ་དང་། སེམས་སེམས་བྱུང་རྣམས་ནི་འཇུག་པ་ཡིན་ལ། དེ་ལ་རྟོག་པའི་བློ་ནི་རྟོག་པ་གཉིས་པར་བཞེད་དེ། རྩ་བར་དེ་བཞིན་དུ་སྣང་ངོ་། །སློབ་དཔོན་གྱི་བཞེད་པ་ལ། སྒོམ་སྤང་རྟོག་པའི་དང་པོ་གསུམ་གྱི་སྐབས་སུ་སྦྱོར་འཇུག་གི་ཐ་སྙད་གསུངས་པ་དེ་རྟོག་པའི་གཉེན་པོར་མཛད་ནས། དེ་མཐོང་སྤང་རྟོག་པའི་གཉེན་པོ་ལའང་སྦྱོར་བ་ཡིན་ནོ། །མཐོང་སྤང་རྟོག་པའི་སྐབས་སུ་གཟུང་རྟོག་སོགས་ཀྱི་ཐ་སྙད་གསུངས་པ་དེ། སྒོམ་སྤང་རྟོག་པ་ལའང་སྦྱོར་བར་མཛད་དེ། དོན་གསལ་ལས། གཉེན་པོ་ཚོགས་སྒྲུབ་འཆད་པའི་སྐབས་སུ་སྒོམ་སྤང་རྟོག་པ་ལའང་གཟུང་རྟོག་སོགས་ཀྱི་ཐ་སྙད་དངོས་སུ་གསུངས་པའི་ཕྱིར། དེས་ན་སྦྱོར་འཇུག་གཉིས་རྟོག་པའི་གཉེན་པོ་དང་། དེའི་ཡུལ་ཅན་དེའི་སྤང་བྱ་ལ་བཞེད་དེ། གཟུང་རྟོག་དང་འཛིན་རྟོག་དང་པོ་སྦྱོར་བའི་སྤང་བྱ་དང་། གཟུང་རྟོག་གཉིས་པ་དང་འཛིན་རྟོག་གཉིས་པ་འཇུག་པའི་སྤང་བྱར་བཤད་པའི་ཕྱིར། གསུམ་པ་ནི། སློབ་དཔོན་གྱིས་ཀུན་བཏུས་ལས། སྤོང་བ་གཉེན་པོ་ལ་སྦྱོར་བ་དང་བར་ཆད་མེད་ལམ་གཉིས་གསུངས་པ་དང་། འདིར་སྦྱོར་འཇུག་གཉིས་གསུངས་པ་དོན་གཅིག་ཏུ་མཛད་ནས། མཐོང་སྤང་རྟོག་པའི་གཉེན་པོ་ལ་སྦྱོར་འཇུག་བཞི། སྒོམ་སྤང་རྟོག་པའི་སྤོང་བ་གཉེན་པོ་ལ་སྦྱོར་འཇུག་བཞི་སྟེ་བརྒྱད་དུ་བཞེད་དོ། །འོ་ན་མཐོང་སྤང་རྟོག་པའི་གཉེན་པོ་སྦྱོར་བ་དང་། འཇུག་པ་གང་ལ་བྱེད་ཅེ་ན། དེ་ལ་ཁ་ཅིག བར་ཆད་མེད་ལམ་སྦྱོར་བ་དང་། རྣམ་གྲོལ་ལམ་འཇུག་པ་ཡིན་ནོ་ཞེས་པ་མི་འཐད་དེ། འདིར་བསྟན་སྦྱོར་འཇུག་གཉིས་སྤོང་བ་གཉེན་པོར་ངེས་ལ། རྣམ་གྲོལ་ལམ་སྤོང་བ་གཉེན་པོ་མིན་པའི་ཕྱིར། ཁ་ཅིག མཐོང་ལམ་གྱི་རྟོགས་པ་ཐོབ་པ་མ་རྫོགས་པ་སྦྱོར་བ་དང་། རྫོགས་པ་འཇུག་པ་ཡིན་ཞེས་པ་དང་། ཁ་ཅིག མཐོང་ལམ་གྱི་རྟོགས་པ་ཐོབ། ཡོན་ཏན་དང་བྱེད་པ་མ་རྫོགས་པ་སྦྱོར་བ་དང་། དེ་རྫོགས་པ་འཇུག་པ་ཡིན་ཞེས་པའང་མི་འཐད་དེ། དེ་དང་པོ་དེ་སྤོང་བ་གཉེན་པོར་མ་ངེས་པའི་ཕྱིར། ཁ་ཅིག སྡུག་བསྔལ་ཆོས་བཟོད་སྐད་ཅིག་མ་དང་པོ་སྦྱོར་བ་དང་། དེ་སྐད་ཅིག་གཉིས་པ་འཇུག་པ་ཡིན་ཞེས་འདོད་པའང་མི་འཐད་དེ། དེ་དང་པོ་དེ་མཐོང་ལམ་གྱི་སྦྱོར་བ་ཡང་མིན། སྡུག་བསྔལ་ཆོས་བཟོད་ཀྱི་སྦྱོར་བའང་མིན་པའི་ཕྱིར་ཏེ། དེ་དེ་དངོས་ཡིན་པའི་ཕྱིར། དེ་ལ་ཁ་ཅིག ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། ལམ་ཤེས་ཀྱི་སྦྱོར་བ་མིན་པར་ཐལ། དེ་དངོས་ཡིན་པའི་ཕྱིར་ཞེ་ན། འོ་ན། རྣམ་མཁྱེན་དངོས་ཡིན་ན་རྣམ་མཁྱེན་གྱི་སྦྱོར་བ་མིན་པས་མ་ཁྱབ་པར་ཐལ། གཞི་ཤེས་དངོས་ཡིན་ན་དེའི་སྦྱོར་བ་མིན་པས་མ་ཁྱབ་པའི་ཕྱིར། ཁྱབ་པ་སྒྲིག་མཚམས་ལ་བསྒྲིག་གོ །རང་ལུགས་ནི། སློབ་དཔོན་གྱི་དགོངས་པ། མཐོང་སྤང་རྟོག་པའི་གཉེན་པོ་སྦྱོར་བའི་ལམ་ནི་སྦྱོར་ལམ་ཆོས་མཆོག་ལ་བཞེད་དེ། ཀུན་བཏུས་ལས། སྤོང་བ་གཉེན་པོ་ལ་སྦྱོར་བ་དང་བར་ཆད་མེད་ལམ་གཉིས་གསུངས་པའི་དོན་ལ། འགྲེལ་ཆེན་ལས། སྦྱོར་བའི་གནས་སྐབས་སུ་སྤང་བྱའི་ཆ་ཤས་རེ་རེ་ནས་སྤོང་བ་དང་། བར་ཆད་མེད་ལམ་གྱི་སྐབས་སུ་མ་ལུས་པར་སྤོང་བར་བཤད་པ་དང་། ཆོས་བཤེས་ཀྱིས་ཀྱང་སྦྱོར་བའི་གནས་སྐབས་སུ་སོ་སོར་ཕྱེ་ནས་སྤང་བ་དང་། བར་ཆད་མེད་ལམ་གྱི་གནས་སྐབས་སུ་བསྡོམས་ནས་སྤོང་བར་བཤད་པ་དང་། སྔར་བཤད་པའི་རིགས་པས་སྡུག་བསྔལ་ཆོས་བཟོད་དེ་བར་ཆད་མེད་ལམ་དུ་གྲུབ་ཅིང་། དེའི་སྦྱོར་བ་ཆོས་མཆོག་ཆེན་པོ་ལས་གཞན་མེད་པའི་ཕྱིར་དང་། གནད་ཀྱི་ཟླ་འོད་རྒྱལ་པོ་སྲས། གང་སྤེལ་སོགས་ཀྱིས་ཀྱང་དེ་ལྟར་དུ་བཤད་པའི་ཕྱིར། བཞི་པ་ནི། སྦྱོར་བའི་ཡུལ་ཅན་དང་། འཇུག་པའི་ཡུལ་ཅན་གཉིས་པོ་དེ་ནི། སྒོམ་སྤང་རྟོག་པ་དང་པོ་གཉིས་ཀྱི་ཐུན་མོང་མིན་པའི་མིང་ཡིན་ཏེ། མཐོང་སྤང་རྟོག་པ་ལ་ཐུན་མོང་མིན་པའི་མིང་འཇུག་པ་གཟུང་རྟོག་སོགས་བཞི་གསུངས་པ་དེ་བཞིན་དུ་སྒོམ་སྤང་རྟོག་པ་ལའང་ཐུན་མོང་མིན་པའི་མིང་རེ་རེ་དགོས་པར་བཞེད་ནས། སྔར་གྱི་སྦྱོར་བའི་ཡུལ་ཅན་སོགས་བཞི་པོ་དེ་གསུངས་སོ། །གཟུང་རྟོག་དང་། འཛིན་རྟོག་གི་ཐ་སྙད་ནི་ཐུན་མོང་གི་མིང་ཡིན་ཏེ། མཐོང་དང་གོམས་པའི་ལམ་དག་ལ། །གཟུང་དང་འཛིན་པའི་རྣམ་རྟོག་རྣམས། །ཞེས་གསུངས་པའི་ཕྱིར། དེ་ལྟར་མ་ཡིན་པར་སྦྱོར་ལམ་པའི་ཡུལ་ཅན་གཉེན་པོ་ལ་བྱས་ནས། སྦྱོར་ལམ་ཆོས་མཆོག་གི་ཡེ་ཤེས་མཐོང་སྤང་རྟོག་པ་བཞིའི་གཉེན་པོར་བཞི་གསུངས་པའི་གཉིས་པ་དེ་ཡིན་ན། དེ་ཆོས་ཅན། མཐོང་ལམ་རྩེ་སྦྱོར་དུ་ཐལ། གཉེན་པོ་རྣམ་པ་བཞི་དང་ནི། །ཞེས་པའི་སྐབས་ནས་བསྟན་པའི་མཐོང་སྤང་གི་གཉེན་པོ་ཡིན་པའི་ཕྱིར། གཞན་ཡང་དེ་མཐོང་སྤང་འཇུག་པ་གཟུང་རྟོག་དང་། རྫས་འཛིན་རྟོག་པ་སྤོང་བའི་དོན་དེ། ས་བོན་དངོས་སུ་སྤོང་བ་ལ་བྱེད་དམ། མངོན་གྱུར་པ་དངོས་སུ་སྤོང་བ་ལ་བྱེད། དང་པོ་ལྟར་ན་མི་འཐད་དེ། སོ་སྐྱེའི་རྟོག་པ་ཡིན་པའི་ཕྱིར། གཉིས་པ་ལྟར་ན་མི་འཐད་དེ། འཇུག་པ་གཟུང་རྟོག་མངོན་གྱུར་བ་རྩེ་མོའི་སྤང་བྱ་དང་། རྫས་འཛིན་རྟོག་པ་མངོན་གྱུར་བ་བཟོད་པའི་སྤང་བྱར་བཤད་པའི་ཕྱིར། དེས་ན་མཐོང་སྤང་རྟོག་པ་བཞིའི་གཉེན་པོར་མཐོང་ལམ་རྩེ་སྦྱོར་བཞི་ནི། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ངོ་བོ་གཅིག་ལ་སྤང་བྱ་སྤོང་བའི་ལྡོག་པའི་སྒོ་ནས་ཕྱེ་བ་སྟེ། ལུས་རྣམ་གཞག་ཏུ་གཉེན་པོའི་རྣམ་པ་གསུངས་པའི་དོན་སྐབས་ལྔ་པར། སྐད་ཅིག་པ་ཡི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་གསུངས་པའི་ཕྱིར། མགོན་པོ་བྱམས་པའི་དགོངས་པ་འདི་ཡིན་མིན་གཞུང་གོང་འོག་བསྒྲིགས་ནས་རྣམ་དཔྱོད་དང་ལྡན་པ་དག་གིས་གཟིགས་མཛོད། ཡམས་ནད་འདི་རྣམས་ཟད་ནས་ནི། །ཞེས་པའི་སྐབས་སུ་ཁ་ཅིག