Nitartha Digital Library
Tibetan
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ།


  collapse section
   
   
   
   
   
   
སྐབས་དྲུག་པ་མཐར་གྱིས་པའི་སྦྱོར་བའི་དཀའ་བའི་གནས་རྣམ་པར་བཤད་པ།
   
   


 
previousསྐབས་དྲུག་པ་མཐར་གྱིས་པའི་སྦྱོར་བའི་དཀའ་བའི་གནས་རྣམ་པར་བཤད་པ།next

སྐབས་དྲུག་པ་མཐར་གྱིས་པའི་སྦྱོར་བའི་དཀའ་བའི་གནས་རྣམ་པར་བཤད་པ།

སྦྱོར་དང་བསམ་པ་ལྟ་བ་ཕུན་ཚོགས་ཀྱི། །མ་ལུས་རྣམ་པ་མ་འཁྲུལ་གོ་རིམ་བཞིན། །ཡང་ཡང་བསླབས་ནས་སྒོམ་པའི་རྣལ་འབྱོར་གྱི། །བརྟན་པ་འཐོབ་བྱེད་རྒྱལ་ཡུམ་དེ་ལ་འདུད། །རྩེ་མོའི་མངོན་པར་རྟོགས་པ་ཐོབ་པ་སོ་སོ་བ་དང་བསྡུས་པ་ཉིད་དུ། ཞེས་པའི་སྐབས་སུ། སོ་སོ་བ་དང་བསྡུས་པའི་དོན་ལ་དགག་གཞག་གཉིས་ལས། དང་པོ་ལ་སློབ་དཔོན་ཆོས་བཤེས་ན་རེ། སོ་སོ་བ་ནི་ཚོགས་སྦྱོར་གྱི་སྐབས་སུ་མངོན་པར་རྟོགས་པའི་དོན་ཡིད་ལ་བྱེད་པའི་གོ་རིམ་དང་། བསྡུས་པ་ནི། ཆོས་ཉིད་མངོན་སུམ་དུ་རྟོགས་ནས་སྙིང་པོའི་དོན་ཡིད་ལ་བྱེད་པའི་གོ་རིམ་དུ་བཞེད་དེ། ཚིག་གསལ་ལས། སོ་སོ་བ་དང་བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས་ཞེས་བྱ་བ་ལ། སོ་སོའི་དོན་རྣམས་ནི་སྐབས་རེ་རེས་ཇི་ལྟར་བསྟན་པ་དང་། ཚོགས་ཀྱི་ལམ་ལ་སོགས་པའི་གནས་སྐབས་རེ་རེ་ལའང་རང་བཞིན་ཇི་སྙེད་ཡོད་ཅེས་མངོན་པར་རྟོགས་པའི་དོན་དེ། དེ་ནི་རྗེས་ཀྱི་ངོ་བོར་ཐོབ་པའི་ཡེ་ཤེས་ཀྱི་རྟོགས་པའོ། །བསྡུས་པ་ཉིད་ཀྱི་དོན་ནི་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཏེ། དོན་དེ་ནི་མཉམ་པར་གཞག་པའི་ཡེ་ཤེས་ཀྱི་རྟོགས་པར་མཛད་ནས་སོ་ཞེས་གསུངས་སོ། །མཁན་ཆེན་པ་ན་རེ། སོ་སོ་བ་ནི། ཕར་ཕྱིན་དྲུག་དང་། རྗེས་དྲན་དྲུག་བསྡུས་པ་དངོས་མེད་ངོ་བོ་ཉིད་དུ་རྟོགས་པ་མཐར་གྱིས་པའི་སྦྱོར་བ་སྟེ། དབྱེ་བ་དང་སྦྱོར་བའི་ཕྱིར་ཞེས་གསུངས་སོ། །དང་པོ་ལ། མངོན་པར་རྟོགས་པའི་དོན་ཡིད་ལ་བྱེད་པའི་སྒོམ་པའི་རིམ་པ་དང་། སྙིང་པོའི་དོན་ཡིད་ལ་བྱེད་པའི་སྒོམ་རིམ་གཉིས་རྒྱན་གྱི་བརྗོད་བྱའི་གཙོ་བོ་ཡིན་མིན་གྱི་ཁྱད་པར་མེད་པར་ཐལ། དམ་བཅའ་རྟགས། འདོད་ན། རྒྱན་འདི་སྦས་དོན་མངོན་པར་རྟོགས་པའི་རིམ་པ་གཙོ་བོར་སྟོན་བྱེད་མིན་པར་ཐལ་ལོ། །གཞན་ཡང་སྦྱོར་ལམ་གྱི་གནས་སྐབས་ན་སོ་སོ་བ་དང་བསྡུས་པ་ཉིད་དུ་རྟོགས་པའི་དོན་སྒོམ་པ་མེད་པར་ཐལ། བསྡུས་པ་ཉིད་ཀྱི་དོན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པའི་ཕྱིར། འདོད་ན། དེར་མཐར་གྱིས་པའི་སྦྱོར་བ་མེད་པར་ཐལ་ལོ། །ཕྱི་མ་ལ་མཐར་གྱིས་པའི་སྦྱོར་བས་གོ་རིམ་དུ་བསྒོམ་པར་བྱ་བའི་ཆོས་དེ་མཐར་གྱིས་པའི་ཆོས་བཅུ་ལ་བྱེད་པ་འཐད་པར་ཐལ། དམ་བཅའ་རྟགས། འདོད་ན། སྐད་ཅིག་མའི་སྦྱོར་བས་ཅིག་ཅར་དུ་སྒོམ་པའི་ཆོས་དེ། དེ་བཅུ་ལ་བྱེད་པ་འཐད་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་སྟེ། འགྲེལ་པར། མཐར་གྱིས་པའི་མངོན་པར་རྟོགས་པ་རྣམ་པར་སྒོམ་པ་ནི་ཤིན་ཏུ་བསྒོམ་པར་བྱ་བའི་ཕྱིར། དེ་དག་ཉིད་སྐད་ཅིག་མ་གཅིག་གིས་སྒོམ་ཞེས་གསུངས་པའི་ཕྱིར། གཉིས་པ་ནི། སོ་སོ་བ་མཁྱེན་གསུམ་གྱི་ཆོས་སུམ་ཅུ་དང་། བསྡུས་པ་ནི་རྣམ་རྫོགས་སྦྱོར་བའི་བསྒོམ་བྱར་གྱུར་པའི་རྣམ་པ་བརྒྱ་བདུན་ཅུ་གསུམ་ལ་འཇོག་སྟེ། ཉི་ཁྲི་སྣང་བ་ལས། ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། རྣམ་པ་ཐམས་ཅད་མངོན་པར་རྟོགས་པ་ལ་ཁྱད་པར་ཅི་ཡོད་ཅེ་ན། ཐམས་ཅད་མཁྱེན་པ་ཉིད་གསུམ་ནི་རྣམ་པ་སོ་སོར་ངེས་པའི་ཡུལ་ཅན་ཏེ། རྣམ་པ་སོ་སོར་ངེས་པ་ཇི་ལྟར་བཤད་པས་སོ། །རྣམ་པ་ཐམས་ཅད་མངོན་པར་རྟོགས་པ་ནི་རྣམ་པ་མ་ལུས་པའི་ཡུལ་ཅན་ནོ་ཞེས་དང་། དོན་གསལ་ལས། ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི་དབང་དུ་བྱ་བའི་ཕྱིར། ཡང་རྣམ་པ་དང་ལམ་དང་གཞི་ཤེས་པ་བསྡུ་བའི་སྒོ་ནས་ཞེས་དང་། གསེར་གླིང་པས་རྟོགས་དཀའི་སྣང་བ་ལས། སོ་སོ་བ་དང་བསྡུས་པ་ཉིད་དུ་ཞེས་བྱ་བ་ནི་ལུགས་ལས་ལྡོག་པ་དང་ལུགས་ལས་འབྱུང་བ་དག་གིས་སོ། །རྟོགས་པའི་དོན་རྣམས་ནི་སྒོམ་པས་ཡུལ་དུ་བྱས་པའི་ཡུལ་ལོ་ཞེས་གསུངས་པའི་ཕྱིར། དེས་ན་མཁྱེན་གསུམ་མཚོན་བྱེད་ཀྱི་ཆོས་སུམ་ཅུ་ལ་སོ་སོ་བ་ཞེས་བརྗོད་དེ། དེ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་ལྡོག་པ་ནས་བསྟན་པའི་ཕྱིར། རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ལ་བསྡུས་པ་ཞེས་བརྗོད་དེ། སྔར་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་དེ་བསྒོམ་བྱའི་རྣམ་པར་བསྡུས་པའི་ཕྱིར། འོ་ན་རྩེ་མོའི་མངོན་པར་རྟོགས་པ་ཐོབ་པའི་སོ་སོ་བ་དང་ཞེས་སོགས་ཀྱི་གཞུང་གིས་རྩེ་སྦྱོར་གྱི་འོག་ཏུ་མཐར་གྱིས་པའི་སྦྱོར་བ་འཆད