Nitartha Digital Library
Tibetan
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ།


  collapse section
   
   
   
   
   
   
   
   
སྐབས་བརྒྱད་པ་འབྲས་བུ་ཆོས་སྐུའི་དཀའ་བའི་གནས་རྣམ་པར་བཤད་པ།


 
previousསྐབས་བརྒྱད་པ་འབྲས་བུ་ཆོས་སྐུའི་དཀའ་བའི་གནས་རྣམ་པར་བཤད་པ།no next

སྐབས་བརྒྱད་པ་འབྲས་བུ་ཆོས་སྐུའི་དཀའ་བའི་གནས་རྣམ་པར་བཤད་པ།

ཟག་མེད་ཡོན་ཏན་གཏེར་གྱུར་དྲི་དྲལ་དབྱིངས། །ཐེག་མཆོག་པདྨོ་རྒྱས་མཛད་ལོངས་སྤྱོད་རྫོགས། །དགེ་ལེགས་ཀུན་གྱི་གཞིར་གྱུར་སྤྲུལ་པའི་སྐུ། །མཛད་པར་བཅས་པའི་རྒྱལ་ཡུམ་དེ་ལ་འདུད། །སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས། །ཞེས་པའི་སྐབས་སུ། ངག་འདོན་དང་། འབྲས་བུ་ཆོས་སྐུའི་མཚན་ཉིད་གཉིས་ལས། དང་པོ་ནི། བྱམས་མགོན་ཆོས་ཅན། སྐད་ཅིག་མའི་སྦྱོར་བ་བཤད་པའི་འོག་ཏུ། འབྲས་བུ་ཆོས་སྐུ་འཆད་པ་ལ་རྒྱུ་མཚན་ཡོད་དེ། སྐད་ཅིག་མའི་སྦྱོར་བ་རྣམ་པར་སྒོམ་པའི་སྐད་ཅིག་གཉིས་པ་ལ་འབྲས་བུ་ཆོས་ཀྱི་སྐུ་འབྱུང་བའི་ཕྱིར་བྱས་པ་ལ། ཁ་ཅིག་ན་རེ། སྐད་ཅིག་མའི་སྦྱོར་བ་དེ་འབྲས་བུ་ཆོས་སྐུའི་དངོས་རྒྱུ་ཡིན་པར་ཐལ། སྦྱོར་བ་དེའི་རྟགས་དེའི་ཕྱིར། འདོད་ན། དེ་ཆོས་ཅན། དངོས་སུ་སྐྱེད་བྱེད་ཡིན་པར་ཐལ། འདོད་པ་དེའི་ཕྱིར། ཞེས་ཟེར་ན། དེ་ཆོས་ཅན། དེ་སྐྱེད་བྱེད་དུ་ཐལ། དེའི་རྒྱུ་ཡིན་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་ས་དང་པོའི་ཡེ་ཤེས་ཆོས་ཅན། འབྲས་བུ་ཆོས་སྐུ་བརྒྱུད་ནས་སྐྱེད་བྱེད་ཡིན་པར་ཐལ། དེའི་བརྒྱུད་རྒྱུ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། དེའི་རྒྱུ་ཡིན་པ་གང་ཞིག ཁྱོད་དང་དེ་གཉིས་ཀྱི་བར་དུ་ཐེག་ཆེན་གྱི་སྒོམ་ལམ་གྱིས་ཆོད་པའི་ཕྱིར། དང་པོ་མ་གྲུབ་ན། དེར་ཐལ། ལམ་བདེན་འགོག་བདེན་གྱི་རྒྱུ་ཡིན་པའི་ཕྱིར་ཏེ། མྱང་འདས་རྒྱུ་འབྲས་གཞི་གྲུབ་པའི་ཕྱིར། གཉིས་པ་ནི། ཁ་ཅིག སྦྱོར་བཞི་སྒོམ་པའི་རྣམ་སྨིན་མཐར་ཐུག་གང་ཞིག ཟག་མེད་ཆོས་ཀྱི་ཡན་ལག་དུ་མ་དང་ལྡན་པ་ཞེས་སྨྲ་བ་ལ། གཞན་དག་ན་རེ། ལོངས་སྐུའི་དབུ་སྐྲ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དང་པོ་དེར་ཐལ། སངས་རྒྱས་ཀྱི་ཐུན་མོང་མིན་པའི་ཡོན་ཏན་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེ་དེར་ཐལ། ལོངས་སྐུ་དེ་དང་ལྡན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ལོངས་སྐུར་ཐལ། འབྲས་བུ་ཆོས་སྐུ་གང་ཞིག ཁྱོད་དེ་ཡིན་ན་ཁྱོད་ལོངས་སྐུ་ཡིན་དགོས་པའི་ཕྱིར་ཞེས་ཟེར་ན། ཕྱི་ཟུར་མ་གྲུབ་སྟེ། སངས་རྒྱས་སའི་བྱང་ཕྱོགས་སོ་བདུན་དེ་ངོ་བོ་ཉིད་སྐུར་ཐལ། དེ་འབྲས་བུ་ཆོས་སྐུ་ཡིན་པའི་ཕྱིར། སངས་རྒྱས་སའི་བཟོ་སྤྲུལ་སྐུ་དེ་མཆོག་གི་སྤྲུལ་སྐུར་ཐལ། དེ་འབྲས་བུ་ཆོས་སྐུ་ཡིན་པའི་ཕྱིར། ཁྱབ་པ་གཉིས་ཁས། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། སངས་རྒྱས་ཀྱི་སྤྲུལ་སྐུ་ཡིན་པའི་ཕྱིར། ཡང་ཁ་ཅིག རྣམ་མཁྱེན་སྐད་ཅིག་མ་དང་པོའི་གནས་སྐབས་ཀྱི་ས་བདུན་པ་མན་ཆད་ཀྱི་རྟོགས་རིགས་ཆོས་ཅན། མཚན་ཉིད་ཀྱི་ཟུར་སྔ་མ་དེར་ཐལ། འབྲས་བུ་ཆོས་སྐུ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དེ་མིན་པར་ཐལ། ཁྱོད་རྣམ་པར་སྨིན་པ་མིན་པའི་ཟག་མེད་ཀྱི་ཡོན་ཏན་ཡིན་པའི་ཕྱིར་ཏེ། ཁྱོད་རྣམ་པར་སྨིན་པ་མིན་པའི་སྐད་ཅིག་མའི་སྦྱོར་བས་མངོན་དུ་བྱ་རྒྱུའི་ཟག་མེད་ཀྱི་ཡོན་ཏན་ཡིན་པའི་ཕྱིར་ཞེ་ན། ཁྱབ་པ་དང་པོ་ལ། སངས་རྒྱས་སའི་དྲན་པ་ཉེར་གཞག་ཆོས་ཅན། ཁྱོད་སངས་རྒྱས་སའི་ཐུན་མོང་མིན་པའི་ཡོན་ཏན་མིན་པར་ཐལ། ཁྱོད་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། ཁྱོད་དེར་ཐལ། ཁྱོད་སངས་རྒྱས་ཁོ་ནའི་ཁྱད་ཆོས་སུ་གྱུར་པའི་ཡོན་ཏན་ཡིན་པའི་ཕྱིར། ཁྱབ་པ་ཕྱི་མ་ལ། གཟུགས་སྐུ་གཉིས་ཆོས་ཅན། རང་དོན་དོན་དམ་པའི་སྐུ་ཡིན་པར་ཐལ། ཡེ་ཤེས་ཀྱི་ཚོགས་ཀྱི་འབྲས་བུར་གྱུར་པའི་སྐུ་ཡིན་པའི་ཕྱིར། ངོ་བོ་ཉིད་སྐུའང་ཆོས་ཅན། གཞན་དོན་ཀུན་རྫོབ་པའི་སྐུ་ཡིན་པར་ཐལ། བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུར་གྱུར་པའི་སྐུ་ཡིན་པའི་ཕྱིར། ཁྱབ་པ་གཉིས་ཁས། གཞན་ཡང་སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྦྱིན་པ་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་གྱི་ཟག་མེད་ཀྱི་ཡོན་ཏན་རྣམས་ཆོས་ཅན། རྣམ་པར་སྨིན་པ་མིན་པའི་ཟག་མེད་ཀྱི་ཡོན་ཏན་ཡིན་པར་ཐལ། རྣམ་པར་སྨིན་པ་མིན་པའི་སྐད་ཅིག་མའི་སྦྱོར་བས་མངོན་དུ་བྱ་རྒྱུའི་ཟག་མེད་ཀྱི་ཡོན་ཏན་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་སའི་ཟག་མེད་ཀྱི་ཡོན་ཏན་ཡིན་ན་རྣམ་པར་སྨིན་པ་མིན་པའི་ཟག་མེད་ཀྱི་ཡོན་ཏན་ཡིན་དགོས་པར་ཐལ་ལོ། །ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཞེས་པའི་སྐབས་སུ། ངག་དོན་ལ་དཔྱད་པ་དང་། ངོ་བོ་ཉིད་སྐུ་སངས་རྒྱས་ཡིན་མིན་ལ་དཔྱད་པ། སྐུའི་གྲངས་ངེས་ལ་དཔྱད་པ་དང་གསུམ་ལས། དང་པོ་ལ་སངས་རྒྱས་འཕགས་པའི་རྒྱུད་ཀྱི་འགོག་བདེན་ཆོས་ཅན། ངོ་བོ་ཉིད་སྐུ་ཡིན་ཏེ། ཟག་མེད་ཀྱི་ཡེ་ཤེས་ཡོན་ཏན་དུ་ལྡན་པའི་དག་པ་གཉིས་ལྡན་གྱི་འགོག་བདེན་ཡིན་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ། ས་བརྒྱད་པ་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་འགོག་བདེན་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། ཟག་མེད་ཀྱི་ཡེ་ཤེས་ཡོན་ཏན་དུ་ལྡན་པ་གང་ཞིག དག་པ་གཉིས་ལྡན་གྱི་འགོག་བདེན་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེར་ཐལ། ས་བརྒྱད་པ་ལ་གནས་པའི་བྱང་སེམས་ཀྱི་རྒྱུད་ལ་ཟག་མེད་ཀྱི་ཡེ་ཤེས་ཡོད་པ་གང་ཞིག སངས་རྒྱས་ཀྱི་འགོག་བདེན་དེ་ལ་དེ་ཡོན་ཏན་དུ་ལྡན་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། གློ་བུར་གྱི་དྲི་མས་དག་པའི་དག་པ་དང་ལྡན་པའི་འགོག་བདེན་ཡིན་པའི་ཕྱིར་ཏེ། ས་བདུན་པའི་ངོས་སྐལ་གྱི་དྲིས་མས་དག་པའི་དག་པ་དང་ལྡན་པའི་འགོག་བདེན་ཡིན་པའི་ཕྱིར་དང་། ས་བཅུ་པོ་རེ་རེ་ལ་གློ་བུར་དྲི་བྲལ་གྱི་ཆོས་ཉིད་གསར་མཐོང་རེ་རེ་ཡོད་པའི་ཕྱིར་རོ་ཞེས་ཟེར་ན། འོ་ན་ས་བདུན་པའི་ངོས་སྐལ་གྱི་དྲི་མས་དག་པའི་དག་པ་དང་ལྡན་པའི་འགོག་བདེན་ཡིན་ན་གློ་བུར་གྱི་དྲི་མས་དག་པའི་ཁྱབ་པ་ཡོད་པར་ཐལ། སྔ་མ་ལ་ཁྱབ་པ་ཡོད་པའི་ཕྱིར། འདོད་ན། ས་བརྒྱད་པའི་འགོག་བདེན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ཤེས་སྒྲིབ་མ་སྤངས་པའི་ཕྱིར། གཉིས་པ་ནི། གཞོན་ནུ་བློ་ལྡན་སོགས་ན་རེ། ངོ་བོ་ཉིད་སྐུ་སངས་རྒྱས་མིན་ཏེ། གལ་ཏེ་ཡིན་ན། དེ་ཆོས་ཅན། སེམས་ཅན་གྱི་དོན་བྱེད་པར་ཐལ། སངས་རྒྱས་ཡིན་པའི་ཕྱིར། འདོད་ན། དེ་ཅིག་ཅར་དུ་བྱེད་པར་ཐལ། འདོད་པ་གང་ཞིག རྟག་པ་ཡིན་པའི་ཕྱིར། འདོད་ན། སེམས་ཅན་ཐམས་ཅད་ཅིག་ཅར་དུ་སྨིན་པར་ཐལ། འདོད་པ་དེའི་ཕྱིར། ཡང་དེ་ཆོས་ཅན། ཤེས་བྱ་མཁྱེན་པར་ཐལ། སངས་རྒྱས་ཡིན་པའི་ཕྱིར། འདོད་ན། དེ་ཅིག་ཅར་དུ་མཁྱེན་པར་ཐལ། འདོད་པ་གང་ཞིག