རྒྱུན་མཐའི་བྱང་སེམས་ཆོས་ཅན། ཁྱོད་ལ་ཐེག་པ་གསུམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་བརྟེན་པ་ཡིན་ཏེ། ཁྱོད་སྒོམ་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པའི་གང་ཟག་ཡིན་པའི་ཕྱིར་ཟེར་ན། འོ་ན་དེ་མངོན་གྱུར་བ་སྤངས་པ་ལ་བྱེད་དམ། དེའི་ས་བོན་སྤངས་པ་ལ་བྱེད། དང་པོ་ལྟར་ན་ས་བརྒྱད་པའི་བྱང་སེམས་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། དག་ས་ལ་གནས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། གཉིས་པ་ལྟར་ན་སྔ་མ་དེ་ཆོས་ཅན། སྒོམ་སྤང་གཟུང་འཛིན་རྣམ་པར་རྟོག་པའི་བག་ཆགས་བརྒྱ་རྩ་བརྒྱད་སྤངས་པར་ཐལ། དེའི་ས་བོན་དེ་རྣམས་སྤངས་པའི་ཕྱིར། འདི་ནི་དེང་སང་གི་སྐྱེ་བོ་ཀུན་ཁ་མཐུན་པ་འདི་ལ་ཁྱབ་པ་མེད་དེ། རྒྱུན་མཐའི་གནས་སྐབས་སུ་དེའི་ས་བོན་སྤངས་ཀྱང་། དེའི་བག་ཆགས་མ་སྤངས་ཞེས་སྒྲོག་པར་བྱེད་དོ། །ཁོ་བོ་འདི་མི་འདོད་དེ། འོ་ན་མཐོང་སྤང་རྟོག་པའི་ས་བོན་སྤངས་ན་དེའི་བག་ཆགས་སྤངས་པས་མ་ཁྱབ་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དེས། དེའི་ས་བོན་སྤངས། བག་ཆགས་མ་སྤངས་པའི་གཞི་མཐུན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དེའི་ས་བོན་གྱི་དངོས་གཉེན་མིན་པར་ཐལ། ཁྱོད་ཀྱིས་དེའི་ས་བོན་ཟད་པར་མ་སྤངས་པའི་ཕྱིར། གལ་ཏེ་ཁོ་ན་རེ། སྒོམ་སྤང་གི་ས་བོན་སྤངས། དེའི་བག་ཆགས་མ་སྤངས་པ་ཡོད་དེ། སྒོམ་ལམ་རྩེ་སྦྱོར་གྱི་སྤང་བྱ་ལས་ལོགས་སུ་གྱུར་པའི་བར་ཆད་མེད་ལམ་གྱི་རྩེ་སྦྱོར་གྱི་སྤང་བྱ་ཡོད་པའི་ཕྱིར་ཞེ་ན། འདི་ནི་ཤིན་ཏུ་ཐ་ཆད་དེ། དེ་ལྟ་བུའི་སྤང་བྱ་ཆོས་ཅན། ཁྱོད་སྒོམ་སྤང་དུ་གྱུར་པའི་ཤེས་སྒྲིབ་ཀྱི་བག་ཆགས་མིན་པར་ཐལ། ཁྱོད་སྒོམ་ལམ་རྩེ་སྦྱོར་གྱི་སྤང་བྱ་མིན་པའི་ཕྱིར། རྟགས་ཁྱབ་གཉིས་ཀ་ཆོས་ཅན་ཡོད་པའི་སྟེང་དུ་འབུད་དོ། །གཞན་ཡང་ཤེས་སྒྲིབ་ཀྱི་བག་ཆགས་དེ་ལ་མཐོང་སྤང་དང་སྒོམ་སྤང་གཉིས་སུ་གྲངས་ངེས་པ་མེད་པར་ཐལ། དེའི་དངོས་གཉེན་དེ་ལ་ལམ་དེ་གཉིས་སུ་མ་ངེས་པའི་ཕྱིར། རྟགས་ཁས། གཞན་ཡང་སྔ་མ་བཞིན་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་དང་དུས་མཉམ་པ་ཁོ་ནར་དེ་དག་གིས་བསྡུས་པའི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པས་ཞེས་པའི་སྡུད་བྱེད་ཀྱི་སྤང་བྱ་བརྒྱ་རྩ་བརྒྱད་པོ་སྒོམ་སྤང་གི་ས་བོན་ལ་བྱེད་དམ། བག་ཆགས་ལ་བྱེད། སྔ་མ་ལྟར་ན། རྒྱུན་མཐའི་བྱང་སེམས་ཆོས་ཅན། སྒོམ་སྤང་ཉོན་སྒྲིབ་ཀྱི་བག་ཆགས་བརྒྱ་རྩ་བརྒྱད་སྤངས་པར་ཐལ། དེའི་ས་བོན་དེ་དག་སྤངས་པའི་ཕྱིར། རྟགས་ཁས། ཁོ་ན་རེ། མ་ཁྱབ་སྟེ། ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པས་ཞེས་པ་དེའང་ཉོན་སྒྲིབ་ཀྱི་ས་བོན་ལ་བྱེད་པའི་ཕྱིར་ཟེར། དེ་བས་ཀྱང་ཀྱེ་མ་འདི་ངོ་མཚར་ཆེ་བར་འདུག་སྟེ། དེའི་ས་བོན་ས་དང་པོ་ནས་སྤངས་ཟིན་པའི་ཕྱིར། གཉིས་པ་ལྟར་ན། དེ་སྒོམ་ལམ་རྩེ་སྦྱོར་ལས་ལོགས་སུ་གྱུར་པའི་བར་ཆད་མེད་པའི་རྩེ་སྦྱོར་གྱི་སྤང་བྱར་ཐལ། ཁས་བླངས་པ་དེའི་ཕྱིར། རྟགས་ཁྱབ་ཁས། དེས་ན་སྤྱིར་རྩེ་སྦྱོར་གཉེན་པོའི་ལྡོག་པ་ནས་བསྟན་པའི་དོན་ཡང་མཐོང་ལམ་དང་སྒོམ་ལམ་རྩེ་སྦྱོར་ཡིན་གྱི། རྩེ་སྦྱོར་ཐོག་མཐའ་གཉིས་གཉེན་པོའི་སྒོ་ནས་བསྟན་པ་རྒྱན་གཞུང་འདིའི་ནང་དུ་བསྟན་པ་ཁོ་བོས་མ་མཐོང་ངོ་། །གཉེན་པོ་དེ་གཉིས་ཀྱི་སྒོ་ནས་བསྟན་པའི་དོན་ཡང་སྤང་བྱ་ལ་མཐོང་སྤང་སྒོམ་སྤང་གཉིས་སུ་ངེས་པ་ཤེས་པའི་ཆེད་ཡིན་ལ། བར་ཆད་མེད་པའི་རྩེ་སྦྱོར་གྱི་སྤང་བྱ་ནི་སྒོམ་སྤངས་ཀྱི་ནང་དུ་འདུས་པས་དེས་སྤང་བྱའི་གཉེན་པོ་བྱེད་པའི་བྱ་བ་ནི་སྒོམ་ལམ་རྩེ་སྦྱོར་གྱི་སྐབས་སུ་བསྟན་ཟིན་ཏོ། །བར་ཆད་མེད་ལམ་པའི་རྩེ་སྦྱོར་གྱི་སྐབས་སུ་བསོད་ནམས་མང་པོའི་ལྡོག་པ་ནས་བསྟན་ཏེ། སྔར་གྱི་ལམ་གཉིས་པོ་དེ་གཉེན་པོའི་ལྡོག་པ་ནས་བསྟན་པས། གདུལ་བྱ་འགའ་ཞིག་བློ་ཞུམ་པར་འགྱུར་བས། དེ་སྤོང་བའི་ཆེད་དུ་ཕན་ཡོན་གྱི་ལྡོག་པ་ནས་བསྟན་པའི་ཕྱིར། དཔེར་ན་ས་དགུ་པ་མན་ཆད་ཡོངས་སྦྱོང་གི་སྒོ་ནས་བསྟན་ནས། ས་བཅུ་པ་འབྲས་བུའི་སྒོ་ནས་བསྟན་པ་བཞིན་ནོ། །ངག་དོན་ནི། རྒྱུན་མཐའི་བྱང་སེམས་ཆོས་ཅན། རང་གི་སྐད་ཅིག་ཕྱི་ལོགས་སུ་ཐེག་པ་གསུམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་བརྟེན་པ་ཡིན་ཏེ། རང་གི་ཕྱི་ལོགས་སུ་སྒོམ་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་ཀྱི་ས་བོན་དང་། སྒོམ་སྤང་ཉོན་མོངས་པའི་སྒྲིབ་པའི་བག་ཆགས་བརྒྱ་རྩ་བརྒྱད་སྤངས་པའི་ཕྱིར་ཏེ། རྩ་བར་བརྟེན་པར་བྱེད་ཅེས་དང་། འགྲེལ་བར་སྔོན་དུ་འོང་བའི་རྣམ་པས་བརྟེན་པར་བྱེད་དོ་ཅེས་གསུངས་པའི་ཕྱིར། བརྟེན་པར་བྱེད་པ་གཞན་ལའང་ཡོད་པ་མིན་ནམ་སྙམ་ན། རང་གི་སྐད་ཅིག་ཕྱི་ལོགས་དེ་མ་ཐག་ཏུ་བརྟེན་པ་ཕན་ཡོན་གྱི་སྒོ་ནས་བསྟན་པའོ། །རྩེ་མོར་ཕྱིན་པའི་རྣམ་དཔྱོད་ཀྱིས། །རྩེ་སྦྱོར་ཕྱིན་པའི་སྦྱོར་བ་ནི། །རྩེ་མོར་ཕྱིན་པ་རབ་ཏུ་རྟོགས། །རྩེ་མོར་ཕྱིན་པ་འདི་ལ་ལྟོས། །རྩེ་མོར་ཕྱིན་པའི་ཚིགས་བཅད་ཡིན། །སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