་པའི་རྒྱུ་མཚན་མ་བསྟན་པར་ཐལ་ལོ་སྙམ་ན། སྐྱོན་མེད་དེ། རྩེ་སྦྱོར་ཐོབ་པའི་གང་ཟག་གིས་སོ་སོ་བ་མཁྱེན་གསུམ་དང་བསྡུས་པ་རྣམ་རྫོགས་སྦྱོར་བར་རྟོགས་པའི་དོན་དེ་ཉིད་སྒོམ་པའི་ཕྱིར་ན་དེའི་འོག་ཏུ་དེ་འཆད་ཅེས་བསྟན་པའི་ཕྱིར། མདོར་ན་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་པོ་གོ་རིམ་ངེས་མེད་དུ་སྒོམ་པ་ལ་རྣམ་རྫོགས་སྦྱོར་བ་ཁོ་ན་དང་། དེ་ལ་བརྟེན་ནས་སྒོམ་བྱུང་གི་ཡེ་ཤེས་སྐྱེས་པ་ལ་རྩེ་སྦྱོར། དེ་ཉིད་བསྟན་པ་ཐོབ་པའི་ཕྱིར་གོ་རིམ་དུ་སྒོམ་པ་ལ་མཐར་གྱིས་པ། དེ་ཐོབ་ནས་ཅིག་ཅར་དུ་སྒོམ་པ་སྐད་ཅིག་མའི་སྦྱོར་བར་འཇོག་པའི་ཕྱིར་ན། སོ་སོ་བ་མཁྱེན་གསུམ་གྱི་ཆོས་སུམ་ཅུ་དང་། བསྡུས་པ་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་ལ་བྱེད་པ་ཤིན་ཏུ་འཐད་དོ། །སྦྱིན་པ་ཤེས་རབ་བར་དག་དང་། །ཞེས་པའི་སྐབས་སུ་མཐར་གྱིས་པའི་སྦྱོར་བའི་མཚན་ཉིད། དབྱེ་བ། ས་མཚམས་གསུམ། དང་པོ་ལ། ཁ་ཅིག མཁྱེན་གསུམ་བསྡུས་ནས་གོ་རིམ་དུ་སྒོམ་པའི་སེམས་དཔའི་རྣལ་འབྱོར། ཡང་དེའི་རྣམ་པ་བསྡུས་ནས་སྔར་བཞིན་དང་། ཡང་དེ་ལྟར་སྒོམ་པའི་དྲོད་སྐད་ཅིག་མ་གཉིས་པ་ཡན་ཆད་ཀྱི་སེམས་དཔའི་རྣལ་འབྱོར་ཟེར་ན། སྔ་མ་གཉིས་ལ་མཁྱེན་གསུམ་བསྡུས་ནས་གོ་རིམ་དུ་སྒོམ་པར་བྱེད་པའི་བྱང་སེམས་ཀྱི་ཚོགས་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། རྩེ་སྦྱོར་སྔོན་སོང་དུ་ཐལ་ལོ། །དང་པོ་ལ། ཁ་ཅིག ཐེག་ཆེན་གྱི་རྩེ་མོའི་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མཁྱེན་གསུམ་བསྡུས་པར་ཐལ་ལོ། །འདོད་ན། མངོན་པར་རྟོགས་པ་བརྒྱད་བསྡུས་པར་ཐལ། ཞེས་ཟེར་བ་ལ་སྐྱོན་སྤོང་ཡང་བསྟན་ཏོ། །གསུམ་པ་ལ་ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་སོང་གི་བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་མཁྱེན་གསུམ་གྱི་རྣམ་པ་གོ་རིམ་དུ་སྒོམ་པའི་སེམས་དཔའི་རྣལ་འབྱོར་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། དེ་ལྟར་སྒོམ་པར་བྱེད་པ་གང་ཞིག དྲོད་ཡན་ཆད་ཀྱི་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར་ཏེ། དྲོད་སྔོན་སོང་གི་དེའི་ཕྱིར། ཁ་ཅིག