རྟག་པ་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་ཐམས་ཅད་ཅིག་ཅར་དུ་གྲུབ་པར་ཐལ་ལོ། །ཡང་དེ་ཆོས་ཅན། སྐྱེས་བུ་དང་མཁྱེན་པ་གང་རུང་དུ་ཐལ། ཤེས་བྱ་མཁྱེན་པའི་ཕྱིར། ཡང་དེ་ཆོས་ཅན། དངོས་པོ་བརྒྱད་ཀྱི་ནང་ཚན་དུ་ཐལ། སྐབས་བརྒྱད་པའི་བསྟན་བྱའི་གཙོ་བོར་གྱུར་པའི་སངས་རྒྱས་ཀྱི་སྐུ་ཡིན་པའི་ཕྱིར། འདོད་ན། དངོས་པོར་ཐལ་ལོ། །ཡང་རྣམ་མཁྱེན་བདེན་པས་སྟོང་པའི་བདེན་སྟོང་དེ་སངས་རྒྱས་སུ་ཐལ། ངོ་བོ་ཉིད་སྐུ་དེ་སངས་རྒྱས་ཡིན་པའི་ཕྱིར། འདོད་ན། དེ་གློ་བུར་དྲི་བྲལ་གྱི་ཆོས་ཉིད་དུ་ཐལ། འདོད་པ་དེའི་ཕྱིར། འདོད་ན། ས་དང་པོའི་བྱང་སེམས་དེས་དེ་མ་རྟོགས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་དེ་མངོན་སུམ་རྟོགས་པར་ཐལ། ཁྱོད་ཀྱིས་ཆོས་ཐམས་ཅད་ཀྱི་བདེན་སྟོང་མངོན་སུམ་དུ་རྟོགས་པའི་ཕྱིར་ཟེར་རོ། །དང་པོ་ལ། སེམས་ཅན་ཐམས་ཅད་ཅིག་ཅར་དུ་སྨིན་པར་ཐལ། མཆོག་གི་སྤྲུལ་སྐུ་དེས་སེམས་ཅན་གྱི་དོན་ཅིག་ཅར་དུ་བྱེད་པའི་ཕྱིར་ཏེ། དེས་དགེ་སློང་ལྔ་སྟོང་ཙམ་གྱི་དོན་ཅིག་ཅར་དུ་བྱེད་པའི་ཕྱིར་ཏེ། དེས་ཆོས་གཅིག་བསྟན་པ་ལ་བརྟེན་ནས་སེམས་ཅན་ལྔ་སྟོང་ཙམ་གྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཅིག་ཅར་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་སོགས་བཤད་པའི་ཕྱིར། གཉིས་པ་ལ་ཤེས་བྱ་ཐམས་ཅད་ཅིག་ཅར་དུ་གྲུབ་པར་ཐལ་བ་དང་། དུས་གསུམ་པོ་ཅིག་ཅར་དུ་གྲུབ་པར་ཐལ། སངས་རྒྱས་ཀྱི་ཡེ་ཤེས་དེས་དེ་གཉིས་ཅིག་ཅར་དུ་མཁྱེན་པའི་ཕྱིར་ཏེ། རིམ་བཞིན། ཡེ་ཤེས་སྙིང་པོས། མཁྱེན་པའི་སྐད་ཅིག་གཅིག་གི་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་པའི་ཕྱིར་དང་། སངས་རྒྱས་ཀྱི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་དུས་གསུམ་མཁྱེན་པའི་ཕྱིར། གསུམ་པ་ལ། སངས་རྒྱས་ཆོས་ཅན། དེར་ཐལ། དེའི་ཕྱིར། བཞི་པ་ལ། ཆོས་ཐམས་ཅད་ཆོས་ཅན། རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་གང་རུང་དུ་ཐལ། དམིགས་པ་དག་དང་ཞེས་པའི་གཞུང་གིས་བསྟན་བྱའི་གཙོ་བོར་གྱུར་པའི་ཐེག་ཆེན་སྒྲུབ་པའི་དམིགས་པ་ཡིན་པའི་ཕྱིར། ཁྱབ་གསལ་ཁས་བླངས། འདོད་ན། རྣམ་མཁྱེན་མཚོན་བྱེད་དུ་ཐལ། འདོད་པའི་ཕྱིར། ཁྱབ་པ་ཁས། ལྔ་པ་ལ། ཆོས་ཞེས་པའི་རང་བཞིན་རྣམ་དག་གི་ཆོས་ཉིད་མངོན་སུམ་རྟོགས་ན། ཆོས་ཞེས་པའི་ཆོས་ཉིད་མངོན་སུམ་རྟོགས་པས་ཁྱབ་པར་ཐལ། ས་དང་པོའི་བྱང་སེམས་དེས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མངོན་སུམ་རྟོགས་པའི་ཕྱིར། རྟགས་ཁས། འདོད་ན། ས་དང་པོའི་བྱང་སེམས་ཆོས་ཅན། གློ་བུར་དྲི་བྲལ་གྱི་ཆོས་ཉིད་མངོན་སུམ་རྟོགས་པར་ཐལ། དེའི་རང་བཞིན་རྣམ་དག་གི་ཆོས་ཉིད་མངོན་སུམ་རྟོགས་པའི་ཕྱིར། འདོད་མི་ནུས་ཏེ། སློབ་པའི་གང་ཟག་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། ས་གཉིས་པའི་ཡེ་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། རྟོགས་པར་ཐལ། མཐོང་སྤང་གི་དྲི་མ་དང་བྲལ་བའི་ཆོས་ཉིད་མངོན་སུམ་རྟོགས་པ་གང་ཞིག གློ་བུར་གྱི་དྲི་མ་ཡིན་པའི་ཕྱིར་ཟེར་ན། ས་གཉིས་པའི་བྱང་སེམས་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དག་པ་གཉིས་ལྡན་གྱི་འགོག་བདེན་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་མཐོང་སྤང་གི་དྲི་མས་དག་པའི་འགོག་བདེན་ཡོད་པ་གང་ཞིག དེ་གློ་བུར་བ་ཡིན་པའི་ཕྱིར། གསུམ་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ནི། ཁ་ཅིག མངོན་རྟོགས་རྒྱན་གྱི་དགོངས་པ་སངས་རྒྱས་ཀྱི་སྐུ་ལ་བཞིར་གྲངས་ངེས་པ་ཡིན་ཏེ། རྟོགས་ཡེ་ཆོས་སྐུ་དེ་སངས་རྒྱས་ཀྱི་སྐུ་ཡིན་པ་གང་ཞིག དེ་ངོ་བོ་ཉིད་སྐུ་དང་། གཟུགས་སྐུ་གཉིས་པོ་གང་རུང་མིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་བཤད་ཟིན་པའི་མཇུག་ཏུ་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་ཞེས་གསུངས་པའི་ཕྱིར་དང་། དེ་ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད་ཅེས་པའི་སྐབས་ནས་བསྟན་པའི་ཆོས་སྐུ་དང་དོན་གཅིག་ཡིན་པའི་ཕྱིར། ཡང་བཞིར་ངེས་ཏེ། ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་དེ་སྐུ་དང་པོ་གསུམ་གང་རུང་མིན་པ་གང་ཞིག ཆོས་སྐུ་མཛད་པ་དང་བཅས་པ་ཞེས་པའི་སྐབས་ནས་བསྟན་པའི་མཛད་པ་དང་བཅས་པའི་སྐུ་ཡིན་པའི་ཕྱིར། ཡང་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་དེ་སྐུ་གསུམ་ལས་ལོགས་སུ་གྱུར་པའི་སངས་རྒྱས་ཀྱི་སྐུར་ཐལ། དེ་སངས་རྒྱས་ཀྱི་སྐུ་གང་ཞིག དེ་གསུམ་གང་རུང་མིན་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་སྐུ་དེ་ལ་གསུམ་དུ་མ་ངེས་པར་ཐལ་ལོ་ཞེས་སྨྲའོ། །འོ་ན་ཆོས་སྐུ་མཛད་པ་དང་བཅས་པ་ཞེས་པའི་སྐབས་ཀྱི་ཆོས་སྐུ་དེ་ཡིན་ན་ཡེ་ཤེས་ཆོས་སྐུ་ཡིན་དགོས་པར་ཐལ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་པའི་གཞུང་འདི་ཁོ་ན་ཆོས་སྐུ་མཛད་པ་དང་བཅས་པ་ཞེས་པའི་སྐབས་ཀྱི་རྒྱས་བཤད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ངོ་བོ་ཉིད་སྐུ་དང་། ལོངས་སྐུ། སྤྲུལ་སྐུ་གསུམ་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། མཐར་གྱིས་པའི་ཆོས་བཅུ་གསུམ་པོ་དེ། མཐར་གྱིས་པ། རྣམ་གསུམ་རྣམ་བཅུ་ཞེས་པའི་སྐབས་ཀྱི་མཐར་གྱིས་པ་ཡིན་པའི་ཕྱིར་རོ། །གཞན་ཡང་ཆོས་སྐུ་མཛད་པ་དང་བཅས་པ་ཞེས་པའི་ཆོས་སྐུ་ཞེས་པའི་ཚིག་དེ། ངོ་བོ་ཉིད་ཡོངས་རྫོགས་བཅས་དང་། །ཞེས་པའི་ངོ་བོ་ཉིད་ཅེས་པའི་སྒྲའི་མཇུག་ཐོག་ཏུ་བརྗོད་རིགས་པར་ཐལ། དེའི་སྐབས་ཀྱི་ཆོས་སྐུ་དེ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་པའི་སྐབས་ཀྱི་ཡེ་ཤེས་ཆོས་སྐུ་ཡིན་པའི་ཕྱིར། རྟགས་ཁས། དེ་ལ་མཁན་པོ་རྣམ་པར་སྣང་མཛད་ན་རེ། སྐྱོན་མེད་དེ། ཕྲིན་ལས་ཉེར་བདུན་པོ་དེ་ཡེ་ཤེས་ཆོས་སྐུ་ཁོ་ནའི་ཕྲིན་ལས་ཡིན་པར་ཤེས་པའི་ཕྱིར་དུ། ལུས་རྣམ་གཞག་ཏུ་ཆོས་སྐུ་མཇུག་ཏུ་སྨོས་པ་ཡིན་པའི་ཕྱིར་དང་། རྣམ་པ་གཅིག་ཏུ་ལུས་རྣམ་གཞག་གི་ཚིགས་བཅད་སྦྱར་བདེ་བའི་ཆེད་ཡིན་པའི་ཕྱིར་ཞེས་གསུངས་སོ། །འདི་ནི་གཞུང་ལུགས་ཆེན་པོ་འཆད་པ་ལ་འཁྲུལ་བར་སེམས་ཏེ། སེམས་བསྐྱེད་པ་དང་པོ་དང་ཐ་མའི་ལས་བསྟན་པས་ཞེས་པའི་ཐ་མ་དེ་སྤྲུལ་སྐུ་ལ་བྱེད་དམ། ཕྲིན་ལས་ལ་བྱེད། དང་པོ་ལྟར་ན་ཕྲིན་ལས་ཉེར་བདུན་པོ་དེ་སྐུ་བཞིའི་ནང་ནས་སྤྲུལ་སྐུའི་ཕྲིན་ལས་སུ་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། སྐུ་བཞིའི་ནང་ནས་ཡེ་ཤེས་ཆོས་སྐུ་ཁོ་ནའི་ཕྲིན་ལས་སུ་འདོད་པ་དང་འགལ་ལོ། །ཕྱི་མ་ལྟར་ན་ནི། ཕྲིན་ལས་དོན་བདུན་ཅུའི་ཐ་མར་ཐལ། ཁས་བླངས་དེའི་ཕྱིར། འདོད་ན། ཕྲིན་ལས་དེ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་གཅིག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་སྐུ་མཚོན་བྱེད་ཀྱི་ཆོས་དེ་ལ་རྣམ་པ་ལྔ་ཡོད་པར་ཐལ། སངས་རྒྱས་ཀྱི་སྐུ་དེ་ལ་བཞིར་གྲངས་ངེས་པ་གང་ཞིག ཕྲིན་ལས་དེ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་གཅིག་ཡིན་པའི་ཕྱིར། སྒྲུབ་བྱེད་ཕྱི་མ་ལ། ལུས་རྣམ་གཞག་ཏུ། དེ་བཞིན་གཞན་པ་སྤྲུལ་པ་དང་། །ཆོས་སྐུ་མཛད་པ་དང་བཅས་པ། །ཞེས་བརྗོད་རིགས་པར་ཐལ། ལུས་རྣམ་གཞག་ཏུ་ཆོས་སྐུ་རྗེས་སུ་སྨོས་པ་དེ་ཚིགས་བཅད་སྦྱར་བདེ་བའི་ཆེད་དང་། དེའི་གནས་སྐབས་ཀྱི་ཆོས་སྐུ་དེ་ཡེ་ཤེས་ཆོས་སྐུ་ཁོ་ན་ཡིན་པ་གང་ཞིག དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་ཞེས་པ་དང་། དེ་བཞིན་གཞན་པ་སྤྲུལ་པ་དང་། ཆོས་སྐུ་ཞེས་པ་གཉིས་ལ་ཚིགས་བཅད་སྦྱར་བདེ་མི་བདེའི་ཁྱད་པར་མེད་པའི་ཕྱིར། རྩ་བའི་ཐལ་འགྱུར་ཕྱི་མ་ལ་ལོངས་སྐུའི་མཚན་དཔེ་དེ་སྐུ་གསུམ་ལས་ལོགས་སུ་གྱུར་པའི་སངས་རྒྱས་ཀྱི་སྐུ་ཡིན་པར་ཐལ། དེ་སངས་རྒྱས་ཀྱི་སྐུ་གང་ཞིག དེ་གསུམ་གང་རུང་མིན་པའི་ཕྱིར། ཁྱབ་པ་ཁས། དང་པོ་མ་གྲུབ་ན། ཡེ་ཤེས་ཆོས་སྐུ་དེ་སངས་རྒྱས་ཀྱི་སྐུ་ཡིན་པའི་སྒྲུབ་བྱེད་ཅི་ཡོད། སྦྱོར་བཞི་སྒོམ་པའི་རྣམ་སྨིན་མཐར་ཐུག་ཡིན་པའི་ཕྱིར་ཞེ་ན། འདི་ལའང་མཚུངས་སོ། །གལ་ཏེ་ཡེ་ཤེས་ཉེར་གཅིག་གི་མཇུག་ཏུའང་། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་གསུངས་པའི་ཕྱིར་ཞེ་ན། དེ་ནི་ཆོས་ཉིད་ཀྱི་སྐུ་ལ་ཆོས་སྐུར་བྱས་པ་ཡིན་གྱི། དངོས་པོ་བརྒྱད་ཀྱི་ནང་ཚན་དུ་གྱུར་པའི་ཆོས་སྐུ་དང་དོན་མི་གཅིག་པ་ནི་འོག་ཏུ་བཤད་པར་བྱའོ། །གཞན་ཡང་སྟོབས་སོགས་བྲལ་བའི་ཡོན་ཏན་སོ་གཉིས་པོ་དེ་རང་དོན་དོན་དམ་པའི་སྐུ་ལས་ལོགས་སུ་གྱུར་པའི་སངས་རྒྱས་ཀྱི་སྐུར་ཐལ། ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་དེ་ངོ་བོ་ཉིད་སྐུ་ལས་ལོགས་སུ་གྱུར་པའི་སངས་རྒྱས་ཀྱི་སྐུ་ཡིན་པའི་ཕྱིར། འདོད་ན། རང་དོན་གཞན་དོན་སྐུ་དང་ནི། །ཞེས་པའི་སྐབས་སུ། སངས་རྒྱས་ཀྱི་སྐུ་དེ་ལ་རང་དོན་དོན་དམ་པའི་སྐུ་དང་། གཞན་དོན་ཀུན་རྫོབ་པའི་སྐུ་གཉིས་སུ་གྲངས་མ་ངེས་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་སྟེ། ཡེ་ཤེས་སྡེ་ཚན་ཉེར་གཅིག་པོ་ངོ་བོ་ཉིད་སྐུ་ལས་ལོགས་སུ་གྱུར་པའི་སངས་རྒྱས་ཀྱི་སྐུ་ཡིན་ན་ངོ་བོ་ཉིད་ལོངས་རྫོགས་བཅས་དང་། ཞེས་པའི་སྐབས་སུ། སངས་རྒྱས་ཀྱི་སྐུ་ལ་གསུམ་དུ་གྲངས་མ་ངེས་པས་ཁྱབ་པར་ཁས་བླངས་པའི་ཕྱིར། རྩ་བར་འདོད་ན། དེའི་སྐབས་སུ་དེ་ལ་གཉིས་སུ་གྲངས་ངེས་པར་ཐལ། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་པར་བྱ། །ཞེས་པའི་སྐབས་སུ་གསུམ་དུ་གྲངས་ངེས་པའི་ཕྱིར། དེ་ལ་ཁོ་ན་རེ། སངས་རྒྱས་ཀྱི་སྐུ་ལ་གཉིས་སུ་གྲངས་ངེས་པར་ཐལ། དེ་ལ་རང་དོན་གྱི་སྐུ་དང་། གཞན་དོན་གྱི་སྐུ་གཉིས་སུ་གྲངས་ངེས་པའི་ཕྱིར། འདོད་ན། དེ་ལ་གསུམ་དུ་གྲངས་མ་ངེས་པར་ཐལ། འདོད་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། ཐེག་ཆེན་གྱི་སྒོམ་ལམ་དེ་ལ་གཉིས་སུ་གྲངས་ངེས་པར་ཐལ། ཟག་བཅས་སྒོམ་ལམ་དང་ཟག་མེད་སྒོམ་ལམ་གཉིས་སུ་གྲངས་ངེས་པའི་ཕྱིར། འདོད་ན། དེ་ལ་དགུར་གྲངས་མ་ངེས་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ལ་དགུར་གྲངས་ངེས་པར་ཐལ། དེ་ལ་ཆུང་ངུའི་ཆུང་ངུ་སོགས་དགུར་ངེས་པའི་ཕྱིར། ཁྱབ་པ་ཁས། ཡང་ཁོ་ན་རེ། ཆོས་སྐུ་མཛད་པ་དང་བཅས་པ། །ཞེས་པའི་སྐབས་ཀྱི་ཆོས་སྐུ་དེ་རྟོགས་ཡེ་ཆོས་སྐུ་ཁོ་ན་ཡིན་ཏེ། ཕྲིན་ལས་ཉེར་བདུན་པོ་དེ་རྟོགས་ཡེ་ཆོས་སྐུ་ཁོ་ནའི་ཕྲིན་ལས་ཡིན་པའི་ཕྱིར་ཏེ། ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་གསུངས་པའི་ཕྱིར་དང་། ཕྲིན་ལས་ཉེར་བདུན་པོ་དེ་རྟོགས་ཡེ་ཆོས་སྐུས་བདག་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བའི་ཕྱིར་ཞེ་ན། སྔ་མ་ལ། ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །ཞེས་པའི་སྐབས་ཀྱི་ཆོས་སྐུ་དེ་རྟོགས་ཡེ་ཆོས་སྐུ་ཁོ་ནར་ཐལ། ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་པའི་སྐབས་ཀྱི་ཆོས་སྐུ་དེ་རྟོགས་ཡེ་ཆོས་སྐུ་ཁོ་ན་ཡིན་པའི་ཕྱིར། འདོད་ན། སྦྱོར་བཞི་བསྒོམས་པའི་རྣམ་སྨིན་མཐར་ཐུག་ཡིན་ན། རྟོགས་ཡེ་ཆོས་སྐུ་ཁོ་ན་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། དེ་མཐའ་དེ་ཡི་རྣམ་སྨིན་ནི། །ཞེས་པའི་སྐབས་ཀྱི་རྣམ་སྨིན་དེ་དང་། ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །ཞེས་པའི་སྐབས་ཀྱི་ཆོས་སྐུ་གཉིས་དོན་གཅིག་པའི་ཕྱིར། ལེགས་པར་སོམས་ཤིག ཡང་ཁོ་ན་རེ། རྟོགས་ཡེ་ཆོས་སྐུ་དེ། ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་པའི་སྐབས་ཀྱི་ཆོས་སྐུ་དང་དོན་གཅིག་པར་ཐལ། རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པའི་སྐབས་ཀྱི་ཆོས་སྐུ་དང་། ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། །ཞེས་པའི་སྐབས་ཀྱི་ཆོས་སྐུ་གཉིས་དོན་གཅིག་པའི་ཕྱིར་ཞེ་ན། མ་གྲུབ་སྟེ། གཞུང་སྔ་མའི་ཆོས་སྐུ་དེ་ངོ་བོ་ཉིད་སྐུ་ཁོ་ན་ལ་བྱེད་རིགས་པའི་ཕྱིར། མ་གྲུབ་ན། སྡེ་ཚན་ཉེར་གཅིག་པོ་དེ་གཞུང་དེའི་སྐབས་ཀྱི་ཆོས་སྐུར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། ལོངས་སྐུའི་མཚན་དཔེ་དེ། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པའི་སྐབས་ཀྱི་ལོངས་སྐུར་ཐལ། འདོད་པའི་ཕྱིར། ཁོ་ན་རེ། མ་ཁྱབ་སྟེ། མཚན་དཔེས་བརྒྱན་པའི་སྐུ་དེ་དེའི་སྐབས་ཀྱི་ལོངས་སྐུ་ཡིན་པའི་ཕྱིར་ཞེ་ན། འོ་ན་སྡེ་ཚན་ཉེར་གཅིག་པོ་དེ། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པའི་སྐབས་ཀྱི་ཆོས་སྐུ་མིན་པར་ཐལ། སྡེ་ཚན་ཉེར་གཅིག་ཡོན་ཏན་དུ་ལྡན་པའི་དག་པ་གཉིས་ལྡན་གྱི་འགོག་བདེན་དེ། དེའི་སྐབས་ཀྱི་ཆོས་སྐུ་ཡིན་པའི་ཕྱིར། གཉིས་པ་ལ། སྤྱིར་ཕར་ཕྱིན་ཐེག་པའི་སྐབས་སུ་སྐུ་གསུམ་དུ་གྲངས་ངེས་པ། བྱེ་བྲག་ཏུ་བྱམས་ཆོས་ཀྱི་དགོངས་པ་ལ་སྐུ་གསུམ་དུ་གྲངས་ངེས་པ། ཁྱད་པར་དུ་ས་སྐྱ་པའི་བཞེད་པ་ལ་སྐུ་གསུམ་དུ་བཞེད་པ་དང་གསུམ་གྱི། དང་པོ་ནི་ཕར་ཕྱིན་ཐེག་པ་ལ་གྲུབ་མཐའ་སྨྲ་བ་བཞི་ལས། བྱེ་བྲག་སྨྲ་བའི་ལུགས་ལ་ལོངས་སྐུ་མེད་པས་ཆོས་སྐུ་དང་གཟུགས་སྐུ་གཉིས་གསུངས་ཤིང་། དེ་ལས་གཞན་པའི་སྐུ་བཤད་པ་མེད་ལ། གཟུགས་སྐུའང་ཤཱཀྱ་ཐུབ་པ་ལྟ་བུ་ལ་འདོད་ཅིང་། དེ་ལ་སྤྲུལ་སྐུའི་ཐ་སྙད་མི་བྱེད་དེ། རང་རྒྱུད་པར་ཁས་ལེན་པའི་ཕྱིར། མདོ་སྡེ་པའི་ལུགས་ལ་སྐུ་གསུམ་དུ་གྲངས་ངེས་ཏེ། རྟོག་པའི་དྲྭ་བ་རྣམ་བསལ་ཞིང་། །ཞེས་པའི་སྐབས་སུ་སྐུ་གསུམ་བཤད་པ་དེ་མདོ་སེམས་ཐུན་མོང་བ་ཡིན་པའི་ཕྱིར་དང་། ཀུན་བཏུས་ལས། སྐུ་གསུམ་གྱི་རྣམ་གཞག་གསུངས་པ་དེ། རྗེ་བཙུན་ལྟར་ན་མདོ་སྡེ་པའི་ལུགས་ཡིན་ཞིང་། སྔ་རབས་ཀྱི་མཁས་པ་གཞན་ལྟར་ན་མདོ་སེམས་ཐུན་མོང་བའི་ལུགས་ཡིན་པའི་ཕྱིར། སེམས་ཙམ་པའི་ལུགས་ལ་སྐུ་གསུམ་དུ་ངེས་ཏེ། སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་གཞུང་ལུགས་ཐེག་བསྡུས་ལས་སྐུ་གསུམ་གྱི་རྣམ་གཞག་ཁོ་ན་གསུངས་པའི་ཕྱིར། དབུ་མ་པའི་ལུགས་ལའང་གསུམ་དུ་ངེས་ཏེ། ཀླུ་སྒྲུབ་ཀྱི་བསྟོད་ཚོགས་ལས། སྐུ་གསུམ་ལ་བསྟོད་པ་མཛད་ཀྱི། བཞི་ལ་བསྟོད་པ་མ་མཛད་པའི་ཕྱིར་དང་། དབྱིག་གཉེན་གྱི་ཀྱང་སྐུ་གསུམ་ལ་བསྟོད་པ་མཛད་པའི་ཕྱིར་དང་། མགོན་པོ་བྱམས་པས་རྒྱན་གཉིས་རྒྱུད་བླ་དང་གསུམ་ལས། སྐུ་གསུམ་གྱི་རྣམ་གཞག་མཛད་པའི་ཕྱིར་དང་། སློབ་དཔོན་སེང་གེ་བཟང་པོས། རྣམ་པ་ཀུན་གྱི་མཆོག་ལྡན་སྐུ་ནི་གསུམ་པོ་ངེས་ཐོབ་ཤོག །ཅེས་གསུངས་པའི་ཕྱིར། གཉིས་པ་ནི། རྒྱུད་བླར་རིགས་ཀྱི་ལེའུའི་སྐབས་སུ་སྐུ་གསུམ་ཁོ་ནར་གསུངས་ཤིང་། བྱང་ཆུབ་ལེའུའི་སྐབས་སུའང་། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་རྟགས་བསམ་གྱི་མི་ཁྱབ་པ་དང་རྣམ་པ་བརྒྱད་ཀྱིས་བྱང་ཆུབ་གཏན་ལ་ཕབ་པའི་འཇུག་པའི་སྐབས་སུ་སྐུ་གསུམ་གྱི་དབྱེ་བ་གསུངས་པ་དང་། མདོ་སྡེ་རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། །སྐུ་བསྡུས་པར་ནི་ཤེས་པར་བྱ། །ཞེས་པ་དང་། སྐུ་གསུམ་དག་གིས་བྱང་ཆུབ་ཆེ། །རྣམ་པ་སྐུ་བརྙེས་ཐམས་ཅད་དུ། །ཞེས་སྐུ་གསུམ་གྱི་དབྱེ་བ་ཁོ་ན་གསུངས་པ་དང་། མངོན་རྟོགས་རྒྱན་འདིར་ཡང་། ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ཅེས་པའི་ཆོས་སྐུ་ངོས་འཛིན་པ་ལ། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་ཞེས་མགོན་པོ་བྱམས་པའི་དགོངས་པའང་སྐུ་གསུམ་དུ་གནས་པ་ཁོ་ནའོ། །དེས་ན་གཞུང་འདིར། ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ཅེས་དང་། ཆོས་སྐུ་མཛད་པ་དང་བཅས་པ། །ཞེས་དང་། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་དང་། ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །ཞེས་དང་། ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། །ཞེས་ཆོས་སྐུའི་ཐ་སྙད་གསུངས་པ་ལས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པའི་ཆོས་སྐུ་ནི་ཆོས་ཉིད་ཀྱི་སྐུ་ལ་སྡེབ་སྦྱོར་གྱི་དབང་གིས་ངོ་བོ་ཉིད་རྐྱེན་ཏཱ་མི་མངོན་པར་བྱས་ནས་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན་པས་ངོ་བོ་ཉིད་སྐུ་དང་དོན་གཅིག་པ་ཡིན་ལ། གཞན་བཞི་ནི་སྐུ་གསུམ་གྱི་དབྱེ་གཞིར་སྦྱོར་བཞི་སྒོམ་པའི་རྣམ་སྨིན་མཐར་ཐུག་ལ་ཆོས་སྐུར་བཞག་པ་དེ་ཉིད་ཡིན་པས་སྔ་མ་དང་དོན་མི་གཅིག་གོ །འོ་ན་སྡེབ་སྦྱོར་གྱི་དབང་གིས་དེ་ལྟར་བརྗོད་དགོས་པའི་རྒྱུ་མཚན་ཅི་ཡིན། ཆོས་སྐུ་གཞན་བཞི་པོ་སྐུ་གསུམ་གྱི་དབྱེ་གཞི་ལ་འཇོག་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཞེས་པ་ནས། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པའི་བར་གྱི་ངོ་བོ་ཉིད་སྐུ་སྟོན་པར་བྱེད་པའི་གཞུང་ཡིན་པས་ངོ་བོ་ཉིད་སྐུ་ནི་ཆོས་ཉིད་ཀྱི་སྐུ་ཞེས་བརྗོད་པ་ཡིན། དེ་གང་ཞེ་ན། ཟག་པ་མེད་པའི་ཆོས་ཐོབ་པ་དང་། རྣམ་པ་ཀུན་རྣམ་པར་དག་པའི་གློ་བུར་དྲི་བྲལ་དང་། རང་བཞིན་མཚན་ཉིད་ཅན་རང་བཞིན་རྣམ་དག་སྟེ་གསུམ་པོ་ཚོགས་པ་དེ་ཡིན་ནོ་ཞེས་པ་ནི། ཟག་པ་མེད་པའི་ཆོས་གང་དག །ཅེས་སོགས་ཚིག་རྐང་གསུམ་གྱི་བསྟན་ཏོ། །དེ་གསུམ་གྱི་ནང་ཚན་དུ་གྱུར་པའི་ཟག་པ་མེད་པའི་ཆོས་དེ་གང་ཞེ་ན། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཞེས་པའི་བར་གྱིས་བསྟན་ཏོ། །དེས་ན་སྡེ་ཚན་ཉེར་གཅིག་པོ་དེས་ཟག་པ་མེད་པའི་ཆོས་ཀྱི་མཚན་གཞི་ངོས་གཟུང་བ་ཡིན་གྱི། འོག་གི་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། ཞེས་པའི་མཚན་གཞི་མིན་ནོ་ཞེས་ཤེས་པའི་ཕྱིར་དུ། རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཞེས་འབྱེད་པའི་སྒྲས་གསུངས་པ་ཡིན་གྱི། དང་གི་སྒྲས་ལམ་ཤེས་དང་གཞི་ཤེས་བསྡུས་པ་ནི་སྐུ་བཞིར་འདོད་པ་རྣམས་ཀྱིས་རང་གི་གྲུབ་མཐའ་ངན་པའི་རྒྱབ་རྟེན་དུ་རྟོག་པས་བཏགས་པ་ཁོ་ནའོ། །འོ་ན་ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་དང་། ཆོས་ཉིད་སྐུ་ཞེས་བརྗོད་པ་ཡིན། །ཞེས་པ་གཉིས་ལ་སྡེབས་བདེ་མི་བདེའི་ཁྱད་པར་མེད་པས། ཁྱེད་རང་ལའང་མཚུངས་སོ་ཞེ་ན། མི་མཚུངས་ཏེ། འདི་ནི་རྒྱ་གར་གྱི་སྡེབ་སྦྱོར་གྱི་དབང་དུ་བྱས་པ་ཡིན་ལ། དེའི་ཚེ་ཆོས་ཉིད་སྐུ་ལ་དྷརྨ་ཏཱ་ཀཱ་ཡ་ཞེས་པའི་ཡི་གེ་ལྔ་ཡོད་པའི་ཕྱིར་དང་། ཆོས་ཀྱི་སྐུ་ལ་དྷརྨ་ཀཱ་ཡ་ཞེས་པའི་ཡི་གེ་བཞི་ལས་མེད་པའི་ཕྱིར་རོ། །དྲི་བ་གཉིས་པའི་ལན་ནི། ཆོས་ཀྱི་སྐུ་དང་དེ་རྣམ་བརྒྱད། །ཅེས་པའི་སྐབས་ཀྱི་ཆོས་སྐུ་དེ་དངོས་པོ་བརྒྱད་ཀྱི་ནང་ཚན་དུ་གྱུར་པའི་ཆོས་སྐུ་ཡིན་ཞིང་། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན་དུ་ཡོད་ཅེ་ན། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་ཞེས་པའི་སྐུ་གསུམ་པོ་དེ་སྔར་གྱི་ཆོས་སྐུ་དེའི་དབྱེ་བ་ཡིན་ནོ་ཞེས་བསྟན། འོ་ན་མཚོན་བྱེད་ཀྱི་ཆོས་ཀྱང་དེར་ངེས་སམ་ཞེ་ན། མཚོན་བྱེད་ཀྱི་ཆོས་ལ་ནི་མཛད་པ་ཕྲིན་ལས་དང་བཅས་པ་བཞིར་ཡོད་ཅེས་པ་ནི། མཛད་པ་དང་བཅས་པ། རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་པས་བསྟན་ཏོ། །ཡན་ལག་རྒྱས་བཤད་དུ། ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་པའི་སྐབས་ཀྱི་ཆོས་སྐུ་དང་། ཆོས་སྐུ་མཛད་པ་དང་བཅས་པ། །ཞེས་པའི་སྐབས་ཀྱི་ཆོས་སྐུ་གཉིས་དོན་གཅིག་པས་ཕྲིན་ལས་ཉེར་བདུན་པོའང་སྐུ་གསུམ་ཆར་ལ་ཆོས་སྐུར་བྱས་པའི་ཆོས་སྐུ་དེའི་ཕྲིན་ལས་ཡིན་པ་རྩ་བའི་དགོངས་པའོ། །དེའི་རྒྱུ་མཚན་ཡང་། ཆོས་སྐུ་མཛད་པ་དང་བཅས་པ། །ཞེས་མཛད་པ་དང་ཆོས་སྐུ་སྦྱར། ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་བཞེད། །ཅེས་པ་དང་། ཆོས་སྐུ་ཕྲིན་ལས་འབྲས་བུ་ནི། །ཞེས་པས་ཕྲིན་ལས་དང་ཆོས་སྐུ་སྦྱར་ཞིང་། མངོན་པར་རྟོགས་པ་བརྒྱད་ཀྱི་ལམ་རིམ་གྱི་གནས་སྐབས་ཀྱི་ཆོས་སྐུ་དང་། དྲུག་གི་སྐབས་ཀྱི་རྣམ་སྨིན་དང་གསུམ་གྱི་སྐབས་ཀྱི་ཆོས་སྐུ་གསུམ་པོ་དོན་གཅིག་པའི་ཕྱིར། བརྒྱད་ཀྱི་སྐབས་སུ་ཡུལ་དང་སྦྱོར་བ་གཉིས་ཀ་ལ་དབྱེ་བ་མཛད། དྲུག་གི་སྐབས་སུ་ཡུལ་གཅིག་ཏུ་སྡུད། གསུམ་གྱི་སྐབས་སུ་སྦྱོར་བའང་གཅིག་ཏུ་སྡུད་པ་མ་གཏོགས་འབྲས་བུ་ལ་དབྱེ་བ་མེད་པའི་ཕྱིར་རོ། །མདོར་ན་མགོན་པོ་བྱམས་པས། རྒྱན་འདིར་ཐུབ་པ་ཞེས་པའི་ཚིག་གི་ཁྱད་པར་ཡོད་པ་རྣམས་སྐུའི་གྲངས་ཀྱི་ཁོངས་སུ་གཏོགས་པར་བཞེད་ནས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཞེས་པ་དང་། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་དང་། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །ཅེས་གསུངས་པས་རྟོགས་ཡེ་ཆོས་སྐུ་བཞི་པ་ཡིན་ན། ཐུབ་པའི་རྟོགས་ཡེ་ཆོས་སྐུ་ནི། །ཞེས་པའི་གཞུང་འདོན་མཛོད་ཅིག ཕྱོགས་ཞེན་གྱི་རྗེས་སུ་མ་འབྲེང་བར་གཞུང་ལུགས་ཀྱི་རྗེས་སུ་ཞིབ་ཏུ་དཔྱད་པ་མཛོད། གསུམ་པ་ནི། རྗེ་བཙུན་རྩེ་མོའི་རྒྱུད་སྡེ་སྤྱི་རྣམ་ལས་ཕར་ཕྱིན་ཐེག་པ་ལ་སྐུ་གསུམ་དང་ཡེ་ཤེས་བཞི་ལས་མ་བཤད་ཅིང་། སྐུ་བཞི་དང་ཡེ་ཤེས་ལྔ་ནི་རྡོ་རྗེ་ཐེག་པའི་ཁྱད་ཆོས་ཡིན་པར་གསུངས་པ་དང་། ས་པཎ་གྱིས། ཁ་ཅིག་དབང་བཞི་མི་འདོད་ཅིང་། །བསྐྱེད་རིམ་ལ་སོགས་ལམ་བཞི་པོའི། །རྣམ་པར་གཞག་པ་མི་འདོད་པར། །རྡོ་རྗེ་ཐེག་པའི་འབྲས་བུ་ནི། །སྤྲུལ་སྐུ་ལ་སོགས་སྐུ་བཞི་ཞེས། །འདོད་པ་དེ་ཡང་ལོག་ཤེས་ཡིན། །ཞེས་དང་། འཛམ་གླིང་མཁས་པའི་དབང་པོ་སངས་རྒྱས་དཔལ་གྱིས་ཀྱང་རྣམ་བཤད་ཆེན་མོར་སྐུ་གསུམ་དུ་མཛད་པ་དང་། ཐུབ་དབང་མིའི་གཟུགས་སུ་སྤྲུལ་པ་རོང་སྟོན་ཆེན་པོའི་རྣམ་བཤད་ལས་ཀྱང་སྐུ་གསུམ་གྱི་རྣམ་གཞག་བྱམས་པའི་དགོངས་པར་གསུངས་པས་ཕྱོགས་འདི་ལ་ཐེ་ཚོམ་ཡང་མེད་དོ། །མདོ་རྒྱུད་ཀུན་གྱི་གནས་ལུགས་ལ། །ཆེན་པོ་རྣམས་ཀྱི་རྗེས་འབྲང་ནས། །བློ་མིག་དག་པས་བལྟས་པའི་ཚེ། །འཁྲུལ་མེད་རྣམ་དག་འདི་ལྟར་གོ །བར་ཚིག་གོ །གསུམ་པ་ནི། མཁན་པོ་རྣམ་སྣང་མཛད་སོགས་ན་རེ། སངས་རྒྱས་ཀྱི་སྐུ་དེ་ལ་གསུམ་དུ་གྲངས་ངེས་ན། སངས་རྒྱས་ཀྱི་སར་ཟག་བཅས་ཀྱི་སེམས་སེམས་བྱུང་གནས་གྱུར་པའི་ཁྱད་པར་གསུམ་ལྡན་གྱི་སངས་རྒྱས་ཀྱི་ཡེ་ཤེས་ཡོད་དམ་མེད། མེད་ན་སངས་རྒྱས་ཀྱི་ཆོས་འཁོར་བསྐོར་བའི་བདག་རྐྱེན་མེད་པར་འགྱུར་ཞིང་། ཡོད་ན་སྐུ་བཞིར་གྲངས་ངེས་པར་གྲུབ་བོ་གསུངས། འོ་ན། སྐུ་བཞིར་གྲངས་ངེས་ནའང་སངས་རྒྱས་ཀྱི་ས་ན་ཟག་བཅས་ཀྱི་གཟུགས་ཕུང་གནས་གྱུར་པའི་ཟག་མེད་ཀྱི་གཟུགས་ཕུང་ཡོད་དམ་མེད། མེད་ན་སངས་རྒྱས་ཀྱི་ཆོས་འཁོར་བསྐོར་བའི་རྟེན་མེད་པར་འགྱུར་ཞིང་། ཡོད་ན་སྐུ་ལྔར་གྲངས་ངེས་པར་གྲུབ་བོ་ཞེས་མཚུངས་སོ། །ད་ལྟའི་སྐྱེ་བོ་ཁ་ཅིག སངས་རྒྱས་ཀྱི་སྐུ་ལ་གསུམ་དུ་གྲངས་ངེས་པ་ཡིན་གྱི། འབྲས་བུ་ཆོས་སྐུ་ལ་སྐུ་གསུམ་དུ་གྲངས་མ་ངེས་ཏེ། གྲངས་ངེས་ལ་ཁྱབ་པ་ཁས་ལེན་དགོས་ཤིང་། སྡེ་ཚན་ཉེར་གཅིག་པོ་དེ་འབྲས་བུ་ཆོས་སྐུ་ཡིན་གྱི། སངས་རྒྱས་ཀྱི་སྐུ་མ་ཡིན་པའི་ཕྱིར་རོ་ཞེས་སྨྲའོ། །དེ་ནི་རྩ་བ་བོར་ནས་ཡལ་ག་སྙོགས་པ་བྱིས་པའི་གཏམ་སྟེ། གཞུང་འདིར་དངོས་པོ་བརྒྱད་ཀྱི་ནང་ཚན་དུ་གྱུར་པའི་འབྲས་བུ་ཆོས་སྐུ་ལ་སྐུ་གསུམ་དུ་གྲངས་ངེས་པར་འཇོག་པའི་སྐབས་ཡིན་གྱི། དེ་ལས་ལོགས་སུ་སངས་རྒྱས་ཀྱི་སྐུ་ཞེས་པའི་ཐ་སྙད་མངོན་རྟོགས་རྒྱན་ལས་མ་གསུངས་པའི་ཕྱིར། དེས་ན་གྲངས་ངེས་ལ། ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་པ་ལྟ་བུ་ངོ་བོའི་གྲངས་ངེས་དང་། རྒྱལ་ཆེན་རིགས་བཞི་ལྟ་བུ་སྡེ་ཚན་གྱི་གྲངས་ངེས་གཉིས་ལས་དང་པོ་ལ་སྤྱི་སྐྱོན་སོགས་སྤངས་ནས། ཁྱབ་པ་འཆའ་བ་གཞུང་ལུགས་ཀྱི་དགོངས་པ་ཡིན་ཀྱང་། ཕྱི་མ་ལ་ཁྱབ་པ་མི་འཆའ་ཞིང་། སྡེ་ཚན་དང་པོ་དེའི་ཁོངས་སུ་གཏོགས་པ་གཞུང་ལུགས་ཀྱི་དགོངས་པ་བླ་ན་མེད་པ་ཡིན་ནོ། །དེ་ལྟར་སྐུ་དང་པོ་བསྟན་ནས། ཞེས་པའི་སྐབས་སུ། སངས་རྒྱས་ཀྱི་སའི་ཟག་མེད་ཀྱི་ཡེ་ཤེས་སྡེ་ཚན་ཉེར་གཅིག་ཆོས་ཅན། ཡེ་ཤེས་ཆོས་སྐུ་ཡིན་ཏེ། ཟག་བཅས་གནས་གྱུར་པས་ཟག་མེད་དུ་གྱུར་པའི་མཐར་ཐུག་གི་མཁྱེན་པ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། སངས་རྒྱས་འཕགས་པའི་མིག་གི་རྣམ་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཁྱོད་ཀྱིས་ཤེས་བྱ་ཐམས་ཅད་མངོན་སུམ་དུ་རྟོགས་པར་ཐལ། ཁྱོད་རྣམ་མཁྱེན་ཡིན་པའི་ཕྱིར་ཏེ། ཡེ་ཤེས་ཆོས་སྐུ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། སྒྲ་མངོན་སུམ་དུ་རྟོགས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་དུ་ཐལ། མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར་ཏེ། སངས་རྒྱས་ཀྱི་མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཐེག་ཆེན་གྱི་སེམས་བསྐྱེད་དུ་ཐལ། གཞན་དོན་དུ་བླ་མེད་བྱང་ཆུབ་ལ་དམིགས་ཤིང་། ཐེག་ཆེན་སྐྱེས་བུའི་རྒྱུད་ཀྱི་རྩེ་མོའི་རྣམ་རིགས་ཡིན་པའི་ཕྱིར། དང་པོ་ཁས་བླངས་ཏེ། ཤེས་བྱ་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཡིད་ཀྱི་རྣམ་པར་ཤེས་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། ཉི་ཁྲི་སྣང་བ་ལས། སེམས་བསྐྱེད་པ་ཞེས་གསུངས་པའི་སེམས་ནི་རྣམ་པར་ཤེས་པ་དེ་རྣམ་པར་རིག་པའོ། །དེའང་གང་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་སྟེ། །ཞེས་གསུངས་པའི་ཕྱིར། ཡང་རྒྱུན་མཐའི་བྱང་སེམས་ཀྱི་མིག་གི་རྣམ་ཤེས་ཆོས་ཅན། ལམ་ཤེས་སུ་ཐལ། རང་འབྲས་རྣམ་མཁྱེན་གྱི་ཉེར་ལེན་དུ་གྱུར་པའི་ཤེས་པ་ཡིན་པའི་ཕྱིར། རྟགས་ཁས་ཞེས་ཟེར་རོ། །དང་པོ་ལ་མིག་གི་རྣམ་ཤེས་ཡིན་ན་ཤེས་བྱ་ཐམས་ཅད་མངོན་སུམ་རྟོགས་པ་ལ་སྒྲིབ་བྱེད་ཀྱི་དྲི་མ་མ་སྤངས་པས་ཁྱབ་པ་ཐལ། དེ་ཡིན་ན་ཤེས་བྱ་ཐམས་ཅད་མངོན་སུམ་མ་རྟོགས་པས་ཁྱབ་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པའི་མིག་གི་རྣམ་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། ཤེས་སྒྲིབ་ཟད་པར་སྤངས་པའི་ཕྱིར། གཉིས་པ་ལ། བསམ་གཏན་དང་པོའི་ཏིང་ངེ་འཛིན་ཡིན་ན། དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཡིན་དགོས་པར་ཐལ། ཐེག་ཆེན་སེམས་བསྐྱེད་ཡིན་ན་ཡིད་ཤེས་ཡིན་དགོས་པའི་ཕྱིར་རོ། །འདོད་ན། བསམ་གཏན་གཉིས་པའི་ཏིང་ངེ་འཛིན་ཡིན་ན་སྤྱོད་པ་མེད་པའི་ཏིང་ངེ་འཛིན་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་སའི་བསམ་གཏན་དང་པོའི་ཏིང་ངེ་འཛིན་ཆོས་ཅན། སྔ་མ་དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཕྱི་མར་ཐལ། དེའི་ཕྱིར། ཕྱི་མ་ལ། སངས་རྒྱས་འཕགས་པའི་མིག་གི་རྣམ་པར་ཤེས་པ་ཆོས་ཅན། ཤེས་པ་མིན་པར་ཐལ། རྒྱུན་མཐའི་བྱང་སེམས་ཀྱི་མིག་གི་རྣམ་པར་ཤེས་པ་དེ་རང་འབྲས་ཤེས་པའི་ཉེར་ལེན་མིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། དེ་མེད་པའི་ཕྱིར། མ་གྲུབ་ན། རྒྱུན་མཐའི་བྱང་སེམས་ཆོས་ཅན། སྤྲོས་པ་མཐའ་དག་བཀག་པའི་ཆོས་ཉིད་ལ་མཉམ་པར་གཞག་པའི་སློབ་པ་མིན་པར་ཐལ། ཁྱོད་ཀྱི་རྒྱུད་ལ་གཟུང་འཛིན་ཐ་དད་དུ་སྣང་བའི་ཡང་དག་པ་མིན་པའི་ཀུན་ཏུ་རྟོག་པ་ཡོད་པའི་ཕྱིར་ཏེ། ཁྱོད་ཀྱི་རྒྱུད་ལ་སློབ་པའི་དབང་ཤེས་ཡོད་པའི་ཕྱིར། རྟགས་ཁས། དེ་ལ་ཁོ་ན་རེ། སངས་རྒྱས་འཕགས་པའི་མིག་གི་རྣམ་པར་ཤེས་པ་དེ་རྒྱུ་མེད་དུ་ཐལ། རྒྱུན་མཐའི་བྱང་སེམས་ལ་མིག་གི་རྣམ་པར་ཤེས་པ་མེད་པའི་ཕྱིར་ཞེ་ན། གཟུགས་མེད་ཁམས་ནས་ཤི་འཕོས་ནས་འདོད་པ་ཁམས་སུ་སྐྱེས་མ་ཐག་པའི་གང་ཟག་གི་མིག་གི་རྣམ་པར་ཤེས་པ་དེ་རྒྱུ་མེད་དུ་ཐལ། གཟུགས་མེད་ཁམས་པའི་གང་ཟག་ལ་དེ་མེད་པའི་ཕྱིར། ཡང་འགོག་པའི་སྙོམས་འཇུག་ལས་ལངས་མ་ཐག་པའི་ཉན་ཐོས་དགྲ་བཅོམ་པའི་མིག་གི་རྣམ་པར་ཤེས་པ་དེ་རྒྱུ་མེད་དུ་ཐལ། འགོག་པ་ལ་སྙོམས་པར་འཇུག་བཞིན་པའི་ཉན་ཐོས་དགྲ་བཅོམ་པ་ལ་དེ་མེད་པའི་ཕྱིར། རྫོགས་པའི་སངས་རྒྱས་ཀྱིས་གཞན་དོན་དུ་སྤྲུལ་པ་སྣ་ཚོགས་འགྱེད་པ་རྒྱུ་མེད་དུ་ཐལ། རྒྱུན་མཐའི་བྱང་སེམས་ཀྱིས་དེ་འགྱེད་པ་རྒྱུ་མེད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སངས་རྒྱས་འཕགས་པར་ཐལ། ཆོས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་གཞག་བཞིན་དུ་གཞན་དོན་དུ་སྤྲུལ་པ་སྣ་ཚོགས་འགྱེད་བཞིན་པའི་འཕགས་པ་ཡིན་པའི་ཕྱིར། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །ཞེས་པའི་སྐབས་སུ། ཉན་ཐོས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ཆོས་ཅན། སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལས་དམན་པ་ཡིན་ཏེ། གདུལ་བྱའི་རྒྱུད་ལ་ཉོན་མོངས་པ་སྐྱེ་བའི་དམིགས་རྐྱེན་མི་བྱེད་པ་ཙམ་ཡིན་གྱི། གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་པའི་ས་བོན་རྒྱུན་གཅོད་མི་ནུས་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ཆོས་ཅན། ཉན་ཐོས་ཀྱི་དེ་ལས་ཁྱད་པར་འཕགས་པ་ཡིན་ཏེ། གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་པའི་རྒྱུན་གཅོད་ནུས་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། དེ་ལ་ཁ་ཅིག སྔ་མ་དེ་ཆོས་ཅན། དམ་བཅའ་དེ་མིན་པར་ཐལ། སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་ཏེ། དེ་དང་སངས་རྒྱས་ཀྱི་ཉོན་མོངས་པ་ཡོད་པའི་ཏིང་ངེ་འཛིན་གང་རུང་གང་ཞིག ཕྱི་མ་མིན་པའི་ཕྱིར་ཏེ། སངས་རྒྱས་ཀྱི་ཉོན་མོངས་པ་ཡོད་པའི་ཏིང་ངེ་འཛིན་མ་གྲུབ་པའི་ཕྱིར། སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ཆོས་ཅན། ཉན་ཐོས་ཀྱི་དེ་ལས་ཁྱད་པར་དུ་འཕགས་པ་མིན་པར་ཐལ། ཉན་ཐོས་ཀྱི་དེ་ཡིན་པའི་ཕྱིར། དེ་དེ་དང་ཉན་ཐོས་ཀྱི་དེ་ཡོད་པའི་ཏིང་ངེ་འཛིན་གང་རུང་གང་ཞིག ཕྱི་མ་མིན་པའི་ཕྱིར། ཕྱི་མ་དེར་ཐལ། ཉོན་མོངས་པ་ཐམས་ཅད་མེད་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། གཞན་ཡང་གདུལ་བྱའི་ཉོན་མོངས་པའི་ས་བོན་ཐམས་ཅད་འབད་མེད་དུ་འགགས་པར་ཐལ། སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དེས་གདུལ་བྱའི་ཉོན་མོངས་པའི་ས་བོན་རྒྱུན་བཅད་པའི་ཕྱིར། དེས་ན་ཉོན་མོངས་པ་མེད་པའི་ཉན་ཐོས་ཀྱི་ཏིང་ངེ་འཛིན་དང་། ཉོན་མོངས་པ་མེད་པའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཆོས་ཅན་དུ་གཟུང་ནས་སྦྱོར་བ་སྔར་བཞིན་འགོད་པ་ཡིན་ནོ་ཞེས་ཟེར་རོ། །དང་པོ་ལ། སྒྲིབ་གཉིས་སྤངས་པའི་སེམས་བསྐྱེད་ཡིན་ན། སློབ་པའི་སེམས་བསྐྱེད་ཡིན་དགོས་པར་ཐལ། སངས་རྒྱས་ཀྱི་སྒྲིབ་གཉིས་སྤངས་པའི་སེམས་བསྐྱེད་དེ། སློབ་པའི་རྒྱུད་ཀྱི་སྒྲིབ་གཉིས་སྤངས་པའི་སེམས་བསྐྱེད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། དེ་དེ་དང་སློབ་པའི་རྒྱུད་ཀྱི་སྒྲིབ་གཉིས་སྤངས་པའི་སེམས་བསྐྱེད་གང་རུང་གང་ཞིག ཕྱི་མ་མིན་པའི་ཕྱིར། དང་པོ་དེར་ཐལ། སེམས་བསྐྱེད་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། སྒྲིབ་གཉིས་སྤངས་པའི་སེམས་བསྐྱེད་ཡིན་པའི་ཕྱིར། གཉིས་པ་ལ་སྙོམས་འཇུག་ཡིན་ན་གཟུགས་མེད་ཀྱི་སྙོམས་འཇུག་ཡིན་དགོས་པར་ཐལ། བསམ་གཏན་དང་པོའི་དངོས་གཞིའི་སྙོམས་འཇུག་དེ་གཟུགས་མེད་ཀྱི་སྙོམས་འཇུག་ཡིན་པའི་ཕྱིར། མ་གྲུབ་ན། ཁས་བླངས་ཏེ། དེ་ཆོས་ཅན། དེར་ཐལ། དེ་དང་དེའི་རྒྱུད་ཀྱི་གཟུགས་མེད་ཀྱི་སྙོམས་འཇུག་གང་རུང་གང་ཞིག ཕྱི་མ་མིན་པའི་ཕྱིར། དང་པོ་དེར་ཐལ། དེ་མེད་པའི་ཕྱིར། ཐམས་ཅད་རིམ་བཞིན་ཁས་བླངས་སོ། །གསུམ་པ་ལ། སེང་གེའི་སྒྲ་ཐམས་ཅད་འབད་མེད་དུ་གྲགས་པར་ཐལ། ཤཱཀྱ་ཐུབ་པས་སེང་གེའི་སྒྲ་བསྒྲགས་པའི་ཕྱིར་ཏེ། གདུལ་བྱའི་ཐེ་ཚོམ་ཐམས་ཅད་གཅོད་པར་བྱེད་པའི་ཕྱིར། གཉིས་ཆར་གྱི་ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། གདུལ་བྱའི་དྲི་བ་ཀུན་ལ་ལན་ཅིག་ཅར་བཏབ་པའི་ཕྱིར། གཞན་ཡང་ཉོན་མོངས་པ་མེད་པའི་ཉན་ཐོས་ཀྱི་ཏིང་ངེ་འཛིན་དེ་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དུ་ཐལ། ཉོན་མོངས་པ་མེད་པའི་ཉན་ཐོས་ཀྱི་ཏིང་ངེ་འཛིན་ཆོས་ཅན་ཞེས་སོགས་ཀྱི་སྦྱོར་བ་དེ་གཞུང་དེའི་དོན་སྦྱོར་ཡིན་པའི་ཕྱིར། འདོད་ན། ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་ཏིང་ངེ་འཛིན་ཡིན་ན་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་དེ། དེའི་རྒྱུད་ཀྱི་ཏིང་ངེ་འཛིན་གྱི་བྱེ་བྲག་མིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་སྨོན་གནས་མཁྱེན་པའི་ཏིང་ངེ་འཛིན་དེའང་དེའི་རྒྱུད་ཀྱི་ཏིང་ངེ་འཛིན་གྱི་བྱེ་བྲག་མིན་པར་ཐལ་ལོ། །སངས་རྒྱས་སྨོན་གནས་མཁྱེན་པ་ནི། །ཞེས་པའི་སྐབས་སུ། སྨོན་གནས་མཁྱེན་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ལ། ཁ་ཅིག བསམ་གཏན་བཞི་པའི་དངོས་བཞི་ལ་བརྟེན་ནས་བདག་མཐོང་བས་དམིགས་རྐྱེན་བྱས་ནས་ཕ་རོལ་གྱི་རྒྱུད་ལ་ཉོན་མོངས་པ་སྐྱེ་བ་དང་མི་སྐྱེ་བའི་བྱེ་བྲག་སོ་སོར་ཤེས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ཞེས་ཟེར་ན། ཕྱིར་མི་འོང་འབྲས་གནས་ཀྱི་རྒྱུད་ཀྱི་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་པའི་གཞན་སེམས་ཤེས་པའི་མངོན་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་གང་ཞིག ཕ་རོལ་གྱི་རྒྱུད་ལ་ཉོན་མོངས་པ་སྐྱེ་བ་དང་མི་སྐྱེ་བའི་བྱེ་བྲག་སོ་སོར་ཤེས་པའི་ཕྱིར་ཏེ། འཕགས་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་ཡིན་པའི་ཕྱིར། རྩ་བར་འདོད་ན། ཉན་ཐོས་སློབ་པའི་རྒྱུད་ཀྱི་ཏིང་ངེ་འཛིན་མིན་པར་ཐལ་ལོ། །མཚན་ནི་སུམ་ཅུ་རྩ་གཉིས་དང་། །ཞེས་པའི་སྐབས་སུ། གནས་འོག་མིན་ཁོ་ནར་བཞུགས་པའི་སངས་རྒྱས་ཀྱི་གཟུགས་སྐུ་ཆོས་ཅན། ལོངས་སྐུ་ཡིན་ཏེ། ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག་ཡིན་པའི་ཕྱིར། ངེས་པ་ལྔ་པོ་གང་ཞེ་ན། ངོ་བོ་ངེས་པ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། འཁོར་ངེས་པ་བྱང་འཕགས་ཁོ་ནས་བསྐོར་བ། ཆོས་ངེས་པ་ཐེག་ཆེན་གྱི་ཆོས་ཁོ་ན་གསུངས་པ། དུས་ངེས་པ་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་སྐུའི་སྣང་བ་མི་སྡུད་པར་བཞུགས་པ། གནས་ངེས་པ་འོག་མིན་ཁོ་ནར་བཞུགས་པའོ། །དེ་ལ་ཁ་ཅིག་ན་རེ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ་དེ་ལོངས་སྐུའི་ངོ་བོ་ངེས་པ་མིན་པར་ཐལ། སྤྲུལ་སྐུ་ལའང་མཚན་དཔེ་ཡོད་པའི་ཕྱིར། བྱང་འཕགས་ཁོ་ནས་བསྐོར་བ་དེ་ལོངས་སྐུའི་འཁོར་ངེས་པ་མིན་པར་ཐལ། སྤྲུལ་སྐུ་ལའང་དེ་ཁོ་ནས་བསྐོར་བ་ཡོད་པའི་ཕྱིར། ཐེག་ཆེན་ཀྱི་ཆོས་ཁོ་ན་གསུང་བ་དེ་ལོངས་སྐུའི་ཆོས་ངེས་པ་མིན་པར་ཐལ། ལོངས་སྐུས་ཐེག་པ་ཆེ་ཆུང་གཉིས་ཀའི་ཆོས་གསུངས་པའི་ཕྱིར་ཏེ། དེའི་འཁོར་གྱི་བྱང་སེམས་འཕགས་པས་ཐེག་པ་ཆེ་ཆུང་གཉིས་ཀའི་ཆོས་ཉན་དགོས་པའི་ཕྱིར་ཏེ། དེས་རིགས་ཅན་གསུམ་ཀ་རྗེས་སུ་གཟུང་བའི་ཕྱིར་དུ་དེ་ལ་བསྟན་པར་བྱ་བའི་ལམ་ཤེས་དགོས་པའི་ཕྱིར། འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་སྐུའི་སྣང་བ་མི་སྡུད་པར་བཞུགས་པ་དེ་ལོངས་སྐུའི་དུས་ངེས་པ་མིན་པར་ཐལ། དེ་ལྟར་བཞུགས་པའི་སྤྲུལ་སྐུ་ཡོད་པའི་ཕྱིར་ཏེ། འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཇིག་པའི་སྤྲུལ་སྐུའི་ཞིང་ཡོད་པའི་ཕྱིར། འོག་མིན་ཁོ་ནར་བཞུགས་པའི་ཐེག་ཆེན་འཕགས་པ་ཡིན་ན་ལོངས་སྐུ་ཡིན་དགོས་པར་ཐལ། ལོངས་སྐུ་གནས་ངེས་པ་འོག་མིན་ཁོ་ནར་བཞུགས་པའི་ཕྱིར། འདོད་ན། འོག་མིན་ན་བཞུགས་པའི་རྒྱུན་མཐའི་བྱང་སེམས་ཆོས་ཅན། དེར་ཐལ། སྤྲོས་པ་མཐའ་དག་བཀག་པའི་མཉམ་གཞག་ལ་གནས་བཞིན་པའི་བྱང་འཕགས་གང་ཞིག མཉམ་གཞག་དེ་ལས་མ་ལངས་པའི་ངང་ནས་རྣམ་མཁྱེན་སྐད་ཅིག་དང་པོ་མངོན་སུམ་བྱེད་པའི་ཕྱིར་ཞེས་ཟེར། དང་པོ་ལ། ཐུགས་དུས་རྟག་ཏུ་མཉམ་པར་གཞག་པ་དེ་སངས་རྒྱས་ཀྱི་མ་འདྲེས་པའི་ཡོན་ཏན་མིན་པར་ཐལ། བྱང་སེམས་འཕགས་པ་ལའང་དེ་འདྲ་ཡོད་པའི་ཕྱིར་ཏེ། རྒྱུན་མཐའི་བྱང་སེམས་དེ་དུས་རྟག་ཏུ་མཉམ་པར་གཞག་པ་ཡིན་པའི་ཕྱིར། ཁ་དོག་སེར་པོ་དེ་གསེར་གྱི་ཁ་དོག་ངེས་པ་མིན་པར་ཐལ། རས་ལ་སོགས་པའི་དངོས་པོ་འགའ་ཞིག་ལའང་དེ་འདྲ་ཡོད་པའི་ཕྱིར། ཁྱབ་པ་གཉིས་ཀ་ཁས། གཉིས་པ་ལ། གླང་ཕྲན་བརྒྱ་སྟོང་གིས་བསྐོར་བ་དེ་གླང་ཆེན་རབ་བརྟན་གྱི་འཁོར་ངེས་པ་མིན་པར་ཐལ། གླང་པོ་ཆེ་ས་སྲུང་གི་བུ་ལའང་དེས་བསྐོར་བ་ཡོད་པའི་ཕྱིར། འདོད་ན། བྲག་ཕྲན་བརྒྱ་སྟོང་གིས་བསྐོར་བ་དེ་བྲག་རི་གསེར་གྱི་བྱ་སྐྱིབས་ཅན་ཀྱི་འཁོར་ངེས་པ་མིན་པར་ཐལ་ལོ། །གསུམ་པའི་ཁྱབ་པ་ཕྱི་མ་ལ། བྱང་སེམས་འཕགས་པས་རིགས་ཅན་གསུམ་རྗེས་སུ་གཟུང་བའི་ཕྱིར་དུ་དེའི་ལམ་གསུམ་རྒྱུན་ལྡན་དུ་སྒོམ་དགོས་པར་ཐལ། དེས་དེ་རྗེས་སུ་བཟུང་བའི་ཕྱིར་དུ་དེའི་ལམ་གསུམ་ཤེས་དགོས་པའི་ཕྱིར། ཁྱབ་པ་ཁས། དེ་ལ་ཁོ་ན་རེ། བྱང་སེམས་འཕགས་པས་ལོངས་སྐུ་ལས་ཉན་པར་བྱ་བའི་ཆོས་ཡིན་ན་དེ་རྒྱུད་ལ་ཉམས་སུ་བླང་བྱའི་ཆོས་ཡིན་པས་ཁྱབ་པར་ཐལ། དེས་རིགས་ཅན་གསུམ་ལ་བསྟན་པར་བྱ་བའི་ཆོས་ལོངས་སྐུ་ལས་ཉན་པ་མེད་པའི་ཕྱིར། འདོད་ན། དེས་གདུལ་བྱ་གཞན་ལ་བསྟན་པར་བྱ་བའི་ཆོས་ལོངས་སྐུ་ལས་ཉན་པ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་ཐེག་ཆེན་གྱི་རིགས་ཅན་ལ་བསྟན་པར་བྱ་བའི་ཆོས་ལོངས་སྐུ་ལས་ཉན་པ་མེད་པར་ཐལ་ལོ་ཞེ་ན། བྱང་སེམས་འཕགས་པས་རྒྱུན་ལྡན་དུ་བསྒོམ་པར་བྱ་བའི་ལམ་ཡིན་ན་རང་རྒྱུད་ལ་ཉམས་སུ་བླང་བར་བྱ་བའི་ལམ་ཡིན་དགོས་པར་ཐལ། དེས་རིགས་ཅན་གསུམ་གྱི་ལམ་རྒྱུན་ལྡན་དུ་སྒོམ་པ་མེད་པའི་ཕྱིར། འདོད་ན། དེས་གདུལ་བྱ་གཞན་ལ་བསྟན་པར་བྱ་བའི་ལམ་རྒྱུན་ལྡན་དུ་སྒོམ་པར་བྱེད་པ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་ཐེག་ཆེན་གྱི་རིགས་ཅན་ལ་བསྟན་པར་བྱ་བའི་ལམ་རྒྱུན་ལྡན་དུ་སྒོམ་པ་མེད་པར་ཐལ། འདོད་པའི་ཕྱིར། རིམ་བཞིན་ཁས་བླངས་སོ། །བཞི་པ་ལ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བཞུགས་པ་དེ་རྫོགས་པའི་སངས་རྒྱས་ཀྱི་དུས་ངེས་པ་མིན་པར་ཐལ། དེ་ལྟར་བཞུགས་པའི་བྱང་སེམས་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། རྫོགས་པའི་སངས་རྒྱས་ཀྱིས་དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་གདུལ་བྱའི་དོན་མཛད་པ་མཐར་ཐུག་པའི་སྨོན་ལམ་གྲུབ་པ་ཡིན་པའི་ཕྱིར། ལྔ་པ་ལ། ལོངས་སྐུའི་དབུ་ལ་གནས་པའི་མཚན་དཔེ་ཡིན་ན། ལོངས་སྐུའི་གཙུག་ཏོར་ཡིན་དགོས་པར་ཐལ། ལོངས་སྐུའི་གཙུག་ཏོར་དེ་ལོངས་སྐུའི་དབུ་ཁོ་ན་ལ་གནས་པའི་ཕྱིར། འདོད་ན། ལོངས་སྐུའི་དབུ་སྐྲ་བུང་བ་ལྟར་གནག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར་རོ། །གང་གིས་སྲིད་པ་ཇི་སྲིད་པར། །ཞེས་པའི་སྐབས་སུ་སྤྲུལ་སྐུའི་མཚན་ཉིད་ལ་དཔྱད། སྤྲུལ་སྐུ་སངས་རྒྱས་ཡིན་མིན་ལ་དཔྱད་པ་གཉིས་ལས། དང་པོ་ནི། ཁ་ཅིག གདུལ་བྱ་དག་མ་དག་སྣ་ཚོགས་ལ་ཆོས་དངོས་སུ་སྟོན་པའི་གཟུགས་སྐུ་མཐར་ཐུག་དང་། གདུལ་བྱ་མཐོང་སྤང་གིས་དག་མ་དག་སྣ་ཚོགས་ལ་ཆོས་དངོས་སུ་སྟོན་པའི་གཟུགས་སྐུ་མཐར་ཐུག་དང་། སྤྲུལ་པ་སྣ་ཚོགས་ཀྱི་སྒོ་ནས་གདུལ་བྱ་སྣ་ཚོགས་ཀྱི་དོན་མཛད་པའི་གཟུགས་སྐུ་མཐར་ཐུག་རྣམས་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་སྐུའི་མཚན་ཉིད་ཡིན་ཟེར་བ་དང་། མཛད་པ་བཅུ་གཉིས་ཀྱི་ཚུལ་དངོས་སུ་སྟོན་པའི་སྒོ་ནས་གདུལ་བྱ་སྣ་ཚོགས་ཀྱི་དོན་བྱེད་པའི་གཟུགས་སྐུ་མཐར་ཐུག་དང་། ངེས་པ་ལྔ་བྲལ་གྱི་གཟུགས་སྐུ་མཐར་ཐུག་རྣམས་མཆོག་གི་སྤྲུལ་སྐུའི་མཚན་ཉིད་ཡིན་ཟེར་རོ། །དང་པོ་ལ། སྟོན་པ་ཤཱཀྱ་ཐུབ་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། གདུལ་བྱ་མ་དག་པ་ལ་ཆོས་དངོས་སུ་སྟོན་པར་ཐལ། འདོད་པའི་ཕྱིར། འདོད་ན། སོ་སྐྱེ་མ་དག་པ་ལ་ཆོས་དངོས་སུ་སྟོན་པར་ཐལ། འདོད་པ་གང་ཞིག འཕགས་པ་མ་དག་པ་མེད་པའི་ཕྱིར། འདོད་ན། དེ་མིན་པར་ཐལ། ཁྱོད་ལ་ཆོས་དངོས་སུ་ཉན་པའི་སོ་སྐྱེ་ཡིན་ན་སོ་སྐྱེ་ལས་དག་ཡིན་དགོས་པའི་ཕྱིར། གཉིས་པ་ལ། རྫོགས་པའི་སངས་རྒྱས་ཀྱི་ཟམ་པར་སྤྲུལ་པ་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། མ་གྲུབ་ན། སངས་རྒྱས་སའི་སྤྲུལ་སྐུ་ཡིན་ན། མཆོག་གི་སྤྲུལ་སྐུ་ཡིན་དགོས་པར་ཐལ། མ་གྲུབ་པ་དེའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། གདུལ་བྱ་ལ་ཆོས་དངོས་སུ་སྟོན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་དུ་རང་རྒྱལ་དུ་སྤྲུལ་པའི་སྤྲུལ་པའི་རང་རྒྱལ་དེས་གདུལ་བྱ་ལ་སྒྲ་བཅས་ཀྱི་སྒོ་ནས་གདམས་ངག་དངོས་སུ་བསྟན་པར་ཐལ། འདོད་པའི་ཕྱིར། གསུམ་པ་ལ་ལོངས་སྐུ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། ཁྱོད་ཀྱི་སྤྲུལ་པ་སྣ་ཚོགས་ཀྱི་སྒོ་ནས་གདུལ་བྱ་སྣ་ཚོགས་ཀྱི་དོན་བྱེད་པ་གང་ཞིག གཟུགས་སྐུ་མཐར་ཐུག་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེར་ཐལ། སྤྲུལ་སྐུ་དེ་ལོངས་སྐུའི་སྤྲུལ་པ་ཡིན་པའི་ཕྱིར། བཞི་པ་ལ། རྫོགས་པའི་སངས་རྒྱས་ཀྱི་ཉན་ཐོས་སུ་སྤྲུལ་པའི་སྤྲུལ་པའི་ཉན་ཐོས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། གདུལ་བྱ་སྐྱེ་འཕགས་གཉིས་ཀའི་དོན་བྱེད་པའི་སྤྲུལ་སྐུ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སྤྲུལ་པའི་ཉན་ཐོས་ཡིན་པའི་ཕྱིར། ལྔ་པ་ལ། འོད་དཔག་མེད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚུལ་དངོས་སུ་སྟོན་པར་ཐལ། འདོད་པའི་ཕྱིར། དེ་ལ་ཁོ་ན་རེ། འོད་དཔག་མེད་ཆོས་ཅན། ཁྱོད་ཀྱིས་མཛད་པ་བཅུ་གཉིས་ཀྱི་ཚུལ་དངོས་སུ་སྟོན་པར་ཐལ། ཁྱོད་ཀྱི་སྤྲུལ་པས་ཞིང་ཁམས་གཞན་དུ་དེ་ལྟར་བསྟན་པའི་ཕྱིར་ཞེ་ན། ལོངས་སྐུ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། མཆོག་གི་སྤྲུལ་སྐུར་ཐལ། མཚན་ཉིད་དེའི་ཕྱིར། དྲུག་པ་ལ། རྫོགས་པའི་སངས་རྒྱས་ཀྱི་གཟུགས་བརྙན་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། གཟུགས་སྐུ་མཐར་ཐུག་གང་ཞིག ངེས་པ་ལྔ་དང་བྲལ་བའི་ཕྱིར་ཏེ། ངོ་བོ་ངེས་པ་མཚན་དཔེས་སྤྲས་པ་སོགས་མི་འཐད་པའི་ཕྱིར་ཏེ། ཁྱོད་དང་མཚན་དཔེས་མ་སྤྲས་པའི་གཞི་མཐུན་ཡོད་པའི་ཕྱིར། རང་ལུགས་ནི། སེམས་ཅན་གྱི་དོན་དུ་གང་ལ་གང་འདུལ་གྱི་སྐུར་སྟོན་པའི་ལོངས་སྐུའི་སྤྲུལ་པ་དེ་སངས་རྒྱས་ཀྱི་སྤྲུལ་སྐུའི་མཚན་ཉིད། དབྱེ་ན། བཟོའི་སྤྲུལ་སྐུ། སྐྱེ་བའི་སྤྲུལ་སྐུ། མཆོག་གི་སྤྲུལ་སྐུ་གསུམ་དུ་རྒྱན་ལས་བཤད་ལ། ཕྱི་མའི་མཚན་ཉིད། སངས་རྒྱས་ཀྱི་སྐུར་དངོས་སུ་སྟོན་པའི་སྤྲུལ་སྐུའོ། །གཉིས་པ་ནི། ཁ་ཅིག སྤྲུལ་སྐུ་སངས་རྒྱས་དངོས་མིན་ཏེ། གལ་ཏེ་ཡིན་ན་ཆུ་ནང་དུ་ཤར་བའི་ཟླ་བའི་གཟུགས་བརྙན་དེ་ཟླ་གཟུགས་མཚན་ཉིད་པ་ཡིན་པར་ཐལ། སྤྲུལ་སྐུ་སངས་རྒྱས་མཚན་ཉིད་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུད་བླར། དག་ལ་ཉེ་དང་རིང་རྣམས་ལ། །འཇིག་རྟེན་རྒྱལ་བའི་དཀྱིལ་འཁོར་དུ། །ཆུ་དང་ནམ་མཁའ་ཟླ་གཟུགས་བཞིན། །དེ་མཐོང་བ་ནི་རྣམ་པ་གཉིས། །ཞེས་གསུངས་པའི་ཕྱིར། བཻ་ཌཱུརྻའི་ས་གཞི་ལ་ཤར་བའི་ལྷ་དབང་གི་གཟུགས་བརྙན་དེ། དེའི་གཟུགས་མཚན་ཉིད་པ་ཡིན་པར་ཐལ། སྔ་མ་དེའི་ཕྱིར། ཁྱབ་སྟེ། རྒྱུད་བླར། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་ཤར་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་གསུངས་པའི་ཕྱིར། ཡང་སྤྲུལ་པའི་ཉན་ཐོས་དེ་ཉན་ཐོས་ཡིན་པར་ཐལ། རྟགས་སྔ་མ་དེའི་ཕྱིར། ཡང་ཤཱཀྱ་ཐུབ་པས་སྤྲུལ་པ་བརྒྱ་ཕྲག་མཛད་པའི་སྤྲུལ་པ་དེ་རྣམས་གང་ཟག་རྒྱུད་ཐ་དད་པ་ཡིན་པར་ཐལ། དེ་རྣམས་སངས་རྒྱས་མཚན་ཉིད་པ་ཡིན་པའི་ཕྱིར། འདོད་ན། དེ་རྣམས་ལ་ཡིད་ཀྱི་རྣམ་པར་ཤེས་པ་རྫས་ཐ་དད་པ་རེ་རེ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་རྣམས་ཤཱཀྱ་ཐུབ་པ་ཁོ་ནའི་སྤྲུལ་པ་མིན་པར་ཐལ་ལོ་ཞེས་ཟེར་རོ། །དང་པོ་ལ། ཆུ་ནང་གི་ཟླ་བའི་གཟུགས་བརྙན་དེ་ནམ་མཁའི་ཟླ་བའི་གཟུགས་བརྙན་མིན་པར་ཐལ། མཆོག་གི་སྤྲུལ་སྐུ་དེ་ལོངས་སྐུའི་གཟུགས་བརྙན་མིན་པའི་ཕྱིར། མ་གྲུབ་ན་ཁས་བླངས་ཏེ། དག་ལ་ཉེ་དང་རིང་རྣམས་ལ། །ཞེས་སོགས་ཀྱི་གཞུང་དེས་ཆུ་ནང་གི་ཟླ་བའི་གཟུགས་བརྙན་དེ་ནམ་མཁའི་ཟླ་བའི་གཟུགས་བརྙན་དང་། མཆོག་གི་སྤྲུལ་སྐུ་ལོངས་སྐུའི་གཟུགས་བརྙན་ཡིན་པ་དཔེ་དོན་དུ་སྦྱར་ནས་སྟོན་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། ཁྱེད་རང་གི་ལུང་ཁྱབ་ལ་ཁྱབ་འབྲེལ་མེད་དོ། །གཉིས་པ་ལ། ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་འཆར། །ཞེས་པའི་གཞུང་དེས་སྤྲུལ་སྐུ་སངས་རྒྱས་མཚན་ཉིད་པ་མིན་པར་སྟོན་པར་མིན་པར་ཐལ། དེས་སྤྲུལ་སྐུ་ལོངས་སྐུ་མ་ཡིན་པ་ཙམ་སྟོན་པའི་ཕྱིར་ཏེ། དེའི་སྐབས་ཀྱི་ཐུབ་པའི་དབང་པོ་དེ་ལོངས་སྐུ་ཡིན་པའི་ཕྱིར་ཏེ། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་པའི་ཐུབ་པ་དེ་ལོངས་སྐུ་ཡིན་པའི་ཕྱིར། གསུམ་པ་ལ་བྱང་སེམས་འཕགས་པའི་རི་བོང་དུ་སྤྲུལ་བའི་རི་བོང་དེ་དུད་འགྲོར་ཐལ། དེ་བྱང་འཕགས་མིན་པར་ཐལ། ཁྱབ་པ་ཁས། བཞི་པ་ལ། བྱང་འཕགས་ཀྱི་ཉན་ཐོས་སུ་སྤྲུལ་པའི་སྤྲུལ་པའི་ཉན་ཐོས་བརྒྱད་པོ་དེ་ཉན་ཐོས་མཚན་ཉིད་པར་ཐལ། དེ་བྱང་འཕགས་མིན་པའི་ཕྱིར། མ་གྲུབ་ན་ཁས་བླངས་ཏེ། དེ་རྣམས་གང་ཟག་རྒྱུད་ཐ་དད་པར་ཐལ། མ་གྲུབ་པ་དེའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། སྔ་མ་བཞིན་དུ་བསྒྲེའོ། །གཞན་ཡང་བཀའ་རྒྱས་འབྲིང་བསྡུས་གསུམ་པོ་དེ་སངས་རྒྱས་ཀྱི་བཀའ་མིན་པར་ཐལ། ཆོས་འཁོར་རིམ་པ་གསུམ་བསྐོར་བ་པོའི་སངས་རྒྱས་འཕགས་པ་མེད་པའི་ཕྱིར་ཏེ། མཆོག་གི་སྤྲུལ་སྐུ་དེ་སངས་རྒྱས་མིན་པའི་ཕྱིར། གཞན་ཡང་བསྐལ་པ་བརྒྱར་སངས་རྒྱས་འབྱུང་བ་མཉེས་པར་བྱ་བའི་རང་རྒྱལ་གྱི་རིགས་ཅན་ཚོགས་ལམ་པ་མེད་པར་ཐལ། བསྐལ་པ་བརྒྱར་ལོངས་སྐུ་འབྱུང་བ་མཉེས་པར་བྱས་པའི་དེ་མེད་པ་གང་ཞིག སྤྲུལ་སྐུ་མཉེས་པར་བྱས་པས་སངས་རྒྱས་མཉེས་པའི་གོ་མི་ཆོད་པའི་ཕྱིར། རྟགས་ཕྱི་མ་ཁས་བླངས་ཤིང་། སྔ་མ་དེར་ཐལ། ལོངས་སྐུའི་དངོས་ཀྱི་འཁོར་ཡིན་ན་བྱང་འཕགས་ཡིན་པས་ཁྱབ་པའི་ཕྱིར། ཡང་ཤཱཀྱ་ཐུབ་པ་ཆོས་ཅན། རྫོགས་པའི་སངས་རྒྱས་སུ་ཐལ། རྣམ་མཁྱེན་རྒྱུད་ལྡན་གྱི་ཐུབ་པ་ཡིན་པའི་ཕྱིར་ཏེ། གང་དང་ཡང་དག་ལྡན་པས་ཐུབ་རྣམས། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་ཐུབ་པ་ཡིན་པའི་ཕྱིར་ཏེ། ཆོས་འཁོར་རིམ་པ་གསུམ་དངོས་སུ་བསྐོར་བ་པོའི་ཐུབ་པ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། སངས་རྒྱས་སུ་ཐལ། སྦྱོར་གཞི་བསྒོམ་པའི་རྣམ་སྨིན་མཐར་ཐུག་ཡིན་པའི་ཕྱིར་ཏེ། སྐུ་གསུམ་གང་རུང་ཡིན་པའི་ཕྱིར། ཀུན་རྫོབ་ཏུ་ཡེ་ཤེས་ཁོ་ན་ལོངས་སྤྱོད་རྫོགས་པའི་སྐུ། ཞེས་པའི་སྐབས་སུ། ཁ་ཅིག ཕྲིན་ལས་ཉེར་བདུན་པོ་དེ་ཡེ་ཤེས་ཆོས་སྐུ་ཁོ་ནའི་ཕྲིན་ལས་ཡིན་ཏེ། ཀུན་རྫོབ་ཏུ་ཡེ་ཤེས་ཆོས་སྐུ་ཁོ་ན་གཟུགས་སྐུ་སྣང་བ་སྐྱེད་པའི་སྒོ་ནས་ཕྲིན་ལས་མཛད་པའི་ཕྱིར་ཞེ་ན། འོ་ན་མཆོག་གི་སྤྲུལ་སྐུས་གདུལ་བྱ་ཚོགས་ལམ་ལ་འགོད་པའི་ཕྲིན་ལས་དེ་ལོངས་སྐུ་ཁོ་ནའི་ཕྲིན་ལས་སུ་ཐལ། ཀུན་རྫོབ་ཏུ་ལོངས་སྐུ་ཁོ་ན་མཆོག་གི་སྤྲུལ་སྐུ་ཁོ་ནར་སྣང་བ་སྐྱེད་པའི་སྒོ་ནས་གདུལ་བྱ་ཚོགས་ལམ་ལ་འགོད་པའི་ཕྲིན་ལས་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དེ་ཆོས་ཅན། ལོངས་སྐུ་ཁོ་ནའི་ཕྲིན་ལས་མིན་པར་ཐལ། ཡེ་ཤེས་ཆོས་སྐུ་ཁོ་ནའི་ཕྲིན་ལས་ཡིན་པའི་ཕྱིར། རྟགས་གསལ་དངོས། དེ་ལ་ཁོ་ན་རེ། ཀུན་རྫོབ་ཏུ་ལོངས་སྐུ་ཁོ་ན་མཆོག་གི་སྤྲུལ་སྐུ་སྣང་བ་སྐྱེད་པའི་སྒོ་ནས་དེ་ལྟ་བུའི་ཕྲིན་ལས་མཛད་པ་མིན་པར་ཐལ། མཆོག་གི་སྤྲུལ་སྐུར་སྣང་བ་སྐྱེད་པའི་སྒོ་ནས་གདུལ་བྱ་ཚོགས་ལམ་ལ་འགོད་པར་གནས་པའི་རྒྱུ་དེ་ལ་ཡེ་ཤེས་ཆོས་སྐུ་ངེས་པར་དགོས་པའི་ཕྱིར་ཞེས་ཟེར། ཀུན་རྫོབ་ཏུ་ཡེ་ཤེས་ཆོས་སྐུ་ཁོ་ན་སྤྲུལ་སྐུར་སྣང་བ་སྐྱེད་པའི་སྒོ་ནས་གདུལ་བྱ་ཚོགས་ལམ་ལ་འགོད་པའི་ཕྲིན་ལས་མཛད་པ་མ་ཡིན་པར་ཐལ། དེའི་རྒྱུ་ལའང་ལོངས་སྐུ་ངེས་པར་དགོས་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་ཕྲིན་ལས་ཉེར་བདུན་པོ་དེ་ངོ་བོ་ཉིད་སྐུ་ཁོ་ནའི་ཕྲིན་ལས་སུ་ཐལ། ངོ་བོ་ཉིད་སྐུ་ཁོ་ན་སངས་རྒྱས་དང་། བྱང་སེམས་དང་། ཉན་ཐོས་ལ་སོགས་པ་ལ་ཡེ་ཤེས་ཆོས་སྐུ་ལ་སོགས་པ་སྐུ་གསུམ་དུ་སྣང་བའི་སྒོ་ནས་གདུལ་བྱའི་དོན་མཛད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། དེ་ཁོ་ནའི་ཕྲིན་ལས་མིན་པར་ཐལ། ཡེ་ཤེས་ཆོས་སྐུ་ཁོ་ནའི་ཕྲིན་ལས་ཡིན་པའི་ཕྱིར། རྟགས་གསལ་དངོས་རྩ་བར་མ་གྲུབ་ན། དེར་ཐལ། དེ་ལྟར་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་བསྒོམས་པའི་སྟོབས་ལས་བྱུང་བ་སངས་རྒྱས་ལ་སོགས་པ་ཡུལ་ཉིད་དུ་ཞེས་སོགས་གསུངས་པའི་ཕྱིར། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ཞེས་པའི་སྐབས་སུ། ཁ་ཅིག གདུལ་བྱ་ལ་ལམ་གྱི་རྟེན་ལ་འགོད་པ་ནས། གདུལ་བྱ་མི་གནས་པའི་མྱང་འདས་ལ་འགོད་པའི་བར་གྱི་ཕྲིན་ལས་རྣམས་ཆོས་ཅན། ཆོས་སྐུའི་ཕྲིན་ལས་ཡིན་ཏེ། ཆོས་སྐུས་བདག་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བའི་རྣམ་དཀར་གྱི་ཡོན་ཏན་ཡིན་པའི་ཕྱིར་ཏེ། རྟགས་དེས་གསལ་བ་དེའི་མཚན་ཉིད་ཡིན་པའི་ཕྱིར་ཞེས་ཟེར་རོ། །དེ་ལ་གཞན་དག་ན་རེ། ཆོས་སྐུའི་རྒྱུར་གྱུར་པའི་ས་བཅུ་པའི་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། བྱ་བ་ཡུལ་ལ་ཡོད་པའི་ཆོས་སྐུའི་ཕྲིན་ལས་ཡིན་པའི་ཕྱིར་ཏེ། ས་བཅུ་པའི་ཡེ་ཤེས་ཡིན་པའི་ཕྱིར། རྩ་བར་འདོད་ན། ཆོས་སྐུའི་འབྲས་བུར་ཐལ། འདོད་པའི་ཕྱིར། འདོད་ན། ས་དགུ་པའི་གནས་སྐབས་ན་ཆོས་སྐུ་ཡོད་པར་ཐལ་ལོ་ཞེས་ཟེར། འོ་ན་རང་གི་རྒྱུར་གྱུར་པའི་ཆོས་སྐུའི་ཕྲིན་ལས་ཡིན་ན་ཆོས་སྐུའི་ཕྲིན་ལས་ཡིན་དགོས་པར་ཐལ། ཆོས་སྐུའི་རྒྱུར་གྱུར་པའི་ས་བཅུ་པའི་ཡེ་ཤེས་དེ་ཆོས་སྐུའི་ཕྲིན་ལས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཆོས་སྐུའི་འབྲས་བུར་ཐལ། རང་གི་རྒྱུར་གྱུར་པའི་ཆོས་སྐུའི་འབྲས་བུ་ཡིན་པའི་ཕྱིར། ཁ་ཅིག