Nitartha Digital Library
Tibetan
 
previousརྣམ་མཁྱེན།next

རྣམ་མཁྱེན།

དང་པོ་རྣམ་མཁྱེན་ལ་དང་པོར་བསྟན་པའི་རྒྱུ་མཚན་དང་། མཚོན་བྱེད་ཀྱི་ཆོས་སོ་སོའི་འབྲེལ་བཤད་པ་གཉིས་ལས། དང་པོ་ནི། མཁྱེན་གསུམ་སྟོན་པའི་སྐབས་གཞན་དུ་གཞི་ཤེས་ཐོག་མར་བསྟན་ནས་འདིར་རྣམ་མཁྱེན་ཐོག་མར་བསྟན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ལ་སྐབས་གཞན་དུ་གཞི་ཤེས་དང་པོར་བསྟན་པའི་རྒྱུ་མཚན་དང་། འདིར་རྣམ་མཁྱེན་དང་པོར་བསྟན་པའི་རྒྱུ་མཚན་གཉིས་ལས། དང་པོ་ལ་འཕགས་པ་སོ་སོའི་མཁྱེན་གསུམ་འཆད་པའི་ཚེ་གཞི་ཤེས་དང་པོར་སྟོན་པའི་རྒྱུ་མཚན་ནི་ཐེག་པ་གསུམ་གྱི་གོ་རིམ་ལྟར་དམན་མཆོག་གི་གོ་རིམ་ཡིན་ཏེ། འདི་ནི་གླེང་གཞིའི་གོ་རིམ་དང་མཐུན་ནོ། །བྱང་སེམས་ཀྱི་ཉམས་ལེན་གསུམ་འཆད་པའི་ཚེ་གཞི་ཤེས་ཀྱི་ཉམས་ལེན་དང་པོར་བསྟན་པའི་རྒྱུ་མཚན་ནི་བྱང་ཆུབ་སེམས་དཔས་རྟོགས་རིགས་གསུམ་གྱི་ནང་ནས་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དེ་དང་པོར་བསྒོམ་དགོས་པའི་ཕྱིར་ཏེ། རྣལ་འབྱོར་ས་བཞིའི་རིམ་པས་ལམ་ལ་འཇུག་དགོས་པའི་ཕྱིར་རོ། །འདི་ལ་དགོངས་ནས་རྣམ་རྫོགས་སྦྱོར་བའི་སྐབས་སུ་གཞི་ཤེས་ཀྱི་རྣམ་པ་དང་། གཞི་ཤེས་ཀྱི་སྦྱོར་བ་དང་པོར་བསྟན་པ་ཡིན་ནོ། །སངས་རྒྱས་ཀྱི་སའི་མཁྱེན་གསུམ་འཆད་པའི་ཚེའང་གཞི་ཤེས་དང་པོར་བསྟན་པའི་རྒྱུ་མཚན་ནི་རྒྱུའི་ངོས་ནས་བྱང་ཆུབ་སེམས་དཔའི་མངོན་རྟོགས་ཀྱི་རིམ་པ་དང་མཐུན་པ་དང་། འབྲས་བུའི་ངོས་ནས་གླེང་གཞིའི་གོ་རིམ་དང་མཐུན་པ་གཉིས་ཡོད་པའི་ཕྱིར་རོ། །འདི་ལ་དགོངས་ནས་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་འཆད་པའི་ཚེ་གཞི་ཤེས་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་དང་པོར་བསྟན་པ་ཡིན་ནོ། །མཆོད་བརྗོད་ཀྱི་སྐབས་ཀྱི་མཁྱེན་གསུམ་གྱི་གོ་རིམ་ལ་ནི་བྱང་སེམས་ཀྱི་མངོན་རྟོགས་དང་། སངས་རྒྱས་ཀྱི་སའི་མཁྱེན་གསུམ་དང་། གླེང་གཞིའི་གོ་རིམ་གསུམ་ཆར་ཚང་སྟེ་སྔར་བསྟན་ཟིན་ཏོ། །གཉིས་པ་ནི་མཁྱེན་གསུམ་གྱི་གོ་རིམ་ཕལ་ཆེར་དེ་ལྟར་ཡིན་ན། འདིར་རྣམ་མཁྱེན་ཐོག་མར་བསྟན་པ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། འདིའི་གདུལ་བྱའི་གཙོ་བོ་ནི་ཐེག་ཆེན་གྱི་རིགས་ཅན་ཡིན་ལ་དེ་ཉིད་འབྲས་བུ་ལ་སྤྲོ་བ་སྐྱེས་ཏེ་དེའི་རྒྱུ་ལ་འཇུག་པའི་ཆེད་དུ་ཐོབ་བྱའི་འབྲས་བུ་མཐར་ཐུག་དེ་ཐོག་མར་བསྟན་པ་ཡིན་པའི་ཕྱིར་རོ། །དེས་ན་སྐབས་དང་པོར་བསྟན་པའི་རྣམ་མཁྱེན་ནི་སྐབས་བརྒྱད་ཀྱི་གོ་རིམ་ལ་འཇུག་པའི་ཚེ་ཆོས་བཅུ་པོ་མངོན་སུམ་དུ་རྟོགས་པའི་སངས་རྒྱས་ཀྱི་སའི་རྣམ་མཁྱེན་ལ་འཇུག་སྟེ། མཆོད་བརྗོད་ཀྱི་བཤད་ཚུལ་ཕྱི་མ་གཉིས་ཀྱིས་བསྡུས་པའི་རྣམ་མཁྱེན་དང་། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ་ཞེས་པའི་སྐབས་ཀྱི་རྣམ་མཁྱེན་དང་ངོ་བོ་གཅིག་པ་ཡིན་ནོ། །འཆད་ཚུལ་ནི་མི་གཅིག་སྟེ། སྔ་མ་གཉིས་ནི་མངོན་པར་རྟོགས་པ་བརྒྱད་ཆར་ལམ་དུ་བྱས་པའི་འབྲས་བུའི་སྒོ་ནས་བཤད་ཅིང་། འདིར་ནི་མངོན་རྟོགས་ཕྱི་མ་བདུན་ལམ་དུ་བྱས་པའི་འབྲས་བུའི་སྒོ་ནས་བཤད་པའི་ཕྱིར་རོ། །ཐོས་བསམ་གྱིས་གཏན་ལ་དབབ་པའི་ཡུལ་དུ་གཞག་པའི་ཚེ་ནི་ཆོས་བཅུ་པོ་སྐྱེ་མེད་དུ་རྟོགས་པའི་བྱང་སེམས་ཀྱི་རྒྱུད་ཀྱི་མཁྱེན་པ་ལ་འཇུག་གོ །གཉིས་པ་མཚོན་བྱེད་ཀྱི་ཆོས་སོ་སོའི་འབྲེལ་འཆད་པ་ལ། མདོ་ནས་གསུངས་པའི་ཚུལ། རྣམ་མཁྱེན་མཚོན་པའི་ཚུལ། གཞུང་སོ་སོའི་སྐབས་ལ་འཇུག་པ་དང་གསུམ་ལས། དང་པོ་ནི་གླེང་གཞི་རྫོགས་པའི་མཇུག་ཐོག་ཏུ་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཐམས་ཅད་ཐོབ་པར་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱའོ། །ཞེས་པ་རྣམས་ཀྱིས་སེམས་བསྐྱེད་བསྟན། བསླབ་ཚུལ་ཞུས་པའི་ལན་གྱིས་གདམས་ངག་དང་། ངེས་འབྱེད་ཆ་མཐུན་བསྟན། ངེས་འབྱེད་ཆ་མཐུན་གྱི་སྐབས་སུ་བྱང་ཆུབ་སེམས་དཔའ་ཞེས་མང་དུ་གསུངས་པའི་མིང་གི་དོན་དྲིས་པའི་ལན་གྱིས་སྒྲུབ་པའི་རྟེན་བསྟན། དེ་དག་གི་སྐབས་སུ་ཆོས་ཐམས་ཅད་ཀྱི་ཆགས་པ་མེད་པ་ལ་བསླབ་པར་བྱའོ། །ཞེས་པའི་ཆོས་ཐམས་ཅད་དྲིས་པའི་ལན་གྱིས་སྒྲུབ་པའི་དམིགས་པ་བསྟན། སེམས་དཔའ་ཆེན་པོར་འཇོག་པའི་རྒྱུ་མཚན་དྲིས་པའི་ལན་གྱིས་སྒྲུབ་པའི་ཆེད་དུ་བྱ་བ་དང་། གོ་སྒྲུབ་དང་། འཇུག་སྒྲུབ་བསྟན། གོ་སྒྲུབ་ཀྱི་སྐབས་སུ་གོ་ཆ་ཆེན་པོ་བགོས་པ། ཞེས་གསུངས་ན་ཇི་ཙམ་གྱིས་ན་བྱང་སེམས་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་ལགས་ཞེས་དྲིས་པའི་ལན་གྱིས་ཚོགས་དང་པོ་བཅུ་བསྟན། འཇུག་སྒྲུབ་ཀྱི་འཇུག་ཡུལ་ཐེག་ཆེན་ལས་འཕྲོས་ནས་བྱང་སེམས་ཆེན་པོའི་ཐེག་པ་ཆེན་པོ་དེ་གང་ལགས། ཇི་ཙམ་གྱིས་ན་བྱང་སེམས་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་རིག་པར་བྱ། བྱང་སེམས་ཆེན་པོའི་ཐེག་པ་ཆེན་པོ་དེ་གང་ནས་ངེས་པར་འབྱུང་བར་འགྱུར། བྱང་སེམས་ཆེན་པོའི་ཐེག་པ་ཆེན་པོ་དེ་གང་དུ་ངེས་པར་འབྱུང་བར་འགྱུར། བྱང་སེམས་ཆེན་པོའི་ཐེག་པ་ཆེན་པོ་དེ་གང་གིས་ངེས་པར་འབྱུང་བར་འགྱུར། ཞེས་པའི་དྲི་བ་ལྔ་ལས། དྲི་བ་དང་པོའི་ལན་གྱིས་ཐབས་མཁས་ནས་གཟུངས་ཀྱི་བར་ལྔ་བསྟན། གཉིས་པའི་ལན་གྱིས་སའི་ཚོགས་བསྟན། ཕྱི་མ་གསུམ་གྱི་ལན་གྱིས་གཉེན་པོའི་ཚོགས་བསྟན་ཏེ། མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་བཞི་དང་། སྒོམ་སྤང་གཉེན་པོའི་ཚོགས་སྒྲུབ་དང་པོ་དང་། ཕྱི་མ་གསུམ་རིམ་པ་བཞིན་བསྟན་ཏོ། །ཐེག་པ་ཆེན་པོ་དེས་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བ་ཡིན་ནོ་ཞེས་པས་ངེས་པར་འབྱུང་བའི་སྒྲུབ་པ་བསྟན་ཏོ། །གཉིས་པ་ནི་སྔ་རབས་པའི་མཁས་པ་ཁ་ཅིག ཡུལ་གྱིས་ཡུལ་ཅན་མཚོན་པའི་ཚུལ་གྱིས་ཆོས་བཅུ་པོས་རྣམ་མཁྱེན་མཚོན་པ་ཡིན་ཏེ། ཆོས་བཅུ་པོ་མངོན་སུམ་དུ་རྟོགས་པ་ནི་རྣམ་མཁྱེན་ནོ། །ཞེས་པའི་ཚུལ་གྱིས་མཚོན་པའི་ཕྱིར་རོ། །དེ་ཡང་སྤྱིར་རྣམ་མཁྱེན་ལ་རྒྱུ་འབྲས་ཀྱི་གཙོ་བོ་མཁྱེན་པའི་རྣམ་མཁྱེན་དང་། བདེན་གཉིས་ཀྱི་རྣམ་པ་མ་ལུས་པ་མཁྱེན་པའི་རྣམ་མཁྱེན་གཉིས་ལས། དང་པོ་ནི་འདིའི་སྐབས་ཀྱི་རྣམ་མཁྱེན་དེ་ཡིན་ལ། གཉིས་པ་ནི། རྣམ་པ་གང་དག་དང་ཞེས་སོགས་ཀྱི་སྐབས་ནས་བསྟན་པ་ལྟར་ཡིན་ནོ་ཞེས་བཞེད་དོ། །འོན་ཀྱང་དེ་གཉིས་རྣམ་པ་མཁྱེན་ཚུལ་གྱི་སྒྲ་བཤད་མི་གཅིག་པ་ནི་མ་ཡིན་ཏེ། རྣམ་པ་མཁྱེན་ཚུལ་ལ་དམིགས་པ་ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་ལ་བཞག་ནས་དེའི་རྣམ་པའི་རབ་དབྱེ་མཁྱེན་པ་དང་། དམིགས་པ་ཆོས་ཐམས་ཅད་ལ་བཞག་ནས་དེའི་ཀུན་རྫོབ་ཀྱི་རྣམ་པའི་རབ་དབྱེ་མཁྱེན་པ་དང་། དམིགས་པ་དེ་ཉིད་ལ་བཞག་ནས་དེའི་དོན་དམ་པའི་རྣམ་པ་མཁྱེན་པ་ལ་རྣམ་མཁྱེན་དུ་བཞག་པ་དང་གསུམ་ལས། དང་པོ་ནི། འདིར་བསྟན་པ་དང་གཉིས་པ་ནི་རྣམ་པ་གང་དག་དང་ཞེས་སོགས་ཀྱི་སྒོ་ནས་བསྟན་པ་དང་། གསུམ་པ་ནི་ཆོས་གཅིག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། ཅེས་པའི་སྐབས་ནས་བསྟན་པ་ལྟ་བུའོ། །འོ་ན་ཆོས་བཅུ་པོ་དེ་ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པའི་རྣམ་པའི་རབ་དབྱེ་ཇི་ལྟ་བུ་ཡིན་སྙམ་ན། ཆོས་བཅུ་པོ་རེ་རེའི་སྐབས་སུ་ཡང་ཐེག་ཆེན་གྱི་ལམ་མཐའ་དག་གམ། འབྲས་བུ་མཐའ་དག་གམ། ལམ་དང་འབྲས་བུ་གཉིས་ཀ་གཏན་ལ་དབབ་པའི་ཕྱིར་ན་རྣམ་པའི་རབ་དབྱེ་ཞེས་བྱ་སྟེ། ཀུན་བཏུས་སུ། རྫས་ཡོད་ཤེས་བྱ་གཟུགས་ཅན་ལ་སོགས་པ་ཆོས་དྲུག་ཅུ་པོ་རེ་རེའི་སྐབས་སུ་ཡང་ཕུང་ཁམས་སྐྱེ་མཆེད་མཐའ་དག་གཏན་ལ་དབབ་པས་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་པའི་རབ་དབྱེར་འཇོག་པ་བཞིན་ནོ། །ཆོས་བཅུ་པོ་རེ་རེས་ལམ་དང་འབྲས་བུ་ཇི་ལྟར་གཏན་ལ་དབབ་སྙམ་ན། སེམས་བསྐྱེད་ཀྱི་སྐབས་སུ་ལམ་དང་འབྲས་བུ་གཉིས་ཀའི་སེམས་བསྐྱེད་བཤད་པ་དང་། གདམས་ངག་གི་སྐབས་སུ་སྒྲུབ་པ་རང་གི་ངོ་བོ་ནས་སངས་རྒྱས་དཀོན་མཆོག་གི་བར་བཤད་པ་དང་། ངེས་འབྱེད་ཡན་ལག་གི་སྐབས་སུ་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བ་དེ་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་ལ་འཇོག་དགོས་ཤིང་། དེའི་རྒྱུ་ངེས་འབྱེད་ཡན་ལག་དང་བཅས་པ་དང་། སྒྲུབ་པའི་རྟེན་གྱི་སྐབས་སུ་དྲོད་ནས་བཟུང་སྟེ་རྒྱུན་མཐའི་བར་གྱི་སྒྲུབ་པ་མཐའ་དག་བཤད་པ་དང་། དམིགས་པའི་སྐབས་སུ་ཆོས་ཐམས་ཅད་བཤད་པ་དང་། ཆེད་དུ་བྱ་བའི་སྐབས་སུ་ཆེན་པོ་གསུམ་གྱི་འབྲས་བུའི་རྣམ་པ་མཐའ་དག་བཤད་ཅིང་། འབྲས་བུའི་རྣམ་པ་མཐའ་དག་བསྡུས་ཤིང་དེ་ཉིད་མདོ་ལས་བྱང་སེམས་ཀྱི་ཉམས་ལེན་དུ་བཤད་པའི་ལམ་མཐའ་དག་ཀྱང་བསྡུས་པ་དང་། གོ་སྒྲུབ་ཀྱི་སྐབས་སུ་ཚོགས་ལམ་ནས་རྒྱུན་མཐའི་བར་གྱི་ཉམས་ལེན་མཐའ་དག་བཤད་ཅིང་། བསྒྲུབ་བྱ་ཕར་ཕྱིན་དྲུག་གིས་སངས་རྒྱས་ཀྱི་ས་ཡང་བསྡུས་པ་དང་། འཇུག་སྒྲུབ་ཀྱི་སྐབས་སུ་དྲོད་ནས་རྒྱུན་མཐའི་བར་གྱི་ཉམས་ལེན་མཐའ་དག་བཤད་ཅིང་། འཇུག་བྱ་ཐེག་ཆེན་གྱི་ལམ་དང་། འབྲས་བུ་གཉིས་ཀ་བསྡུས་པ་དང་། ཚོགས་སྒྲུབ་ཀྱི་སྐབས་སུ་ཆོས་མཆོག་ཆེན་པོ་ནས་རྒྱུན་མཐའི་བར་གྱི་ཉམས་ལེན་མཐའ་དག་བཤད་ཅིང་། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་ས་ཡང་བསྡུས་པ་དང་། ངེས་འབྱུང་སྒྲུབ་པའི་སྐབས་སུ་དག་སའི་ཉམས་ལེན་མཐའ་དག་བཤད་ཅིང་། ངེས་པར་འབྱུང་ས་བརྒྱད་པོས་སངས་རྒྱས་ཀྱི་ས་ཡང་བསྡུས་པས་ན་ཆོས་བཅུ་པོ་འདི་ལ་རྣམ་པའི་རབ་དབྱེར་འཇོག་པ་ཡིན་ནོ། །དེ་དག་ནི་ཡུལ་གྱིས་ཡུལ་ཅན་མཚོན་པའི་ཚུལ་ཡིན་ལ། རྒྱུས་འབྲས་བུ་མཚོན་པའི་ཚུལ་ཡང་འདི་ལ་གནས་ཏེ། ཆོས་བཅུ་པོ་དེས་རྣམ་མཁྱེན་སྒྲུབ་པར་བྱེད་པའི་སྒྲུབ་པ་བསྟན་ནས། སྒྲུབ་པ་དེའི་འབྲས་བུ་མཐར་ཐུག་པ་ནི་རྣམ་མཁྱེན་ཡིན་ནོ་ཞེས་པའི་ཚུལ་གྱིས་མཚོན་པར་བྱེད་པའི་ཕྱིར་རོ། །གསུམ་པ་གཞུང་སོ་སོའི་དོན་ལ་འཇུག་པ་ལ་གསུམ་སྟེ། ཆོས་བཅུའི་གྲངས་ངེས་པ། གོ་རིམ་ངེས་པ། སོ་སོའི་དོན་ནོ། །དང་པོ་ནི། ལོ་ཆེན་གྱིས་རྟེན་གྱི་གང་ཟག་དང་། དམིགས་པ་དང་ཆེད་དུ་བྱ་བ་དང་། སྒྲུབ་པ་རང་གི་ངོ་བོ་སྟེ། རྣམ་མཁྱེན་གྱི་སྒྲུབ་པའི་ཆོས་བཞིར་ངེས་པ་ལས། དང་པོ་ནི་ཆོས་བཞི་དང་ལྡན་པ་སྟེ་བསམ་པའི་ཁྱད་པར་སེམས་བསྐྱེད་པ་དང་། གདམས་ངག་རྗེས་སུ་བསྟན་པ་ཐོབ་པ་དང་། སྦྱོར་བའི་ཁྱད་པར་ངེས་འབྱེད་ཆ་མཐུན་ཐོབ་པ་དང་། རིགས་ཀྱི་ཁྱད་པར་ཆོས་ཀྱི་དབྱིངས་ཀྱི་རིགས་དང་ལྡན་པའོ། །རྟེན་ཆོས་བཞི་ལྡན་དེས་དམིགས་པ་བཅུ་གཅིག་ལ་དམིགས་ཏེ། ཆེད་དུ་བྱ་བ་གསུམ་གྱི་ཆེད་དུ་སྒྲུབ་པ་རང་གི་ངོ་བོ་བཞི་བྱས་པས་རྣམ་མཁྱེན་དེ་ཐོབ་པ་ཡིན་ནོ། །ཞེས་གསུངས་སོ། །འབྲེས་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་པོ་ནི་རྒྱུ་འབྲས་ཀྱི་ཆོས་མ་ལུས་པ་བསྟན་པས་ཆེད་དུ་བྱ་བ་གསུམ་དང་གང་དུ་ངེས་པར་འབྱུང་བ་ནི་འབྲས་བུ་ཡིན་ལ་ལྷག་མ་རྣམས་ནི་རྒྱུའི་ཆོས་ཡིན་ནོ། །ཞེས་བཞེད་དོ། །རང་ལུགས་ནི་རྣམ་མཁྱེན་མཚོན་པར་བྱེད་པའི་ཆོས་ལ་ཆོས་བཅུར་གྲངས་ངེས་ཏེ། དེ་ལ་བསམ་པ་སེམས་བསྐྱེད་པ་དང་སྦྱོར་བ་སྒྲུབ་པ་ལ་འཇུག་ཚུལ་གཉིས་ལས། དང་པོ་ནི་སེམས་བསྐྱེད་དོ། །གཉིས་པ་ལ་ཐེག་པ་གཞན་དུ་འགྱུར་སྲིད་པའི་སྒྲུབ་པ་དང་། ཐེག་པ་གཞན་དུ་འགྱུར་མི་སྲིད་པའི་སྒྲུབ་པ་དང་། དེ་གཉིས་ཀའི་ཐུན་མོང་གི་ཆོས་དང་གསུམ་དུ་ངེས་ཤིང་། དང་པོ་ནི་གདམས་ངག་ལ་ཐོས་བསམ་བྱེད་པའི་སྒྲུབ་པའོ། །གཉིས་པ་ལ་ཐེག་པ་གཞན་དུ་འགྱུར་མི་སྲིད་པའི་སྒྲུབ་པའི་ས་མཚམས་དང་དེའི་རྟེན་དང་དམིགས་པ་དང་ཆེད་དུ་བྱ་བ་བཞི་ལས། དང་པོ་ནི་ངེས་འབྱེད་ཡན་ལག གཉིས་པ་ནི་རྟེན་རིགས་ཏེ། སྒྲུབ་པའི་རྟེན་དུ་གྱུར་པའི་ཆོས་དབྱིངས་དེ་ལ་རྟེན་ཆོས་དྲོད་ཡན་ཆད་ཀྱི་སྒྲུབ་པའི་སྒོ་ནས་དབྱེ་བའི་གནད་ཀྱང་འདི་ཉིད་ཡིན་ནོ། །གསུམ་པ་ནི་དམིགས་པ། བཞི་པ་ནི་ཆེད་དུ་བྱ་བ་སྟེ་སྔར་གྱི་སྒྲུབ་པའི་དམིགས་པ་བདེན་བཞི་ཙམ་དང་། ཆེད་དུ་བྱ་བ་རྣམ་མཁྱེན་ཙམ་དུ་བཤད་པ་ལས་ཁྱད་པར་དུ་བྱས་པའོ། །དེ་གཉིས་ཀའི་ཐུན་མོང་གི་ཆོས་ལ་གོ་སྒྲུབ་ལ་སོགས་པ་བཞིར་ངེས་སོ། །གཉིས་པ་གོ་རིམ་ནི་ཐོག་མར་སེམས་བསྐྱེད་སྟོན་ཏེ། ཐེག་ཆེན་གྱི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །དེའི་འོག་ཏུ་གདམས་ངག་སྟོན་ཏེ། སེམས་བསྐྱེད་ཀྱི་སྐབས་སུ་དམིགས་ཡུལ་དུ་བྱས་པ་དེ་ཐོབ་པའི་ཆེད་དུ་གདམས་ངག་ཉན་དགོས་པའི་ཕྱིར་རོ། །དེའི་འོག་ཏུ་ངེས་འབྱེད་ཡན་ལག་སྟོན་ཏེ། གདམས་ངག་གི་དོན་ཉམས་སུ་བླངས་པ་ལས་ངེས་འབྱེད་ཡན་ལག་འབྱུང་བའི་ཕྱིར་རོ། །དེའི་འོག་ཏུ་སྒྲུབ་པའི་རྟེན་སྟོན་ཏེ། ངེས་འབྱེད་ཡན་ལག་ཐོབ་ནས་སེམས་ཀྱི་ཆོས་དབྱིངས་དེས་ཐེག་ཆེན་གྱི་སྒྲུབ་པ་ཁོ་ནའི་རྟེན་བྱེད་ཀྱི་ཐེག་པ་གཞན་གྱི་སྒྲུབ་པའི་རྟེན་བྱེད་པ་མི་སྲིད་པའི་ཕྱིར་རོ། །དེའི་འོག་ཏུ་སྒྲུབ་པའི་དམིགས་པ་སྟོན་ཏེ། ཐེག་པ་གཞན་དུ་འགྱུར་མི་སྲིད་པའི་སྒྲུབ་པ་དེས་ཆོས་ཐམས་ཅད་ལ་སྒྲོ་འདོགས་གཅོད་དགོས་པའི་ཕྱིར་རོ། །དེའི་འོག་ཏུ་ཆེད་དུ་བྱ་བ་སྟོན་ཏེ། དམིགས་པ་བདེན་བཞི་ལ་སྒྲོ་འདོགས་གཅོད་པའི་ཆེད་དུ་བྱ་བ་དེ་ཆེན་པོ་གསུམ་དུ་མ་ངེས་ཀྱང་དམིགས་པ་ཆོས་ཐམས་ཅད་ལ་སྒྲོ་འདོགས་གཅོད་པའི་ཆེད་དུ་བྱ་བ་དེ་ཆེན་པོ་གསུམ་དུ་ངེས་པའི་ཕྱིར་རོ། །དེའི་འོག་ཏུ་གོ་སྒྲུབ་སྟོན་པ་སོགས་ནི་འོག་ཏུ་བཤད་པར་བྱའོ། །གསུམ་པ་སོ་སོའི་དོན་ལ་བཅུ་ལས། དང་པོ་སེམས་བསྐྱེད་ལ་ཡང་གཉིས་ཏེ། གཞུང་གིས་ཇི་ལྟར་བསྟན་པའི་ཚུལ་དང་། དཀའ་བའི་གནས་ལ་དཔྱད་པའོ། །དང་པོ་ནི། སེམས་བསྐྱེད་པ་ནི། ཞེས་པའི་སེམས་བསྐྱེད་དེ་གང་ཞེ་ན། དེའི་མཚན་ཉིད་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པས་བསྟན་ཏོ། །འོ་ན་གོང་དུ་སྟོན་པས་འདི་ལས་བཤད་པ་གང་། ཞེས་གསུངས་པས་སེམས་བསྐྱེད་ཀྱི་མཚན་ཉིད་དེ་སྟོན་པས་ཤེར་ཕྱིན་གྱི་མདོ་ལས་ཇི་ལྟར་བཤད་པ་དེ་ཉིད་བསྟན་བཅོས་འདིར་བདེ་བླག་ཏུ་རྟོགས་པའི་ཕྱིར་ཇི་ལྟར་བསྟན་སྙམ་ན། སེམས་བསྐྱེད་ཀྱི་དམིགས་པ་བྱང་ཆུབ་དང་གཞན་དོན་གཉིས་པོ་དེ་ནི་ཡུམ་གྱི་མདོ་ཇི་ལྟ་བ་བཞིན་དུ་མངོན་པར་རྟོགས་པའི་རྒྱན་གྱི་ངག་གིས་བསྡུས་པ་དང་རྒྱས་པ་གཉིས་ཀྱི་སྒོ་ནས་བརྗོད་པར་བྱའོ། །ཞེས་ཤེར་ཕྱིན་གྱི་མདོ་དང་སྦྱར་བ་ནི། དེ་དང་དེ་ནི་མདོ་བཞིན་དུ། །ཞེས་སོགས་ཚིག་རྐང་གཉིས་སོ། །བསྟན་བཅོས་ཀྱིས་བསྡུས་པ་དང་། རྒྱས་པའི་སྒོ་ནས་བརྗོད་པ་དེ་ཡང་གང་ཞེ་ན། དེ་ཡང་ས་གསེར་ཟླ་བ་མེ། །ཞེས་སོགས་སོ། །ཚུལ་ཇི་ལྟར་དུ་སྟོན་ན། ས་ལྟ་བུའི་སེམས་བསྐྱེད་དེ། སེམས་བསྐྱེད་ཀྱི་དམིགས་པ་གཞན་དོན་དང་བྱང་ཆུབ་གཉིས་ཀ་མདོར་བསྡུས་ནས་སྟོན་ཏེ། ཤཱ་རིའི་བུ་འདི་ལ་བྱང་སེམས་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་པས་བྱང་ཆུབ་མདོར་སྟོན་ཅིང་། བྱང་སེམས་ཆེན་པོ་ཕྱོགས་བཅུ་རེ་རེ་ཞིང་གདྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཞིག་ཡོད་པ་དེ་དག་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་པས་གཞན་དོན་མདོར་བསྟན་པ་ཡིན་ལ། འདིར་དེ་གཉིས་ཀའི་དོན་བསྡུས་ནས་ས་ལྟ་བུའི་སེམས་བསྐྱེད་དུ་བསྟན་པའི་ཕྱིར་རོ། །དེས་ན་ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་པོར་གྱུར་པ་གསུངས་པའི་ཆོས་དཀར་པོ་ནི་བྱང་ཆུབ་དང་གཞན་དོན་གཉིས་ཀ་ལ་འཇོག་དགོས་སོ། །ཉིར་སྣང་དུ། གཞན་དོན་མདོར་བསྟན་གྱི་མདོ་འདི་མེ་ལྟ་བུའི་སེམས་བསྐྱེད་ཀྱི་འོག་ཏུ་འབྱུང་བ་ནི་གཞན་དོན་མདོར་བསྟན་དང་རྒྱས་བཤད་སྒྲིག་པའི་དབང་དུ་བྱས་པ་ཡིན་གྱི། རྒྱན་གྱི་ངག་ལ་སྦྱོར་བའི་ཆོས་ལྟ་བུ་ལས་གཞན་དུ་སྦྱོར་དུ་མེད་དོ། །གསེར་བཟང་པོ་དང་། ཟླ་བ་ཚེས་པ་དང་། མེ་ལྟ་བུའི་སེམས་བསྐྱེད་གསུམ་གྱིས་ནི་བྱང་ཆུབ་རྒྱས་པར་བསྟན་པ་ཡིན་ཏེ། དང་པོས་བྱང་ཆུབ་ཀྱི་ངོ་བོ་ཕར་ཕྱིན་དྲུག་ཏུ་ཕྱེ་ནས་བསྟན། གཉིས་པས་བྱང་ཆུབ་ཀྱི་ངོ་བོ་བྱང་ཕྱོགས་སོ་བདུན་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་ཕྱེ་ནས་བསྟན། གསུམ་པས་བྱང་ཆུབ་ཀྱི་ངོ་བོ་མཁྱེན་པ་གསུམ་དུ་ཕྱེ་ནས་བསྟན་པའི་ཕྱིར་རོ། །གཏེར་ལྟ་བུ་མན་ཆད་ཀྱི་སེམས་བསྐྱེད་ཀྱི་དམིགས་པ་གཞན་དོན་རྒྱས་པར་བསྟན་པ་ཡིན་ཏེ། གཞན་དོན་དུ་ཤེར་ཕྱིན་ལ་སློབ་ཚུལ་དཔེ་དུ་མའི་སྒོ་ནས་བསྟན་པའི་ཕྱིར་རོ། །དེས་ན་དེ་དང་དེ་ནི་ཞེས་པ་ནི་སེམས་བསྐྱེད་ཀྱི་དམིགས་པ་བྱང་ཆུབ་དེ་དང་། གཞན་དོན་དེ་ནི་མདོ་བཞིན་དུ་ཅེས་པ་ནི། མདོ་ལས་དམིགས་པ་གཉིས་པོ་དེ་བསྡུས་པ་དང་། རྒྱས་པ་གཉིས་གཉིས་ཀྱི་སྒོ་ནས་བསྟན་པ་བཞིན་དུ། བསྡུས་དང་རྒྱས་པའི་སྒོ་ནས་བརྗོད་ཅེས་པ་ནི་རྒྱན་གྱི་ངག་གིས་ཀྱང་བསྡུས་པ་དང་། རྒྱས་པ་གཉིས་གཉིས་ཀྱི་སྒོ་ནས་བརྗོད་ཅེས་པའི་དོན་ཏོ། །རྒྱན་གྱི་ངག་དེ་ཡང་ས་གསེར་ཟླ་བ་མེ་ཞེས་སོགས་དང་འབྲེལ་ལོ། །རྒྱན་གྱི་ངག་གཉིས་པོའི་ངོས་འཛིན་ལ་བསྡུས་ཏེ་བརྗོད་པ་ནི་མཚན་ཉིད་སྟོན་པའི་གཞུང་དང་། རྒྱས་པར་སྟོན་པ་ནི་དབྱེ་བ་སྟོན་པའི་གཞུང་ལ་མཛད་པ་ནི་མི་འཐད་དེ། མཚན་ཉིད་སྟོན་པའི་སྐབས་ཀྱི་དམིགས་པ་གཉིས་པོ་དེ་མདོ་དང་སྦྱར་བར་བྱར་མེད་ན། སྟོན་པས་འདི་ལས་བཤད་པ་གང་། །ཞེས་པ་དང་འགལ་ཞིང་། ཡོད་ན་ཇི་ལྟར་ཡིན་ཞེ་ན། ཡུམ་གྱི་མདོ་ཇི་ལྟ་བ་བཞིན་དུ་བསྡུས་པ་དང་། རྒྱས་པ་གཉིས་ཀྱི་སྒོ་ནས་བརྗོད་པར་བྱའོ། །ཞེས་པའི་དོན་ཡིན་པའི་ཕྱིར་དང་། བརྗོད་ཅེས་པའི་མཇུག་ཐོག་དེ་མ་ཐག་ཏུ་དེ་ཡང་ཞེས་པའི་ཚིག་སྦྱོར་འབྱུང་བའི་ཕྱིར་དང་། སེམས་བསྐྱེད་ཀྱི་མདོ་སྦྱོར་གྱི་ཐོག་མ་ས་ལྟ་བུའི་སེམས་བསྐྱེད་ནས་འཛིན་པར་ཉིར་སྣང་ལས་བཤད་འདུག་པའི་ཕྱིར་རོ། །དེ་ལས་གཞན་དུ་དབྱེ་བ་སྟོན་པའི་གཞུང་ལ་རྒྱས་བཤད་དུ་ངོས་འཛིན་ནི། བྱང་ཆུབ་མདོར་བསྟན་གྱི་མདོ་དང་། ས་ལྟ་བུའི་སེམས་བསྐྱེད་སྦྱར་ནས་གསུངས་པ་དང་འགལ་ལོ། །འོ་ན་མཚན་ཉིད་སྟོན་པའི་གཞུང་ལ་མདོ་སྦྱོར་མེད་དམ་ཞེ་ན་སེམས་བསྐྱེད་ཉེར་གཉིས་ཀྱི་ཐད་ཀྱི་མདོ་ཐམས་ཅད་མཚན་ཉིད་སྟོན་པའི་གཞུང་གི་མདོ་སྦྱོར་ཡིན་ཏེ། དཔེར་ན་དམིགས་པ་མི་རྟག་ལ་སོགས་པ་ཞེས་པ་མན་ཆད་ཀྱི་མདོ་ལས་ལོགས་སུ་ངེས་འབྱེད་ཆ་མཐུན་མདོར་བསྟན་གྱི་མདོ་སྦྱོར་མེད་ཀྱང་མདོར་བསྟན་ལ་མདོ་མེད་མི་དགོས་པ་བཞིན་ནོ། །གཞན་དོན་བསྡུས་ཏེ་སྟོན་པའི་རྒྱན་གྱི་ངག་ཀྱང་ས་ཞེས་པའི་རྒྱན་ཚིག་དེ་ཉིད་ཡིན་ཏེ། གསེར་ལྟ་བུ་ལ་སོགས་པ་གསུམ་པོ་དེས་ནི་བྱང་ཆུབ་རྒྱས་པར་བཤད་ཅིང་། གཏེར་ལྟ་བུ་མན་ཆད་ཀྱིས་གཞན་དོན་རྒྱས་པར་བཤད་པས་གཞན་དོན་མདོར་བསྡུས་པའི་ངག་གཞན་མེད་པའི་ཕྱིར་རོ། །དེས་ན་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར་ཞེས་པའི་སྐབས་སུ་བསྟན་པའི་སེམས་བསྐྱེད་དང་། ས་ཞེས་པའི་སྐབས་ནས་བསྟན་པའི་སེམས་བསྐྱེད་གཉིས་པོ་ཡིན་ཁྱབ་མཉམ་དུ་འདོད་དགོས་ཏེ། གཞུང་སྔ་མས་སེམས་བསྐྱེད་དེས་གཞན་དོན་དང་བྱང་ཆུབ་གཉིས་ལ་དམིགས་པར་བསྟན་ནས། དམིགས་པ་གཉིས་པོ་དེ་ཉིད་ས་ཞེས་པའི་ཚིག་གིས་མདོར་བསྟན། གསེར་ཞེས་པ་མན་ཆད་ཀྱིས་རྒྱས་པར་བཤད་པའི་ཕྱིར་རོ། །ཚོགས་ལམ་ཆུང་ངུས་བསྡུས་པར་བཤད་པ་དང་འགལ་ལོ་ཞེ་ན། མ་མཐའ་ངོས་འཛིན་པ་ཡིན་པས་སྐྱོན་མེད་དེ། གཞན་དུ་ན་ས་གཉིས་པ་ཡན་ཆད་དུ་སྦྱིན་པའི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་མེད་པར་ཐལ་བའི་ཕྱིར་རོ། །བསྟན་བཅོས་རྩ་བར་སེམས་བསྐྱེད་མདོ་དང་སྦྱར་བ་ནི་གདམས་ངག་ནས་ཕྲིན་ལས་ཀྱི་བར་རྣམས་ཀྱང་མདོ་དང་སྦྱར་བར་བྱ་བ་ཡིན་ནོ། །ཞེས་ཤེས་པའི་ཆེད་ཡིན་ལ་དངོས་སུ་མ་སྦྱར་བ་ནི་ཚིག་མང་དུ་དོགས་པའི་ཕྱིར་རོ། །མདོ་དང་སྦྱར་བའི་དགོས་པ་ནི་རྗེས་འཇུག་གི་གདུལ་བྱ་རྣམས་ཀྱིས་རྒྱལ་བའི་བཀའ་ལ་མ་ལྟོས་པར་ཞེན་ལྟའི་དབང་གིས་བསྟན་བཅོས་རང་དགར་བརྩམ་པ་དགག་པའི་ཆེད་ཡིན་ཏེ། སྔར་ཡང་བཤད་ཟིན་ཅིང་། རྒྱུད་བླར་ཡང་འབྱུང་ངོ་། །གཉིས་པ་དཀའ་བའི་གནས་ལ་དཔྱད་པ་ལ། མཚན་གཞི་སེམས་སེམས་བྱུང་གང་ཡིན་དཔྱད། སྨོན་འཇུག་གཉིས་འགལ་མི་འགལ་ལ་དཔྱད། དེ་དང་དོན་དམ་སེམས་བསྐྱེད་ཀྱི་གཞི་མཐུན་ཡོད་མེད་དཔྱད་པ་དང་གསུམ་ལས། དང་པོ་ནི་འཕགས་སེང་གཉིས་ཀྱིས་གཙོ་བོ་སེམས་སུ་བཞེད་དེ། ཉིར་སྣང་དུ། སེམས་བསྐྱེད་པ་ཞེས་བྱ་བ་ལ་སེམས་ནི་རྣམ་པར་ཤེས་པ་སྟེ། རྣམ་པར་རིག་པའོ་རྣམ་པར་ཤེས་པ་དེ་ཡང་གང་ཞེ་ན་ཡིད་ཀྱི་རྣམ་པར་ཤེས་པ་སྟེ་དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་ནི་དེ་ལ་སྲིད་པའི་ཕྱིར་རོ། །ཞེས་དང་། སློབ་དཔོན་གྱིས་འདོད་པ་སེམས་བྱུང་ཡིན་པའི་ཕྱིར་ན་སེམས་བསྐྱེད་ཡིན་པར་འགལ་ལོ་ཞེས་པའི་དོགས་པ་བཀོད་ནས་བདེན་མོད་ཀྱི་ཞེས་པའི་ལན་མཛད་པའི་ཕྱིར་དང་། ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་པའི་འདོད་པ་དེ་སེམས་བསྐྱེད་ཀྱི་བཏགས་མིང་ཡིན་གྱི་སེམས་བྱུང་སེམས་བསྐྱེད་དུ་སྟོན་པ་མ་ཡིན་པར་བཤད་པའི་ཕྱིར་རོ། །མགོན་པོ་བྱམས་པས་སེམས་བྱུང་ལ་བཤད་དེ། འདིར་ཡང་ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་དང་། མདོ་སྡེ་རྒྱན་དུ། དོན་གཉིས་ལྡན་པའི་སེམས་བྱུང་བ། །ཞེས་གསུངས་པའི་ཕྱིར། ཐོགས་མེད་སྐུ་མཆེད་ཀྱང་འདི་ཉིད་བཞེད་དེ། བྱང་སར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པའོ་ཞེས་དང་། དོན་གཉིས་ལྡན་པའི་སེམས་བྱུང་བ་ཞེས་པའི་འགྲེལ་པར། དབྱིག་གཉེན་གྱིས་ཡོན་ཏན་གཉིས་སམ་གསུམ་ལ་དམིགས་པའི་སེམས་པ་ནི་སེམས་བསྐྱེད་པའོ་ཞེས་གསུངས་པའི་ཕྱིར་རོ། །གནད་ཀྱི་དོན་ནི་གཙོ་བོར་སེམས་བྱུང་འདུན་པ་དང་། སེམས་པ་གཉིས་ལ་འཇོག་དགོས་ཏེ། ཡང་དག་རྫོགས་པའི་བྱང་ཆུབ་འདོད་ཅེས་པའི་འདོད་པ་དེ་འདུན་པ་ཡིན་པའི་ཕྱིར་དང་། དོན་གཉིས་ལྡན་པའི་སེམས་བྱུང་བ་ཞེས་པའི་སེམས་བྱུང་དེ་དབྱིག་གཉེན་གྱིས་སེམས་པ་ལ་བཤད་པའི་ཕྱིར་དང་། ཐོགས་མེད་ཀྱིས་ནི་དེ་གཉིས་ཀ་ལ་བཤད་པའི་ཕྱིར། ཇི་ལྟར་ཞེ་ན། སྨོན་ལམ་གྱི་མཆོག་སེམས་བསྐྱེད་དུ་བཤད་ཅིང་སྨོན་ལམ་དེ་ཡང་མདོ་སྡེ་རྒྱན་དུ། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །ཞེས་སེམས་པ་དང་འདུན་པ་གཉིས་སུ་བཤད་པའི་ཕྱིར་རོ། །འོ་ན་སེམས་བསྐྱེད་དེ་སེམས་བྱུང་གཉིས་པོ་དེར་ངེས་སམ་ཞེ་ན། སེམས་བྱུང་གཉིས་པོ་དེ་སེམས་བསྐྱེད་དུ་ནམ་ཞིག་སོང་བའི་ཚེ་དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་གཞན་རྣམས་ཀྱང་། གཞན་སྟོབས་ཀྱིས་སེམས་བསྐྱེད་དུ་སོང་བ་ཡིན་ཏེ། རྣམ་ཤེས་ཚོགས་བརྒྱད་དང་། སེམས་བྱུང་ལྔ་བཅུ་རྩ་གཅིག་ལྟ་བུ་སེམས་སེམས་བྱུང་གི་ལྡོག་པ་ནས་མ་སྨོས་པའི་སྐྱབས་འགྲོ་དང་། སེམས་བསྐྱེད་དང་། སྦྱོར་བ་དང་། སྒྲུབ་པ་ལ་སོགས་པ་རྣམས་གཙོ་བོར་སེམས་བྱུང་གི་སྟེང་ནས་འཇོག་ཀྱང་གཞན་སྟོབས་ཀྱིས་སེམས་སེམས་བྱུང་གཉིས་ཆར་ཡོད་པ་མངོན་པ་གོང་འོག་སོགས་གསུང་རབ་ཀྱི་དགོངས་པ་ཡིན་པའི་ཕྱིར་རོ། །འདི་ནི་ཚད་ལྡན་གྱི་གཞུང་ལུགས་གཞན་གྱི་དགོངས་པ་ཡང་ཡིན་ཏེ། བྱང་སའི་ཚུལ་ཁྲིམས་ལེའུར། ཉེས་སྤྱོད་སྤོང་བ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་པོ་དེ་འཇུག་པ་སེམས་བསྐྱེད་དུ་གསུངས་ཤིང་གསུམ་པོ་དེས་མ་བསྡུས་པའི་བྱང་སེམས་ཀྱི་ཉམས་ལེན་མེད་པའི་ཕྱིར་རོ། །གཉིས་པ་ནི། ས་སྐྱ་པའི་རྗེ་བཙུན་གོང་མ་རྣམས་ཀྱི་བཞེད་པས་སྤྱིར་སྨོན་པ་ལ། སྨོན་པའི་སེམས། སྨོན་པ་སེམས་བསྐྱེད་པ། སྨོན་པ་མི་ཉམས་པར་སྲུང་བ་དང་གསུམ། འཇུག་པ་ལ་ཡང་འཇུག་པའི་སེམས། འཇུག་པ་སེམས་བསྐྱེད་པ། འཇུག་པ་མི་ཉམས་པར་སྲུང་བ་དང་གསུམ་དུ་མཛད་ནས་སྨོན་འཇུག་གཉིས་ཀྱི་ཁྱད་པར་ནི་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་དང་། སངས་རྒྱས་ཐོབ་པའི་ཆེད་དུ་ལམ་སྒྲུབ་པར་འདོད་པ་ཡིན་པས་བློ་གཉིས་པོ་དེ་རྒྱུད་ལ་སྐྱེས་ནས་སྡོམ་པས་མ་ཟིན་པའི་ཚེ་ན་སྨོན་པ་དང་། འཇུག་པའི་སེམས་ཙམ་དང་། སྡོམ་པས་ཟིན་པའི་ཚེ་ན་སྨོན་པ་དང་། འཇུག་པའི་སེམས་བསྐྱེད་དང་། དེ་མན་ཆད་དུ་ཉམས་སུ་ལེན་པ་ཐམས་ཅད་སྨོན་པ་མི་ཉམས་པར་སྲུང་བ་དང་། འཇུག་པ་མི་ཉམས་པར་སྲུང་བ་ཡིན་ནོ། །ཞེས་བཞེད་དོ། །དེས་ན་སྨོན་འཇུག་གི་སེམས་བསྐྱེད་མཚན་ཉིད་པ་སྐྱེས་པ་དང་། ཐེག་ཆེན་གྱི་ཚོགས་ལམ་དུ་ཞུགས་པ་དུས་མཉམ་སྟེ། སྨོན་འཇུག་གི་སེམས་བསྐྱེད་མཚན་ཉིད་པ་སྐྱེས་པ་ལ་སྡོམ་པས་ཟིན་པའི་སེམས་བསྐྱེད་རྒྱུད་ལ་སྐྱེ་དགོས་ཤིང་དེ་སྐྱེས་པའི་ཚེ་འགྲོ་བའི་བྱ་བས་ཟིན་པའི་སེམས་བསྐྱེད་སྐྱེས་དགོས་ལ་དེ་ཉིད་ལམ་དུ་ཞུགས་པ་ཡིན་པའི་ཕྱིར་རོ། །སྟོན་པ་དམྱལ་པའི་ཤིང་རྟ་འདྲེན་པའི་གྱད་དུ་འཁྲུངས་པའི་ཚེ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བཤད་པ་ལྟ་བུ་ལམ་མ་ཞུགས་ན་སེམས་བསྐྱེད་ཡོད་པར་བཤད་པ་ནི་སྨོན་པ་དང་འཇུག་པའི་སེམས་ཙམ་ལ་དགོངས་པའམ། གལ་ཏེ་སེམས་བསྐྱེད་མཚན་ཉིད་པ་ཡིན་ན་ནི། དེའི་ཚེ་ལམ་དུ་ཞུགས་པ་ལ་འགལ་བ་མེད་དོ། །སྨོན་འཇུག་གི་སེམས་བསྐྱེད་གཉིས་པོ་རྒྱུད་ལ་སྐྱེས་ནས་ཇི་སྲིད་གནས་ཀྱི་བར་དུ་ངོ་བོ་གཅིག་ཏུ་ལྡན་པ་ཡིན་ཏེ། དེ་གཉིས་དུས་མཉམ་དུ་སྐྱེས་པའི་ཚེ་སྨོན་འཇུག་གི་སེམས་ཙམ་ནི་སེམས་བྱུང་འདུན་པ་དང་སྨོན་འཇུག་གི་སེམས་བསྐྱེད་ཀྱི་གཙོ་བོ་ནི། མི་མཐུན་ཕྱོགས་སྤོང་བའི་སེམས་པའི་སྟེང་ནས་འཇོག་པ་ཡིན་པས། སེམས་པ་དེ་སྨོན་པ་སེམས་བསྐྱེད་དང་། འཇུག་པ་སེམས་བསྐྱེད་དུ་ནམ་ཞིག་སོང་བའི་ཚེ་དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་ཐམས་ཅད་སེམས་བསྐྱེད་གཉིས་སུ་འགྱུར་བའི་ཕྱིར་རོ། །གལ་ཏེ་སྨོན་པ་སེམས་བསྐྱེད་ཀྱི་ངོ་བོར་གྱུར་པའི་སེམས་བྱུང་སེམས་པ་རྫས་ཐ་དད་པ་དང་། འཇུག་པ་སེམས་བསྐྱེད་ཀྱི་ངོ་བོར་གྱུར་པའི་སེམས་བྱུང་སེམས་པ་གཉིས་ཡོད་པས་ངོ་བོ་གཅིག་པར་ཡང་མ་ངེས་སོ་སྙམ་ན་མི་འཐད་དེ། གཙོ་བོ་སེམས་གཅིག་གི་འཁོར་དུ་སེམས་བྱུང་སེམས་པ། རྫས་ཐ་དད་པ་གཉིས་ཅིག་ཅར་དུ་མི་སྲིད་པའི་ཕྱིར་རོ། །འོ་ན་སྨོན་འཇུག་གི་སེམས་བསྐྱེད་གཉིས་པོ་རྒྱུད་ལ་སྐྱེས་པའི་རྗེས་སུ་རྩ་ལྟུང་བྱུང་ནས་དེ་གཉིས་གཏོང་མི་སྲིད་པར་འགྱུར་ཏེ། དེ་སྐྱེས་པ་དང་ཐེག་ཆེན་གྱི་ཚོགས་ལམ་ཐོབ་པ་དུས་མཉམ་ཞིང་ཐེག་ཆེན་གྱི་ཚོགས་ལམ་ཐོབ་ནས་ལམ་མ་ཞུགས་སུ་འགྱུར་བ་མི་སྲིད་པའི་ཕྱིར་རོ་ཞེ་ན། དེ་ཚོགས་ལམ་གྱི་གནས་སྐབས་སུ་ཡང་རྩ་ལྟུང་གི་དབང་གིས་བསླབ་པ་ལས་ཉམས་ནས་ངན་སོང་དུ་ལྟུང་བ་ཡོད་ཅིང་། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་འདོད་མ་བཏང་ན་སྡོམ་པའི་རྩ་བ་མ་བཏང་བས་ལམ་ཞུགས་མ་ཡིན་པར་ཐལ་བའི་སྐྱོན་ཡང་མེད་དོ། །སྨོན་འཇུག་གི་སེམས་བསྐྱེད་མཚན་ཉིད་པ་ཡིན་ན་སྡོམ་པས་ཟིན་པ་དགོས་ན། སྤྱོད་འཇུག་ཏུ། བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང་། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། སྨོན་པའི་སེམས་ནི་སྡོམ་པས་མ་ཟིན་པའི་སྨོན་པའི་སེམས་ཙམ་ལ་དགོངས་ཤིང་། ཇི་ལྟར་འཇུག་པའི་སེམས་བཞིན་དུ་ཞེས་པ་ནི་དེ་ཉིད་སྡོམ་པས་ཟིན་ནས་ལམ་ལ་འཇུག་པ་ལ་དགོངས་པའི་ཕྱིར་ཏེ། དེ་ཉིད་ཀྱི་མཇུག་ཏུ་གང་ནས་བཟུང་སྟེ་སེམས་ཅན་ཁམས་མཐའ་ཡས་རབ་ཏུ་བསྒྲལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་གསུངས་པའི་ཕྱིར་རོ། །སྨོན་འཇུག་གི་སེམས་བསྐྱེད་མཚན་ཉིད་པ་ཐེག་ཆེན་གྱི་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་གཞག་པ་ཁྱད་པར་མེད་ན། སྤྱོད་འཇུག་ཏུ། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། གཞུང་དེས་ཐེག་ཆེན་གྱི་ལམ་དུ་ཞུགས་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་བྱང་ཆུབ་ཏུ་འགྲོ་བར་འདོད་པའི་བློ་དང་། འགྲོ་བའི་བྱ་བས་ཟིན་པ་གཉིས་ཡོད་པ་ལ། སྨོན་འཇུག་གཉིས་སུ་གཞག་པར་བསྟན་པས་ལུགས་འདི་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་གཞན་དུ་འགྲོ་བའི་བྱ་བས་ཟིན་པའི་ཚེ་འགྲོ་བར་འདོད་པའི་བློ་མེད་པ་ནི་ཤིན་ཏུ་མི་འཐད་དེ། འདི་ནི་འཇིག་རྟེན་གྱི་འགྲོ་བར་འདོད་པ་དང་། འགྲོ་བ་དཔེར་བྱས་པ་ཡིན་པས་འཇིག་རྟེན་ན་འགྲོ་བའི་བྱ་བས་ཟིན་ཀྱང་འགྲོ་བར་འདོད་པའི་བློ་མེད་ན་དེ་ཉིད་དུ་གནས་པའམ། ཕྱིར་ལྡོག་པར་མྱོང་བས་གྲུབ་པའི་ཕྱིར་རོ། །འགྲོ་བའི་བྱ་བས་མ་ཟིན་པའི་གོང་དུ་འགྲོ་བར་འདོད་པའི་བློ་ཙམ་ཡོད་པ་ནི་སྨོན་པའི་སེམས་ཙམ་ཡོད་པ་དང་མཚུངས་སོ། །འདི་ནི་འཕགས་སེང་གཉིས་ཀྱི་དགོངས་པ་ཡང་ཡིན་ཏེ། འཕགས་པས་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་པའི་སྐབས་ཀྱི་དམིགས་ཡུལ་བྱང་ཆུབ་མདོར་བསྡུས་པ་དེ་འདུན་ལྡན་སེམས་བསྐྱེད་ལ་གཞག་ཅིང་། སློབ་དཔོན་གྱིས་ནི་སེམས་བསྐྱེད་པ་ནི་གཞན་དོན་ཕྱིར་ཞེས་པའི་སྐབས་ཀྱི་སེམས་བསྐྱེད་ལ་སྨོན་འཇུག་གཉིས་སུ་བཤད་ནས། དེ་ཉིད་དཔེའི་སྒོ་ནས་ཉེར་གཉིས་སུ་བྱས་པའི་མ་མཐའི་ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་གཞག་པའི་ཕྱིར་རོ། །འོ་ན་སེམས་བསྐྱེད་ཐ་མ་གསུམ་པོ་དེ་ལ་སྨོན་འཇུག་གཉིས་ཀྱིས་ཁྱབ་པར་འགྱུར་ཞིང་། དེའང་འདོད་ན་སངས་རྒྱས་ཀྱི་སར་གཞག་པ་དང་འགལ་ལོ་ཞེ་ན་སློབ་དཔོན་གྱིས་ནི་དོན་བདུན་ཅུའི་ཐོག་མ་སེམས་བསྐྱེད་དང་། བར་དུ་ཚོགས་སྒྲུབ་ཀྱི་སྐབས་སུ་སྟོང་ཉིད་ཉི་ཤུའི་ཡུལ་ཅན་ཡེ་ཤེས་དང་། ཐ་མ་ཕྲིན་ལས་དང་གསུམ་གྱི་ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་གཞག་པས་དོན་གཞན་རྣམས་ཀྱི་ས་མཚམས་ཀྱང་བདེ་བླག་ཏུ་རྟོགས་པ་ལ་དགོངས་ནས་སངས་རྒྱས་ཀྱི་སར་གཞག་པ་ཡིན་གྱི་བྱང་སེམས་ཀྱི་རྒྱུད་ལ་དེ་གསུམ་མེད་པ་ནི་མ་ཡིན་ཏེ། ཤེར་ཕྱིན་གྱི་མདོ་དང་། མདོ་སྡེ་རྒྱན་དུ། སེམས་བསྐྱེད་ཉེར་གཉིས་པོ་ཐམས་ཅད་བྱང་སེམས་ཀྱི་རྒྱུད་ལ་གཞག་པའི་ཕྱིར་དང་། སྤྲིན་ལྟ་བུའི་སེམས་བསྐྱེད་ནི་ས་བཅུ་པ་ཆོས་ཀྱི་སྤྲིན་ལ་འཇོག་པ་སྐབས་ཀྱི་དོན་ཡིན་པའི་ཕྱིར། ཐེག་ཆེན་གྱི་ལམ་དུ་འཇུག་ཁ་མའི་དུས་སུ་སྨོན་འཇུག་གི་སེམས་ཙམ་ཡོད་ལ་དེའི་འབྲས་བུར་གྱུར་པའི་སྨོན་འཇུག་གི་སེམས་བསྐྱེད་མཚན་ཉིད་པ་སྐྱེས་པ་དང་ཐེག་ཆེན་ལམ་དུ་ཞུགས་པ་དུས་མཉམ་པ་ཡང་འཕགས་སེང་གཉིས་ཀྱི་བཞེད་པ་ཡིན་ཏེ། ཐེག་ཆེན་སེམས་བསྐྱེད་ལ་འདོད་པའི་མིང་གིས་བཏགས་པ་དེ་རྒྱུ་མིང་འབྲས་བུ་ལ་བཏགས་པར་བཞེད་པའི་ཕྱིར་དང་། དེ་ལས་གཞན་དུ་དུས་མཉམ་ཡིན་ན། རྒྱུ་མིང་འབྲས་བུ་ལ་བརྟགས་པར་མི་རུང་བའི་ཕྱིར་རོ། །གསུམ་པ་ནི། དེང་སང་ཕལ་ཆེར་སྨོན་འཇུག་གཉིས་པོ་དེ་ཀུན་རྫོབ་སེམས་བསྐྱེད་ཀྱི་དབྱེ་བར་བྱས་ནས་དེ་གཉིས་ལ་ཀུན་རྫོབ་སེམས་བསྐྱེད་ཀྱིས་ཁྱབ་ཅིང་། དེ་གཉིས་དང་དོན་དམ་སེམས་བསྐྱེད་ཀྱི་གཞི་མཐུན་མེད་པར་འདོད་དོ། །དེ་ནི་མི་འཐད་དེ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར་ཞེས་པའི་སྐབས་ནས་བསྟན་པའི་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སེམས་བསྐྱེད་ཐམས་ཅད་སྨོན་འཇུག་གཉིས་ཀྱིས་བསྡུས་ཤིང་གཞུང་དེས་ཐེག་ཆེན་སེམས་བསྐྱེད་སྤྱིའི་མཚན་ཉིད་བསྟན་པ་ཡིན་གྱི། ཀུན་རྫོབ་སེམས་བསྐྱེད་ཁོ་ནའི་མཚན་ཉིད་བསྟན་པ་མ་ཡིན་པའི་ཕྱིར་རོ། །དེས་ན་སྨོན་འཇུག་གི་སེམས་བསྐྱེད་གཉིས་ཀྱིས་བྱང་སེམས་ཀྱི་རྒྱུད་ཀྱི་སེམས་བསྐྱེད་ཉེར་གཉིས་པོ་ཐམས་ཅད་ཀྱང་བསྡུས་ཤིང་དོན་དམ་སེམས་བསྐྱེད་ཀྱང་སེམས་བསྐྱེད་ཉེར་གཉིས་ཀྱིས་བསྡུས་པས། ཕར་ཕྱིན་དྲུག་དང་ལྡན་པའི་སེམས་བསྐྱེད་ལས་གཞན་དུ་འགྱུར་བའི་བྱང་སེམས་འཕགས་པའི་སེམས་བསྐྱེད་མེད་པའི་ཕྱིར་རོ། །ཐོགས་མེད་ཀྱི་བཞེད་པ་ཡང་ཡིན་ཏེ། བྱང་སའི་ཚུལ་ཁྲིམས་ལེའུར་བྱང་ཆུབ་སེམས་དཔའི་ཉེས་སྤྱོད་སྤོང་བ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་པོ་དེ་འཇུག་པ་སེམས་བསྐྱེད་དུ་གསུངས་ཤིང་། དོན་དམ་སེམས་བསྐྱེད་ཀྱང་གསུམ་པོ་དེའི་ནང་དུ་འདུས་པའི་ཕྱིར་ཏེ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཀྱི་ནང་དུ་འདུས་པའི་ཕྱིར། གནད་ཀྱི་དོན་ནི་འདི་ཡིན་ཏེ། ས་དང་པོའི་མཉམ་གཞག་གི་ངོ་བོར་གྱུར་པའི་གཙོ་སེམས་གཅིག་གི་འཁོར་དུ་ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག་སྟེ་སེམས་བྱུང་ཉེར་གཅིག་འབྱུང་ལ། ཀུན་འགྲོ་ལྔའི་ནང་ཚན་དུ་གྱུར་པའི་སེམས་པ་དང་། ཡུལ་ངེས་ལྔའི་ནང་ཚན་དུ་གྱུར་པའི་འདུན་པ་དེ་སྨོན་འཇུག་གི་སེམས་བསྐྱེད་དུ་སོང་བའི་སྟོབས་ཀྱིས་དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་ཐམས་ཅད་སྨོན་འཇུག་གི་སེམས་སེམས་བྱུང་དུ་འགྱུར་བ་གོང་དུ་བཤད་ཟིན་ཏོ། །ཡུལ་ངེས་ལྔའི་ནང་ཚན་དུ་གྱུར་པའི་ཏིང་ངེ་འཛིན་དང་། ཤེས་རབ་གཉིས་པོ་དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་སོང་བའི་སྟོབས་ཀྱིས་དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་ཐམས་ཅད་དོན་དམ་སེམས་བསྐྱེད་དུ་སྒྱུར་བར་བྱེད་དོ། །དེས་ན་ས་དང་པོའི་མཉམ་གཞག་གིས་བསྡུས་པའི་སེམས་སེམས་བྱུང་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་འདུན་པ་དང་མཚུངས་ལྡན་དང་བཅས་པའི་ཆ་ནས་སྨོན་པ་སེམས་བསྐྱེད་དང་། བྱང་ཆུབ་ཀྱི་ཆེད་དུ་ལམ་སྒྲུབ་པའི་སེམས་པ་མཚུངས་ལྡན་དང་བཅས་པའི་ཆ་ནས་འཇུག་པ་སེམས་བསྐྱེད། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་ཆ་ནས་དོན་དམ་སེམས་བསྐྱེད་དུ་འཇོག་པ་ནི་ཚད་ལྡན་གྱི་གཞུང་ལུགས་རྣམས་ཀྱི་དགོངས་པ་ཕྱོགས་གཅིག་པ་ཡིན་ནོ། །འོ་ན་ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད་གཉིས་པོ་མི་འགལ་བར་འགྱུར་ཏེ། སྨོན་འཇུག་གཉིས་པོ་དང་དོན་དམ་སེམས་བསྐྱེད་མི་འགལ་བའི་ཕྱིར་ཞེ་ན། སྨོན་འཇུག་གི་སེམས་བསྐྱེད་ལ་ཀུན་རྫོབ་སེམས་བསྐྱེད་ཀྱིས་མ་ཁྱབ་པས་སྐྱོན་མེད་དོ། །ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད་གཉིས་ནི་ངོ་བོ་ཐ་དད་ཡིན་ཏེ། སྔ་མ་ནི། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་པ་ལྟར་ཡིན་ལ་ཕྱི་མ་ནི། རྫོགས་པའི་སངས་རྒྱས་རབ་བསྙེན་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་པ་ལྟར་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་ན་བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་སེམས་བསྐྱེད་ཐམས་ཅད་དང་། བྱང་སེམས་འཕགས་པའི་རྗེས་ཐོབ་ཀྱི་སེམས་བསྐྱེད་ཐམས་ཅད་སྨོན་འཇུག་གི་སེམས་བསྐྱེད་དང་། ཀུན་རྫོབ་སེམས་བསྐྱེད་ཀྱི་གཞི་མཐུན་ཡིན་ལ། བྱང་སེམས་འཕགས་པའི་རྒྱུད་ཀྱི་ཆོས་ཉིད་ལ་མཉམ་པར་གཞག་པའི་སེམས་བསྐྱེད་ཐམས་ཅད་སྨོན་འཇུག་གི་སེམས་བསྐྱེད་དང་། དོན་དམ་སེམས་བསྐྱེད་ཀྱི་གཞི་མཐུན་ཡིན་ནོ། །མདོར་བསྡུས་ན་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བའོ། །བྱང་སེམས་གྱི་སྡོམ་པའི་མཚན་ཉིད། རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བ་གང་ཞིག མི་མཐུན་ཕྱོགས་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པ་དབང་ལྡན་རྒྱུན་ཆགས་པའོ། །དབྱེ་བ་ལ་ས་མཚམས་ཀྱི་སྒོ་ནས་དབྱེ་ན། མོས་པས་སྤྱོད་པའི་སེམས་བསྐྱེད། ལྷག་བསམ་རྣམ་པར་དག་པའི་སེམས་བསྐྱེད། རྣམ་པར་སྨིན་པའི་སེམས་བསྐྱེད། སྒྲིབ་པ་སྤངས་པའི་སེམས་བསྐྱེད་དང་བཞིའོ། །དཔེའི་སྒོ་ནས་དབྱེ་ན་ས་ལྟ་བུ་ནས་སྤྲིན་ལྟ་བུའི་བར་ཉེར་གཉིས་སོ། །དམིགས་ཡུལ་གྱི་སྒོ་ནས་དབྱེ་ན། སྨོན་པ་སེམས་བསྐྱེད་དང་། འཇུག་པ་སེམས་བསྐྱེད་གཉིས་ཡོད་དེ། འབྲས་བུ་རྫོགས་པའི་བྱང་ཆུབ་ལ་དམིགས་པ་དང་། དེའི་རྒྱུ་ལམ་ལ་དམིགས་པ་གཉིས་ཡོད་པའི་ཕྱིར་རོ། །ངོ་བོའི་སྒོ་ནས་དབྱེ་ན་དོན་དམ་སེམས་བསྐྱེད་དང་། ཀུན་རྫོབ་སེམས་བསྐྱེད་གཉིས་ཡོད་དེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བསྡུས་པ་དང་། མ་བསྡུས་པ་གཉིས་སུ་ཡོད་པའི་ཕྱིར་རོ། །སྨོན་པ་སེམས་བསྐྱེད་དང་། འཇུག་པ་སེམས་བསྐྱེད་ཀྱི་མཚན་ཉིད་རིམ་པ་བཞིན། རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བ་གང་ཞིག འབྲས་བུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པའི་འདུན་པ་མཚུངས་ལྡན་དང་བཅས་པ་དང་། དེ་གང་ཞིག་བྱང་ཆུབ་ཀྱི་ཆེད་དུ་ལམ་སྒྲུབ་པར་འདོད་པའི་འདུན་པ་མཚུངས་ལྡན་དང་བཅས་པའོ། །དོན་དམ་སེམས་བསྐྱེད་དང་། ཀུན་རྫོབ་སེམས་བསྐྱེད་ཀྱི་མཚན་ཉིད་རིམ་བཞིན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་བསྡུས་པའི་རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བ་དང་། དེས་མ་བསྡུས་པའི་རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བའོ། །སེམས་བསྐྱེད་བསྟན་ཟིན་ནས། ད་ནི་གདམས་ངག་བསྟན་པ་ལ་གཉིས་ཏེ། གདམས་ངག་སྟོན་པའི་རྒྱུ་མཚན་དང་། རྒྱུ་མཚན་གྱི་གདམས་ངག་དངོས་བཤད་པའོ། །དང་པོ་ནི། མདོར་བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི་ཞེས་པ་སྟེ། དེ་ལྟར་སེམས་བསྐྱེད་པའི་གང་ཟག་དེས་སེམས་བསྐྱེད་ཀྱི་དབྱེ་བའི་སྐབས་སུ་བསྟན་པའི་ཆོས་ཐམས་ཅད་རྫོགས་པའི་ཆེད་དུ་ཤེར་ཕྱིན་ལ་སྒྲུབ་དགོས་ན་ཇི་ལྟར་སྒྲུབ་པར་བགྱི་ཞེས་དྲིས་པའོ། །ལན་ནི་སེམས་བསྐྱེད་ཀྱི་དབྱེ་བའི་སྐབས་སུ་བསྟན་པའི་ཆོས་ཐམས་ཅད་རྫོགས་པ་ལ་ཤེར་ཕྱིན་ལ་འཇུག་པའི་སྒྲུབ་པ་ཉམས་སུ་ལེན་དགོས་པས་དེ་བརྗོད་བྱར་སྟོན་པའི་གདམས་པ་དང་། རྗེས་སུ་གདམས་པ་གཉིས་འཆད་ཅེས་པ་སྟེ། གདམས་ངག་གི་མདོ་རྫོགས་པའི་མཐར་ཡང་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདམས་པ་སྟེ། འདི་ནི་རྗེས་སུ་བསྟན་པ་ཡིན་ནོ། །ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །དེ་ལ་གདམས་ཞེས་པ་ལས་འཕྲོས་ནས་གང་ཟག་གང་ལ། སྟོན་པ་གང་གིས། སྒྲུབ་པ་གང་ལ། དགོས་པ་གང་གི་ཆེད་དུ་གདམས། གདམས་པ་དང་རྗེས་བསྟན་གྱི་ཁྱད་པར་གང་ཡིན་ཞེ་ན། དང་པོ་ནི་སེམས་བསྐྱེད་ནས་སྒྲུབ་པ་ཉམས་སུ་ལེན་པའི་ཆེད་དུ་གདམས་ངག་དོན་དུ་གཉེར་བའི་གང་ཟག་ལའོ། །གཉིས་པ་ནི་སྤྲུལ་པའི་སྐུ་ལྟ་བུས་སོ། །གསུམ་པ་ནི་ཐེག་ཆེན་གྱི་སྒྲུབ་པ་ལའོ། །བཞི་པ་ནི་སེམས་བསྐྱེད་ཀྱི་དབྱེ་བའི་སྐབས་སུ་བསྟན་པའི་རང་གཞན་གྱི་དོན་མཐར་ཐུག་པ་འདི་རྫོགས་པའི་ཆེད་དུའོ། །ལྔ་པ་ནི་དེ་ལ་དོན་དུ་གཉེར་བའི་དོན་ཐོབ་པའི་བྱ་བ་ཉེ་བར་སྟོན་པ་ནི་གདམས་པ་དང་རྗེས་སུ་སྟོན་པ་ཡིན་ཏེ། ཐོབ་ཟིན་པའི་ཡོན་ཏན་ཡོངས་སུ་སྐྱོང་བའི་དོན་གྱིས་མི་ཉམས་པར་བྱེད་པ་ནི་གདམས་པ་ཡིན་ལ། དེའི་འོག་ཏུ་མ་ཐོབ་པའི་ཡོན་ཏན་ཐོབ་པར་བྱེད་པའི་ཕྱིར་ན་རྗེས་སུ་བསྟན་པ་ཡིན་ནོ། །གཉིས་པ་གདམས་ངག་དངོས་ནི། སྒྲུབ་དང་བདེན་པ་རྣམས་དང་ནི། །ཞེས་སོགས་ཏེ། འདི་ལ་སྔ་རབས་པ་རྣམས་སྒྲུབ་པའི་ངོ་བོ་དང་། དམིགས་ཡུལ་དང་ཁྱད་པར་གྱི་ཆོས་ལ་འདོམས་པ་གསུམ་དུ་མཛད་ཀྱང་འཕགས་སེང་གཉིས་ཀྱི་དོན་བསྡུའི་གཞུང་ལྟར་ན་སྒྲུབ་པའི་ངོ་བོ་ལ་འདོམས་པ་དང་། ཁྱད་པར་ལ་འདོམས་པ་གཉིས་སུ་འདུས་ཏེ། དམིགས་པ་དང་རྟེན་ལ་སོགས་པ་རྣམས་ཁྱད་པར་གྱི་ཆོས་སུ་མཚུངས་པའི་ཕྱིར་རོ། །དང་པོ་སྒྲུབ་པའི་ངོ་བོ་ལ་འདོམས་པ་ལ་བདེན་པ་གཉིས་ལས་མི་འདའ་བའི་སྒྲུབ་པ་ངོས་གཟུང་། དེ་ཉན་ཐོས་དང་ཐུན་མོང་མ་ཡིན་པར་བསྟན་པ། དེ་ལ་འདོམས་པའི་གདམས་ངག་དངོས་དང་གསུམ་ལས། དང་པོ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་སེམས་ཆེན་པོས་ཡུམ་ལ་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀར་སྩལ་པ། ཤཱ་རིའི་བུ་འདི་ལ་བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ་བྱང་སེམས་ཆེན་པོ་ཡོད་བཞིན་དུ་བྱང་སེམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་སེམས་ཀྱི་མིང་ཡང་། བྱང་ཆུབ་ཀྱང་། བྱང་ཆུབ་ཀྱི་མིང་ཡང་། ཡུམ་ཡང་། ཡུམ་གྱི་མིང་ཡང་། སྤྱོད་ཅེས་བྱ་བར། མི་སྤྱོད་ཅེས་བྱ་བར་ཡང་། སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར། སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར། གཟུགས། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བྱང་སེམས་དང་དེའི་མིང་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །ཞེས་སོགས་རྒྱས་པར་གསུངས་སོ། །འདི་དག་གི་དོན་ལ་མདོ་སྡེ་རྒྱན་དང་། ཀུན་བཏུས་དང་། བརྒྱད་སྟོང་དོན་བསྡུས་སོགས་སེམས་ཙམ་པའི་གཞུང་ལུགས་རྣམས་ལས། རྣམ་གཡེང་གི་རྣམ་རྟོག་བཅུའི་གཉེན་པོར་ཤེར་ཕྱིན་རྣམ་པར་མི་རྟོག་པ་བཅུ་བསྒོམ་པ་ལ་སྦྱར་ནས་འཆད་དོ། །ཡུམ་དོན་དབུ་མར་འགྲེལ་བ་རྣམས་ཀྱིས་ནི་བདེན་གཉིས་ལས་མི་འདའ་བའི་སྒྲུབ་པ་བསྟན་པར་བཞེད་དེ། ཉིར་སྣང་དུ། མི་དམིགས་པའི་རྣམ་པ་ཅན་ལ་སྦྱར་བ་ཙམ་མ་གཏོགས་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བ་ལ་སྦྱར་བའི་གསལ་ཀ་མི་སྣང་ཡང་། སློབ་དཔོན་གྱིས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་མི་འདའ་བས་ཞེས་གསུངས་པ་ལྟར་ན། རྔོག་དང་ཨར་གྱིས། བྱང་སེམས་ཆེན་པོ་ཡུམ་ལ་སྤྱོད་པའི་ཚེ་ཞེས་པས་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བ་བསྟན་པར་བཞེད་ཀྱང་། མཁས་གྲུབ་གཡག་པས། བྱང་སེམས་ཆེན་པོ་ཡོད་བཞིན་དུ། །ཅེས་པས་བསྟན་པར་བཞེད་པ་ཉིད་ལེགས་ཏེ། བྱང་ཆུབ་ཀྱི་མིང་ཡོད་བཞིན་དུ་ཞེས་པ་ནས་རྣམ་པར་ཤེས་པ་ཡོད་བཞིན་དུ་ཅེས་པའི་བར་ཐམས་ཅད་ལ་གསལ་བྱེད་དུ་སྦྱར་བར་བྱ་བ་ཡིན་པས་དོན་དམ་དུ་མི་དམིགས་པ་ཐམས་ཅད་ལ་ཡང་ཀུན་རྫོབ་ཏུ་སྣང་བ་ཙམ་མི་འགོག་པའི་ཀུན་རྫོབ་ལས་མི་འདའ་བ་རེ་རེ་འབྱུང་བའི་ཕྱིར་རོ། །དོན་དམ་ལས་མི་འདའ་བ་ནི་བྱང་ཆུབ་སེམས་དཔའ་ལ་སྤྱོད་པ་པོ་བྱང་ཆུབ་སེམས་དཔར་མངོན་པར་ཞེན་པ་དང་། སྤྱོད་པའི་འབྲས་བུ་བྱང་ཆུབ་ཏུ་ཞེན་པ་དང་། སྤྱོད་པར་བྱ་བ་ཤེར་ཕྱིན་དུ་ཞེན་པ་དང་། སྤྱོད་པ་རང་གི་ངོ་བོ་བཟློག་ཟླ་དང་བཅས་པར་ཞེན་པ་དང་། ཤེས་བྱ་ཕུང་པོ་ལྔར་ཞེན་པ་སྟེ་ལྔ་ཡོད་པས་དེའི་གཉེན་པོ་བྱང་སེམས་དང་། བྱང་ཆུབ་དང་། ཡུམ་དང་། སྤྱོད་སོགས་མཐའ་བཞི་དང་། ཕུང་པོ་ལྔར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བསྟན་ཏོ། །གཉིས་པ་ནི་མདོར། ཤཱ་རིའི་བུ་གལ་ཏེ་ཕྱོགས་བཅུ་རེ་རེའི་ཞིང་གདྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདིར། དགེ་སློང་ཤཱ་རིའི་བུ་དང་། མོདྒལ་གྱི་བུ་ལྟ་བུ་ཤ་སྟག་གིས་འདི་ལྟ་སྟེ་དཔེར་ན། འདམ་བུ། འོད་མ། བུ་རམ་ཤིང་། སྨྱིག་མ། འབྲས། ཏིལ་གྱི་ཚལ་ལམ་ལྟར་ཡོངས་སུ་གང་བར་གྱུར་ཀྱང་དེ་དག་གི་ཤེས་རབ་གང་ཡིན་པ་དེས་བྱང་སེམས་ཡུམ་ལ་སྤྱོད་པའི་ཤེས་རབ་ཉིན་གཅིག་བསྒོམ་པ་ཙམ་གྱིས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་དང་། བརྒྱ་སྟོང་དང་། བྱེ་བ་བརྒྱ་སྟོང་དང་། གྲངས་དང་། ཆར་ཡང་། བགྲང་བར་ཡང་། རྒྱུར་ཡང་། དཔེར་ཡང་ཉེ་བར་མི་འགྲོ་བ་ནས་དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་བྱང་སེམས་ཀྱི་ཤེས་རབ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བའི་དོན་དུ་ཉེ་བར་གནས་པ་ཡིན་ཏེ། ཞེས་སོགས་རྒྱ་ཆེར་གསུངས་སོ། །འདི་ལ་གང་དང་ཐུན་མོང་མ་ཡིན་པའི་ཉན་ཐོས་ཀྱི་རྟོགས་པ་ངོས་གཟུང་། གང་ཐུན་མོང་མ་ཡིན་པའི་བྱང་སེམས་ཀྱི་ཤེས་རབ་ངོས་གཟུང་། ཇི་ལྟར་ཐུན་མོང་མ་ཡིན་པའི་ཚུལ་དང་། ཐུན་མོང་མ་ཡིན་པའི་སྒྲུབ་བྱེད་བསྟན་པ་དང་བཞི་ལས། དང་པོ་ནི། འདི་ལྟ་སྟེ་ཞེས་པ་ནས། དེ་དག་གི་ཤེས་རབ་གང་ཡིན་པ་དེས་ནི་ཞེས་པའི་བར་གྱིས་བསྟན་ཏོ། །དགེ་སློང་ཤཱ་རིའི་བུ་དང་། མོངྒལ་གྱི་བུ་ལྟ་བུ་ཤ་སྟག་ཅེས་པ་ནི་འོག་ནས་འཆད་པ་ལྟར་གྱི་རྟོགས་རིགས་མཐུན་པ་ཤ་སྟག་གིས་ཞེས་པའི་དོན་ཏོ། །འདམ་བུ་ནས་ཏིལ་གྱི་བར་གྱིས་ཉན་ཐོས་ཀྱི་རྟོགས་པ་ཆོས་དྲུག་བསྟན་ཏེ། ཉན་ཐོས་ཀྱི་སྦྱོར་ལམ་དྲོད་དེ་འདམ་བུ་ལྟ་བུར་ལས་ཉོན་གྱི་གནོད་པ་ཆུང་ངུ་མི་བཟོད་པ་དང་། རྩེ་མོ་ནི་འོད་མ་ལ་མེ་མཚོན་དག་གི་བཞིན་དུ་ལས་ཉོན་གྱི་གནོད་བྱེད་དྲག་པོ་དང་ཕྲད་ཀྱང་དགེ་རྩ་མི་འཆད་པ་དང་། བཟོད་པ་ནི་བུ་རམ་ཤིང་དང་འདྲ་བར་ངན་སོང་ཆད་པའི་ཕྱིར་བདེ་འགྲོར་ཆོས་བསྒོམ་པའི་མངར་བ་ལས་མི་འདའ་བ་ཉིད་དང་། ཆོས་མཆོག་ནི་སྨྱིག་མ་དང་འདྲ་བར་མྱུར་དུ་བདེན་པ་མངོན་པར་རྟོགས་པར་བྱེད་པ་དང་། མཐོང་ལམ་ནི་འབྲས་དང་འདྲ་བར་འཕགས་པའི་གང་ཟག་རྣམས་ཀྱི་རྟོགས་པ་མཆོག་ཡིན་པ་དང་། སྒོམ་ལམ་ནི་ཏིལ་ལ་མེ་ཏོག་དང་དྲི་ལ་སོགས་པ་རིགས་གཅིག་ཀྱང་ནུས་པ་ཐ་དད་དུ་ཡོད་པ་ལྟར། མཐོང་ལམ་ལས་རྟོགས་རིགས་ཐ་དད་དུ་མེད་ཀྱང་དུས་གཞན་དུ་སྒོམ་སྤང་སྤོང་བའི་ཁྱད་པར་ཡོད་པའི་དབང་དུ་བྱས་ནས་དཔེ་དྲུག་པོ་རྣམས་བསྟན་པའི་ཕྱིར་རོ། །ཚལ་སྨོས་པ་ནི་རྟོགས་རིགས་གཅིག་པའི་གང་ཟག་རྣམས་དབང་པོའི་ཁྱད་པར་ཐ་དད་པ་ཡོད་ཀྱང་དྲོད་ལ་སོགས་པར་རིགས་གཅིག་ཅེས་པའི་དོན་ཏོ། །ལམ་སྔ་མ་སྔ་མ་ནི་དཔེ་ཕྱི་མ་དྲངས་པའི་ཆེད་ཡིན་ལ། ཐ་མར་ལམ་སྨོས་པ་ནི་འཕགས་པའི་གང་ཟག་དེ་རྣམས་ཀྱི་མཐོང་ཆོས་ལ་བདེར་གནས་ཤེས་པའི་ཆེད་ཡིན་ནོ། །གཉིས་པ་ནི། བྱང་སེམས་ཆེན་པོ་ཉིན་གཅིག་ཤེས་རབ་བསྒོམས་པའི་ཤེས་རབ་ཀྱི་ཞེས་པ་སྟེ། ཉིན་གཅིག་ཤེས་རབ་བསྒོམས་པ་ལ་ནུས་པ་དེ་ཙམ་ཡོད་པའི་བྱང་སེམས་ཀྱི་ཤེས་རབ་ཉིད་ཡིན་ནོ། །འོ་ན་དེ་ལྟ་བུའི་བྱང་སེམས་དེ་ཅི་སེམས་དང་པོ་བསྐྱེད་པའམ། སྤྱོད་པ་ལ་ཞུགས་པའམ། ཕྱིར་མི་བཟློག་པའམ། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཡིན། རེ་ཞིག་བཞི་པ་ནི་མ་ཡིན་ཏེ། ས་བཅུ་པ་ལ་ནི་དེ་བཞིན་གཤེགས་པ་ཉིད་དུ་བསྟན་པས་ཉན་རང་ལས་ཁྱད་པར་དུ་འཕགས་པར་གྲུབ་ཟིན་པའི་ཕྱིར་རོ། །ཕྱིར་མི་བཟློག་པའི་བྱང་སེམས་ཀྱང་མ་ཡིན་ཏེ། ས་བརྒྱད་པ་ལ་དགོངས་པ་ཅན་གྱི་མྱང་འདས་བཀག་པས་ཉན་རང་ལས་ཁྱད་པར་དུ་འཕགས་པ་གྲུབ་ཟིན་པའི་ཕྱིར་ཏེ། མདོ་སྡེ་ས་བཅུ་པར། དེ་བཞིན་གཤེགས་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་དེ་དག་མངོན་པར་འགྲུབ་པའི་སྒོ་ལ་བཅུག་པར་མ་གྱུར་ན་ནི་འདི་དེའི་ཚེ་ཉིད་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་དེའི་མྱ་ངན་ལས་འདས་པ་དེ་ནི་ཉན་ཐོས་ཀྱི་མྱང་འདས་ནི་མ་ཡིན་ཏེ། དེ་ཡིད་ལ་བྱེད་པ་ནི་སེམས་བསྐྱེད་པ་ནས་བརྩམས་ཏེ་རིང་དུ་སྤངས་པའི་ཕྱིར་རོ། །སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཡང་མ་ཡིན་ཏེ། བསྒོམས་པས་སྤང་བར་བྱ་བ་མ་སྤངས་པའི་ཕྱིར་རོ། །དེས་ན་གང་ཞིག་ཡིན་ཞེ་ན། སྤྱིར་མྱང་འདས་ལ་རྩེ་མོ་ཐོབ་པ་ན་དགེ་རྩ་ཆད་པ་མྱ་ངན་ལས་འདས་པ་དང་། བཟོད་པ་ཐོབ་པ་ན་ངན་འགྲོ་མྱ་ངན་ལས་འདས་པ་དང་། བསམ་གཏན་ཐོབ་པ་ན་དེའི་ཡན་ལག་མྱ་ངན་ལས་འདས་པ་དང་། རྒྱུན་ཏུ་ཞུགས་པ་ན་སྲིད་པ་བརྒྱད་པ་མྱ་ངན་ལས་འདས་པ་དང་། ཕྱིར་འོང་བ་ལ་འདོད་པའི་སྲིད་པ་གཉིས་པ་མྱ་ངན་ལས་འདས་པ་དང་། ཕྱིར་མི་འོང་བ་འདོད་པའི་ཁམས་མྱ་ངན་ལས་འདས་པ་དང་། དགྲ་བཅོམ་པ་རྣམས་ལ་ལྷག་བཅས་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་དང་། དགོངས་པ་ཅན་གྱི་མྱ་ངན་ལས་འདས་པ་དང་རྣམ་པ་བརྒྱད་ཡོད་པ་ལས་ཕྱི་མ་སྟེ་རེ་ཞིག་གཞན་དོན་རྒྱུན་ཆད་པ་ལ་དགོངས་ནས་མྱང་འདས་སུ་བཏགས་པ་ཡིན་ནོ། །སྤྱོད་པ་ལ་ཞུགས་པའི་བྱང་སེམས་ཡང་མ་ཡིན་ཏེ། རྒྱུན་ཏུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ནོ་ཞེས་འཆད་པར་འགྱུར་བས་ཉན་ཐོས་ལས་ཁྱད་པར་དུ་འཕགས་པར་གྲུབ་ཟིན་པའི་ཕྱིར་རོ། །འོ་ན་གང་ཡིན་ཞེ་ན་ཡོངས་སུ་མི་ཉམས་པའི་ཆོས་ཅན་ཀུན་རྫོབ་ཀྱི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་དང་པོ་གསུམ་གྱི་སྐབས་སུ་བསྟན་པའི་བྱང་ཆུབ་སེམས་དཔའོ། །གསུམ་པ་ནི་འོ་ན་དེ་ལྟ་བུའི་བྱང་སེམས་ཀྱི་ཉིན་གཅིག་བསྒོམས་པའི་ཤེས་རབ་དེ་སྔར་བཤད་པའི་རྟོགས་པ་ཆོས་དྲུག་ལས་ཇི་ལྟར་ཁྱད་པར་དུ་འཕགས་ན། འདི་ལ་གྲངས་ཀྱི་ཁྱད་པར། མཐུའི་ཁྱད་པར། རིགས་ཀྱི་ཁྱད་པར། རྒྱུའི་ཁྱད་པར། དཔེའི་ཁྱད་པར་དང་ལྔ་ལས། དང་པོ་ནི་བརྒྱའི་ཆར་ཡང་ཞེས་པ་ནས་གྲངས་སུ་ཡང་ཞེས་པའི་བར་དང་། གཉིས་པ་ནི་ཆར་ཡང་། གསུམ་པ་ནི་བགྲང་བར་ཡང་། བཞི་པ་ནི་རྒྱུར་ཡང་། ལྔ་པ་ནི་དཔེར་ཡང་། ཞེས་པས་སྟོན། བཞི་པ་ནི་འཕགས་པའི་གང་ཟག་ཐམས་ཅད་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བས་རྟོགས་པ་ལ་ཁྱད་པར་མེད་པ་མ་ཡིན་ནམ། ཅིའི་ཕྱིར་ཁྱད་པར་དུ་འཕགས་ཤེ་ན་བྱང་ཆུབ་སེམས་དཔའ་རྣམས་ནི་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་མྱ་ངན་ལས་འདའ་བའི་ཆེད་དང་། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང་། རྟོགས་པ་ཆོས་སྐུ་ཐོབ་པར་བྱེད་པའི་མཚན་ཉིད་ཅན་གྱི་སྒོ་ནས་སྦྱིན་གནས་སུ་གྱུར་པ་སྒྲུབ་པར་བྱེད་པའི་ཁྱད་པར་དང་ལྡན་པའི་ཕྱིར་རོ། །ཅིའི་ཕྱིར་སྦྱིན་གནས་སུ་འགྱུར་ཞེ་ན་དགེ་བ་བཅུའི་ལས་ཀྱི་ལམ་དང་། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལ་སོགས་པ་དང་། ལྷའི་རིགས་ཐམས་ཅད་དང་། རྒྱུན་ཏུ་ཞུགས་པ་ནས་སངས་རྒྱས་ཀྱི་བར་གྱི་ཤེས་རབ་རྣམས་བྱང་སེམས་མེད་ན་མི་འབྱུང་བར་བསྟན་པའི་ཕྱིར་རོ། །འོ་ན་ཆེད་དུ་བྱ་བ་དང་། སྦྱོར་བ་དང་། རྟོགས་པ་རྣམས་བྱང་སེམས་ཉིན་གཅིག་ཤེས་རབ་བསྒོམས་པའི་འབྲས་བུར་མི་འཐད་དེ། བསྐལ་པ་གྲངས་མེད་གསུམ་དུ་ཤེས་རབ་བསྒོམས་པའི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེ་ན། མར་མེའི་དཔེ་ལ་བརྟེན་ནས་མི་འགལ་བའི་ལན་གདབ་པར་བཤད་དོ། །གསུམ་པ་དེ་ལ་འདོམས་པའི་གདམས་ངག་དངོས་ནི། ཡུལ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་གདམས་ངག་དོན་དུ་གཉེར་བའི་བྱང་སེམས་ལ་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་བསྒྲུབ་པའི་ཆེད་དུ་བདེན་གཉིས་ལས་མི་འདའ་བར་ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་ཤེར་ཕྱིན་སྒྲུབས་ཤིག་ཅེས་འདོམས་པར་བྱེད་པའི་མདོ་ཚིག་གོ །དེས་ན་འདིར་བསྟན། གདམས་ངག་བཅུ་པོ་ཐམས་ཅད་ཤེར་ཕྱིན་གྱི་མདོ་ཡིན་གྱི། རྒྱན་གྱི་ཚིག་ལ་འདིར་བསྟན་གདམས་ངག་བཅུ་འཇོག་པ་ནི་བརྗོད་བྱ་རྗོད་བྱེད་མ་ཕྱེད་པའོ། །གཉིས་པ་སྒྲུབ་པའི་ཁྱད་པར་ལ་འདོམས་པ་ལ་གཉིས་ཏེ། ཁྱད་པར་དུ་འགྱུར་བའི་ཚུལ་དང་། དཀའ་བའི་གནས་ལ་དཔྱད་པའོ། །དང་པོ་ནི། སྣང་ཙམ་ལ་སྐུར་བ་མི་འདེབས་ཤིང་དོན་དམ་པར་མི་དམིགས་པའི་བདེན་གཉིས་ལས་མི་འདའ་བ་ཙམ་གྱིས་སེམས་བསྐྱེད་ཀྱི་དབྱེ་བའི་སྐབས་སུ་བཤད་པའི་ཡོན་ཏན་རྣམས་སྒྲུབ་ནུས་སམ་སྙམ་ན་དེ་ལ་ཡང་ཁྱད་པར་གྱི་ཆོས་དམིགས་པ་ལ་སྒྲོ་འདོགས་གཅོད་པ་དང་། སྐྱབས་གསུམ་ལ་བརྟེན་པ་དང་། མི་མཐུན་ཕྱོགས་སེལ་བར་བྱེད་པའི་བརྩོན་འགྲུས་དང་། གནས་སྐབས་སུ་ཐོབ་པའི་ཡོན་ཏན་དང་། མཐར་ཐུག་པར་བྱེད་པའི་རྒྱུ་རྣམས་དགོས་སོ་ཞེས་པ་ནི། བདེན་པ་རྣམས་དང་ནི་ཞེས་པ་མན་ཆད་ཀྱིས་བསྟན་ཏོ། །འདིར་སྒྲོ་འདོགས་གཅོད་པར་བྱ་བའི་གཞི་བདེན་པ་བཞི་ལ་གཞག་པ་དང་། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཅེས་པའི་སྐབས་སུ་ཆོས་ཐམས་ཅད་ལ་གཞག་པ་དང་། འདི་ཡི་དམིགས་པ་དངོས་མེད་དེ། །ཅེས་པའི་སྐབས་སུ་བདེན་པའི་དངོས་པོ་མེད་པ་ལ་གཞག་པ་གསུམ་གྱི་ཁྱད་པར་ནི་རྟོགས་རིགས་ཐུན་མོང་བའི་དམིགས་པ་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་རྟོགས་རིགས་ཀྱི་དམིགས་པ་དང་། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པའི་དབང་དུ་བྱས་པའོ། །གཞན་དག་ནི་ཐེ་ཚོམ་ཙམ་ཡང་མ་ཞུགས་པར་སྣང་ངོ་། །རྟོགས་རིགས་ཐུན་མོང་གི་དབང་དུ་བྱས་ན་ཐེག་ཆེན་གྱི་སྒྲུབ་པས་ཀྱང་བདེན་པ་བཞི་ལ་དམིགས་ཏེ། སྐབས་གསུམ་པར་བསྟན་པའི་མཐོང་ལམ་གྱི་དམིགས་པ་བདེན་བཞི་ལ་བཤད་པའི་ཕྱིར་རོ། །སྐྱབས་གསུམ་པོ་ནི་སྒྲུབ་པའི་རྟེན་ཡིན་ཏེ། ཚོགས་སྦྱོར་གྱི་གནས་སྐབས་སུ་ཆོས་དང་དགེ་འདུན་ལ་བརྟེན་ནས་དེ་ཐོབ་པའི་ཆེད་དུ་སྒྲུབ་པ་ཉམས་སུ་ལེན། འཕགས་པའི་གནས་སྐབས་སུ་སངས་རྒྱས་དཀོན་མཆོག་ལ་བརྟེན་ནས་དེ་ཐོབ་པའི་ཆེད་དུ་སྒྲུབ་པ་ཉམས་སུ་ལེན་པའི་ཕྱིར་རོ། །བརྩོན་འགྲུས་གསུམ་པོ་ནི་སྒྲུབ་པའི་མི་མཐུན་ཕྱོགས་སེལ་བར་བྱེད་པ་ཡིན་ཏེ། མ་ཞེན་པའི་བརྩོན་འགྲུས་ཀྱིས་བྱ་བ་ངན་ཞེན་གྱི་ལེ་ལོ་སྤངས་ནས་སྒྲུབ་པ་ཁྱད་པར་དུ་འགྲོ་བར་བྱེད། ཡོངས་སུ་མི་ངལ་བའི་བརྩོན་འགྲུས་ཀྱིས་སྒྱིད་ལུག་པའི་ལེ་ལོ་སྤངས་ནས་སྒྲུབ་པ་སླར་མི་ལྡོག་པར་བྱེད། ལམ་ཡོངས་སུ་འཛིན་པའི་བརྩོན་འགྲུས་ཀྱིས་སེམས་ཞུམ་པའི་ལེ་ལོ་སྤངས་ནས་ཐེག་དམན་དུ་མི་ལྟུང་བར་བྱེད་པའི་ཕྱིར་རོ། །སྤྱན་དང་མངོན་ཤེས་ནི་སྒྲུབ་པའི་ཡོན་ཏན་ཡིན་ཏེ། སྤྱན་ལྔས་རང་དོན་བླང་དོར་ལ་གཞན་གྱི་དྲིང་མི་འཇོག་པར་བྱེད། མངོན་ཤེས་དྲུག་གིས་རྣམ་མཁྱེན་གྱི་རྒྱུ་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ། །མཐོང་ལམ་དང་། སྒོམ་ལམ་གཉིས་པོ་ནི་སྒྲུབ་པ་མཐར་ཐུག་པར་བྱེད་པའི་རྒྱུ་ཡིན་ཏེ། སྒྲུབ་པ་མཐར་ཐུག་པ་ལ་མཐོང་སྤང་དང་སྒོམ་སྤང་གཉིས་སྤང་དགོས་པའི་ཕྱིར་རོ། །སྒྲུབ་པའི་ཁྱད་པར་གྱི་ཆོས་ལ་དགུར་གྲངས་ངེས་པ་ནི་སྒྲུབ་པའི་ངོ་བོ་དེས་བསྒྲུབ་བྱ་མཐར་ཐུག་སྒྲུབ་པ་ལ། དགུ་པོ་གང་རུང་ཞིག་མ་ཚང་ན་སྒྲུབ་མི་ནུས་ཤིང་དགུ་ཆར་ཚང་བས་སྒྲུབ་དགོས་པའི་ཕྱིར་རོ། །གོ་རིམ་ནི་བཤད་པའི་གོ་རིམ་ཙམ་ཡིན་པར་མངོན་ནོ། །དེ་དག་ལ་འདོམས་པའི་གདམས་ངག་གི་ངོས་འཛིན་ནི་སྔ་མ་ལ་དཔག་ནས་ཤེས་པར་བྱའོ། །གཉིས་པ་ལ་དཀོན་མཆོག་གསུམ་གྱི་འདོད་ཚུལ་གྱི་ཁྱད་པར་དང་། སྤྱན་དང་མངོན་ཤེས་ཀྱི་ཁྱད་པར་དང་། མཐོང་སྒོམ་རྟོགས་རིགས་ཐ་དད་མེད་པའི་དོན་ལ་དཔྱད་པ་དང་གསུམ་ལས། དང་པོ་ལ། བྱེ་བྲག་ཏུ་སྨྲ་བས། སངས་རྒྱས་ནི་སངས་རྒྱས་ཀྱི་རྒྱུད་ཀྱི་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་འཁོར་དང་བཅས་པ་ཁོ་ན་ཡིན་ལ། ཆོས་ནི་མྱ་ངན་ལས་འདས་པ་སོ་སོར་བརྟགས་པའི་འགོག་པ་ཡིན་ཞིང་། དགེ་འདུན་དཀོན་མཆོག་ནི་སངས་རྒྱས་ལས་གཞན་པའི་སློབ་མི་སློབ་ཀྱི་རྒྱུད་ཀྱི་ལམ་བདེན་འཁོར་དང་བཅས་པ་ཡིན་པར་འདོད་དེ། མཛོད་དུ། གང་ཞིག་གསུམ་ལ་སྐྱབས་འགྲོ་དེ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་སོ། །མདོ་སྡེ་པས་སངས་རྒྱས་ནི་སངས་རྒྱས་ཀྱི་རྒྱུད་ཀྱི་ཟད་མི་སྐྱེ་ཤེས་ཀྱི་ཡེ་ཤེས་འཁོར་དང་བཅས་པ་དང་། གཟུགས་ཀྱི་སྐུ་ཡང་སངས་རྒྱས་སུ་འདོད་ལ་ཆོས་ཀྱི་འདོད་ཚུལ་འདྲའོ། །དགེ་འདུན་ནི་སངས་རྒྱས་ལས་གཞན་པའི་སློབ་པ་དང་། མི་སློབ་པ་དང་དེ་དག་གི་རྒྱུད་ཀྱི་ལམ་བདེན་འཁོར་དང་བཅས་པ་ཡིན་པར་འདོད་དེ། མཛོད་རང་འགྲེལ་དུ་བསྟན་བཅོས་ལས་ནི་མི་སློབ་པའི་ཆོས་ཁོ་ན་སངས་རྒྱས་ཡིན་ཞེས་དེ་སྐད་དུ་མི་འབྱུང་ངོ་། །འོ་ན་ཇི་སྐད་དུ་འབྱུང་ཞེ་ན་སངས་རྒྱས་སུ་བྱེད་པའི་ཆོས་ཞེས་འབྱུང་སྟེ། དེའི་ཕྱིར་རྟེན་སངས་རྒྱས་ཉིད་དུ་མ་བཀག་པས་དེའི་ཕྱིར་ཀླན་ཀར་མི་རུང་བ་ཉིད་ཅེས་སོ། །གང་ཞིག་ཆོས་ལ་སྐྱབས་སུ་འགྲོ་བ་དེ་ནི་མྱ་ངན་ལས་འདས་པ་བདག་དང་གཞན་གྱི་རྒྱུད་ཉོན་མོངས་པ་རྣམ་པར་དག་པ་དང་། དུཿཁ་ཞི་བར་མཚན་ཉིད་གཅིག་པ་ཉིད་ཀྱི་ཕྱིར་རོ། །ཞེས་དང་། དགེ་སློང་དུ་བྱེད་པའི་ཚུལ་ཁྲིམས་ཁོ་ན་དགེ་སློང་དུ་འགྱུར་རོ་ཞེས་སོ། །སེམས་ཙམ་པས་ཐུབ་པའི་སྐུ་གསུམ་སངས་རྒྱས་དཀོན་མཆོག་ཡིན་ལ། བསྟན་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་དང་། སྒྲུབ་པའི་ཆོས་འཕགས་ལམ་ཡན་ལག་བརྒྱད་འཁོར་བཅས་དང་། དོན་དམ་པའི་ཆོས་གློ་བུར་གྱི་དྲི་མས་དག་པའི་ཆོས་ཀྱི་དབྱིངས་ནི་ཆོས་དཀོན་མཆོག་ཡིན་ཞིང་། བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་ཞུགས་གནས་བརྒྱད་དང་། རང་སངས་རྒྱས་རྣམས་ཀྱང་དགེ་འདུན་དཀོན་མཆོག་ཏུ་འདོད་དེ། དབྱིག་གཉེན་གྱིས། དམིགས་མེད་ཆོས་ཀྱི་སྐུ། །ལོངས་སྤྱོད་རྫོགས་པའི་སྐུ། །ཅིར་ཡང་སྤྲུལ་པའི་སྐུར། །གུས་པས་ཕྱག་འཚལ་ལོ། །རྣམ་དག་ཆོས་ཀྱི་དབྱིངས། །སྒྲུབ་པའི་འཕགས་ལམ་བརྒྱད། །སྟོན་པའི་གསུང་རབ་ལ། །གུས་པས་ཕྱག་འཚལ་ལོ། །བྱང་ཆུབ་སེམས་རྣམས་དང་། །དགྲ་བཅོམ་དག་ལ་སོགས། །རང་སངས་རྒྱས་རྣམས་ལ། །གུས་པས་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །དབུ་མ་ཐལ་འགྱུར་བ་འགའ་ཞིག སངས་རྒྱས་ནི་སྐུ་གསུམ། ཆོས་ནི་མྱ་ངན་ལས་འདས་པ། དགེ་འདུན་ནི་གང་ཟག་བརྒྱད་དུ་འདོད་དེ། ཟླ་གྲགས་ཀྱིས། ཐུབ་དབང་དག་གི་སྐུ་གསུམ་དང་། །མྱ་ངན་འདས་དང་གང་ཟག་བརྒྱད། །ཅེས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་ཁོངས་སུ་གཏོགས་པར་འདོད་དེ། ཤཱ་རིའི་ལུང་ལས་དགྲ་བཅོམ་གྱིས། །བྱང་ཆུབ་སེམས་དཔའ་ཕྱག་བྱས་ཕྱིར། །འདི་དག་དཀོན་མཆོག་གསུམ་གཞན་མེད། །སངས་རྒྱས་ཁོངས་སུ་གཏོགས་པར་འདོད། །ཅེས་གསུངས་སོ། །རྒྱུད་བླར། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་ལ་སོགས་པའི་ཡོན་ཏན་དྲུག་གམ་བརྒྱད་དང་ལྡན་པའི་ཆོས་སྐུ་ནི་སངས་རྒྱས་དཀོན་མཆོག