Nitartha Digital Library
Tibetan
 
previousལམ་ཤེས།next

ལམ་ཤེས།

གཉིས་པ་ལམ་ཤེས་ལ་རྣམ་མཁྱེན་གྱི་འོག་ཏུ་ལམ་ཤེས་འཆད་པའི་རྒྱུ་མཚན་དང་། རྒྱུ་མཚན་ཅན་གྱི་གཞུང་གི་དོན་གཉིས་ལས། དང་པོ་ལ། དོན་གྱི་འབྲེལ་དང་། ཚིག་གི་འབྲེལ་གཉིས། དང་པོ་ནི། འབྲས་བུ་རྣམ་མཁྱེན་ཐོབ་པ་ལ་རྒྱུ་ལམ་ཤེས་དགོས་པས་འབྲས་བུ་རྟོགས་པའི་བློས་རྒྱུ་རྟོགས་པའི་བློ་དྲངས་པ་རྟོགས་པའི་གོ་རིམ་མོ། །གཉིས་པ་ལ་གསར་དུ་ལྷགས་པའི་འཁོར་གྱི་དབང་དུ་བྱས་པ་དང་། སྔར་གནས་པའི་འཁོར་གྱི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི། རྣམ་མཁྱེན་གྱི་མདོ་རྫོགས་པའི་རྗེས་སུ་རྒྱལ་ཆེན་རིས་བཞི་ནས་འོག་མིན་གྱི་བར་གྱི་ལྷའི་བུ་རྣམས་ལྷགས་པ་ན་དེ་དག་ལ་སྔར་གྱི་རྣམ་མཁྱེན་གྱི་སྐབས་ཀྱི་རྟོགས་པ་དེ་བསྒྲུབ་དགོས་པས་སྔ་མ་དེ་ཉིད་བརྗོད་ན། སྔར་ནས་གནས་པའི་འཁོར་རྣམས་བརྙས་པ་སྐྱེ་བར་འགྱུར་བས། ལམ་ཤེས་འདིས་སྔར་གྱི་རྣམ་མཁྱེན་ཐོབ་པར་འགྱུར་རོ་ཞེས་རྒྱུའི་ཚུལ་གྱིས་གསུངས་པའོ། །གཉིས་པ་ནི་སྔར་ནས་གནས་པའི་འཁོར་ཁ་ཅིག སྔར་བསྟན་པའི་ཆོས་བཅུ་པོ་དེ་དག་ནི་སངས་རྒྱས་ཁོ་ནས་རྟོགས་པར་བྱ་བ་ཡིན་གྱི་བྱང་ཆུབ་སེམས་དཔས་རྟོགས་པར་བྱ་བ་མེད་དམ་སྙམ་པའི་དོགས་པ་ཡོད་པས་རྒྱུའི་ཆོས་ཙམ་ཞིག་དྲངས་ནས་བྱང་སེམས་ཀྱི་རྟོགས་བྱར་བསྟན་པའོ། །གཉིས་པ་རྒྱུ་མཚན་ཅན་གྱི་གཞུང་གི་དོན་ལ་ཆོས་བཅུ་གཅིག་ཡོད་པ་ལམ་ཤེས་ཀྱི་ཡན་ལག་དང་། ལམ་ཤེས་ཀྱི་རང་བཞིན་གཉིས་ལས། དང་པོ་ལ་རྒྱུའི་ཡན་ལག རང་བཞིན་གྱི་ཡན་ལག བྱེད་ལས་ཀྱི་ཡན་ལག་དང་གསུམ། དང་པོ་ལ་སྔ་རབས་པ་ཁ་ཅིག་འགལ་རྐྱེན་དང་བྲལ་བའི་རྟེན། ལྷན་ཅིག་བྱེད་པའི་རྐྱེན། ཉེ་བར་ལེན་པའི་རྒྱུ་དང་གསུམ་དུ་མཛད་ནས་ཁྱབ་པའི་དོན་རང་བཞིན་གནས་རིགས་ཀྱིས་ཁྱབ་པ་ལ་འཆད་པ་ནི་ཤིན་ཏུ་མི་འཐད་དེ། ཉིར་སྣང་དུ། ཁྱབ་པ་ནི་ལམ་ཤེས་པ་ཉིད་ཀྱི་དབང་དུ་བྱས་ཏེ་ཞེས་གསུངས་ཤིང་། འདིར་ཡན་ལག་ལྔ་ཆར་ཡང་ལམ་ཤེས་ལ་སྦྱར་དགོས་པ་སྐབས་ཀྱི་དོན་ཡིན་པའི་ཕྱིར་རོ། །དེས་ན་འདིར་བསྟན་ཡན་ལག་ལྔ་ཆར་ཡང་ལམ་ཤེས་ཀྱི་ཡན་ལག་ཡིན་པས། འོད་ཀྱིས་མོག་མོག་པོར་མཛད་དང་། །ཞེས་པས་ལམ་ཤེས་སྐྱེ་བར་རུང་བ་བསྟན། ཡུལ་ངེས་པ་དང་ཞེས་པས་ལམ་ཤེས་ཀྱི་ཡུལ་ངེས་པ་བསྟན། ཁྱབ་པ་དང་ཞེས་པས་ལམ་ཤེས་ཀྱིས་ཁྱབ་པ་བསྟན། རང་བཞིན་དང་ནི་ཞེས་པས་ལམ་ཤེས་ཀྱི་རང་བཞིན་བསྟན། དེའི་ལས་ཞེས་པས་ལམ་ཤེས་ཀྱི་བྱེད་ལས་བསྟན་ནོ། །དེ་ལྟར་ལྔ་ལས་དང་པོས་ལམ་ཤེས་དངོས་སུ་སྐྱེ་རུང་བ་ལ་གེགས་ང་རྒྱལ་མངོན་གྱུར་པས་མཚོན་པའི་ཉོན་མོངས་མངོན་གྱུར་པ་ཐམས་ཅད་བཅོམ་པ་ཅིག་དགོས་ཞེས་བསྟན་ནས་ཡོངས་གཅོད་ལ་སྦྱོར་ལམ་ཆོས་མཆོག་ཆེན་པོ་ལ་གནས་པའི་བྱང་སེམས་དེས་ང་རྒྱལ་མངོན་གྱུར་པས་མཚོན་པའི་ཉོན་མོངས་མངོན་གྱུར་པ་བཅོམ་པས་ལམ་ཤེས་དངོས་སུ་སྐྱེ་རུང་དུ་བསྟན། རྣམ་བཅད་ལ་འཇིག་རྟེན་པའི་ལམ་གྱིས་ཆགས་བྲལ་དེས་ཅི་ཡང་མེད་མན་ཆད་ཀྱི་ཉོན་མོངས་མངོན་གྱུར་པ་བཅོམ་ཀྱང་སྲིད་རྩེའི་ཉོན་མོངས་མངོན་གྱུར་པ་མ་བཅོམ་པས་ལམ་ཤེས་དངོས་སུ་སྐྱེ་མི་རུང་བར་བསྟན། འོ་ན་ཉོན་མོངས་མངོན་གྱུར་པ་བཅོམ་པ་ཐམས་ཅད་ལ་ལམ་ཤེས་དངོས་སུ་སྐྱེ་རུང་ངམ་སྙམ་ན་ཡུལ་ངེས་པ་དང་ཞེས་པས་དེའི་སྟེང་དུ་མཐུན་རྐྱེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡོད་མེད་ཀྱི་བྱེ་བྲག་གིས་ལམ་ཤེས་དངོས་སུ་སྐྱེ་བའི་ཡུལ་སོ་སོར་ངེས་པ་བསྟན། འདིས་ཡོངས་གཅོད་ལ་ཆོས་མཆོག་ཆེན་པོ་ལ་གནས་པའི་བྱང་སེམས་ལ་གེགས་ང་རྒྱལ་མངོན་གྱུར་པ་བཅོམ་པའི་སྟེང་དུ་མཐུན་རྐྱེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡང་ཡོད་པས་ལམ་ཤེས་དངོས་སུ་སྐྱེ་རུང་དུ་བསྟན་ནས། རྣམ་བཅད་ལ་ཉན་རང་དགྲ་བཅོམ་པས་ཉོན་མོངས་མ་ལུས་པར་སྤངས་ཀྱང་མཐུན་རྐྱེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་མེད་པས་ལམ་ཤེས་དངོས་སུ་སྐྱེ་མི་རུང་བར་བསྟན། འོ་ན་འཇིག་རྟེན་པའི་ལམ་གྱིས་ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་བྱས་པ་དང་། ཉན་རང་དགྲ་བཅོམ་པའི་རྒྱུད་ལ་ལམ་ཤེས་གཏན་མི་སྐྱེའམ་སྙམ་ན་ཁྱབ་པ་དང་ཞེས་པས་དེ་གཉིས་ལ་ཡང་ལམ་ཤེས་སྐྱེ་བ་བསྟན་ཏེ། མཐར་ཐུག་ཐེག་པ་གཅིག་ཏུ་ངེས་པས་དེ་དག་གིས་ཀྱང་སྐབས་དང་པོར་བསྟན་པའི་རྣམ་མཁྱེན་དེ་ཐོབ་པར་བྱ་བའི་ཕྱིར་དུ་ལམ་ཤེས་བསྒོམ་དགོས་པའི་ཕྱིར་ཞེས་སྟོན། དེས་ན་ཁྱབ་པའི་དོན་ནི་རང་བཞིན་གནས་རིགས་ཀྱིས་ཁྱབ་པ་ལ་འཆད་པ་ནི་འཕགས་སེང་གཉིས་ཀྱི་གཞུང་དང་འགལ་ཞིང་། རྒྱུ་ལ་གསུམ་དུ་བྱས་ནས་ཉེར་ལེན་གྱི་རྒྱུ་ལ་འཆད་པ་ཡང་དེ་དང་དོན་གཅིག་པས་མི་འཐད་དེ། ཡན་ལག་སྔ་མ་གཉིས་ཀྱི་རྟེན་གྱི་གང་ཟག་དང་། འདིའི་རྟེན་གྱི་གང་ཟག་རྟེན་མི་གཅིག་པའི་ཕྱིར་རོ། །དེས་ན་སྔ་མ་གཉིས་ཀྱིས་དངོས་སུ་སྐྱེ་བའི་རྒྱུ་ཚོགས་བཤད་ནས་འདིས་ནི་དེ་དག་ལ་དོགས་པ་བཅད་པའི་སྒོ་ནས་དངོས་སུ་མི་སྐྱེ་བ་རྣམས་ལ་ཡང་བརྒྱུད་ནས་སྐྱེ་བའི་ཚུལ་སྟོན་པ་ཡིན་པས་ཤེས་ལྡན་དག་དཔྱོད་མཛོད་ཅིག འོ་ན་ལམ་ཤེས་དངོས་སུ་སྐྱེ་བ་ལ་ང་རྒྱལ་གྱིས་བསྡུས་པའི་ཉོན་མོངས་མངོན་གྱུར་པ་བཅོམ་དགོས་ན་ལམ་ཤེས་ཉིད་ཀྱིས་འདོད་སྲེད་ཀྱིས་བསྡུས་པའི་ཉོན་མོངས་ཆེད་དུ་གཉེར་ནས་སྤོང་ངམ་ཞེ་ན་དེའི་ལན་དུ་གཉིས་པ་རང་བཞིན་གྱི་ཡན་ལག་ནི་རང་བཞིན་དང་ཞེས་པས་ལམ་ཤེས་ཀྱིས་ཉོན་མོངས་ཆེད་དུ་གཉེར་ནས་མི་སྤོང་སྟེ། ཉོན་མོངས་པ་དེ་དག་གཞན་དོན་དུ་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་དགོས་པས་ཉོན་མོངས་ཆེད་དུ་གཉེར་ནས་མི་སྤོང་བ་དེ་ལམ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེས་བསྟན་ཏོ། །འོ་ན་ཉོན་མོངས་དེ་གང་ཡིན་ཞེ་ན། འདི་ལ་ཁ་ཅིག