Nitartha Digital Library
Tibetan
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ།


  collapse section
   
   
   
   
   
   
   
སྐབས་བདུན་པ་སྐད་ཅིག་མའི་སྦྱོར་བའི་དཀའ་བའི་གནས་རྣམ་པར་བཤད་པ།
   


 
previousསྐབས་བདུན་པ་སྐད་ཅིག་མའི་སྦྱོར་བའི་དཀའ་བའི་གནས་རྣམ་པར་བཤད་པ།next

སྐབས་བདུན་པ་སྐད་ཅིག་མའི་སྦྱོར་བའི་དཀའ་བའི་གནས་རྣམ་པར་བཤད་པ།

བཟོ་སྦྱོང་མཁས་པའི་ཟོ་ཆུན་རྒྱུན་བཞིན་དུ། །གྲངས་མེད་གསུམ་དུ་ཚོགས་གཉིས་གོམས་པའི་མཐུས། །ཟག་མེད་རྟོགས་པའི་རིགས་རྣམས་སྐད་ཅིག་ལ། །མངོན་དུ་བྱེད་པའི་རྒྱལ་ཡུམ་དེ་ལ་འདུད། །སྦྱིན་པ་ལ་སོགས་རེ་རེས་ཀྱང་། །ཞེས་པའི་སྐབས་སུ་སྐད་ཅིག་མའི་སྦྱོར་བའི་ས་མཚམས་ལ་དཔྱད་པ་དང་། ངོ་བོ་ལ་དཔྱད་པ་དང་། སྒོམ་པའི་དོན་ལ་དཔྱད་པ་དང་གསུམ། དང་པོ་ལ། དགག་གཞག་གཉིས། དང་པོ་ལ། ལོ་ཆེན་ན་རེ། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ་ས་བདུན་པ་ནས་ཡོད་དེ། རྒྱན་ལས། བྱང་ཆུབ་སེམས་དཔའ་ལྟ་བ་རྣམ་དག་པ། །ཚུལ་ཁྲིམས་ཤིན་ཏུ་རྣམ་དག་མཉམ་པར་གཞག །ཆོས་ལ་ང་སྤོང་རྒྱུད་དང་ཀུན་ཉོན་མོངས། །རྣམ་པར་བྱང་བ་ཐ་དད་ང་རྒྱལ་མེད། །སྐད་ཅིག་གཅིག་བློ་ཐོབ་པ་བཏང་སྙོམས་པ། །ཞེས་གསུངས་ཞིང་། དེའི་འགྲེལ་པར། དབྱིག་གཉེན་གྱིས། ལྟ་བ་རྣམ་དག་དང་། ཚུལ་ཁྲིམས་རྣམ་དག་དང་། ཆོས་ལ་ང་རྒྱལ་སྤོང་བ་དང་། རྒྱུད་ཐ་དད་པ་ལ་ང་རྒྱལ་མེད་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཐ་དད་པ་ལ་ང་རྒྱལ་མེད་པ་དང་དྲུག་ས་དང་པོ་དྲུག་ལ་རིམ་བཞིན་གཞག་ནས། ས་བདུན་པ་ལ་ནི་མཚན་མ་མེད་པར་གནས་པའི་མཐུས་སྐད་ཅིག་རེ་རེ་ལ་བྱང་ཕྱོགས་སོ་བདུན་སྒོམ་ནུས་པའི་སྐད་ཅིག་གཅིག་བློ་ཐོབ་པ་དེ་གཞག་པའི་ཕྱིར། རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ་ས་བརྒྱད་པ་ནས་ཡོད་དེ། རྣམ་པར་སྨིན་པའི་སེམས་བསྐྱེད་དེ་ནས་བཤད་པའི་ཕྱིར། དེ་གཉིས་ཀྱི་རིགས་པས་ཕྱི་མ་གཉིས་ས་དགུ་པ་དང་བཅུ་པ་ལ་འཇོག་ཅེས་གསུངས་སོ། །འོ་ན་ས་བདུན་པར་མཚན་འཛིན་ཡོད་པར་ཐལ། དེར་ང་རྒྱལ་ཡོད་པའི་ཕྱིར། རྟགས་ཁས་བླངས་ཏེ། དེར་ཐལ། རྒྱན