བསམ་མེད་གཉིས་མེད་ལ་སོགས་པའི་ཡོན་ཏན་དྲུག་གམ་བརྒྱད་དང་ལྡན་པའི་རྣམ་བྱང་གི་བདེན་པ་ནི་ཆོས་དཀོན་མཆོག ཇི་ལྟ་ཇི་སྙེད་རིག་པ་ལ་སོགས་པའི་ཡོན་ཏན་དྲུག་གམ་བརྒྱད་དང་ལྡན་པའི་ཕྱིར་མི་ལྡོག་པའི་བྱང་སེམས་འཕགས་པ་ནི་དགེ་འདུན་དཀོན་མཆོག་ཏུ་གསུངས་ཏེ། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་ཉིད་ལྡན་པའི་སངས་རྒྱས་ཉིད། །ཅེས་དང་། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱི། །གང་ཞིག་གང་གིས་ཆགས་བྲལ་པ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་དང་། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་སོ། །འདི་དག་ནི་གནས་སྐབས་སྐྱབས་གསུམ་དུ་བཞག་པ་ཡིན་གྱི། མཐར་ཐུག་གི་སྐྱབས་གསུམ་ནི་སངས་རྒྱས་གཅིག་ཉིད་ལ་གསུམ་ཆར་ཚང་བར་ཡོད་དོ། །འོ་ན་འདིར་གང་གཟུང་ཞེ་ན། རྒྱུད་བླ་ནས་གསུངས་པའི་གནས་སྐབས་སྐྱབས་གསུམ་པོ་དེ་ཉིད་གཟུང་བར་འཕགས་སེང་གཉིས་ཀྱི་བཞེད་དོ། །གཉིས་པ་ལ་སྤྱིའི་ཁྱད་པར་དང་། སོ་སོའི་ཁྱད་པར་གཉིས་ལས། དང་པོ་ལ་གང་ལས་གསུངས་པའི་སྡེ་སྣོད་ཀྱི་ཁྱད་པར། གང་ལ་ལྡན་པའི་གང་ཟག་གི་ཁྱད་པར། གང་ལས་བྱུང་བ་རྒྱུའི་ཁྱད་པར། བྱ་བ་ལས་ཀྱི་ཁྱད་པར་དང་བཞི་ལས། དང་པོ་ནི། སྤྱན་ལྔ་ནི་ཤེར་ཕྱིན་གྱི་མདོ་དང་། བསྟན་བཅོས་ཁོ་ན་ལས་གསུངས་ལ། མངོན་ཤེས་དྲུག་ནི་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་ཀ་ལས་གསུངས་སོ། །གཉིས་པ་ནི། སྤྱན་ལྔ་ནི་ཐེག་ཆེན་གྱི་གང་ཟག་ཁོ་ནའི་རྒྱུད་པ་ཡོད་ལ། མངོན་ཤེས་དྲུག་ནི་ཐེག་པ་གསུམ་ཆར་དང་། དང་པོ་ལྔ་ནི་ལམ་མ་ཞུགས་ཀྱི་གང་ཟག་ལ་ཡང་ཡོད་དོ། །གསུམ་པ་ནི། སྤྱན་ལྔ་ནི་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་དང་འབྲིང་གི་གནས་སྐབས་སུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་བླངས་པ་ལས་འབྱུང་ལ། མངོན་ཤེས་དྲུག་ནི་ཕར་ཕྱིན་དྲུག་གི་ཉམས་ལེན་མེད་ཀྱང་བསམ་གཏན་གྱི་དངོས་གཞི་བསྒོམ་ཞིང་རྣམ་གནས་ཡིད་ལ་བྱེད་པ་ལས་འབྱུང་ངོ་། །འོན་ཀྱང་བྱང་སེམས་ཀྱི་རྒྱུད་ཀྱི་མངོན་པར་ཤེས་པ་དྲུག་ནི། བསམ་གཏན་བཞི་པ་ཤིན་ཏུ་དག་པ་བ་དང་། མི་རྟོག་ཡེ་ཤེས་ཀྱི་ཉམས་ལེན་གྱིས་ཟིན་པ་དང་། རྣམ་གནས་ཡིད་ལ་བྱེད་པ་གསུམ་ལས་འབྱུང་བར་མདོ་སྡེ་རྒྱན་དུ་བཤད་དོ། །བདག་རྐྱེན་ལ་ཡང་སྤྱན་ལྔ་ནི་བདག་རྐྱེན་རྫུ་འཕྲུལ་གྱི་རྐང་པ་ལ་བརྟེན་ཏེ། བཙུན་པ་ངོ་བོ་ཉིད་མེད་པས། ཤའི་སྤྱན་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས་ཤེས་ཞེས་གསུངས་སོ། །མངོན་ཤེས་དྲུག་ནི་བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ཏོ། །བཞི་པ་ནི། སྤྱན་ལྔས་ནི་སྒྲུབ་པ་ལ་གཞན་གྱི་དྲིང་མི་འཇོག་པར་བྱེད་དེ། ཤའི་སྤྱན་གྱིས་ཡར་སྟོན་པ་དང་། མར་སློབ་མ་གང་ན་ཡོད་པ་ཤེས། ལྷས་གདུལ་བྱ་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་ཤེས། ཤེས་རབ་ཀྱིས་བསྒོམ་པར་བྱ་བའི་བདག་མེད་གཉིས་ཤེས། ཆོས་ཀྱིས་གྲོགས་དགེ་འདུན་གྱི་རྟོགས་པ་ཤེས། སངས་རྒྱས་ཀྱི་སྤྱན་གྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་གཟིགས་པའི་ཕྱིར་རོ། །མངོན་ཤེས་ལ་ཐེག་དམན་གྱི་རྒྱུད་ཀྱི་མངོན་ཤེས་དྲུག་དང་། ལམ་མ་ཞུགས་ཀྱི་མངོན་ཤེས་དང་པོ་ལྔས་ནི་རང་གཞན་གྱི་དོན་ཅི་རིགས་པ་སྒྲུབ་པ་ཙམ་ཡིན་ལ། བྱང་སེམས་ཀྱི་རྒྱུད་ཀྱི་མངོན་ཤེས་དྲུག་གིས་ནི་རྣམ་མཁྱེན་གྱི་རྒྱུ་གཞན་དོན་ཡོངས་སུ་རྫོགས་པར་བྱེད་དེ། རྫུ་འཕྲུལ་གྱིས་གདུལ་བྱ་གང་ན་ཡོད་པའི་ཡུལ་དུ་གཤེགས་ནས་གཞན་སེམས་ཤེས་པས་གཞན་གྱི་སྤྱོད་པ་འདོད་ཆགས་དང་བཅས་པ་སོགས་ཤེས་ཏེ་ལྷའི་རྣ་བས་དེ་དག་གི་སྐད་དང་མཐུན་པར་ཆོས་སྟོན་སྔོན་གྱི་གནས་རྗེས་སུ་དྲན་པས་གང་ནས་འོངས་པ་དང་། ལྷའི་མིག་གིས་གང་དུ་འགྲོ་བ་དང་། ཟག་པ་ཟད་པ་ཤེས་པའི་མངོན་ཤེས་ཀྱིས་ངེས་པར་འབྱུང་བའི་ལམ་འདོམས་པར་བྱེད་པའི་ཕྱིར་རོ། །གཉིས་པ་སོ་སོའི་ཁྱད་པར་ནི་ཤའི་སྤྱན་ནི་བདག་རྐྱེན་རྫུ་འཕྲུལ་གྱི་རྐང་པ་ལ་བརྟེན་པའི་དབང་པོ་གཟུགས་ཅན་པ་ལ་བརྟེན་པའི་དབང་ཤེས་སོ། །འདི་བསམ་གཏན་གྱི་སས་བསྡུས་སུ་ནི་མ་ངེས་ཏེ། རྟེན་གྱི་གང་ཟག་གང་དུ་སྐྱེས་པ་དེའི་ས་པའི་དབང་པོ་གཟུགས་ཅན་པ་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་སྤྱན་ནི་སྐྱེ་བ་སྔ་མ་བསམ་གཏན་གྱི་སྙོམས་འཇུག་བསྒོམས་པའི་རྣམ་སྨིན་གྱི་འབྲས་བུ་ལ་ཚེ་འདིར་འབད་མེད་དུ་འབྱུང་བའི་བསམ་གཏན་གྱི་སས་བསྡུས་ཀྱི་དབང་པོ་གཟུགས་ཅན་པ་ལ་བརྟེན་པའི་ཤེས་པའོ། །འདི་དང་ལྷའི་མིག་གི་མངོན་པར་ཤེས་པའི་ཁྱད་པར་ནི་ཚེ་འདིར་བསམ་གཏན་མངོན་པར་འདུ་བྱེད་པ་ལས་མ་བྱུང་བ་དང་བྱུང་བའོ། །ཤེས་རབ་ཀྱི་སྤྱན་ནི་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ས་བཅུ་གཅིག་གི་མཉམ་གཞག་རྣམས་སོ། །འདི་དང་དོན་དམ་སེམས་བསྐྱེད་དོན་གཅིག་གོ །ཆོས་ཀྱི་སྤྱན་ནི་རང་དང་རྒྱུད་ཚོད་མཉམ་པ་མན་ཆད་ཀྱི་འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་པོ་རྣོ་རྟུལ་སོགས་མངོན་སུམ་དུ་རྟོགས་པའོ། །འདི་དང་གཞན་སེམས་ཤེས་པའི་མངོན་ཤེས་ཀྱི་ཁྱད་པར་ནི་རྟེན་གྱི་གང་ཟག་གི་ཁྱད་པར་སྔར་བཤད་ཟིན་ཅིང་། ཡུལ་གྱི་ཁྱད་པར་ལ་འདིའི་ཡུལ་ནི་འཕགས་རྒྱུད་ཀྱི་རྟོགས་པ་ཁོ་ན་ཡིན་ལ། གཞན་སེམས་ཤེས་པའི་མངོན་ཤེས་ཀྱི་ཡུལ་ནི་གཞན་རྒྱུད་ཀྱི་ཤེས་པ་ཐམས་ཅད་དོ། །སངས་རྒྱས་ཀྱི་སྤྱན་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡུལ་ཅན་ནོ། །རྗེས་མཐུན་པ་ས་བདུན་པ་ནས་ཡོད་དེ། ས་བདུན་པའི་ཡོངས་སྦྱོང་གི་སྐབས་སུ། བྱང་སེམས་ཆེན་པོའི་ཐོགས་པ་མེད་པའི་ཡེ་ཤེས་གང་ཞེ་ན། འདི་ལྟ་སྟེ་སངས་རྒྱས་ཀྱི་སྤྱན་ཐོབ་པ་གང་ཡིན་པ་སྟེ། ཞེས་སོ། །ཨར། གཟད་པ། གཡག་གསུམ་གྱིས་རྗེས་མཐུན་པ་ས་དང་པོ་ནས་ཡོད་ཅིང་མཚན་ཉིད་པ་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དོ། །ཅེས་བཞེད་དོ། །གསུམ་པ་ནི། འདིར་ཐེག་ཆེན་གྱི་མཐོང་ལམ་ལས། སྒོམ་ལམ་རྟོགས་རིགས་ཐ་དད་མེད་པར་གསུངས་ཤིང་། ཉི་ཚེ་བ་དང་། སྣ་ཚོགས་ཉིད་ཅེས་དང་། དེའི་འགྲེལ་པར་དམིགས་པ་དང་བཅས་པ་ཉིད་ཀྱི་འབྲས་བུ་དང་པོ་ལ་སོགས་པ་རྟོགས་པ་ཐ་དད་པ་ཉིད་དང་། ཞེས་ཉན་ཐོས་ཀྱི་འབྲས་བུ་དང་པོ་སོགས་ལ་རྟོགས་རིགས་ཐ་དད་དུ་ཡོད་པར་གསུངས་པ་དང་། ཉིར་སྣང་དུ། ཉན་ཐོས་ཀྱི་སྒོམ་ལམ་ཏིལ་དང་དཔེ་སྦྱར་བའི་ཚེ། མཐོང་ལམ་ལས་རྟོགས་རིགས་ཐ་དད་མེད་པར་གསུངས་པའི་དོན་ཇི་ལྟར་ཞེ་ན་མཉམ་གཞག་གི་དབང་དུ་བྱས་ན་ཐེག་པ་གསུམ་ཆར་ལ་ཡང་མཐོང་ལམ་ལས་སྒོམ་ལམ་རྟོགས་རིགས་ཐ་དད་དུ་མེད་དེ། མཐོང་ལམ་གྱི་གནས་སྐབས་སུ་མངོན་སུམ་དུ་མཐོང་བའི་དོན་དེ་ཉིད་སྒོམ་ལམ་གྱི་གནས་སྐབས་སུ་རྒྱུན་ལྡན་དུ་སྒོམ་པར་བྱེད་པ་ཙམ་ཡིན་པའི་ཕྱིར་རོ། །འདི་ལ་དགོངས་ནས་ཐེག་པ་ཆེ་ཆུང་གཉིས་ཀ་ལ་མཐོང་སྒོམ་རྟོགས་རིགས་ཐ་དད་མེད་པར་གསུངས་སོ། །ཐེག་པ་ཆེན་པོ་ལ་མཉམ་གཞག་གིས་དྲངས་པའི་རྗེས་ཐོབ་ཀྱི་ངེས་ཤེས་ཀྱི་རྟོགས་རིགས་ལ་ཡང་ཐ་དད་མེད་དེ། ངེས་ཤེས་ཐམས་ཅད་ཀྱང་སྤྲོས་བྲལ་གྱི་རྣམ་པ་ཅན་དུ་གཅིག་པའི་ཕྱིར་རོ། །དཔེར་ན་ཐེག་ཆེན་གྱི་མཐོང་ལམ་གྱི་རྟག་སོགས་བཅུ་དྲུག་གི་སྤྲོས་པ་དང་ཡང་བྲལ། མི་རྟག་སོགས་བཅུ་དྲུག་གི་སྤྲོས་པ་དང་ཡང་བྲལ་བ་ལ་ངེས་ཤེས་དྲངས་པའི་ཚེ་ངེས་ཤེས་དེ་དག་ཐམས་ཅད་རྟོགས་རིགས་ཐ་དད་མེད་པ་བཞིན་ནོ། །ཉན་ཐོས་ཀྱི་མཐོང་སྒོམ་མཉམ་གཞག་གིས་དྲངས་པའི་ངེས་ཤེས་ལ་རྟོགས་རིགས་ཐ་དད་དུ་ཡོད་དེ། མཉམ་གཞག་དེས་མི་རྟག་ལ་སོགས་བཅུ་དྲུག་ལ་ངེས་ཤེས་དྲངས་པས་འགའ་ཞིག་ནི་མི་རྟག་པའི་རྣམ་པ་ཅན། འགའ་ཞིག་ནི་སྡུག་བསྔལ་བའི་རྣམ་པ་ཅན་དུ་མངོན་པར་ཞེན་པ་སོགས་ཡིན་པའི་ཕྱིར་རོ། །འོ་ན་མཉམ་གཞག་ལ་ཡང་མཚུངས་སོ་སྙམ་ན་ཉན་ཐོས་ཀྱི་མཐོང་སྒོམ་མཉམ་གཞག་གིས་སྐྱེ་མེད་མངོན་སུམ་དུ་མ་རྟོགས་པའི་ལུགས་ལ་མཚུངས་ཀྱང་འདིར་ནི་ཉན་ཐོས་ཀྱི་མཐོང་སྒོམ་མཉམ་གཞག་གིས་སྐྱེ་མེད་མངོན་སུམ་དུ་རྟོགས་པས་མི་རྟག་སྡུག་བསྔལ་སོགས་ཀྱི་རྣམ་པ་ཅན་མ་ཡིན་པར་འདོད་པའི་ལུགས་ཡིན་པའི་ཕྱིར་རོ། །འོ་ན་མི་རྟག་སྡུག་བསྔལ་སོགས་ཉན་ཐོས་ཀྱི་རྟོགས་རིགས་སུ་གཞུང་འདི་ཉིད་ལས་བཤད་པ་དང་འགལ་ལོ་སྙམ་ན་དེ་ནི་སྦྱོར་ལམ་གྱི་གནས་སྐབས་སུ་བསྒོམ་པའི་རྣམ་པ་དང་། རྗེས་ཐོབ་ཏུ་ངེས་ཤེས་སྐྱེས་པའི་རྣམ་པ་ལ་དགོངས་ཏེ། གཞན་དུ་ན་མེད་པ་དང་། མི་སྐྱེ་བ་དང་། དབེན་པ་སོགས་ཉན་ཐོས་ཀྱི་རྟོགས་རིགས་སུ་བཤད་པ་དང་འགལ་ཏེ། མི་རྟག་པའི་རྣམ་པ་ཅན་ཡིན་ན། འཇིག་པའི་རྣམ་པ་ཅན་ཡིན་དགོས་ཤིང་། དེ་ལྟར་ན་མི་སྐྱེ་བའི་རྣམ་པ་ཅན་ཡིན་པ་དང་འགལ་བའི་ཕྱིར་རོ། །འོ་ན་མ་དག་ས་བདུན་གྱི་གནས་སྐབས་སུ་མི་རྟག་སོགས་སུ་མངོན་པར་ཞེན་པ་སྐྱེ་སྲིད་པས་རྗེས་ཐོབ་ཀྱི་རྟོགས་རིགས་ཐ་དད་པར་མཚུངས་སོ་སྙམ་ན་མ་ཡིན་ཏེ། དེར་མི་རྟག་སོགས་སུ་མངོན་པར་ཞེན་པ་ནི་ཐེག་པ་རང་ལུགས་ཀྱི་སྤང་བྱ་ཡིན་གྱི་ཐེག་པ་རང་ལུགས་ཀྱི་རྟོགས་རིགས་མ་ཡིན་པའི་ཕྱིར་དང་། ཉན་ཐོས་འཕགས་པས་རྗེས་ཐོབ་དུ་མི་རྟག་སོགས་སུ་མངོན་པར་ཞེན་པ་ནི་ཐེག་པ་རང་ལུགས་ཀྱི་རྟོགས་རིགས་ཡིན་པའི་ཕྱིར་རོ། །གཞན་དག་ནི་དཔྱད་པ་ཙམ་ཡང་མ་ཞུགས་པར་སྣང་ངོ་། །དེ་དག་གིས་གདམས་ངག་བཅུ་སྤྱིར་བཤད་ཟིན་ནས་དགེ་འདུན་དཀོན་མཆོག་གི་སྐབས་སུ་བྱང་ཆུབ་སེམས་དཔའི་སྐྱེ་བ་ལེན་ཚུལ་དང་། གཞན་དོན་ཕྲིན་ལས་བྱེད་ཚུལ་གྱི་རབ་ཏུ་དབྱེ་བ་མང་དུ་གསུངས་པ་རྣམས་འདིར་ལོགས་སུ་གསུངས་པ་ནི། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་སོགས་ཚིགས་བཅད་གཉིས་ཏེ་འདི་དག་ལ། མཚོན་བྱ་མཚོན་བྱེད། མཚོན་ཚུལ་རྣམས་མཐའ་ཆོད་པའི་ལུང་རིགས་ཀྱིས་དཔྱད་དགོས་པ་ནི་ཁོ་བོས་བྱས་པའི་སྐྱེས་བུ་མཆོག་གི་གསལ་བྱེད་དུ་བསྟན་ཟིན་པས་དེར་བལྟ་བར་བྱའོ། །གདམས་ངག་བསྟན་ཟིན་ནས་དེའི་འོག་ཏུ་ངེས་འབྱེད་ཆ་མཐུན་བསྟན་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ལས་དང་པོ་པས་གདམས་ངག་ཉན་ཏེ། དེའི་དོན་ལ་ཐོས་བསམ་གྱིས་འབད་པས་ཇི་སྲིད་སངས་རྒྱས་སོགས་ཀྱི་ཡུལ་ལྔ་ལ་མཁས་པར་མ་གྱུར་གྱི་བར་དུ་ནི་ཚོགས་ལམ་ཕལ་པ་ཡིན་པར་ཆོས་ཤེས་ཀྱིས་བཤད་ལ། སངས་རྒྱས་སོགས་ཀྱི་ཡུལ་ལྔ་ལ་མཁས་པའི་ཚེ་རྣམ་རྫོགས་སྦྱོར་བའི་སྐབས་ནས་བསྟན་པའི་ཐར་པ་ཆ་མཐུན་ཡིན་ཞིང་། དེའི་དོན་རྩེ་གཅིག་ཏུ་བསྒོམ་པ་ལས་ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པའི་ཚེ་དྲོད་དང་། རྣམ་བྱང་གི་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པའི་ཚེ་རྩེ་མོ་དང་། གང་ཟག་རྫས་ཡོད་ཀྱི་འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པའི་ཚེ་བཟོད་པ་དང་། སྐྱེས་བུ་བཏགས་ཡོད་ཀྱི་འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པའི་ཚེ་ཆོས་མཆོག་ཏུ་འཇོག་པའི་ཕྱིར་རོ། །འདི་དག་གི་དོན་ལ། མདོ་ལས་ཇི་ལྟར་གསུངས་པའི་ཚུལ། བསྟན་བཅོས་སུ་ཇི་ལྟར་བསྡུས་པའི་ཚུལ། ཁྱད་པར་གྱི་ཆོས་བྱེ་བྲག་ཏུ་བཤད་པ་དང་གསུམ་ལས། དང་པོ་ནི། གདམས་ངག་གི་མདོ་རྫོགས་པའི་རྗེས་སུ་དྲོད་ཆུང་ངུའི་དམིགས་རྣམ་བསྟན། དེའི་འོག་ཏུ་རྒྱུའི་ཁྱད་པར་བསྟན། དེ་ནས་དྲོད་འབྲིང་གི་དམིགས་རྣམ་ནས་ཆོས་མཆོག་ཆེན་པོའི་དམིགས་རྣམ་གྱི་བར་དང་། དེ་ནས་རྣམ་པར་རྟོག་པ་བཞི་དང་། དེ་ནས་ཡོངས་འཛིན་གསུངས་སོ། །གཉིས་པ་ལ། མདོའི་དོན་ཉན་རང་ལས་ཁྱད་པར་དུ་འཕགས་པའི་སྦྱོར་ལམ་དུ་བསྟན་ཚུལ་མདོར་བསྟན་པ་དང་། མདོའི་རིམ་པ་ལྟར་ཁྱད་ཆོས་སོ་སོར་བཤད་པ་གཉིས་ལས། དང་པོ་ནི། དམིགས་པ་དང་ནི་རྣམ་པ་དང་། །ཞེས་སོགས་ཚིགས་བཅད་གཉིས་ཏེ། འདི་ལ་གང་གིས་ཁྱད་པར་དུ་བྱེད་པའི་ཆོས། གང་ཁྱད་པར་དུ་བྱ་བའི་གཞི། གང་ལས་ཁྱད་པར་དུ་འཕགས་པའི་ཡུལ་དང་གསུམ་ལས། དང་པོ་ནི། དམིགས་པ་དང་ནི་རྣམ་པ་དང་། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས། །ཞེས་པ་སྟེ། ཉན་རང་གི་སྦྱོར་ལམ་ནི་བདེན་པ་བཞི་ལ་དམིགས་པ་ཙམ་ཡིན་ལ། འདིས་ནི་བདེན་བཞིའི་སྟེང་གི་མི་རྟག་སོགས་ལ་ཡང་དམིགས་པ་དང་། ཉན་རང་གི་སྦྱོར་ལམ་ནི་མི་རྟག་སོགས་སུ་མངོན་པར་ཞེན་པའི་རྣམ་པ་ཅན་ཡིན་ལ། འདི་ནི་མངོན་ཞེན་བཀག་པའི་རྣམ་པ་ཅན་དང་། ཉན་རང་གི་སྦྱོར་ལམ་ནི་ཐེག་པ་གཅིག་དང་། གཉིས་ཀྱི་རྟོགས་རིགས་ཀྱི་རྒྱུ་ཙམ་ཡིན་ལ། འདི་ནི་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཀྱི་རྒྱུ་ཡིན་པ་དང་། ཉན་རང་གི་སྦྱོར་ལམ་ནི་ཕྱི་ནང་གི་ཡོངས་འཛིན་གཉིས་དང་བྲལ་བས་ཐེག་དམན་དུ་ལྟུང་བ་ཡིན་ལ། འདི་ནི་ཕྱི་ནང་གི་ཡོངས་འཛིན་གཉིས་ཀྱི་ཐེག་དམན་དུ་མི་ལྟུང་བར་ཐེག་ཆེན་དུ་ཡོངས་སུ་འཛིན་པ་སྟེ། ཁྱད་ཆོས་བཞིས་ཁྱད་པར་དུ་འཕགས་སོ། །འདིར་རྣམ་རྟོག་བཞི་དང་ལྡན་པ་ཁྱད་ཆོས་ཀྱི་ཁོངས་སུ་བགྲངས་ནས་ལྔར་བྱེད་པ་ནི་རྩ་བའི་དགོངས་པ་མ་ཡིན་ཏེ། མདོར་ཡོངས་འཛིན་གྱི་གོང་དུ་རྟོག་པ་ཡོད་བཞིན་དུ་འདིར་རྟོག་པ་འོག་ཏུ་དྲངས་ནས་ཡོངས་འཛིན་ཡན་ཆད་ལ་ཡིས་ཞེས་པའི་བྱེད་ཚིག་སྦྱར་བ་དང་འགལ་བའི་ཕྱིར་རོ། །དེས་ན་མདོར་བསྟན་དུ་ཡོངས་འཛིན་རྟོག་པའི་སྔར་གསུངས་པ་ནི་ཚིགས་བཅད་སྦྱར་བདེ་བའི་ཆེད་དང་། རྒྱས་བཤད་དུ་དེ་ལས་བཟློག་སྟེ་གསུངས་པ་ནི་རྟོག་པ་སྦྱོར་ལམ་གྱི་ཁྱད་ཆོས་སུ་ཤེས་པའི་ཆེད་ཡིན་ཞེས་གསུངས་པ་ཡང་འཐད་པར་མ་མཐོང་སྟེ། རྒྱས་བཤད་ནི་མདོའི་གོ་རིམ་ལྟར་ཡིན་ལ། མདོར་བསྟན་གྱི་སྐབས་སུ་རྟོག་པ་ཁྱད་གཞིའི་ཁོངས་སུ་བགྲངས་པ་ནི་རྟོག་པ་ཉན་རང་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་མ་ཡིན་ནོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར་རོ། །འོ་ན་མདོར། རྟོག་པ་ཡོངས་འཛིན་གྱི་སྔར་གསུངས་པའི་དོན་ཅི་སྙམ་ན་ཁྱད་གཞིའི་ཁོངས་སུ་གཏོགས་པར་ཤེས་པའི་ཆེད་ཡིན་ནོ། །འདིར་ནི་ཉིར་སྣང་གི་དགོངས་པ་ཡང་ཡིན་ཏེ། དེ་ཉིད་དུ་འདི་དག་ལ་བརྗོད་པར་བྱ་བའི་ཁྱད་པར་ཅི་ཡོད་ཅེ་ན། ཉན་ཐོས་ལ་སོགས་པ་ལས་ཁྱད་པར་རྣམ་པ་བཞིས་འཕགས་པ་བརྗོད་པར་བྱ་བ་ཡིན་ཏེ། དམིགས་པའི་ཁྱད་པར་དང་། རྣམ་པའི་ཁྱད་པར་དང་། རྒྱུའི་ཁྱད་པར་དང་། ཡོངས་སུ་འཛིན་པའི་ཁྱད་པར་རོ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་ལུང་དེ་ཉིད་ཀྱི་མཇུག་ཏུ་འཆད་པར་འགྱུར་བ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མཐོང་བ་དང་སྒོམ་པའི་ལམ་གྱིས་སྤང་བར་བྱ་བ་བཞི་རྣམས་ཀྱི་རྟོག་པ་དང་ཡང་དག་པར་ལྡན་པ་ཡང་བརྗོད་པར་བྱ་བ་ཡིན་ནོ། །ཞེས་གསུངས་པ་ཇི་ལྟར་དྲང་སྙམ་ན། སྦྱོར་ལམ་སྟོན་པའི་སྐབས་ཀྱི་མདོ་དང་། བསྟན་བཅོས་ཀྱི་བརྗོད་བྱ་ཡང་ཁྱད་ཆོས་བཞི་པོ་དེར་ངེས་སམ་སྙམ་ན་དེར་མ་ཟད་རྟོག་པ་ཡང་བརྗོད་བྱ་ཡིན་ཞེས་པའི་དོན་ཏེ། གཞན་དུ་ན་ཁྱད་པར་ལྔས་འཕགས་པ་བརྗོད་པར་བྱ་བ་ཡིན་ཏེ་ཞེས་ཅིའི་ཕྱིར་མི་བརྗོད། སློབ་དཔོན་གྱིས་རྟོག་པ་ཁྱད་ཆོས་སུ་བགྲང་བའི་འཁྲུལ་གཞི་ཡང་འདིས་བྱས་པར་མངོན་ནོ། །འོ་ན་ཡུལ་ནི་རྣམ་པ་གསུམ་པོ་རྒྱུ་ཞེས་པའི་འོག་ཏུ། ཉིར་སྣང་དུ། རེ་ཞིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དབང་དུ་བྱས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་གང་ཡིན་པ་དེ་དག་ནི་ཉན་ཐོས་ལ་སོགས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ལས་ཁྱད་པར་རྣམ་པ་དྲུག་གིས་ཁྱད་པར་འཕགས་པ་ཡིན་ཏེ། ཞེས་བཤད་པ་དང་འགལ་ལོ་ཞེ་ན་དེའི་དོན་ནི་སྐབས་གོང་འོག་གི་སྦྱོར་ལམ་རྣམས་ཀྱི་མི་འདྲ་བའི་ཁྱད་པར་བསྟན་པའི་སྐབས་ཡིན་པས་སྐབས་དང་པོར་བསྟན་པའི་སྦྱོར་ལམ་དེ་སྐབས་འོག་མ་རྣམས་སུ་བསྟན་པའི་སྦྱོར་ལམ་ལས་ཁྱད་ཆོས་དྲུག་གི་སྒོ་ནས་བསྟན་པས་སྐབས་འོག་མ་རྣམས་དང་ཟློས་པའི་སྐྱོན་མེད་ཅེས་པའི་དོན་ཡིན་པའི་ཕྱིར་རོ། །གཞན་དུ་ན་ཁྱད་ཆོས་ལྔར་འདོད་པ་ལ་ཡང་ལུང་འདིས་གནོད་ཅིང་ཉིར་སྣང་ཉིད་ལ་ཡང་ནང་འགལ་བར་འགྱུར་བའི་ཕྱིར་ལེགས་པར་དཔྱོད་ཅིག གཉིས་པ་ཁྱད་གཞི་ནི། བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །ཞེས་སོགས་ཚིགས་བཅད་གཅིག་སྟེ། རྟེན་གྱི་ཁྱད་པར་བྱང་ཆུབ་སེམས་དཔའ་སྐྱོབ་པའི་རྒྱུད་ལ་ཡོད་པ། ངོ་བོ་དྲོད་སོགས་བཞི་ཡིན་པ། ལྡན་ཚུལ་གྲངས་ཇི་ལྟ་བ་བཞིན་དུ་རྗེས་ཐོབ་ཀྱི་གནས་སྐབས་སུ་སྒྲུབ་པའི་རྣམ་རྟོག་བཞི་པོ་ལྡན་ཅིང་། མཉམ་གཞག་གི་གནས་སྐབས་སུ་དགག་པའི་རྣམ་རྟོག་བཞི་པོ་ལྡན་པ་དང་། དབྱེ་བའི་ཁྱད་པར་རེ་རེ་ལ་ཡང་ཆུང་ངུ་འབྲིང་ཆེན་པོ་རྣམས་སུ་ཡོད་པ་སྟེ། ཁྱད་ཆོས་བཞི་དང་ལྡན་པའི་སྦྱོར་ལམ་དེ་ཉིད་ཁྱད་པར་དུ་འཕགས་པའི་གཞི་ཡིན་ནོ། །འདིར་ཁྱད་ཆོས་ཙམ་དང་། ཉན་རང་ལས་ཁྱད་པར་དུ་འཕགས་པར་བྱེད་པའི་ཆོས་གཉིས་མ་ནོར་བ་གལ་ཆེའོ། །གསུམ་པ་གང་ལས་ཁྱད་པར་དུ་འཕགས་པའི་ཡུལ་ནི་ཚིག་རྐང་ཐ་མ་གཉིས་ཀྱིས་སྟོན་ཏོ། །འོ་ན་གང་ཁྱད་པར་དུ་འཕགས་པའི་གཞི་ལ་ཁྱད་ཆོས་བཞི་སྨོས་པའི་དགོས་པ་གང་ཞེ་ན། རྟེན་གྱི་ཁྱད་པར་སྨོས་པ་ནི། སྤྱིར་བྱང་སེམས་ཀྱི་སྦྱོར་ལམ་ཙམ་དུ་ཤེས་པའི་ཆེད་ཡིན་ལ། ངོ་བོའི་ཁྱད་པར་ནི་འོག་གི་རྟོག་པ་བཞི་པོ་རིམ་པ་བཞིན་དུ་ལྡན་པའི་གཞི་དང་། ཆུང་ངུ་འབྲིང་ཆེན་པོ་གསུམ་དུ་དབྱེ་བའི་གཞི་ངོས་གཟུང་བའི་ཆེད་ཡིན་ནོ། །ལྡན་ཚུལ་གྱི་ཁྱད་པར་ནི་ཁྱད་པར་དུ་འཕགས་པའི་གཞི་དེ་ཡང་རྟོག་པ་དང་ངོ་བོ་གཅིག་ཡིན་ནོ་ཞེས་ཤེས་པའི་ཆེད་ཡིན་ནོ། །དབྱེ་བའི་ཁྱད་པར་ནི་དྲོད་སོགས་བཞི་ལ་གསུམ་གསུམ་དུ་ཕྱེ་ནས་བཅུ་གཉིས་པོ་རེ་རེའི་སྟེང་དུ་ཡང་གོང་དུ་བཤད་པའི་ཁྱད་ཆོས་བཞི་བཞི་དང་ལྡན་པར་ཤེས་པའི་ཆེད་ཡིན་ནོ། །མདོར་ན་ཚིག་རྐང་བར་པ་བཞིས་བསྟན་པའི་སྦྱོར་ལམ་ཆོས་ཅན། ཚིག་རྐང་ཐ་མ་གཉིས་ཀྱིས་བསྟན་དོན་ཡིན་ཏེ། ཚིག་རྐང་དང་པོ་གཉིས་ཀྱིས་བསྟན་པའི་ཁྱད་ཆོས་དང་ལྡན་པའི་ཕྱིར། ཞེས་པའི་མགོན་པོ་བྱམས་པའི་གཞུང་འདི་མ་དཀྲུགས་པར་རང་སོར་ཞོག་ཅིག གཉིས་པ་མདོའི་རིམ་པ་ལྟར་ཁྱད་པར་གྱི་ཆོས་སོ་སོར་བཤད་པ་ལ། དམིགས་རྣམ་རྒྱུ་གསུམ་རྒྱས་པར་བཤད། ལྡན་པ་རྣམ་རྟོག་རྒྱས་པར་བཤད། ཡོངས་འཛིན་དགེ་བཤེས་རྒྱས་པར་བཤད་པ་དང་གསུམ་ལས། དང་པོ་ནི། དམིགས་པ་མི་རྟག་ལ་སོགས་པ། །ཞེས་སོགས་ཚིགས་སུ་བཅད་པ་བདུན་ཏེ། སྦྱོར་ལམ་བཅུ་གཉིས་པོ་རེ་རེའི་སྟེང་དུ་ཡང་དམིགས་པ་དང་རྣམ་པ་དང་རྒྱུའི་ཁྱད་པར་གསུམ་གསུམ་དང་ལྡན་པར་བསྟན་ཏོ། །དེ་ཡང་མདོར། དྲོད་ཆུང་ངུའི་དམིགས་རྣམ་གྱི་འོག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་གང་ལ་བྱང་སེམས་ཆེན་པོ་རྣམས་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་སའམ། བྱང་ཆུབ་སེམས་དཔའི་སའམ། སངས་རྒྱས་ཀྱི་ས་གང་ལ་བསླབ་པར་བྱ་བའི་ཐེག་པ་གསུམ་པོ་རྣམས་རྒྱ་ཆེར་བསྟན་ཏོ། །ཞེས་རྒྱུའི་ཁྱད་པར་གསུངས་པ་ལྟར། འདིར་ཡང་ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ་ཞེས་གསུངས་པ་ནི་དྲོད་འབྲིང་ལ་སོགས་པ་ཕྱི་མ་བཅུ་གཅིག་པོ་ལ་ཡང་སྦྱར་བར་བྱ་བ་ཤེས་པའི་ཆེད་ཡིན་ནོ། །གཉིས་པ་ནི། གཞི་དང་དེ་ཡི་གཉེན་པོ་ཡི། །ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཏེ། མདོར་ཡང་གནས་སྐབས་འདིར་གསུངས་པ་ལྟར་རྒྱས་བཤད་དུ་ཡང་གནས་སྐབས་འདིར་གསུངས་པ་ནི་གང་ཁྱད་པར་དུ་འཕགས་པའི་གཞི་དེ་ཡང་རྣམ་རྟོག་བཞི་དང་མཚུངས་པར་ལྡན་པའི་སྦྱོར་ལམ་ཡིན་གྱི། དམན་ལམ་སྔོན་སོང་གི་བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་རྣལ་འབྱོར་མངོན་སུམ་ལྟ་བུ་དང་། གཞན་སེམས་ཤེས་པའི་མངོན་ཤེས་ལྟ་བུ་ནི་མ་ཡིན་ནོ། །ཞེས་པའི་དོན་ཏོ། །གསུམ་པ་ནི། སེམས་མི་འགོང་པ་ཉིད་ལ་སོགས། །ཞེས་སོགས་ཚིགས་བཅད་གཅིག་སྟེ། འཕགས་པས་ཚིག་རྐང་དང་པོ་དང་། གསུམ་པས་ནང་གི་ཡོངས་འཛིན་ཐབས་མཁས་དང་། གཉིས་པ་དང་གསུམ་པས་ཕྱིའི་ཡོངས་འཛིན་དགེ་བཤེས་དང་། བཞི་པས་དོན་བསྡུ་བསྟན་པར་བཞེད་ཅིང་། སློབ་དཔོན་གྱིས་ནི་ཚིག་རྐང་དང་པོ་གསུམ་ཕྱིའི་ཡོངས་འཛིན་དགེ་བཤེས་ཀྱི་ཁྱད་ཆོས་གསུམ་ལ་སྦྱོར་བར་མཛད་དོ། །འོ་ན་རྟོག་པ་ཁྱད་གཞིའི་ཁོངས་སུ་བགྲངས་ན་ཁྱད་ཆོས་བཞིའི་གོ་རིམ་ཇི་ལྟར་ཡིན་སྙམ་ན་ཐོག་མར་དམིགས་པའི་ཁྱད་ཆོས་བསྟན་དགོས་ཏེ། ཁྱད་ཆོས་འོག་མ་རྣམས་འདི་ལ་བརྟེན་ནས་འབྱུང་དགོས་པའི་ཕྱིར་རོ། །དེ་ནས་རྣམ་པའི་ཁྱད་ཆོས་སྟོན་ཏེ། མི་རྟག་སོགས་ཀྱང་དམིགས་པར་བྱེད་ན་རྣམ་པ་ཇི་ལྟར་ཡིན་སྙམ་ན་འདིར་ཆོས་སུ་ལྟ་བའི་གཉེན་པོ་ཡིན་པས་མངོན་ཞེན་བཀག་པའི་རྣམ་པ་ཅན་ཡིན་ནོ་ཞེས་པའི་དོན་ཏོ། །འོ་ན་ཐེག་ཆེན་གྱི་རྟོགས་རིགས་ཁོ་ན་ཡིན་ནམ་སྙམ་ན་དེའི་འོག་ཏུ་རྒྱུའི་ཁྱད་པར་བསྟན་ཏེ། ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བའི་མཐོང་ལམ་གྱི་རྒྱུ་བྱེད་པས་ད་ལྟ་ཡང་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་ཞེས་པའི་དོན་ཏོ། །ཐེག་པ་གསུམ་ཆར་གྱི་རྒྱུ་ཡིན་ན། ཐེག་དམན་དུ་ལྟུང་བར་འགྱུར་རོ་ཞེ་ན་དེའི་འོག་ཏུ་ཡོངས་འཛིན་སྟོན་ཏེ། ཕྱི་ནང་གི་ཡོངས་འཛིན་གཉིས་ཀྱིས་ཐེག་དམན་དུ་མི་ལྟུང་བར་ཐེག་ཆེན་དུ་ཡོངས་སུ་འཛིན་ཞེས་པའི་དོན་ཏོ། །གོ་རིམ་འདིས་ཀྱང་རྟོག་པ་ཁྱད་ཆོས་ཀྱི་ཁོངས་སུ་མི་བགྲང་བར་གྲུབ་བོ། །གསུམ་པ་ཁྱད་པར་གྱི་ཆོས་བྱེ་བྲག་ཏུ་བཤད་པ་ལ་དམིགས་རྣམ་གྱི་ཁྱད་པར་ལས་འཕྲོས་ནས་བློ་རིགས་ངོས་གཟུང་བ། རྒྱུའི་ཁྱད་པར་ལས་འཕྲོས་ནས་རྟོགས་རིགས་གསུམ་པོ་གཅིག་དང་ཐ་དད་དཔྱད་པ། ཁྱད་གཞི་རྟོག་པའི་དཀའ་གནས་ལ་དཔྱད་པ་དང་གསུམ་ལས། དང་པོ་ནི་ཁ་ཅིག རྣལ་འབྱོར་མངོན་སུམ་དུ་འདོད་པ་ནི་སྔ་མ་ཕལ་ཆེར་གྱིས་བཀག་ཅིང་དོན་ལ་ཡང་མི་གནས་སོ། །གཞན་དག་རང་རིག་མངོན་སུམ་དུ་འདོད་པ་ནི་ཤེས་པ་ཐམས་ཅད་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཡིན་པ་ཙམ་ལ་དགོངས་སོ། །འཐད་པའི་ཕྱོགས་ནི་རྒྱུན་ཞུགས་སོགས་ཀྱི་རྟོགས་པ་སྔོན་དུ་སོང་བའི་དབང་དུ་བྱས་པ་དང་། མ་སོང་བའི་དབང་དུ་བྱས་པ་དང་གཉིས་ལས། དང་པོ་ལྟར་ན་རྣལ་འབྱོར་མངོན་སུམ་ཡིན་པ་ཡང་ཡོད་དེ། སྔར་གྱི་ཉོན་སྒྲིབ་ཀྱི་ལྷག་མ་སྤོང་དགོས་པས་གང་ཟག་གི་བདག་མེད་སྒོམ་པའི་ཚེ་དེ་མངོན་སུམ་དུ་རྟོགས་པ་ཡིན་པའི་ཕྱིར་དང་། དགྲ་བཅོམ་གྱི་རྟོགས་པ་སྔོན་སོང་ལ་ཡང་རེས་འགའ་མངོན་དུ་འགྱུར་སྲིད་པའི་ཕྱིར། གལ་ཏེ་དེ་དག་བྱང་སེམས་ཀྱི་སྦྱོར་ལམ་མ་ཡིན་ནོ་སྙམ་ན་བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་གཞི་ཤེས་ཀྱི་རྣམ་པ་སྒོམ་པའི་བློ་ཡིན་པས་རྣམ་རྫོགས་སྦྱོར་བར་འབད་མེད་དུ་གྲུབ་ལ། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་རྣམ་རྫོགས་སྦྱོར་བ་ལ་བྱང་སེམས་ཀྱི་སྦྱོར་ལམ་མ་ཡིན་པ་མི་སྲིད་དོ། །གཉིས་པ་ལ། ཐེག་པ་གསུམ་ཆར་འཐོབ་པའི་རྒྱུར་གྱུར་པའི་ཐེག་པ་གསུམ་གྱི་རྟོགས་རིགས་སུ་གྱུར་པའི་སྦྱོར་ལམ་རྣམས་ནི་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཁོ་ན་ཡིན་ཏེ། བདག་མེད་གསུམ་པོ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བློ་ཡིན་པའི་ཕྱིར་རོ། །དམན་ལམ་སྔོན་དུ་མ་སོང་བ་ལ་ཡང་སྦྱོར་ལམ་ཐམས་ཅད་ནི་དེར་མ་ངེས་ཏེ། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་གཞན་སེམས་ཤེས་པའི་མངོན་ཤེས་དེ་བྱང་སེམས་ཀྱི་སྦྱོར་ལམ་དུ་ཁས་ལེན་དགོས་པའི་ཕྱིར་རོ། །གཉིས་པ་ནི་བྱང་སེམས་ཀྱི་སྦྱོར་ལམ་གྱི་གནས་སྐབས་སུ་རྟོགས་རིགས་གསུམ་པོ་དེ་ངོ་བོ་ཐ་དད་དུ་ཡོད་དེ། རྟོག་པ་སེལ་འཇུག་ཡིན་པས་གང་ཟག་གི་བདག་མེད་ཀྱི་རྣམ་པ་ཅན་དུ་སྐྱེས་པའི་ཚེ་ཆོས་ཀྱི་བདག་མེད་ཀྱི་རྣམ་པ་ཅན་དུ་སྐྱེས་པ་མ་ཡིན་པའི་ཕྱིར་རོ། །ས་དང་པོ་ཡན་ཆད་དུ་ངོ་བོ་གཅིག་ཏུ་ཡོད་དེ། ཡེ་ཤེས་གཅིག་ཉིད་ཀྱིས་སྤྲོས་པ་ཐམས་ཅད་ཅིག་ཅར་དུ་བཀག་ནུས་ལ་དེའི་ཚེ་བདེན་བཞིའི་སྟེང་དུ་རྟག་སོགས་བཅུ་དྲུག་གི་སྤྲོས་པ་བཀག་པའི་ཆ་ནས་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དང་། གཟུང་བའི་དོན་དུ་སྤྲོས་པ་བཀག་པའི་ཆ་ནས་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་དང་། མི་རྟག་སོགས་བཅུ་དྲུག་གི་སྤྲོས་པ་བཀག་པའི་ཆ་ནས་འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་སུ་འཇོག་པའི་ཕྱིར་རོ། །གསུམ་པ་མཚུངས་ལྡན་རྟོག་པའི་དཀའ་བའི་གནས་ལ་དཔྱད་པ་ལ། ངོ་བོ་དང་སྤང་བྱ་གང་དུ་ལྡན་དཔྱད། དགག་རྟོག་དང་། སྒྲུབ་རྟོག་གང་ཡིན་དཔྱད། མཐོང་སྤང་དང་། སྒོམ་སྤང་གང་ཡིན་དཔྱད། སྒྲིབ་པ་གཉིས་པོ་གང་ཡིན་དཔྱད་པ་དང་བཞི་ལས། དང་པོ་ནི། ལོ་ཆེན་གྱིས་རྟོག་པ་བཞི་པོ་འདི་དག་རྗེས་ཐོབ་ཁོ་ན་ལ་ལྡན་ཅིང་། ལྡན་ཚུལ་རང་གི་མཐོང་སྒོམ་གྱི་སྤང་བྱར་ལྡན་པ་ཡིན་གསུང་། དེ་ལ་འབྲེས་མཉམ་གཞག་ན་རྟོག་པ་མེད་པ་ནི་མི་རིགས་ཏེ། མཐོང་ལམ་དང་ཁྱད་པར་མེད་པར་ཐལ་བའི་ཕྱིར་རོ། །ཞེས་པའི་དགག་པ་མཛད་དོ། །ཨ་མ་རས་དཔེར་ན་དང་པོར་དགྲ་བཙོན་དུ་འཛིན་པ་དང་། ཉམས་དམོད་པ་དང་། མཚོན་དང་པོ་བརྒྱབ་པ་དང་། མཚོན་གཉིས་པ་བརྒྱབ་ནས་གནད་དུ་ཕོག་པ་དང་། ཤི་བའི་གནས་སྐབས་དང་ལྔ་ཡོད་པ་བཞིན་དུ་ཚོགས་ལམ་དུ་རྟོག་པ་བཙོན་དུ་འཛིན། ངེས་འབྱེད་དུ་མངོན་འགྱུར་དང་ས་བོན་མགོ་གནོན། མཐོང་ལམ་དུ་རགས་པ་སྤོང་། སྒོམ་ལམ་དུ་ཕྲ་བ་སྤོང་། མི་སློབ་ལམ་དུ་རྟོག་པ་འགགས་པའི་གནས་སྐབས་དང་ལྔ་ཡོད་དོ་ཅེས་བཤད་པ་དང་མཐུན་པར་དྭགས་པོ་དང་། ཁྱུང་ལ་སོགས་པ་ནི་རྣམ་རྟོག་བཞི་པོ་སྤོང་ལྡན་པ་ཞེས་བསྟན་ནས་དེ་དག་སྤང་བའི་གཉེན་པོའི་སྒོ་ནས་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་འབྲེས། སོ་སོ་སྐྱེ་བོ་ཕྱིན་ཅི་ལོག་ཅེས་སྦྱོར་ལམ་བཞི་པོ་ནི་རང་གི་ངོ་བོ་ཕྱིན་ཅི་ལོག་ཡིན་པས་ཕྱིན་ཅི་ལོག་གི་གཉེན་པོར་འགལ་ལོ་ཞེས་བཀག་ནས། རང་ལུགས་ལ་འདི་དག་ཁྱད་པར་བྱེད་ཆོས་སུ་བཤད་པས་སྒྲུབ་རྟོག་མ་ཡིན་ལ་མཐོང་ལམ་དང་ཁྱད་པར་མེད་པར་ཐལ་བས་མཉམ་གཞག་ན་མི་ལྡན་པ་ཡང་མ་ཡིན་ཞིང་། ཕྱིན་ཅི་ལོག་ཡིན་པས་ཕྱིན་ཅི་ལོག་གི་གཉེན་པོར་མི་རུང་བའི་ཕྱིར་ན་སྤང་བྱར་ལྡན་པ་མ་ཡིན་ནོ་ཞེས་བཞེད་དོ། །ཨར་གྱིས་ཕྱིན་ཅི་ལོག་ཡིན་ཡང་ཐོགས་མེད་ཀྱིས་སུན་འབྱིན་པའི་གཉེན་པོ་དང་། མགོ་གནོན་པའི་གཉེན་པོར་བཤད་པ་དང་། འདི་ཉིད་ནས་ཀྱང་ཆོས་སུ་ལྟ་བའི་གཉེན་པོར་ཉིད་ཀྱིས་ཞེས་གསུངས་པས་གཉེན་པོར་མི་འགལ་ལོ་ཞེས་བཀག་ནས་སྤང་བྱར་ལྡན་པར་འདོད་དོ། །དེ་ལ་སོགས་པའི་ལུགས་རབ་ཏུ་མང་བར་སྣང་ཡང་གནད་ཀྱི་དོན་ནི་འདི་ཡིན་ཏེ། གཞུང་ཉིད་ལས་དྲོད་ལ་སོགས་པའི་བདག་ཉིད་ཇི་ལྟ་བ་བཞིན་དུ་རྣམ་རྟོག་བཞི་པོ་ལྡན་ཞེས་པ་དང་། བསྟན་ཞེས་འབྱུང་བས་ལྡན་ཞེས་པའི་ཚིག་དོན་སྤང་བྱར་ལྡན་པ་ལ་འཆད་པ་ནི་མི་རིགས་ཏེ། སྤང་བྱ་ལ་ལྡན་པའི་སྒྲ་སྦྱོར་ན་ཧ་ཅང་ཐལ་བའི་ཕྱིར་རོ། །ཉིར་སྣང་ལས་ཀྱང་དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་དང་གཉིས་པ་དག་ནི་གོ་རིམ་བཞིན་དུ་གཟུང་བའི་རྣམ་པར་རྟོག་པ་གཉིས་སུ་འགྱུར་བ་ཡིན་ལ། གསུམ་པ་དང་བཞི་པ་དག་ཀྱང་འཛིན་པའི་རྣམ་པར་རྟོག་པ་གཉིས་ཡིན་ནོ་ཞེས་དང་། འགྲེལ་ཆུང་དུ་ཡང་། དེ་ལྟ་བུའི་རྣམ་པར་རྟོག་པ་བཞི་དང་། ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་པོ་གྲངས་བཞིན་དུ་ལྡན་པ་ཡིན་ནོ། །ཞེས་གསུངས་ཀྱི་སྤང་བྱར་ལྡན་པ་ཅུང་ཟད་ཀྱང་མ་གསུངས་པའི་ཕྱིར་རོ། །འོན་ཀྱང་སྦྱོར་ལམ་གྱིས་སྤང་བྱ་མ་ཡིན་པ་ནི་མི་འདོད་དེ། སྐབས་འདིའི་དངོས་བསྟན་གྱི་རྟོག་པ་བཞི་པོ་མཐོང་སྤང་ཡིན་པས་དེའི་སྤོང་བ་གཉེན་པོ་ལ་སྦྱོར་བའི་ལམ་དང་། བར་ཆད་མེད་པའི་ལམ་གཉིས་ཡོད་པས་སྔ་མ་ནི་སྦྱོར་ལམ་བཞི་ཆར་དང་། ཕྱི་མ་ནི་སྡུག་བསྔལ་ཆོས་བཟོད་ཀྱི་སྐད་ཅིག་མ་གཅིག་ལ་འཇོག་པ་ནི་གཞུང་གི་དགོངས་པ་ཡིན་ནོ། །དེ་ལྟར་ན་འགྲེལ་ཆེན་དང་། གནད་ཀྱི་ཟླ་འོད་སོགས་ལས། སྦྱོར་བའི་གནས་སྐབས་སུ་ཆ་ཤས་སུ་ཕྱེ་ནས་སྤོང་། བར་ཆད་མེད་པའི་གནས་སྐབས་སུ་ཅིག་ཅར་དུ་སྤོང་བར་བཤད་པ་དང་གནད་གཅིག་པར་འབྱུང་སྟེ། མཐོང་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་མངོན་འགྱུར་བ་བཞི་པོ་དེ་ནི་སྦྱོར་ལམ་མཉམ་གཞག་བཞིས་སོ་སོར་སྤོང་བས་སྦྱོར་ལམ་བཞི་ལ་གཟུང་བ་རང་བཞིན་མེད་པ་ལ་གསལ་སྣང་ཐོབ་པ་སོགས་སུ་འཇོག་པའི་ཕྱིར་དང་། ས་བོན་བཞི་པོ་སྡུག་བསྔལ་ཆོས་བཟོད་ཀྱིས་ཅིག་ཅར་དུ་སྤོང་བས་སྡུག་བསྔལ་ཆོས་བཟོད་གཅིག་ཉིད་ལ་མཐོང་ལམ་རྩེ་སྦྱོར་བཞིར་འཇུག་པའི་ཕྱིར་རོ། །དེས་ན་འདིར་ལྡན་པའི་དོན་ནི་བྱང་སེམས་ཀྱི་སྦྱོར་ལམ་རྗེས་ཐོབ་བཞི་ལ་དངོས་བསྟན་སྒྲུབ་རྟོག་བཞི་པོ་ངོ་བོར་ལྡན་ཞིང་། མཉམ་གཞག་བཞི་ལ་ཤུགས་བསྟན་དགག་རྟོག་བཞི་པོ་ངོ་བོར་ལྡན་པས་ན་ལྡན་ཞེས་པ་དང་། བསྟེན་ཞེས་པའི་ཚིག་གཉིས་འབྱུང་སྟེ་མཉམ་རྗེས་གང་དང་གང་ཉམས་སུ་ལེན་པའི་ཚེ་དེའི་ངོ་བོར་ལྡན་པ་དེ་ཉིད་བསྟེན་པ་ཡང་ཡིན་པའི་ཕྱིར་རོ། །འོ་ན་སྒྲུབ་རྟོག་རྗེས་ཐོབ་ལ་ངོ་བོར་ལྡན་པའི་ཚུལ་ཇི་ལྟར་སྙམ་ན་དྲོད་ཀྱི་རྗེས་ཐོབ་ཏུ་ཀུན་ནས་ཉོན་མོངས་ཀྱིས་ཆོས་སམ། ཐེག་དམན་གྱི་ལམ་འབྲས་བུ་དང་བཅས་པ་ནི་དོར་བྱའི་གཟུང་བར་མངོན་པར་ཞེན། རྩེ་མོའི་རྗེས་ཐོབ་ཀྱི་གནས་སྐབས་སུ་རྣམ་བྱང་གི་ཆོས་སམ་བྱང་སེམས་ཀྱི་ལམ་འབྲས་བུ་དང་བཅས་པ་ནི་བླང་བྱའི་གཟུང་བར་མངོན་པར་ཞེན། བཟོད་པའི་རྗེས་ཐོབ་ཀྱི་གནས་སྐབས་སུ་མཉམ་གཞག་གི་ལྟ་བས་མ་ཟིན་པའི་ཚེ། སེམས་ཅན་ལ་དམིགས་པའི་སྙིང་རྗེས་གང་ཟག་རྫས་ཡོད་ལ་དམིགས་ནས་ལོངས་སྤྱོད་པ་པོར་མངོན་པར་ཞེན། ཆོས་མཆོག་གི་རྗེས་ཐོབ་ཏུ་ནི་ཆོས་ལ་དམིགས་པའི་སྙིང་རྗེས་སྐྱེས་བུ་བཏགས་ཡོད་ལ་དམིགས་ནས་ལོངས་སྤྱོད་པ་པོར་མངོན་པར་ཞེན་པའོ། །དེ་དག་གི་རྒྱུ་མཚན་ནི་དྲོ་བ་རྣམས་ཀྱིས་དམིགས་པ་འདིར་ཞེས་པའི་སྐབས་སུ་ཤེས་པར་འགྱུར་རོ། །མཉམ་གཞག་ལ་དགག་རྟོག་ངོ་བོར་ལྡན་པའི་ཚུལ་ནི་དྲོད་ཀྱི་མཉམ་གཞག་ཏུ་ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པར་རྟོག་པའི་ཚེ་དེར་ཞེན་པ་ལས་མ་འདས་ཏེ། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་ཡིན་པའི་ཕྱིར་རོ། །དེར་ཞེན་པ་དེ་ཉིད་ཀྱང་ལམ་ཕྱི་མ་ལ་ལྟོས་ཏེ། སྤང་བྱའི་རྣམ་རྟོག་ཡིན་ཏེ། སྤྱིར་དབུ་མའི་ལྟ་བ་ལ་ཡོད་པར་ཞེན་པ་དང་། མེད་པར་ཞེན་པ་དང་། བདེན་པར་ཞེན་པ་དང་། བདེན་མེད་དུ་ཞེན་པ་ཐམས་ཅད་བཀག་ནས་མཐར་འཛིན་པ་གང་ཡང་མེད་པ་ཅིག་དགོས་པའི་ཕྱིར་རོ། །དེང་སང་ལྟ་བ་སྤྲོས་བྲལ་བཀག་ནས། དབུ་མའི་དགག་བྱ་ནི་བདེན་པ་ཁོ་ན་ཡིན་གྱི་སྟོང་ཉིད་དུ་མངོན་པར་ཞེན་པ་དགག་མི་དགོས་ཞེས་སྨྲ་བ་ནི་གཞན་དུ་བཀག་ཟིན་ཅིང་། མདོར་སྟོང་ཞེས་བྱ་བར་སྤྱོད་པ་དང་། མི་སྟོང་ཞེས་བྱ་བར་སྤྱོད་པ། གཉིས་ཀ་མཚན་མ་ལ་སྤྱོད་པར་གསུངས་པ་དང་། འདིར་ཡང་མི་རྟག་ལ་སོགས་བཅུ་དྲུག་ལ་མངོན་ཞེན་བཀག་པའི་ཚེ་སྟོང་པ་དང་བདག་མེད་ལ་ཡང་མངོན་ཞེན་བཀག་དགོས་པ་སོགས་ཕལ་ཆེར་དང་འགལ་བར་འགྱུར་རོ། །ངོ་བོར་ལྡན་པའི་ཚེ་སྦྱོར་ལམ་འདིར་བསྟན་གྱི་རྟོག་པ་ཡིན་ཞེས་པ་དང་། འདིར་བསྟན་གྱི་རྟོག་པ་དེ་སྦྱོར་ལམ་ཡིན་ཞེས་པར་ནི་ཁས་མི་ལེན་ཏེ། འདིར་བསྟན་གྱི་རྟོག་པ་ནི་མངོན་པར་ཞེན་པའི་ཆ་ནས་འཇོག་དགོས་ཤིང་སྦྱོར་ལམ་ནི་མངོན་ཞེན་བཀག་པའི་ཆ་ནས་འཇོག་དགོས་པའི་ཕྱིར་རོ། །འོ་ན་ངོ་བོ་གཅིག་པར་འགལ་ལོ་ཞེ་ན་དྲོད་མཉམ་གཞག་གི་གནས་སྐབས་སུ་སྡུག་བསྔལ་གྱི་བདེན་པ་མི་རྟག་པ་ལ་མངོན་པར་ཞེན་པ་བཀག་པའི་ཚེ་མི་རྟག་པ་མ་ཡིན་ནོ་སྙམ་དུ་མངོན་པར་ཞེན་པ་ལས་མ་འདས་པས་མི་རྟག་པ་ལ་མངོན་པར་ཞེན་པ་བཀག་པ་དང་། མི་རྟག་པ་མ་ཡིན་པར་མངོན་པར་ཞེན་པ་གཉིས་བློ་ངོ་བོ་གཅིག་ཏུ་ཡོད་ཅིང་། དེའི་ཚེ་མི་རྟག་པ་ལ་མངོན་ཞེན་བཀག་པའི་ཆ་དེ་སྦྱོར་ལམ་ཡིན་ཀྱང་འདིར་བསྟན་གྱི་རྟོག་པ་མ་ཡིན། མི་རྟག་པ་མ་ཡིན་པར་མངོན་པར་ཞེན་པའི་ཆ་དེ་འདིར་བསྟན་གྱི་རྟོག་པ་ཡིན་ཀྱང་སྦྱོར་ལམ་དུ་མི་འཇོག་པས་འགལ་བ་མེད་དོ། །དེ་བཞིན་དུ་བློ་སྔ་མས་གང་དུ་ཞེན་པའི་ཡུལ་དེ་ཉིད་བློ་ཕྱི་མས་བཀག་ནས་སྟོང་པ་དང་མི་སྟོང་པ་སོགས་ཀྱི་ཞེན་པ་མཐའ་དག་ཀྱང་བཀག་དགོས་པས་དམིགས་རྣམ་ཐམས་ཅད་ལ་སྦྱར་བར་བྱ་སྟེ་བཤད་ཀྱིས་ག་ལ་ལང་། གནད་འདི་ཤེས་ན་དགག་རྟོག་དང་སྦྱོར་ལམ་མཉམ་གཞག་ངོ་བོ་གཅིག་ཏུ་འཇོག་པའི་ཚུལ་དང་། རྟོག་པས་སྤྲོས་པ་ཅིག་བཀག་ཀྱང་ཅིག་ཤོས་སུ་འཛིན་པས་རེས་འཇོག་གིས་ཐམས་ཅད་བཀག་དགོས་པའི་ཚུལ་དང་། རྣལ་འབྱོར་མངོན་སུམ་གྱིས་སྤྲོས་པ་མཐའ་དག་ཅིག་ཅར་དུ་བཀག་པའི་ཚུལ་རྣམས་གནད་གཅིག་ཏུ་འདུས་པར་གོ་བར་འགྱུར་ཞིང་། གཞན་དུ་ན་བསྐལ་པར་བཙལ་ཀྱང་གོ་བར་མི་འགྱུར་རོ། །གཉིས་པ་དགག་རྟོག་དང་སྒྲུབ་རྟོག་གང་ཡིན་དཔྱད་པ་ནི། ཁ་ཅིག་སྒྲུབ་རྟོག་ཁོ་ནར་འདོད་པ་དང་། གཞན་དག་དགག་རྟོག་ཁོ་ནར་འདོད་པ་དང་། ལོ་ཙཱབའི་བླ་མ་འགའ་ཞིག་རྟོག་པ་བཞི་པོ་སྦྱོར་ལམ་ལ་ངོ་བོར་ལྡན་དགོས་པས། གསུམ་པ་དགག་རྟོག་དང་གཞན་གསུམ་པོ་སྒྲུབ་རྟོག་ཏུ་འདོད་པ་སོགས་དུ་མ་སྣང་ཡང་རྩ་བའི་དགོངས་པ་ནི་འདི་ལྟར་ཡིན་ཏེ། མདོར་རྟོག་པ་གཞན་གསུམ་ལ་དགག་རྟོག་དངོས་སུ་བསྟན་ཞིང་། སྒྲུབ་རྟོག་ཤུགས་ལ་བསྟན་ལ། བསྟན་བཅོས་སུ་ནི་གཞན་གསུམ་དེ་ལས་བཟློག་སྟེ་བསྟན་པས། བསྟན་བཅོས་ཀྱི་དངོས་བསྟན་སྒྲུབ་རྟོག་ཁོ་ན་ཡིན་ཏེ། ཡུལ་དགུ་བཞི་སོ་དྲུག་ལ་དམིགས་ནས་གཟུང་བ་དང་འཛིན་པའི་རྣམ་པ་ཅན་ཡིན་པས། སྒྲུབ་རྟོག་ལས་འོས་མེད་པའི་ཕྱིར་རོ། །མདོའི་དངོས་བསྟན་དང་བསྟན་བཅོས་ཀྱི་ཤུགས་བསྟན་ནི་དགག་རྟོག་ཡིན་ཏེ། ཡུལ་སོ་དྲུག་ལ་དམིགས་ནས་གཟུང་འཛིན་རང་བཞིན་མེད་པའི་རྣམ་པ་ཅན་ཡིན་པས། འཛིན་སྟངས་དགག་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །དགག་རྟོག་ཁས་ལེན་པའི་ཚེ་ན་ཡང་། བུམ་པ་བདེན་མེད་བདེན་པར་མངོན་པར་ཞེན་པའི་བློ་ལྟ་བུ་ནི་དགག་རྟོག་ཏུ་ཁས་མི་ལེན་ཏེ། འཛིན་སྟངས་སྒྲུབ་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །མདོར་ན་འཛིན་སྟངས་སྒྲུབ་པའི་རྣམ་པ་ཅན་གྱི་མངོན་པར་ཞེན་པ་དེ་སྤང་བྱ་ཡིན་ན་དེའི་ལོག་ཕྱོགས་དགག་པའི་རྣམ་པ་ཅན་གྱིས་མངོན་པར་ཞེན་པ་དེ་ཡང་སྤང་བྱ་ཡིན་དགོས་ཏེ་ཡོད་མེད་ཡིན་མིན་སོགས་གཉིས་འཛིན་གྱི་སྤྲོས་པ་མཐའ་དག་བཀག་དགོས་པའི་ཕྱིར་རོ། །འདི་ནི་དབུ་མའི་ལྟ་བ་སྟོན་པའི་བཀའ་དང་བསྟན་བཅོས་ཐམས་ཅད་ལས་མགྲིན་གཅིག་ཏུ་འབྱུང་ཡང་། ལྷན་སྐྱེས་ཀྱི་མགོ་ལ་ཀུན་བཏགས་ཀྱི་ཞྭ་མོ་གྱོན་པ་དག་གིས་ནི་མ་མཐོང་བར་སྣང་ངོ་། །གསུམ་པ་མཐོང་སྤང་དང་། སྒོམ་སྤང་གང་ཡིན་དཔྱད་པ་ནི། དངོས་བསྟན་གྱི་སྒྲུབ་རྟོག་བཞི་པོ་ནི་མཐོང་སྤང་ཁོ་ན་ཡིན་ཏེ། ཉིར་སྣང་དུ་ད་ནི་རྣམ་པར་རྟོག་པ་དང་ཡང་དག་པར་ལྡན་པ་བཤད་པར་བྱའོ། །དེ་ལ་མཐོང་བའི་ལམ་གྱི་མི་མཐུན་པའི་ཕྱོགས་ནི་རྣམ་པར་རྟོག་པ་རྣམ་པ་བཞི་སྟེ། ཅི་ལྟར་ཞེ་ན། གཟུང་བའི་རྣམ་པར་རྟོག་པ་རྣམ་པ་གཉིས་ཏེ། དངོས་པོ་ཙམ་ལ་བརྟེན་པ་དང་། གཉེན་པོའི་ཕྱོགས་ལ་བརྟེན་པའོ། །ཙམ་སྨོས་པ་ནི་ཁྱད་པར་གསལ་བའི་དོན་དུ་ཡིན་ནོ། །འཛིན་པའི་རྣམ་པར་རྟོག་པ་རྣམ་པ་གཉིས་ཏེ། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་དང་། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ནོ། །ཞེས་གསུངས་པའི་ཕྱིར་རོ། །བྱང་སེམས་ཀྱི་སྦྱོར་ལམ་མཉམ་གཞག་བཞི་ཆར་མཐོང་སྤང་གི་སྤོང་བ་གཉེན་པོ་ལ་གཉིས་སུ་ཕྱེ་བའི་སྦྱོར་བའི་ལམ་ཡིན་ཞིང་དངོས་བསྟན་གྱི་རྟོག་པ་བཞི་པོ་མཉམ་གཞག་དང་། འཛིན་སྟངས་དངོས་སུ་འགལ་བའི་གནད་ཀྱིས་ཀྱང་། མཐོང་སྤང་དུ་གྲུབ་སྟེ་སྔར་བཤད་ཟིན་ཏོ། །འོ་ན་ཉིར་སྣང་དུ་འཆད་པར་འགྱུར་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མཐོང་བ་དང་སྒོམ་པའི་ལམ་གྱིས་སྤང་བར་བྱ་བ་ཞེས་དང་། འགྲེལ་ཆུང་ལས་མཐོང་བ་དང་སྒོམ་པས་སྤང་བར་བྱ་བ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཞི་པོ་འཆད་པར་འགྱུར་བའི་ཚུལ་དང་། འགྲེལ་པར་འབྱུང་བ་ཞེས་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། དངོས་བསྟན་མཐོང་སྤང་ཡིན་ཡང་། ཤུགས་བསྟན་དགག་པའི་རྣམ་པ་ཅན་གྱི་རྟོག་པ་བཞི་པོ་མཐོང་ལམ་གྱིས་སྤོང་མི་ནུས་པས་བདེན་ཞེན་མེད་པར་ཆོས་ཅན་ལ་བཏགས་པ་ཙམ་དུ་འཛིན་པར་སོང་བའི་ཚེ། བྱང་སེམས་འཕགས་པའི་རྒྱུད་ལ་ཡང་མངོན་དུ་འགྱུར་སྲིད་ལ། དེ་ཉིད་སྐབས་ལྔ་པ་ནས་བཤད་པའི་སྒོམ་སྤང་རྟོག་པར་འཇོག་དགོས་པའི་ཕྱིར་རོ། །དེ་ལྟར་བྱས་ན་རྗེ་བཙུན་ཤེས་བྱ་ཀུན་རིག་གི་ཞལ་སྔ་ནས། སྐབས་ལྔ་པའི་སྒོམ་སྤང་འཛིན་རྟོག་གཉིས་ཀ་ཡང་བཏགས་འཛིན་རྟོག་པའི་ཁོངས་སུ་འདུས་ཞེས་གསུངས་ཤིང་། རྩ་བར་ཡང་བཏགས་འཛིན་རྟོག་པ་ཁོ་ནར་གསུངས་པ་དང་། རྫས་འཛིན་རྟོགས་པ་ཡིན་ན་བདེན་འཛིན་ཡིན་དགོས་པས། བྱང་འཕགས་ཀྱི་རྒྱུད་ལ་རྫས་འཛིན་རྟོག་པ་གཏན་མེད་པ་དང་། དངོས་ཤུགས་མ་ཕྱེ་བའི་སྐབས་འདིར་བསྟན་གྱི་རྟོག་པ་ལ། འཕགས་སེང་གཉིས་ཆར་གྱིས་མཐོང་སྤང་དང་། སྒོམ་སྤང་གཉིས་ཡོད་པར་གསུངས་པ་རྣམས་གནད་གཅིག་ཏུ་འདུས་ཤིང་། གཞན་དུ་ན་སྐབས་འདིར་དངོས་བསྟན་གྱི་རྟོག་པ་བཞི་ལ། སྒོམ་སྤང་དང་མཐོང་སྤང་གཉིས་སུ་ཕྱེ་ན། སྒོམ་སྤང་རྫས་འཛིན་རྟོག་པ་ཁས་ལེན་དགོས་པས། དེ་ནི་རྩ་བར་མ་བཤད་དོ། །བཞི་པ་སྒྲིབ་གཉིས་གང་ཡིན་དཔྱད་པ་ནི། སློབ་དཔོན་གྱིས་སྐབས་ལྔ་པར། མཐོང་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པ་ན། དེ་དག་གིས་བསྡུས་པའི་རྣམ་པར་རྟོག་པ་སྐྱེད་པར་བྱེད་པའི་ཉོན་མོངས་པའི་བག་ཆགས་བརྒྱ་རྩ་བརྒྱད་སྤང་ཞེས་དང་། སྒོམ་སྤང་རྟོག་པའི་སྐབས་སུ་ཡང་། དེ་དང་འདྲ་བར་གསུངས་པ་ལ་བརྟེན་ནས། བོད་རྣམས་སྐབས་འདིར་བསྟན་གྱི་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་ཆར་བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི། ཤེས་སྒྲིབ་ཁོ་ན་ཡིན་པས་ཉན་རང་གི་སྤང་བྱའི་རིགས་སུ་གནས་པའི་ཉོན་སྒྲིབ་དང་། ཤེས་སྒྲིབ་གཟུང་རྟོག་མེད་དོ་ཅེས་མགྲིན་པ་བསྒྲིགས་ཏེ་སྨྲ་བར་ནུས་སོ། །རྩ་བའི་དགོངས་པ་ནི་འདི་ལྟར་ཡིན་ཏེ། སྐབས་འདིར་དངོས་སུ་བསྟན་པའི་མཐོང་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་པོ་དེ་གང་ཟག་གི་ངོས་ནས་བྱང་སེམས་ལམ་གྱི་སྤང་བྱ་ཁོ་ན་ཡིན་ཀྱང་ཐེག་པ་གསུམ་ཆར་གྱི་སྤང་བྱའི་རིགས་ནི་ཐམས་ཅད་ཚང་སྟེ། གཟུང་རྟོག་གཉིས་ལ་གཞིའི་རྟེན་ཅན་དང་། དེའི་གཉེན་པོའི་རྟེན་ཅན་ཞེས་པའི་ཐ་སྙད་དངོས་སུ་གསུངས་ཤིང་། གཞི་དེ་ཀུན་ནས་ཉོན་མོངས་པའི་ཆོས་ཙམ་དང་། དེའི་གཉེན་པོ་དེ་རྣམ་བྱང་གི་ཆོས་ཙམ་དུ་བྱས་ནས་བླང་དོར་དུ་མངོན་པར་ཞེན་པ་ནི་རང་རྒྱལ་གྱི་སྤང་བྱའི་རིགས་སུ་གནས་པའི་ཤེས་སྒྲིབ་གཟུང་རྟོག་ཡིན་པའི་ཕྱིར་དང་། གཞི་དེ་ཐེག་དམན་གྱི་ལམ་འབྲས་བུ་དང་བཅས་པ་དང་། དེའི་གཉེན་པོ་བྱང་སེམས་ཀྱི་ལམ་འབྲས་བུ་དང་བཅས་པར་བྱས་ནས་དེ་ལ་བླང་དོར་དུ་མངོན་པར་ཞེན་པ་ནི་བྱང་སེམས་ཀྱི་སྤང་བྱའི་རིགས་སུ་གནས་པའི་ཤེས་སྒྲིབ་གཟུང་རྟོག་ཡིན་པའི་ཕྱིར་དང་། རྫས་འཛིན་རྟོག་པ་ལ་གང་ཟག་རྫས་ཡོད་དུ་འཛིན་པ་ནི་གང་ཟག་གི་བདག་འཛིན་ཡིན་པས་ཉན་ཐོས་ཀྱི་སྤང་བྱའི་རིགས་སུ་གནས་པའི་ཉོན་སྒྲིབ་དང་། ཆོས་ལ་རྫས་ཡོད་དུ་འཛིན་པ་དང་། བཏགས་འཛིན་རྟོག་པ་གཉིས་ནི་ཆོས་ཀྱི་བདག་འཛིན་ཡིན་པས་བྱང་སེམས་ཀྱི་སྤང་བྱའི་རིགས་སུ་གནས་པའི་ཤེས་སྒྲིབ་ཡིན་པའི་ཕྱིར་རོ། །སྐབས་དང་པོར་ཐེག་པ་གསུམ་ཆར་གྱི་སྤང་བྱའི་རིགས་འདུས་པའི་མཐོང་སྤང་རྟོག་པ་བཞི་དངོས་སུ་བསྟན་ཅིང་། སྐབས་ལྔ་པར་གཟུང་རྟོག་གཉིས་ལ་ཐེག་ཆེན་གྱི་སྤང་བྱའི་རིགས་དང་། རྫས་འཛིན་རྟོག་པ་ལ་མདོར་བསྟན་སྐབས་དང་པོ་དང་མཐུན་ཅིང་། རྒྱས་བཤད་དུ་བྱང་སེམས་ཀྱི་སྤང་བྱའི་རིགས་བསྟན་པ་ནི་གཞུང་ན་གསལ་བས་ཀླན་ཀའི་གོ་སྐབས་མེད་དོ། །མདོར་ན་མཐོང་སྤང་རྟོག་པའི་ནང་དུ་ཐེག་པ་གསུམ་ཆར་གྱི་སྤང་བྱའི་རིགས་འདུས་པ་དང་། དེའི་གཉེན་པོ་བྱང་སེམས་ཀྱི་སྦྱོར་ལམ་མཉམ་གཞག་ན་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་འདུས་པ་དང་། དེའི་འབྲས་བུ་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ལ་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བ་དང་། དེའི་འབྲས་བུ་རྣམ་དག་ལ་ཐེག་པ་གསུམ་ཆར་གྱི་སྤང་བྱ་སྤངས་པའི་རྣམ་དག་ཚང་བ་ནི་མངོན་པར་རྟོགས་པའི་རྒྱན་འདིའི་དབུ་ཞབས་ཀྱི་དགོངས་པ་གཅིག་ཏུ་སྣང་སྟེ། སྤང་བྱ་ཚང་ཚུལ་ནི་སྔར་བཤད་ཟིན་ལ། གཉེན་པོ་ཚང་ཚུལ་ནི་སྦྱོར་ལམ་གྱིས་བསྡུས་པའི་སེམས་བསྐྱེད་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྒྲིབ་པའི་བུད་ཤིང་སྲེག་པར་བྱེད་པ་དང་། ཞེས་དང་། རྟོགས་རིགས་ཚང་ཚུལ་ནི་ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ་ཞེས་དང་། རྣམ་དག་ཚང་ཚུལ་ནི། ལམ་གསུམ་ཉམས་ཕྱིར་རྒྱལ་སྲས་རྣམས་ཀྱི་དག །ཅེས་འབྱུང་བའི་ཕྱིར་རོ། །འོ་ན་བྱང་སེམས་ཀྱི་སྦྱོར་ལམ་གྱིས་ཐེག་པ་གསུམ་ཆར་གྱི་སྤང་བྱའི་རིགས་མངོན་གྱུར་ཆ་ཤས་སུ་ཕྱེ་ནས་སྤོང་ཞིང་མཐོང་ལམ་བར་ཆད་མེད་ལམ་གྱིས་ས་བོན་ཅིག་ཅར་དུ་སྤོང་བར་ཁས་ལེན་དགོས་སོ་ཞེ་ན། ཤིན་ཏུ་ཡང་ཁས་ལེན་ཏེ། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་གཅིག་ཉིད་ལ་ཐེག་ཆེན་གྱི་མཐོང་སྤང་མ་ལུས་པ་དང་། ཉན་རང་གི་སྤང་བྱའི་རིགས་སུ་གནས་པའི་མཐོང་སྤང་དང་སྒོམ་སྤང་གཉིས་ཀ་སྤོང་བའི་ནུས་པ་གནས་པའི་ཕྱིར་ཏེ། ཉན་རང་གི་མཐོང་སྒོམ་གྱི་ལམ་གཉིས་ཆར་གྱི་བྱེད་པ་འདུས་པའི་ཕྱིར་རོ། །དེ་སྐད་དུ་ཡང་ཉིར་སྣང་དུ། བྱང་ཆུབ་སེམས་དཔའི་བཟོད་པའི་བྱེད་པར་གཞན་རྣམས་ཀྱི་རྟོགས་པའི་བྱེད་པ་མ་ལུས་པ་འདུས་པར་འགྱུར་བའི་ཕྱིར། དེ་དག་གི་ཤེས་པ་དང་སྤོང་བ་གང་ཡིན་པ་དེའི་བཟོད་པ་ཡིན་གྱི་རྟོགས་པའི་བྱེད་པ་འདི་ཙམ་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་གྲངས་གཞན་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་རྒྱུད་བླའི་དགོངས་པ་དང་ཡང་མཐུན་ཏེ། རྒྱུད་བླར། བྱང་སེམས་ཀྱི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཉོན་སྒྲིབ་སྤོང་བ་དང་། རྗེས་ཐོབ་ཀྱིས་ཤེས་སྒྲིབ་སྤོང་བར་བཤད་ཅིང་། བྱང་སེམས་འཕགས་པས་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་སྤངས་ཟིན་པར་ཡང་བཤད་པས་མཐོང་ལམ་བར་ཆད་མེད་ལམ་གྱིས་ཉོན་སྒྲིབ་ཀྱི་དངོས་གཉེན་བྱེད་ཅིང་། རྣམ་གྲོལ་ལམ་གྱི་དུས་སུ་སྤངས་ཟིན་པ་ལས་འོས་མེད་པའི་ཕྱིར་རོ། །གལ་ཏེ་དེའི་ཉོན་སྒྲིབ་ནི་བག་ལ་ཉལ་ལ་དགོངས་སོ་སྙམ་ན་མ་ཡིན་ཏེ། དེ་ཤེས་སྒྲིབ་ཏུ་འཇོག་པའི་སྐབས་ཡིན་པའི་ཕྱིར་རོ། །མཉམ་གཞག་དེ་བྱང་སེམས་ཀྱི་སྦྱོར་ལམ་ལ་དགོངས་སོ་སྙམ་ན་ཡང་མ་ཡིན་ཏེ། མི་རྟོག་ཡེ་ཤེས་སུ་བཤད་པའི་ཕྱིར་རོ། །རང་རྒྱལ་གྱི་སྤང་བྱའི་རིགས་ནི་གཟུང་བ་ཕྱི་རོལ་གྱི་དོན་ལ་བདེན་པར་འཛིན་པའི་བདེན་འཛིན་ཡིན་གྱི། ཀུན་ནས་ཉོན་མོངས་གཟུང་རྟོག་དང་། རྣམ་བྱང་གཟུང་རྟོག་མ་ཡིན་ནོ་སྙམ་ན། དེ་ལྟར་ན་སྐབས་བཞི་པར་བཤད་པའི་ལམ་གཉིས་པའི་རྣམ་པ་ལྔ་པོ་དེ་རང་རྒྱལ་གྱི་རྟོགས་རིགས་ཡིན་གྱི་ལམ་གསུམ་པའི་རྣམ་པ་དྲུག་པོ་དེ་རང་རྒྱལ་གྱི་རྟོགས་རིགས་མ་ཡིན་པར་ཁས་བླངས་པས་ལེགས་པར་དཔྱོད་ལ་སྨྲོས་ཤིག ཁོ་བོ་ནི་གཞུང་ལུགས་ཚད་ལྡན་གྱི་མགོ་མཇུག་བསྒྲིགས་ནས་སྨྲ་བ་ཡིན་གྱི། དེང་སང་གི་རི་བོང་ཅལ་གྱི་རྗེས་སུ་འབྲང་བ་མ་ཡིན་ནོ། །སློབ་དཔོན་གྱིས་སྐབས་ལྔ་པའི་གཞུང་འདི་ཉིར་སྣང་ལས། དེ་ཡང་མཐོང་བའི་ལམ་གྱི་བཟོད་པ་སྐྱེས་པ་ན། འདོད་པ་དང་གཟུགས་དང་། གཟུགས་མེད་པའི་ཁམས་ཀྱིས་བསྡུས་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱ་རྩ་བརྒྱད་པོ་རྣམ་པར་རྟོག་པ་བཞིས་བསྡུས་པ་རྣམས་སྤོང་བར་འགྱུར་རོ་ཞེས་པའི་དོན་དུ་མཛད་པར་སྣང་ཡང་། ལུང་དེའི་དོན་ནི་མཐོང་སྤང་རྟོག་པ་ཐམས་ཅད་ལ་ཉོན་མོངས་ཀྱི་མིང་གིས་བཏགས་པའི་དོན་དུ་སྣང་སྟེ། ཉིར་སྣང་དུ། ས་དགུ་ལ་ནི་ཆེན་པོ་ཡི། །ཞེས་པའི་སྐབས་ཀྱི་དྲི་མ་དགུ་པོ་ལ་ཡང་ཉོན་མོངས་པའི་མིང་གིས་གསུངས་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ་ཞེས་འབྱུང་བ་དང་ཡང་མཐུན་པའི་ཕྱིར་རོ། །ངེས་འབྱེད་ཡན་ལག་བཤད་ཟིན་ནས་དེའི་འོག་ཏུ་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་སྟོན་ཏེ། ངེས་འབྱེད་ཡན་ལག་ཐོབ་ནས་སྒྲུབ་པ་བཅུ་གསུམ་གྱི་རྟེན་དུ་གྱུར་པའི་རིགས་འཇོག་དགོས་པའི་ཕྱིར་རོ། །ཉིར་སྣང་དུ་ནི། རྒྱུ་འབྲས་དོན་གྱི་གོ་རིམ་ལྟར་ན་སེམས་བསྐྱེད་ཀྱི་ཐོག་མར་རིགས་བསྟན་པར་བྱ་བ་ཡིན་ཀྱང་འདིར་འབྲས་བུའི་རྗེས་སུ་རྒྱུ་སྟོན་པ་རྟོགས་པའི་གོ་རིམ་དུ་བཤད་དོ། །འདི་ལ་རིགས་ཀྱི་དབྱེ་བ་དང་། རྩོད་པ་སྤོང་བ་དང་། རང་བཞིན་གཏན་ལ་དབབ་པ་གསུམ་ལས། དང་པོ་ནི། རྟོགས་པ་ཡི་ནི་ཆོས་དྲུག་དང་། །ཞེས་སོགས་ཚིགས་བཅད་གཉིས་ཏེ། རྟེན་ལ་རིགས་ཞེས་བྱ་ཞེས་པ་ཐམས་ཅད་ཀྱི་གསལ་བྱེད་དུ་སྦྱར་ནས་དྲོད་ཀྱི་རྟེན་དུ་གྱུར་པའི་ཆོས་དབྱིངས་ལ་རིགས་ཞེས་བརྗོད་པ་ནས་ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་རྟེན་དུ་གྱུར་པའི་ཆོས་དབྱིངས་ལ་རིགས་ཞེས་བརྗོད་པའི་བར་བཅུ་གསུམ་དུ་དབྱེར་ཡོད་དོ། །དེ་ཡང་གོང་དུ་བྱང་ཆུབ་སེམས་དཔར་ཞེས་མང་དུ་གསུངས་པའི་ཚིག་གི་དོན་ཞུས་པའི་ལན་དུ། རབ་འབྱོར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི་ཚིག་གི་དོན་མེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ལ་ནི་སྐྱེ་བའམ་ཡོད་པ་ཉིད་ཡོད་པའམ་དམིགས་པ་མ་ཡིན་ནོ་ཞེས་གསུངས་ལ། འདིས་ནི་བརྟེན་པ་བྱང་ཆུབ་རྫས་སུ་མེད་པའི་འཐད་པས་སྐྱེ་མཆེད་དྲུག་གི་ཆོས་ཉིད་ཀྱི་མཚན་ཉིད་ཀྱི་རིགས་ནི་བྱང་ཆུབ་སེམས་དཔའི་སྒྲ་འཇུག་པའི་རྒྱུ་ཡིན་གྱི་དངོས་པོར་གྱུར་པའི་ཚིག་གི་དོན་ནི་མ་ཡིན་ནོ། །ཞེས་ཉིར་སྣང་དུ་བཤད་དོ། །ལུགས་འདི་ལ་ཆོས་དབྱིངས་དེས་སྒྲུབ་པའི་རྟེན་བྱེད་པའི་ཚེ་ན་རིགས་སུ་འཇོག་པ་ཡིན་གྱི། བར་ཆད་བཞི་དང་བཅས་པའི་ཚེ་རིགས་སུ་མི་འཇོག་པར་བཞེད་དེ། ཉིར་སྣང་དུ། གལ་ཏེ་རང་བཞིན་དུ་གནས་པའི་རིགས་འགའ་ཞིག་ཡོད་ན། ཅིའི་ཕྱིར་ཐོག་མ་དང་བྲལ་བའི་འཁོར་བར་གདྒཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་རྣམས་མྱ་ངན་ལས་འདས་ཀྱང་ད་དུང་དུ་ཡང་རང་བཞིན་དུ་གནས་པའི་རིགས་དང་ལྡན་པའི་སྲོག་ཆགས་རྣམས་མྱ་ངན་ལས་མ་འདས་ཤེ་ན། དེ་ནི་ཉེས་དམིགས་རྣམ་པ་བཞི་དང་ལྡན་པའི་ཕྱིར་ཏེ། ཉོན་མོངས་པ་དང་། གྲོགས་ངན་པ་དང་། ཕོངས་པ་དང་། གཞན་གྱི་དབང་རྣམས་ནི་དེའི་ཉེས་པ་ཡིན་ནོ། །ཞེས་གང་གསུངས་པ་ཡིན་ནོ། །འདིས་ནི་བར་ཆད་མེད་པ་ཉིད་ལ་རང་བཞིན་དུ་གནས་པའི་རིགས་སུ་མངོན་པར་འདོད་དོ། །ཅེས་གསུངས་སོ། །ཡང་ན་ལུང་འདིའི་དགོངས་པ་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་ལ་འཆད་དགོས་ཀྱི། གཞན་དུ་ན། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་པ་དང་འགལ་བར་འགྱུར་རོ། །དེས་ན་བྱང་ཆུབ་སེམས་དཔའ་རྣམ་པ་བཅུ་གསུམ་པོའི་རྒྱུད་ཀྱི་སེམས་ཀྱི་དབྱིངས་ལ་སྒྲུབ་པའི་རྟེན་དུ་ལུས་རྣམ་གཞག་ལས་བསྟན་ལ། སྐབས་འདིར་ནི་སྒྲུབ་པའི་རྟེན་དེ་ཉིད་ལ་རིགས་ཞེས་བསྟན་པས། འདིར་ཆོས་དབྱིངས་དང་རིགས་གཉིས་པོ་དོན་གཅིག་གོ །དེ་ལ་བཅུ་གསུམ་དུ་ཇི་ལྟར་འགྱུར་ན། རྟོགས་པའི་དབང་དུ་བྱས་པ་དྲུག བར་ཆད་མེད་ལམ་གྱི་དབང་དུ་བྱས་པ་གཉིས། རྣམ་གྲོལ་ལམ་གྱི་དབང་དུ་བྱས་པ་གཅིག ཡོན་ཏན་ཁྱད་པར་ཅན་གྱི་དབང་དུ་བྱས་པ་བཞི་སྟེ། སྒྲུབ་པ་བཅུ་གསུམ་ཡོད་པས་དེའི་རྟེན་ཆོས་དབྱིངས་བཅུ་གསུམ་ལ་རིགས་བཅུ་གསུམ་དུ་འཇོག་པའི་ཕྱིར་རོ། །སྒྲུབ་པ་བཅུ་གསུམ་པོའི་ས་མཚམས་ཇི་ལྟར་སྙམ་ན། བུདྡྷ་ཤྲཱི་ལྟར་ན། དང་པོ་དྲུག་སྦྱོར་ལམ་བཞི་དང་། མཐོང་ལམ་དང་ས་བདུན་པ་མན་ཆད་ཀྱི་སྒོམ་ལམ་ན་རིམ་པ་ལྟར་ཡོད། བདུན་པ་བརྒྱད་པ་དགུ་པ་གསུམ། ས་བརྒྱད་པ་དང་། དགུ་པ་དང་། བཅུ་པ་ན་རིམ་པ་བཞིན་ཡོད། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ་གསུམ་ཡང་དག་པ་ས་གསུམ་ན་རིམ་པ་བཞིན་ཡོད། བཅུ་གསུམ་པ་ས་བཅུ་པའི་ཁྱད་པར་གྱི་ལམ་ན་ཡོད་པར་བཤད་དོ། །ཆོས་བཤེས་ལྟར་ན། དང་པོ་ལྔ་སྔར་དང་འདྲ། དྲུག་པ་སྒོམ་ལམ་སྦྱིན། བདུན་དགུ་གཉིས་རིམ་པ་བཞིན་སྒོམ་ལམ་གྱི་བར་ཆད་མེད་ལམ་དང་། རྣམ་གྲོལ་ལམ་གཉིས་ན། བརྒྱད་པ་ས་འོད་བྱེད་པ་ནས་དྲུག་པའི་བར་ན། བཅུ་པ་ས་བདུན་པ་ན། བཅུ་གཅིག་པ་ས་མི་གཡོ་བ་ནས་ས་བཅུ་བའི་བར་ན། བཅུ་གཉིས་པ་སྐྱེ་བ་གཅིག་གིས་ཐོགས་པ་དང་། སྲིད་པ་ཐ་མ་པ་ན། བཅུ་གསུམ་པ་ས་བཅུ་པའི་ཁྱད་པར་གྱི་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ན་ཡོད་པར་བཞེད་དོ། །གཉིས་པ་རྩོད་པ་སྤོང་བ་ལ་འཕགས་པའི་ལུགས། སློབ་དཔོན་རྗེས་འབྲང་དང་བཅས་པའི་ལུགས། བོད་སྔ་རབས་པ་རྣམས་ཀྱི་ལུགས་དང་གསུམ་ལས། དང་པོ་ནི་ཉིར་སྣང་དུ། དོན་གྱིས་ཐོབ་པའི་རྩོད་ལན་དང་། དངོས་སུ་བསྟན་པའི་རྩོད་ལན་གཉིས་ལས། དང་པོ་ནི་གལ་ཏེ་ཆོས་དབྱིངས་རིགས་ཡིན་ན། ཐམས་ཅད་རིགས་ལ་གནས་པར་འགྱུར་ཏེ། དེ་ནི་སྤྱིར་གནས་པ་ཡིན་པའི་ཕྱིར་རོ་ཞེ་ན་ཞེས་པའི་རྩོད་པ་བཀོད་ནས་དེའི་ལན་དུ་ཇི་ལྟར་དམིགས་པ་ན། འཕགས་པའི་ཆོས་རྣམས་ཀྱི་རྒྱུར་འགྱུར་བ་དེ་ལྟར་རིགས་ཡིན་པར་བརྗོད་པ་དེས་ན་འདིར་ཧ་ཅང་ཐལ་བ་ཅི་སྟེ་ཚོལ་བར་བྱེད་ཅེས་གསུངས་ཏེ། འདིའི་དོན་ནི་སྔར་བཤད་པ་ལྟར་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སྒྲུབ་པས་ཆོས་དབྱིངས་ལ་དམིགས་པ་ན་ཆོས་དབྱིངས་དེ་འཕགས་པའི་ཆོས་སྟོབས་སོགས་རྣམས་ཀྱི་རྒྱུར་འགྱུར་བའི་ཆ་ནས་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་ཡིན་པར་བརྗོད་པས། སྒྲུབ་པའི་རྟེན་དུ་གྱུར་རིགས་ལ་སེམས་ཅན་ཐམས་ཅད་གནས་པར་ཐལ་བའི་ཧ་ཅང་ཐལ་བ་མེད་དོ། །ཅེས་པའི་དོན་ཏོ། །གཉིས་པ་ནི་དེ་ལྟར་ན་ཡང་ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་ཏེ། ཆོས་དབྱིངས་ཆོས་ཅན། ཁྱོད་ལ་ཐེག་པ་གསུམ་གྱི་རིགས་ཐ་དད་པ་གསུམ་དུ་དབྱེར་མི་རུང་བར་ཐལ། ཁྱོད་ལ་རྣམ་པར་དབྱེ་བ་མེད་པའི་ཕྱིར་ཞེ་ན། དེའི་ལན་དུ་བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད་ཅེས་ཏེ། འཇིམ་པ་གཅིག་ལས་མངོན་པར་གྲུབ་ཅིང་མེ་ལྕེ་གཅིག་གིས་སོ་བཏང་བའི་སྣོད་གསུམ་ལ་སྦྲང་རྩི་དང་། ལི་ཁ་ར་ལ་སོགས་པའི་བཅུད་ཀྱི་བྱེ་བྲག་གིས་སྦྲང་རྩིའི་སྣོད་ལ་སོགས་པར་འཇོག་པ་བཞིན་དུ། རྟེན་ཆོས་ཐེག་པ་གསུམ་གྱི་སྒྲུབ་པ་ཐ་དད་པའི་སྒོ་ནས་ཐེག་པ་གསུམ་གྱི་རིགས་ཐ་དད་པར་འཇོག་པས་སྐྱོན་མེད་ཅེས་པས་སོ། །གཉིས་པ་ནི་འཕགས་པས་འགོད་པའི་རྩོད་པ་སྔ་མ་དེ་ཉིད། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་པའི་དོན་དུ་མཛད་ནས་དེའི་ལན་དུ་དོན་གྱིས་ཐོབ་པའི་ལན་དང་། གཞུང་ནས་དངོས་སུ་བསྟན་པའི་ལན་གཉིས་མཛད་པར་སྣང་སྟེ། ཇི་ལྟར་ཉན་ཐོས་གྱི་ཐེག་པ་ལ་སོགས་པ་ཞེས་སོགས་ཀྱི་ལན་དང་། རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །ཞེས་སོགས་ཀྱི་ལན་གཉིས་རྩོད་པ་གཅིག་ལ་འདེབས་པར་མཛད་པའི་ཕྱིར་རོ། །ཁ་ཅིག་རྩོད་པའི་སྐབས་སུ་རྩོད་པ་ཕྱི་མ་ཁ་བསྐངས་ནས་མཛད་པར་སྣང་ཡང་། དེ་ནི་སློབ་དཔོན་གྱི་དགོངས་པ་མ་ཡིན་ཏེ། ཞེས་བྱ་བའི་ལན་ཞིག་ཀྱང་གཟིགས་མོད་ཀྱི་བློ་ཆོས་ཉིད་དུ་ཞེས་པའི་ཚིག་གི་ནུས་པས། ལན་གཉིས་ཀ་རྩོད་པ་གཅིག་གི་ལན་དུ་བསྟན་པའི་ཕྱིར་རོ། །ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་ཞེས་སོགས་ཀྱི་གཞུང་འདི་ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། ཅེས་པའི་ལན་དུ་སྦྱར་བ་ནི་འཕགས་པའི་དགོངས་པ་མ་ཡིན་ཏེ། ཉིར་སྣང་དུ། འདིའི་རྩོད་ལན་གཉིས་ཀ་རྫོགས་པའི་རྗེས་སུ་དེ་ལྟ་ན་ཡང་ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། ཞེས་གཞུང་ལས་བསྟན་པའི་རྩོད་པ་གསར་དུ་གསུངས་ནས། ལན་འདེབས་པར་མཛད་པའི་ཕྱིར་རོ། །དེའི་རྗེས་འབྲང་ལ། ཆོས་བཤེས་ལྟར་ན་ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་ལ་སོགས་པ་ཞེས་པའི་དོན་དཔེ་ཇི་ལྟར་ན་ཉན་ཐོས་པ་དག་གིས། སེམས་ཙམ་པ་ལྟར་རིགས་ཐ་དད་པ་དང་རིགས་ཆད་པ་ཡོད་པར་མི་འདོད་པས། སེམས་བྱུང་མ་ཆགས་པའི་ངོ་བོ་གཅིག་ཉིད་ལ་རྐྱེན་དབང་གིས་ཉན་ཐོས་ཀྱི་ཐེག་པ་དང་ལ་སོགས་པ་རང་རྒྱལ་དང་བྱང་སེམས་ཀྱི་ཐེག་པའི་རྟོགས་པ་ཐ་དད་པའི་རིམ་གྱིས་ཉན་ཐོས་ཀྱི་རིགས་ལ་སོགས་པར་དམིགས་པ་དེ་བཞིན་དུ། འདིར་ཆོས་ཀྱི་དབྱིངས་གཅིག་ཉིད་ཀྱང་འཕགས་པའི་ཆོས་རྟོགས་པར་བྱ་བའི་ཕྱིར། རྒྱུའི་ངོ་བོར་རྣམ་པར་འཇོག་པའི་སྒོ་ནས་དེ་རྟོགས་པའི་རིམ་པ་ལས་རིགས་ཁྱད་པར་ཅན་བཅུ་གསུམ་ཉིད་དུ་ཐ་སྙད་འདོགས་སོ་ཞེས་བཞེད་དོ། །གསེར་གླིང་པས་དཔེ་ཇི་ལྟར་ན་ཉན་ཐོས་ཀྱི་ཐེག་པ་དང་ལ་སོགས་པ་རང་སངས་རྒྱས་ཀྱི་ཐེག་པའི་སྒོ་ནས་གོང་དུ་རྟོགས་པའི་རིམ་གྱིས་ཇི་ལྟར་དམིགས་པ་དེ་བཞིན་དུ་དེ་དང་འདྲ་བར་འཕགས་པའི་ཆོས་རྟོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་ཆོས་ཀྱི་དབྱིངས་ལ་དམིགས་པས་ཀྱང་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བའི་རྒྱུ་བྱེད་པའི་ཆ་ནས་བྱང་ཆུབ་སེམས་དཔའི་སེམས་ཀྱི་ཆོས་ཀྱི་དབྱིངས་ཁོ་ན། ཉན་ཐོས། རང་རྒྱལ། ཐེག་ཆེན་གྱི་རིགས་ཉིད་དུ་ཐ་སྙད་འདོགས་སོ་ཞེས་བཞེད་དོ། །གསུམ་པ་ནི། འབྲོམ་ནི་སྔར་གྱི་ཆོས་བཤེས་ཀྱི་ལུགས་དེ་ཉིད་བཞེད། དྭགས་པོ་ནི་སེམས་ཙམ་པ་གཉིས་སུ་མེད་པའི་ཤེས་པ་དོན་ལ་ཡོད་པའི་ངོ་བོ་གཅིག་ཉིད་ལ་རིགས་གསུམ་དུ་འདོད་པ་བཞིན། ངེད་ཀྱང་ཆོས་ཀྱི་དབྱིངས་རིགས་སུ་འདོད་པ་ལ་ཡང་མཚུངས་སོ་ཞེས་བཞེད་དོ། །གཉལ་པ་ནི་གང་ཟག་གཅིག་གིས་ཐེག་པ་གསུམ་ལ་རིམ་གྱིས་སློབ་པ་ན། ཉན་ཐོས་ལྷ་བྱིན། རང་རྒྱལ་ལྷ་བྱིན། ཞེས་པ་རྣམས་རྒྱུད་གཅིག་ཀྱང་ནང་གི་རྟོགས་པ་ཐ་དད་པས་འཇོག་པ་བཞིན་དུ། རྟེན་ཆོས་ཐེག་པ་གསུམ་ཀྱི་རྟོགས་པ་ཐ་དད་པས་རྟེན་རིགས་ཐ་དད་པ་གསུམ་དུ་འདོད་དོ། །ཅེས་ཟེར་རོ། །དེ་དག་ཐམས་ཅད་ནི་ཇི་ལྟར་ཉན་ཐོས་ཀྱི་ཐེག་པ་ཞེས་སོགས་ཀྱིས་དཔེ་སྟོན་པར་འདོད་པའི་ལུགས་སུ་སྣང་ཞིང་། དེ་ལ་ཊཱི་ཀར། དཔེ་སྟོན་པ་ནི་མི་འཐད་དེ། །གཞུང་འདི་ཉིར་སྣང་གི་ཇི་ལྟར་དམིགས་པ་ན་ཞེས་སོགས་ཀྱི་ལུང་དོན་ཡིན་ཞིང་དེ་ཡང་དཔེ་སྟོན་བྱེད་མ་ཡིན་པའི་ཕྱིར་དང་། ཆོས་ཀྱི་དབྱིངས་ལ་རིགས་ཐ་དད་པ་གསུམ་དུ་དབྱེར་མི་རུང་ཞེས་པའི་ལན་དུ་ཐེག་པ་གསུམ་གྱི་སྒོ་ནས་རིགས་ཐ་དད་པ་གསུམ་དུ་དབྱེར་རུང་ཞེས་པའི་དཔེ་ལ་འབྲེལ་མེད་པའི་ཕྱིར། ཞེས་གསུངས་པའི་སྐྱོན་དེ་མི་འདོད་བཞིན་དུ་འཁུར་དགོས་པར་སྣང་ངོ་། །རང་ལུགས་ནི་འཕགས་པའི་དགོངས་པ་སྔར་བཤད་ཟིན་ཅིང་། སློབ་དཔོན་གྱི་གཞུང་གི་དགོངས་པ་ཡང་སློབ་དཔོན་རང་ཉིད་ཀྱིས་གསུངས་པའི་རྩོད་ལན་འདེབས་པའི་ཚེ། དེ་དང་འདྲ་ཡང་རྩ་བའི་རྩོད་པ་ལ་ལན་དུ་མ་སོང་བ་འདྲའོ། །འོ་ན་རྩ་བའི་དགོངས་པ་ཇི་ལྟར་ཡིན་སྙམ་ན། ལོ་ཆེན་གྱིས་ལུས་རྣམ་གཞག་ཏུ་སྒྲུབ་པའི་རྟེན་ཆོས་ཀྱི་དབྱིངས་སུ་བཤད་པ་དང་། སྐབས་འདིར་ཆོས་ཀྱི་དབྱིངས་ལ་རིགས་སུ་བྱས་ནས་དེ་ལ་བཅུ་གསུམ་ཡོད་པར་བཤད་པ་ལ་སྒྲུབ་པའི་རྟེན་དུ་གྱུར་པའི་ཆོས་དབྱིངས་ཆོས་ཅན། ཁྱོད་ལ་དྲོད་ཀྱི་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་ལ་སོགས་པ་ཐ་དད་པ་བཅུ་གསུམ་དུ་རུང་བ་མ་ཡིན་པར་ཐལ། ཁྱོད་ལ་རྣམ་པར་དབྱེ་བ་མེད་པའི་ཕྱིར་ཞེ་ན་སྐྱོན་མེད་དེ། ཆོས་དབྱིངས་ཀྱི་ངོ་བོ་དེ་ལ་དབྱེ་བ་མེད་ཀྱང་། རྟེན་ཆོས་སྒྲུབ་པ་བཅུ་གསུམ་གྱི་བྱེ་བྲག་གིས་ཆོས་དབྱིངས་དེའི་དབྱེ་བ་ཡང་དྲོད་ཀྱི་རྟེན་དུ་གྱུར་པའི་རིགས་ལ་སོགས་པ་བཅུ་གསུམ་དུ་ཡོངས་སུ་བརྗོད་པའི་ཕྱིར། ཞེས་གསུངས་པ་འདི་རྩ་བའི་དགོངས་པར་སྣང་ངོ་། །གསུམ་པ་རིགས་ཀྱི་རང་བཞིན་གཏན་ལ་དབབ་པ་ལ་བཞི་སྟེ། བྱེ་བྲག་ཏུ་སྨྲ་བའི་ལུགས། མདོ་སྡེ་པའི་ལུགས། སེམས་ཙམ་པའི་ལུགས། དབུ་མ་པའི་ལུགས་སོ། །དང་པོ་ནི་སེམས་བྱུང་མ་ཆགས་པའི་རང་བཞིན་འདོད་པ་ཆུང་ཞིང་ཆོག་ཤེས་པ་ཞིག་ལ་རིགས་སུ་འདོད་ཅིང་དེ་ལ་འཕགས་པའི་རིགས་ཞེས་དང་། ཟག་མེད་ཀྱི་རིགས་ཞེས་བྱ་སྟེ། དེ་ལས་འཕགས་པའི་ཟག་མེད་ཀྱི་ལམ་སྐྱེ་བའི་ཕྱིར་རོ། །དེ་ལ་དབྱེ་ན་ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་གསུམ་དང་། སྤོང་བ་དང་སྒོམ་པ་ལ་དགའ་བ་སྟེ་བཞི་ཡོད་དོ། །དེ་ལས་འཕགས་པའི་ཟག་མེད་སྐྱེ་བའི་ཚུལ་ནི་འདོད་པ་ཆུང་ཞིང་ཆོག་ཤེས་པ་ལ་ལུས་འདུ་འཛི་ལས་བསྲིང་བ་དང་། སེམས་རྣམ་རྟོག་ལས་བསྲིང་བ་སྟེ། བསྲིང་བ་གཉིས་དང་ལྡན་པ་དེ་འབྱུང་ཞིང་། བསྲིང་བ་ཉིས་ལྡན་གྱིས་སྒོམ་པ་ལ་རབ་ཏུ་བརྩོན་པར་བྱེད་པའི་ཕྱིར་རོ། །འདོད་པ་ཆུང་ཞིང་ཆོག་ཤེས་པའི་སེམས་བྱུང་དེ་ལ་རང་བཞིན་གནས་རིགས་སུ་ནི་མི་འཇོག་སྟེ། རང་བཞིན་གྱི་དོན་མ་ཚང་བའི་ཕྱིར་ཏེ། རྐྱེན་དབང་གིས་བྱུང་བའི་ཕྱིར་དང་། ལུགས་འདི་ལ་རང་བཞིན་གནས་རིགས་ཀྱི་ཐ་སྙད་མེད་པའི་ཕྱིར་རོ། །སངས་རྒྱས་ཀྱི་རིགས་སུ་ཡང་འཇོག་པར་མ་ངེས་ཏེ། ཉན་ཐོས་ཀྱི་འཕགས་ལམ་དང་། རང་རྒྱལ་གྱི་འཕགས་ལམ་བསྐྱེད་པར་ངེས་པ་དེ་ལ་སངས་རྒྱས་ཀྱི་རིགས་སུ་འཇོག་ཏུ་མི་རུང་བའི་ཕྱིར་ཏེ། དེ་ཐོབ་ནས་སངས་རྒྱས་སུ་འགྱུར་བ་མི་སྲིད་པའི་ཕྱིར་རོ། །རིགས་ངེས་པ་དང་། རིགས་ཆད་པའི་རྣམ་གཞག་མེད་པ་ཆོས་བཤེས་ཀྱིས་བཤད་ཀྱང་། རིགས་ཆད་པ་ལུགས་འདི་ལ་ཡང་འདོད་དགོས་པ་འདྲ་སྟེ། ལོག་སྲེད་ཅན་སེམས་བྱུང་མ་ཆགས་པའི་རང་བཞིན་སྐྱེ་མི་རུང་བ་ཅིག་ཁས་ལེན་དགོས་པའི་ཕྱིར་རོ། །རིགས་ཀྱིས་སྟོབས་ཀྱིས་རིགས་ངེས་པ་ནི་མེད་དེ། སེམས་བྱུང་མ་ཆགས་པའི་རང་བཞིན་དེ་ཉན་ཐོས་ཀྱི་སྦྱོར་ལམ་བཟོད་པ་དང་། རང་རྒྱལ་དང་། བྱང་སེམས་ཀྱི་དྲོད་མ་ཐོབ་ཀྱི་བར་དུ་རྐྱེན་དབང་གིས་ཐེག་པ་གཞན་དུ་བསྒྱུར་དུ་རུང་བའི་ཕྱིར་རོ། །དེ་ཐོབ་ནས་བསྒྱུར་དུ་མི་རུང་བ་ནི་རྟོགས་པའི་སྟོབས་ཀྱིས་ཡིན་གྱི་རིགས་ཀྱི་སྟོབས་ཀྱིས་མ་ཡིན་ནོ། །མདོར་ན་རྟེན་གྱི་གང་ཟག་གི་སྒོ་ནས་དབྱེ་ན། རིགས་ཡོད་པ་དང་མེད་པ་གཉིས་ཡོད་པ་ལ་ཡང་ཉན་ཐོས་ཀྱི། རང་རྒྱལ་གྱི། ཐེག་ཆེན་གྱི་རིགས་ཡོད་པ་དང་གསུམ། དེ་རེ་རེ་ལ་ཡང་རྟོགས་པའི་སྟོབས་ཀྱིས་རིགས་ངེས་པ་དང་། མ་ངེས་པ་གཉིས་སུ་ཡོད་ཅིང་དེ་རྣམས་ཀྱི་ནང་ནས་ཐེག་ཆེན་གྱི་རིགས་དེ་ཁོ་ན་སངས་རྒྱས་ཀྱི་རིགས་ཡིན་པར་འདོད་དོ། །གཉིས་པ་ནི་རྒྱལ་པོའི་སྲས་ཀྱིས་མདོ་སྡེ་བ་དག་གིས་རིགས་ཞེས་བྱ་བ་ནི་སེམས་ཀྱི་ས་བོན་ནུས་པ་ཡིན་ཏེ། སོ་སོའི་སྐྱེ་བོ་དང་། སློབ་པའི་གནས་སྐབས་ན་ཡང་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་ས་བོན་ལ་རིགས་ཞེས་བྱའོ། །ཞེས་འབྱུང་བ་ལྟར་ཟག་མེད་ཀྱི་སེམས་ཀྱི་ས་བོན་འབྲས་བུ་འབྱུང་རུང་གི་ནུས་པའོ། །འོ་ན་རྣམ་རིག་པ་དང་ཁྱད་པར་མེད་པར་འགྱུར་རོ་སྙམ་ན། སོ་སོའི་སྐྱེ་བོ་དང་། ཞེས་སོགས་སྨོས་ཏེ་རྣམ་རིག་པའི་ལུགས་ཀྱི་རིགས་དེ་ནི་རྐྱེན་དབང་གིས་གསར་དུ་བཞག་པ་མ་ཡིན་པར་ཐོག་མ་མེད་པ་ནས་ཡོད་པར་འདོད་ལ། འདི་ནི་སོ་སོ་སྐྱེ་བོའི་གནས་སྐབས་ན་སྔར་ཐོས་པ་ལ་སོགས་པའི་རྐྱེན་གྱིས་ཟག་མེད་ཀྱི་ས་བོན་བཞག་པ་དང་། སློབ་པའི་གནས་སྐབས་ན་ཕྱིར་འོང་དང་། ཕྱིར་མི་འོང་བའི་འབྲས་བུ་ལས་ཉམས་པ་ན་ཡང་དེའི་ས་བོན་ཡོད་པ་རིགས་སུ་འདོད་པས་ཁྱད་པར་ཤིན་ཏུ་ཆེའོ། །འདི་ལ་ཡང་རྟེན་གྱི་སྒོ་ནས་དབྱེ་བ་སྔར་བཞིན་དུ་རུང་ཞིང་ཐམས་ཅད་རང་བཞིན་གནས་རིགས་དང་། སངས་རྒྱས་ཀྱི་རིགས་སུ་མི་འདོད་པ་ཡང་སྔར་དང་འདྲའོ། །འོན་ཀྱང་འདི་ལ་རིགས་ཀྱི་སྟོབས་ཀྱིས་རིགས་ངེས་པ་ཡང་བཞག་ཏུ་རུང་སྟེ། ཟག་མེད་ཀྱི་ས་བོན་དེ་ཉན་ཐོས་ཀྱི་འཕགས་ལམ་བསྐྱེད་པའི་ཐོས་སོགས་དང་། རང་རྒྱལ་གྱི་འཕགས་ལམ་བསྐྱེད་པའི་ཐོས་སོགས་དང་། ཐེག་ཆེན་གྱི་འཕགས་ལམ་བསྐྱེད་པའི་ཐོས་སོགས་ཀྱིས་བཞག་པ་རྣམས་ནི་དེ་དང་དེའི་རིགས་ཀྱི་སྟོབས་ཀྱིས་རིགས་ངེས་པ་ཡང་ཡིན་ལ། འཕགས་ལམ་གང་ཡང་རུང་བ་བསྐྱེད་དུ་རུང་བའི་ཐོས་སོགས་ཀྱིས་བཞག་པ་ནི་རིགས་མ་ངེས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི་བྱང་ས་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་དེ་ནི་ཐོག་མ་མེད་པ་ནས་འོངས་པ་ཆོས་ཉིད་ཀྱི་ས་ཐོབ་པ་སྐྱེ་མཆེད་དྲུག་གི་ཁྱད་པར་གང་ཡིན་པ་ཏེ། ཞེས་སོགས་བཤད་དོ། །འདི་ལ་ངོ་བོ་དང་། མིང་གི་རྣམ་གྲངས་དང་། དབྱེ་བ་གསུམ་ལས། དང་པོ་ནི། ཀུན་གཞིའི་རྣམ་ཤེས་ལ་ཡོད་པའི་ཟག་མེད་ཀྱི་ཡོན་ཏན་རྐྱེན་དང་ཕྲད་ན་བྱང་ཆུབ་ཐོབ་པར་བྱེད་པའི་ནུས་པ་ཐོག་མ་མེད་པ་ནས་ཡོད་པ་ཞིག་སྟེ། རྒྱ་མཚོའི་སྤྲིན་དུ་སྐྱེ་མཆེད་དྲུག་གི་ཁྱད་པར་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་གནས་པའི་ས་བོན་ཟག་པ་མེད་པའི་ཆོས་སྐྱེད་པར་བྱེད་པའི་ནུས་པའོ། །ཞེས་གསུངས་སོ། །གཉིས་པ་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་དང་། ཟག་མེད་ཀྱི་ས་བོན་དང་། སྒྲིབ་པ་སྤོང་རུང་དང་། ཐོས་པའི་བག་ཆགས་རྣམས་སོ། །སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྐྱེ་མཆེད་དྲུག་གི་ནང་ནས་ཁྱད་པར་ཡིད་ཀྱི་སྐྱེ་མཆེད། དེ་ལ་རྣམ་ཤེས་ཚོགས་བརྒྱད་ཡོད་པ་ལས་ཁྱད་པར་ཀུན་གཞིའི་རྣམ་ཤེས་དེ་ལ་ཡང་རྣམ་སྨིན་གྱི་ཆ་དང་ས་བོན་གྱི་ཆ་གཉིས་ཡོད་པ་ལས་ཁྱད་པར་ས་བོན་གྱི་ཆ། དེ་ལ་ཡང་དགེ་མི་དགེ་ལུང་མ་བསྟན་གྱི་ས་བོན་གསུམ་ཡོད་པ་ལས་ཁྱད་པར་དགེ་བའི་ས་བོན། དེ་ལ་ཟག་བཅས་ཟག་མེད་ཀྱི་ས་བོན་གཉིས་ཡོད་པ་ལས་ཁྱད་པར་ཟག་མེད་ཀྱི་ས་བོན་ཞེས་པ་ནི་སེམས་ཙམ་པའི་འདོད་པ་སྟེ། ལང་གཤེགས་ལས། དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བསྒྲག་པ་རྣམ་པར་སྦྱང་བར་བྱའོ། །ཞེས་དང་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་གཞིའི་རྣམ་པར་ཤེས་པ་དེ་ནི་དེ་བཞིན་གཤེགས་པའི་ཡུལ་ཏེ། ཞེས་དང་། མདོ་གཞན་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་རྣམས་གསུང་བར་མཛད། །ཞེས་གསུངས་པ་རྣམས་ཀྱི་དགོངས་པ་བསམ་པའོ། །སྤྱིར་བྱང་ས་ནས་གསུངས་པའི་ཁྱད་པར་གསུམ་པོ་དེ་མདོ་ལས་བཤད་པ་ཡིན་པས། དབུ་མ་པ་རྣམས་སྐྱེ་མཆེད་དྲུག་གི་ཁྱད་པར་འདོད་དགོས་ལ་དེའི་ཚེ་སྐྱེ་མཆེད་དྲུག་གི་ཁྱད་པར་ནི་སྐྱེ་མཆེད་དྲུག་གི་ཆོས་ཉིད་དུ་ཉིར་སྣང་ལས་བཤད་དེ། མ་འདྲེས་པར་བྱའོ། །ཟག་མེད་ཀྱི་ས་བོན་ཞེས་བྱ་སྟེ། ཟག་མེད་ཀྱི་ཡེ་ཤེས་བསྐྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །སྒྲིབ་པ་སྤོང་རུང་ཞེས་བྱ་སྟེ། རྐྱེན་དང་ཕྲད་ན་སྒྲིབ་པ་དང་བྲལ་རུང་ཡིན་པའི་ཕྱིར། ཐོས་པའི་བག་ཆགས་ཞེས་བྱ་སྟེ། གསུང་རབ་ཐོས་པའི་རྐྱེན་གྱིས་གསོ་བར་བྱ་བ་ཡིན་པའི་ཕྱིར། རང་བཞིན་དུ་གནས་པའི་རིགས་ཞེས་བྱ་སྟེ། ཐོག་མ་མེད་པ་ནས་ཆོས་ཉིད་ཀྱིས་ཐོབ་པའི་ཕྱིར་རོ། །སངས་རྒྱས་ཀྱི་རིགས་སུ་འཇོག་པའི་ངེས་པ་མེད་པ་ནི་སྔར་བཞིན་ནོ། །གསུམ་པ་དབྱེ་བ་ལ་རིགས་ངེས་པ་དང་། རིགས་མ་ངེས་པ་གཉིས་ལས། དང་པོ་ནི་ཐོག་མ་མེད་པ་ནས་ཐེག་པ་གསུམ་གྱི་བྱང་ཆུབ་སོ་སོའི་རྒྱུར་ངེས་པས་རྐྱེན་དབང་གིས་བྱང་ཆུབ་གཞན་དུ་མི་འགྱུར་བ་སྟེ། དཔེར་ན་རིའི་ཕྱོགས་འགའ་ཞིག་ནས་གསེར་འབའ་ཞིག་དང་། དངུལ་འབའ་ཞིག་དང་། ཟངས་འབའ་ཞིག་འབྱུང་བ་ལྟར་རོ། །གཉིས་པ་ནི་རྐྱེན་དབང་གིས་ཐེག་པ་གསུམ་ཀའི་རྒྱུར་སྒྱུར་དུ་རུང་བ་སྟེ། དཔེར་ན། རིའི་ཕྱོགས་འགའ་ཞིག་ནས་རེས་འགའ་ཟངས་དང་། རེས་འགའ་དངུལ་དང་། རེས་འགའ་གསེར་འབྱུང་བ་ལྟ་བུའོ། །རིགས་ཆད་པ་ནི་སྒྲིབ་པ་ཤས་ཆེ་བའི་རྒྱུས་ཟག་མེད་ཀྱི་ས་བོན་དེ་དང་མི་ལྡན་པའོ། །འདི་ལ་ཡང་རིགས་ངེས་པ་ལ་འོག་མ་གཉིས་ཀྱི་རིགས་སངས་རྒྱས་ཀྱི་རིགས་སུ་མི་འདོད་ལ། རིགས་མ་ངེས་པ་ནི་ལམ་དུ་མ་ཞུགས་པའི་ཚེ་ཟག་མེད་ཀྱི་རིགས་ཙམ་དུ་འདོད་ཀྱི་ཉན་ཐོས་ཀྱི་རིགས་ལ་སོགས་པར་མི་འདོད་ཅིང་། ལམ་དུ་ཞུགས་པའི་ཚེ་གང་ནས་ཞུགས་པ་དེ་དང་དེའི་རིགས་སུ་འདོད་དོ། །མདོར་ན་མཐར་ཐུག་ཐེག་པ་གསུམ་དུ་འདོད་པ་དག་གིས་རིགས་ལ་སངས་རྒྱས་ཀྱི་རིགས་ཀྱིས་མ་ཁྱབ་པར་འདོད་པ་ནི་གྲུབ་མཐའི་གནད་ཡིན་པས་ཡིད་ལ་ཟུང་ཤིག བཞི་པ་ལ་ངོ་བོ། མིང་གི་རྣམ་གྲངས། དབྱེ་བ། རྟེན་དུ་འགྱུར་ཚུལ། རིགས་སུ་འགྱུར་ཚུལ་དང་ལྔ་ལས། དང་པོ་ནི་དཔལ་ཕྲེང་གི་མདོར། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་འདི་ཉིད་ཉོན་མོངས་པའི་སྦུབས་ལས་མ་གྲོལ་བ་ན་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བགྱིའོ། །ཞེས་ཆོས་སྐུ་ལ་བཤད་པ་དང་། འདིར་ཡང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་ཞེས་དང་། ཀླུ་སྒྲུབ་ཀྱིས། གང་ཞིག་ཀུན་ཏུ་མ་ཤེས་པས། །སྲིད་པ་གསུམ་ན་རྣམ་འཁོར་ཞིང་། །སེམས་ཅན་རྣམས་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། །ཞེས་ཆོས་ཀྱི་དབྱིངས་ལ་བཤད་པ་དང་། ས་ར་ཧས་སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །ཞེས་དང་། ཀླུ་སྒྲུབ་ཀྱིས། ཉོན་མོངས་དྲྭ་བས་གཡོགས་པ་ན། །སེམས་ཞེས་བྱ་བ་བརྗོད་པ་ཡིན། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱ། །ཞེས་སེམས་ལ་བཤད་པ་སོགས་དུ་མར་སྣང་ཡང་རང་གི་ངོ་བོ་ཡོངས་སུ་རྫོགས་པ་ནི། རྒྱུད་བླར། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་སོ། །གསུམ་པོ་དེ་ཡི་ངོས་འཛིན་ལ། འདི་ཡི་རང་བཞིན་ཆོས་སྐུ་དང་། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། །དེ་ནི་དཔེ་གསུམ་གཅིག་དང་ནི། །ལྔ་རྣམས་ཀྱིས་ནི་ཤེས་པར་བྱ། །ཞེས་དོན་རྣམ་པ་དགུར་ཕྱེ་ནས། དཔེ་དགུས་མཚོན་པར་གསུངས་སོ། །དོན་དགུ་ནི་ཆོས་སྐུ་ལ་གློ་བུར་དྲི་བྲལ་གྱི་དབྱིངས་དང་། ཟབ་མོ་སྟོང་ཉིད་སྟོན་པའི་གསུང་རབ་དང་། བརྗོད་བྱ་སྣ་ཚོགས་སྟོན་པའི་གསུང་རབ་གསུམ་དུ་ཕྱེ་ཞིང་། དེ་བཞིན་ཉིད་ནི་རང་བཞིན་རྣམ་དག་གི་ཆོས་ཉིད་ཡིན་ལ། རིགས་ལ་རང་བཞིན་གནས་རིགས་དང་། རྒྱས་འགྱུར་གྱི་རིགས་གཉིས་དེ་གཉིས་ཀྱི་འབྲས་བུ་སྐུ་གསུམ་དང་ལྔར་ཕྱེ་བ་སྟེ། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་། །དེ་ཡི་རྒྱུ་མཐུན་ཟབ་པ་དང་། །སྣ་ཚོགས་ཚུལ་ནི་སྟོན་པའོ། །ཞེས་དང་། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླང་བ་མཆོག་ཉིད་དོ། །རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་སྟེ། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཅེས་གསུངས་པའི་ཕྱིར་རོ། །དེ་ལ་རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །ཞེས་པས། རྐྱེན་སངས་རྒྱས་ཀྱི་ཕྲིན་ལས་འཇུག་ཏུ་རུང་བ་བསྟན་ཏེ། འཕྲོ་ཞེས་པའི་ཚིག་གི་ནུས་པ་དང་། རྒྱུད་བླར་དཔེ་དགུ་དོན་དགུ་རྒྱས་པར་བཤད་པའི་སྐབས་སུ་ཡང་། དེ་བཞིན་བདེ་གཤེགས་མནར་མེད་གནས་རྣམས་ལའང་། །སངས་རྒྱས་སྤྱན་གྱིས་རང་ཆོས་ཉིད་གཟིགས་ཏེ། །སྒྲིབ་མེད་ཕྱི་མཐའི་མུར་གནས་ཐུགས་རྗེ་ཡི། །བདག་རྐྱེན་སྒྲིབ་པ་ལས་ནི་གྲོལ་བར་མཛད། །ཅེས་སོགས་སངས་རྒྱས་ཀྱིས་རང་གི་ཆོས་ཉིད་སེམས་ཅན་ལ་ཡོད་པར་གཟིགས་ནས་སྒྲིབ་པ་སྦྱང་བའི་ཆེད་དུ་ཆོས་སྟོན་པར་གསུངས་པ་རྣམས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །ཞེས་པའི་དོན་ཡིན་པའི་ཕྱིར་དང་། ཆོས་སྐུ་ལ་གསུམ་དུ་ཕྱེ་བ་ཡང་རྟོགས་པ་ཆོས་སྐུ་བརྙེས་པའི་སྟོབས་ཀྱིས་བསྟན་པ་ཆོས་སྐུ་འབྱུང་བའི་དོན་དུ་སྣང་བའི་ཕྱིར་རོ། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །ཞེས་པས་འགལ་རྐྱེན་སྒྲིབ་པ་སྤང་དུ་རུང་བར་བསྟན་ཏེ། སེམས་ཅན་གྱི་སེམས་ཀྱི་ཆོས་ཉིད་དང་། སངས་རྒྱས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པར་དབྱེར་མེད་པས་དྲི་མའི་ངོ་བོར་མ་སྐྱེས་པར་མཚུངས་པར་བསྟན་པའི་ཕྱིར་རོ། །རིགས་ཡོད་ཕྱིར་ན་ཞེས་པས་སངས་རྒྱས་ཀྱི་ཡོན་ཏན་འབྱུང་དུ་རུང་བར་བསྟན་ཏེ། རིགས་ཀྱི་དོན་ནི་རྒྱུའི་དོན་ཡིན་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུར་བསྟན་པའི་ཕྱིར་དང་། འདིའི་རིགས་ལ་རང་བཞིན་གནས་རིགས་དང་། རྒྱས་འགྱུར་གྱི་རིགས་གཉིས་སུ་ཕྱེ་ནས་དེ་གཉིས་ལས་འབྲས་བུ་སྐུ་གསུམ་འབྱུང་བར་གཞུང་ལས་བཤད་པའི་ཕྱིར། དེས་ན་བདེ་བར་གཤེགས་པའི་སྙིང་པོ་ལ་ཡང་དོན་དེ་གསུམ་ཆར་ཚང་ཞིང་སངས་རྒྱས་ཀྱི་རིགས་ལ་ཡང་དོན་དེ་གསུམ་ཆར་ཚང་བ་ཡིན་ཀྱང་། རྒྱུ་དུས་ཀྱི་བདེ་གཤེགས་སྙིང་པོར་འཇོག་པ་ལ་ནི་འཇོག་བྱེད་གསུམ་ཆར་དགོས་ཤིང་། རིགས་སུ་འཇོག་པ་ལ་ནི་གསུམ་ཆར་མི་དགོས་ཏེ། གསུམ་པ་དེའི་ནང་ཚན་ཡིན་པའི་ཕྱིར་རོ། །མདོར་ན་རྒྱུ་དུས་ཀྱི་བདེ་གཤེགས་སྙིང་པོའི་མཚན་ཉིད། རྐྱེན་སངས་རྒྱས་ཀྱི་ཕྲིན་ལས་འཇུག་ཏུ་རུང་། འགལ་རྐྱེན་སྒྲིབ་པ་སྤང་དུ་རུང་། འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་དུ་རུང་བའི་ཆོས་དབྱིངས་སོ། །སངས་རྒྱས་ཀྱི་རིགས་ཀྱི་མཚན་ཉིད། རང་གི་ངོ་བོ་སྐུ་གསུམ་གང་རུང་དུ་འགྱུར་དུ་རུང་ཞིང་། །དྲི་མ་ལས་མ་གྲོལ་བའི་དབྱིངས་སམ། རིགས་སད་པའི་གནས་སྐབས་ཀྱི་དགེ་རྩ་གང་རུང་གིས་བསྡུས་པའི་རྒྱུའི་ཆའོ། །གལ་ཏེ་རྒྱུན་མཐའི་བྱང་སེམས་ལོངས་སྐུར་འགྱུར་དུ་རུང་བ་ཡིན་པས་མཚན་ཉིད་དེ་ཞུགས་སོ་སྙམ་ན། རྒྱུན་མཐའི་བྱང་སེམས་གང་ཟག་གི་ཆ་ལོངས་སྐུར་འགྱུར་བ་མ་ཡིན་ཏེ། རྒྱུན་མཐའི་བྱང་སེམས་ཀྱི་སེམས་ཡེ་ཤེས་བཞིར་གྱུར་ཅིང་སེམས་ཀྱི་ཆོས་དབྱིངས་དེ་གློ་བུར་དྲི་བྲལ་གྱི་ཆོས་དབྱིངས་སུ་གྱུར་པའི་ཚེ་ན་མེ་ལོང་ལྟ་བུའི་ཡེ་ཤེས་དང་། དབྱིངས་རྣམ་དག་དེ་ངོ་བོ་ཉིད་ཀྱི་སྐུ་དང་། མཉམ་པ་ཉིད་དང་སོ་སོར་རྟོག་པའི་ཡེ་ཤེས་དེ་ལོངས་སྐུ་དང་། བྱ་བ་གྲུབ་པའི་ཡེ་ཤེས་དེ་སྤྲུལ་སྐུར་འགྱུར་བར་འཕགས་པ་སངས་རྒྱས་ཀྱི་ས་དང་མདོ་སྡེ་རྒྱན་དུ་བཤད་པའི་ཕྱིར་རོ། །དེ་ལྟར་ན་དབྱིངས་རྣམ་དག་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རྒྱུ་ལ་རང་བཞིན་གནས་རིགས་དང་། ཡེ་ཤེས་གཞན་གསུམ་གྱི་རྒྱུ་ལ་རྒྱས་འགྱུར་གྱི་རིགས་སུ་འཇོག་པ་དང་། རྒྱུད་བླར་ངོ་བོ་ཉིད་སྐུའི་རྒྱུ་ལ་རང་བཞིན་གནས་རིགས་དང་། གཟུགས་སྐུ་གཉིས་ཀྱི་རྒྱུ་ལ་རྒྱས་འགྱུར་གྱི་རིགས་སུ་འཇོག་པ་གནད་གཅིག་ཏུ་འབྱུང་ཡང་སྐལ་བ་དང་མི་ལྡན་པ་དག་གིས་གོ་བར་དཀའོ། །དེང་སང་ཆོས་དབྱིངས་ཞེས་པ་ཆོས་ཅན་གྱི་སྟེང་དུ་བདེན་པ་བཀག་ཙམ་གྱི་མེད་དགག་ལ་འདོད་པ་ནི་གསུང་རབ་ཀྱི་གནད་མ་གོ་བ་སྟེ། རང་བཞིན་གནས་རིགས་དེ་ཉིད་ཆོས་སངས་རྒྱས་ཀྱི་སྟོབས་སོགས་ཀྱི་རྒྱུ་ཡིན་པས་ན་ཆོས་ཀྱི་དབྱིངས་སུ་འཇོག་པའི་ཕྱིར་ཏེ། དབྱིངས་དང་། རིགས་དང་། རྒྱུ་རྣམས་དོན་གཅིག་པའི་ཕྱིར་རོ། །གཉིས་པ་རྣམ་གྲངས་ནི་སྤྱིར་རིགས་ཙམ་གྱི་རྣམ་གྲངས་ལ་རིགས་དང་། ཁམས་དང་ས་བོན་དང་། ཉེར་གནས་དང་། སྔོན་འགྲོ་ཞེས་ལྔ་དང་ལྡན་ནོ། །རང་བཞིན་གནས་རིགས་ཀྱི་རྣམ་གྲངས་ལ་བདེ་བར་གཤེགས་པའི་སྙིང་པོ་དང་། ཆོས་དབྱིངས་དང་། སངས་རྒྱས་ཀྱི་རིགས་དང་། སངས་རྒྱས་ཀྱི་ཁམས་རྣམས་ཏེ། ཁྱབ་མཉམ་ཉིད་དུ་འཁྲུལ་བར་མི་བྱའོ། །འོ་ན་ཇི་ལྟར་ཞེ་ན་བདེ་གཤེགས་སྙིང་པོ་དང་ཆོས་དབྱིངས་ནི་འབྲས་བུའི་དུས་ན་ཡང་ཡོད་པས་དེ་ལ་རང་བཞིན་གནས་རིགས་ཀྱིས་མ་ཁྱབ་ཀྱང་རང་བཞིན་གནས་རིགས་ལ་ནི་དེ་གཉིས་ཀྱིས་ཁྱབ་སྟེ། རང་བཞིན་གནས་རིགས་དེ་བདེ་གཤེགས་སྙིང་པོའི་བྱེ་བྲག་ཡིན་པའི་ཕྱིར་དང་། སེམས་ཙམ་པས་རང་བཞིན་གནས་རིགས་ཞེས་པའི་ཟུར་གྱི་རང་བཞིན་དང་། རྒྱུ་དོན་གཅིག་པར་འདོད་པ་ལ་རྒྱས་འགྱུར་གྱི་རིགས་ཀྱིས་མ་ངེས་པ་བརྗོད་ནས། རང་ལུགས་ལ་རང་བཞིན་དང་ཆོས་དབྱིངས་དོན་གཅིག་པར་མཛད་པའི་ཕྱིར་ཏེ། ཉིར་སྣང་དུ། གཞན་དག་ནི་རིགས་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་ཡིན་ནོ་དེ་ཡང་རྣམ་པ་གཉིས་ཏེ། རྐྱེན་གྱིས་ཡང་དག་པར་བླངས་པ་དང་རང་བཞིན་དུ་གནས་པའོ། །ཞེས་ཟེར་རོ། །དེ་དག་གིས་ནི་རང་བཞིན་དུ་གནས་པའི་རིགས་ལ་རང་བཞིན་དུ་བརྗོད་པའི་དོན་བརྗོད་དགོས་སོ། །རྒྱུའི་རྣམ་གྲངས་ཡིན་ནོ་ཞེ་ན། རྐྱེན་གྱིས་ཡང་དག་པར་བླངས་པ་ཡང་དེ་ཡིན་པ་དེས་ན་དོན་གྱི་ཁྱད་པར་ཅི་ཡོད། ཆོས་ཉིད་ཀྱི་རྣམ་གྲངས་ཡིན་པ་ལ་ནི་ཉེས་པ་འདི་མེད་དོ། །ཡང་ན་དེ་དག་གི་རིགས་ནི་བཏགས་པ་བ་ཡིན་ལ་འདི་ནི་མཚན་ཉིད་པ་ཡིན་ཏེ། དེས་ན་འདི་དང་དེ་འགྲིགས་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཊཱི་ཀ་ལས། འདུས་བྱས་རང་བཞིན་གནས་རིགས་དང་། འདུས་མ་བྱས་རང་བཞིན་གནས་རིགས་གཉིས་སུ་གསུངས་པ་ཡང་དེང་སང་ཕལ་ཆེར་གྱིས་ཆོས་ཅན་གསལ་བའི་སྟེང་གི་བདེན་པ་བཀག་ཙམ་གྱི་སྟོང་ཉིད་ཁོ་ན་རང་བཞིན་གནས་རིགས་སུ་འདོད་པ་བཀག་ནས་དེ་རང་བཞིན་གནས་རིགས་ཡིན་ན། ཆོས་ཅན་གསལ་བ་ཡང་རང་བཞིན་གནས་རིགས་སུ་འདོད་དགོས་ཏེ། ཁྱད་པར་མེད་པའི་ཕྱིར་ཞེས་པའི་དོན་ཡིན་གྱི་ཕུགས་ཀྱི་བཞེད་པ་ནི་མ་ཡིན་ཏེ། ངོ་བོ་ཉིད་སྐུ་དབྱིངས་རིགས་དབྱེར་མེད་ལ་བཞེད་པས་དེའི་རྒྱུར་གྱུར་པའི་རང་བཞིན་གནས་རིགས་དེ་ཡང་དབྱིངས་རིག་དབྱེར་མེད་དུ་གྲུབ་པའི་ཕྱིར་རོ། །སེམས་ཙམ་པའི་ལུགས་ལ་སྟོང་པ་ཉིད་དང་། དེ་བཞིན་ཉིད་དང་། ཡང་དག་མཐའ་དང་། མཚན་མ་མེད་པ་དང་། དོན་དམ་པ་དང་། ཆོས་དབྱིངས་རྣམས་གཞན་དབང་གི་སྟེང་དུ་ཀུན་བཏགས་ཀྱི་སྟོང་པའི་སྟོང་ཉིད་རིགས་པས་དཔྱད་བཟོད་དུ་གྲུབ་པ་ཞིག་གི་མིང་གི་རྣམ་གྲངས་སུ་འདོད་པས། ཡིན་ཁྱབ་མཉམ་ཡིན་ཀྱང་དབུ་མ་པའི་ལུགས་ནི། བདེ་གཤེགས་སྙིང་པོ་དང་། ཆོས་དབྱིངས་དང་། རང་བཞིན་གནས་རིགས་རྣམས་ནི་ཆོས་ཅན་གསལ་བ་དང་། དེ་ཉིད་ལ་མཐའ་བཞིའི་སྤྲོས་པ་བཀག་པའི་ཆོས་ཉིད་དབྱེར་མེད་པའི་ཟུང་འཇུག་ལ་འདོད་ཅིང་། སྟོང་ཉིད་དང་དེ་བཞིན་ཉིད་ལ་སོགས་པ་རྣམས་ནི་བདེན་པའམ་མཐའ་བཞིའི་སྤྲོས་པ་བཀག་པའི་གནས་ལུགས་ཀྱི་ཆ་ནས་འཇོག་པས་ཁྱད་པར་ཤིན་ཏུ་ཆེ་སྟེ། ཟུང་འཇུག་གི་སྟོང་པའི་ཆ་ལ་སྟོང་ཉིད་སོགས་སུ་འཇོག་པ་ཡིན་པའི་ཕྱིར་རོ། །མདོར་ན་སེམས་ཙམ་པའི་ལུགས་ལ་རང་བཞིན་གནས་རིགས་ཡིན་ན་ཆོས་དབྱིངས་མ་ཡིན་དགོས་ཏེ། སྔ་མ་ནི་འདུས་བྱས་དང་། ཕྱི་མ་ནི་འདུས་མ་བྱས་ཁོ་ན་ཡིན་པའི་ཕྱིར་རོ། །དབུ་མ་པའི་ལུགས་ལ་རང་བཞིན་གནས་རིགས་ཡིན་ན། ཆོས་དབྱིངས་ཡིན་དགོས་ཏེ། སྒྲུབ་བྱེད་སྔར་བསྟན་ཟིན་ཅིང་། བསྟན་བཅོས་རྩ་བར་ཡང་སྒྲུབ་པའི་རྟེན་ཆོས་དབྱིངས་ཉིད་ལ་རིགས་ཞེས་བརྗོད་པའི་ཕྱིར་དང་། འགྲེལ་པ་དག་ལས་ཀྱང་འདི་ཁོ་ན་བཞིན་འབྱུང་བའི་ཕྱིར་དང་། འཕགས་མཆོག་ཀླུ་སྒྲུབ་ཀྱིས་ཀྱང་འདི་ཁོ་ན་གསུངས་པའི་ཕྱིར་རོ། །གསུམ་པ་དབྱེ་བ་ལ་གནས་སྐབས་ཀྱི་སྒོ་ནས་དབྱེ་བ། ངོ་བོའི་སྒོ་ནས་དབྱེ་བ། རྟེན་ཆོས་སྒྲུབ་པའི་སྒོ་ནས་དབྱེ་བ་དང་གསུམ་ལས། དང་པོ་ལ། གནས་སྐབས་ལ་ལྟོས་ནས་རིགས་མ་ངེས་པ་དང་། ངེས་པ་གཉིས། ཕྱི་མ་ལ་ཡང་གནས་སྐབས་ཉན་ཐོས། རང་རྒྱལ་ཐེག་ཆེན་དུ་རིགས་ངེས་པ་གསུམ་ཡོད་ཀྱང་མཐར་ཐུག་ལ་ལྟོས་ནས་རིགས་ངེས་པ་དང་མ་ངེས་པའི་དབྱེ་བ་མེད་ཅིང་། ཉན་ཐོས་དང་རང་རྒྱལ་དུ་རིགས་ངེས་པ་ཡང་མེད་དེ། རིགས་ཡིན་ན་མཐར་ཐུག་སངས་རྒྱས་སུ་ངེས་པས་ཁྱབ་པའི་ཕྱིར་རོ། །གནས་སྐབས་ཉན་ཐོས་དང་། རང་རྒྱལ་གྱི་རིགས་ཡིན་པས། ཉན་ཐོས་དང་རང་རྒྱལ་གྱི་རིགས་ཡིན་པའི་གོ་ཆོད་ཀྱང་གནས་སྐབས་ཉན་ཐོས་དང་རང་རྒྱལ་དུ་རིགས་ངེས་པས་དེ་དང་དེར་རིགས་ངེས་པར་ནི་འཇོག་མི་ནུས་ཏེ། ཉན་ཐོས་དང་རང་རྒྱལ་གྱི་རིགས་ཡིན་པ་ཙམ་ནི་ཉན་ཐོས་དང་རང་རྒྱལ་གྱི་སྒྲུབ་པའི་རྟེན་གཞི་བྱེད་པའི་ཆ་ནས་འཇོག་པ་ཡིན་ཅིང་། དེ་དང་དེར་རིགས་ངེས་པ་ཡིན་ན། རྐྱེན་དབང་གིས་ཐེག་པ་གཞན་དུ་བསྒྱུར་དུ་མི་རུང་དགོས་པའི་ཕྱིར་རོ། །མདོར་ན་མཐར་ཐུག་ཐེག་པ་གསུམ་དུ་འདོད་པ་དག་གིས་མཐར་ཐུག་ལ་ལྟོས་ནས་རིགས་ངེས་པ་དང་། མ་ངེས་པ་གཉིས་རིགས་ངེས་པ་ལ་ཡང་མཐར་ཐུག་ཉན་ཐོས་རང་རྒྱལ་ཐེག་ཆེན་དུ་རིགས་ངེས་པ་གསུམ་དུ་འདོད་ཅིང་། མཐར་ཐུག་ཐེག་པ་གཅིག་ཏུ་འདོད་པས་ནི་མཐར་ཐུག་ལ་ལྟོས་ནས་དེ་འདྲའི་དབྱེ་བ་མི་འདོད་པ་ནི་གྲུབ་མཐའ་གོང་འོག་གི་གནད་དུ་ཤེས་པར་བྱའོ། །གཉིས་པ་ལ་རང་བཞིན་གནས་རིགས་དང་། རྒྱས་འགྱུར་གྱི་རིགས་གཉིས་ལས། དང་པོའི་མཚན་ཉིད། དྲི་མས་རྣམ་པར་དག་པ་ན་ངོ་བོ་ཉིད་སྐུར་འགྱུར་རུང་གི་དྲི་མ་ལས་མ་གྲོལ་བའི་ཆོས་དབྱིངས་སོ། །གཉིས་པའི་མཚན་ཉིད་ཐེག་ཆེན་གྱི་ཐར་ལམ་གྱིས་བསྡུས་པའི་དྲི་མ་ལས་མ་གྲོལ་བའི་དགེ་རྩ་གང་ཞིག དྲི་མས་རྣམ་པར་དག་པ་ན་ཡེ་ཤེས་གསུམ་མམ་གཟུགས་སྐུ་གཉིས་སུ་འགྱུར་དུ་རུང་བ་སྟེ་གནད་གཅིག་གོ །ཐེག་དམན་གྱི་ཐར་ལམ་ནི་རྒྱས་འགྱུར་གྱི་རིགས་མ་ཡིན་ཏེ། འདི་ལ་ལུང་དང་རིགས་པ་གཉིས་ལས། དང་པོ་ནི་རྒྱུད་བླར། ཡང་དག་བླངས་པ་མཆོག་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ནི་རྒྱས་འགྱུར་གྱི་རིགས་སུ་འཇོག་པ་ལ་རིགས་སད་པའི་སྟོབས་ཀྱིས་རིགས་ཀྱི་ནུས་པ་བརྟས་པ་དགོས་པ་གང་ཞིག་ཐེག་དམན་གྱི་ལམ་རྒྱུད་ལ་སྐྱེས་ཀྱང་རིགས་སད་པ་མ་ཡིན་ཏེ། མདོ་སྡེ་རྒྱན་དུ། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་ལ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །ཅེས་དང་། དབུ་མ་འཇུག་པར་ཡང་དེ་དང་འདྲ་བར་གསུངས་པའི་ཕྱིར་རོ། །རྒྱས་འགྱུར་གྱི་རིགས་ལ། རིགས་པ་དྲུག་ཅུ་པ་ནས་གསུངས་པ་ལྟར་གྱི་ཚོགས་གཉིས་གང་རུང་ཡིན་དགོས་པ་ལས། ཉན་ཐོས་ལ་དེ་ལྟ་བུའི་ཚོགས་གཉིས་མེད་པས་ཀྱང་གྲུབ་བོ། །མདོ་འགའ་ཞིག་དང་། མདོ་སྡེ་རྒྱན་ལ་སོགས་པ་རྣམས་ལས། ཉན་ཐོས་ཀྱི་བྱང་ཆུབ་ཏུ་ཞུགས་པ་དེ་དང་པོ་ཉིད་ནས་ཐེག་ཆེན་གྱི་ལམ་དུ་ཞུགས་པ་ལས་ལམ་ཡུན་རིང་དུ་འགོར་བར་བཤད་པས་ཀྱང་གྲུབ་སྟེ། རྒྱས་འགྱུར་གྱི་རིགས་ཡིན་ན་ལམ་དུ་མ་ཞུགས་པའི་གང་ཟག་ལ་ལྟོས་ཏེ་ལམ་ཡུན་རིང་དུ་འགོར་བའི་དོན་མེད་པའི་ཕྱིར་རོ། །མདོར་ན་རྒྱས་འགྱུར་གྱི་རིགས་ཡིན་ན། ཐེག་པ་གཞན་ལ་མ་ཞུགས་པར་རང་གི་ཐེག་པ་དེ་ཉིད་ཀྱི་ནུས་པ་མཐར་ཐུག་སྒྲུབ་ནུས་པ་ནི་གནད་ཀྱི་དོན་ནོ། །གསུམ་པ་ལ་གཞུང་འདིར་བཤད་པ་ནི་སྒྲུབ་པ་བཅུ་གསུམ་གྱི་རྟེན་དུ་གྱུར་པའི་རིགས་བཅུ་གསུམ་མོ། །འགྲེལ་པ་ཆེ་ཆུང་ལྟར་ན། ཐེག་པ་གསུམ་གྱི་སྒྲུབ་པའི་རྟེན་དུ་གྱུར་པའི་རིགས་གསུམ་དུ་ཡང་དབྱེར་ཡོད་དོ། །བཞི་པ་སྒྲུབ་པའི་རྟེན་དུ་འཇོག་པའི་ཚུལ་ལ། ཉིར་སྣང་དུ། དེས་ན་འདིས་ནི་ཆོས་ཀྱི་དབྱིངས་ཉིད། འཕགས་འི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར། རང་བཞིན་དུ་གནས་པའི་རིགས་སྒྲུབ་པའི་རྟེན་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ཅེས་གསུངས་པ་ལ། འདིའི་དོན་ནི་སེམས་ཀྱི་དབྱིངས་དེ་དགེ་རྩས་སད་པའི་ཚེ། འཁོར་བ་སྤོང་འདོད་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་སྤྲོས་བྲལ་རྟོགས་པར་འདོད་པའི་བློ་སྐྱེ་བ་ནི་སེམས་རང་གི་གནས་ཚུལ་སྙེགས་པར་འདོད་པའི་བློ་སྐྱེས་པ་ཡིན་ལ། དེ་ལས་སྒྲུབ་པ་ལ་འཇུག་པར་འབྱུང་ཞིང་དེ་ལས་སེམས་རང་གི་གནས་ཚུལ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཚེ། འཁོར་བ་སྤོང་འདོད་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་སྤྲོས་བྲལ་རྟོགས་པར་འདོད་པའི་བློ་སྐྱེ་ཞིང་དེ་ལས་འཕགས་པའི་ཆོས་རྣམས་འབྱུང་ཞེས་པའི་དོན་ནོ། །བོད་ཁ་ཅིག་དག་པར་བྱ་བའི་དོན་ཡོན་ཏན་དང་ལྡན་ན་དེ་དག་པར་བྱེད་པའི་སྒྲུབ་པ་འཐད་པའི་ཕྱིར་ན། སྒྲུབ་པའི་རྟེན་ཡིན་ནོ་ཞེས་པ་དང་། འབྲེས་སྒྲུབ་པའི་དམིགས་པ་ཡིན་པ་སྒྲུབ་པའི་རྟེན་དུ་བཤད་ཅེས་དང་། ཁ་ཅིག་སྒྲུབ་པའི་རྟེན་ནི་བྱང་ཆུབ་སེམས་དཔའ་ཡིན་ལ་དེ་སྐྱེ་མཆེད་དྲུག་ལ་གདགས། སྐྱེ་མཆེད་གཞན་ལྔ་ཡང་ཡིད་ཀྱི་སྐྱེ་མཆེད་ལ་བརྟེན་ཅིང་དེའི་རྩ་བ་ཡང་ཆོས་དབྱིངས་ཡིན་པས་ཆོས་དབྱིངས་སྒྲུབ་པའི་རྟེན་དུ་འཇོག་པར་བཞེད་པ་རྣམས་ནི་ཕྱོགས་རེ་ལ་བསམ་ན་འགལ་བ་མེད་མོད། ཞིབ་ཏུ་བྱས་ན་གཞིའི་དུས་སུ་འཁོར་བའི་ཆོས་ཐམས་ཅད་ཆོས་དབྱིངས་ལ་བརྟེན་པ་དང་། ལམ་གྱི་དུས་སུ་ལམ་གྱི་ཆོས་ཐམས་ཅད་ཆོས་དབྱིངས་ལ་བརྟེན་པ་དང་། འབྲས་བུའི་དུས་སུ་འབྲས་བུའི་ཆོས་ཐམས་ཅད་ཆོས་དབྱིངས་ལ་བརྟེན་དགོས་པར་གཞན་དུ་བཤད་ཟིན་པ་ལས་ཤེས་སོ། །ལྔ་པ་རིགས་སུ་འཇོག་པའི་ཚུལ་ལ་རྟེན་གྱི་སྒོ་ནས་རིགས་སུ་འཇོག་པ་དང་། དམིགས་པའི་སྒོ་ནས་རིགས་སུ་འཇོག་པའི་ཚུལ་གཉིས་སུ་གསུངས་པ་རྣམས་ཀྱང་། རིགས་ཀྱི་དོན་ནི་རྒྱུའི་དོན་ཡིན་པས། རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་སྟེ། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་གསུངས་པ་འདི་ཉིད་རིགས་སུ་འཇོག་པའི་ཚུལ་ཡིན་པས་གནད་ངོས་ཟིན་པ་ཤིན་ཏུ་གཅེས་སོ། །སྒྲུབ་པའི་རྟེན་བསྟན་ཟིན་ནས་དེའི་འོག་ཏུ་སྒྲུབ་པའི་དམིགས་པ་འཆད་དེ། རིགས་སད་པའི་གང་ཟག་གིས་དམིགས་པ་ལ་སྒྲོ་འདོགས་བཅད་ནས་སྒྲུབ་པ་ཉམས་སུ་ལེན་དགོས་པའི་ཕྱིར་རོ། །འདི་ལ་རང་ལུགས་ཀྱི་དམིགས་པ་ངོས་གཟུང་བ་དང་། གཞན་ལུགས་ཀྱི་དམིགས་པ་དགག་པ་གཉིས་ལས། དང་པོ་ནི། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཅེས་སོགས་ཚིགས་བཅད་གཉིས་ཏེ། འཕགས་པ་ལྟར་ན་དང་པོ་གཉིས་ཀྱིས་མདོར་བསྟན་ནས། ལྷག་མ་རྣམས་ཀྱིས་རྒྱས་པར་བཤད། སློབ་དཔོན་ལྟར་ན། དང་པོས་མདོར་བསྟན། གཉིས་པས་ཅུང་ཟད་བཤད། ལྷག་མ་རྣམས་ཀྱིས་རྒྱས་པར་བཤད་པའོ། །འདི་ལ་བཞི་སྟེ། རབ་ཏུ་དབྱེ་བ། ཚུལ་ཇི་ལྟར་ངེས་པ། གྲངས་ངེས་པ། གོ་རིམ་ངེས་པའོ། །དང་པོ་ལ། ལམ་གྱི་དབང་དུ་བྱས་པ་དང་། སྤང་གཉེན་གྱི་དབང་དུ་བྱས་པ་དང་། བདེན་གཉིས་ཀྱི་དབང་དུ་བྱས་པ་དང་། འབྲས་བུའི་དབང་དུ་བྱས་པ་རྣམས་ནི་ཚིག་རྐང་པ་གཉིས་དང་། གཅིག་དང་། ཡང་གཅིག་དང་། ཡང་གཉིས་ཀྱིས་རིམ་པ་བཞིན་དུ་བསྟན་ཏོ། །འདི་ལ་ཟངས་ལོ་ན་རེ། དགེ་སོགས་གསུམ་ནི་ཚོགས་ལམ་གྱི་དམིགས་པ། འཇིག་རྟེན་པ་དང་། དེ་ལས་འདས་པ་གཉིས་ནི་སྦྱོར་ལམ་གྱི། ཟག་བཅས་ཟག་མེད་ནི་མཐོང་ལམ་གྱི། འདུས་བྱས་འདུས་མ་བྱས་ནི་སྒོམ་ལམ་གྱི། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ནི་མི་སློབ་ལམ་གྱི་དམིགས་པ་ཡིན་ནོ། །ཞེས་ཟེར་བ་ནི་ལུང་རིགས་ཀྱི་ཤེས་བྱེད་མེད་ཅིང་། མི་སློབ་ལམ་ན་སྒྲུབ་པ་མེད་པས། དེའི་དམིགས་པ་འཇོག་པ་ཡང་མི་འཐད་དོ། །དེས་ན་ཆོས་ཐམས་ཅད་དགེ་མི་དགེ་ལུང་མ་བསྟན་གསུམ་དུ་བསྡུས་ནས་དེ་དག་གི་རྣམ་གྲངས་ལ་འཇིག་རྟེན་ལས་འདས་མ་འདས་ལ་སོགས་པར་སྒྲོ་འདོགས་གཅོད་པ་ཡིན་ཏེ། གཙོ་བོར་ནི་ཚོགས་ལམ་དུ་ཐོས་བསམ་གྱིས་གཏན་ལ་ཕབ་པ་དང་། སྦྱོར་ལམ་དུ་འཇིག་རྟེན་པའི་སྒོམ་བྱུང་གིས་བསྒོམ་པའི་དམིགས་པ་ཡིན་ཏེ། ཁ་ཅིག་ཏུ་ནི་རྒྱུའི་སྒོ་ནས་ཞེས་སོགས་དང་མཐུན་ནོ། །གཉིས་པ་ནི་བྱང་སེམས་ཆེན་པོས་ཆོས་ཐམས་ཅད་རྟོགས་པར་བྱའོ། །ཆོས་ཐམས་ཅད་ཀྱི་ཡོད་པར་མ་གྱུར་པ་ཉིད་ལ་བསླབ་པར་བྱའོ། །ཞེས་གསུངས་པས་ན། ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་ཆོས་ཁ་ཅིག་ནི་བླང་བྱ། ཁ་ཅིག་ནི་དོར་བྱ། ཁ་ཅིག་ནི་རྒྱུད་ལ་བསྐྱེད་པར་བྱ་བ། ཁ་ཅིག་ནི་ཐོབ་པར་བྱ་བ་ལ་སོགས་པར་དེ་དག་གི་མཚན་ཉིད་ཇི་ལྟར་གནས་པ་བཞིན་རྟོགས་པར་བྱེད་ལ། དོན་དམ་པའི་བདེན་པ་ལ་བརྟེན་ནས་དེ་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པར་བྱེད་པའི་ཚུལ་གྱིས་དམིགས་སོ། །གསུམ་པ་ནི་སྒྲོ་འདོགས་གཅད་པར་བྱ་བའི་གཞི་ཐམས་ཅད་ནི་འདིར་འདུས་པས་འདི་ལས་མང་བ་མི་དགོས་ལ། འདི་ལས་གང་རུང་ཞིག་མ་ཚང་ན་ཡང་སྒྲོ་འདོགས་གཅོད་ཚུལ་མ་འདུས་པར་འགྱུར་བས་འདི་ལས་ཉུང་བ་ཡང་མ་ཡིན་པས་ན་བཅུ་གཅིག་ཏུ་གྲངས་ངེས་སོ། །བཞི་པ་ནི། རང་གི་ངོ་བོའི་སྒོ་ནས་གོ་རིམ་རྣམ་པར་གཞག་པ་མེད་ཀྱང་། རྟོགས་བྱེད་ཀྱི་བློ་ལ་ལྟོས་ནས་གོ་རིམ་ངེས་པ་ཡོད་དེ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་གང་ཟག་གིས་བདག་གིས་ཆོས་ཐམས་ཅད་ལ་བསླབ་དགོས་ན་བླང་བར་བྱ་བ་ནི་གང་། དོར་བྱ་ནི་གང་། རེ་ཞིག་བཏང་སྙོམས་སུ་གཞག་བྱ་ནི་གང་སྙམ་པའི་བློ་སྐྱེ་བས་དེ་ལ་ལྟོས་ནས་དགེ་མི་དགེ་ལུང་མ་བསྟན་གསུམ་པོ་རིམ་པ་བཞིན་གཞག་གོ །དེ་ནས་མི་དགེ་བ་དང་ལུང་མ་བསྟན་བཏང་སྙོམས་སུ་བཞག་སྟེ། དགེ་བ་ཉིད་ལ་ཡང་དང་པོར་བླང་བར་བྱ་བ་དང་། ཕྱིས་བླང་བར་བྱ་བ་གང་སྙམ་པའི་བློ་ལ་ལྟོས་ནས་འཇིག་རྟེན་པ་ཞི་རགས་ཀྱི་རྣམ་པ་ཅན་དང་། འཇིག་རྟེན་ལས་འདས་པ་བདེན་པའི་རྣམ་པ་ཅན་གཉིས་གཞག་གོ །དེ་ནས་ཡང་འཇིག་རྟེན་པ་བཏང་སྙོམས་སུ་བཞག་སྟེ། འཇིག་རྟེན་ལས་འདས་པའི་སྤང་བྱ་ནི་གང་། གཉེན་པོ་ནི་གང་ཡིན་སྙམ་པའི་བློ་སྐྱེ་བས། དེ་ལ་ལྟོས་ནས་ཟག་པ་དང་བཅས་པ་སྤང་བྱ་དང་། ཟག་པ་མེད་པ་གཉེན་པོ་ཉིད་དུ་གཞག་གོ །དེ་ནས་ཡང་ཟག་བཅས་བཏང་སྙོམས་སུ་བཞག་སྟེ། ཟག་མེད་ཀྱིས་རྟོགས་པར་བྱ་བའི་ཡུལ་དེ་གང་ཡིན་སྙམ་པའི་བློ་སྐྱེ་བས་དེ་ལ་ལྟོས་ནས་འདུས་བྱས་ཀུན་རྫོབ་ཀྱི་བདེན་པ་དང་། འདུས་མ་བྱས་དོན་དམ་པའི་བདེན་པ་གཉིས་བཞག་གོ །དེ་ནས་ཡང་འདུས་བྱས་བཏང་སྙོམས་སུ་བཞག་སྟེ། འདུས་མ་བྱས་རྟོགས་པའི་འབྲས་བུ་གང་ཡིན་སྙམ་པའི་བློ་སྐྱེ་བས་དེ་ལ་ལྟོས་ནས་དེའི་འབྲས་བུ་སློབ་མ་དང་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པ་གཉིས་བཞག་སྟེ། འཕགས་པའི་གང་ཟག་ཐམས་ཅད་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ། །ཞེས་གསུངས་པ་དང་ཤིན་ཏུ་མཐུན་ནོ། །སྔ་མ་སྔ་མ་བཏང་སྙོམས་སུ་བཞག་པ་ནི་གནས་སྐབས་དེ་དང་དེ་ནས་སྒྲོ་འདོགས་གཅོད་པའི་བྱ་བ་རྫོགས་པའོ། །གཉིས་པ་གཞན་གྱི་དམིགས་པ་དགག་པ་ནི། ཉིར་སྣང་ལས། གང་དག་ཆོས་ཀྱི་དབྱིངས་ཉིད་དམིགས་པ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གིས་དམིགས་པ་དག་པ་གོང་ནས་གོང་དུ་ཁྱད་པར་འགྲོ་བ་ཞེས་བྱ་བ་ཇི་ལྟར་ཡིན་བརྗོད་དགོས་སོ། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་བྱ་བ་ཡིན་ནོ་ཞེ་ན། དེ་ལྟར་ན་ནི་འོ་ན་མི་མཐུན་པ་དང་གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པ་སྤང་བ་མེད་པས་དག་པ་ཕྱོགས་གཅིག་པར་ཐལ་བར་འགྱུར་རོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ནི་དམིགས་པ་མེད་དོ་ཅེས་པ་འབྱུང་བས་ཁྱེད་ཀྱི་ཕྱོགས་ལ་ཡང་དམིགས་པ་དག་པ་མཐར་ཐུག་པར་མི་འགྱུར་བ་མ་ཡིན་ནམ་ཅི་ཕྱིར་ཞེ་ན་ཆོས་ཐམས་ཅད་འཁྲུལ་པ་ཙམ་ཉིད་ཡིན་པའི་ཕྱིར་ཏེ། རབ་འབྱོར་གཉིས་ནི་དངོས་པོའོ་གཉིས་སུ་མེད་པ་ནི་དངོས་པོ་མེད་པའོ། །ཞེས་འཆད་པར་འགྱུར་ལ་གཉིས་ཀྱང་འཁྲུལ་པ་ལས་གཞན་ཅི་ཞིག་ཡིན་པར་འགྱུར་ཞེ་ན། མངོན་པར་ཞེན་པ་ནི་གཉིས་ཀྱི་མཚན་ཉིད་ཡིན་གྱི་འཁྲུལ་པ་ནི་མ་ཡིན་ཏེ། དེ་ལ་ནི་གཟུང་བ་དང་འཛིན་པའི་རང་བཞིན་དུ་མི་བརྗོད་པའི་ཕྱིར་རོ། །དེས་ན་འདི་ལ་ཁྱོད་འཁྲུལ་པར་ཟད་དོ། །དེ་ལྟར་བྱས་ན་རང་བཞིན་གཙོ་བོར་གྱུར་པ་ནི་རིགས་ཡིན་ལ། རྣམ་འགྱུར་གཙོ་བོར་གྱུར་པ་ནི་དམིགས་པ་ཡིན་ནོ། །གཉིས་ཀ་ཡང་གཉིས་ཀར་མ་བཀག་པ་དེས་ན་རྟེན་དང་དམིགས་པ་དག་གི་མཚན་ཉིད་ཀྱི་དབྱེ་བ་དང་། དམིགས་པ་དག་པའི་མཐར་ཐུག་པར་འགྲོ་བ་ཡང་འཐད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་རབ་འབྱོར་བྱང་ཆུབ་སེམས་དཔས་ཆོས་ཐམས་ཅད་ཀྱི་མ་ཆགས་པ་ཉིད་དང་། ཡོད་པར་གྱུར་པ་མ་ཡིན་པ་ཉིད་ལ་བསླབ་པར་བྱའོ། །ཞེས་གསུངས་སོ། །དོན་གང་ཡིན་ཞེ་ན་རང་བཞིན་དང་རྗེས་སུ་འབྲེལ་བའི་རྣམ་འགྱུར་ནི་དམིགས་པ་ཡིན་གྱི་རྣམ་པར་འགྱུར་བ་ཙམ་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ཞེས་གསུངས་པ་དེ་དག་གི་དོན་རོང་སྟོན་དམ་པའི་ཊཱི་ཀ་ལས་ཞིབ་ཏུ་བཀོད་པ་བཞིན་ཤེས་པར་བྱ་སྟེ་འདིར་ནི་མ་སྤྲོས་སོ། །སྒྲུབ་པའི་དམིགས་པ་བསྟན་ཟིན་ནས་དེའི་འོག་ཏུ་སྒྲུབ་པའི་ཆེད་དུ་བྱ་བ་སྟོན་ཏེ། དམིགས་པ་ལ་སྒྲོ་འདོགས་ཆོད་པའི་སྒྲུབ་པ་དེ་ཡང་ཆེད་དུ་བྱ་བ་ཆེན་པོ་གསུམ་གྱིས་ཆེད་དུ་འབད་དགོས་པའི་ཕྱིར་རོ། །འདི་ལ་ཆེད་དུ་བྱེད་པ་པོ་དང་། ཆེད་དུ་བྱ་བ་གཉིས་ལས་དང་པོ་ནི་རང་བྱུང་གི་ཞེས་པ་སྟེ། རང་བྱུང་དངོས་ནི་སངས་རྒྱས་ཡིན་ལ། འདིར་ནི་དེའི་མིང་གིས་བཏགས་པའི་བྱང་ཆུབ་སེམས་དཔའ་འོ། །འདོགས་པའི་རྒྱུ་མཚན་ནི་མདོ་ལས་བྱང་སེམས་ཆེན་པོ་ཞེས་གང་བརྗོད་པ་ཅིའི་སླད་དུ་བྱང་སེམས་ཆེན་པོ་ཞེས་བགྱི། རབ་འབྱོར་འདི་ལ་སེམས་ཅན་གྱི་ཕུང་པོ་ཆེན་པོ་དང་། སེམས་ཅན་གྱི་སྡེ་ཆེན་པོའི་མཆོག་ཏུ་འགྱུར་བ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱའོ། །ཞེས་རང་བྱུང་དུ་འགྱུར་བའི་ཕྱིར་ན་རང་བྱུང་གི་མིང་གིས་བཏགས་པའོ། །གཉིས་པ་ལ་གསུམ་ལས། དང་པོ་སེམས་ཆེན་པོ་ནི། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །ཞེས་ཏེ། སྔར་གྱི་མདོ་དེ་ཉིད་ལ་སེམས་ཅན་གྱི་ཕུང་པོ་ནི་འགྲོ་བ་རིགས་ལྔས་བསྡུས་པའི་སེམས་ཅན་ནམ། ཡང་ན་ཚོགས་ཆེན་པོ་སྟེ་སྤྱིར་བསྟན་པའོ། །སེམས་ཅན་གྱི་སྡེ་ཆེན་པོ་ནི། འཕགས་པ་གསུམ་གྱིས་བསྡུས་པའི་སེམས་ཅན་བརྒྱད་པ་ལ་སོགས་པ་ནས་ཕྱིར་མི་བཟློག་པའི་བྱང་སེམས་ཀྱི་བར་རོ། །དེ་དག་ནི་འདིར་སེམས་ཅན་ཀུན་ཅེས་པར་བསྡུས་ལ་མཆོག་ནི་དེ་ཐམས་ཅད་ཀྱི་ནང་ནས་དམ་པར་གྱུར་པ་སྟེ་རྫོགས་པའི་སངས་རྒྱས་སྐུ་གསུམ་མོ། །འདི་དག་ནི་ཆེན་པོ་གསུམ་ལ་སྦྱར་བར་བྱ་སྟེ། དེ་ལྟར་དུ་བྱེད་པའི་སེམས་དང་། སྤོང་བ་དང་། རྟོགས་པ་གསུམ་པོ་ལ་ཆེན་པོ་གསུམ་དུ་འཇོག་པའི་ཕྱིར་རོ། །འོ་ན་སེམས་ཇི་ལྟ་བུ་ཞེ་ན་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་དང་། རླབས་པོ་ཆེའི་སེམས་དང་། མི་བསྒུལ་བའི་སེམས་དང་། ཕན་བདེའི་སེམས་དང་། ཆོས་ལ་དགའ་བ་དང་། ཀུན་དགའ་བ་དང་། ཀུན་དགའ་བའི་རྣལ་འབྱོར་ལ་བརྩོན་པའི་སེམས་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་གྱི་བར་ཐམས་ཅད་ལ་མི་དམིགས་པའི་ཚུལ་གྱིས་གནས་ནས་སེམས་ཅན་གྱི་མཆོག་ཉིད་དུ་བྱེད་པ་སྟེ། རྒྱུའི་དུས་སུ་སེམས་དེ་དག་བསྐྱེད་ནས་འབྲས་བུའི་དུས་སུ་མངོན་དུ་གྱུར་པའོ། །གཉིས་པ་སྤོང་བ་ཆེན་པོ་ལ་བཅོམ་ལྡན་འདས་བདག་ཏུ་ལྟ་བ་དང་། སེམས་ཅན་དང་། སྲོག་དང་། སྐྱེ་བ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོར་ལྟ་བ་དང་། ཆད་པ་དང་། རྟག་པར་ལྟ་བ་དང་། ཡོད་པ་དང་། མེད་པར་ལྟ་བ་དང་། ཕུང་པོར་ལྟ་བ་ནས་རྟེན་ཅིང་འབྲེལ་བར་འབྱུང་བར་ལྟ་བའི་བར་དང་། ཕ་རོལ་ཏུ་ཕྱིན་པ་ལྟ་བ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་ལྟ་བའི་བར་རྣམས་ཏེ་ལྟ་བ་འདི་དག་རབ་ཏུ་སྤོང་བའི་སླད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་པར་བགྱིད་ཀྱང་དེ་མི་དམིགས་པའི་ཚུལ་གྱིས་བགྱིད་དེ། དེའི་སླད་དུ་བྱང་སེམས་ཆེན་པོ་ཞེས་བགྱིའོ་ཞེས་གསུངས་སོ། །དེ་ལ་ལྟ་བ་དང་པོ་བཅུ་གཉིས་ལ་ནི་འཇིགས་ཚོགས་ལ་ལྟ་བ། ཆད་པ་དང་རྟག་པར་ལྟ་བ་ནི་མཐར་འཛིན་ལྟ་བ། ཡོད་པ་དང་མེད་པར་ལྟ་བ་ནི་ལོག་ལྟ་སྟེ་སོ་སྐྱེ་དང་ཐུན་མོང་བ་དང་། ཕུང་པོར་ལྟ་བ་ནས་རྟེན་འབྲེལ་དུ་ལྟ་བའི་བར་ནི་ཉན་རང་དང་ཐུན་མོང་བ། ལྷག་མ་རྣམས་ནི་བྱང་སེམས་ལས་དང་པོ་པ་དང་ཐུན་མོང་བ་སྟེ་གཉེན་པོའི་ཚོགས་སྒྲུབ་ཀྱི་སྐབས་སུ་འཆད་པར་འགྱུར་བའི་གཟུང་འཛིན་གྱི་རྣམ་པར་རྟོག་པ་བརྒྱད་ཀྱིས་བསྡུས་པའོ། །ལྟ་བ་འདི་དག་སྤོང་བའི་ཆེད་དུ་སྒྲུབ་པ་ཉམས་སུ་བླངས་པས་མ་ལུས་པར་སྤངས་པ་ནི་སྤོང་བ་ཆེན་པོའོ། །གསུམ་པ་རྟོགས་པ་ཆེན་པོ་ནི་བརྒྱད་སྟོང་པར་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས། ཐམས་ཅད་མཁྱེན་པའི་སེམས། ཟག་པ་མེད་པའི་སེམས། མཉམ་པ་མེད་པའི་སེམས། མི་མཉམ་པ་དང་མཉམ་པའི་སེམས། ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པའི་སེམས་གང་ལགས་པ་དེ་ལ་ཡང་རང་དོན་དུ་མ་ཆགས་ཤིང་མ་ཞེན་ཏེ། དེའི་ཕྱིར་བྱང་སེམས་ཆེན་པོ་ཞེས་བགྱི་བའི་གྲངས་སུ་མཆིའོ། །ཞེས་གསུངས་ཤིང་། འགྲེལ་ཆེན་དུ། སྤྱིར་བསྟེན་ཞེས་གསུངས་ཏེ་དབྱིངས་ཀྱི་དོན་དུ་འདུག་གོ །བར་པ་བཞི་ནི་ཡེ་ཤེས་བཞི་དང་སྦྱར་ནས་ཐ་མ་ནི་ཐམས་ཅད་ཀྱི་ཐུན་མོང་བར་འཆད་དོ། །དེ་ལྟར་ན་སངས་རྒྱས་ཀྱི་ས་ཡེ་ཤེས་བཞི་ནི་རྟོགས་པ་ཆེན་པོའོ། །རྟོགས་པ་ཆེན་པོའི་རྒྱུའི་དབང་དུ་བྱས་ན་དང་པོ་ནི་ཚོགས་ལམ་གྱི་སེམས་བསྐྱེད། བར་པ་བཞི་ནི་མོས་པས་སྤྱོད་པ་དང་། ལྷག་བསམ་དག་པ་དང་། སྒྲིབ་པ་སྤོང་བ་དང་། རྣམ་པར་སྨིན་པའི་སེམས་བསྐྱེད། ཐ་མ་ནི་ཐམས་ཅད་ཀྱི་ཐུན་མོང་བའོ། །ཞེས་སྔ་རབས་པ་འགའ་ཞིག་བཞེད་པ་ནི་རྒྱུའི་དུས་སུ་དེ་ལྟར་ཉམས་སུ་བླངས་པས་འབྲས་བུའི་དུས་སུ་རྟོགས་པ་ཆེན་པོ་མངོན་དུ་འགྱུར་ཞེས་སྦྱར་ན་སྔ་མ་གཉིས་དང་འགྲིག་གོ །སྒྲུབ་པའི་ཆེད་དུ་བྱ་བ་བསྟན་ཟིན་ནས་སྒྲུབ་པ་རང་གི་ངོ་བོ་སྟོན་ཏེ། ཆེད་དུ་བྱ་བ་དེ་ཡང་སྒྲུབ་པ་རང་གི་ངོ་བོས་བསྒྲུབ་དགོས་པའི་ཕྱིར་རོ། །འདི་ཡང་ཡུལ་གྱི་སྒྲུབ་པ་དང་མངོན་རྟོགས་ཀྱི་སྒྲུབ་པའི་ཁྱད་པར། སྒྲུབ་པ་བཞིའི་ས་མཚམས། སྒྲུབ་པ་བཞིའི་གྲངས་དང་གོ་རིམ་ངེས་པ། སོ་སོའི་དོན་ལ་འཇུག་པ་དང་བཞི་ལས། དང་པོ་ནི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ལ་ཞེས་སོགས་ཏེ། ཤེར་འབྱུང་བློ་གྲོས་ཀྱིས་སྤྱིའི་སྒྲུབ་པ་དང་། ཁྱད་པར་གྱི་སྒྲུབ་པ་ཞེས་པའི་ཐ་སྙད་བྱས་ནས་དེ་གཉིས་ཀྱི་ངོ་བོ་དཀར་པོའི་ཆོས་རྗེས་སུ་སྒྲུབ་པའི་རང་བཞིན་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་རྗེས་སུ་སྒྲུབ་པའི་རང་བཞིན་དུ་འདོད་དོ། །གསེར་གླིང་པས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ནི་འཕགས་པའི་བདེན་པ་བཞི་ཡིན་ལ་སྤྱིར་དགེ་བའི་ཆོས་ནི་དེ་ཐམས་ཅད་ལ་ཁྱབ་པའི་ཆོས་དབྱིངས་ཡིན་ཞིང་། དེའི་རྟེན་ཅན་ནི་དེ་ལ་གནས་པའི་སྒྲུབ་པའོ། །རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་བཞི་པོ་རེ་རེའི་བསྒོམ་པར་བྱ་བའི་རྟགས་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྟེན་ཅན་ཏེ། བརྟེན་པ་སྦྱིན་པ་ལ་སོགས་པའི་བྱ་བ་ཉམས་སུ་ལེན་པ་ནི་སྒྲུབ་པ་ཡིན་ནོ། །ཆོས་སྐུ་ནི་འབྲས་བུ་ཡིན་པས་སྒྲུབ་པ་མ་བཤད་དོ། །ཞེས་བཤད། ཆོས་བཤེས་ཀྱིས་མཁྱེན་གསུམ་ཐོས་བསམ་གྱིས་ཤེས་པའི་དོན་གོམས་པའི་མཐུ་ཐོབ་པར་བྱ་བའི་ཕྱིར་དུ་སྤྱིར་དགེ་བའི་ཆོས་སྒོ་དུ་མ་ནས་སྤྱོད་པའི་སེམས་པའི་བྱ་བ་དེ་མཁྱེན་གསུམ་དང་འབྲེལ་བའི་སྒྲུབ་པ་ཡིན་ལ། མཁྱེན་གསུམ་ཐོས་བསམ་གྱིས་ཤེས་པའི་དོན་ལ་ཡུན་རིང་དུ་འདྲིས་པའི་མཐུས་དགེ་བ་སྒྲུབ་པ་ཇི་སྙེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལྡན་དུ་བསྒྲུབ་ནུས་པའི་སེམས་པའི་བྱ་བ་དེ་སྦྱོར་བཞི་དང་འབྲེལ་བའི་སྒྲུབ་པ་ཡིན་ཞིང་། སྔ་མ་ལ་གོ་སྒྲུབ་སོགས་བཞི་དང་། ཕྱི་མ་ལ་ཕར་ཕྱིན་དྲུག་གི་སྒྲུབ་པ་དྲུག་ཡོད་པར་བཞེད་དོ། །གནད་ཀྱི་དོན་ནི་འདི་ཡིན་ཏེ། ཐེག་ཆེན་གྱི་ཚོགས་ལམ་ཕལ་པའི་གནས་སྐབས་ཀྱི་སྒྲུབ་པ་དེ་ཆོས་ཅན། ཁྱོད་ལ་ཡུལ་གྱི་སྒྲུབ་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་སྤྱིར་དཀར་པོའི་ཆོས་ཀྱི་རྟེན་ཅན་དུ་གྱུར་པའི་བྱ་བ་ཙམ་ཡིན་པའི་སྒོ་ནས་སྒྲུབ་པར་འཇོག་པ་ཡིན་གྱི་ཕར་ཕྱིན་དྲུག་ལྡན་གྱི་མངོན་རྟོགས་ཉམས་སུ་ལེན་ཚུལ་ལ་མཁས་པས་ཐོགས་པ་མེད་པ་དང་། མངོན་ཞེན་བཀག་པས་འཛིན་པ་མེད་པ་དེ་མ་ཡིན་པའི་ཕྱིར་རོ། །དེ་སྐབས་གང་དུ་བསྟན་ན་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་སྐྱེ་མེད་གསུམ་གཏན་ལ་དབབ་པའི་གནས་སྐབས་སུ་བསྟན་ཏོ། །རྣམ་རྫོགས་སྦྱོར་བའི་སྐབས་ནས་བསྟན་པའི་ཐར་པ་ཆ་མཐུན་རྒྱུད་ལ་སྐྱེས་པ་ཡན་ཆད་ཀྱི་སྒྲུབ་པ་དེ་ཆོས་ཅན། ཁྱོད་ལ་མངོན་པར་རྟོགས་པའི་སྒྲུབ་པ་ཞེས་བརྗོད་དེ། མངོན་པར་རྟོགས་པ་རེ་རེ་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་ཉམས་སུ་ལེན་ཚུལ་ལ་མཁས་པས་ཐོགས་པ་མེད་པ་དང་མངོན་ཞེན་བཀག་པས་འཛིན་པ་མེད་པའི་སྒྲུབ་པ་ཡིན་པའི་ཕྱིར་རོ། །དེ་སྐབས་གང་དུ་བསྟན་ན་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་བཞིའི་གནས་སྐབས་སུ་བསྟན་ཏོ། །ཉིར་སྣང་དུ། དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཡུལ་ལ་ནི་སྤྱིར་དཀར་པོའི་ཆོས་ཀྱི་རྟེན་ཅན་གྱི་བྱ་བ་སྒྲུབ་པ་ཡིན་ལ། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་བཞི་ལ་ནི་མངོན་པར་རྟོགས་པ་སོགས་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གིས་ཐོགས་པ་མེད་པ་དང་འཛིན་པ་མེད་པ་གང་ཡིན་པ་དེ་ནི་སྒྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །ཞེས་གསུངས་སོ། །དེ་དག་གི་དོན་ཡང་མཁྱེན་པ་གསུམ་གྱི་སྐབས་ནི་བསྟན་པའི་སྒྲུབ་པ་དང་། སྦྱོར་བ་བཞིའི་སྐབས་ནས་བསྟན་པའི་སྒྲུབ་པ་ལ་བསྟན་ཚུལ་གྱི་ཁྱད་པར་འབྱེད་པ་ཡིན་གྱི་རང་གི་ངོ་བོའི་ཁྱད་པར་འབྱེད་པ་ནི་མ་ཡིན་ཏེ། མཁྱེན་གསུམ་གྱི་སྐབས་ནས་བསྟན་པའི་སྒྲུབ་པ་རྣམས་ཐོས་བསམ་གྱིས་གཏན་ལ་ཕབ་པའི་ལྡོག་པ་ནས་བསྟན་ལ། སྦྱོར་བཞིའི་སྐབས་ནས་བསྟན་པའི་སྒྲུབ་པ་རྣམས་ཐོས་བསམ་རབ་ཀྱི་མཐར་ཕྱིན་པའི་ཐར་པ་ཆ་མཐུན་ཁྱད་པར་ཅན་ཡན་ཆད་དུ་ཉམས་སུ་བླང་བར་བྱ་བའི་ལྡོག་པ་ནས་བསྟན་པའི་ཕྱིར་རོ། །འོ་ན་མཚན་མེད་རབ་ཏུ་སྦྱིན་ལ་སོགས་ཞེས་པའི་སྐབས་ནས་བསྟན་པའི་ཐར་པ་ཆ་མཐུན་དེ་ཐར་པ་ཆ་མཐུན་ཁྱད་པར་ཅན་དང་། དེ་མན་ཆད་ཀྱི་ཚོགས་ལམ་ཕལ་པར་འཇོག་པའི་ཁྱད་པར་གང་ལས་ཤེས་སྙམ་ན། ཉིར་སྣང་དུ། དེ་ལྟར་གདམས་ངག་དང་རྗེས་སུ་བསྟན་པའི་སྦྱོར་བ་དང་ལྡན་པའི་ཐོས་པ་དང་བསམ་པ་གོམས་པས་དད་པ་ལ་སོགས་པའི་མཚན་ཉིད། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་ཕུལ་དུ་ཕྱིན་པ་ཐོབ་པ་ལས། དྲོ་བར་གྱུར་པ་ཞེས་དང་། དེའི་དོན་འགྲེལ་ཆུང་ལས་ཐོས་པ་ལ་སོགས་པ་རབ་ཀྱི་མཐར་ཕྱིན་པ་ཐོབ་པ་ཐར་པའི་ཆ་དང་མཐུན་པ་དད་པ་ལ་སོགས་པ་དགེ་བའི་རྩ་བའི་མཚན་ཉིད་ཀྱི་འོག་ཏུ་ཞེས་དང་། ཆོས་བཤེས་ཀྱིས་སྐབས་དང་པོ་ནས་བསྟན་པའི་སེམས་བསྐྱེད་པ་དང་པོ་དང་། གཉིས་པ་དང་། གསུམ་པ་དང་པོར་བྱས་ཏེ་གདམས་ངག་ལ་བརྟེན་ནས་ཚོགས་ཀྱི་ལམ་ཕལ་པ་སྦྱངས་ནས་སྐབས་བཞི་པ་ནས་བསྟན་པའི་ཐར་པའི་ཆ་དང་མཐུན་པ་བསྐྱེད་དེ། སྐབས་དང་པོ་ནས་བསྟན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་ཞེས་གསུངས་པའི་ཕྱིར་རོ། །སྨོན་ལམ་རྣམ་པར་དག་པའི་གདུལ་བྱ་ལ་ཕན་ཐོགས་པ་སྲིད་དོ། །གཉིས་པ་ནི། དེ་ལྟར་ཇི་ལྟ་བ་བཞིན་དུ་སྦྱོར་བ་དང་ཞེས་སོགས་ཀྱིས་བསྟན་ཏེ། སྦྱོར་བ་དང་ཞེས་པས་གོ་སྒྲུབ་དང་། འཇུག་སྒྲུབ་དང་། ཚོགས་སྒྲུབ་དང་པོ་བཅོ་ལྔ་དང་གསུམ་རིམ་པ་ལྟར་མཐོང་ལམ་ལ་བརྒྱུད་ནས་སྦྱོར་བ་ཚོགས་ལམ་དང་། དངོས་སུ་སྦྱོར་བ་སྦྱོར་ལམ་དང་། མངོན་གསུམ་དུ་སྦྱོར་བ་ཆོས་མཆོག་ཆེན་པོ་ནས་ཡོད་པར་བསྟན། མཐོང་བ་དང་། སྒོམ་པ་དང་ཞེས་པས་ས་དང་པོའི་ཚོགས་སྒྲུབ་དང་། མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་གཉིས་མཐོང་ལམ་དང་། ས་ལྷག་མ་རྣམས་ཀྱི་ཚོགས་སྒྲུབ་དང་། སྒོམ་སྤང་གཉེན་པོའི་ཚོགས་སྒྲུབ་གཉིས་སྒོམ་ལམ་ནས་ཡོད་པར་བསྟན། ཁྱད་པར་གྱི་ལམ་གྱི་ངོ་བོ་ཉིད་ཅེས་པས་ངེས་འབྱུང་སྒྲུབ་པ་སྒོམ་ལམ་གྱི་ཁྱད་པར་ལམ་ས་བརྒྱད་པ་ནས་ཡོད་པར་བསྟན་པའི་ཕྱིར་རོ། །དེ་ལྟར་ཐོགས་མེད་ཀྱི་གོ་ཆ་དང་འཇུག་པའི་སྒྲུབ་པ་དག་ནི་གོ་རིམ་བཞིན་དུ་བརྒྱུད་པ་དང་། དངོས་སུ་སྦྱོར་བའི་རང་བཞིན་ཚོགས་དང་མོས་པས་སྤྱོད་པའི་སས་བསྡུས་པ་ཡིན་ནོ། །ཚོགས་ཀྱི་སྒྲུབ་པ་ནི་བརྩེ་བ་ནས་བརྩམས་ཏེ་གཟུངས་ཀྱི་བར་ནི་མངོན་སུམ་དུ་སྦྱོར་བའི་རང་བཞིན་ཆོས་མཆོག་ཆེན་པོས་བསྡུས་པ་ཡིན་ནོ། །ས་དང་པོ་རབ་ཏུ་དགའ་བའི་རང་བཞིན་དུ་གྱུར་པའི་ཚོགས་ཀྱི་སྒྲུབ་པ་ནི་མཐོང་བའི་ལམ་གྱི་བདག་ཉིད་ཡིན་ལ། ས་གཉིས་པ་ལ་སོགས་པའི་རང་བཞིན་སྒོམ་པའི་ལམ་གྱི་ངོ་བོ་ཉིད་ཡིན་ཞིང་། གཉེན་པོའི་ཚོགས་ཀྱི་བདག་ཉིད་ཅན་གྱི་ཚོགས་ཀྱི་སྒྲུབ་པ་ནི་ལམ་གཉིས་ཀའི་སྤྱོད་ཡུལ་ཅན་ཡིན་ནོ། །ངེས་པར་འབྱུང་བའི་སྒྲུབ་པ་ནི་སྒོམ་པའི་ལམ་ལ་བརྟེན་པ་ཡིན་ནོ་ཞེས་སོ། །འགྲེལ་ཆེན་དུ་ཡང་དེ་ཉིད་ཤེས་བྱེད་དུ་དྲངས་ཤིང་། ཨ་བྷ་ཡ་ཡང་བཞེད་དོ། །ཁྱུང་པོས་གོ་རིམ་ཇི་ལྟ་བ་བཞིན་དུ་ཞེས་པའི་དོན་ཡིན་པས། གོ་ཆ་སྦྱོར་ལམ། འཇུག་པ་མཐོང་ལམ། ཚོགས་ས་བདུན་པ་མན་ཆད་ཀྱི་སྒོམ་ལམ། ངེས་འབྱུང་སྒོམ་ལམ་ལ་བརྟེན་ནས་ས་བརྒྱད་པ་ནས་འཇོག་པ་ཡིན་ཞེས་དང་། ཕྱི་མ་དག་གཞུང་འདིས་སྒྲུབ་པ་བཞིའི་ས་མཚམས་བསྟན་ན་སྒྲུབ་པ་བཞི་དང་། ལམ་བཞི་རིམ་པ་ལྟར་སྦྱོར་དགོས་པར་འགྱུར་བས་ས་མཚམས་མ་བསྟན་ཞེས་སྨྲ་བ་རྣམས་ཀྱིས་ནི་ཐོགས་མེད་ཀྱི་ལུང་འགྲེལ་ཆེན་དུ་དྲངས་པའི་དོན་མ་རྟོགས་པའོ། །གསུམ་པ་ལ་སྤང་བྱ་སྤོང་བའི་དབང་དུ་བྱས་པ་དང་། བསྒྲུབ་བྱ་སྒྲུབ་པའི་དབང་དུ་བྱས་པ་གཉིས་ལས་དང་པོ་ནི་ཉིར་སྣང་དུ། གོ་ཆའི་སྒྲུབ་པ་ལ་སོགས་པ་འདི་རྣམས་ཀྱི་གོ་རིམ་གྱི་ཚུལ་འདི་ནི་རིགས་པ་ཉིད་ཡིན་ཏེ། གོ་བགོས་པ་ནི་འཇུག་གོ །ཞུགས་པ་ནི་དཔུང་གི་ཚོགས་སོ། །དཔུང་ཚོགས་གསོག་པ་ནི་མ་རྒྱལ་བ་ལས་རྒྱལ་བ་ཐོབ་པས་ངེས་པར་འབྱུང་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་ལ་འདིའི་དོན་ནི། བསྟན་བཅོས་འདིར་འབྱུང་བའི་བྱང་སེམས་ཀྱི་སྤང་བྱ་ནི་མཐོང་སྤང་དང་སྒོམ་སྤང་གཉིས་ཡིན་ལ། དེ་ལས་རྒྱལ་བར་བྱེད་པ་ལ་དམག་དཔོན་དཔའ་བོ་གཡུལ་དུ་འཇུག་པའི་དཔེ་དང་སྦྱར་ཏེ། དེ་ལ་དང་པོར་གོ་ཆ་བགོས་པ། དེ་ནས་དཔུང་ཚོགས་པའི་ཆེད་དུ་གཡུལ་དུ་འཇུག་པ། དེ་ནས་དཔུང་མ་ལུས་པ་གསོག་པ། དེ་ནས་མི་མཐུན་ཕྱོགས་དང་གཡུལ་བསྐྲད་དེ་དེ་ལས་རྒྱལ་བ་བཞི་ཡོད་པ་ལྟར། འདིར་ཡང་སྤང་བྱ་གཉིས་པོ་དེ་སྤོང་བའི་ཆེད་དུ་བསམ་པས་གོ་བགོས་པ་ནི་གོ་ཆ། སྦྱོར་བས་ཚུལ་བཞིན་དུ་ཞུགས་པ་ནི་འཇུག་པ། གཉེན་པོའི་དཔུང་ཚོགས་གསོག་སྟེ་མི་མཐུན་ཕྱོགས་དང་གཡུལ་བསྐྲད་པ་ནི་ཚོགས། མི་མཐུན་ཕྱོགས་ལས་ངེས་པར་འབྱུང་བ་ཐོབ་པ་ནི་ངེས་འབྱུང་གི་སྒྲུབ་པ་ཡིན་པས་གྲངས་དང་གོ་རིམ་གཉིས་ཆར་ངེས་པའོ། །འདིར་ཚོགས་སྒྲུབ་ཀྱི་མ་མཐའི་ས་མཚམས་ཆོས་མཆོག་ཆེན་པོ་ནས་བཞག་པ་དང་། ངེས་འབྱུང་སྒྲུབ་པ་ས་བརྒྱད་པ་ནས་བཞག་པའི་གནད་ཀྱང་འདི་ཉིད་ཡིན་ཏེ། ཀུན་བཏུས་སུ། སྤོང་བ་གཉེན་པོ་ལ་གཉིས་སུ་བྱས་པའི་སྦྱོར་བའི་ལམ་ནི་སྤང་བྱ་དངོས་སུ་སྤོང་བའི་བྱ་བ་བྱེད་པ་ཡིན་ལ། བར་ཆད་མེད་པའི་ལམ་ནི་གང་གི་འོག་ཏུ་རྣམ་པར་གྲོལ་བ་མངོན་དུ་བྱེད་པར་འགྱུར་བ་ལ་བཤད་པས་སྦྱོར་ལམ་ཆོས་མཆོག་ཆེན་པོ་དང་། སྡུག་བསྔལ་ལ་ཆོས་བཟོད་གཉིས་མཐོང་སྤང་དངོས་སུ་སྤོང་བའི་བྱ་བ་བྱེད་པར་འདྲ་ཡང་ཆོས་བཟོད་ཀྱི་སྐད་ཅིག་ཕྱིར་ལོགས་རྣམ་གྲོལ་ལམ་མངོན་དུ་བྱེད་པར་འགྱུར་བའི་ཕྱིར་དང་། ས་བརྒྱད་པ་ནས་སྒོམ་སྤང་རྟོག་པ་སླར་མི་སྐྱེ་བའི་ཚུལ་གྱིས་སྤངས་ཟིན་པས་དེ་ཡན་ཆད་ནི་རྟོག་པ་གཉིས་པོ་ལ་ལྟོས་པའི་ཁྱད་པར་གྱི་ལམ་ཡིན་ནོ། །འདི་ལ་དགོངས་ནས་སློབ་དཔོན་གྱི་འགྲེལ་པར་དག་པ་ས་གསུམ་ལ་ཁྱད་པར་གྱི་ལམ་ཞེས་མང་དུ་གསུངས་པ་ཡིན་ནོ། །གཉིས་པ་ནི་འགྲེལ་ཆུང་དུ་སྙིང་རྗེ་ལ་སོགས་པ་འདི་དག་གིས་ཡང་དག་པར་སྒྲུབ་པའི་ངོ་བོས་བྱང་ཆུབ་ཆེན་པོ་འཛིན་པར་བྱེད་པའི་ཕྱིར་ན། སྙིང་རྗེ་ཆེན་པོ་ལ་སོགས་པ་ནི་ཚོགས་ཡིན་པས་ཞེས་གསུངས། སངས་རྒྱས་སའི་སྐུ་གསུམ་ནི་བྱང་ཆུབ་ཆེན་པོ་ཡིན་ལ་དེ་སྒྲུབ་པར་བྱེད་པ་ལ་བསམ་པས་གོ་བགོས་པས་གོ་ཆ། སྦྱོར་བས་ཚུལ་བཞིན་དུ་ཞུགས་པས་འཇུག་པ། རྒྱུ་ཚོགས་ཀྱི་ནུས་པ་མཐུ་ཅན་ཚོགས་པ་ནི་ཚོགས་སྒྲུབ། བསྒྲུབ་བྱ་དེར་སྐད་ཅིག་ཀྱང་བར་ཆད་མེད་པའི་ཚུལ་གྱིས་ངེས་པར་འབྱུང་བ་ནི་ངེས་འབྱུང་གི་སྒྲུབ་པ་སྟེ། འདི་ལ་ཡང་ས་མཚམས་ནི་སྔ་མ་དང་འདྲ་ཞིང་འོ་ན་ཆོས་མཆོག་ཆེན་པོ་ནས་རྒྱུ་ཚོགས་ཀྱི་ནུས་པ་ཇི་ལྟར་ཚང་སྙམ་ན། རང་བཞིན་རྣམ་དག་གི་ཆོས་སྐུ་མངོན་སུམ་དུ་མཐོང་བ་ལ་ས་བཅུ་གཅིག་གི་མཉམ་གཞག་ལ་ཁྱད་པར་མེད་པས་དེ་དངོས་སུ་བསྐྱེད་པའི་ནུས་པ་ཚང་བ་ལ་དགོངས་སོ། །ས་བརྒྱད་པ་ནས་སྐད་ཅིག་ཀྱང་བར་མ་ཆད་པར་བསྒྲུབ་བྱ་དེར་ངེས་པར་འབྱུང་བའི་ཚུལ་ནི་མཚན་འཛིན་གྱིས་བར་མ་ཆད་པར་སངས་རྒྱས་ཀྱི་སར་ངེས་པར་འབྱུང་བའི་དོན་ནོ། །ལུགས་འདི་གཉིས་ཆར་ཡང་བསྟན་བཅོས་རྩ་བའི་དགོངས་པར་སོང་ཞིང་དོན་གྱི་གནད་ཀྱང་གཅིག་པར་སྣང་སྟེ། ཆེད་དུ་བྱ་བ་ཆེན་པོ་གསུམ་སྒྲུབ་པ་ལ་མཐོང་སྤང་དང་སྒོམ་སྤང་གཉིས་སྤོང་དགོས་པའི་ཕྱིར་རོ། །བཞི་པ་སོ་སོའི་དོན་ལ་བཞི་ལས་དང་པོ་གོ་སྒྲུབ་ནི། དེ་དག་སོ་སོར་སྦྱིན་ལ་སོགས། །ཞེས་ཏེ། འདི་ལ་སྡུད་བྱེད་དྲུག་ངོས་གཟུང་། བསྡུ་བྱ་དྲུག་ཚན་དྲུག་ཏུ་འགྱུར་བའི་ཚུལ། དེ་ཉིད་གོ་ཆར་འགྱུར་བའི་ཚུལ་དང་གསུམ་ལས། དང་པོ་ནི་སྦྱིན་པའི་གོ་སྒྲུབ་ནས་ཤེས་རབ་ཀྱི་གོ་སྒྲུབ་ཀྱི་བར་རྣམ་པ་དྲུག་གོ །གཉིས་པ་ནི། མཚན་བཞི་ཆོས་ཀྱི་སྦྱིན་པ་ལྟ་བུ་ལ་མཚོན་ན། ཆོས་ཀྱི་སྦྱིན་པ་དེ་ཉིད་སྦྱིན་པའི་སྦྱིན་པ། དེ་ཉིད་ཀྱི་ཚེ་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པ་སྤོང་པ་སྦྱིན་པའི་ཚུལ་ཁྲིམས། དེ་ཉིད་ཀྱི་ཚེ་སྐྱེ་བོ་ཐམས་ཅད་ཀྱིས་མི་སྙན་པར་སྨྲ་བ་ཉིད་བཟོད་པ་ནི་བཟོད་པ། དེ་ཉིད་ཀྱི་ཚེ་འདུན་པ་བསྐྱེད་པ་ནི་སྦྱིན་པའི་བརྩོན་འགྲུས། དེ་ཉིད་ཀྱི་ཚེ་ཐེག་པ་གཞན་དང་མ་འདྲེས་པའི་སེམས་རྩེ་གཅིག་པ་ནི་སྦྱིན་པའི་བསམ་གཏན། དེ་ཉིད་ཀྱི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ནི་སྦྱིན་པའི་ཤེས་རབ་སྟེ་སྦྱིན་པའི་གོ་ཆ་དྲུག་ཡིན་ལ། དེ་བཞིན་དུ་གཞན་གནོད་སྤོང་བའི་ཚུལ་ཁྲིམས་ལྟ་བུ་ལ་དྲུག་ཏུ་སྦྱར་བ་ནས་ཤེས་རབ་ཀྱི་བར་རེ་རེ་ལ་ཡང་དྲུག་དྲུག་སྦྱར་རོ། །ཉིར་སྣང་ལས། དང་པོ་གཉིས་འདྲ་བ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ལ་བཟོད་པ་དང་། འདོད་པ་དང་ཉེ་བར་རྟོག་པ་ནི་བཟོད་པ་དང་། དགེ་བའི་རྩ་བ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ནི་བརྩོན་འགྲུས་དང་། ཐེག་པ་གཞན་དང་མ་འདྲེས་པའི་རྩེ་གཅིག་པ་ཉིད་ཀྱི་དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་ནི་བསམ་གཏན་དང་། སྒྱུ་མའི་འདུ་ཤེས་ཉེ་བར་གནས་པས་སྦྱིན་པར་བྱ་བ་དང་། གཏོང་བ་པོ་དང་། ལེན་པ་པོ་མི་དམིགས་པ་ནི་ཤེས་རབ་ཏུ་བཤད་དོ། །འོ་ན་སྡུད་བྱེད་ཀྱི་སྦྱིན་པ་དང་། བསྡུ་བྱའི་སྦྱིན་པ་ལ་ཁྱད་པར་ཅི་ཡོད་སྙམ་ན། སྦྱིན་པ་ཙམ་དུ་འཇོག་པའི་ཆ་དེ་སྡུད་བྱེད་ཡིན་ཞིང་། མཚན་གཞི་ཆོས་ཀྱི་སྦྱིན་པ་ལྟ་བུ་དེ་བསྡུ་བྱ་ཡིན་ནོ། །གོ་སྒྲུབ་དྲུག་ཏུ་འཇོག་པའི་ཚུལ་ཇི་ལྟར་སྙམ་ན་འདི་ལ་ཕར་ཕྱིན་དྲུག་གི་སྦྱིན་པ་དྲུག་སྦྱིན་པར་ཆོས་མཐུན་ཞེས་འཇོག་པའི་ཚུལ་དང་སྦྱིན་པའི་བསྡུ་བྱ་དྲུག་སྦྱིན་པར་ཆོས་མཐུན་ཞེས་པའི་ཚུལ་གཉིས་སྣང་བ་ལས་ཕྱི་མ་འདི་ཉིད་འཐད་དེ། འདིར་སྡུད་བྱེད་ཀྱི་གོ་ཆ་དྲུག་པོ་དེ་ཉིད་གོ་སྒྲུབ་ཏུ་འཇོག་ཅིང་དེ་རེ་རེ་ལ་ཡང་དྲུག་དྲུག་ཏུ་ཕྱེ་བའི་ཚེ་སུམ་ཅུ་སོ་དྲུག་ཏུ་འགྱུར་བ་ནི་སྐབས་ཀྱི་དོན་ཡིན་པའི་ཕྱིར་རོ། །འདི་དག་གི་གྲངས་ངེས་པ་དང་། གོ་རིམ་ངེས་པ་ནི་ཕར་ཕྱིན་དྲུག་གི་སྐབས་ལྟར་ཤེས་པར་བྱའོ། །གསུམ་པ་ནི་འཕགས་པ་ལྟར་ན་ཕར་ཕྱིན་དྲུག་གི་ཉམས་ལེན་ལ་འཇུག་པར་བྱའོ་སྙམ་པའི་བསམ་པས་ཁྱབ་པར་བྱས་པ་ནི་གོ་བགོས་པའི་དོན་ཏེ། འཇིག་རྟེན་ན་གཡུལ་ལ་འཇུག་པའི་ཆེད་དུ་ཡ་ལད་ལ་སོགས་པ་བགོས་པ་ལ་གོ་བགོས་པར་བརྗོད་པ་བཞིན་ནོ། །སློབ་དཔོན་ལྟར་ན་བསྒོམ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཉམས་ལེན་ལ་སྒོམ་བྱེད་འཁོར་གསུམ་མི་དམིགས་པའི་བསམ་པས་གོ་བགོས་པ་སྟེ་འགྲེལ་པར་གོ་རིམ་བཞིན་དུ་སྦྱིན་པར་བྱ་བ་ལ་སོགས་པ་མི་དམིགས་པའི་གོ་བྱ་ཉིད་ཀྱི་བྱེད་པ་དང་ཞེས་གསུངས་སོ། །གཉིས་པ་ནི། བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། །ཞེས་སོགས་ཏེ། འདི་ལ་རང་གི་ངོ་བོ་དང་། ཡུལ་དང་། གོ་རིམ་གསུམ་ལས། དང་པོ་ནི་འཇུག་ཡུལ་ཐེག་པ་ཆེན་པོ་ལ་ཚོགས་ཀྱི་ལམ་ལས་འདས་ནས་སྦྱོར་བའི་བརྩོན་འགྲུས་ཀྱིས་འཇུག་པ་དང་འཛེག་པའི་སྒྲུབ་པ་སྟེ་མདོར། ཚེ་དང་ལྡན་པ་གང་པོ་ཇི་ཙམ་གྱིས་ན་བྱང་སེམས་ཆེན་པོ་ཐེག་པ་ཆེན་པོ་ལ་འཇུག་པ་དང་། ཐེག་པ་ཆེན་པོ་ལ་འཛེག་པར་འགྱུར་བ་ཡིན་ཞེས་གསུངས་པས་སོ། །འཇུག་པ་དང་འཛེག་པ་གཉིས་དོན་གཅིག་ཏེ། ཉིར་སྣང་དུ། དེ་ཡང་དོན་གཅིག་པ་ཉིད་ཀྱིས་འཇུག་པ་ནི་འཛེག་པ་ཡིན་ལ་འཛེག་པ་འཇུག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ཐེག་པ་ཆེན་པོ་སྟེ། འདི་ལ་རྒྱུའི་ཐེག་པ་དང་། འབྲས་བུའི་ཐེག་པ་གཉིས་ལས། དང་པོ་ནི་བསམ་གཏན་གཟུགས་མེད་ནས་འཁོར་གསུམ་རྣམ་པར་དག་པའི་བར་རོ། །གཉིས་པ་ནི། ཆེད་དུ་བྱ་བ་ལ་སོགས་པ་ཕྱི་མ་གསུམ་མོ། །ཡང་ཚན་པ་གསུམ་དུ་ཡང་བསྡུ་སྟེ། རང་དོན་གྱི་དང་། གཞན་དོན་གྱི་དང་། གཉིས་དོན་གྱི་དབང་དུ་བྱས་པའོ། །དང་པོ་ནི་བསམ་གཏན་གཟུགས་མེད་སོགས་གསུམ་མོ། །གཉིས་པ་ནི་བྱམས་སོགས་གསུམ་མོ། །གསུམ་པ་ནི་ཆེད་དུ་བྱ་བ་སོགས་གསུམ་མོ། །གསུམ་པ་གོ་རིམ་ནི། དང་པོར་སེམས་བརྟན་པར་བྱ་བའི་དོན་དུ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་འཇུག་གོ །དེ་བསྒོམས་པས་སེམས་བརྟན་ཞིང་ལས་སུ་རུང་བ་ཐོབ་པ་ན། ཚོགས་གཉིས་གསོག་དགོས་པས་སྦྱིན་སོགས་དྲུག་ལ་འཇུག་གོ །ཚོགས་གཉིས་བསགས་པའི་སྟོབས་ཀྱིས་མཐོང་སྒོམ་གྱི་ལམ་སྐྱེ་བས་ལམ་ལ་འཇུག་གོ །འདིར་སློབ་དཔོན་གྱིས་མི་སློབ་པ་དང་ཁྱད་པར་གྱི་ལམ་ཡང་ཡང་གསུངས་པ་ནི་དག་པ་ས་ཡི་དབང་དུ་བྱས་པའོ། །དེ་གསུམ་གྱིས་རང་དོན་གྲུབ་པར་བྱས་ཟིན་ནས་དེའི་འོག་ཏུ་གཞན་དོན་གྱི་རྒྱུ་ཚད་མེད་བཞི་ལ་འཇུག་གོ །དེ་ནས་ཡང་གང་ཟག་དང་ཆོས་ཀྱི་བདག་ཏུ་དམིགས་པ་དང་བཅས་པས་གཞན་དོན་བྱེད་མི་ནུས་པས་གང་ཟག་དང་ཆོས་ཀྱི་བདག་ཏུ་དམིགས་པ་མེད་པའི་ཤེས་རབ་ལ་འཇུག་གོ །གང་ཟག་དང་ཆོས་ཀྱི་བདག་ཏུ་དམིགས་པ་མེད་ཀྱང་འཁོར་གསུམ་དུ་རྣམ་པར་རྟོག་པའི་བློ་མ་སྤངས་ན་གཞན་དོན་མི་ནུས་པས་དེ་ནས་འཁོར་གསུམ་མི་དམིགས་པ་ལ་འཇུག་གོ །འཁོར་གསུམ་དག་པའི་སྤྱོད་པ་དང་ལྡན་པ་དེས་རང་དོན་ཆེད་དུ་བྱ་བ་གསུམ་བསྒྲུབ་དགོས་པས་དེ་ནས་ཆེད་དུ་བྱ་བ་ལ་འཇུག་གོ །དེ་ཡང་གནས་སྐབས་ཀྱི་ཆེད་དུ་བྱ་བའི་དབང་དུ་བྱས་པ་ཡིན་ལ། དེ་ནས་རྣམ་མཁྱེན་གྱི་རྒྱུ་མངོན་པར་ཤེས་པ་དྲུག་ལ་འཇུག་གོ །རྣམ་མཁྱེན་གྱི་རྒྱུ་ཚོགས་པས་རྣམ་མཁྱེན་ཐོབ་པར་འགྱུར་བས་དེ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་གོ །གསུམ་པ་ཚོགས་སྒྲུབ་ནི། བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཅེས་སོགས་ཏེ། འདི་ལ་ཚོགས་བཅུ་བདུན་སྤྱིར་བསྟན་པ་དང་། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། དང་པོར་སྒྲུབ་པའི་གོ་རིམ་དང་། ཚོགས་སུ་འགྱུར་ཚུལ་གཉིས་ལས། དང་པོ་ནི་ཚོགས་ཀྱི་སྒྲུབ་པ་ཡི། །རིམ་པ་ཡིན་པར་ཤེས་པར་བྱ། །ཞེས་གསུངས་ན། རིམ་པ་ཇི་ལྟར་ཡིན་སྙམ་ན། ཐོག་མར་སྡུག་བསྔལ་དང་བྲལ་འདོད་ཀྱི་བརྩེ་བ་མངོན་དུ་བྱས་ནས་དེའི་འོག་ཏུ་གཞན་དོན་སྦྱིན་པ་ལ་སོགས་པ་དྲུག་ལ་རིམ་པར་འཇུག་གོ །དེ་ནས་གཞན་དོན་ལ་རྩེ་གཅིག་པའི་ཞི་གནས་ལ་ཞུགས་ནས་སྟོང་ཉིད་རྟོགས་པའི་ལྷག་མཐོང་བསྐྱེད་དོ། །སྟོང་ཉིད་རྟོགས་པ་ཙམ་གྱིས་སངས་རྒྱས་མི་ཐོབ་པས་དེ་ནས་ཤེས་རབ་དང་སྙིང་རྗེ་ཟུང་དུ་འབྲེལ་བའི་ལམ་ལ་སློབ་བོ། །གཉིས་པོ་ལ་བསླབས་པས་གཞན་དོན་བྱེད་པའི་ཐབས་ལ་མཁས་པ་གང་ཡིན་པ་འཐོབ་བོ། །དེ་ལས་སྟོང་ཉིད་རྟོགས་པའི་ཡེ་ཤེས་སྐྱེ་ཞིང་ཡེ་ཤེས་ལས་བསོད་ནམས་ཀྱི་འབྲས་བུ་ཅན་གྱི་ཏིང་ངེ་འཛིན་སྐྱེའོ། །ཚོགས་གཉིས་གོམས་པར་བྱས་པས་ནི་དེ་ཁོ་ན་ཉིད་རྟོགས་པའི་དོན་དུ་ལམ་ལ་འཇུག་ཅིང་ལམ་ཐོབ་པ་ལས་མི་བརྗེད་པའི་གཟུངས་ཐོབ་པར་འགྱུར་རོ། །དེ་ལས་ས་བཅུ་ཐོབ་ནས་སྐབས་དེ་དག་ཏུ་གཉེན་པོ་ཡང་མངོན་དུ་བྱེད་དོ། །གཉིས་པ་ནི་འཕགས་པ་ལྟར་ན་ཚོགས་དང་པོ་བཅོ་ལྔ་ཆོས་མཆོག་ཆེན་པོའི་གནས་སྐབས་སུ་ཅིག་ཅར་དུ་ཚོགས་པས་མཐོང་སྤང་དང་གཡུལ་འགྱེད་པར་བྱེད་པའོ། །སའི་ཚོགས་ལ་ས་དང་པོའི་ཡོངས་སྦྱང་ནི་ས་དང་པོའི་རྗེས་ཐོབ་ཏུ་ཚོགས་པས་མཐོང་སྤང་གི་གནས་ངན་ལེན་སྦྱོང་བར་བྱེད་ཅིང་། ས་ལྷག་མ་རྣམས་ཀྱི་ཚོགས་ས་དེ་དང་དེའི་རྗེས་ཐོབ་ཏུ་ཚོགས་པས་སྔར་གྱི་བར་ཆད་མེད་ལམ་གྱིས་སྤངས་པའི་གནས་ངན་ལེན་སྦྱོང་བར་བྱེད་པའོ། །གཉེན་པོའི་ཚོགས་ལ་མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་ནི་མཐོང་ལམ་བར་ཆད་མེད་ལམ་དང་། སྒོམ་སྤང་གཉེན་པོའི་ཚོགས་སྒྲུབ་ནི་སྒོམ་ལམ་བར་ཆད་མེད་ལམ་དུ་ཚོགས་པས་སྤང་བྱ་དེ་དང་དེ་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པའོ། །སློབ་དཔོན་ལྟར་ན་ཚོགས་དང་པོ་བཅོ་ལྔ་སྦྱོར་ལམ་ཆོས་མཆོག་ཏུ་ཅིག་ཅར་ཚོགས་པས་རང་བཞིན་རྣམ་དག་གི་ཆོས་ཉིད་མངོན་སུམ་དུ་མཐོང་བའི་བྱང་ཆུབ་ཆེན་པོའི་རྒྱུའི་ནུས་པ་ཚོགས་པ་ཡིན་གྱི་སའི་ཚོགས་དང་གཉེན་པོའི་ཚོགས་སྔ་མ་རྣམས་ནི་གློ་བུར་གྱི་དྲི་མ་ཕྱོགས་རེ་དང་བྲལ་བའི་ཆོས་དབྱིངས་མངོན་སུམ་དུ་མཐོང་བའི་བྱང་ཆུབ་ཆེན་པོ་དང་། ཐ་མ་ནི་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བའི་བྱང་ཆུབ་ཆེན་པོའི་རྒྱུའི་ནུས་པ་ཚོགས་པའོ། །འོ་ན་ལམ་གྱི་ཚོགས་མཐོང་བ་ལ་སོགས་པའི་ལམ་དང་གཟུངས་ཀྱི་ཚོགས་ཚིག་ལ་སོགས་པའི་གཟུངས་ལ་བཞག་པས་ཆོས་མཆོག་ཆེན་པོར་ཚོགས་སོག་པ་འགལ་ཏེ། དེར་མཐོང་བ་ལ་སོགས་པའི་ལམ་མེད་པའི་ཕྱིར་དང་། བཟོད་པའམ་གཟུངས་མེད་པའི་ཕྱིར་རོ་ཞེ་ན། སྔོན་གྱི་མཁས་པ་དག་ལམ་དང་གཟུངས་ཀྱི་དངོས་རྒྱུ་ཚོགས་པ་དང་། ངོ་བོ་ཚོགས་པ་དང་གཉིས་ལས། སྔ་མའི་དབང་དུ་བྱས་པས་མི་འགལ་བར་བཞེད་དོ། །གཉིས་པ་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ལ་ཡེ་ཤེས་ཀྱི་ཚོགས་བྱེ་བྲག་ཏུ་བཤད་པ། སའི་ཚོགས་བྱེ་བྲག་ཏུ་བཤད་པ། གཉེན་པོའི་ཚོགས་བྱེ་བྲག་ཏུ་བཤད་པ་དང་གསུམ་ལས། དང་པོ་ལ་འཕགས་པས་ཇི་ལྟར་བཤད་པའི་ཚུལ། དེའི་དགོངས་པ་སློབ་དཔོན་གྱིས་ཇི་ལྟར་བཀྲལ་བའི་ཚུལ། དེའི་དགོངས་པ་སྔ་རབས་ཀྱི་མཁས་པ་རྣམས་ཀྱིས་བཀྲལ་བའི་ཚུལ། འཐད་པའི་ཕྱོགས་ངོས་གཟུང་བ་དང་བཞི་ལས། དང་པོ་ནི་ཡེ་ཤེས་ཀྱི་ཚོགས་ཉིད་ཀྱི་ཐད་དུ་མདོར་སྟོང་ཉིད་ཉི་ཤུ་གསུངས་པ་ལས། ཉིར་སྣང་དུ། སྟོང་གཞིའི་ཆོས་ཅན་ཉི་ཤུ་ངོས་བཟུང་ནས་དེ་དག་ཇི་ལྟར་སྟོང་པའི་ཚུལ་དང་བཅས་པ་བརྗོད་ཟིན་པའི་མཇུག་ཏུ་ཕྱོགས་འདིས་སྐབས་གོ་རིམ་མ་ཚང་བ་རྣམས་ཀྱི་སྐབས་ཀྱི་དོན་ལ་ཡང་བརྗོད་པར་བྱའོ། །དེ་དག་ནི་གཞན་དགག་པའི་སྒོ་ནས་སྟོང་ཉིད་འབའ་ཞིག་ཁོ་ན་བརྗོད་པར་བྱེད་པ་ཡིན་གྱི་འདི་དག་ལ་མངོན་པར་རྟོགས་པའི་གོ་རིམ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་ཟེར་བ་དེ་དག་གི་ལྟར་ན་ནི་སྐབས་ཀྱི་དོན་ཁོ་ན་བརྗོད་པར་བྱ་བ་ཡིན་གྱི་གཙོ་བོར་བསྟན་བཅོས་ཀྱི་དོན་ནི་མ་ཚང་བར་འགྱུར་བ་དེས་ན་སྟོང་པ་ཉིད་ཀྱི་སྐབས་རྣམས་སོང་བ་དང་འགྲོ་བར་བྱ་བའི་གོ་རིམ་དང་བྲལ་བའི་ཕྱིར་ཆེད་དུ་བྱ་བ་ཉམས་པའི་ངོ་བོར་སྟོན་པ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ནི་འགྲེལ་ཆེན་དུ། སྟོང་ཉིད་དང་པོ་གསུམ་གྱི་སྐབས་སུ་སྟོང་པ་ཉིད་འདི་གསུམ་ནི་མོས་པས་སྤྱོད་པའི་ས་ལ་ཡིན་ནོ་ཞེས་དང་། བཞི་པའི་སྐབས་སུ་འདི་ནི་སྦྱོར་བའི་ལམ་ལའོ་ཞེས་དང་། ལྔ་པའི་སྐབས་སུ་འདི་ནི་ཀུན་ཏུ་འགྲོ་བའི་དོན་གྱིས་ན་དང་པོའོ་ཞེས་དང་། སྟོང་ཉིད་ཐ་མ་གསུམ་གྱི་སྐབས་སུ་སྟོང་པ་ཉིད་འདི་གསུམ་ནི་གོ་རིམ་བཞིན་དུ་ཉོན་མོངས་པའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པའི་རྟེན་ཉིད་ཡིན་པའི་ཕྱིར་དང་། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པའི་རྟེན་ཉིད་ཡིན་པའི་ཕྱིར་དང་། རང་བྱུང་ཉིད་ཡིན་པའི་དོན་གྱིས་ན་སངས་རྒྱས་ཀྱི་ས་ལ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་སོ། །གསུམ་པ་ནི། དྭགས་པོ་དབང་ཕྱུག་སེང་གེ་ན་རེ། ཡེ་ཤེས་དང་པོ་གསུམ་ཚོགས་ལམ། བཞི་པ་སྦྱོར་ལམ། དེ་ནས་བདུན་ས་དང་པོ་ནས་བདུན་པའི་བར་ལ་རེ་རེ་དང་། དེ་ནས་དག་པ་ས་གསུམ་ལ་གཉིས་གཉིས་དང་། སྟོང་ཉིད་ཐ་མ་གསུམ་རྟོགས་པའི་ཡེ་ཤེས་སངས་རྒྱས་ཀྱི་ས་ཁོ་ནར་འཇོག་པར་བཞེད་དོ། །ཨར་ན་རེ། ཡེ་ཤེས་གཞན་རྣམས་ཀྱི་ས་མཚམས་དེ་ལྟར་ཡིན་ཀྱང་དང་པོ་གསུམ་ཚོགས་ལམ་དུ་འཇོག་པ་མི་འཐད་དེ། འགྲེལ་ཆེན་དུ། ཡེ་ཤེས་དང་པོ་གསུམ་མོས་སྤྱོད་ཀྱི་ས་ལ་བཞག་ཅིང་། མོས་སྤྱོད་ཀྱི་ས་ནི་སྦྱོར་ལམ་ལ་བཞེད་པའི་ཕྱིར་ཏེ། མཚན་ཉིད་ཀྱི་སྐབས་སུ་ཚོགས་དང་མོས་པས་སྤྱོད་པ་དང་ཞེས་དང་། རྟག་ཏུ་ངུའི་ལེའུའི་སྐབས་སུ་ཡང་ཚོགས་ཀྱི་ས་དང་། མོས་པས་སྤྱོད་པའི་ས་དང་། བྱང་ཆུབ་སེམས་དཔའི་ས་དང་། དེ་བཞིན་གཤེགས་པའི་ས་ཞེས་གསུངས་པའི་ཕྱིར། དེས་ན་སྟོང་ཉིད་དང་པོ་གསུམ་འཇོག་པའི་མོས་སྤྱོད་ཀྱི་ས་ནི་སྦྱོར་ལམ་བཞི་ཀ་དང་། བཞི་པ་འཇོག་པའི་སྦྱོར་ལམ་ནི་ཆོས་མཆོག་ཡིན་ཞེས་བཞེད་དོ། །ཁྱུང་གིས། དང་པོ་གསུམ་འཇོག་པའི་མོས་སྤྱོད་ཀྱི་ས་ནི་སྦྱོར་ལམ་དང་པོ་གསུམ་དང་། བཞི་པ་འཇོག་པའི་སྦྱོར་ལམ་ནི་ཆོས་མཆོག་ཡིན་པས་སྦྱོར་ལམ་བཞི་ལ་རིམ་པ་བཞིན་དུ་འཇོག་པར་བཞེད་དོ། །བཞི་པ་ནི་སློབ་དཔོན་གྱི་བཞེད་པ་སྟོང་ཉིད་དང་པོ་གསུམ་རྟོགས་པའི་ཡེ་ཤེས་ཚོགས་ལམ་ནས་འཇོག་སྟེ། སྟོང་ཉིད་ཉི་ཤུ་པོ་འདིས་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་གྱི་མངོན་པར་རྟོགས་པའི་རིམ་པ་སྟོན་པའི་ཚུལ་ནི་སེམས་བསྐྱེད་ཉེར་གཉིས་ཀྱི་ས་མཚམས་དང་འདྲ་བར་བཞེད་པའི་ཕྱིར་རོ། །མ་མཐའ་སྦྱོར་ལམ་ནས་འཇོག་པ་ལ་ཤེས་བྱེད་མེད་དེ། སྤྱིར་ཚོགས་བཅུ་བདུན་གྱི་ནང་ཚན་དུ་གྱུར་པའི་ཡེ་ཤེས་ཀྱི་ཚོགས་ཚོགས་ལམ་ནས་ཡོད་པ་ལ་འགལ་བ་མེད་པའི་ཕྱིར་དང་། ཚོགས་སྒྲུབ་ཀྱི་ནང་ཚན་དུ་གྱུར་པའི་ཡེ་ཤེས་ཀྱི་ཚོགས་ནི་ཆོས་མཆོག་མན་ཆད་དུ་མེད་པའི་ཕྱིར་རོ། །མོས་སྤྱོད་ཀྱི་ས་ཞེས་པས་སྦྱོར་ལམ་དུ་མི་འགྲུབ་སྟེ། སྤྱིར་མོས་སྤྱོད་ཀྱི་ས་ནི་ཚོགས་སྦྱོར་གཉིས་ཀ་ལ་འཇུག་པས་ཚོགས་ལམ་གྱི་ཟླས་དྲངས་པའི་ཚེ་སྦྱོར་ལམ་དང་། སྦྱོར་ལམ་གྱི་ཟླས་དྲངས་པའི་ཚེ་ཚོགས་ལམ་ལ་འཇུག་པའི་ཕྱིར་རོ། །དེ་ལྟ་མིན་པར་མོས་སྤྱོད་ཀྱི་ས་ཞེས་པ་སྦྱོར་ལམ་བཞི་ཀ་དང་། སྦྱོར་བའི་ལམ་ཞེས་པ་ཆོས་མཆོག་ཡིན་ན་ཐ་སྙད་དེ་ཉིད་ཀྱིས་གསུང་རིགས་ཤིང་། སྦྱོར་ལམ་བཞི་ལ་རིམ་པ་བཞིན་དུ་འཇོག་ན། དང་པོ་གསུམ་དང་བཞི་པ་སོ་སོར་བྱེད་པ་ལ་དགོས་པ་མེད་དོ། །སློབ་དཔོན་གྱིས་ཡེ་ཤེས་ཉི་ཤུའི་ས་མཚམས་གྱི་རྗེས་སུ་སྔར་གྱི་ཉིར་སྣང་གི་ལུང་དེ་ཉིད་འགྲེལ་ཆེན་ནས་དྲངས་པའི་དེའི་དོན་ཡང་གནས་སྐབས་གཞན་དུ་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་གྱི་ས་མཚམས་ངེས་པ་ཅན་དང་བྲལ་བ་རྣམས་ཀྱི་སྐབས་དོན་ཡང་འདིར་ཡེ་ཤེས་ཉི་ཤུའི་ས་མཚམས་ལ་བརྟེན་ནས་རྟོགས་པར་བྱའོ། །གང་དག་སྟོང་ཉིད་ཉི་ཤུ་སྟོན་པའི་མདོར་སྟོང་ཉིད་མེད་དགག་ཁོ་ན་བསྟན་ནས་ཡུལ་ཅན་ཡེ་ཤེས་མ་བསྟན་པར་འདོད་པ་དེ་དག་གི་ལྟར་ན། མདོ་དེས་ཡུལ་སྟོང་ཉིད་ཁོ་ན་བསྟན་ནས་ཡུལ་ཅན་མངོན་རྟོགས་ཀྱི་རིམ་པ་མ་བསྟན་པར་འགྱུར་རོ། །དེ་ཡང་འདོད་ན་སྐབས་དོན་སྟོང་ཉིད་ཁོ་ན་བརྗོད་བྱར་འགྱུར་གྱི་བསྟན་བཅོས་ཀྱི་དོན་མངོན་རྟོགས་ཀྱི་རིམ་པ་བརྗོད་བྱ་མ་ཡིན་པར་འགྱུར་རོ། །དེ་ཡང་འདོད་ན་སྟོང་ཉིད་ཉི་ཤུའི་བྱེ་བྲག་གིས་ཡུལ་ཅན་ཡེ་ཤེས་ལ་སྔར་བགྲོད་ཟིན་པ་དང་། ཕྱིས་བགྲོད་པར་བྱ་བའི་གོ་རིམ་དང་བྲལ་བས་ན་བསྟན་བཅོས་ཀྱི་ཆེད་དུ་བྱ་བ་ཉམས་པར་འགྱུར་རོ། །ཞེས་པའི་དོན་ཏོ། །གཉིས་པ་སའི་ཚོགས་བྱེ་བྲག་ཏུ་བཤད་པ་ལ། མཚན་ཉིད། དབྱེ་བ། སྒྲ་དོན། ཁྱད་པར་གྱི་ཆོས་དང་བཞི་ལས། དང་པོ་ལ་ས་ཙམ་གྱི་མཚན་ཉིད་ནི། རྟོགས་པ་ཕྱི་མ་དང་ཡོན་ཏན་གྱི་རྟེན་བྱེད་པའོ། །སྐབས་དོན་བྱང་སེམས་ཀྱི་སའི་མཚན་ཉིད་ནི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་། སྙིང་རྗེ་ཆེན་པོ་ཟུང་དུ་འབྲེལ་བའི་སྒོ་ནས་རྟོགས་པ་ཕྱི་མ་དང་ཡོན་ཏན་གྱི་རྟེན་བྱེད་པའི་ཉམས་ལེན་ཁྱད་པར་ཅན་ཏེ། འཇུག་འགྲེལ་དུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟག་པ་མེད་པའི་ཡེ་ཤེས་སྙིང་རྗེ་ལ་སོགས་པས་ཟིན་པ་ཉིད་ཆར་རྣམ་པར་ཕྱེ་བ་ནས་ཞེས་བྱ་བའི་མིང་ཐོབ་སྟེ། ཡོན་ཏན་གྱི་འབྱུང་གནས་སུ་འགྱུར་བའི་ཕྱིར་རོ། །ཞེས་གསུངས་སོ། །གཉིས་པ་ནི། སྤྱིར་ས་ཙམ་ལ་དབྱེ་ན། ཉན་ཐོས་ཀྱི་ས། རང་རྒྱལ་གྱི་ས། ཐེག་ཆེན་གྱི་ས་དང་གསུམ་ལས། དང་པོ་ལ་དཀར་པོ་རྣམ་པར་མཐོང་བའི་ས། རིགས་ཀྱི་ས། བརྒྱད་པའི་ས། མཐོང་བའི་ས། བསྲབས་པའི་ས། འདོད་ཆགས་དང་བྲལ་བའི་ས། བྱས་པ་རྟོགས་པའི་ས། ཉན་ཐོས་ཀྱི་ས་དང་བརྒྱད་དོ། །གཉིས་པ་ལ་རབ་ཏུ་དབྱེ་བ་བཤད་པ་མི་སྣང་ཞིང་། གསུམ་པ་ལ་མོས་སྤྱོད་ཀྱི་ས། བྱང་ཆུབ་སེམས་དཔའི་ས། སངས་རྒྱས་ཀྱི་ས་དང་གསུམ་ལས། བྱང་སེམས་ཀྱི་ས་ལ་ཡང་ས་དང་པོ་རབ་ཏུ་དགའ་བ་ནས་ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་བཅུར་ཡོད་དེ། རིན་ཆེན་ཕྲེང་བར། ཇི་ལྟར་ཉན་ཐོས་ཐེག་པ་ལ། །ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལ། །བྱང་ཆུབ་སེམས་དཔའི་ས་བཅུའོ། །ཞེས་གསུངས་སོ། །གསུམ་པ་ལ། སྤྱིའི་སྒྲ་དོན་དང་། སོ་སོའི་སྒྲ་དོན་གཉིས་ལས། དང་པོ་ནི་རྒྱན་དུ། འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ། །ཅེས་སོ། །གཉིས་པ་ནི་དེ་ཉིད་དུ། བྱང་ཆུབ་ལ་ནི་ཉེ་བ་དང་། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པའོ། །འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་བསྲེགས་པས་འོད་འཕྲོ་ཅན། །སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང་། །རང་གི་སེམས་ཀྱང་བསྲུངས་པའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱའོ། །ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་དུ་གྱུར་པའི་ས་ཞེས་དང་། །བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཞེས་ངེས་པར་བརྗོད། །སོ་སོ་ཡང་དག་རིགས་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །སྤྲིན་བཞིན་གཉིས་ཀྱིས་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་སོ། །བཞི་པ་ལ་བཅུ་གཉིས་ཏེ། མཉམ་གཞག་ཏུ་ཆོས་དབྱིངས་རྟོགས་པའི་ཁྱད་པར། རྗེས་ཐོབ་ཏུ་ངེས་ཤེས་དྲངས་ཚུལ་གྱི་ཁྱད་པར། ཡང་དག་པར་འགྲུབ་པའི་དུས་ཀྱི་ཁྱད་པར། གང་ཟག་རྣམ་པར་དག་པའི་ཁྱད་པར། བསླབ་པ་གསུམ་སྦྱོང་བའི་ཁྱད་པར། ཟག་མེད་ཀྱི་ཕུང་པོ་ལྔ་སྦྱང་བའི་ཁྱད་པར། ཕར་ཕྱིན་ལྷག་པའི་ཁྱད་པར། རྣམ་སྨིན་གྱི་སྐྱེ་བ་འཛིན་པའི་ཁྱད་པར། སྤང་བྱ་སྤོང་བའི་ཁྱད་པར། ཡོངས་སྦྱོང་གི་ཆོས་ཀྱི་ཁྱད་པར། ཡོན་ཏན་གྱི་གྲངས་ཀྱི་ཁྱད་པར། འཕོ་ཚུལ་གྱི་ཁྱད་པར་རོ། །དང་པོ་ནི་ས་བཅུ་པོ་རྣམས་ལ། རང་བཞིན་རྣམ་དག་གི་ཆོས་དབྱིངས་རྟོགས་ཚུལ་ལ་ནི་ཁྱད་པར་མེད་དེ། ཆོས་དབྱིངས་ཆ་ཤས་མེད་པ་ལ་མཐོང་མ་མཐོང་ཆ་གཉིས་མེད་པའི་ཕྱིར་རོ། །གློ་བུར་དྲི་བྲལ་གྱི་ཆོས་དབྱིངས་མཐོང་ཚུལ་ལ་ནི་ཁྱད་པར་ཡོད་དེ། ས་ཕྱི་མ་རྣམས་སུ་སྔ་མ་རྣམས་ཀྱི་ངོས་སྐལ་གྱི་དྲི་མ་ལས་གྲོལ་བའི་བྲལ་བ་གསར་མཐོང་རེ་རེ་ཡོད་པའི་ཕྱིར་ཏེ། མདོར། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་མཆོག་གིས་ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང་། །ཞེས་སོ། །གཉིས་པ་ནི་མཉམ་གཞག་གི་ནུས་པས་རྗེས་ཐོབ་ཀྱི་གནས་སྐབས་སུ་ས་དང་པོར་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས། གཉིས་པ་ལ་མཆོག་གི་དོན་དུ་རྟོགས། གསུམ་པ་ལ་རྒྱུ་མཐུན་པའི་དོན་གྱི་མཆོག་ཏུ་རྟོགས། བཞི་པ་ལ་ཡོངས་སུ་འཛིན་པ་མེད་པའི་དོན་དུ་རྟོགས། ལྔ་པ་ལ་རྒྱུད་ཐ་དད་པ་མེད་པའི་དོན་དུ་རྟོགས། དྲུག་པ་ལ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་རྟོག་པ་མེད་པའི་དོན་དུ་རྟོགས། བདུན་པ་ལ་ཐ་དད་མེད་པའི་དོན་དུ་རྟོགས། བརྒྱད་པ་ལ་འབྲི་བ་དང་འཕེལ་བ་མེད་པའི་དོན་དུ་རྟོགས་ཤིང་། དབང་བཞི་ལས་ཆོས་དབྱིངས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བའི་གནས་དང་། ཞིང་དག་པ་ལ་དབང་བའི་གནས་སུ་རྟོགས། དགུ་པ་ལ་ཆོས་དབྱིངས་ཡེ་ཤེས་ལ་དབང་བའི་གནས་སུ་རྟོགས། བཅུ་པ་ལ་ཆོས་དབྱིངས་ལས་ལ་དབང་བའི་གནས་སུ་རྟོགས་ཏེ། དབུས་མཐར། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །རྒྱུ་མཐུན་དོན་གྱི་མཆོག་ཉིད་དང་། །ཡོངས་སུ་འཛིན་པ་མེད་དོན་དང་། །རྒྱུད་རྣམས་ཐ་དད་མེད་དོན་དང་། །ཉོན་མོངས་རྣམ་རྟོག་མིན་དོན་དང་། །ཐ་དད་མེད་པའི་དོན་ཉིད་དང་། །འབྲི་མེད་འཕེལ་བ་མེད་དོན་དང་། །དབང་ནི་རྣམ་པ་བཞི་ཡི་དོན། །ཞེས་སོ། །གསུམ་པ་ནི་བསྐལ་པ་གྲངས་མེད་པ་དང་པོས་ས་དང་པོ་དང་། གཉིས་པས་ས་བརྒྱད་པ་དང་། གསུམ་པས་ས་བཅུ་པར་འགྲུབ་སྟེ། བྱང་སར་བསྐལ་པ་ཆེན་པོ་གྲངས་མེད་པ་དང་པོས་ནི་མོས་པས་སྤྱོད་པ་ལ་གནས་པ་ལས་ཡང་དག་པར་འདས་ནས་རབ་ཏུ་དགའ་བ་ལ་གནས་པ་ཐོབ་སྟེ། དེ་རྟག་ཏུ་འབད་པས་ཐོབ་ཀྱི་མི་འབད་པས་ནི་མ་ཡིན་ནོ། །བསྐལ་པ་ཆེན་པོ་གྲངས་མེད་པ་གཉིས་པས་ནི་རབ་ཏུ་དགའ་བ་ལ་གནས་པ་ནས་མཚན་མ་མེད་པ་ལ་གནས་པ་རྩོལ་བ་དང་བཅས་པའི་བར་ལས་འདས་ཏེ། མཚན་མ་མེད་པ་ལ་གནས་པ་ལྷུན་གྱིས་གྲུབ་པ་ཐོབ་པར་འགྱུར་རོ། །དེ་ནི་ངེས་པ་ཁོ་ན་ཏེ། འདི་ལྟར་བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་དེ་ནི་ངེས་པར་འབད་པའི་ཕྱིར་རོ། །བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་པས་ནི་མཚན་མ་མེད་པ་ལྷུན་གྱིས་གྲུབ་པ་དང་། སོ་སོ་ཡང་དག་པར་རིག་པ་ལ་གནས་པ་ལས་ཡང་དག་པར་འདས་ནས་བྱང་ཆུབ་སེམས་དཔའི་གནས་པ་མཆོག་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། །བཞི་པ་ནི་ས་དང་པོ་ལ་ལྟ་བ་རྣམ་པར་དག་པའི་གང་ཟག་དང་། གཉིས་པ་ལ་ཚུལ་ཁྲིམས་རྣམ་པར་དག་པའི་དང་། གསུམ་པ་ལ་མཉམ་པར་བཞག་པའི་དང་། བཞི་པ་ལ་ཆོས་ལ་ང་རྒྱལ་སྤངས་པའི་དང་། ལྔ་པ་ལ་རྒྱུད་ཐ་དད་པར་ང་རྒྱལ་མེད་པའི་དང་། དྲུག་པ་ལ་ཀུན་བྱང་ཐ་དད་པར་ང་རྒྱལ་མེད་པའི་དང་། བདུན་པ་ལ་སྐད་ཅིག་གཅིག་པ་དང་ལྡན་པའི་བློ་ཐོབ་པའི་དང་། བརྒྱད་པ་ལ་བཏང་སྙོམས་པ་དང་སངས་རྒྱས་ཀྱི་ཞིང་རྣམ་པར་སྦྱོང་བའི་དང་། དགུ་པ་ལ་སེམས་ཅན་སྨིན་པར་བྱེད་པ་ལ་མཁས་པའི་དང་། བཅུ་པ་ལ་མངོན་པར་ཤེས་པའི་མཐུ་ཆེན་པོ་དང་། ཏིང་ངེ་འཛིན་དང་གཟུངས་ཀྱི་ལུས་ཡོངས་སུ་རྫོགས་པ་དང་། སྤྲུལ་པའི་ལུས་ངེས་པར་སྟོན་པ་ལ་མཁས་པ་དང་། སངས་རྒྱས་རྣམས་ཀྱི་ཆོས་ཀྱི་རྒྱལ་ཚབ་ཏུ་མངོན་པར་དབང་བསྐུར་བའི་གང་ཟག་ཏུ་རྣམ་པར་གཞག་པ་ཡིན་ཏེ། རྒྱན་དུ། བྱང་ཆུབ་སེམས་དཔའ་ལྟ་བ་རྣམ་དག་པ། །ཚུལ་ཁྲིམས་ཤིན་ཏུ་རྣམ་དག་མཉམ་པར་གཞག །ཆོས་ལ་ང་སྤངས་རྒྱུད་དང་ཀུན་ཉོན་མོངས། །རྣམ་པར་བྱང་བ་ཐ་དད་ང་རྒྱལ་མེད། །སྐད་ཅིག་གཅིག་བློ་ཐོབ་པ་བཏང་སྙོམས་པ། །ཞིང་རྣམས་སྦྱོང་བ་སེམས་ཅན་སྨིན་བྱེད་པར། །མཁས་པ་མཐུ་ཆེན་ལུས་ཡོངས་རྫོགས་པ་དང་། །ངེས་པར་སྟོན་ལ་མཁས་པ་དབང་བསྐུར་ཡིན། །ཞེས་སོ། །ལྔ་པ་ནི། ས་དང་པོ་ནི་བསླབ་པ་གསུམ་གྱི་རྟེན་དང་། གཉིས་པར་ཚུལ་ཁྲིམས་ཀྱི་བསླབ་པ་དང་། གསུམ་པར་སེམས་ཀྱི་བསླབ་པ་དང་། བཞི་པར་བྱང་ཕྱོགས་སོ་བདུན་གྱིས་བསྒོམ་པས་བསྡུས་པའི་ཤེས་རབ་དང་། ལྔ་པར་བདེན་བཞིའི་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དང་། དྲུག་པར་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པའི་ཤེས་རབ་ལ་སློབ་ཅིང་། ས་ལྷག་མ་བཞི་ལ་བསླབ་པ་གསུམ་གྱི་འབྲས་བུ་ཡང་དག་པར་བསྟན་པ་སྟེ། རྒྱན་དུ། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ལྷག་པའི་ཚུལ་ཁྲིམས་ལྷག་སེམས་དང་། །ལྷག་པའི་ཤེས་རབ་ལ་རྗེས་སློབ། །ཤེས་རབ་སྤྱོད་ཡུལ་གཉིས་ཡིན་ཏེ། །ཆོས་ཀྱི་དེ་ཉིད་དང་དེ་ནི། །མི་ཤེས་ཤེས་སོགས་འཇུག་པ་ཉིད། །ཤེས་རབ་སྤྱོད་ཡུལ་དེ་ལྟ་བས། །དེ་ས་གཉིས་ལ་རྣམ་པར་གནས། །བསླབ་པ་རྣམས་དང་སྒོམ་པ་ཡི། །འབྲས་བུ་གཞན་ནི་རྣམ་པ་བཞི། །མཚན་མེད་འདུ་བྱེད་དང་བཅས་པར། །གནས་པ་འབྲས་བུ་དང་པོ་ཡིན། །དེ་ཉིད་མངོན་འདུ་བྱེད་མེད་དང་། །ཞིང་ནི་རྣམ་པར་དག་པ་དག །འབྲས་བུ་གཉིས་པར་འདོད་པ་ཡིན། །སེམས་ཅན་སྨིན་པ་གྲུབ་ཉིད་དང་། །ཏིང་ངེ་འཛིན་དང་གཟུངས་རྣམས་ནི། །འགྲུབ་པ་འབྲས་བུ་དམ་པ་ཡིན། །འབྲས་བུ་རྣམ་པ་འདི་བཞི་ནི། །ས་བཞི་པོ་ལ་ཡང་དག་བརྟེན། །ཞེས་སོ། །དྲུག་པ་ནི། ས་དང་པོ་ནི་ཟག་མེད་ཀྱི་ཕུང་པོ་ལྔའི་རྟེན་ཡིན་ལ། ས་གཉིས་པར་ཚུལ་ཁྲིམས་ཀྱི་ཕུང་པོ་སྦྱོང་། ས་གསུམ་པར་ཏིང་ངེ་འཛིན་གྱི་ཕུང་པོ་སྦྱོང་། བཞི་པ་ནས་དྲུག་པའི་བར་དུ་ཤེས་རབ་ཀྱི་ཕུང་པོ་སྦྱོང་། བདུན་པ་ཡན་ཆད་དུ་རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་སྦྱོང་སྟེ། རྒྱན་དུ། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ཚུལ་ཁྲིམས་ཀྱི་ནི་ཕུང་པོ་སྦྱོང་། །དེ་ཡི་འོག་ཏུ་ཏིང་འཛིན་དང་། །ཤེས་རབ་ཕུང་པོ་རྣམ་པར་སྦྱོང་། །དེ་ལས་གཞན་པ་དག་ལས་ནི། །སྒྲིབ་རྣམ་བཞི་དང་ཐོགས་པ་ཡི། །སྒྲིབ་པ་ལས་ཀྱང་རྣམ་གྲོལ་དང་། །གྲོལ་བའི་ཡེ་ཤེས་རྣམ་པར་སྦྱོང་། །ཞེས་སོ། །བདུན་པ་ནི། ས་དང་པོར་སྦྱིན་པའི་ཕར་ཕྱིན་ལྷག་པར་སྤྱོད་པ་ནས་ས་བཅུ་པར་ཡེ་ཤེས་ཀྱི་ཕར་ཕྱིན་ལ་ལྷག་པར་སྤྱོད་པ་སྟེ། དབུས་མཐར། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དང་ནི་ཤེས་རབ་ཐབས། །སྨོན་ལམ་སྟོབས་དང་ཡེ་ཤེས་ཏེ། །འདི་དག་ཕ་རོལ་ཕྱིན་བཅུའོ། །ཁྱད་པར་ཅན་དང་ཁྱད་མེད་ནི། །ས་བཅུ་རྣམས་སུ་ཤེས་པར་བྱ། །ཞེས་སོ། །བརྒྱད་པ་ནི། མདོ་སྡེ་ས་བཅུ་པར། ས་དང་པོ་ལ་གནས་པ་ནི་ཕལ་ཆེར་ཛམྦཱུའི་གླིང་གི་དབང་ཕྱུག་སེར་སྣའི་དྲི་མ་དང་བྲལ་བ་སེམས་ཅན་རྣམས་ཀྱི་སེར་སྣའི་དྲི་མ་སེལ་བའི་བདག་པོར་འགྱུར་རོ། །གཉིས་པ་ལ་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ་ཤས་ཆེར་སེམས་ཅན་རྣམས་འཆལ་ཚུལ་དང་མི་དགེ་བ་ལས་བཟློག་ནས་དགེ་བ་ལ་འཛུད་དོ། །གསུམ་པ་ལ་བརྒྱ་བྱིན་དུ་གྱུར་ཏེ་སེམས་ཅན་གྱི་འདོད་པའི་འདོད་ཆགས་བཟློག་པ་ལ་མཁས་སོ། །བཞི་པ་ལ་འཐབ་བྲལ་གྱི་ལྷའི་རྒྱལ་པོ་རབ་འཐབ་བྲལ་དུ་གྱུར་ཏེ། སེམས་ཅན་རྣམས་ཀྱི་འཇིག་ཚོགས་ལ་ལྟ་བ་བཟློག་པ་ལ་མཁས་སོ། །ལྔ་པར་དགའ་ལྡན་གྱི་ལྷའི་རྒྱལ་པོ་ཡོངས་སུ་དགའ་ལྡན་དུ་གྱུར་ཏེ་མུ་སྟེགས་ཐམས་ཅད་བཟློག་པ་ལ་མཁས་སོ། །དྲུག་པ་ལ་འཕྲུལ་དགའི་ལྷའི་རྒྱལ་པོ་རབ་འཕྲུལ་དུ་གྱུར་ཏེ་སེམས་ཅན་རྣམས་ཀྱི་མངོན་པའི་ང་རྒྱལ་བཟློག་པ་ལ་མཁས་སོ། །བདུན་པ་ལ་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་ལྷའི་རྒྱལ་པོ་དབང་བསྒྱུར་དུ་གྱུར་ཏེ་ཉན་རང་གི་མངོན་པར་རྟོགས་པ་སྒྲུབ་པ་རྣམས་ལ་མཁས་སོ། །བརྒྱད་པ་ལ་སྟོང་གི་བདག་པོ་ཚངས་པ་ཆེན་པོར་གྱུར་ཏེ་ཐེག་པ་གསུམ་གྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ལ་མཁས་ཤིང་འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བ་ཡོངས་སུ་དྲིས་པ་བསྟན་པས་མི་འཕྲོགས་པ་ཡིན་ནོ། །དགུ་པ་ལ་སྟོང་གསུམ་གྱི་བདག་པོ་ཚངས་པ་ཆེན་པོར་གྱུར་ཏེ་ཐེག་པ་གསུམ་གྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ལ་བྱང་ཞིང་སེམས་ཅན་གྱི་བསམ་པ་ཡོངས་སུ་དྲིས་པ་བསྟན་པ་རྣམས་ཀྱིས་མི་འཕྲོགས་པ་ཡིན་ནོ། །བཅུ་པ་ལ་འོག་མིན་གྱི་ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོར་གྱུར་ཏེ་ཐེག་པ་གསུམ་གྱི་ཕར་ཕྱིན་སྟོན་པ་ལ་མཁས་ཤིང་ཆོས་ཀྱི་དབྱིངས་རྣམ་པར་ཕྱེ་བ་ཡོངས་སུ་དྲིས་པ་བསྟན་པས་མི་འཕྲོགས་སོ། །ཞེས་གསུངས་སོ། །དེ་དག་གི་དོན་ཡང་ཕར་ཕྱིན་ལྷག་པའི་ཁྱད་པར་དང་། སོ་སོའི་སྒྲ་དོན་རྣམས་ཕྱོགས་གཅིག་ཏུ་དྲིལ་ནས་རིན་ཆེན་ཕྲེང་བར། དེ་དག་དང་པོར་རབ་དགའ་བ། །བྱང་ཆུབ་སེམས་དཔའ་དགའ་བྱེད་ཕྱིར། །ཞེས་སོགས་ཚིགས་བཅད་ཉི་ཤུ་གསུངས་སོ། །དགུ་པ་ནི་དབུས་མཐར། ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ས་བཅུའི་མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་དག་ནི་ས་ཡིན་ནོ། །ཞེས་ཉོན་མོངས་པ་ཅན་མ་ཡིན་པའི་སྒྲིབ་པ་བཅུ་རིམ་པ་བཞིན་སྤོང་བར་བཤད་ཅིང་། ཀུན་བཏུས་སུ། ས་བཅུའི་ཤེས་སྒྲིབ་བཅུ་དངོས་སུ་སྤོང་བའི་ཞར་ལ་ཉོན་སྒྲིབ་བཅུ་ཡང་སྤོང་བས། སངས་རྒྱས་ཀྱི་སར་སྒྲིབ་གཉིས་ཅིག་ཅར་དུ་སྤངས་པར་བཤད་དོ། །འདི་དང་རྒྱུད་བླ་གཉིས་ཀྱི་ཐུན་མོང་མ་ཡིན་པའི་ལུགས་ནི་ས་དང་པོའི་བར་ཆད་མེད་ལམ་གྱིས་ཐེག་པ་འོག་མའི་སྤང་བྱའི་རིགས་མ་ལུས་པ་དང་། ཐེག་ཆེན་གྱི་མཐོང་སྤང་ཅིག་ཅར་དུ་སྤོང་ཞིང་། ཐེག་ཆེན་གྱི་སྒོམ་སྤང་ནི་ཤེས་སྒྲིབ་སྒོམ་སྤང་ཡིན་པས་དེ་ལ་ཆེན་པོའི་ཆེན་པོ་ལ་སོགས་པ་རྣམ་པ་དགུར་ཕྱེ་ནས་ས་གཉིས་པའི་བར་ཆད་མེད་ལམ་ནས་བཅུ་པའི་བར་ཆད་མེད་ལམ་གྱི་བར་གྱིས་རིམ་པ་བཞིན་དུ་སྤོང་བར་བཞེད་དེ། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་དག་པ་ཡིན། །ཞེས་སོ། །དེ་ཡང་སྒོམ་སྤང་གཉེན་པོའི་ཚོགས་སྒྲུབ་དང་། སྒོམ་ལམ་རྩེ་སྦྱོར་གྱི་སྐབས་སུ་བཤད་པ་ལྟར་གྱི་སྒོམ་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་པོ་ཉིད་འདོད་པ་ནས་སྲིད་རྩེའི་བར་གྱི་ས་དགུ་པོ་རེ་རེས་བསྡུས་པའི་རྣམ་པ་དགུ་དགུ་ཡོད་པ་ལས། ཆེན་པོའི་ཆེན་པོ་དགུ་ས་གཉིས་པའི་བར་ཆད་མེད་ལམ་གྱིས་ཅིག་ཅར་དུ་སྤོང་བ་ནས་ཆུང་ངུའི་ཆུང་ངུ་དགུ་ས་བཅུ་པའི་བར་ཆད་མེད་ལམ་གྱིས་ཅིག་ཅར་དུ་སྤོང་བའི་བར་དུ་ཤེས་པར་བྱའོ། །བཅུ་པ་ནི། ས་དང་པོ་ལ་ཡོངས་སྦྱོང་བཅུ། གཉིས་པ་ལ་བརྒྱད། གསུམ་པ་ལ་ལྔ། བཞི་པ་ལ་བཅུ། ལྔ་པ་ལ་བཅུ། དྲུག་པ་ལ་བཅུ་གཉིས། བདུན་པ་ལ་ཉི་ཤུ། བརྒྱད་པ་ལ་བརྒྱད། དགུ་པ་ལ་བཅུ་གཉིས་ཏེ། ཀུན་བསྡོམས་པས་དགུ་བཅུ་གོ་ལྔའོ། །ས་བཅུ་པ་ལ་ཡོངས་སྦྱོང་ལོགས་སུ་མི་བགྲང་བ་ནི་སྤྲོ་བ་བསྐྱེད་པའི་ཆེད་དུ་འབྲས་བུའི་སྒོ་ནས་བསྟན་པའི་སྐབས་ཡིན་པའི་ཕྱིར་རོ། །མེད་པ་ནི་མ་ཡིན་ཏེ། ཉིར་སྣང་དུ། སའི་ཚོགས་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པོ་རྣམས་སོ་སོར་བདག་ཉིད་ཀྱི་ཡོངས་སུ་སྦྱོང་བའི་དབྱེ་བས་རྣམ་པ་བཅུར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་ས་བཅུ་པའི་ཡོངས་སྦྱོང་གང་སྙམ་ན་ས་དགུ་པའི་ཡོངས་སྦྱོང་དེ་ཉིད་ས་དགུ་པ་ཡོངས་སུ་མ་རྫོགས་པ་རྫོགས་པར་བྱ་བའི་ཆེད་དུ་སྦྱོང་བ་ནི་ས་དགུ་པའི་ཡོངས་སྦྱོང་ཡིན་ལ་རྫོགས་ནས་ས་བཅུ་པའི་རྗེས་ཐོབ་ཏུ་འགྱུར་བ་ནི་ས་བཅུ་པའི་ཡོངས་སྦྱོང་ཡིན་ནོ། །ཡང་ཡོངས་སྦྱོང་དང་པོ་ནི་སྨོན་ལམ་གྱི་ཕར་ཕྱིན་ལྷག་པ་ཡིན་པས་ས་བརྒྱད་པ་དང་ཐུན་མོང་བ་ཡིན་ལ། གཉིས་པ་ནི་སོ་སོ་ཡང་དག་རིག་པ་རྗེས་སུ་མཐུན་པ་ཐོབ་པའི་དོན་ཡིན་པས་ས་དགུ་པའི་ཡོངས་སྦྱོང་གཙོ་ཆེ་ལ་མངལ་དུ་འཇུག་པ་མཆོག་མན་ཆད་ནི་གཞན་ངོར་ཕྲིན་ལས་བྱེད་ཚུལ་སངས་རྒྱས་དང་མཉམ་པའི་དོན་ཡིན་པས་ས་བཅུ་པའི་ཡོངས་སྦྱོང་གཙོ་ཆེའོ། །ཡོངས་སྦྱོང་འདི་རྣམས་ས་མ་ཐོབ་པ་སྦྱོང་ངམ་ཐོབ་ཟིན་སྦྱོང་ཞེ་ན། འདི་ལ་ཁ་ཅིག་མ་ཐོབ་པ་ཐོབ་པར་བྱེད་པའི་ཆེད་དུ་སྦྱོང་ཞེས་འདོད་པ་ནི་མི་འཐད་དེ། མདོར། རབ་འབྱོར་ས་དང་པོ་ལ་གནས་པའི་བྱང་སེམས་ཆེན་པོས་ཡོངས་སུ་སྦྱོང་བ་བཅུ་པོ་འདི་དག་བྱ་སྟེ། ཞེས་དང་། ས་བཅུ་པའི་མདོར། ཀྱེ་རྒྱལ་བའི་སྲས་དག་བྱང་སེམས་ས་དང་པོ་ལ་གནས་པས་ཆོས་བཅུ་ཡིད་ལ་བྱ་སྟེ། ཞེས་གསུངས་པའི་ཕྱིར་རོ། །འོ་ན་ས་ནི་དང་པོ་འཐོབ་འགྱུར་ཏེ། །ཞེས་པ་དང་འགལ་ལོ་ཞེ་ན། དེ་ནི་ས་དང་པོ་ཡོངས་སུ་རྫོགས་པར་འཐོབ་པར་འགྱུར་ཞེས་པའི་དོན་ཏེ། ས་དང་པོའི་རྗེས་ཐོབ་ཏུ་བཅུ་པོ་སྦྱངས་པས་བཅུ་པོ་རྫོགས་པར་མ་ཐོབ་ཀྱི་བར་དུ་ས་དང་པོ་ཡིན་ལ། ཡོངས་སུ་རྫོགས་ནས་ས་གཉིས་པར་འཕོས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་འགྲེལ་ཆེན་དུ། ཡོངས་སྦྱོང་མ་རྫོགས་པ་དེ་སྲིད་དུ་ས་དེ་ཡིན་ལ། ཡོངས་སྦྱོང་རྫོགས་ནས་ས་གཞན་ཡིན་པར་གསུངས་པའི་དོན་ཡང་ལེགས་པར་བཤད་པ་ཡིན་ནོ། །བཅུ་གཅིག་པ་ནི་མདོ་སྡེ་ས་བཅུ་པར། ཀྱེ་རྒྱལ་བའི་སྲས་འདི་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ཐོབ་མ་ཐག་ཏུ་འཇིགས་པ་གང་དག་ཡིན་པ་འདི་ལྟ་སྟེ། འཚོ་བ་མེད་པའི་འཇིགས་པའམ། ཚིགས་སུ་བཅད་པ་མེད་པའི་འཇིགས་པའམ། འཆི་བས་འཇིགས་པའམ། ངན་འགྲོས་འཇིགས་པའམ། འཁོར་གྱི་ནང་དུ་བག་ཚ་བས་འཇིགས་པ་དེ་དག་ཐམས་ཅད་དེ་ལ་མེད་པ་ཡིན་ནོ་ཞེས་སོ། །གཞན་ཡང་ས་བཅུ་ལ་གོ་རིམ་བཞིན་དུ་ཕར་ཕྱིན་བཅུ་རྫོགས་པ་དང་། ཡང་ས་དང་པོ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཡོད་དེ། ས་བཅུ་པར། འདོད་ན་བརྩོན་འགྲུས་རྩོམ་པ་རྣམ་པ་འདི་ལྟ་བུས་ཁྱིམ་དང་། ཆུང་མ་དང་། ལོངས་སྤྱོད་ཐམས་ཅད་སྤངས་ཏེ་རབ་ཏུ་བྱུང་བ་དང་། རབ་ཏུ་བྱུང་ནས་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་ཏིང་ངེ་འཛིན་བརྒྱ་ཐོབ་ཅིང་སྙོམས་པར་འཇུག་པ་དང་། སངས་རྒྱས་བརྒྱ་མཐོང་བ་དང་། དེ་དག་གི་བྱིན་རླབས་ཀྱང་ཡང་དག་པར་ཤེས་པ་དང་། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ་དང་། ཞིང་བརྒྱར་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་བརྒྱ་འོད་ཀྱིས་ཁྱབ་པར་བྱས་ནས་གཞན་དག་ལ་སྟོན་པ་དང་། སྤྲུལ་པ་བརྒྱས་སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་བརྒྱར་གནས་པར་བྱེད་པ་དང་། སྔོན་དང་ཕྱི་མའི་མཐའི་བསྐལ་པ་བརྒྱར་ཡེ་ཤེས་མཐོང་བ་འཇུག་པ་དང་། ཆོས་ཀྱི་སྒོ་བརྒྱ་རབ་ཏུ་རྣམ་པར་འབྱེད་པ་དང་། ལུས་བརྒྱ་སྤྲུལ་པ་དང་། ལུས་རེ་རེ་ཡང་འཁོར་བྱང་ཆུབ་སེམས་དཔའ་བརྒྱ་བརྒྱ་དང་ལྡན་པར་ཀུན་ཏུ་སྟོན་པའོ་ཞེས་གསུངས་སོ། །ས་གཉིས་པ་ལ་ཡོན་ཏན་དེ་དག་སྟོང་ཕྲག་དང་། གསུམ་པ་ལ་འབུམ་དང་། བཞི་པ་ལ་བྱེ་བ་དང་། ལྔ་པ་ལ་བྱེ་བ་ཕྲག་སྟོང་དང་། དྲུག་པ་ལ་བྱེ་བ་ཕྲག་འབུམ་དང་། བདུན་པ་ལ་བྱེ་བ་ཕྲག་ཁྲིག་འབུམ་དང་། བརྒྱད་པ་ལ་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དང་། དགུ་པ་ལ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་འབུམ་ཕྲག་བཅུའི་རྔུལ་ཕྲ་རབ་ཀྱི་རྡུལ་སྙེད་དང་། བཅུ་པ་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཐོབ་པར་གསུངས་སོ། །དེ་དག་གི་དོན་དབུ་མ་འཇུག་པར། དེ་ཚེ་འདིས་ནི་སངས་རྒྱས་བརྒྱ་མཐོང་ཞིང་། །ཞེས་སོགས་ཚིག་བཅད་དགུར་གསུངས་སོ། །བཅུ་གཉིས་པ་ནི་བདག་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཐོབ་ནས་ཇི་སྲིད་དུ་ལྟུང་བའི་འཁྲུལ་པ་ཆ་ཕྲ་བ་རྣམས་ལ་ཤེས་བཞིན་དུ་གནས་པར་བྱེད་མི་ནུས་པ་དེ་སྲིད་དུ་ས་དང་པོ་དང་ནུས་པ་ནི་གཉིས་པ་ཡིན་ནོ། །དེ་ནས་ཇི་སྲིད་དུ་འཇིག་རྟེན་པའི་ཏིང་ངེ་འཛིན་མཐའ་དག་ལ་སྙོམས་པར་འཇུག་པ་དང་། ཐོས་པའི་དོན་ཀུན་འཛིན་མི་ནུས་པ་དེ་སྲིད་དུ་གཉིས་པ་དང་། ནུས་པ་ན་གསུམ་པའོ། །དེ་ནས་ཇི་སྲིད་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་ལན་མང་དུ་གནས་པར་བྱེད་མི་ནུས་ཤིང་སྙོམས་པར་འཇུག་པ་ལ་སྲེད་པ་དང་། ཆོས་ལ་སྲེད་པ་ལས་སེམས་ལྷག་པར་བཏང་སྙོམས་སུ་འཇོག་མི་ནུས་པ་དེ་སྲིད་དུ་གསུམ་པ་དང་། ནུས་པ་ན་བཞི་པ་ཡིན་ནོ། །དེ་ནས་ཇི་སྲིད་དུ་བདེན་པ་བཞི་བསྒོམ་པ་ན་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་གཅིག་ཏུ་ཕྱོགས་པ་དང་། མངོན་པར་ཕྱོགས་པའི་སེམས་བཟློག་སྟེ་ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པར་མི་ནུས་པ་དེ་སྲིད་དུ་བཞི་པ་དང་། ནུས་པ་ན་ལྔ་པ་ཡིན་ནོ། །དེ་ནས་ཇི་སྲིད་དུ་འཁོར་བས་སྐྱོ་བ་དང་། མཚན་མ་མེད་པ་ལ་མཉམ་པར་འཇོག་མི་ནུས་པ་དེ་སྲིད་དུ་ལྔ་པ་དང་། དེ་ནུས་པ་ན་དྲུག་པ་ཡིན་ནོ། །དེ་ནས་ཇི་སྲིད་དུ་གནས་སྐབས་ཐམས་ཅད་ལ་མཚན་མ་མེད་པ་ལ་མཉམ་པར་འཇོག་མི་ནུས་པ་དེ་སྲིད་དུ་དྲུག་པ་དང་། ནུས་པ་ན་བདུན་པ་ཡིན་ནོ། །དེ་ནས་ཇི་སྲིད་དུ་ལྷུན་གྱིས་གྲུབ་པ་མཚན་མ་མེད་པ་ལ་མཉམ་པར་འཇོག་མི་ནུས་པ་དེ་སྲིད་དུ་བདུན་པ་དང་། ནུས་པ་ན་བརྒྱད་པ་ཡིན་ནོ། །དེ་ནས་སོ་སོ་ཡང་དག་པར་རིགས་པ་བཞིས་ཆོས་སྟོན་པ་ལ་དབང་དུ་མ་གྱུར་པ་དེ་སྲིད་དུ་བརྒྱད་པ་དང་། གྱུར་པ་ན་དགུ་པ་ཡིན་ནོ། །དེ་ནས་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་ཐོབ་པ་དང་ཡང་དག་པར་རིག་པར་མི་ནུས་པ་དེ་སྲིད་དུ་དགུ་པ་དང་། ནུས་པ་ན་བཅུ་པ་ཡིན་ནོ། །དེ་ནས་སྤྲུལ་པ་ལ་སོགས་པའི་དབང་ཐོབ་ཀྱང་ཤེས་བྱ་ཐམས་ཅད་ལ་ཆགས་པ་དང་། ཐོགས་པ་མེད་པའི་ཡེ་ཤེས་སྐྱེད་པར་བྱེད་མི་ནུས་པ་དེ་སྲིད་དུ་བཅུ་པ་དང་ནུས་པ་དེའི་ཚེ་སངས་རྒྱས་ཀྱི་ས་ཡིན་ནོ་ཞེས་པ་ནི་དགོངས་འགྲེལ་གྱི་ལུང་ལས་གསུངས་པའི་དོན་ནོ། །བློ་གྲོས་མི་ཟད་པས་ཞུས་པའི་མདོར། ས་དང་པོ་ལ་རྨི་ལམ་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཏེར་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་གང་བར་མཐོང་ངོ་། །གཉིས་པ་ལ་སྟོང་གསུམ་ལག་མཐིལ་ལྟར་མཉམ་པ་ལ་རིན་པོ་ཆེ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དུ་མས་ལེགས་པར་བརྒྱན་པ་མཐོང་ངོ་། །གསུམ་པ་ལ་བདག་ཉིད་དཔའ་ཞིང་གོ་ཆ་ཐོགས་ནས་ཕས་ཀྱི་རྒོལ་བ་ཐམས་ཅད་འདུལ་བར་མཐོང་ངོ་། །བཞི་པ་ལ་ཕྱོགས་བཞི་ནས་རླུང་གི་དཀྱིལ་འཁོར་བཞི་ལས་ཐམས་ཅད་དང་ལྡན་པའི་དཀྱིལ་འཁོར་ཆེན་པོ་ལ་མེ་ཏོག་སྣ་ཚོགས་ཀྱིས་མངོན་སུམ་དུ་འཐོར་བ་མཐོང་ངོ་། །ལྔ་པ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུད་མེད་ཀྱི་མགོ་ལ་མེ་ཏོག་ཙམ་པ་ཀའི་ཕྲེང་བ་འདོགས་པར་མཐོང་ངོ་། །དྲུག་པ་ལ་རྫིང་ཐེམ་སྐས་བཞི་དང་ལྡན་པ་གསེར་གྱི་བྱེ་མ་གདལ་བ་རྙོག་པ་མེད་ཅིང་དྭངས་ལ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་ལ་མེ་ཏོག་ཨུཏྤ་ལ་དང་། ཀུ་མུད་དང་། པདྨ་དཀར་པོས་བརྒྱན་པ་མཐོང་སྟེ། དེ་ལ་བདག་ཉིད་རྩེ་དགའ་ཡོངས་སུ་སྤྱོད་པར་མཐོང་ངོ་། །བདུན་པ་ལ་ངོས་གཡས་གཡོན་གཉིས་ན་སེམས་ཅན་དམྱལ་བའི་གཡང་ས་མཐོང་སྟེ་དེ་ལས་བདག་ཉིད་མ་རྨས་མ་ཉམས་པར་སླར་ལྡོག་པ་མཐོང་ངོ་། །བརྒྱད་པ་ལ་ཕྲག་པ་