རང་རྒྱུ་ཆོས་སྐུའི་བདག་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བའི་རྣམ་དཀར་གྱི་ལས་དེ་ཆོས་སྐུའི་ཕྲིན་ལས་ཀྱི་མཚན་ཉིད་ཡིན་ཞིང་། སྤྱིར་ཕྲིན་ལས་ཀྱི་མིང་གིས་བརྗོད་རུང་ལ་དབྱེ་ན། བྱེད་པ་པོ་ལ་ཡོད་པའི་དང་། བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་གཉིས་ལས། ཆོས་སྐུའི་ཕྲིན་ལས་མཚན་ཉིད་པ་ཡིན་ན་དང་པོ་དེ་ཡིན་དགོས་ཏེ། དེ་ཡིན་ན་ཆོས་སྐུའི་བྱེད་ལས་ཡིན་དགོས་པ་གང་ཞིག བྱ་བ་དང་བྱེད་པ་རྫས་གཞན་དུ་མེད་པའི་ཕྱིར་དང་། ནུས་པ་དང་ནུས་པ་ཅན་རྫས་གཞན་དུ་མེད་པའི་ཕྱིར། གལ་ཏེ་ཆོས་སྐུའི་ཕྲིན་ལས་ལ་ཉེར་བདུན་དུ་དབྱེ་བ་མི་འཐད་པར་ཐལ། དེ་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། རྫོགས་པའི་སངས་རྒྱས་ཀྱི་གདུལ་བྱ་ལམ་གྱི་རྟེན་ལ་འགོད་པའི་མཛད་པ་ནས་གཟུང་སྟེ། དེས་གདུལ་བྱ་མི་གནས་པའི་མྱང་འདས་ལ་འགོད་པར་མཛད་པའི་བར་ཉེར་བདུན་པོ་ལ་ཕྲིན་ལས་ཉེར་བདུན་དུ་འདོད་ཅིང་། དེ་ལྟ་བུའི་མཛད་པ་ཉེར་བདུན་པོ་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་པའི་ཕྱིར་ཏེ། མྱ་ངན་འདས་ལ་འགོད་པ་སྟེ། །ཆོས་ཀྱི་སྐུ་ཡི་ཕྲིན་ལས་ནི། །རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་གསུངས་པའི་ཕྱིར། གཞན་ཡང་ཕྲིན་ལས་ཉེར་བདུན་པོ་ཆོས་ཅན། སངས་རྒྱས་ཀྱི་ས་ཁོ་ནར་ཡོད་པར་ཐལ། སྦྱོར་བཞི་བསྒོམས་པའི་རྣམ་སྨིན་མཐར་ཐུག་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དངོས་པོ་དྲུག་ཏུ་དབྱེ་བའི་ཚེ། དེ་ཡི་རྣམ་སྨིན་ཞེས་པའི་རྣམ་སྨིན་གཅིག་པོ་དེ་ཉིད་ལ་དངོས་པོ་གསུམ་དུ་ཕྱེ་བའི་ཚེ་ཆོས་སྐུའི་ཕྲིན་ལས་ཞེས་ཆོས་སྐུ་དང་ཕྲིན་ལས་གཉིས་སུ་བཤད་པའི་ཕྱིར་རོ་ཞེས་ཟེར་རོ། །འོ་ན་ཆོས་སྐུ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། རང་རྒྱུ་ཆོས་སྐུས་བདག་རྐྱེན་བྱས་པ་ལ་བརྟེན་ནས་བྱུང་བའི་རྟོགས་པའི་ཆོས་འཁོར་ཡིན་པའི་ཕྱིར། རྩ་བར་འདོད་ན། རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱ་ཚོགས་ལམ་ལ་འགོད་པའི་མཛད་པ་དེ་ཆོས་སྐུའི་ཕྲིན་ལས་ཡིན་པ་དང་། ཚོགས་ལམ་དེ་མིན་པའི་ཁྱད་པར་མི་འཐད་པར་ཐལ། དེས་གདུལ་བྱ་མི་གནས་པའི་མྱང་འདས་ལ་འགོད་པའི་མཛད་པ་དང་། མི་གནས་པའི་མྱང་འདས་གཉིས་པོ་ཆོས་སྐུའི་ཕྲིན་ལས་ཡིན་མིན་གྱི་ཁྱད་པར་མེད་པའི་ཕྱིར་ཏེ། དེ་གཉིས་ཀ་དེ་ཡིན་པར་མཚུངས་པའི་ཕྱིར་ཏེ། མི་གནས་པའི་མྱང་འདས་དེ་དེ་ཡིན་པའི་ཕྱིར་ཏེ། ཆོས་སྐུ་དེ་ཡིན་པའི་ཕྱིར་རོ། །ཡང་དེ་ཆོས་ཅན། ཆོས་སྐུའི་བྱེད་ལས་སུ་ཐལ། དེའི་ཕྲིན་ལས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་མིན་པར་ཐལ། ཆོས་སྐུ་དང་ཐ་དད་མིན་པའི་ཕྱིར། གཞན་ཡང་གདུལ་བྱའི་རྒྱུད་ལ་ཆོས་སྐུའི་ཕྲིན་ལས་དངོས་སུ་སྐྱེ་བ་མེད་པར་ཐལ། ཆོས་སྐུའི་ཕྲིན་ལས་ཡིན་ན་སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད་དགོས་པའི་ཕྱིར། འདོད་ན། སངས་རྒྱས་ཀྱི་ཕྲིན་ལས་དངོས་སུ་སྐྱེས་པའི་ཡུལ་མ་གྲུབ་པར་ཐལ། འདོད་པ་གང་ཞིག སངས་རྒྱས་ཀྱི་རྒྱུད་ལ་ཕྲིན་ལས་དངོས་སུ་མི་འཇུག་པའི་ཕྱིར་ཏེ། དེ་དེའི་གདུལ་བྱ་མིན་པའི་ཕྱིར། གཞན་ཡང་ཆོས་འཁོར་དང་དེ་བསྐོར་བ་པོ་རྫས་གཞན་ཡིན་པ་མི་སྲིད་པར་ཐལ། ཕྲིན་ལས་དང་ཕྲིན་ལས་ཅན་རྫས་གཞན་ཡིན་པ་མི་སྲིད་པའི་ཕྱིར། འདོད་ན། དེ་སྲིད་པར་ཐལ། བྱང་སེམས་མཐོང་ལམ་པའི་རྒྱུད་ལ་སྐྱེས་པའི་རྟོགས་པའི་ཆོས་འཁོར་དང་། དེ་སྐོར་བ་པོའི་མཆོག་གི་སྤྲུལ་སྐུ་གཉིས་རྫས་གཞན་ཡིན་པའི་ཕྱིར། གཞན་ཡང་། སངས་རྒྱས་ཀྱི་ཕྲིན་ལས་ཀྱི་ས་མཚམས་དེ་ཐེག་ཆེན་ལམ་དུ་འཇུག་ཁ་མ་ནས་མི་གནས་པའི་མྱང་འདས་ཀྱི་བར་དུ་འཇོག་པ་མི་འཐད་པར་ཐལ། དེ་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་པའི་ཕྱིར། འདོད་ན། ཐེག་ཆེན་སེམས་བསྐྱེད་ཀྱི་ས་མཚམས་དེ་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་ནས་སངས་རྒྱས་ཀྱི་སའི་བར་དུ་འཇོག་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། སེམས་བསྐྱེད་པ་དང་པོ་དང་། ཐ་མའི་ལས་བསྟན་པའི་གོ་རིམ་བསྟན་པའི་རིམ་པས་ཞེས་གསུངས་པའི་ཕྱིར། གཞན་ཡང་། སངས་རྒྱས་ཀྱི་ཕྲིན་ལས་དེ་སངས་རྒྱས་ཀྱི་ས་ཁོ་ནར་འཇོག་པ་མི་འཐད་པར་ཐལ། གདུལ་བྱའི་རྒྱུད་ལ་སངས་རྒྱས་ཀྱི་ཕྲིན་ལས་དངོས་སུ་འཇུག་པའི་ཕྱིར་ཏེ། རྫོགས་པའི་སངས་རྒྱས་དེ་དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་འབད་མེད་ལྷུན་གྲུབ་ཀྱི་ཕྲིན་ལས་མཛད་པ་དེ་དགོས་པ་ཡོད་པའི་ཕྱིར་རོ། །ཡུམ་དོན་རབ་གསལ་ལས་སྐབས་བརྒྱད་པའི་དཀའ་བའི་གནས་རྣམ་པར་བཤད་པའོ། །དེ་ལྟར་དགེ་འདུན་ཉི་ཤུ། སྙོམས་འཇུག་དགུ། རྟེན་འབྲེལ། ཐོད་རྒལ་རྣམས་ནི་གཞན་དུ་བཤད་ཟིན་ཅིང་། འདིར་ནི་དེ་ལས་གཞན་པའི་དཀའ་གནས་ཆེ་ཆུང་རྣམས་ལ་དོན་ལ་གནས་པའི་དགག་སྒྲུབ་ཆེ་བ། རོང་སྟོན་ཐམས་ཅད་མཁྱེན་པའི་བཞེད་པ་ཇི་ལྟ་བ་བཞིན་བཀོད་ཅིང་ཀུན་མཁྱེན་བླ་མའི་བཞེད་པའང་དེ་ལས་གཞན་མེད་པས་ལོགས་སུ་མ་སྨོས་ལ། འདི་ཙམ་གྱིས་སྐབས་ཀྱི་དོན་རྣམས་རྟོགས་པར་འགྱུར་བས། ཕྱོགས་ཞེན་སྤངས་ནས་གུས་པས་བླངས་ཏེ་རང་གཞན་ལ་ཕན་པ་བསྒྲུབ་པར་བྱའོ། །རྨད་བྱུང་ཕྲིན་ལས་བྱེ་བའི་གཟི་འབར་རྒྱལ་བ་ཉིན་བྱེད་དབང་པོ་དང་། །ཕྱོགས་རེའི་མཛད་པས་གདུལ་བྱ་ཀུ་མུད་སྐྱོང་མཛད་རང་རྒྱལ་མཚན་མོའི་མགོན། །ཉི་ཚེའི་རྟོགས་པས་རང་རྒྱུད་རྣམ་གསལ་སློབ་མའི་སྐར་ཚོགས་བཅས་རྣམས་ཀྱི། །བགྲོད་གཅིག་ལམ་གྱུར་མཐའ་དང་དབུས་མེད་ཟབ་ཅིང་ལྟ་དཀའི་རྒྱལ་ཡུམ་འདི། །དགྲ་ལས་རྣམ་རྒྱལ་རྒྱལ་སྲས་དཔའ་བོར་བཅས། །མི་དང་ལྷ་དང་ལྷ་མིན་ཚོགས་དབུས་སུ། །ཐུབ་པའི་དབང་པོ་ཉིད་ཀྱིས་གདན་བཤམས་ནས། །འགྲོ་ལ་སྟོན་པའི་དགོངས་པ་མཉམ་གཞག་ཚེ། །རབ་འབྱམས་ཕྱོགས་བཅུའི་ཞིང་གི་རྒྱལ་བའི་སྲས། །ས་ཆེན་གཡོས་པའི་ངོ་མཚར་སྐྱེས་གྱུར་ཏེ། །རྫུ་འཕྲུལ་སྟོབས་ཀྱིས་གསེར་གྱི་པདྨོ་ནི། །འདབ་མ་སྟོང་ལྡན་རྒྱལ་བའི་བཀའ་ཡིས་འཐོར། །དེ་ཚེ་ཚེམས་དཀར་བར་ནས་འཕྲུལ་གྱི་ལྗགས། །རྣམ་པར་བརྐྱངས་ཏེ་སྲིད་གསུམ་ཀུན་ཁྱབ་པའི། །ཚངས་པའི་དབྱངས་ཀྱིས་བློ་ཡི་རིམ་པ་བཞིན། །ཐམས་ཅད་ལྡན་པའི་འཁོར་ལ་གོ་བར་མཛད། །དེ་ཡི་སྦས་དོན་ཐེག་མཆོག་ལམ་གྱི་རིམ། །ཟབ་ཅིང་ཡངས་པའི་མ་ཕམ་བློ་མཚོ་ལས། །ཐོགས་མེད་མཁྱེན་པའི་ཆུ་འཛིན་གྱིས་བླངས་ཏེ། །རྣམ་གྲོལ་དགེ་བའི་ལོ་ཐོག་སྤེལ་ཕྱིར་ཕབ། །གང་དེའི་ལེགས་བཤད་རྒྱ་བོད་མཁས་རྣམས་ཀྱི། །བློ་གྲོས་བུམ་བཟང་ལས་བྱུང་བདུད་རྩའི་རྒྱུན། །འཆི་མེད་དཔལ་སྦྱིན་འདི་ནི་བློ་ལྡན་ཞིང་། །དོན་གཉེར་གཟུ་བོར་གནས་པ་རྣམས་ལ་སྤེལ། །ལྷག་བསམ་དགེ་བའི་སེམས་ཀྱིས་ཡུམ་གྱི་དོན། །དགོངས་པ་རབ་གསལ་ལེགས་བཤད་འདི་བགྱིས་པའི། །རབ་དཀར་དགེ་ཚོགས་ཇི་སྙེད་མཆིས་པ་དེ། །མཁའ་མཉམ་འགྲོ་བས་བྱང་ཆུབ་ཐོབ་ཕྱིར་བསྔོ། །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །སྐྱོན་མེད་བླ་མའི་ཐུགས་ཀྱིས་རྗེས་གཟུང་ཞིང་། །ཐོས་བསམ་སྒོམ་པའི་ནོར་གྱིས་རྒྱུད་ཕྱུག་སྟེ། །རྟག་ཏུ་འགྲོ་ལ་དམ་ཆོས་སྟོན་པར་ཤོག །མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་དཀའ་བའི་གནས་རྣམ་པར་བཤད་པ་ཡུམ་དོན་རབ་གསལ་ཞེས་བྱ་བ་འདི་ནི། ཐོག་མར་ཐུབ་དབང་གཉིས་པ་རོང་སྟོན་ཆོས་རྗེ་ལས་ཅུང་ཟད་ཐོས་ཤིང་། འཛམ་གླིང་མཁས་པའི་དབང་པོ་ཀུན་མཁྱེན་སངས་རྒྱས་འཕེལ་ལ་སོགས་པ་རྣམས་ལས་ཞིབ་ཏུ་མཉན་ཏེ་ལུགས་འདི་ལ་མི་འཕྲོག་པའི་སྤོབས་པ་ཐོབ་ཅིང་། གཞན་ཡང་སྡེ་སྣོད་དང་རྒྱུད་སྡེའི་དོན་ཕལ་མོ་ཆེ་ལ་བློ་ཁ་ཅུང་ཟད་ཕྱོགས་པ་ཤཱཀྱའི་དགེ་སློང་བསོད་ནམས་སེང་གེས་སྡེ་སྣོད་འཛིན་པ་དུ་མས་ཡང་ཡང་བསྐུལ་ཞིང་རང་གི་རྟོགས་པ་མི་བརྗེད་པའི་ཕྱིར་དུ་ཤིང་ཕོ་སྤྲེའུ་ལོ་གྲོ་ཞུན་གྱི་ཟླ་བའི་ཡར་ཚེས་བརྒྱད་ལ་འབྲས་ཡུལ་རྫོང་དཀར་གྱི་སྐྱེད་མོས་ཚལ་དུ་སྦྱར་བའི་ཡི་གེ་པ་ནི་གཞོན་ནུ་བློ་གྲོས་རབ་ལྡན་ནོ། །ཤུ་བྷཾ།། །།འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ། དགེའོ། དགེའོ།། །


previousསྐབས་བརྒྱད་པ་འབྲས་བུ་ཆོས་སྐུའི་དཀའ་བའི་གནས་རྣམ་པར་བཤད་པ།no next