་། །ཞེས་པའི་སྐབས་སུ། མདོ་ལས་གསུངས་ཚུལ། བསྟན་བཅོས་ལས་བསྟན་ཚུལ། དེ་ལྟར་བསྟན་པའི་བར་ཆད་མེད་པའི་རྩེ་སྦྱོར་གྱི་མཚན་ཉིད་དང་གསུམ། དང་པོ་ནི། མདོ་ལས། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཉན་ཐོས་དང་རང་སངས་རྒྱས་ཀྱི་དང་། བྱང་སེམས་ཀྱི་སྐྱོན་མེད་པ་ལ་བཀོད་པའི་བསོད་ནམས་ལས། རྣམ་མཁྱེན་བསོད་ནམས་མང་བར་བསྟན་ཞིང་། །འདི་ཡི་དམིགས་པ་དངོས་མེད་དེ། །ཞེས་པའི་མདོ་ལས་རྣམ་མཁྱེན་གྱི་དམིགས་རྐྱེན་སོགས་གསུམ་བསྟན། དམིགས་པ་འཐད་དང་དེ་ཡི་ནི། །ཞེས་པའི་མདོ་ལས་རྣམ་མཁྱེན་གྱི་དམིགས་རྣམ་ལ་ལོག་པར་རྟོགས་པ་བསྟན་ཏོ། །གཉིས་པ་བསྟན་བཅོས་ལས། མདོའི་དངོས་བསྟན་གྱི་རྣམ་མཁྱེན་གྱི་སྦས་དོན་བར་ཆད་མེད་ལམ་པའི་རྩེ་སྦྱོར་བསྟན་ཏེ། བར་ཆད་མེད་པའི་དོན་ནི། རང་འབྲས་ཆོས་གཞན་གྱིས་བར་མ་ཆོད་པར་བསྐྱེད་པ་ཡིན་ལ། དེ་ལྟར་བསྐྱེད་པར་བྱ་བ་ནི་རྣམ་མཁྱེན་ཡིན་པའི་ཚུལ་གྱིས་བསྟན་ཏོ། །དེས་ན་གཞུང་གོང་འོག་གསུམ་ཆར་བར་ཆད་མེད་པའི་རྩེ་སྦྱོར་བསོད་ནམས་མང་བ་སོགས་ལ་སྦྱོར་བ་ཡིན་ནོ། །རྩེ་སྦྱོར་འདི་བསོད་ནམས་མང་པོའི་ལྡོག་པ་ནས་བསྟན་པའི་དོན་ནི་བཤད་ཟིན་ཏོ། །གསུམ་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ་ཁ་ཅིག རང་འབྲས་སུ་གྱུར་པའི་རྣམ་མཁྱེན་སྐྱེད་པ་ལ་རིགས་མཐུན་གྱི་སྦྱོར་བ་དང་། རིགས་མི་མཐུན་གྱི་སྒྲིབ་པ་གང་གིས་ཀྱང་བར་མ་ཆོད་པའི་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་ཟེར་ན། ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེར་ཐལ། བསྡུས་སྒོམ་རབ་ཏུ་གྱུར་པའི་དེ་གང་ཞིག བར་ཆད་མེད་ལམ་པའི་རྩེ་སྦྱོར་དེ་ཁྱོད་ཡིན་པའི་ཕྱིར། གཉིས་པ་ནི། རང་གི་དངོས་འབྲས་སུ་གྱུར་པའི་རྣམ་མཁྱེན་སྐྱེད་པའི་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་རོ། །གསུམ་པ་ལ། ཁ་ཅིག རྒྱུན་མཐའི་ཡེ་ཤེས་སྐད་ཅིག་མ་དང་པོ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་དང་ཁྱོད་ཀྱི་འབྲས་བུར་གྱུར་པའི་རྣམ་མཁྱེན་གྱི་བར་དུ་རྒྱུན་མཐའི་ཡེ་ཤེས་སྐད་ཅིག་མ་གཉིས་པས་ཆོད་པའི་ཕྱིར་ཟེར་ན། འོ་ན་རྒྱུན་མཐའི་ཡེ་ཤེས་ཀྱི་དངོས་འབྲས་སུ་གྱུར་པའི་རྣམ་མཁྱེན་སྐད་ཅིག་མ་དང་པོ་མེད་པར་ཐལ། དེ་སྐད་ཅིག་མ་དང་པོ་དེ་ཡིན་ན་རང་རྒྱུ་རྒྱུན་མཐའི་ཡེ་ཤེས་ཀྱི་དངོས་འབྲས་ཡིན་པས་མ་ཁྱབ་པའི་ཕྱིར། རྟགས་ཁས་བླངས་ཏེ། རྣམ་མཁྱེན་སྐད་ཅིག་གཉིས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། ཁྱོད་ཀྱི་ཆོས་ཅན་དེ་རྒྱུན་མཐའི་ཡེ་ཤེས་ཡིན་པ་བུད། འདོད་པར་མི་ནུས་ཏེ། ཁྱོད་དང་ཁྱོད་ཀྱི་རྒྱུར་གྱུར་པའི་རྒྱུན་མཐའི་ཡེ་ཤེས་ཀྱི་བར་དུ་རྣམ་མཁྱེན་སྐད་ཅིག་མ་དང་པོས་ཆོད་པའི་ཕྱིར། འཁོར་གསུམ་ཆོས་ཅན་དང་བཅས་ཏེ་ཁས་བླངས་སོ། །ཡང་ཁ་ཅིག སྦྱོར་ལམ་རྩེ་སྦྱོར་ཆོས་ཅན། མཚོན་བྱ་དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་ཀྱི་དངོས་འབྲས་སུ་གྱུར་པའི་རྣམ་མཁྱེན་ཡོད་པའི་ཕྱིར་ཏེ། ཁྱོད་དངོས་པོ་ཡིན་པའི་ཕྱིར་ཟེར་རོ། །འོ་ན་དེ་ཆོས་ཅན། ཁྱོད་དེའི་དངོས་རྒྱུ་ཡིན་པར་ཐལ། ཁྱོད་ཀྱི་དངོས་འབྲས་སུ་གྱུར་པའི་དེ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་དེའི་བརྒྱུད་རྒྱུ་ཡིན་པའི་ཕྱིར། འདི་ཡི་དམིགས་པ་དངོས་མེད་དེ། །ཞེས་པའི་སྐབས་སུ། ཨར་ན་རེ། བདེན་པར་མ་གྲུབ་པའི་སྣང་བ་བརྟེན་འབྲེལ་མ་ཡིན་དགག་དེ་རྩེ་སྦྱོར་དེའི་དམིགས་རྐྱེན་ཡིན་གྱི། སྣང་བ་བདེན་མེད་མེད་དགག་དེ་དེའི་དམིགས་རྐྱེན་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལ་ཁ་ཅིག་ན་རེ། སྔ་མ་དེ་དེའི་དམིགས་རྐྱེན་མིན་པར་ཐལ། དེ་དེ་ལ་རྣམ་པ་གཏོད་བྱེད་ཀྱི་རྒྱུ་མིན་པའི་ཕྱིར་དང་། བར་ཆད་མེད་པའི་རྩེ་སྦྱོར་དེ་དེའི་བྱེ་བྲག་ཡིན་པའི་ཕྱིར། དེས་ན་འདིའི་དམིགས་པའི་རྐྱེན་ནི་ཆོས་ཐམས་ཅད་དངོས་པོར་མེད་པར་དམིགས་པ་ཡིན་ནོ་ཞེས་གསུངས་པ་དེས་ཀྱང་འདིའི་དམིགས་པ་ཙམ་ཞིག་བསྟན་གྱི། དེའི་དམིགས་རྐྱེན་མ་བསྟན་པ་ཡིན་ཏེ། རྩ་བར། འདི་ཡི་དམིགས་པ་དངོས་མེད་དེ། །ཞེས་གསུངས་པའི་ཕྱིར་ཞེས་སྨྲའོ། །འོ་ན་བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་རྐྱེན་མེད་པར་ཐལ། དེ་ལ་རྣམ་པ་གཏོད་བྱེད་ཀྱི་རྒྱུ་མེད་པའི་ཕྱིར། རྟགས་ཁས། འདོད་ན། དེ་ལ་བདག་རྐྱེན་མེད་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་སྟེ། འདིའི་དམིགས་པའི་རྐྱེན་ནི་ཆོས་ཐམས་ཅད་དངོས་པོ་མེད་པར་དམིགས་པ་ཡིན་ནོ། །བདག་པོའི་རྐྱེན་ནི་དྲན་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར། གཞན་ཡང་གཞུང་ཕྱི་མ་དེ་འདིའི་བདག་པོ་ཙམ་ཡིན་ལ། བདག་རྐྱེན་མ་བསྟན་པར་ཐལ། རྩ་བར། བདག་པོ་དྲན་པ་ཡིན་པར་བཞེད། །ཅེས་གསུངས་པའི་ཕྱིར། ཁྱབ་པ་ཁས། ཨར་གྱི་བཞེད་པའང་མི་འཐད་དེ། སྣང་བ་བདེན་པར་མེད་པའི་མེད་དགག་དམིགས་རྐྱེན་དུ་བཤད་པའི་ཕྱིར་ཏེ། འདི་ཡི་དམིགས་པ་དངོས་མེད་དེ། །ཞེས་གསུངས་པའི་ཕྱིར། འདིའི་དམིགས་རྐྱེན་གྱི་དོན་ནི་དམིགས་པ་གང་ལ་གཙོ་བོར་དམིགས་པ་ལ་བརྟེན་ནས་དེ་ལྟ་བུའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་བ་ལ་བྱེད་ལ། བར་ཆད་མེད་པའི་རྩེ་སྦྱོར་དེ་བདེན་མེད་པ་དམིགས་པ་ལ་བརྟེན་ནས་སྐྱེ་བའི་ཕྱིར། དེས་ན་ཆོས་ཐམས་ཅད་ཆོས་ཅན། བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་རྐྱེན་ཡིན་ཏེ། དེས་ཁྱོད་ལ་བདེན་པའི་དངོས་པོ་མེད་པར་དམིགས་པའི་སྒོ་ནས་སྒྲོ་འདོགས་བཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ། བར་ཆད་མེད་པའི་རྩེ་སྦྱོར་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་དེའི་དམིགས་རྐྱེན་མིན་པར་ཐལ། བདག་སྐྱེ་མ་གྲུབ་པའི་ཕྱིར་ཟེར་ན། ཆོས་ཤེས་པའི་དམིགས་རྐྱེན་ཡིན་ན། དེ་སྐྱེད་བྱེད་ཡིན་དགོས་པར་ཐལ། ཐལ་བ་ཕྱི་མ་ལ་ཁྱབ་པ་མེད་པའི་ཕྱིར། དེ་བས་ན་ཀུན་རྫོབ་དང་། ཞེས་པའི་སྐབས་སུ། བསལ་བྱ་དང་། སེལ་བྱེད་གཉིས་ལས། དང་པོ་ལ། བསལ་བྱ་ལོག་རྟོག་དང་། ལོག་རྟོག་དེས་ཀུན་ནས་བསླངས་པའི་ཀླན་ཀ་གཉིས་ལས། དང་པོ་ལ། དོན་དམ་རྒྱུ་མཚན་དུ་བྱས་ནས་ཀུན་རྫོབ་ཀྱི་རྣམ་གཞག་མི་འཐད་དོ་སྙམ་དུ་འཛིན་པ་དང་། ཀུན་རྫོབ་རྒྱུ་མཚན་དུ་བྱས་ནས་དོན་དམ་གྱི་རྣམ་གཞག་མི་འཐད་སྙམ་དུ་འཛིན་པའི་ལོག་རྟོག་གཉིས་སོ། །གཉིས་པ་ལ། ཀུན་རྫོབ་སྒོ་ཅན་དང་དོན་དམ་སྒོ་ཅན་གྱི་ཀླན་ཀ་གཉིས་ལས། དེའང་ཀུན་རྫོབ་རྟགས་སུ་བཀོད་པའི་ཀླན་ཀ་ཐམས་ཅད་ཀུན་རྫོབ་སྒོ་ཅན་ཀླན་ཀ་དང་། དོན་དམ་རྟགས་སུ་བཀོད་པའི་ཀླན་ཀ་ཐམས་ཅད་དོན་དམ་སྒོ་ཅན་གྱི་ཀླན་ཀ་ཡིན་ཞིང་། དང་པོ་ལ་ཀུན་རྫོབ་རིགས་མཐུན་ཀྱི་ཀླན་ཀ་དང་། དེའི་རིགས་མི་མཐུན་གྱི་ཀླན་ཀ་གཉིས། མཚན་གཞི་རིམ་བཞིན། བྱང་འཕགས་ཆོས་ཅན། ལམ་གསུམ་སྒོམ་པ་མི་འཐད་པར་ཐལ། ཉན་རང་གི་ལམ་སྒོམ་པ་མི་འཐད་པའི་ཕྱིར་ཞེས་དང་། ཀུན་རྫོབ་ཏུ་བསྒོམ་བྱ་རང་དང་སྤྱིའི་མཚན་ཉིད་མི་འཐད་པར་ཐལ། དོན་དམ་དུ་ཡུམ་སྒོམ་པ་མེད་པའི་ཕྱིར་ཞེས་པའོ། །ཕྱི་མ་ལའང་དོན་དམ་རིགས་མཐུན་དང་། དེའི་རིགས་མི་མཐུན་གཉིས། མཚན་གཞི་རིམ་བཞིན། དོན་དམ་པར་བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་པ་མི་འཐད་པར་ཐལ། དོན་དམ་པར་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་མེད་པའི་ཕྱིར་ཞེས་པ་དང་། ཀུན་རྫོབ་ཏུ་ཡུམ་སྒོམ་པ་མི་འཐད་པར་ཐལ། དོན་དམ་པར་བསྒོམ་བྱ་རང་དང་སྤྱིའི་མཚན་ཉིད་མི་འཐད་པའི་ཕྱིར་ཞེས་པ་དང་། ཀུན་རྫོབ་ཏུ་བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་པ་མི་འཐད་པར་ཐལ། དོན་དམ་པར་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་མེད་པའི་ཕྱིར་ཞེས་པའོ། །གཞུང་ལས་དངོས་སུ་བསྟན་པའི་ཀླན་ཀ་བཅུ་དྲུག་ནི་དོན་དམ་པར་རིགས་མི་མཐུན་གྱི་ཀླན་ཀ་དང་། དོན་དམ་པར་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཡོད་པར་ཐལ། ཀུན་རྫོབ་དུ་བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་པ་མི་འཐད་པའི་ཕྱིར། ཞེས་པ་གཞུང་ལས་ཤུགས་ལ་བསྟན་པའི་ཀླན་ཀ་བཅུ་དྲུག་ནི་ཀུན་རྫོབ་རིགས་མི་མཐུན་གྱི་ཀླན་ཀ་ཡིན་ནོ། །གཉིས་པ་སེལ་བྱེད་ལ། ལོག་རྟོག་སེལ་བྱེད་ཤེས་རབ་དང་། ཀླན་ཀ་སེལ་བྱེད་ལན་གཉིས། དང་པོ་ལ་ཀུན་རྫོབ་ཏུ་ཡོད་ཀྱང་དོན་དམ་དུ་མེད་པ་མི་འགལ་བར་རྟོགས་པའི་དོན་དམ་རྟོགས་པའི་ཤེས་རབ་ཀྱིས་ཀུན་རྫོབ་རྒྱུ་མཚན་དུ་བྱས་ནས། དོན་དམ་གྱི་རྣམ་གཞག་མི་འཐད་དོ་སྙམ་པའི་ལོག་རྟོག་སེལ། དོན་དམ་དུ་མེད་ཀྱང་ཀུན་རྫོབ་ཏུ་ཡོད་པ་མི་འགལ་བར་རྟོགས་པའི་ཀུན་རྫོབ་རྟོགས་པའི་ཤེས་རབ་ཀྱིས་དོན་དམ་རྒྱུ་མཚན་དུ་བྱས་ནས། ཀུན་རྫོབ་ཀྱི་རྣམ་གཞག་མི་འཐད་དོ་སྙམ་པའི་ལོག་རྟོག་སེལ་ལོ། །གཉིས་པ་ནི། གཞུང་ལས་དངོས་སུ་བསྟན་པའི་དོན་དམ་སྒོ་ཅན་གྱི་ཀླན་ཀ་བཅུ་དྲུག་ལ་ཀུན་རྫོབ་ཀྱི་སྒོ་ནས་ལན་འདེབས་ཤིང་། ཤུགས་བསྟན་ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་བཅུ་དྲུག་ལ་དོན་དམ་གྱི་སྒོ་ནས་ལན་འདེབས་པའོ། །སྤྱིར་དོན་དམ་སྒོ་ཅན་གྱི་ཀླན་ཀ་ལ་ཀུན་རྫོབ་དང་། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ལ་དོན་དམ་གྱི་སྒོ་ནས་ལན་འདེབས་པར་མ་ངེས་ཏེ། དོན་དམ་སྒོ་ཅན་གྱི་ཀླན་ཀ་ཡིན་ན་ཀུན་རྫོབ་སུན་འབྱིན་པས་མ་ཁྱབ་པའི་ཕྱིར་དང་། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ཡིན་ན་དོན་དམ་སུན་འབྱིན་པས་མ་ཁྱབ་པའི་ཕྱིར། དེས་ན་སྐབས་འདིར་བསྟན་གྱི་བསལ་བྱ་ལོག་རྟོག་གི་མཚན་ཉིད། དམིགས་པ་འཐད་པ་ལ་སོགས་པའི་ཡུལ་བཅུ་དྲུག་གང་རུང་ལ་བདེན་གཉིས་གང་རུང་རྒྱུ་མཚན་དུ་བྱས་ནས་བདེན་གཉིས་གང་རུང་མི་འཐད་དོ་སྙམ་དུ་འཛིན་པར་བྱེད་པའི་ལོག་པར་རྟོག་པའོ། །སྐབས་འདིར་བསྟན་གྱི་བསལ་བྱ་ཀླན་ཀའི་མཚན་ཉིད། དམིགས་པ་འཐད་པ་ལ་སོགས་པའི་ཡུལ་བཅུ་དྲུག་གང་རུང་ལ་བདེན་གཉིས་གང་རུང་རྒྱུ་མཚན་དུ་བྱས་ནས་དེ་གཉིས་གང་རུང་སུན་འབྱིན་པར་བྱེད་པའི་སུན་འབྱིན་ལྟར་སྣང་ངོ་། །དབྱེ་ན་སྐབས་འདིར་བསྟན་གྱི་དོན་དམ་སྒོ་ཅན་གྱི་ཀླན་ཀ་དང་། ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་གཉིས་ལས། དེ་གཉིས་ཀྱི་མཚན་ཉིད་གཞན་འདྲ་བ་ལ། དོན་དམ་རྒྱུ་མཚན་དུ་བྱས་ནས་ཞེས་པ་དང་། ཀུན་རྫོབ་རྒྱུ་མཚན་དུ་བྱས་ནས་ཞེས་སྦྱར་རོ། །སྐབས་འདིར་བསྟན་གྱི་སེལ་བྱེད་གཉེན་པོའི་མཚན་ཉིད། བདེན་གཉིས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ཡུམ་དོན་རབ་གསལ་ལས་སྐབས་ལྔ་པའི་དཀའ་བའི་གནས་རྣམ་པར་བཤད་པའོ།། །།


previousསྐབས་ལྔ་པ་རྩེ་མོའི་སྦྱོར་བའི་དཀའ་བའི་གནས་རྣམ་པར་བཤད་པ།next