གཉིས་ན་རི་དྭགས་ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་ཅོད་པན་ཐོགས་པ་གཅན་གཟན་ཕྲ་མོ་ཐམས་ཅད་སྐྲག་པར་བྱེད་ཅིང་འདུག་པ་མཐོང་ངོ་། །དགུ་པ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐོང་སྟེ། སྐྱེ་བོ་བྱེ་བ་ཕྲག་ཁྲིག་དུ་མས་ཡོངས་སུ་བསྐོར་ཞིང་མདུན་གྱིས་བལྟས་ནས་མགོའི་སྟེང་ན་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་གདུགས་འཛིན་པ་མཐོང་ངོ་། །བཅུ་པ་ལ་དེ་བཞིན་གཤེགས་པའི་སྐུ་མཐོང་སྟེ་སྐུ་མདོག་གསེར་ལྟ་བུ་འོད་འདོམ་གང་བ་ཚངས་པ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཞིང་མདུན་གྱིས་བལྟས་ནས་ཆོས་སྟོན་པ་མཐོང་ངོ་ཞེས་གསུང་ཞིང་། དེ་བཞིན་དུ་དཀོན་མཆོག་བརྩེགས་པ་དང་། གསེར་འོད་དམ་པ་ནས་ཀྱང་ས་བཅུ་པོ་ལ་རྨི་ལམ་གྱི་རྟགས་མང་དུ་གསུངས་པ་རྣམས་ལ་སྔོན་གྱི་མཁས་པ་གཞོན་ནུ་ཚུལ་ཁྲིམས་ལ་སོགས་པ་རྣམས་ནི། བྱང་འཕགས་ལ་གཉིད་མེད་པས་རྨི་ལམ་མི་སྲིད་པ་དང་། ཉན་ཐོས་བདེན་པ་མཐོང་བ་ཡང་ཐེ་ཚོམ་ལས་བརྒལ། སོམ་ཉི་ལས་བརྒལ་བར་གསུངས་ན། བྱང་སེམས་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་མངོན་སུམ་དུ་མཐོང་བ་ནི་ས་ཐོབ་པའི་རྟགས་རྨི་ལམ་ལ་ལྟོས་པ་མི་སྲིད་པས། ས་མ་ཐོབ་པའི་ཟླ་བོ་གཞན་གྱིས་གཞན་ལ་དཔོག་པའི་རྟགས་ཡིན་ནོ་ཞེས་གསུངས་སོ། །མཁན་ཆེན་པ་ནི། ས་ཐོབ་ནས་མི་དགེ་བའི་གཉིད་མེད་ཀྱང་དགེ་བའི་གཉིད་ཡོད་པས་རྨི་ལམ་གྱི་རྟགས་ཡོད་པ་མི་འགལ་ཞེས་བཞེད་ཀྱང་། དཔལ་ལྡན་ས་སྐྱ་པཎྜི་ཏ་ནི། རྨི་ལམ་གྱི་རྟགས་དེ་དག་མོས་སྤྱོད་ཀྱི་ས་ལ་སྦྱར་ན་རུང་མོད་ཀྱི། འཕགས་པའི་ས་ལ་དངོས་སུ་སྦྱར་ན་མདོ་རྒྱུད་ཀུན་དང་འགལ་ཞེས་གསུངས་པ་འདི་ཉིད་དོན་ལ་གནས་ཏེ། དེ་ལས་འགྱོད་གཉིད་མི་དགེ་རྣམས། །བསམ་གཏན་དང་པོ་དག་ན་མེད། །ཅེས་ཁམས་གོང་དུ་སྐྱེས་པའི་སོ་སྐྱེ་ཙམ་ལ་ཡང་གཉིད་མེད་པར་བཤད་ན། ཆོས་དབྱིངས་ཀུན་འགྲོའི་ཚུལ་གྱིས་རྟོགས་པའི་སྟོབས་ཀྱིས་མཐར་གནས་ཀྱི་སྙོམས་འཇུག་དགུ་ཐོབ་པའི་བྱང་འཕགས་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་དང་། དཀོན་མཆོག་བརྩེགས་པར། ས་དང་པོ་ཐོབ་པའི་རྨི་ལམ་གྱི་རྟགས་བྱུང་བའི་བྱང་སེམས་ཀྱི་ལས་ཀྱི་སྒྲིབ་པ་སྦྱང་བའི་ཆེད་དུ་ཕུང་པོ་གསུམ་པའི་མདོ་འདོན་པར་གསུང་ཞིང་། བྱང་སེམས་འཕགས་པས་ལས་ཉོན་མ་ལུས་པ་སྤངས་ཟིན་པས་ལས་སྒྲིབ་སྦྱང་བའི་ཆེད་དུ་ཕུང་པོ་གསུམ་པའི་མདོ་འདོན་པ་ཡང་འགལ་བའི་ཕྱིར། འོ་ན་ཅི་ལྟར་སྙམ་ན། རྩེ་སྦྱོར་ཐོབ་ནས་ཐེག་པ་གཞན་གྱིས་བར་མ་ཆོད་པར་ས་བཅུ་འཐོབ་པར་ངེས་པས་ན་དྲོད་ཀྱི་རྩེ་སྦྱོར་གྱི་སྐབས་སུ་རྨི་ལམ་གྱི་རྟགས་བཅུ་ཆར་འབྱུང་ཞིང་དེ་དག་ཐེག་པ་གཞན་གྱིས་བར་མ་ཆོད་པར་ས་དེ་དང་དེ་དག་འཐོབ་པར་འགྱུར་བའི་རྟགས་དེ་རྟགས་ཀྱིས་མཚོན་པའི་རྩེ་སྦྱོར་གྱི་སྐབས་སུ་རྨི་ལམ་གྱི་རྟགས་དྲུག་བཤད་པ་དང་དོན་གཅིག་པར་མངོན་ནོ། །ད་ནི་གཞུང་གི་དོན་ལ་འཇུག་པར་བྱ་སྟེ། འདི་ལ་ས་དགུ་ཡོངས་སྦྱོང་གི་སྒོ་ནས་བསྟན་པ་དང་། ས་བཅུ་པ་འབྲས་བུའི་སྒོ་ནས་བསྟན་པ་གཉིས། དང་པོ་ལ་དགུ་ལས་ས་དང་པོ་ཡོངས་སྦྱོང་ནི། ཡོངས་སུ་སྦྱོང་བ་རྣམ་བཅུ་ཡི། །ཞེས་སོགས་ཏེ། ཚིག་རྐང་དང་པོ་གཉིས་ནི་གྲངས་འདོན་པ་བསྒྱུར་ཏེ་འོག་མ་རྣམས་ཀྱི་ཡང་གསལ་བྱེད་དུ་སྦྱར་བར་བྱའོ། །འདི་ལ་སྦྱོང་བྱེད་ཆོས་ཀྱི་སྒོ་ནས་དབྱེ་བ་དང་། སྦྱོང་ཚུལ་ཇི་ལྟ་བུས་འཐོབ་པ་གཉིས་ལས། དང་པོ་ལ་དབྱིག་གཉེན་གྱི་འགྲེལ་པར་བསམ་པ་དང་། སྦྱོར་བ་དང་བསྔོ་བ་ཕུན་སུམ་ཚོགས་པ་གསུམ་ལས། དང་པོ་ལ་རང་དོན་གྱི་བསམ་པ་ནི་བསམ་དང་ཞེས་དང་། གཉིས་དོན་གྱི་བསམ་པ་ནི་ཕན་པའི་དངོས་ཉིད་དང་ཞེས་དང་། གཞན་དོན་གྱི་བསམ་པ་ནི་སེམས་ཅན་རྣམས་ལ་སེམས་མཉམ་ཉིད་ཅེས་པའོ། །སྦྱོར་བ་ཕུན་སུམ་ཚོགས་པ་ལ་ཟང་ཟིང་གིས་སྡུད་པའི་སྦྱོར་བ་དང་། ཆོས་ཀྱིས་སྡུད་པའི་སྦྱོར་བ་དང་། བདག་ཉིད་ཀུན་ཏུ་བསྲུང་བའི་སྦྱོར་བ་གསུམ་ལས། དང་པོ་ནི་གཏོང་བ་དང་། གཉིས་པ་ལ་རང་སྡུད་པ་ནི་བཤེས་གཉེན་བསྟེན་པ་དང་། དམ་ཆོས་དམིགས་པ་ཚོལ་བ་གཉིས་དང་། གཞན་སྡུད་པ་ནི་འོག་གི་ཆོས་སྟོན་པ་དང་། གསུམ་པ་ནི་རྟག་ཏུ་ངེས་འབྱུང་སེམས་ཉིད་དང་། བདེན་པའི་ཚིག་སྨྲས་པའོ། །བསྔོ་བ་ཕུན་སུམ་ཚོགས་པ་ནི་སངས་རྒྱས་བཀུར་འདོད་དགའ་བའོ། །སྦྱོར་ཚུལ་ཇི་ལྟ་བུས་འཐོབ་པ་ནི་འདི་དག་རང་བཞིན་མི་དམིགས་པས། ཡོངས་སུ་སྦྱོང་བ་ཤེས་པར་བྱ་ཅེས་པ་སྟེ་འོག་མ་ཐམས་ཅད་ཀྱི་གསལ་བྱེད་དུ་སྦྱར་རོ། །དེ་ཡང་འདིར་ས་བཅུའི་མཉམ་གཞག་གི་སྒྲིབ་པ་སྤོང་ཚུལ་ལ་གཉེན་པོའི་ཚོགས་སྒྲུབ་དང་། མཉམ་གཞག་ཏུ་ཐོབ་པའི་ས་དེ་ཉིད་ཡོན་ཏན་ཡོངས་སུ་རྫོགས་པའི་ཆེད་དུ་རྗེས་ཐོབ་ཏུ་སྦྱོང་བ་ལ་སའི་ཚོགས་སུ་འཇོག་པའི་སྐབས་ཡིན་པས་རྗེས་ཐོབ་ཀྱི་གནས་སྐབས་སུ་མཚན་འཛིན་དང་བཅས་པའི་ཉམས་ལེན་འབྱུང་སྲིད་པས་དེ་དགག་པའི་ཆེད་དུ་རང་བཞིན་མི་དམིགས་པས་སྦྱོང་བར་གསུངས་པ་སྟེ་མོས་བསྔོ་རྗེས་སུ་ཡི་རང་རྣམས་ལ་ཡང་མི་དམིགས་པའི་རྣམ་པ་ཅན་དགོས་པར་གསུངས་པ་དང་དོན་གཅིག་གོ །འདིར་ཟང་ཟིང་གི་གཏོང་བ་དང་། ཆོས་སྟོན་པ་གཙོ་བོར་གསུངས་པ་ནི་ས་དང་པོར་སྦྱིན་པའི་ཕར་ཕྱིན་ལྷག་པའི་དོན་ཡིན་ཞིང་བཅུ་པོ་འདི་དག་རྫོགས་པར་ཐོབ་པའི་ཚེ་ས་དང་པོ་རྫོགས་པར་ཐོབ་ཟིན་པས། ས་གཉིས་པར་འཕོས་པ་ཡིན་ལ་འོག་མ་རྣམས་ལ་ཡང་འདི་བཞིན་དུ་ཤེས་པར་བྱའོ། །ལོ་ཆེན་གྱིས་ས་དང་པོ་ལ་འཇུག་པའི་སྦྱོར་བའི་སྐབས་སུ་ཡོངས་སྦྱོང་བཅུ་པོ་འདི་དག་སྦྱོང་བར་བཤད་པ་ནི་སྔར་དྲངས་པའི་མདོ་གཉིས་དང་འགལ་ལོ། །ས་གཉིས་པའི་ཡོངས་སྦྱོང་ནི། ཚུལ་ཁྲིམས་བྱས་པ་གཟོ་དང་བཟོད། །ཅེས་པ་སྟེ། འདི་ལ་གཞི་ཚུལ་ཁྲིམས། བསམ་པ་ཁྱད་པར་ཅན། སྦྱོར་བ་ཁྱད་པར་ཅན་དང་གསུམ་ལས། དང་པོ་ནི། ཚུལ་ཁྲིམས་ཞེས་པ་སྟེ། ཐོགས་མེད་ཀྱིས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཁོ་ན་ལ་བཞེད་ཅིང་། སློབ་དཔོན་གྱིས་ནི་དབྱིག་གཉེན་གྱི་རྗེས་སུ་འབྲངས་ནས་ཚུལ་ཁྲིམས་གསུམ་ཆར་ལ་བཞེད་དོ། །གཉིས་པ་ནི་བྱས་པ་གཟོ་བ་དང་། གནོད་པ་བཟོད་པ་དང་། རབ་ཏུ་དགའ་བ་དང་། སྙིང་བརྩེ་ཆེ་བ་སྟེ་བཞིའོ། །གསུམ་པ་ནི་བཀུར་སྟི་དང་། བླ་མ་ལ་གུས་ཉན་དང་། སྦྱིན་སོགས་ལ་བརྩོན་པ་སྟེ་གསུམ་མོ། །འདིར་ཚུལ་ཁྲིམས་གཙོ་བོར་གསུངས་པ་ནི་ས་གཉིས་པའི་རྗེས་ཐོབ་ཏུ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷག་ཅིང་ཚུལ་ཁྲིམས་ཀྱི་བསླབ་པ་སྦྱོང་བའི་དོན་ཏོ། །ས་གསུམ་པའི་ཡོངས་སྦྱོང་ནི། ཐོས་པས་མི་ངོམས་ཉིད་དང་ནི་ཞེས་སོགས་ཏེ། ས་གསུམ་པའི་རྗེས་ཐོབ་ཏུ་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བར་བྱ་སྙམ་པའི་བསམ་པ་ཆོས་ཉིད་ཀྱི་ས་སྐྱེ་ཞིང་། དེ་ལ་ཐབས་སྒྲིབ་པ་མེད་པའི་ཡེ་ཤེས་དགོས། སྒྲིབ་པ་སྤོང་བའི་རྒྱུ་ལ་ཤེས་རབ་དགོས། དེའི་རྒྱུར་ཡང་ཏིང་ངེ་འཛིན་དགོས། དེ་ལ་ཡང་ཏིང་ངེ་འཛིན་གྱི་རབ་དབྱེ་ལ་མཁས་པ་ཅིག་དགོས། དེའི་ཆེད་དུ་གསུང་རབ་ཐོས་པ་ཅིག་དགོས་པས་ཐོས་པ་མཆོག་ཏུ་རྟོགས་ཤིང་། དེའི་ཚེ་ཚིག་བཞི་པ་ཅིག་ཙམ་གྱི་དོན་དུ་ཡང་སྟོང་གསུམ་མེ་ལྕེ་གཅིག་ཏུ་གྱུར་པ་ལས་ཀྱང་བརྒལ་བར་བྱེད་དོ། །དེས་ན་ཐོས་པས་མི་ངོམས་པ་ཉིད་དང་ཟང་ཟིང་མེད་པར་གཞན་ལ་ཆོས་སྦྱིན་པ་གཉིས་འབྱུང་ཞིང་སངས་རྒྱས་ལས་ཆོས་ཐོས་པའི་ཚེ་སངས་རྒྱས་ཀྱི་ཞིང་མཐོང་ནས་དེ་ཐོབ་པར་འདོད་པས་སངས་རྒྱས་ཞིང་ཀུན་སྦྱོང་བ་དང་། གཞན་ལ་ཆོས་སྦྱིན་པའི་ཚེ་ལོག་སྒྲུབ་བཟོད་པས་འཁོར་བས་ཡོངས་སུ་མི་སྐྱོ་བ་གཉིས་འབྱུང་། གཞན་དོན་བྱེད་པ་ལ་རང་དོན་རྫོགས་དགོས་པར་མཐོང་ནས་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་གཉིས་འབྱུང་ངོ་། །རློམ་མེད་བདག་ཉིད་ཅེས་པ་ནི་མངོན་ཞེན་མེད་པའི་དོན་ཏོ། །འདིར་ཐོས་པས་མི་ངོམས་པ་ནི་ས་གསུམ་པའི་རྗེས་ཐོབ་ཏུ་ཏིང་ངེ་འཛིན་གྱི་བསླབ་པ་སྦྱོང་བའི་དོན་ཡིན་ཞིང་། འཁོར་བས་ཡོངས་སུ་མི་སྐྱོ་བ་ནི་བཟོད་པའི་ཕར་ཕྱིན་ལྷག་པའི་དོན་ཡིན་ནོ། །ས་བཞི་པའི་ཡོངས་སྦྱོང་ནི། ནགས་གནས་འདོད་ཆུང་ཆོག་ཤེས་དང་། །ཞེས་སོགས་ཏེ། འདི་ལ་ཡང་བཅུ་ཡོད་པ་དོན་དྲུག་ཏུ་འདུས་ཏེ། སེམས་རྣམ་དག སྤྱོད་པ་རྣམ་དག ཡིད་བྱེད་རྣམ་དག ཕྲིན་ལས་རྣམ་དག སྟོང་པ་རྣམ་དག རྣལ་འབྱོར་རྣམ་དག་གོ །དང་པོ་ནི་ནགས་གནས་དང་། འདོད་ཆུང་དང་། ཆོག་ཤེས་གསུམ་མོ། །གཉིས་པ་ནི་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལེན་པ་དང་། བསླབ་པ་ཡོངས་སུ་མི་གཏོང་བ་གཉིས་སོ། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི། ཟས་ཀྱི་དབང་དུ་བྱས་པ་གསུམ་དང་། གོས་ཀྱི་དབང་དུ་བྱས་པ་གསུམ་དང་། གནས་ཀྱི་དབང་དུ་བྱས་པ་ལྔ་དང་། སྤྱོད་ལམ་གྱི་དབང་དུ་བྱས་པ་གཅིག་རྣམས་སོ། །དང་པོ་ནི་ཟས་བཟང་པོ་ལ་ཞེན་པ་དགག་པའི་ཕྱིར་བསོད་སྙོམས་པ་དང་། ཡང་ཡང་ཟ་བ་ལ་ཞེན་པ་དགག་པའི་ཕྱིར་སྟན་གཅིག་པ་དང་། ཕྱིས་མི་ལེན་པའོ། །བསོད་སྙོམས་ལ་སྒོ་ཐེར་ཆགས་རྒྱུ་བ་དང་། ཅི་ཐོབ་པ་ལེན་པ་གཉིས་སོ། །སྟན་གཅིག་པ་ལ་ཟོས་པའི་དང་། ཆུའི་དང་། སྟན་གྱི་མཐའ་པ་གསུམ་མོ། །ཕྱིས་མི་ལེན་པ་ལ་བླངས་པའི་དང་། ཟ་བའི་མཐའ་པ་གཉིས་སོ། །གོས་ཀྱི་དབང་དུ་བྱས་པ་ལ་བཟང་པོ་ལ་ཞེན་པ་དགག་པའི་ཕྱིར་ཕྱག་དར་ཁྲོད་པ་དང་། འཇམ་པོ་ལ་ཞེན་པ་དགག་པའི་ཕྱིར་ཕྱིང་པ་བ་དང་། མང་པོ་ལ་ཞེན་པ་དགག་པའི་ཕྱིར་ཆོས་གོས་གསུམ་པའོ། །གནས་ཀྱི་དབང་དུ་བྱས་པ་ནི་འདུ་འཛི་ཅན་ལ་ཞེན་པ་དགག་པའི་ཕྱིར་དགོན་པ་བ་དང་། སྟེང་གཡོགས་ཅན་ལ་ཞེན་པ་དགག་པའི་ཕྱིར་བླ་གབ་མེད་པ་དང་། བསྐོར་བ་ལ་ཞེན་པ་དགག་པའི་ཕྱིར་ཤིང་དྲུང་པ་དང་། གནས་ཀྱི་སྦྱོར་བ་ལ་ཞེན་པ་དགག་པའི་ཕྱིར་དུར་ཁྲོད་པ་དང་། མང་པོ་ལ་ཞེན་པ་དགག་པའི་ཕྱིར་གཞི་ཇི་བཞིན་པའོ། །སྤྱོད་ལམ་གྱི་དབང་དུ་བྱས་པ་ནི་ཉལ་བ་སོགས་ལ་ཞེན་པ་དགག་པའི་ཕྱིར་ཙོག་པུ་པའོ། །གསུམ་པ་ནི་འདོད་པ་རྣམས་ལ་སྨོད་པའོ། །བཞི་པ་ནི་མྱ་ངན་ལས་འདས་པ་ལ་གཞོལ་བའོ། །ལྔ་པ་ནི་བདོག་ཀུན་གཏོང་བའོ། །དྲུག་པ་ནི་མི་ཞུམ་པ་དང་ལྟ་བ་མེད་པ་གཉིས་སོ། །འདིར་འདོད་ཆུང་ཆོག་ཤེས་དང་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལེན་པ་གཙོ་བོར་གསུངས་པ་ནི་ས་བཞི་པའི་རྗེས་ཐོབ་ཏུ་བརྩོན་འགྲུས་ཀྱི་ཕར་ཕྱིན་ལྷག་པའི་དོན་ཡིན་ཞིང་། མྱང་འདས་ལ་གཞོལ་བ་ནི་བྱང་ཕྱོགས་སོ་བདུན་ལ་མཁས་པའི་ཤེས་རབ་སྦྱོང་བའི་དོན་ཡིན་ནོ། །ས་ལྔ་པའི་ཡོངས་སྦྱོང་ནི། འདྲིས་དང་ཁྱིམ་ལ་འཁྲེན་པ་དང་། །ཞེས་སོགས་ཏེ། འདི་ལ་ཡང་སྤང་བྱ་བཅུ་སྤོངས་དགོས་པ་ཡང་བཞིར་འདུས་ཏེ། བསམ་སྦྱོར་མ་དག་པ་དང་། གནས་མ་དག་པ་དང་། ཉེས་པར་སྤྱོད་པ་དང་། རྩ་བའི་ཉོན་མོངས་པ་སྤོང་བའོ། །དང་པོ་ནི་འདྲིས་དང་ཁྱིམ་ལ་འཁྲེན་པ་སྤོང་བ་གཉིས་སོ། །གཉིས་པ་ནི་འདུ་འཛིར་གྱུར་པའི་གནས་སྤོང་བའོ། །གསུམ་པ་ནི་བདག་བསྟོད་གཞན་ལ་རྨད་པ་དང་། མི་དགེ་བའི་ལས་ཀྱི་ལམ་བཅུ་སྤང་བ་གསུམ་མོ། །བཞི་པ་ལ་ང་རྒྱལ་ནི་རློམ་པས་ཁེངས་པ་དང་། མ་རིག་པ་ནི་ཕྱིན་ཅི་ལོག་དང་། ཐེ་ཚེམ་དང་ལྟ་བ་ནི་བློ་ངན་ཏེ། ཐེ་ཚོམ་ལྟ་བ་མཐོང་སྤང་ཡིན་ཡང་། སྐབས་འདིར་སྤོང་བར་བཤད་པ་ནི་གནས་ངན་ལེན་སྦྱོང་བའམ། ཐག་བསྲིང་པའི་གཉེན་པོ་ལ་དགོངས་ནས་གསུང་ཞིང་། ཉོན་མོངས་པ་ལ་བཟོད་པ་སྟེ་བཞི་སྤོང་བའོ། །འདིར་འདུ་འཛིར་གྱུར་པའི་གནས་སྤོང་བ་གསུངས་པ་ནི་ས་ལྔ་པའི་རྗེས་ཐོབ་ཏུ་བསམ་གཏན་གྱི་ཕར་ཕྱིན་ལྷག་པའི་དོན་ཡིན་ཞིང་། མཐོང་སྤང་གི་གཉེན་པོ་གསུངས་པ་ནི་བདེན་བཞི་ལ་མཁས་པའི་ཤེས་རབ་སྦྱོང་བའི་དོན་ཡིན་ནོ། །ས་དྲུག་པའི་ཡོངས་སྦྱོང་ནི། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །ཞེས་སོགས་ཏེ། འདི་ལ་བཅུ་གཉིས་ཡོད་པ་གཉིས་སུ་འདུས་ཏེ། སྤོང་བྱེད་ཀྱི་གཉེན་པོ་དང་སྤང་བྱ་མི་མཐུན་པའི་ཕྱོགས་སོ། །དང་པོ་ནི་ཕར་ཕྱིན་དྲུག་རྫོགས་པའོ། །ཕར་ཕྱིན་དྲུག་ས་དང་པོ་ནས་ཐོབ་པ་མ་ཡིན་ནམ་སྙམ་ན་ཐོབ་མོད་ཀྱི་འདིར་ནི་རྫོགས་པར་ཐོབ་པའི་དོན་ནོ། །གཉིས་པ་ལ་བྱང་ཆུབ་ཀྱི་གེགས་དང་། སྤྱོད་པ་རྗེས་སུ་སྒྲུབ་པའི་གེགས་གཉིས་ལས། དང་པོ་ནི། སློབ་མ་དང་། བསེ་རུ་ལ་དགའ་བའི་སེམས་སོ། །གཉིས་པ་ལ་གསུམ་ལས། དང་པོར་འཇུག་པའི་གེགས་ནི་ངོ་བོ་ཉིད་མི་དམིགས་པ་ལ་སྐྲག་པའི་སེམས་སོ། །བར་དུ་སྒྲུབ་པའི་གེགས་ནི་བླངས་ན་སེམས་ཞུམ་པ་དང་། བཏང་ན་མི་དགའ་བའི་སེམས་སོ། །ཐ་མར་མཐར་ཕྱིན་པའི་གེགས་ནི་དབུལ་ཡང་སློང་བ་མི་སྤོང་བའི་སེམས་སོ། །འདིར་སྤྱིར་ཕར་ཕྱིན་དྲུག་རྫོགས་པས་སྤང་བྱ་དྲུག་སྤོང་བ་ཡིན་གྱི་སོ་སོར་སྦྱར་བར་བྱ་བ་མ་ཡིན་པས་གཉེན་པོ་རྫོགས་པ་དང་། སྤང་བྱ་སྤངས་པ་རྣམས་སྦྱོང་བྱེད་ཀྱི་ཆོས་ཀྱི་རྐང་གྲངས་སོ་སོར་བགྲངས་ཤིང་སྤང་བྱ་རྣམས་ཀྱང་སྤོང་བྱེད་གཉེན་པོའི་ལྡོག་པ་ནས་གསུངས་པ་ཡིན་ནོ། །འདིར་ཕར་ཕྱིན་དྲུག་རྫོགས་པར་གསུངས་པ་ནི་ས་དྲུག་པའི་རྗེས་ཐོབ་ཏུ་ཤེས་རབ་ཀྱི་ཕར་ཕྱིན་ལྷག་པའི་དོན་ཡིན་ཞིང་། ངོ་བོ་ཉིད་མི་དམིགས་པ་ལ་སྐྲག་པ་སྤོང་བ་ནི་རྟེན་འབྲེལ་ལ་མཁས་པའི་ཤེས་རབ་སྦྱོང་བའི་དོན་ཡིན་ནོ། །ས་བདུན་པའི་ཡོངས་སྦྱོང་ལ་སྤང་བྱ་མི་མཐུན་པའི་ཕྱོགས་དང་། སྤོང་བྱེད་གཉེན་པོ་གཉིས་ལས། དང་པོ་ནི། བདག་དང་སེམས་ཅན་འཛིན་པ་དང་། །ཞེས་སོགས་ཏེ། འདི་ལ་སྤང་བྱའི་དབྱེ་བ་དང་། ཉེས་པ་སྤངས་པས་ཐོབ་པར་བསྟན་པ་གཉིས་ལས། དང་པོ་ལ་ཉི་ཤུ་ཡོད་པ་གསུམ་དུ་འདུས་ཏེ། སོ་སྐྱེ་དང་ཐུན་མོང་བ་དང་། ཉན་རང་དང་ཐུན་མོང་བ་དང་། བྱང་སེམས་ལས་དང་པོ་བ་དང་ཐུན་མོང་བའོ། །དང་པོ་ནི་བདག་ཏུ་འཛིན་པ་ནས་རྟག་པར་འཛིན་པའི་བར་དྲུག་གོ །གཉིས་པ་ནི་མཚན་མར་འཛིན་པ་ནས་ཚུལ་ཁྲིམས་སུ་ལྟ་བའི་མངོན་ཞེན་གྱི་བར་བཅུ་གཉིས་སོ། །གསུམ་པ་ནི་སྟོང་ཉིད་ལ་རྩོད་པ་དང་། སྟོང་ཉིད་དེ་དང་མངོན་སུམ་དུ་མཐོང་བ་འགལ་བའི་ཉེས་པ་འཛིན་པ་གཉིས་སོ། །ཉེས་པ་སྤངས་པས་ཐོབ་པར་བསྟན་པ་ནི། ཉི་ཤུ་གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་ཐོབ། །ཅེས་པའོ། །འོ་ན་དང་པོ་དྲུག་པོ་འཇིག་ཚོགས་སུ་ལྟ་བ་དང་། མཐར་འཛིན་ལྟ་བ་ཡིན་པས་ས་དང་པོ་ནས་སྤངས་ཟིན་པ་མ་ཡིན་ནམ་སྙམ་ན། འདི་ལ་བདག་དང་སེམས་ཅན་སོགས་བདེན་པར་འཛིན་པ་དང་། བརྟགས་པ་ཙམ་དུ་འཛིན་པ་གཉིས་ལས། དང་པོ་ནི། ཉོན་སྒྲིབ་ཡིན་པས་ས་དང་པོ་ནས་སྤངས་ཟིན་ལ། ཕྱི་མ་ལ་ཀུན་བརྟགས་དང་། ལྷན་སྐྱེས་གཉིས་ལས། དང་པོ་ནི་མཐོང་སྤང་དུ་གྱུར་པའི་བཏགས་འཛིན་རྟོག་པ་ཡིན་པས་ས་དང་པོ་ནས་སྤངས་ཟིན་ཏེ། སོ་སོ་སྐྱེ་བོ་འཕགས་དབྱེ་བས། །སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །ཅེས་པའི་སྐབས་སུ་དངོས་སུ་བསྟན་པའི་རྫས་འཛིན་རྟོག་པ་ནི་ཁོ་བོའི་ལུགས་ཀྱི་ཉོན་སྒྲིབ་ཡིན་ཞིང་བཏགས་འཛིན་རྟོག་པ་ནི་ཤེས་སྒྲིབ་ཡིན་པས་གཉིས་ཆར་ཡང་མཐོང་སྤང་རྟོག་པ་ཡིན་པའི་ཕྱིར་རོ། །ལྷན་སྐྱེས་སུ་གྱུར་པའི་གང་ཟག་བཏགས་པ་ཙམ་དུ་འཛིན་པའི་བློ་ནི་སྒོམ་སྤང་རྟོག་པ་ཡིན་པས་ས་བདུན་པའི་རྗེས་ཐོབ་ཀྱི་བར་དུ་མངོན་གྱུར་དུ་འབྱུང་སྲིད་ཅིང་དེའི་ཚེ་མཚན་འཛིན་གྱི་བར་ཆད་འབྱུང་བས་ལམ་གྱི་དངོས་པོའི་རྒྱུན་དང་མི་ལྡན་པ་ཡིན་ལ། རྗེས་ཐོབ་ཀྱི་གནས་སྐབས་སུ་ཡང་དེ་འབྱུང་མི་སྲིད་པའི་ཚེ་ས་བདུན་པ་རྫོགས་པར་ཐོབ་ནས་ས་བརྒྱད་པར་འཕོས་པ་ཡིན་པས། ཉི་ཤུ་གང་ལ་རྣམ་ཆད་པ། །དེ་ཡིས་ས་ནི་བདུན་པ་ཐོབ། །ཅེས་གསུངས་པ་ཡང་འདི་ལ་དགོངས་སོ། །ཆོས་སུ་འཛིན་པ་ལ་ཡང་ཆོས་སུ་བདེན་པ་དང་། དེར་བཏགས་པ་ཙམ་དུ་འཛིན་པ་གཉིས་ལས། དང་པོ་ནི་མཐོང་སྤང་ཁོ་ན་སྟེ། འཛིན་པ་དང་ནི་འདོར་བ་དང་། །ཞེས་པའི་དངོས་བསྟན་གྱི་རྫས་འཛིན་རྟོག་པ་དང་དོན་གཅིག་གོ །ཕྱི་མ་ལ་ཀུན་བརྟགས་དང་། ལྷན་སྐྱེས་གཉིས་ལས། དང་པོ་ནི་མཐོང་སྤང་སྟེ། ཆེད་བཞིན་ངེས་པར་མི་འབྱུང་དང་། །ཞེས་པའི་དངོས་བསྟན་དང་དོན་གཅིག་གོ །འདིར་རོང་སྟོན་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས། མདོར་བསྟན་དུ་གང་ཟག་ལ་རྫས་ཡོད་དང་བརྟགས་ཡོད་དུ་འཛིན་པ་དངོས་སུ་བསྟན་ནས་ཆོས་ལ་དེ་དང་དེར་འཛིན་པ་ཤུགས་ལ་བསྟན། རྒྱས་བཤད་དུ་དེ་ལས་བཟློག་སྟེ་བསྟན་པར་གསུངས་པ་ནི་འཆད་ཚུལ་འདིའི་མེ་ལོང་གི་ནང་དུ་སོང་དུས་མཁས་པའི་ཡིད་འཕྲོགས་པར་འགྱུར་རོ། །ལྷན་སྐྱེས་ནི། བདག་ཉིད་ཇི་བཞིན་ཀུན་མཁྱེན་ནི། །ཞེས་པའི་སྐབས་ཀྱི་སྒོམ་སྤང་རྟོག་པ་ཡིན་ལ་དེ་ཉིད་འདིར་བཤད་པའི་མཚན་མར་འཛིན་པ་སོགས་བཅུ་གཉིས་དང་དོན་གཅིག་པས་ས་བདུན་པའི་རྗེས་ཐོབ་ཀྱི་བར་དུ་འབྱུང་སྲིད་པའོ། །དེ་ལྟར་བྱས་ན་འཕགས་པས་སྒོམ་སྤང་དུ་གྱུར་པའི་འཛིན་རྟོག་གཉིས་ལ་སེམས་ཅན་དུ་གདགས་པ་ལ་བརྟེན་པ་དང་། གདགས་པའི་རྒྱུ་མཚན་ལ་བརྟེན་པ་ཞེས་པའི་ཐ་སྙད་མཛད་ཅིང་། གཉིས་ཀ་ཡང་བཏགས་འཛིན་རྟོགས་པར་བཞེད་པ་ནི་བསྟན་བཅོས་རྩ་བའི་དགོངས་པར་གནས་པའོ། །གཉིས་པ་སྤོང་བྱེད་གཉེན་པོ་ནི། རྣམ་ཐར་སྒོ་གསུམ་ཤེས་པ་དང་། །ཞེས་སོགས་ཏེ། འདིར་གཉེན་པོ་རེ་རེས་སྤང་བྱ་རེ་རེ་སོ་སོར་སྤངས་པས་ཡོངས་སྦྱོང་གི་གྲངས་ལོགས་སུ་མ་སྨོས་ལ། ས་དྲུག་པའི་སྐབས་སུ་སྤང་གཉེན་སོ་སོར་སྦྱར་བར་བྱ་བ་མ་ཡིན་པས་ཡོངས་སྦྱོང་གི་གྲངས་ལོགས་སུ་སྨོས་སོ། །ས་བརྒྱད་པའི་ཡོངས་སྦྱོང་ལ། སེམས་ཅན་ཀུན་ཡིད་ཤེས་པ་དང་། །ཞེས་པ་སྟེ། འདི་ལ་མདོ་ལས་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པས་ནི་ཆོས་ཀྱི་སྐུ་ཡོངས་སུ་བཏགས་པའི་དོན་དུ་ཆོས་བཞི་ཡོངས་སུ་རྫོགས་པར་བྱ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཁོང་དུ་ཆུད་པར་བྱ་བ་དང་། ཞེས་སོགས་དང་། གཞན་ཡང་ཆོས་བཞི་ཡོངས་སུ་རྫོགས་པར་བྱ་སྟེ་ཞེས་བཞི་ཕྲག་གཉིས་སོ་སོར་བྱས་པ་ནི་གང་ཡང་རུང་བ་ཡང་ས་དེའི་ཡོངས་སུ་སྦྱོང་བ་ཉིད་ཡིན་པར་ཤེས་པར་བྱ་བའི་དོན་དུ་ཡིན་ནོ། །ཞེས་ཉིར་སྣང་ལས་བཤད་དོ། །སངས་རྒྱས་ཀྱི་ཞིང་སྦྱོང་བ་གཉིས་སུ་བྱས་པའི་སྔ་མ་ནི་སྣོད་ཀྱི་འཇིག་རྟེན་དང་། ཕྱི་མ་ནི་བཅུད་ཀྱི་འཇིག་རྟེན་སྦྱོང་བ་ཡིན་ཞིང་འདི་དང་། ཞིང་དག་སྦྱོང་བའི་སྐབས་སུ་སྣོད་བཅུད་ཀྱི་འཇིག་རྟེན་སོ་སོར་དག་པ་སྒྲུབ་པར་བཤད་པ་ནི་གནད་གཅིག་པས་རྫོགས་སྨིན་སྦྱོང་གསུམ་གྱི་ནང་ཚན་དུ་གྱུར་པའི་སངས་རྒྱས་ཀྱི་ཞིང་སྦྱོང་བ་མ་མཐའ་ས་བརྒྱད་པ་ནས་འཇོག་པའི་དོན་ཏེ། སངས་རྒྱས་ཀྱི་ཞིང་དངོས་སུ་སྒྲུབ་པའི་དབང་དུ་བྱས་པ་ཡིན་ལ་ས་གསུམ་པའི་སྐབས་སུ་སངས་རྒྱས་ཀྱི་ཞིང་སྦྱོང་བར་བཤད་པ་ནི་ཞིང་དག་པ་སྒྲུབ་པར་འདོད་པའི་བློ་སྐྱེད་པ་ཙམ་མོ། །དེ་ལྟར་བྱས་ན་བཞི་ཚན་གཉིས་ལ་སྣོད་བཅུད་ཀྱི་ཞིང་སྦྱོང་བ་སོ་སོར་སྣང་བས་གང་རུང་ཅིག་གིས་ས་བརྒྱད་པའི་ཡོངས་སྦྱོང་དུ་འགྱུར་བ་མ་ཡིན་གྱི། གཉིས་ཀ་དགོས་ལ་གཉིས་སུ་བྱས་པ་ནི་སྔ་མ་ས་བདུན་པ་དང་ཐུན་མོང་བ་དང་། ཕྱི་མ་ས་དགུ་པ་དང་ཐུན་མོང་བར་མངོན་ཏེ། དཔྱད་པས་ཤེས་སོ། །ས་དགུ་པའི་ཡོངས་སྦྱོང་ནི། སྨོན་ལམ་དག་ནི་མཐའ་ཡས་དང་། །ཞེས་སོགས་ཏེ། འདི་ལ་བཅུ་གཉིས་ཡོད་པ་དོན་ལྔར་འདུས་ཏེ། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ། ཆོས་སྟོན་པའི་རྒྱུ། བདག་པོ་ཕུན་སུམ་ཚོགས་པ། ཉེར་སྤྱོད་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པའོ། །དང་པོ་ནི་སྨོན་ལམ་མཐའ་ཡས་པའོ། །གཉིས་པ་ནི་ཚིག་སོ་སོར་རིག་པ་ལྷ་ལ་སོགས་པའི་སྐད་ཤེས་པ་དང་། སྤོབས་པ་སོ་སོར་རིག་པ་ཆུ་བོའི་རྒྱུན་ལྟར་མི་ཟད་པ་གཉིས་སོ། །གསུམ་པ་ལ་ལུས་དག་པ་དང་། དག་པའི་ཕྱོགས་འཛིན་པ་གཉིས་ལས། དང་པོ་ནི་མངལ་དུ་འཇུག་པ་མཆོག་ལ་སོགས་པ་དྲུག་གོ །གཉིས་པ་ནི་སངས་རྒྱས་ལ་སོགས་པས་བསྐུལ་ཏེ་ངེས་པར་འབྱུང་བའོ། །ཉེར་སྤྱོད་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་ཀྱི་ཤིང་རྣམས་སོ། །འབྲས་བུ་ཕུན་སུམ་ཚོགས་པ་ནི་ཡོན་ཏན་ཞེས་པ་སྟེ་ཕུན་སུམ་ཚོགས་པ་ནི་ཐམས་ཅད་ཀྱི་གསལ་བྱེད་དུ་སྦྱར་རོ། །འདིར་སྨོན་ལམ་མཐའ་ཡས་པ་ཕར་ཕྱིན་ལྷག་པའི་གོ་རིམ་ལྟར་ན་ས་བརྒྱད་པ་ལ་འཐད་ཅིང་། མངལ་དུ་འཇུག་པ་མཆོག་ལ་སོགས་པ། ས་བཅུ་པའི་བྱང་སེམས་ལ་འཐད་པས་ས་དགུ་པ་ལ་ཇི་ལྟར་འཐད་སྙམ་ན་སྐྱོན་མེད་དེ། སྔ་མ་ནི་ས་བརྒྱད་པ་དང་ཐུན་མོང་བའི་དབང་དུ་བྱས་ལ། ཕྱི་མ་ནི་ས་བཅུ་པ་དང་ཐུན་མོང་བའི་དབང་དུ་བྱས་ཤིང་། གཉིས་པ་དང་གསུམ་པ་ནི་ས་དགུ་པའི་ཐུན་མོང་མ་ཡིན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་མཛད་པའི་གནད་ཀྱང་ས་སྔ་མའི་ཡོངས་སྦྱོང་དེ་མ་རྫོགས་པ་དེ་སྲིད་དུ་ས་སྔ་མ་དེ་ཡིན་ལ། རྫོགས་པར་ཐོབ་ནས་ས་ཕྱི་མར་འཕོས་པ་ཡིན་པས་ཡོངས་སྦྱོང་ཐམས་ཅད་ལ་ཡང་འདི་བཞིན་དུ་ཡོད་པར་ཞིབ་ཏུ་དཔྱད་ན་ཤེས་སོ། །གཉིས་པ་ས་བཅུ་པ་འབྲས་བུའི་སྒོ་ནས་བསྟན་པ་ནི། ས་དགུ་འདས་ནས་ཡེ་ཤེས་ནི། །ཞེས་སོགས་ཏེ་མདོ་ལས། རིགས་ཀྱི་ས་དང་། བརྒྱད་པའི་ས་དང་། མཐོང་བའི་ས་དང་། བསྲབས་པའི་ས་དང་། འདོད་ཆགས་དང་བྲལ་བའི་ས་དང་། བྱས་པ་རྟོགས་པའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་ལས་ཡང་དག་པར་འདས་ཏེ། རབ་འབྱོར་དེ་ལྟར་བྱང་སེམས་ཆེན་པོ་ས་དགུ་ལས་འདས་ནས་སངས་རྒྱས་ཀྱི་ས་ལ་གནས་པ་སྟེ། རབ་འབྱོར་དེ་ནི་བྱང་སེམས་ཆེན་པོའི་ས་བཅུ་པའོ། །ཞེས་གསུངས། འདི་ལ་འདས་ས་ས་དགུ་ངོས་བཟུང་བ། དེ་ལས་འདས་པའི་ཚུལ་ལ་དཔྱད་པ། འབྲས་བུའི་སྒོ་ནས་བསྟན་པའི་དགོས་པ་དང་གསུམ་ལས། དང་པོ་རིགས་ཀྱི་ས་ནི་གནས་སྐབས་ཐེག་དམན་དུ་རིགས་ངེས་པའི་སྦྱོར་ལམ་བཞིའོ། །བརྒྱད་པའི་ས་ནི་རྒྱུན་ཞུགས་ཞུགས་པའི་རྟོགས་པའོ། །མཐོང་བ་དང་། བསྲབས་པ་དང་། འདོད་ཆགས་དང་བྲལ་བའི་ས་གསུམ་ནི་འབྲས་གནས་དང་པོ་གསུམ་གྱི་ཙམ་པོའི་མངོན་པར་རྟོགས་པའོ། །བྱས་པ་རྟོགས་པའི་ས་ནི་ཉན་ཐོས་དགྲ་བཅོམ་པའི་མངོན་པར་རྟོགས་པའོ། །ཉན་ཐོས་ཀྱི་ས་ནི་འབྲས་གནས་དང་པོ་གསུམ་གྱི་ཁྱད་པར་ཅན་གྱི་མངོན་པར་རྟོགས་པའོ། །དེ་གསུམ་ལ་ཉན་ཐོས་ཀྱི་ས་ཞེས་ལོགས་སུ་བཞག་པའི་དགོས་པ་ནི། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་གཉིས་ཀྱི་ཟླ་བོར་ཉན་ཐོས་ཀྱི་ས་ཞེས་བཞག་པས་ཐེག་པ་གསུམ་གྱི་རྣམ་གཞག་གྲུབ་པའི་ཆེད་ཡིན་ཏེ། ཉིར་སྣང་དུ། ཉན་ཐོས་ཀྱི་ས་ནི་ཐེག་པ་གསུམ་གསལ་བར་རྣམ་པར་བཞག་པ་ལ་དགོངས་པ་སྟེ་ཞེས་དང་། དེའི་དོན་འགྲེལ་ཆུང་དུ། ཚུལ་གསུམ་རྣམ་པར་གཞག་པར་དགོངས་པས་ཞེས་གསུངས་པའི་ཕྱིར་རོ། །ཐེག་པ་གསུམ་གྱི་རྣམ་གཞག་གྲུབ་པའི་དགོས་པ་ནི་ས་བཅུ་པར་ཐེག་པ་གསུམ་གྱི་རྟོགས་རིགས་ཡོན་ཏན་ཡར་ལྡན་དུ་འདུ་བར་རྟོགས་པའི་ཆེད་དུ་ཡིན་ནོ། །རང་སངས་རྒྱས་ཀྱི་ས་ནི་བསེ་རུ་ལྟ་བུ་དང་ཚོགས་ན་སྤྱོད་པའི་མངོན་པར་རྟོགས་པའོ། །བྱང་ཆུབ་སེམས་དཔའི་ས་ནི་ཇི་སྐད་བཤད་པའི་ས་དགུའོ། །གཉིས་པ་ནི། འོ་ན་ས་བཅུ་པའི་ཡེ་ཤེས་དེ་བྱང་སེམས་ཀྱི་ས་ལས་འདས་པར་རིགས་ཀྱང་དམན་པའི་ས་བརྒྱད་ལས་འདས་པར་ཇི་ལྟར་རིགས་ཏེ། དམན་པའི་ས་བརྒྱད་སྔོན་དུ་མ་སོང་ན་ནི་དེ་ལས་འདས་པའི་དོན་མེད་ཅིང་། སྔོན་དུ་སོང་ན་ནི་ཐེག་པ་འོག་མ་གཉིས་ཀ་བགྲོད་ཟིན་པའི་དབང་དུ་བྱས་པར་འགྱུར་བའི་ཕྱིར་རོ་ཞེ་ན། བྱང་སེམས་ཀྱི་སྦྱོར་ལམ་གྱི་གནས་སྐབས་སུ་ཐེག་པ་འོག་མ་གཉིས་ཀྱི་རྟོགས་རིགས་རྒྱུན་ལྡན་དུ་བསྒོམ་པའི་སྟོབས་ཀྱིས་མཐོང་ལམ་དུ་མངོན་སུམ་དུ་མཐོང་ཟིན་ནས་དེ་ཕྱིན་ཆད་རྟོགས་རིགས་རྒྱུན་ལྡན་དུ་མི་སྒོམ་པས་དམན་པའི་ས་བརྒྱད་ཆར་ལས་འདས་པ་ཞེས་བྱ་བར་འཇོག་སྟེ། ཉིར་སྣང་དུ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་དང་མཐོང་བས་བལྟས་ནས་འདའོ། །ཞེས་གསུངས་པས་ན་འདི་ནི་གཞན་གཙོར་བྱེད་པའི་ཕྱིར་རོ། །ཞེས་བྱ་བར་དགོངས་པ་ཡིན་ནོ། །ཞེས་དང་། གཞན་ཡང་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་སྤོང་བ་གང་ཡིན་པ་དེ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའི་བཟོད་པ་ཡིན་ནོ། །བཟོད་པ་དེ་ཡང་གང་ཞེ་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །ཞེས་གསུངས་པའི་ཕྱིར་རོ། །མདོར་ན་ས་དང་པོ་ནས་ཉན་རང་གི་སྤང་རྟོགས་རྫོགས་པའི་ཚེ་དམན་པའི་ས་བརྒྱད་ལས་འདས་ཟིན་ཅིང་དེའི་རྗེས་སུ་བྱང་སེམས་ཀྱི་ས་དགུ་ལས་འདས་པས་ན་དམན་པའི་ས་བརྒྱད་ལས་འདས་པ་ནི་ཤེས་མཐོང་གིས་བལྟས་ནས་འདས་པའི་དོན་ཡིན་ཞིང་བྱང་སེམས་ཀྱི་ས་དགུ་ལས་འདས་པ་ནི་ལམ་ཕྱི་མ་སྐྱེས་པ་ན་སྔ་མ་ལས་འདས་པའི་དོན་ནོ། །སྔོན་ཆད་འདི་ལྟ་བུའི་བཤད་པ་འབྱུང་བའི་ཞལ་གྱི་པདྨོ་དཀོན་ཙམ་འདུག་པས་ཟབ་དོན་དོན་དུ་གཉེར་བ་དག་གིས་ལོག་རྟོག་གི་དྲི་མ་རྣམས་གནས་ལུགས་ལ་དཔྱོད་པའི་ཤེས་རབ་ཀྱིས་བསལ་ནས་གཟུང་བར་བྱའོ། །གསུམ་པ་ནི། འོ་ན་ས་བཅུ་པ་ཡོངས་སྦྱོང་གི་སྒོ་ནས་མི་སྟོན་པར་འབྲས་བུའི་སྒོ་ནས་སྟོན་པ་ཅི་ཞེ་ན། ལོ་ཆེན་གྱིས་ཡོངས་སྦྱོང་ནི་ས་སྔ་མ་སྔ་མ་ལས་ཁྱད་པར་དུ་བྱེད་པའི་ཆེད་ཡིན་ལ། འབྲས་བུའི་སྒོ་ནས་བསྟན་པས་ས་སྔ་མ་ལས་ཁྱད་པར་དུ་འཕགས་པར་གྲུབ་པའི་ཕྱིར་ཞེས་གསུངས་པ་ནི། ཡོངས་སྦྱོང་དེ་རྫོགས་པར་ཐོབ་པའི་ཆེད་དུ་ཡིན་པར་གཞུང་ལས་བཤད་པས་ས་སྔ་མ་ལས་ཁྱད་པར་བྱེད་པའི་ཆེད་ཡིན་པར་མི་འགྲུབ་ཅིང་། གྲུབ་ཏུ་ཆུག་ན་ཡང་ཡོངས་སྦྱོང་གི་སྒོ་ནས་མི་སྟོན་པའི་རྒྱུ་མཚན་དུ་སོང་གི་འབྲས་བུའི་སྒོ་ནས་སྟོན་པའི་རྒྱུ་མཚན་ད་དུང་ཚོལ་དགོས་པས་དཔྱད་པ་མ་རྫོགས་པའོ། །འཐད་པའི་ཕྱོགས་ནི་འདི་ཡིན་ཏེ། ས་དགུ་པོ་ཡོངས་སྦྱོང་གི་སྒོ་ནས་བསྟན་པ་ན་བྱང་སེམས་ལས་དང་པོ་པ་འགའ་ཞིག་དེ་ལ་འཇུག་པར་མི་ནུས་སོ་སྙམ་དུ་སེམས་ཞུམ་པར་འགྱུར་བས་མཐར་ཐུག་གི་འབྲས་བུར་མ་ཟད་གནས་སྐབས་ས་བཅུ་པ་ལ་ཡང་འབྲས་བུ་འདི་ལྟར་ཡོད་དོ་ཞེས་སྤྲོ་བ་སྐྱེད་པའི་ཆེད་དུ་ཡིན་ཏེ། ས་བཅུ་པ་ལ་ཡོངས་སྦྱོང་ཡོད་ཀྱང་ས་དགུ་པའི་ཡོངས་སྦྱོང་གི་ཁོངས་སུ་བསྡུས་པ་ལས་ཀྱང་ཤེས་ཤིང་འདི་འདྲའི་རིགས་ཅན། སྐབས་ལྔ་པར་ཡང་འབྱུང་ངོ་། །གསུམ་པ་གཉེན་པོའི་ཚོགས་བྱེ་བྲག་ཏུ་བཤད་པ་ནི། མཐོང་དང་སྒོམ་པའི་ལམ་དག་ལ། །ཞེས་སོགས་ཏེ། འདིར་སྤང་བྱ་བརྒྱད་ཀྱི་ཐ་སྙད་ལ་སློབ་དཔོན་གྱིས་ནི་སྔར་སྦྱོར་ལམ་གྱི་གནས་སྐབས་སུ་བསྟན་པའི་ཐ་སྙད་བཞི་པོ་དེ་ཉིད་མཐོང་སྤང་རྟོག་པ་དང་། སྒོམ་སྤང་རྟོག་པ་གཉིས་ཀ་ལ་སྦྱར་བར་བཞེད་ཅིང་། འཕགས་པས་མཐོང་སྤང་རྟོག་པ་ལ་གཟུང་བའི་རྣམ་པར་རྟོག་པ་དངོས་པོ་ཙམ་ལ་བརྟེན་པ་དང་། གཉེན་པོ་ལ་བརྟེན་པ་གཉིས། འཛིན་པའི་རྣམ་པར་རྟོག་པ་གང་ཟག་རྫས་སུ་ཡོད་པ་ལ་བརྟེན་པ་དང་། སྐྱེས་བུ་བརྟགས་པར་ཡོད་པ་ལ་བརྟེན་པ་གཉིས་ཏེ་བཞི། སྒོམ་སྤང་རྟོག་པ་ལ་གཟུང་བའི་རྣམ་པར་རྟོག་པ་དངོས་པོ་ཙམ་གྱི་རྣམ་པ་ལ་བརྟེན་པ་དང་། གཉེན་པོ་ལ་བརྟེན་པ་གཉིས། འཛིན་པའི་རྣམ་པར་རྟོག་པ་འཕགས་པའི་གང་ཟག་ཏུ་བཏགས་པ་ལ་བརྟེན་པ་དང་། བཏགས་པ་དེའི་རྒྱུ་མཚན་ལ་བརྟེན་པ་གཉིས་ཏེ་བརྒྱད་དུ་བཞེད་དོ། །དེ་ལྟ་བུའི་རྣམ་རྟོག་བརྒྱད་པོ་ངེས་པར་འབྱུང་བར་བྱས་ནས། ངེས་པར་འབྱུང་བྱེད་ཐེག་པ་ཆེན་པོ་དེས་འབྱུང་ཚུལ་མི་དམིགས་པའི་ཚུལ་གྱིས་འབྱུང་བའི་ཀུན་རྫོབ་ཁས་བླངས་པའི་ལན་གྱིས་མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་དང་། དེ་དག་མི་དམིགས་པའི་དོན་དམ་གྱི་ལན་གྱིས་སྒོམ་སྤང་གཉེན་པོའི་ཚོགས་སྒྲུབ་གསུངས་སོ། །བཞི་པ་ངེས་པར་འབྱུང་བའི་སྒྲུབ་པ་ནི། ཆེད་དུ་བྱ་དང་མཉམ་ཉིད་དང་། །ཞེས་སོགས་ཏེ། འདིར་ངེས་པར་འབྱུང་ས་བརྒྱད་ལས། དང་པོ་བདུན་སངས་རྒྱས་ཀྱི་ས་དང་། ལམ་གྱི་ཡུལ་ཅན་ནི་རྒྱུན་མཐའ་ན་ཡོད་པར་བོད་རྣམས་བཞེད་ལ། ཉི་ཁྲི་སྣང་བར། ཚེ་དང་ལྡན་པ་ཤཱ་རིའི་བུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད་ཅེས་བྱ་བས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པའི་ལམ་ཉེ་བར་དགོད་པ་དང་། ཞེས་གསུངས་པ་ལྟར་ན་རྒྱུན་མཐའ་ན་ཡོད་པ་ཉིད་ལེགས་ཤིང་། སློབ་དཔོན་གྱིས་ཇི་སྐད་བཤད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། དེའི་ཁྱད་པར་གྱི་ལམ་སྟེ། ཞེས་གསུངས་པ་ལྟར་ན་སངས་རྒྱས་ཀྱི་ས་ན་ཡོད་པར་མངོན་ནོ། །ངེས་པར་འབྱུང་ས་བརྒྱད་པོ་དེར་བར་ཆད་མེད་པར་ངེས་པར་འབྱུང་བ་ནི་ས་བརྒྱད་པ་ནས་ཡོད་ཅིང་། དངོས་སུ་ངེས་པར་འབྱུང་བ་ལ་འཇོག་ན་རྒྱུན་མཐར་འཇོག་དགོས་པར་སྣང་ངོ་། །སྦས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད་ཅེས་བྱ་བ་ལས་སྐབས་དང་པོའི་གཞུང་སོ་སོའི་འབྲེལ་དང་། དཀའ་བའི་གནས་རྣམས་ལེགས་པར་བཤད་ཟིན་ཏོ།། །།


previousརྣམ་མཁྱེན།next