་ལས། ང་རྒྱལ་ཕྲ་དང་ང་རྒྱལ་མེད་པར་འདོད། །ཅེས་པའི་ཕྱིར། ཁྱབ་པ་ཁས། ཡང་ས་དང་པོར་རྣམ་པར་སྨིན་པ་མིན་པའི་སྐད་ཅིག་མའི་སྦྱོར་བ་ཡོད་པར་ཐལ། མ་དག་ས་བདུན་གྱི་རྟོགས་རིགས་རྣམས་རྣམ་པར་སྨིན་པ་མིན་པའི་རྟོགས་རིགས་ཡིན་པའི་ཕྱིར། ཡང་གསལ་བ་དེར་ཐལ། དེར་ཕར་ཕྱིན་དྲུག་ཅིག་ཅར་དུ་སྒོམ་པའི་སྦྱོར་བ་ཡོད་པའི་ཕྱིར། གཉིས་ཆར་གྱི་ཁྱབ་པ་ཁས། ཡང་གསལ་བ་དེར་ཐལ། དེར་རྣམ་པར་སྨིན་པ་མིན་པའི་སེམས་བསྐྱེད་ཡོད་པའི་ཕྱིར། ཁྱབ་པ་ཁས། གཉིས་པ་ནི། དེ་རྒྱུན་མཐའ་ཁོ་ནར་ཡོད་དེ། རྒྱུན་མཐའི་ཡེ་ཤེས་སྐད་ཅིག་མ་གཅིག་ཉིད་ལ་མཚན་ཉིད་ཀྱི་དོན་མི་འདྲ་བའི་སྒོ་ནས་བཞིར་འབྱེད་པའི་ཕྱིར་ཏེ། རྩ་བར། མཚན་ཉིད་ཀྱིས་ནི་རྣམ་པ་བཞི། །ཞེས་དང་། དེའང་མཚན་ཉིད་ཀྱིས་རྣམ་པ་བཞི་ཡིན་པའི་ཕྱིར་ཞེས་གསུངས་པའི་ཕྱིར། གཉིས་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ་ཁ་ཅིག མཁྱེན་གསུམ་བསྡུས་ནས་ཅིག་ཅར་སྒོམ་པར་བྱེད་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཅེས་དང་། དེའི་རྣམ་པ་བསྡུས་ནས་བྱར་རྫོགས་ཀྱི་སྐད་ཅིག་མ་གཅིག་ལ་རྟོགས་ནས་སྒོམ་པར་བྱེད་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ་དེའི་མཚན་ཉིད་ཡིན་ཟེར། སྔ་མ་ལ། ཁ་ཅིག རྒྱུན་མཐའི་བྱང་སེམས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། དེ་བསྡུས་ནས་ཅིག་ཅར་དུ་སྒོམ་པར་བྱེད་པ་གང་ཞིག དེ་སེམས་དཔའི་རྣལ་འབྱོར་མཐར་ཐུག་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། ཤཱཀྱ་ཐུབ་པ་དེ་སྤངས་རྟོགས་མཐར་ཐུག་ཡིན་པའི་ཕྱིར་ཟེར་བ་མི་འཐད་དེ། སེམས་དཔའི་རྣལ་འབྱོར་མཐར་ཐུག་ཐོབ་པ་ཡིན་ན་དེ་མཐར་ཐུག་ཡིན་དགོས་པར་ཐལ། རྒྱུན་མཐའི་ཡེ་ཤེས་དེ་དེ་མཐར་ཐུག་ཡིན་པའི་ཕྱིར། འདོད་ན། སྦྱོར་ལམ་ཆོས་མཆོག་ལ་གནས་པའི་བྱང་སེམས་ཆོས་ཅན། འཇིག་རྟེན་ཆོས་མཆོག་ཡིན་པར་ཐལ། དེའི་ཆོས་ཀྱི་མཆོག་ཐོབ་པའི་ཕྱིར། ཡང་རྟོགས་པ་མཐར་ཐུག་ཐོབ་པ་ཡིན་ན་རྟོགས་པ་མཐར་ཐུག་ཡིན་དགོས་པར་ཐལ། ཤཱཀྱ་ཐུབ་པ་དེ་དེ་ཡིན་པའི་ཕྱིར། འདོད་ན། རྣམ་མཁྱེན་ཐོབ་ན་རྣམ་མཁྱེན་ཡིན་དགོས་པར་ཐལ་ལོ། །གཉིས་པ་