སྦྱིན་པའི་ཕར་ཕྱིན་གྱི་མཐར་གྱིས་པའི་སྦྱོར་བའི་མཚན་ཉིད། སྦྱིན་པའི་ཕར་ཕྱིན་གོ་རིམ་དུ་བསྒོམ་པར་བྱེད་པའི་མཐར་གྱིས་པའི་སྦྱོར་བ། དེས་གཞན་རྣམས་ལ་རིགས་འགྲེ་ཟེར་རོ། །འོ་ན་སྦྱིན་པའི་ཕར་ཕྱིན་གྱི་མཐར་གྱིས་པའི་སྦྱོར་བས་གོ་རིམ་དུ་བསྒོམ་པར་བྱ་བའི་ཆོས་དེ་ཡིན་ན་སྦྱིན་པའི་ཕར་ཕྱིན་ཡིན་དགོས་པར་ཐལ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་པོ་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། མཐར་གྱིས་པའི་སྦྱོར་བས་གོ་རིམ་དུ་བསྒོམ་པར་བྱ་བའི་ཆོས་དེ་ཡིན་པའི་ཕྱིར། གཉིས་པ་ནི། རང་རྒྱུ་རྩེ་སྦྱོར་ལས་བྱུང་བའི་བརྟན་པ་ཐོབ་པའི་ཕྱིར་དུ་མཁྱེན་གསུམ་གྱི་རྣམ་པ་གོ་རིམ་དུ་སྒོམ་པའི་སེམས་དཔའི་རྣལ་འབྱོར། གཉིས་པ་དབྱེ་བ་ལ། སྦྱིན་པའི་ཕར་ཕྱིན་གྱི་མཐར་གྱིས་པའི་སྦྱོར་བ་ནས་དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་མཐར་གྱིས་པའི་སྦྱོར་བའི་བར་བཅུ་གསུམ། དེ་དག་གི་མཚན་ཉིད་རིམ་བཞིན། སྦྱིན་པ་ཉམས་སུ་ལེན་པའི་བྱ་བས་ཟིན་པས་མཐར་གྱིས་པའི་སྦྱོར་བ། དེས་གཞན་རྣམས་ལའང་འགྲེ། སངས་རྒྱས་རྗེས་སུ་དྲན་པའི་མཐར་གྱིས་པའི་སྦྱོར་བའི་མཚན་ཉིད། སངས་རྒྱས་དཀོན་མཆོག་དོན་དམ་པར་དྲན་པ་མེད་ཅིང་ཀུན་རྫོབ་ཏུ་མཚན་ཉིད་ཀྱི་སྒོ་ནས་རྗེས་སུ་དྲན་པས་ཟིན་པའི་མཐར་གྱིས་པའི་སྦྱོར་བ། དེས་གཞན་རྣམས་ལའང་འགྲེ། དངོས་མེད་ངོ་བོ་ཉིད་དུ་རྟོགས་པའི་མཐར་གྱིས་པའི་སྦྱོར་བའི་མཚན་ཉིད། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་མཐར་གྱིས་པའི་སྦྱོར་བ། དེ་དག་རེ་རེ་ལའང་མཐར་གྱིས་བྱ་བ། དེའི་བསླབ་པ། དེའི་སྒྲུབ་པ་དང་གསུམ་གསུམ་ཡོད་དེ། སློབ་དཔོན་ལྟར་ན་སྦྱོར་མཐོང་སྒོམ་གསུམ་ལ་རིམ་བཞིན་འཇོག་ཞིང་། ཉི་ཁྲི་སྣང་བ་ལས། བགྱི་བ་སྨོས་པ་ནི་སེམས་བསྐྱེད་པ་གཟུང་བའི་དོན་དུའོ། །བསླབ་པ་སྨོས་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཤེས་པར་བྱ་བའི་དོན་དུའོ། །སྒྲུབ་པ་སྨོས་པ་ནི་མཐོང་བའི་ལམ་དང་སྒོམ་པའི་ལམ་ཤེས་པའི་དོན་དུའོ་ཞེས་གསུངས་སོ། །གསུམ་པ་ས་མཚམས་ནི། སློབ་དཔོན་ལྟར་ན་ཐེག་ཆེན་གྱི་སྦྱོར་ལམ་དྲོད་སྐད་ཅིག་གཉིས་པ་ནས་འཇོག་ལ། འཕགས་པ་ལྟར་ན་དེའི་ཚོགས་ལམ་ནས་འཇོག་པར་མཛད་དོ། །ཡུམ་དོན་རབ་གསལ་ལས་སྐབས་དྲུག་པའི་དཀའ་བའི་གནས་རྣམ་པར་བཤད་པ་ཨྀཐི།། །།


previousསྐབས་དྲུག་པ་མཐར་གྱིས་པའི་སྦྱོར་བའི་དཀའ་བའི་གནས་རྣམ་པར་བཤད་པ།next