ལ་སྐད་ཅིག་མའི་སྦྱོར་བ་ལ་སྐད་ཅིག་སྔ་ཕྱིའི་རིམ་པ་ཡོད་པར་ཐལ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། དེ་སྐད་ཅིག་མ་སྔ་མ་དེ་ཆོས་ཅན། རང་གི་འབྲས་བུར་གྱུར་པའི་ཆོས་སྐུའི་དངོས་རྒྱུ་བྱེད་པར་ཐལ། རྒྱུན་མཐའི་ཡེ་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ། ཞེས་གསུངས་པའི་ཕྱིར། འདོད་ན། མིན་པར་ཐལ། ཁྱོད་དང་དེའི་བར་དུ་སྐད་ཅིག་མའི་སྦྱོར་བ་སྐད་ཅིག་མ་ཕྱི་མས་ཆོད་པའི་ཕྱིར། ཡང་དེ་ཆོས་ཅན། མཁྱེན་གསུམ་གྱི་སྦྱོར་བ་མཐར་ཐུག་ཡིན་པར་ཐལ། སྐད་ཅིག་མའི་སྦྱོར་བ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་མཐའ་ཞེས་པ་དང་། དེ་ནས་ཁྱད་པར་དུ་འགྲོར་མེད་པའི་ཡང་དག་པར་སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་མཐར་ཐུག་པའི་གནས་སྐབས་ཡིན་ནོ་ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱི་སྐད་ཅིག་ཕྱི་ལོགས་སུ་རྣམ་མཁྱེན་གྱི་སྦྱོར་བ་མེད་པའི་ཕྱིར། རྟགས་ཁས། ཁ་ཅིག རྣམ་པར་སྨིན་པ་མིན་པའི་སྐད་ཅིག་མའི་སྦྱོར་བའི་མཚན་ཉིད། རྣམ་པར་སྨིན་པ་མིན་པའི་ཟག་མེད་ཀྱི་ཆོས་གཅིག་མངོན་དུ་བྱས་པའི་ཚེ་དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་ཆོས་ཐམས་ཅད་མངོན་དུ་བྱེད་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དང་། རྣམ་པར་སྨིན་པའི་ཟག་མེད་ཀྱི་ཆོས་གཅིག་མངོན་དུ་བྱས་པའི་ཚེ། དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་ཆོས་ཐམས་ཅད་མངོན་དུ་བྱེད་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་དེ་རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བའི་མཚན་ཉིད་ཟེར་ན། སྔ་མ་ལ། རྒྱུན་མཐའ་ན་རྣམ་པར་སྨིན་པ་མིན་པའི་ཟག་མེད་ཀྱི་ཆོས་མངོན་དུ་བྱེད་པ་ཡོད་པར་ཐལ། རྒྱུན་མཐའི་ཡེ་ཤེས་དེ་མཚན་ཉིད་དེའི་ཕྱིར། འདོད་ན། རྒྱུན་མཐའི་སྐབས་ཀྱི་ས་བདུན་པ་མན་ཆད་ཀྱི་རྟོགས་རིགས་དེ་རྣམ་པར་སྨིན་པ་མིན་པའི་ཟག་མེད་ཀྱི་ཆོས་སུ་ཐལ་ལོ། །འདོད་ན། དེ་མིན་པར་ཐལ། རྣམ་པར་སྨིན་པའི་ཟག་མེད་ཀྱི་ཆོས་ཡིན་པའི་ཕྱིར་ཏེ། དག་སའི་ཡེ་ཤེས་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། རྒྱུན་མཐའི་ཡེ་ཤེས་ཆོས་ཅན། རྣམ་པར་སྨིན་པ་མིན་པའི་སྐད་ཅིག་མའི་སྦྱོར་བ་མིན་པར་ཐལ། རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ་ཡིན་པའི་ཕྱིར། ཁྱབ་པ་བསྒྲིགས་གོ་ཟེར་རོ། །མི་མཚུངས་ཏེ། ཉན་ཐོས་ཀྱི་ལམ་ཡིན་ན་བྱང་སེམས་ཀྱི་ལམ་མིན་པས་མ་ཁྱབ་པར་ཐལ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་ན་བྱང་སེམས་ཀྱི་ལམ་མིན་པས་མ་ཁྱབ་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་རྣམ་པར་སྨིན་པ་མིན་པའི་ཟག་མེད་ཀྱི་རྟོགས་རིགས་ཡིན་ན་དེའི་ཆོས་ཡིན་དགོས་པར་ཐལ། རྒྱུན་མཐའི་སྐབས་ཀྱི་ས་བདུན་པ་མན་ཆད་ཀྱི་རྟོགས་རིགས་དེ་རྣམ་པར་སྨིན་པ་མིན་པའི་ཟག་མེད་ཀྱི་ཆོས་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། བྱང་འཕགས་ཀྱི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དེ་ཆོས་ཅན། ཉན་ཐོས་ཀྱི་ལམ་ཡིན་པར་ཐལ། དེའི་རྟོགས་རིགས་ཡིན་པའི་ཕྱིར། ཁྱབ་པ་ཁས། མཚན་ཉིད་ཕྱི་མ་ལ། རྒྱུན་མཐའི་ཡེ་ཤེས་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། ཡང་དེས་རྣམ་པར་སྨིན་པའི་ཟག་མེད་ཀྱི་ཆོས་ཐམས་ཅད་མངོན་དུ་བྱས་པར་ཐལ། དེས་དེ་གཅིག་མངོན་དུ་བྱས་པའི་ཕྱིར། རྟགས་ཁྱབ་ཁས། གཉིས་པ་ནི། བརྟན་པ་ཐོབ་ནས་མཁྱེན་གསུམ་གྱི་རྣམ་པ་སྐད་ཅིག་མ་གཅིག་ལ་ཅིག་ཅར་དུ་སྒོམ་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག དབྱེ་ན་བཞི་ཡོད་པ་ལས། མཚན་ཉིད་རིམ་བཞིན། རྣམ་པར་སྨིན་པ་མིན་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་སྒོམ་པའི་ཚེ་དེ་དང་རིགས་མཐུན་པའི་ཟག་མེད་ཀྱི་རྟོགས་རིགས་ཐམས་ཅད་སྒོམ་ནུས་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག རྣམ་པར་སྨིན་པའི་ཟག་མེད་ཀྱི་རྟོགས་རིགས་གཅིག་སྒོམ་པའི་ཚེ་དེ་དང་རིགས་མཐུན་པའི་ཞེས་སོགས་འགྲེ། ཆོས་ཐམས་ཅད་བདེན་པའི་མཚན་ཉིད་མེད་པ་དང་། ཆོས་ཐམས་ཅད་གཟུང་འཛིན་གཉིས་སུ་མེད་པར་དུས་སྐད་ཅིག་མ་གཅིག་ལ་སྒོམ་པའི་སེམས་དཔའི་རྣལ་འབྱོར་མཐར་ཐུག་གོ །གསུམ་པ་ལ། ཁ་ཅིག་ན་རེ། རྒྱུན་མཐའི་ཡེ་ཤེས་ཆོས་ཅན། རྣམ་པར་སྨིན་པའི་ཟག་མེད་ཀྱི་རྟོགས་རིགས་ཐམས་ཅད་སྒོམ་པར་ཐལ། དེ་གཅིག་སྒོམ་པའི་ཕྱིར། རྟགས་ཁས། འདོད་ན། དེས་སངས་རྒྱས་ཀྱི་ཡེ་ཤེས་སྒོམ་པར་ཐལ་ལོ། །འདོད་ན། དེས་དེ་མངོན་སུམ་དུ་རྟོགས་པར་ཐལ། འདོད་པ་གང་ཞིག རྣལ་འབྱོར་ཡིན་པའི་ཕྱིར་ཟེར་ན། སློབ་ལམ་ན་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་སྒོམ་པའི་རྣལ་འབྱོར་མེད་པར་ཐལ། དེར་ཐུན་མོང་མིན་པའི་རྣམ་མཁྱེན་གྱི་རྣམ་པ་སུམ་ཅུ་སོ་དགུ་སྒོམ་པར་བྱེད་པའི་རྣལ་འབྱོར་མེད་པའི་ཕྱིར། རྟགས་ཁས། འདོད་ན། དེར་རྣམ་རྫོགས་སྦྱོར་བར་གྱུར་པའི་རྣལ་འབྱོར་མེད་པར་ཐལ་ལོ། །གསུམ་པ་བསྒོམ་བྱའི་དོན་ནི། རྒྱུན་མཐའི་ཡེ་ཤེས་གཅིག་ཉིད་ཀྱིས་རྣམ་པར་སྨིན་པ་མིན་པའི་ཟག་མེད་ཀྱི་རྟོགས་རིགས་ཐམས་ཅད་དང་། རྣམ་པར་སྨིན་པའི་ཟག་མེད་ཀྱི་རྟོགས་རིགས་ཐམས་ཅད་ཅིག་ཅར་དུ་སྒོམ་པར་བྱེད་ཅིང་། སྒོམ་བྱེད་ཀྱི་བློའི་རྣམ་པ་ལའང་ཆོས་ཐམས་ཅད་མཚན་ཉིད་མེད་པར་རྟོགས་པ་དང་། གཟུང་འཛིན་གཉིས་སུ་མེད་པར་རྟོགས་པའི་ལྡོག་པ་བཞི་ཡོད་པ་ལས། དེ་ལ་སྐད་ཅིག་མའི་སྦྱོར་བ་བཞིར་འཇོག་པ་ཡིན་ནོ། །འོ་ན་རྟོགས་རིགས་གཉིས་པོ་དེ་ཇི་ལྟ་བུ་ཞེ་ན། མ་དག་ས་བདུན་དུ་ཐོབ་པའི་ཟག་མེད་ཀྱི་ཡོན་ཏན་རྣམས་ནི་རྣམ་པར་སྨིན་པ་མིན་པ་ཞེས་བརྗོད་དེ། འབད་རྩོལ་དང་བཅས་པའི་སྒོ་ནས་ཐོབ་པའི་ཕྱིར། དེའི་རྟོགས་རིགས་ལ་རྣམ་པར་སྨིན་པ་མིན་པའི་ཟག་མེད་ཀྱི་རྟོགས་རིགས་ཞེས་བྱའོ། །ས་བརྒྱད་པ་ཡན་ཆད་དུ་ཐོབ་པའི་ཡོན་ཏན་རྣམས་ལ་རྣམ་པར་སྨིན་པ་ཞེས་བྱ་སྟེ། འབད་མེད་ལྷུན་གྲུབ་ཏུ་ཐོབ་པའི་ཕྱིར། དེའི་རྟོགས་རིགས་རྣམས་ལ་རྣམ་པར་སྨིན་པའི་ཟག་མེད་ཀྱི་རྟོགས་རིགས་ཞེས་བྱའོ། །ས་བརྒྱད་པ་ཡན་ཆད་དུ་རྟོགས་རིགས་གཉིས་པོ་དེ་ཡོད་པ་ཡིན་གྱི། རྣམ་པར་སྨིན་པ་མིན་པའི་ཟག་མེད་ཀྱི་ཡོན་ཏན་ནི་མེད་དེ། དེ་ཡན་ཆད་ཀྱི་ཡོན་ཏན་ཐམས་ཅད་རྣམ་པར་སྨིན་པའི་ཡོན་ཏན་ཡིན་པའི་ཕྱིར་རོ། །ཡུམ་དོན་རབ་གསལ་ལས་སྐབས་བདུན་པའི་དཀའ་བའི་གནས་རྣམ་པར་བཤད་པའོ།། །།


previousསྐབས་བདུན་པ་སྐད་ཅིག་མའི་སྦྱོར་བའི་དཀའ་བའི་གནས་རྣམ་པར་བཤད་པ།next