ཉོན་མོངས་མཚན་ཉིད་པ་ལ་འདོད་པ་དང་། གཞན་དག་ཉོན་མོངས་པའི་བག་ཆགས་ལ་འདོད་པ་དང་། འགའ་ཞིག་དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་པ་ལ་འདོད་པ་དང་གསུམ་ཡོད་པ་ལས། དང་པོ་ནི་ས་དང་པོ་ནས་ཉོན་མོངས་སྤངས་ཟིན་པས་བསལ་ལ། གཉིས་པ་ཡང་རྒྱུད་བླར་མཉམ་རྗེས་གཉིས་ཀྱིས་སྒྲིབ་པ་གཉིས་ཆེད་དུ་གཉེར་ནས་སྤོང་བའི་ཤེས་སྒྲིབ་ཀྱི་ངོས་འཛིན་ཉོན་མོངས་པའི་བག་ཆགས་ལ་མཛད་པས་ཆེད་དུ་གཉེར་ནས་མི་སྤོང་བ་འགལ་ལོ། །དེས་ན་སྔོན་གྱི་མཁས་པ་དུ་མ་དང་། མཁས་གྲུབ་གཡག་པས་གསུམ་པ་ཉིད་ལ་བཞེད་པ་ལྟར་འཐད་དེ། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་ཅིང་། སེམས་ཅན་ལ་དམིགས་པའི་སྙིང་རྗེས་ཀུན་ནས་བསླངས་པས་བསམ་བཞིན་དུ་སྲིད་པར་གཞན་དོན་དུ་སྐྱེ་བ་ལེན་པར་འདོད་པའི་འདུན་པའམ་སྲེད་པ་ནི་སྐབས་འདིར་བསྟན་གྱི་མི་སྤོང་རྒྱུའི་དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་ཡིན་ཞིང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་བརྒྱད་གསུངས་པའི་གཅིག་ཡིན་ནོ། །འདི་ལ་ཉོན་མོངས་པའི་མིང་གིས་འདོགས་པའི་རྒྱུ་མཚན། བཏགས་པའི་དགོས་པ། དངོས་ལ་གནོད་བྱེད། སྤང་བྱར་དོགས་པ་སྐྱེ་བའི་རྒྱུ་མཚན། གང་ཟག་གཞན་ལ་སྤང་བྱར་བསྟན་པ། དོགས་པའི་གནས་གཞན་དཔྱད་པ། ཤེས་བྱེད་ཀྱི་ལུང་དང་སྦྱར་བ་དང་བདུན་ལས། དང་པོ་ནི་ཉོན་མོངས་པས་ཁམས་གསུམ་དུ་སྦྱོར་བར་བྱེད་པ་ལྟར། འདིས་ཀྱང་བྱང་སེམས་ཁམས་གསུམ་དུ་སྦྱོར་བར་བྱེད་པའི་ཕྱིར་རོ། །གཉིས་པ་ནི་བྱང་ཆུབ་སེམས་དཔའི་ཐབས་མཁས་དེ་ཉན་ཐོས་ལས་ཁྱད་པར་དུ་འཕགས་པར་བསྟན་པའི་ཆེད་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཐབས་མཁས་ཀྱིས་ཟིན་ན། ཉོན་མོངས་པ་མ་སྤངས་བཞིན་དུ་བྱང་ཆུབ་ཀྱི་ལམ་དུ་སྒྱུར་བར་བྱེད་པ་ཤེས་པའི་ཆེད་ཡིན་པའི་ཕྱིར་རོ། །གསུམ་པ་ནི་ཉོན་མོངས་མཚན་ཉིད་པ་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པས་ཐེག་པ་ཆེན་པོའི་ལམ་དུ་བསྒྱུར་བ་ཡིན་པའི་ཕྱིར་དང་། ས་བརྒྱད་པའི་སྐབས་སུ་ཡོངས་སྦྱོང་གི་ཆོས་ཀྱི་ཡ་གྱལ་གཅིག་ཡིན་པའི་ཕྱིར་རོ། །བཞི་པ་ནི་འོ་ན་དེ་ལྟ་བུའི་ལམ་ཁྱད་པར་ཅན་དེ་སྤང་བྱ་ཡིན་ནམ་སྙམ་པའི་དོགས་པ་མེད་པས་ལམ་ཤེས་ཀྱིས་ཆེད་དུ་གཉེར་ནས་མི་སྤོང་ཞེས་སྨོས་པ་ལ་དགོས་པ་མེད་པར་འགྱུར་རོ་སྙམ་ན་མ་ཡིན་ཏེ། འཁོར་བ་མཐའ་དག་སྤང་བྱར་བསྟན་པའི་ཚེ་འཁོར་བར་སྐྱེ་བ་ལེན་པར་འདོད་པའི་བློ་དེ་སྤང་བྱར་བསྟན་ཟིན་པའི་ཕྱིར་རོ། །ལྔ་པ་ནི་དེ་སུ་ཞིག་གིས་སྤང་བྱར་བྱེད་པ་ཡིན་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་གྱིས་སྤང་བྱར་བྱེད་དེ། དེ་དག་ནི་འཁོར་བ་སྤངས་པའི་མྱ་ངན་ལས་འདས་པ་འབའ་ཞིག་དོན་དུ་གཉེར་བའི་ཕྱིར་རོ། །དྲུག་པ་ནི་འོ་ན་ཉན་ཐོས་དགྲ་བཅོམ་གྱིས་དེ་ལྟ་བུའི་སྲེད་པ་དེ་སྤངས་ཟིན་པས་ཐེག་ཆེན་ལམ་དུ་འཇུག་པའི་ཚེ་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་མེད་པར་འགྱུར་རོ་ཞེ་ན། འདི་ནི་དཀའ་བའི་གནས་ཤིན་ཏུ་ཆེ་བས་ལུགས་འདི་ལ་མཐའ་ཆོད་པའི་བཤད་པ་དགོས་པར་སྣང་ཞིང་ཅིས་ཀྱང་བཤད་པར་ཞུ་ཞེས་གསོལ་ཞིང་བཤད་ན་འདི་ལ་སེམས་ཙམ་པ་རྣམས་ཀྱིས་ནི་སྲེད་པ་ལ་ཉོན་མོངས་པས་ཁྱབ་པས་ཉན་རང་དགྲ་བཅོམ་ཐེག་ཆེན་ལམ་དུ་འཇུག་པའི་ཚེ་བསམ་གཏན་ལ་བརྟེན་ནས་སྤྲུལ་པའི་ལུས་བསྒྲུབས་ཏེ། ལུས་དེ་ཉིད་ཀྱིས་བསྐལ་པ་གྲངས་མེད་གསུམ་དུ་གནས་ནས་རྫོགས་པའི་བྱང་ཆུབ་བསྒྲུབ་པར་བཞེད་དེ། རྒྱན་ལས། དོན་བྱས་མ་ཡིན་དེ་སངས་རྒྱས། །མེད་པར་སྐྱེས་ནས་སྤྲུལ་དོན་གཉེར། །བསམ་གཏན་དོན་བརྩོན་དེར་བསྟེན་ནས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་སོ། །དབུ་མ་པས་ནི་ཉན་རང་དགྲ་བཅོམ་གྱིས་སྲེད་པ་ཉོན་མོངས་ཅན་སྤངས་ཀྱང་། ཉོན་མོངས་ཅན་མ་ཡིན་པའི་སྲེད་པ་ཡོད་པས། དེ་ཉིད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཚེ་དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་པར་གྱུར་ནས་དེའི་དབང་གིས་སྐྱེ་བ་ལེན་པར་བཞེད་དེ། སྤྱོད་འཇུག་ལས། ལྷག་མེད་མྱང་འདས་ལས་ལངས་ནས་འཁོར་བར་སྐྱེ་བ་ལེན་པའི་ཤེས་བྱེད་དུ། སྲེད་འདི་ཉོན་མོངས་ཅན་མིན་ཡང་། །ཀུན་རྨོངས་བཞིན་དུ་ཅི་སྟེ་མེད། །ཚོར་བའི་དབང་གིས་སྲེད་པ་ཡིན། །ཚོར་བ་དེ་དག་ལ་ཡང་ཡོད། །ཅེས་གསུངས་པའི་ཕྱིར་རོ། །མདོར་ན་ཉན་རང་སློབ་པས་རང་རྒྱུད་ཀྱི་འཁོར་བར་སྐྱེ་བ་ལེན་པར་འདོད་པའི་སྲེད་པ་དེ་ཆེད་དུ་གཉེར་ནས་སྤོང་ཞིང་བྱང་སེམས་འཕགས་པས་རང་རྒྱུད་ཀྱི་འཁོར་བར་སྐྱེ་བ་ལེན་པར་འདོད་པའི་བློ་དེ་ཆེད་དུ་གཉེར་ནས་མི་སྤོང་བ་ནི་རང་དོན་གཙོ་བོར་བྱེད་པ་དང་། གཞན་དོན་གཙོ་བོར་བྱེད་པའི་ཁྱད་པར་ཡིན་པས་སྐབས་འདིར་ཡང་དེ་སྦྱར་བར་བྱའོ། །བདུན་པ་ནི་དཀོན་བརྩེགས་སུ། ཇི་ལྟར་གྲོང་ཁྱེར་སྐྱེ་བོའི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་སངས་རྒྱས་ཆོས་རྣམས་བསྐྱེད་ལ་ཕན། །ཞེས་དང་། ཡང་མདོ་ལས། ཐབས་ཆེན་དང་ནི་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁོར་བའང་ཞི་བའི་བདག་ཉིད་པས། །དེ་ཕྱིར་རྒྱལ་སྲས་བསམ་མི་ཁྱབ། །ཅེས་དང་། འདིའི་ཐད་ཀྱི་མདོ་ལས། ཇི་ལྟར་ཉན་ཐོས་ལ་སོགས་པའི་ལམ་རྣམས་ཀྱི་འབྲས་བུ་དང་། ལམ་གྱི་རྟོགས་པ་སོ་སོར་ངེས་པ་དེ་ལྟར་བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ནི་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་སྤོང་བ་མ་ཡིན་པའི་ཕྱིར་རོ། །ཞེས་དང་། ས་བརྒྱད་པའི་ཡོངས་སྦྱོང་གི་ཐད་ཀྱི་མདོར་སེམས་ཅན་རྣམས་ཇི་ལྟར་སྨིན་པར་འགྱུར་བ་དེ་ལྟར་ཆེད་དུ་བསམ་ཞིང་ལུས་ཡོངས་སུ་འཛིན་པའོ། །ཞེས་དང་། དེ་ཡི་དོན་བསྟན་བཅོས་ལས། བསམ་བཞིན་སྲིད་པ་ལེན་པ་དང་། །ཞེས་དང་། དེའི་འགྲེལ་པར། སེམས་ཅན་ཐམས་ཅད་ཀྱི་དོན་མཐོང་ནས་བློ་སྔོན་དུ་གཏང་བའི་སྐྱེ་བ་ཡོངས་སུ་འཛིན་པ་ཞེས་བྱ་བ་ཞེས་དང་། བག་ལ་ཉལ་ཀུན་འཇོམས་པ་དང་། །ཞེས་པའི་འགྲེལ་པར་ཉིར་སྣང་ལས། བག་ལ་ཉལ་ཐམས་ཅད་ནས་ཐམས་ཅད་དུ་མེད་པ་ནི། མ་རིག་པ་དང་། ལྟ་བའི་ཟག་པས་བསྡུས་པའི་བག་ལ་ཉལ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་བསམ་བཞིན་དུ་སྲིད་པར་སྐྱེ་བ་ལེན་པའི་ཕྱིར། འདོད་པ་དང་། སྲིད་པའི་ཟག་པས་བསྡུས་པ་ནི་མ་ཡིན་ནོ། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་བའི་རྒྱུ་བྱེད་ལ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་དེ་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་ཀྱི་ཚོགས་ཡོངས་སུ་བཙལ་བས་མི་ངོམས་པ་དང་། བསམ་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང་། སངས་རྒྱས་དང་ཕྲད་པར་སྨོན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མི་སྐྱོ་བ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་བརྩོན་པ་དང་། སེམས་ཅན་གྱི་དོན་བྱ་བ་ཅི་ཡོད་སྙམ་པ་ལ་སྤྲོ་བ་དང་། ཆོས་འདོད་པའི་བག་ལ་ཉལ་མི་འདོར་བ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་ཡོངས་སུ་མི་འདོར་བ་སྟེ། བློ་གྲོས་རྒྱ་མཚོ། གང་དག་གིས་བྱང་ཆུབ་སེམས་དཔའ་ཁམས་གསུམ་དུ་ཀུན་ཏུ་སྦྱོར་བར་བྱེད་ཀྱང་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ནི་འདི་དག་གོ །བཅོམ་ལྡན་འདས་གང་གི་ཚེ་དགེ་བའི་རྩ་བ་ལགས་ན། དེ་རྒྱུ་ཅིའི་སླད་དུ་ཉོན་མོངས་པ་ཞེས་བགྱི། བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་འདི་ལྟར་དེ་ལྟ་བུའི་རང་བཞིན་གྱི་ཉོན་མོངས་པ་འདི་དག་གིས་བྱང་སེམས་ཁམས་གསུམ་པོར་ཀུན་ཏུ་སྦྱོར་བར་བྱེད་ལ། ཁམས་གསུམ་པོ་ཡང་ཉོན་མོངས་པ་ལས་བྱུང་བ་ཡིན་ནོ། །དེ་ལ་བྱང་སེམས་ནི་ཐབས་མཁས་པ་དང་། དགེ་བའི་རྩ་བའི་སྟོབས་བསྐྱེད་པས་བསམ་བཞིན་དུ་ཁམས་གསུམ་ཀུན་ཏུ་སྦྱོར་ཏེ། དེས་ན་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེས་བྱའོ། །ཇི་སྲིད་ཁམས་གསུམ་པོར་ཀུན་ཏུ་སྦྱོར་བས་ཡིན་གྱིས་སེམས་ཉེ་བར་ཉོན་མོངས་པ་ནི་མ་ཡིན་ནོ། །བློ་གྲོས་རྒྱ་མཚོ་མཚམས་སྦྱོར་བ་ཐམས་ཅད་ལས་ཤིན་ཏུ་གྲོལ་བ་ཡང་སྲིད་པར་སྐྱེ་བ་ལེན་པ་གང་ཡིན་པ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་སྟེ་ཐབས་མཁས་པ་དང་། ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་ཀུན་ནས་ཉོན་མོངས་པ་དག་གིས་ཀྱང་མི་གནོད་ལ་ཉོན་མོངས་པའི་འཆིང་བ་ཐམས་ཅད་ལས་གྲོལ་བར་བྱ་བའི་ཕྱིར། སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །ཞེས་གསུངས་སོ། །འོ་ན་འཁོར་བར་སྐྱེ་བ་བླངས་པ་ལ་དགོས་པ་ཅི་ཡོད་ཅེ་ན། གསུམ་པ་བྱེད་ལས་ནི་དེའི་ལས་ཞེས་ཏེ་གཞན་དོན་བྱེད་པའི་དགོས་པ་ཡོད་དོ་ཞེས་བསྟན། གཞན་དོན་བྱེད་ན་ཡུལ་གང་ལ། ཚུལ་ཇི་ལྟར་ལམ་གང་ཞིག་བསྟན་པའི་སྒོ་ནས་བྱེད་ཅེ་ན། ཡུལ་ནི་རིགས་ཅན་གསུམ་ལའོ། །ཚུལ་ནི་སེམས་ཅན་འཁོར་དུ་མ་བསྡུས་པ་བསྡུས། བསྡུས་པ་སྨིན། སྨིན་པ་གྲོལ། གྲོལ་བ་མཐར་ཕྱིན་པར་བྱེད་པའི་ཚུལ་གྱིས་སོ། །དེ་ཡང་ལམ་དུ་མ་ཞུགས་པ་རྣམས་ཐེག་པ་གསུམ་གྱི་ཚོགས་ལམ་ལ་འགོད་པ་ནི་དང་པོ། ཚོགས་ལམ་པ་རྣམས་སྦྱོར་ལམ་ལ་འགོད་པ་ནི་གཉིས་པ། སྦྱོར་ལམ་པ་རྣམས་མཐོང་ལམ་ལ་འགོད་པ་ནི་གསུམ་པ། རིགས་ཅན་འོག་མ་གཉིས་དང་། གོང་མའི་མཐོང་ལམ་པ་རྣམས་སྒོམ་ལམ་ལ་འགོད། སྒོམ་ལམ་པ་རྣམས་མི་སློབ་ལམ་ལ་འགོད་པ་ནི་བཞི་པ་ཡིན་ལ་བྱང་སེམས་ཀྱི་རིགས་ཅན་རྣམས་རང་དང་རྟོགས་པ་མཉམ་པ་ཙམ་ལ་འགོད་ནུས་ཀྱི། རང་ལས་ལྷག་པ་ལ་འགོད་མི་ནུས་པས་དེ་ནི་བྱང་སེམས་གོང་མ་རྣམས་དང་སངས་རྒྱས་རྣམས་ཀྱི་མཛད་པ་ཡིན་ནོ། །ལམ་ནི་ཐེག་པ་གསུམ་གྱི་ལམ་བསྟན་པའི་སྒོ་ནས་གཞན་དོན་བྱེད་པས་དེ་ཉིད་ཡན་ལག་ཅན་གྱི་ལམ་ཤེས་ཀྱིས་སྟོན་པས་འདི་ལ་ཐོག་མར་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ནི། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །ཞེས་སོགས་ཏེ། ལམ་ཤེས་དངོས་དང་། དེའི་རྒྱུ་ངེས་འབྱེད་ཆ་མཐུན་གཉིས་ལས། དང་པོ་ལ་ཤེས་བྱ་ཉན་ཐོས་ཀྱི་ལམ་དང་། དེ་ཇི་ལྟར་ཤེས་པའི་ཚུལ་གཉིས། དང་པོ་ལ་ཉན་ཐོས་རང་རྒྱུད་པའི་ལམ་ཁོ་ན་ལ་འདོད་པ་དང་། བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་རྟོགས་རིགས་ཁོ་ན་ལ་འདོད་པ་དང་། གཉིས་ཀ་ཡོད་པར་འདོད་པའི་ལུགས་གསུམ་ལས། དང་པོ་ནི། ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་། ཞེས་དང་། ཐེག་པ་ལ་གསུམ་ཆར་ཐོབ་པའི་རྒྱུ། །ཞེས་སོགས་གཞུང་ཕལ་ཆེར་དང་འགལ་བས་མི་འཐད་དོ། །གཉིས་པ་ནི་གཞུང་གི་དངོས་བསྟན་ཕལ་ཆེར་དེ་ལྟར་དུ་གནས་ཀྱང་བྱང་སེམས་འཕགས་པའི་རྒྱུད་ཀྱི་ཆོས་ཀྱི་སྤྱན་གྱིས་འཕགས་པའི་གང་ཟག་ཐམས་ཅད་ཀྱི་རྟོགས་པ་མཁྱེན་པར་གསུངས་པ་དང་། གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་རང་དང་རྒྱུད་ཚད་མཉམ་པ་མན་ཆད་ཀྱི་སེམས་འདོད་ཆགས་ཡོད་མེད་སོགས་ཇི་ལྟ་བ་བཞིན་དུ་མཁྱེན་པར་གསུངས་པ་རྣམས་ཀྱང་། ལམ་ཤེས་སུ་གྲུབ་པས་ཅུང་ཟད་མི་འཐད་དོ། །དེས་ན་ལུགས་གསུམ་པ་ཉིད་འཐད་པས་འདི་ལ་རང་རྒྱུད་ལ་ཉམས་སུ་མྱོང་བའི་སྒོ་ནས་ཤེས་པར་བྱ་བ་དང་། གཞན་རྒྱུད་ལ་ཡོད་པ་གཞན་རིག་གི་ཚུལ་གྱིས་ཤེས་པར་བྱ་བ་གཉིས་ལས་དང་པོ་ནི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ཞེས་པའི་སྐབས་ཀྱི་བསྐྱེད་བྱའི་ཉན་ཐོས་ཀྱི་ལམ་དང་། སྐབས་གསུམ་པའི་མཐོང་ལམ་གྱི་ཐད་ཀྱི་མདོར། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ནི་བྱང་ཆུབ་སེམས་དཔའི་ཤེས་པ་དང་མཐོང་བས་བལྟས་ནས་འདའོ། །ཞེས་པའི་འདའ་བར་བྱ་བའི་ལམ་དང་། ས་བཅུ་པའི་སའི་ཚོགས་ཀྱི་སྐབས་སུ། ས་དགུ་ལས་འདས་པར་གསུངས་པའི་ས་དང་པོ་བདུན་དང་། ལུས་རྣམ་གཞག་ཏུ། སློབ་མ་བསེ་རུའི་ལམ་གང་དང་། །ཞེས་པའི་སྐབས་ཀྱི་ལམ་དང་། འདིར་ཡང་འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་ཞེས་དང་། ཉན་ཐོས་ལམ་འདི་ཞེས་པའི་སྐབས་ཀྱི་དངོས་བསྟན་གྱི་ལམ་རྣམས་སོ། །གཉིས་པ་ནི། སྔར་བཤད་པ་ལྟར་བྱང་འཕགས་ཀྱི་རྒྱུད་ཀྱི་ཆོས་ཀྱི་སྤྱན་དང་། གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་ཉན་ཐོས་རང་རྒྱུད་ལ་ཡོད་པ་རྟོགས་པའི་ལམ་རྣམས་དང་། ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ཞེས་བཤད་པའི་འོག་ཏུ་ལམ་ཐམས་ཅད་ཤེས་པར་བྱའོ། །ཞེས་པ་འདིས་ཀྱང་ཤེས་པར་ནུས་ཏེ། བསྐྱེད་བྱའི་ལམ་ལས་ལོགས་སུ་གྱུར་པའི་ཤེས་བྱའི་ལམ་གཅིག་ཡོད་པ་བསྟན་པའི་ཕྱིར་རོ། །གཙོ་བོ་ནི་སྔ་མ་སྟེ་ཤེས་བྱ་རང་རྒྱལ་གྱི་ལམ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །འོ་ན་འཕགས་པའི་བདེན་པ་བཞིའི་རྣམ་པ་ཤེས་བྱ་ཉན་ཐོས་ཀྱི་ལམ་ཡིན་ན། རྣམ་པ་དུ་ཞིག་ཡོད་ཅེ་ན། ཤེར་ཕྱིན་གྱི་མདོ་ལས། མི་རྟག་པ་ལ་སོགས་པའི་རྣམ་པ་ཉེར་དྲུག་གསུངས་ཤིང་འདི་ཉིད་འཕགས་སེང་གཉིས་ཀྱིས་མངོན་པ་ནས་བཤད་པའི་མི་རྟག་ལ་སོགས་བཅུ་དྲུག་དང་སྦྱོར་བར་མཛད་དོ། །གཉིས་པ་དེ་ཇི་ལྟར་ཤེས་པའི་ཚུལ་ནི་མི་དམིགས་སྒོ་ནས་ནི། ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་ཏེ། དེ་ལྟ་བུའི་ཉན་ཐོས་ཀྱི་ལམ་གྱི་རྟོགས་རིགས་དེ་ཡང་ཐེག་ཆེན་ཐུན་མོང་མ་ཡིན་པའི་རྟོགས་རིགས་མི་དམིགས་པའི་རྣམ་པ་ཅན་གྱི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཤེས་པར་བྱ་དགོས་སོ་ཞེས་བསྟན་ཏོ། །དེའི་རྣམ་གཅད་ལ་བྱང་འཕགས་ཀྱི་རྒྱུད་ལ། འདི་ནི་ཉན་ཐོས་ཀྱི་ལམ་གྱི་དམིགས་པའོ། །འདི་ནི་རྣམ་པའོ་སྙམ་དུ་མངོན་པར་ཞེན་པ་ཅན་གྱི་བློ་སྐྱེ་སྲིད་པས་དེ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་མ་ཡིན་པར་བསྟན་ཏེ། མཚན་འཛིན་གྱིས་བར་ཆད་ཀྱི་གནས་སྐབས་ཡིན་པའི་ཕྱིར་རོ། །འདི་ནི་ལམ་ཤེས་ཡིན་ན། རྣལ་འབྱོར་མངོན་སུམ་ཡིན་པས་ཁྱབ་པའི་སྒྲུབ་བྱེད་ཀྱི་གཙོ་བོའོ། །དེ་ལྟར་བྱས་ན་མི་དམིགས་པའི་རྣམ་པས་མ་ཟིན་པར་མངོན་ཞེན་ཅན་གྱི་གནས་སྐབས་ཀྱི་བྱང་འཕགས་ཀྱི་རྒྱུད་ཀྱི་ཉན་ཐོས་ཀྱི་རྟོགས་རིགས་དེ་ཤེས་བྱ་ཉན་ཐོས་ཀྱི་ལམ་ཡིན་ཀྱང་། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་མ་ཡིན་གྱི། མི་དམིགས་པའི་རྣམ་པས་ཟིན་པ་ནི་གཉིས་ཀ་ཡིན་པར་གྲུབ་བོ། །འོན་ཀྱང་ལྡོག་པ་མི་འདྲ་བའི་ཁྱད་པར་ཡོད་དེ། བློ་གཅིག་གི་སྟེང་གི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དེ་ཤེས་བྱའི་ལམ་དང་། མི་དམིགས་པའི་རྣམ་པ་ཅན་དེ་ཡུལ་ཅན་ལམ་ཤེས་སུ་འཇོག་པའི་ཕྱིར་རོ། །འདི་ལ་དགོངས་ནས་ལུས་རྣམ་གཞག་ཏུ། སློབ་མ་བསེ་རུའི་ལམ་གང་དང་། །ཞེས་པས་ཤེས་བྱའི་ལམ་གཉིས་དང་། འདི་དང་གཞན་པའི་ཡོན་ཏན་གྱི། །ཞེས་པ་ནས། བྱ་བ་འདི་ནི་སྒོམ་པའི་ལམ། །ཞེས་པའི་བར་གྱིས་ཤེས་བྱ་བྱང་སེམས་ཀྱི་ལམ་ངོས་བཟུང་ནས། ལམ་གསུམ་པོ་དེ་ཉིད་ལ། ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་གསུངས་ཤིང་། ཡན་ལག་རྒྱས་བཤད་དུ་མི་དམིགས་པའི་སྒོ་ནས་ཤེས་པ་དེ་ཉིད་ལམ་ཤེས་སུ་གསུངས་པ་ཡིན་ནོ། །གཉིས་པ་དེའི་རྒྱུ་ངེས་འབྱེད་ཆ་མཐུན་ནི། འཕགས་པ་ཉན་ཐོས་ལམ་ལ་ནི། །ཞེས་སོགས་ཏེ། ཉན་ཐོས་ཀྱི་རྟོགས་རིགས་དེ་ཉིད་དོན་སྤྱིའི་ཚུལ་གྱིས་ཤེས་པ་ཙམ་གྱིས་གཞན་ལ་ཕྱིན་ཅི་མ་ལོག་པར་འཆད་མི་ནུས་པས་མངོན་སུམ་དུ་ཤེས་དགོས་ལ། དེ་ལ་སྦྱོར་ལམ་དུ་རྒྱུན་ལྡན་དུ་བསྒོམ་དགོས་པས་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ཉན་ཐོས་ཀྱི་རྟོགས་རིགས་མི་དམིགས་པའི་སྒོ་ནས་སྒོམ་པར་བྱེད་པའི་བྱང་སེམས་ཀྱི་སྦྱོར་ལམ་བསྟན་ནོ། །གཉིས་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ལ། ལམ་ཤེས་དངོས་དང་། དེའི་རྒྱུ་ངེས་འབྱེད་ཆ་མཐུན་གཉིས་ལས། དང་པོ་ནི། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །ཞེས་སོགས་ཚིགས་བཅད་གསུམ་སྟེ། ཉན་ཐོས་ཀྱི་མི་སློབ་ལམ་དང་། རང་རྒྱལ་གྱི་མི་སློབ་ལམ་ལ་ཁྱད་པར་མེད་ན་དེ་གཉིས་ཀྱི་སློབ་ལམ་ལ་ཡང་ཁྱད་པར་མེད་པར་འགྱུར་བས་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ལས་ལོགས་སུ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་བསྟན་པ་དོན་མེད་པར་འགྱུར་ཞིང་། མི་སློབ་ལམ་ཉིད་ལ་ཁྱད་པར་ཡོད་ན་ཁྱད་པར་ཇི་ལྟ་བུ་ཞེ་ན། བསེ་རུ་ལྟ་བུའི་རང་སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། ཉན་ཐོས་ཀྱི་མི་སློབ་ལམ་ལས་ཁྱད་པར་འཕགས་ཏེ། ལམ་བགྲོད་ཚུལ་དང་ཆོས་སྟོན་ཚུལ་གྱི་སྒོ་ནས་ཁྱད་པར་འཕགས་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། འདོད་ཁམས་སུ་སྲིད་པ་ཐ་མ་པའི་རྟེན་ལ་སློབ་དཔོན་གྱིས་གདམས་ངག་བསྟན་པ་ལ་མི་ལྟོས་པར་རང་བྱུང་གི་བྱང་ཆུབ་མངོན་དུ་བྱས་པའི་ཕྱིར། གཉིས་པ་གྲུབ་སྟེ། སངས་རྒྱས་དང་ཉན་ཐོས་མི་བཞུགས་པའི་ཞིང་ཁམས་སུ་རང་གི་གདུལ་བྱ་ལ་སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་ཆོས་སྟོན་པའི་བདག་རྐྱེན་བྱེད་པའི་མཁྱེན་པ་ཡིན་པའི་ཕྱིར། ཞེས་པ་ནི་རང་བྱུང་བདག་ཉིད་རྟོགས་པའི་ཕྱིར་ཞེས་སོགས་ཀྱིས་བསྟན། འདིར་བསེ་རུ་ལྟ་བུའི་ཡེ་ཤེས་ནི་ཞེས་མི་སློབ་ལམ་གྱི་ཁྱད་ཆོས་ངོས་གཟུང་བའི་སྐབས་ཡིན་པ་མ་རྟོགས་པ་དག་གིས་རང་རྒྱལ་སྒོམ་ལམ་པ་དང་། རང་རྒྱལ་གྱི་རིགས་ཅན་སྒོམ་ལམ་པ་ཆོས་ཅན་དུ་བཟུང་ནས་ཁྱད་པར་གྱི་ཆོས་གཉིས་པོ་བརྩི་བ་ནི་སེང་གེའི་གཞུང་མིག་གིས་མ་བལྟས་པར་རི་བོང་གི་ཅལ་རྣ་བས་ཉན་པའི་སྐྱོན་ཡིན་ནོ། །ཆོས་སྟོན་ཚུལ་ལ་རྩོད་པ་སྤོང་བ་ནི། གང་གང་དོན་ནི་གང་གང་ལ། །ཞེས་སོགས་ཀྱིས་སྟོན་ཏོ། །དེ་ལྟར་མི་སློབ་ལམ་ལ་ཁྱད་པར་ཡོད་པས་སློབ་ལམ་ལ་ཡང་ཁྱད་པར་ཡོད་པར་གྲུབ་སྟེ། འབྲས་བུའི་ཁྱད་པར་ནི་རྒྱུའི་ཁྱད་པར་ལས་འབྱུང་བའི་ཕྱིར་རོ། །སློབ་ལམ་གྱི་ཁྱད་པར་གང་ཞེ་ན། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །ཞེས་སོགས་ཏེ། འདི་ལ་མདོ་ལས་གསུངས་པའི་ཚུལ། སྔོན་གྱི་མཁས་པ་རྣམས་ཀྱིས་བཀྲལ་བའི་ཚུལ། གནད་ཀྱི་དོན་ངོས་གཟུང་བ། དོགས་པའི་གནས་གཞན་དཔྱད་པ་དང་བཞི་ལས། དང་པོ་ནི་མདོ་ལས། ལྷའི་བུ་དག་གཟུགས་ནི་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་རང་བཞིན་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་པའི་ཕྱིར་རོ། །ཞེས་སོགས་རྣམ་མཁྱེན་གྱི་བར་ལ་སྦྱར་ཏེ་གསུངས་པས་གཟུང་རྟོག་སྤོང་བའི་ཁྱད་པར་བསྟན། གནས་བརྟན་རབ་འབྱོར་ལ་ཆོས་ཉན་པ་ནི་ཇི་ལྟར་བུར་བཙལ་བར་བྱ། ཞེས་པའི་ལན་དུ་ལྷའི་བུ་དག་གཟུགས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་པ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཞེས་པའི་བར་གྱིས་འཛིན་རྟོག་མི་སྤོང་བའི་ཁྱད་པར་བསྟན། ཡུམ་འདི་ལེན་པར་བྱེད་པ་སུ་དག་འབྱུང་བར་འགྱུར་ཞེས་པའི་ལན་དུ་ཕྱིར་མི་ལྡོག་པའི་བྱང་སེམས་ཆེན་པོ་རྣམས་སམ། བདེན་པ་མཐོང་བའི་གང་ཟག་གམ། དགྲ་བཅོམ་པ་ཟག་པ་ཟད་པ་བསམ་པ་ཡོངས་སུ་རྫོགས་པའམ། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པའམ། སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པ་དག་གམ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དག་གིས་ལེན་པར་འགྱུར་ཞེས་དྲུག་གསུངས་ཤིང་། བརྒྱད་སྟོང་པ་ལས། ཕྱིར་མི་ལྡོག་པའི་བྱང་སེམས་ཆེན་པོ་དང་། ལྟ་བ་ཕུན་སུམ་ཚོགས་པ་དང་། དགྲ་བཅོམ་པ་ཟག་པ་ཟད་པ་གསུམ་གསུངས་ལ། མདོ་སྡུད་པ་ལས། གང་ཟག་བཞི་པོ་འདི་དག་དེ་ལ་མི་སྐྲག་སྟེ། །རྒྱལ་སྲས་བདེན་ལ་མཁས་དང་ཕྱིར་མི་ཟློག་པ་དང་། །དགྲ་བཅོམ་དྲི་མ་བསལ་ཞིང་སོམ་ཉི་སྤངས་པ་དང་། །བཞི་པ་དགེ་བའི་བཤེས་ཀྱིས་ཡོངས་སུ་ཟིན་པའོ། །ཞེས་བཞི་གསུངས་པ་དང་། སྤྲུལ་པའི་མེ་ཏོག་མ་སྐྱེས་པར་བསྟན་པའི་སྐབས་རྣམས་ཀྱིས་ནི་རྟེན་གྱི་ཁྱད་པར་བསྟན་ནོ། །གཉིས་པ་ནི་མདོ་དང་པོས། ལམ་ཤེས་ཀྱི་འཁོར་གྱི་ལྷའི་བུ་རྣམས་ཀྱིས་ཤེས་པ་ཟབ་པ་དང་། མ་བརྗོད་པ་ཟབ་པ་གཉིས་ཀྱི་རང་བཞིན་ཟབ་པ་དང་ཕྲ་བར་རྟོགས་ཀྱང་ཕྱི་རོལ་གྱི་དོན་བདེན་མེད་དུ་མ་རྟོགས་པས་ཕྱི་རོལ་གྱི་དོན་དགག་པའི་ཕྱིར་ཟབ་པ་དང་ཕྲ་བ་འགོག་པ་བསྟན་ཞེས་འབྲེ་ཆེན་པོ་བཞེད་དོ། །མདོ་གཉིས་པས། འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པར་ནི་རྟོགས་པ་དེ་ལྟ་བུ་མི་སྲིད་དོ་སྙམ་ནས་ལྷའི་བུ་རྣམས་གནས་བརྟན་རབ་འབྱོར་ལས་ཆོས་ཉན་པ་ཇི་ལྟ་བུར་བཙལ་བར་བྱ་སྙམ་པ་དང་། བདག་ལ་ཆོས་ཉན་པ་ནི་སྒྱུ་མ་ལྟ་བུ་དང་། སྤྲུལ་པ་ལྟ་བུར་བཙལ་བར་བྱ་སྟེ། ཞེས་བསྟན་པར་གཞོན་ནུ་ཚུལ་ཁྲིམས་བཞེད་དོ། །མདོ་གསུམ་པའི་དོན་ལ། ཉིར་སྣང་ལས། གང་ཟག་སོ་སོ་ལ་སྦྱར་བའི་གསལ་ཀ་མི་སྣང་ཞིང་། འགྲེལ་ཆེན་ནས། ཕྱིར་མི་ལྡོག་པ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་རྟོགས་པས་རང་བྱང་ཆུབ་ལས་ཕྱིར་མི་ལྡོག་པའོ། །དེ་ཉིད་ནི་རང་གི་བྱང་ཆུབ་མངོན་པར་འདོད་པ་ཡིན་པས་ན་བྱང་ཆུབ་སེམས་དཔའོ། །ལུས་ཀྱིས་ཆོས་སྟོན་པས་སངས་རྒྱས་མི་འབྱུང་བའི་ཞིང་དུ་སེམས་ཅན་རྣམས་ཀྱི་དོན་བྱེད་པའི་བསམ་པ་དང་ལྡན་པས་ན་སེམས་དཔའ་ཆེན་པོའོ། །ལྟ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ལྟ་བ་བར་པ་དང་ཡང་དག་པར་ལྡན་པའོ། །དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་བྱ་བ་ནི་རང་གི་མཐོང་བའི་ལམ་གྱི་སྒྲིབ་པ་སྤངས་པས་ན་མཆོད་པར་འོས་པའོ། །ཚིག་འདི་གསུམ་གྱིས་ནི་རང་བྱང་ཆུབ་ལ་གོ་རིམ་བཞིན་དུ་ཡང་དག་པར་སྒྲུབ་པའི་རིགས་དང་། ཆོས་ཉིད་ཀྱིས་ཐོབ་པའི་རིགས་དང་། དེ་ཉིད་ལ་ངེས་པའི་རིགས་ཀྱི་གང་ཟག་ཅེས་བཤད་དོ། །སམ་ཞེས་བྱ་བའི་སྒྲ་ནི་ཐམས་ཅད་དུ་ཕན་ཚུན་གྱི་རྣམ་པར་རྟོགས་པ་ལ་ལྟོས་པ་ཡིན་པར་བལྟ་བར་བྱའོ། །ཞེས་གསུངས་སོ། །སྡུད་པའི་འགྲེལ་པར་ཤེས་རབ་འབྲིང་གི་ལྟ་བ་དང་ལྡན་པས་ཀུན་རྫོབ་དང་དོན་དམ་པའི་དབྱེ་བ་ཡོངས་སུ་ཤེས་པའི་མཁས་པ་ནི་རྒྱལ་སྲས་སོ། །དང་པོར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཐོབ་པ་ཉིད་ཀྱིས་རང་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པར་ངེས་པ་ནི་ཕྱིར་མི་ལྡོག་པ་སྟེ་གཉིས་པའོ། །ཐམས་ཅད་ཀྱིས་མཆོད་པར་འོས་པས་ན་དགྲ་བཅོམ་པ་སྟེ། མཐོང་བའི་ལམ་ལ་སོགས་པ་དེ་ཉིད་ཀྱིས་གཟུང་བའི་རྣམ་པར་རྟོག་པ་སྤངས་པས་རིམ་པ་ཇི་ལྟ་བ་བཞིན་དུ་དྲི་མ་བསལ་བ་དང་། དེ་ཉིད་ཀྱིས་ཆོས་ཉིད་མངོན་སུམ་དུ་བྱས་པས་ཐེ་ཚོམ་མེད་པའི་ཕྱིར་རོ། །ཐེ་ཚོམ་སྤངས་པ་ནི་གསུམ་པའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ནི་བཞི་པའོ། །གང་ཟག་བཞི་པོ་དེ་དག་རང་སངས་རྒྱས་ཀྱི་རིགས་ཅན་ཡིན་པའི་ཕྱིར་འདི་ལ་སྐྲག་པར་མི་འགྱུར་རོ། །ཞེས་གསུངས་སོ། །ཡེ་ཤེས་ཞབས་ཀྱིས་བདེན་པ་མཐོང་བ་མཐོང་ལམ་པ་ལ་བཤད། ཨར་གྱིས་བདེན་པ་མཐོང་བ་ཚོགས་ལམ་པ། ཕྱིར་མི་ལྡོག་པ་སྦྱོར་ལམ་པ། དགྲ་བཅོམ་པ་མཐོང་ལམ་པ་ལ་བཤད་དོ། །གཞོན་ནུ་ཚུལ་ཁྲིམས་ཀྱིས་བརྒྱ་བྱིན་གྱིས་སྤྲུལ་པའི་མེ་ཏོག་གི་རྣམ་པ་ཉེ་བར་བཀོད་པས། དེ་དག་རབ་འབྱོར་གྱིས་ལྷ་ཡུལ་ལ་སོགས་པ་ན་མ་མཐོང་ཞིང་། ངས་མ་མཐོང་བའི་ས་ནས་ཁྱེར་འོང་བའི་ནུས་པ་ཡང་བརྒྱ་བྱིན་ལ་མེད་པར་བསམས་ནས་ལྷའི་དབང་པོས་གཏོར་བའི་མེ་ཏོག་འདི་དག་ནི་ཤིང་ལ་སོགས་པ་ལས་སྐྱེས་པ་མ་ཡིན་གྱི་ཡིད་ཀྱིས་སྤྲུལ་པའོ་སྙམ་པ་དང་། ཞེས་པས་ཕྱི་དོན་དུ་གྲུབ་པ་བཀག་གོ །རབ་འབྱོར་གྱི་རྟོག་པ་བརྒྱ་བྱིན་གྱིས་ཤེས་ནས་གནས་བརྟན་རབ་འབྱོར་ཡིད་ལས་བྱུང་བའི་མེ་ཏོག་ནི་གང་ཡང་མེད་དོ། །མེ་ཏོག་འདི་དག་ནི་མ་སྐྱེས་པའོ། །ཞེས་པས་ནང་སེམས་སུ་གྲུབ་པ་བཀག་གོ །འཁོར་ཁ་ཅིག་གི་རྟོག་པ་ལ་མེ་ཏོག་མཆོད་པའི་བྱ་བ་བྱེད་པར་མཐོང་བས་འདི་དག་མེད་པར་ནི་མི་འཐད་ཅིང་། ཕྱི་ནང་དུ་བདེན་པ་ཡང་སྔར་བཀག་པས་མ་སྐྱེས་པའི་རང་བཞིན་དུ་སྔ་ནས་གནས་པ་བདེན་ནམ་སྙམ་པ་ལ། རབ་འབྱོར་གྱིས་གང་མ་སྐྱེས་པ་དེ་ནི་མེ་ཏོག་ཀྱང་མ་ཡིན་ནོ། །ཞེས་མེ་ཏོག་ཀྱང་བདེན་པ་བཀག་གོ །དོན་ནི་མེ་ཏོག་དེ་དག་ཕྱི་དང་ནང་དང་། མ་སྐྱེས་པའི་རང་བཞིན་དུ་བདེན་པར་མ་གྲུབ་ཀྱང་སངས་རྒྱས་འཁོར་བཅས་ལ་མཆོད་པའི་བྱ་བ་བྱེད་པ་བཞིན་དུ་གཟུང་བ་རང་བཞིན་མེད་པར་རྟོགས་པའི་རྟེན་ཆོས་ཉིད་ཀྱང་ཕྱི་དང་། ནང་དང་མ་སྐྱེས་པར་བདེན་པར་མ་གྲུབ་ཀྱང་། རང་རྒྱལ་གྱི་ལམ་གྱི་རྟེན་བྱེད་དོ། །ཅེས་རྟེན་ཆོས་ཉིད་བསྟན་ནོ། །ཞེས་བཤད་དོ། །གསུམ་པ་ནི། ཁྱད་པར་གསུམ་པོ་འདི་དག་རང་རྒྱལ་རང་རྒྱུད་པའི་ལམ་གྱི་ཁྱད་ཆོས་སུ་བྱེད་དམ། བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་རྟོགས་རིགས་ཀྱི་ཁྱད་ཆོས་སུ་བྱེད་ཅེ་ན། མདོ་དང་བསྟན་བཅོས་ཀྱི་དངོས་བསྟན་ནི་ཕྱི་མ་ལྟར་ཡིན་ཏེ། གོང་གི་ཤེས་བྱ་ཉན་ཐོས་ཀྱི་ལམ་དེ་སྦྱོར་བ་སེམས་བསྐྱེད་དང་། དངོས་གཞི་མི་དམིགས་པར་རྟོགས་པའི་ཤེས་རབ་དང་། རྗེས་བསྔོ་བ་གསུམ་གྱིས་ཟིན་པའི་སྒོ་ནས་བཤད་པས་བྱང་སེམས་ཀྱི་རྒྱུད་ཀྱི་རྟོགས་རིགས་ལ་འཇོག་དགོས་ཤིང་དེ་དང་རྒྱུ་མཚན་མཚུངས་པའི་ཕྱིར་དང་། འདིར་རྟེན་གྱི་ཁྱད་པར་འཆད་པའི་སྐབས་སུ་ཡང་བྱང་སེམས་དང་རྒྱལ་སྲས་ཀྱི་ལྡོག་པ་ནས་བཤད་པའི་ཕྱིར་དང་། སྐབས་དེར་སྒོམ་ལམ་མ་བཤད་པའི་གནད་ཀྱང་རྟོགས་རིགས་དེ་བྱང་སེམས་ཀྱི་སྒོམ་ལམ་དུ་གོམས་པར་མི་བྱེད་པའི་དོན་ཡིན་པའི་ཕྱིར་དང་། གཞན་དུ་ན་རང་རྒྱལ་གྱི་སྒོམ་ལམ་ལ་ཡང་ཁྱད་ཆོས་གསུམ་པོ་དེ་ཡོད་པས་སྒོམ་ལམ་པ་ཡང་འཆད་དགོས་པར་ཐལ་བའི་ཕྱིར་རོ། །བཞི་པ་ནི་སློབ་དཔོན་གྱི་འགྲེལ་པ་ཆེ་ཆུང་གཉིས་ལས། རང་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཞེས་དང་། ཤེས་རབ་ཀྱི་དབང་པོ་བར་མ་དང་ལྡན་པ་ཞེས་བཤད་པས་རང་རྒྱལ་རང་རྒྱུད་པའི་ལམ་གྱི་ཁྱད་ཆོས་སུ་འཇོག་དགོས་སོ་སྙམ་ན་དེ་ནི་རྟོགས་རིགས་ཀྱི་དབང་དུ་བྱས་པར་གཡག་རོང་གཉིས་བཞེད་པ་ལྟར་འཐད་དེ། ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ། །ཞེས་རྟོགས་རིགས་ཐོབ་པ་ལ་ཐེག་པ་དེ་ཐོབ་པར་བཤད་པའི་ཕྱིར། བོད་རྣམས་ཕྱིར་མི་ལྡོག་པའི་བྱང་སེམས་ཆེན་པོ་རྣམས་སམ་ཞེས་སོགས་ཀྱིས་ལམ་པ་གང་ཟག་གི་རྟེན་དང་མེ་ཏོག་འདི་དག་ནི་སྤྲུལ་པའོ་ཞེས་སོགས་ཀྱིས་ཆོས་ཉིད་རིགས་ཀྱི་རྟེན་བསྟན་པར་བཞེད་ཀྱང་སྔ་མས་གང་ཟག་དེ་དག་གི་རྒྱུད་ཀྱི་ཆོས་ཉིད་དེ་རང་རྒྱལ་གྱི་རྟོགས་རིགས་ཀྱི་ཆོས་ཉིད་རིགས་ཀྱི་རྟེན་དང་། ཕྱི་མས་ཆོས་ཉིད་ཡིན་ཀྱང་རྟེན་དུ་རུང་བའི་སྒྲུབ་བྱེད་སྟོན་པ་ཉིར་སྣང་གི་དགོངས་པར་སྣང་སྟེ། དེ་ཉིད་དུ། རྟོགས་པའི་རྟེན་རིགས་ཀྱི་དབང་དུ་མཛད་ནས་གསུངས་པ་ནི་ཕྱིར་མི་ལྡོག་པའི་བྱང་སེམས་ཆེན་པོ་ལ་སོགས་པ་ཞེས་སོགས་དང་། དངོས་པོར་གྱུར་པའི་རྟེན་མེད་པར་རྟོགས་པའི་ཆོས་ཐོབ་པར་སྟོན་པར་བྱེད་པ་སྤྲུལ་པའི་མེ་ཏོག་གི་རྣམ་པ་ཉེ་བར་དགོད་པ་དང་ཞེས་གསུངས་པའི་ཕྱིར་རོ། །རང་རྒྱལ་གྱི་སྤང་བྱའི་རིགས་སུ་གནས་པའི་ཤེས་སྒྲིབ་གཟུང་རྟོག་ནི་བོད་དག་གཟུང་བ་ཕྱི་རོལ་གྱི་དོན་ལ་བདེན་པར་འཛིན་པའི་བདེན་འཛིན་ཁོ་ན་ལ་འདོད་པ་ནི། གཞི་ཤེས་ཀྱིས་བསྡུས་པའི་ལམ་བདེན་གྱི་རྣམ་པ་ཕྱི་མ་བཅུ་གཅིག་རང་སངས་རྒྱས་ཀྱི་རྟོགས་རིགས་ཡིན་པའི་དོན་མ་རྟོགས་ཤིང་། སྐབས་དང་པོར་བསྟན་པའི་གཟུང་རྟོག་གཉིས་ལ་རང་རྒྱལ་གྱི་སྤང་བྱའི་རིགས་སུ་གནས་པའི་ཤེས་སྒྲིབ་གཟུང་རྟོག་མེད་པའི་ལུགས་སུ་སྣང་བས་སྔར་བཀག་ཟིན་ཞིང་ཤེར་སྒྲོན་དུ། ཇི་སྐད་བཤད་པའི་བདེན་པ་སྒོམ་པ་ཁོ་ན་དང་། དོན་ཇི་ལྟ་བ་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་པས་གཟུང་བའི་དོན་གྱི་རྣམ་པར་རྟོག་པ་སྤངས་ཏེ། མ་རིག་པ་དང་། ཕུང་པོ་དང་། བདག་ལ་སོགས་པ་ལ་མངོན་པར་ཞེན་པ་རབ་ཏུ་སྤངས་པ་ཉིད་དེ། ཞེས་གསུངས་པ་ཡང་མ་མཐོང་བར་ཟད་དོ། །གཉིས་པ་དེའི་རྒྱུ་ངེས་འབྱེད་ཆ་མཐུན་ནི། བཏགས་པའི་ཆོས་ཉིད་མི་འགལ་བར། །ཞེས་སོགས་ཏེ། རང་རྒྱལ་ལམ་གྱི་རྟོགས་རིགས་དེ་ཡང་དོན་སྤྱིའི་ཚུལ་གྱིས་ཤེས་པ་ཙམ་གྱི་གཞན་ལ་ཕྱིན་ཅི་མ་ལོག་པར་འཆད་པར་མི་ནུས་པས་མངོན་སུམ་དུ་ཤེས་དགོས་ལ། དེ་ལ་ཡང་སྦྱོར་ལམ་གྱི་གནས་སྐབས་སུ་རྒྱུན་ལྡན་དུ་བསྒོམ་དགོས་པས་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་རང་རྒྱལ་གྱི་ལམ་གྱི་རྟོགས་རིགས་རྒྱུན་ལྡན་དུ་སྒོམ་པའི་བྱང་སེམས་ཀྱི་སྦྱོར་ལམ་བསྟན་ནོ། །འགྲེལ་ཆེན་དུ། བྱང་སེམས་ཀྱི་སྦྱོར་ལམ་སྐབས་དང་པོར་ཁ་འཕངས་པ་ནི་ལམ་ཤེས་གསུམ་གྱི་ནང་ནས་བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་ཁ་འཕངས་པ་ཡིན་པས། སྐབས་འདིར་ལམ་ཤེས་དང་པོ་གཉིས་ཀྱི་སྐབས་སུ་ངེས་འབྱེད་ཆ་མཐུན་གསུངས་པ་ནི་རྟོགས་རིགས་འོག་མ་གཉིས་བསྒོམ་པའི་བྱང་སེམས་ནི་སྦྱོར་ལམ་ཡིན་པ་དང་། ལམ་ཤེས་ཕྱི་མའི་སྐབས་སུ་རྒྱུ་ངེས་འབྱེད་ཆ་མཐུན་མ་གསུངས་པའི་རྒྱུ་མཚན་རྣམས་ལེགས་པར་གྲུབ་པ་ཡིན་ནོ། །གསུམ་པ་བྱང་སེམས་ཀྱི་རིགས་ཅན་ལ་བསྟན་པར་བྱ་བའི་བྱང་སེམས་ཀྱི་ལམ་ཤེས་པའི་ཚུལ་ལ། ཤེས་བྱ་བྱང་སེམས་ཀྱི་ལམ་ནི་གདུལ་བྱ་གཞན་ལ་བསྟན་པར་བྱ་བ་ཡང་ཡིན་ཞིང་། རང་ཉིད་ཀྱིས་ཀྱང་རྒྱུན་ལྡན་དུ་བསྒོམ་པར་བྱ་བ་ཡང་ཡིན་པས་ཡན་ལག་རྒྱས་བཤད་དུ་ཤེས་པར་བྱ་ཞེས་པའི་ཚིག་གི་ཁྱད་པར་མ་སྨོས་པར་རང་གི་ངོ་བོའི་སྒོ་ནས་བསྟན་ཅིང་། རྟོགས་རིགས་སྔ་མ་གཉིས་ནི་གཞན་དོན་དུ་མཐོང་ལམ་དུ་མངོན་སུམ་དུ་ཤེས་པར་བྱ་བ་ཙམ་ཡིན་གྱི་དེ་ཡན་ཆད་རྒྱུན་ལྡན་དུ་བསྒོམ་པར་བྱ་བ་མ་ཡིན་པས་ཤེས་པར་བྱ་ཞེས་པའི་ཚིག་གི་ཁྱད་པར་གསུངས་པ་ཡིན་ནོ། །ཡང་ཤེས་བྱ་བྱང་སེམས་ཀྱི་ལམ་དང་། དེ་ཤེས་པའི་ལམ་ཤེས་གཉིས་རྟོགས་རིགས་གཅིག་པས་ཤེས་པར་བྱ་ཞེས་པའི་ཚིག་གི་ཁྱད་པར་མ་གསུངས་པར། རང་གི་ངོ་བོ་མཐོང་ལམ་དང་། སྒོམ་ལམ་གཉིས་གསུངས་པ་ཡིན་ལ་རྟོགས་རིགས་སྔ་མ་གཉིས་དང་། དེ་ཤེས་པའི་ལམ་ཤེས་གཉིས་རྟོགས་རིགས་ཐ་དད་ཡིན་པས་ཤེས་པར་བྱ་ཞེས་པའི་ཚིག་གི་ཁྱད་པར་གསུངས་པ་ཡིན་ནོ། །མི་དམིགས་པའི་རྣམ་པས་ཟིན་པའི་ཚེ་ཤེས་བྱའི་ལམ་དང་། ཤེས་བྱེད་ཀྱི་ལམ་ཤེས་གཉིས་ངོ་བོ་གཅིག་ཡིན་པས་ལུས་རྣམ་གཞག་ཏུ་ནི་གསུམ་ཆར་ལ་ཡང་ཤེས་པར་བྱ་ཞེས་པའི་ཚིག་གི་ཁྱད་པར་མ་གསུངས་པ་སྟེ་སྔར་བཤད་ཟིན་ཏོ།། །།དེས་ན་ཤེས་བྱ་བྱང་སེམས་ཀྱི་ལམ་མམ། དེ་ཤེས་པའི་ལམ་ཤེས་ལ་འདིར་མཐོང་ལམ་དང་སྒོམ་ལམ་གཉིས་གསུངས་པ་ནི་ཤེས་བྱ་དང་། ཤེས་བྱེད་ངོ་བོ་གཅིག་པའི་དབང་དུ་བྱས་ཏེ། མི་དམིགས་པའི་རྣམ་པས་མ་ཟིན་པའི་འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་ནི་ཤེས་བྱ་བྱང་སེམས་ཀྱི་ལམ་ཡིན་ཀྱང་ལམ་ཤེས་མ་ཡིན་པའི་ཕྱིར་རོ། །དེ་ལྟར་གཉིས་ལས་དང་པོ་མཐོང་ལམ་ནི་བདེན་དང་བདེན་ལ་བཟོད་པ་དང་། །ཞེས་སོགས་ཚིགས་བཅད་གཅིག་དང་། དེའི་རྣམ་པ་རྒྱས་པར་བཤད་པ། དེ་བཞིན་ཉིད་དང་སངས་རྒྱས་དག །ཞེས་སོགས་ཚིགས་བཅད་ལྔ་སྟེ། སྐབས་གཞན་དུ་ཡོན་ཏན་གྱི་ལྡོག་པ་གཞན་གྱི་སྒོ་ནས་བཤད་ཀྱང་འདིར་འདི་ཕྱིའི་ཕན་ཡོན་གྱི་ལྡོག་པ་ནས་བསྟན་པའི་རྒྱུ་མཚན་ནི་སྐབས་འདིར་གདུལ་བྱ་བྱང་སེམས་ཀྱི་རིགས་ཅན་ལ་བསྟན་པ་དང་། རང་ཉིད་རྒྱུན་ལྡན་དུ་སྒོམ་པ་གཉིས་ཀྱི་སྒོ་ནས་བསྟན་པ་གང་ཞིག དེ་གཉིས་ཀ་ལ་ཕན་ཡོན་གྱི་སྒོ་ནས་སྤྲོ་བ་བསྐྱེད་དགོས་པའི་ཕྱིར་རོ། །འདིར་མཐོང་ལམ་གྱི་མཐའ་ཅུང་ཟད་དཔྱད་པ་ལ། མཛོད་ཀྱི་ལུགས། ཀུན་ལས་བཏུས་ཀྱི་ལུགས། གཏན་ལ་དབབ་པ་བསྡུ་བའི་ལུགས། དབུ་མ་པའི་ལུགས་དང་བཞི་ལས། དང་པོ་ནི། འདོད་པའི་སས་བསྡུས་ཀྱི་སྡུག་བསྔལ་བདེན་པའི་སྟེང་གི་ཁྱད་ཆོས་བཞི་པོ་མངོན་སུམ་དུ་མཐོང་བས་ས་དེས་བསྡུས་པའི་སྡུག་བསྔལ་མཐོང་སྤང་སྤོང་བའི་བར་ཆད་མེད་ལམ་ནི་སྡུག་བསྔལ་ཆོས་བཟོད། དེའི་རྗེས་སུ་དེ་སྤངས་པའི་རྣམ་གྲོལ་ལམ་སྐྱེས་པ་ནི་སྡུག་བསྔལ་ཆོས་ཤེས། དེའི་རྗེས་སུ་ཁམས་གོང་གི་སས་བསྡུས་ཀྱི་སྡུག་བསྔལ་བདེན་པའི་སྟེང་གི་ཁྱད་ཆོས་བཞི་པོ་མངོན་སུམ་དུ་མཐོང་བས་ས་དེས་བསྡུས་པའི་སྡུག་བསྔལ་མཐོང་སྤང་སྤོང་བའི་བར་ཆད་མེད་ལམ་ནི་སྡུག་བསྔལ་རྗེས་བཟོད། དེའི་རྗེས་སུ་དེ་སྤངས་པའི་རྣམ་གྲོལ་ལམ་སྐྱེས་པ་ནི་སྡུག་བསྔལ་རྗེས་ཤེས་ཏེ། བདེན་པ་གཞན་གསུམ་ལ་ཡང་དེ་བཞིན་དུ་སྦྱར་བས་སྐད་ཅིག་མ་བཅུ་དྲུག་འབྱུང་བའི་ཕྱི་མ་ནི་སྒོམ་ལམ་དུ་འདོད་པས་མཐོང་ལམ་ལ་བར་ཆད་མེད་ལམ་བརྒྱད་དང་། རྣམ་གྲོལ་ལམ་བདུན་ཏེ་སྐད་ཅིག་མ་བཅོ་ལྔ་རིམ་པ་བཞིན་དུ་སྤེལ་ནས་སྐྱེའོ། །འདི་ནི་གྲུབ་མཐའ་འདིའི་ལུགས་ཀྱི་ཐེག་པ་གསུམ་ཆར་གྱི་མཐོང་ལམ་སྐྱེ་ཚུལ་དུ་འདོད་དོ། །གཉིས་པ་ནི། སྡུག་བསྔལ་བདེན་པའི་གནས་ལུགས་མངོན་སུམ་དུ་མཐོང་བས་ཁམས་གོང་འོག་གི་སྡུག་བསྔལ་མཐོང་སྤང་ཐམས་ཅད་ཅིག་ཅར་དུ་སྤོང་བའི་བར་ཆད་མེད་ལམ་ནི་སྡུག་བསྔལ་ཆོས་བཟོད། དེའི་རྗེས་སུ་དེ་སྤངས་པའི་རྣམ་གྲོལ་ལམ་སྐྱེས་པ་ནི་སྡུག་བསྔལ་ཆོས་ཤེས། དེའི་འོག་ཏུ་ཡེ་ཤེས་དེ་གཉིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་ངེས་པ་འདྲེན་པའི་ཡེ་ཤེས་ནི་སྡུག་བསྔལ་རྗེས་བཟོད། དེའི་འོག་ཏུ་རྗེས་བཟོད་དེ་ཉིད་ཡུལ་དུ་བྱེད་པའི་ཡེ་ཤེས་ནི་སྡུག་བསྔལ་རྗེས་ཤེས་ཏེ། བདེན་པ་གཞན་གསུམ་ལ་ཡང་དེ་བཞིན་དུ་སྦྱར་བས་སྐད་ཅིག་མ་བཅུ་དྲུག་རྫས་ཀྱི་སྒོ་ནས་རིམ་པ་བཞིན་དུ་འབྱུང་སྟེ། རྒྱལ་པོའི་སྲས་ལས་སྐད་ཅིག་མ་བཅུ་དྲུག་བར་མ་ཆད་དུ་འབྱུང་བས་ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ཆོས་བཟོད་བཞི་ནི་བར་ཆད་མེད་ལམ་དང་། ཆོས་ཤེས་བཞི་ནི་རྣམ་གྲོལ་ལམ་དང་། རྗེས་བཟོད་དང་། རྗེས་ཤེས་བརྒྱད་ནི་ཁྱད་པར་གྱི་ལམ་ཡིན་པས་འདིར་བར་ཆད་མེད་ལམ་བཞིར་ངེས་པ་ནི་སྔ་མ་ལས་གྲུབ་མཐའ་ཅུང་ཟད་ཁྱད་པར་འཕགས་པ་སྟེ། བདེན་པ་གཅིག་ལ་ཁམས་གོང་འོག་གིས་བསྡུས་པའི་གནས་ལུགས་ཐམས་ཅད་བློ་གཅིག་གིས་ཅིག་ཅར་དུ་མཐོང་བར་འདོད་པའི་ཕྱིར་རོ། །འདི་ཡང་གྲུབ་མཐའ་འདིའི་ལུགས་ཀྱི་ཐེག་པ་གསུམ་ཆར་གྱི་མཐོང་ལམ་སྐྱེ་ཚུལ་ལ་སྦྱར་བར་བྱ་བ་ཡིན་ནོ། །བོད་སྔ་རབས་པ་དག་མངོན་རྟོགས་རྒྱན་ནས་གསུངས་པའི་ཐེག་ཆེན་གྱི་མཐོང་ལམ་གྱི་རྣམ་གཞག་ལ་ལུགས་འདི་སྦྱར་ཏེ། ཕར་བསྲེས་ཚུར་བསྲེས་བྱེད་པ་ནི་གང་གི་ཕྱིར་འདི་ནི་རྣམ་པར་གཞག་པ་གཞན་ཁོ་ན་ཡིན་ཏེ། དེའི་ཕྱིར་ཐེག་པ་གཞན་ལ་བརྟེན་ནས་ནི་གང་དུ་ཡང་སུན་འབྱིན་པ་བརྗོད་པར་མི་བྱའོ་ཞེས་པའི་གཞུང་མ་དྲན་པ་ཡིན་ནོ། །གསུམ་པ་ནི། ཆོས་ཤེས་ཕྱོགས་མཐུན་བཞི་དང་། རྗེས་ཤེས་ཕྱོགས་མཐུན་བཞི་དང་། མཇུག་ཏུ་ཞི་གནས་འབའ་ཞིག་པའི་སེམས་གཅིག་སྟེ། སེམས་རྣམ་པ་དགུས་མཐོང་བའི་ལམ་ཡོངས་སུ་རྫོགས་པར་འགྱུར་བར་གསུངས་ཤིང་། དེ་དག་ཀྱང་གདུལ་བྱ་སྤྲོས་པ་ལ་དགའ་བ་བདེན་པ་མངོན་པར་རྟོགས་པ་ལ་གཞུག་པའི་ཐབས་སུ་མིང་ཚིག་ཡི་གེའི་ཚོགས་ཀྱི་སྤྲོས་ཏེ་རྣམ་པར་བཞག་པ་ཡིན་གྱི། དོན་དམ་སྤྲོས་མེད་ཀྱི་དབང་དུ་བྱས་ན་དེ་བཞིན་ཉིད་ཤེས་པ་དང་མཚུངས་པར་ལྡན་པ་ཅིག་ཁོ་ནའི་སེམས་ཀྱི་རང་བཞིན་ལས་བརྩམས་ཏེ་མཐོང་བའི་ལམ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་བཤད་དོ། །ལུགས་འདི་ལ་མཐོང་སྤང་ཐམས་ཅད་ཅིག་ཅར་དུ་སྤོང་བར་བཞེད་དེ། བསྡུ་བ་ལས། ཉོན་མོངས་པ་རྣམས་ནི་ཅིག་ཅར་སྤོང་བར་རིག་པར་བྱ་ཡི། རིམ་གྱིས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་མངོན་པར་རྟོགས་པའི་ཤེས་པ་བདེན་པ་མངོན་པར་རྟོགས་པས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་རྣམས་སྤོང་བར་འགྱུར་བ་ལ། མངོན་པར་རྟོགས་པ་དེ་ཡང་བདེན་པ་འདྲེན་མ་ལ་དམིགས་པའི་ཡིད་ལ་བྱེད་པ་དང་མཚུངས་པར་ལྡན་པ་ཡིན་པས་དེ་ཉིད་སེམས་གསུམ་གྱིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྡུག་བསྔལ་ལ་སོགས་པ་ལ་ལོག་པར་བཞུགས་པ་ཐམས་ཅད་ཅིག་ཅར་སྤོང་བར་འགྱུར་བའི་ཕྱིར་རོ། །སྒོམ་པས་སྤང་བར་བྱ་བ་རྣམས་ནི་རིམ་གྱིས་སྤོང་བར་རིག་པར་བྱ་སྟེ། ལམ་གོམས་པས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །འདི་ཡང་གྲུབ་མཐའ་འདིའི་ལུགས་ཀྱི་ཐེག་པ་གསུམ་ཆར་གྱི་མཐོང་ལམ་སྐྱེ་ཚུལ་དུ་འདོད་ཅིང་། ཐེག་པ་འོག་མ་གཉིས་ཀྱིས་དེ་བཞིན་ཉིད་རྟོགས་པ་ནི་གཞན་དབང་གི་སྟེང་དུ་གང་ཟག་གི་བདག་གིས་སྟོང་པའི་སྟོང་ཉིད་ལ་དེ་བཞིན་ཉིད་དུ་བྱས་པའོ། །བཞི་པ་ལ་ཀླུ་སྒྲུབ་ཀྱིས་བཤད་ཚུལ། བྱམས་པས་བཤད་ཚུལ། རྗེས་འབྲང་གིས་བཤད་ཚུལ། འགལ་མེད་ཀྱི་གནད་ངོས་གཟུང་བ། ཀླན་ཀ་མ་ལུས་པ་སྤང་བ་དང་ལྔ་ལས། དང་པོ་ནི། རིགས་པ་དྲུག་ཅུ་པ་ལས། ཆོས་ཤེས་པ་ཡི་འོག་ཏུ་ནི། །འདི་ལ་བྱེ་བྲག་དབྱེར་ཡོད་ན། །ཤིན་ཏུ་ཕྲ་བའི་དངོས་རྣམས་ལ། །གང་གིས་སྐྱེ་བར་རྣམ་བརྟགས་པ། །རྣམ་པར་མི་མཁས་པ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང་། །ཞེས་ཆོས་ཤེས་པའི་འོག་ཏུ་རྣམ་པར་དབྱེ་བ་མེད་པར་གསུངས་ཤིང་། ཆོས་ཤེས་པ་ཡང་ཆོས་བཟོད་ཀྱི་ཟླས་ཕྱེ་བའི་ཆོས་ཤེས་མ་ཡིན་གྱི། བདེན་པ་གསུམ་པོ་རྟེན་འབྲེལ་སྐྱེ་འགག་མེད་པའི་རང་བཞིན་རྣམ་དག་དང་། སོ་སོར་བརྟགས་འགོག་གློ་བུར་གྱི་དྲི་བྲལ་གཉིས་དབྱེར་མེད་པའི་དག་པ་གཉིས་ལྡན་ལ་མྱ་ངན་ལས་འདས་པའི་ཆོས་སུ་བྱས་ནས་དེ་ཤེས་པ་ལ་ཆོས་ཤེས་པར་འཇོག་པའི་ཕྱིར་ཏེ། དེའི་འགྲེལ་པར་དཔལ་ལྡན་ཟླ་བས། དེ་ལ་ཆོས་ཞེས་བྱ་བའི་སྒྲ་ནི་མྱ་ངན་ལས་འདས་པ་ལ་བྱའོ། །དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་ཉིད་ལས་གཞན་མ་ཡིན་ཏེ། ཞེས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དེ་དང་། མྱ་ངན་ལས་འདས་པ་ཐ་མི་དད་པའི་རང་བཞིན་དུ་གྱུར་པའི་ཡོངས་སུ་དཔྱོད་པའི་ཤེས་པ་གང་ཡིན་པ་དེ་ནི་ཆོས་ཤེས་པ་སྟེ། ཆོས་ཀྱི་ཡུལ་ཤེས་པ་ནི་ཆོས་ཤེས་པ་ཞེས་བྱ་བ་ཡིན་པའི་ཕྱིར་ཞེས་དང་། དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་དམིགས་པའི་ཆོས་ཤེས་པ་བདེན་པ་གསུམ་པོ་རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་མྱ་ངན་ལས་འདས་པ་ཡང་དེའི་ངོ་བོ་ཉིད་ཡིན་པར་མཐོང་བས་མངོན་པར་རྟོགས་པ་གཅིག་ཏུ་ཟད་དོ། །ཞེས་གསུངས་པས་སོ། །བྱེ་བྲག་ཏུ་སྨྲ་བས་ཁམས་གོང་འོག་གི་བདེན་པའི་གནས་ལུགས་སོ་སོར་མཐོང་བས་སྐད་ཅིག་མ་བཅོ་ལྔར་འདོད་པ་ནི། མངོན་པར་རྟོགས་པ་གཅིག་པོ་དེ་ཉིད་ལ་ལྡོག་པའི་སྒོ་ནས་ཕྱེ་སྟེ་དྲང་དོན་དུ་བསྟན་པ་སྟེ། ཡང་དེ་ཉིད་ལས་གང་དག་སྐད་ཅིག་མ་བཅོ་ལྔར་འདོད་པ་དེ་དག་གི་ལྟར་ན་ཡང་དེ་ལྟ་བུས་འདུལ་བའི་སྐྱེ་བོ་ལ་དེ་ལྟ་བུ་བསྟན་པས་ཕན་གདགས་པའི་ཕྱིར། ཤེས་པ་ངོ་བོ་ཉིད་ལ་ཆར་ཕྱེ་སྟེ་ཆ་བཅོ་ལྔར་རྣམ་པར་གཞག་གོ །གལ་ཏེ་དེ་ལྟར་ན་ལམ་བསྒོམ་པ་རྣམ་པ་བཅུ་དྲུག་པོ་དེ་ཇི་ལྟ་བུ་ཐར་པ་འདོད་པ་རྣམས་ལམ་རྣམ་པར་གཞྃག་པྃ་ཅྃན་གྱིྃ་དེ་ཁོ་ན་ཤེས་པ་ལ་འཇུག་པ་གོམས་པར་བྱ་བའི་ཕྱིར་འདི་ཡོངས་སུ་བརྟགས་ནས་རྣམ་པར་བཞག་པ་ཉིད་དེ། དེ་ཁོ་ན་ནི་ངོ་བོ་གཅིག་ཏུ་ཟད་དོ། །ཞེས་གསུངས་པས་སོ། །གཉིས་པ་ནི། མངོན་རྟོགས་རྒྱན་གྱི་སྐབས་དང་པོར་མཐོང་སྤང་རྟོག་པ་བཞིའི་གཉེན་པོར་མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་བཞི་གསུངས། སྐབས་གཉིས་པར་འདི་ཕྱིའི་ཕན་ཡོན་གྱི་སྒོ་ནས་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གསུངས། སྐབས་གསུམ་པར་སྤྲོས་པ་སོ་གཉིས་དང་བྲལ་བའི་ཆོས་ཉིད་རྟོགས་པའི་སྒོ་ནས་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གསུངས། སྐབས་བཞི་པར་ཕྱིར་མི་ལྡོག་པའི་རྟགས་ཀྱི་སྒོ་ནས་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་དང་། ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པའི་ཁྱད་མཚན་གྱི་སྒོ་ནས་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གསུངས། སྐབས་ལྔ་པའི་ལུས་རྣམ་གཞག་ཏུ་མཐོང་སྤང་རྟོག་པ་བཞིའི་གཉེན་པོར་མཐོང་ལམ་རྩེ་སྦྱོར་བཞི་གསུངས་ཤིང་། དེ་ཉིད་ཡན་ལག་རྒྱས་བཤད་དུ་བཟོད་པས་བསྡུས་པའི་སྐད་ཅིག་མ་གཅིག་ཁོ་ན་ཡིན་པར་གསུངས་སོ། །བོད་དུ་འགྱུར་བའི་བསྟན་བཅོས་ཞིག་ལ་ཐེག་ཆེན་གྱི་མཐོང་ལམ་གྱི་རྣམ་པར་བཞག་པ་འདི་ལས་རྒྱས་པ་མེད་ཅིང་། ལུགས་གཞན་དང་ཐུན་མོང་མ་ཡིན་པ་ཡིན་ཀྱང་། འདིའི་རྣམ་གཞག་མངོན་པ་གོང་འོག་ནས་བཤད་པ་དང་བསྲེ་བ་ནི་ཡོད་པའི་སྒོ་བོར་ནས་མེད་པའི་སྲང་དུ་འཆག་པའོ། །གསུམ་པ་ལ། གཞན་གྱི་འདོད་པ་བརྗོད་པ་དང་། སློབ་དཔོན་རང་ཉིད་ཀྱི་དགོངས་པ་བསྟན་པ་གཉིས་ལས། དང་པོ་ནི། ཁ་ཅིག་སྡུག་བསྔལ་གྱི་ཆོས་ཉིད་ཤེས་པའི་ཚེ་སྡུག་བསྔལ་ཆོས་བཟོད་ཀྱིས་ཀུན་འབྱུང་སྤོང་ལ། དེ་ཉིད་ཀྱིས་འགོག་པ་མངོན་དུ་བྱེད། དེ་ཉིད་ཀྱིས་ལམ་གོམས་པར་བྱ་བ་ཡིན་ལ། དེ་ཡང་སེམས་ཀྱི་སྐད་ཅིག་མ་གཅིག་ལས་འགྲུབ་པས་འབྲས་བུའི་མངོན་པར་རྟོགས་པ་ལ་ལྟོས་ནས་གཅིག་ཏུ་གཞག་གོ །སོ་སོར་མངོན་པར་རྟོགས་པ་ལས་ནི་སྐད་ཅིག་མ་བཅུ་དྲུག་ཡིན་ཏེ། བདེན་པ་བཞི་པོ་རེ་རེ་ལ་ཡང་ལོག་པར་རྟོག་པ་དུ་མ་འབྱུང་བས། དེ་སེལ་བྱེད་ཀྱི་ཡེ་ཤེས་ཀྱང་དེ་སྙེད་དུ་འབྱུང་བས་སོ། །དེ་ལྟར་ན་ཞུགས་པ་དང་གནས་པའི་རྣམ་པར་གཞག་པ་ཡང་ལེགས་པར་གནས་པ་ཡིན་ནོ། །ཞེས་སོ། །གཞན་དག་ན་རེ། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱིས་བརྟག་བྱ་གང་། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་པའི་ཚུལ་གྱིས་ཡེ་ཤེས་སྐད་ཅིག་མ་གཅིག་གིས་བདེན་པ་ཐམས་ཅད་ཀྱི་ཆོས་ཉིད་མངོན་སུམ་དུ་མཐོང་བས། སོ་སོར་མངོན་པར་རྟོགས་པ་ལས་ཀྱང་སྐད་ཅིག་མ་གཅིག་ཡིན་ནོ། །ཞེས་ཟེར་རོ། །གཉིས་པ་ལ། འགྲེལ་ཆེན་དུ་ཕྱོགས་ཕྱི་མ་ཞུགས་པ་དང་། གནས་པའི་རྣམ་པར་གཞག་པ་མི་རུང་བས་སུན་ཕྱུང་ནས་རང་ཕྱོགས་སུ་བཞག་པ་ནི། ཉ་ཕྱིས་ལ་དངུལ་རྣམ་པ་ལྟར། །གལ་ཏེ་འཁྲུལ་པའི་རྒྱུ་མཚན་གྱིས། །ཡོན་ཏན་གཞན་སྦྱོར་མི་བྱེད་ན། །ཞེས་པ་ལྟར། བདེན་པ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པ་དུ་མ་མེད་ན། མཐོང་བ་ཙམ་གྱིས་བདེན་པ་མངོན་པར་རྟོགས་པ་མཐར་ཕྱིན་ཡང་བདེན་པ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པ་དུ་མ་ཡོད་པས་དེ་སེལ་བྱེད་ཀྱི་ཡེ་ཤེས་དེ་སྙེད་དུ་འཇུག་པས་ན་འདི་ལྟར་འགྱུར་བ་སྟེ། ཆོས་ཉིད་ཆ་ཤས་མེད་པ་ལ་མཐོང་མ་མཐོང་ཆ་གཉིས་མེད་པའི་བདེན་བཞིའི་ཆོས་ཉིད་ཅིག་ཆར་མཐོང་བས། མཐོང་བ་ལ་སྐད་ཅིག་མ་གཅིག་ཡིན་ཡང་སྒྲོ་འདོགས་སེལ་བྱེད་ཀྱི་ངེས་པ་བསྐྱེད་པའི་ནུས་པ་བཅུ་དྲུག་མཉམ་གཞག་ཏུ་རིམ་ཅན་དུ་ཐོབ་པ་ལས་བཅུ་དྲུག་གོ །ཞེས་ཊཱི་ཀ་ལས་བཤད་པ་འདི་ཉིད་འགྲེལ་ཆེན་གྱི་དགོངས་པ་དཔྱིས་ཕྱིན་པར་སྣང་ངོ་། །བཞི་པ་ལ། རང་ངོར་མངོན་པར་རྟོགས་པ་གཅིག་ཏུ་བསྟན་པ། བློ་གཞན་གྱི་ངོར་སྐད་ཅིག་མ་བཅུ་དྲུག་ཏུ་བསྟན་པ། ཆོས་ཉིད་མཐོང་བ་ལ་ཁྱད་པར་མེད་པ། ངེས་ཤེས་འདྲེན་ཚུལ་ལ་ཁྱད་པར་ཡོད་པ། ལམ་གཉིས་ཀྱི་ཁྱད་པར་རྣམ་པར་གཞག་པ། སྐབས་གོང་འོག་གི་ཁྱད་པར་རྣམ་པར་གཞག་པ། ཡོན་ཏན་གཞན་ཡང་ཐོབ་པའི་ཚུལ་དང་བདུན་ལས། དང་པོ་ནི། མཐོང་ལམ་མཉམ་གཞག་སྐྱེས་པ་ནས། མཉམ་གཞག་གི་རྒྱུན་དེ་ལས་མ་ལངས་ཀྱི་བར་དུ་བློ་དེའི་ངོར་སྐད་ཅིག་སྔ་ཕྱིའི་བྱེ་བྲག་མེད་དེ། བློ་དེས་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་འགག་མེད་པའི་དོན་འཛིན་སྟངས་ཀྱི་གཙོ་བོར་བྱས་ནས་མངོན་སུམ་དུ་མཐོང་བ་གང་ཞིག སྐད་ཅིག་སྔ་ཕྱིའི་བྱེ་བྲག་མཐོང་ན་སྔ་མ་འགགས་ནས་ཕྱི་མ་སྐྱེ་བར་མཐོང་དགོས་པའི་ཕྱིར་རོ། །འདི་ལ་དགོངས་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་བློ་དེ་ཉིད་ཀྱིས་གནས་ལུགས་མཐོང་ཚུལ་གྱི་དབང་དུ་བྱས་ནས། རྟེན་འབྲེལ་སྐྱེ་འགག་མེད་པའི་ཆོས་ཤེས་པའི་འོག་ཏུ་དབྱེ་བ་མེད་པར་གསུངས་སོ། །དེས་ན་ལུང་དེའི་དོན་ནི། བདེན་པ་གསུམ་པོ་སྐྱེ་ཞིང་འགག་པའི་ཆོས་ཉིད་དང་། མྱ་ངན་ལས་འདས་པ་དབྱེར་མེད་པའི་ཆོས་དང་པོར་ཤེས་ནས། མཉམ་གཞག་དེ་ལས་མ་ལངས་ཀྱི་བར་དུ་བློ་དེའི་ངོར་སྐད་ཅིག་སྔ་ཕྱིའི་བྱེ་བྲག་དབྱེར་ཡོད་ན། བློ་དེ་ཆོས་ཅན། ཤིན་ཏུ་ཕྲ་བའི་དངོས་པོ་སྐྱེ་འགག་མེད་པའི་དོན་ལ་རྣམ་པར་མི་མཁས་པར་ཐལ། སྐྱེ་འགག་དང་བཅས་པར་སྣང་བའི་ཕྱིར་ཏེ། སྐད་ཅིག་སྔ་མའི་འོག་ཏུ་སྐད་ཅིག་ཕྱི་མ་སྐྱེ་བར་རྣམ་པར་བརྟགྃས་པའི་ཕྱིར། འདོད་ན་རྐྱེན་ལས་འབྱུང་བའི་དོན་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་འགག་མེད་པའི་དོན་མ་མཐོང་བར་ཐལ་ལོ། །ཞེས་པའི་དོན་ཏོ། །འོ་ན་མངོན་པར་རྟོགས་པ་གཅིག་ཡིན་པ་ཡང་མི་འཐད་པར་འགྱུར་ཏེ། བློ་དེའི་ངོར་མངོན་པར་རྟོགས་པ་གཅིག་ཏུ་ཡང་མི་སྣང་བའི་ཕྱིར་རོ། །ཞེ་ན་སྐྱོན་མེད་དེ། བློ་དེས་སྐྱེ་འགག་མེད་པའི་ཆོས་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པ་ནི་ཡོད་ཅིང་། སྐད་ཅིག་སྔ་ཕྱིའི་བྱེ་བྲག་མི་སྣང་བའི་ཆ་ནས་མངོན་པར་རྟོགས་པ་གཅིག་ཏུ་གཞག་པ་ཙམ་ཡིན་པའི་ཕྱིར་རོ། །ལུགས་འདི་ཐེག་པ་གསུམ་ཆར་གྱི་མཐོང་ལམ་གྱི་རྣམ་གཞག་ཡིན་པས་ཉན་ཐོས་ཀྱི་མཐོང་ལམ་གྱིས་སྐྱེ་འགག་མེད་པའི་དོན་ཇི་ལྟར་རྟོགས་ཤེ་ན། ཉན་ཐོས་ཀྱི་མཐོང་ལམ་གྱིས་ཀྱང་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པས་གདགས་གཞི་ཉེར་ལེན་གྱི་ཕུང་པོ་ལྔ་པོ་སྐྱེ་མེད་དུ་མངོན་སུམ་དུ་རྟོགས་དགོས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་འགག་མེད་པའི་དོན་མཐོང་བ་ཡོད་པར་བཞེད་དོ། །འོ་ན་མི་རྟག་ལ་སོགས་བཅུ་དྲུག་མ་རྟོགས་པར་འགྱུར་རོ། །ཞེ་ན། མི་རྟག་ལ་སོགས་བཅུ་དྲུག་ལ་ངེས་ཤེས་དྲངས་པའི་ཆ་ནས་རྟོགས་པར་གཞག་པ་ཡིན་གྱི་བློ་དེ་ཉིད་ཀྱི་ངོ་ན་སྣང་བ་ནི་མ་ཡིན་ཏེ། དཔེར་ན་ཐེག་ཆེན་གྱི་མཐོང་ལམ་བཞིན་ནོ། །འདི་ཉིད་མགོན་པོ་བྱམས་པ་ཡང་བཞེད་དེ། ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་སྐྱེས་ནས་རྒྱུན་མ་རྫོགས་ཀྱི་བར་དུ་ཆོས་དབྱིངས་སྤྲོས་པ་མཐའ་དག་དང་བྲལ་བ་མངོན་སུམ་དུ་མཐོང་བས་སྐད་ཅིག་སྔ་ཕྱིའི་སྤྲོས་པ་སྣང་བ་འགལ་བའི་ཕྱིར་རོ། །གཉིས་པ་ནི། མཐོང་ལམ་མཉམ་གཞག་དེ་ཡང་དུས་མཐའི་སྐད་ཅིག་མ་མ་ཡིན་གྱི་བྱ་རྫོགས་ཀྱི་སྐད་ཅིག་མ་ཡིན་པས་དེ་སྐྱེས་པའི་ཡུན་ཚད་དེ་ལ་རང་རྒྱུད་ཀྱི་རྗེས་ཀྱི་ངེས་ཤེས་ལྟ་བུའམ། གང་ཟག་གོང་མས་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གཟིགས་པའི་ཚེ་སྐད་ཅིག་སྔ་ཕྱིའི་བྱེ་བྲག་མང་དུ་ཡོད་ལ། དེ་དག་ཀྱང་རྗེས་ཀྱི་ངེས་ཤེས་འདྲེན་པའི་གྲངས་ལ་ལྟོས་ནས། སྐད་ཅིག་མ་བཅུ་དྲུག་ཏུ་རྣམ་པར་གཞག་གོ །འདི་ལ་དགོངས་ནས་བཀའ་དང་བསྟན་བཅོས་ཕལ་ཆེར་ལས། སྐད་ཅིག་མ་བཅུ་དྲུག་ཏུ་གསུངས་ཤིང་། ལུགས་འདིའི་མདོ་དང་བསྟན་བཅོས་གཉིས་ཀ་ལས། ལམ་ཤེས་གཞི་ཤེས་རྣམ་རྫོགས་སྦྱོར་བའི་སྐབས་སུ་སྐད་ཅིག་མ་བཅུ་དྲུག་ཏུ་གསུངས་སོ། །འཕགས་སེང་གཉིས་ཀྱི་བཞེད་པ་ཡང་འདི་ཉིད་ཡིན་ཏེ། ཉིར་སྣང་དང་འགྲེལ་ཆེན་གཉིས་ལས། གཞི་ཤེས་ཀྱི་མཐོང་ལམ་གྱི་སྐབས་སུ་སངས་རྒྱས་སྟོང་སྨོས་པ་ནི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ལས་གྲངས་ལྷག་པ་མེད་པའི་དཔང་པོར་གསུངས་ཤིང་སྐབས་གཉིས་པར་འགྲེལ་ཆེན་ལས་སྔར་བཤད་པ་ལྟར་སོ་སོར་མངོན་པར་རྟོགས་པ་ལ་ལྟོས་ནས་སྐད་ཅིག་མ་བཅུ་དྲུག་ཡིན་པར་གསུངས་སོ། །གལ་ཏེ་སྐད་ཅིག་མ་བཅུ་དྲུག་པོ་དེ་དག་ལྡོག་པའི་སྒོ་ནས་ཕྱེ་བ་ཡིན་གྱི་སྐད་ཅིག་སྔ་ཕྱིའི་བྱེ་བྲག་མ་ཡིན་ནོ་སྙམ་ན། དེ་ལྟར་ན་སྤྱིར་བཅུ་དྲུག་ཙམ་སྨོས་རིགས་ཀྱི་སྐད་ཅིག་མ་བཅུ་དྲུག་ཞེས་སྨོས་མི་རིགས་ཏེ། དཔེར་ན། མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་བཞི་དང་། མཐོང་ལམ་རྩེ་སྦྱོར་བཞི་ལ་སྐད་ཅིག་མ་བཞི་ཞེས་པའི་ཚིག་གི་ཁྱད་པར་མེད་པ་བཞིན་ནོ། །དེ་ལྟ་བུའི་མཉམ་གཞག་སྐད་ཅིག་མ་བཅུ་དྲུག་ལ་སྡུག་བསྔལ་ཆོས་བཟོད་ལ་སོགས་པའི་རྣམ་པ་བཅུ་དྲུག་ཏུ་འཇོག་པའི་རྒྱུ་མཚན་འོག་ཏུ་འབྱུང་ངོ་། །གསུམ་པ་ནི། བསྟན་བཅོས་འདིར་བཤད་པའི་སྐབས་གོང་འོག་གི་མཐོང་ལམ་ཐམས་ཅད་ཐེག་ཆེན་གྱི་མཐོང་ལམ་ཁོ་ན་ཡིན་པས། སྐད་ཅིག་མ་བཅུ་དྲུག་པོ་ཐམས་ཅད་ཆོས་དབྱིངས་མཐོང་ཚུལ་ལ་ཁྱད་པར་མེད་དེ། ཆོས་དབྱིངས་ཆ་ཤས་མེད་པ་ལ་མཐོང་མ་མཐོང་ཆ་གཉིས་མེད་པའི་ཕྱིར་དང་། དེ་ལྟ་བུའི་མཉམ་གཞག་སྐྱེས་ནས་ཇི་སྲིད་རྒྱུན་མ་རྫོགས་ཀྱི་བར་དུ་ཆོས་དབྱིངས་སྤྲོས་པ་མཐའ་དག་དང་བྲལ་བ་དང་། རྟོགས་བྱེད་ཀྱི་བློ་གཉིས་པོ་གཉིས་སུ་སྣང་བ་ནུབ་ནས་དམིགས་རྣམ་མི་འདྲ་བའི་ཁྱད་པར་མེད་པའི་ཕྱིར་རོ། །དེས་ན་སྡུག་བསྔལ་ལ་ཆོས་བཟོས་ཉིད་ཀྱིས་བདེན་པ་ཞི་ཆར་གྱི་ཆོས་དབྱིངས་མངོན་སུམ་དུ་མཐོང་བ་ཡིན་གྱི་བདེན་པ་བཞིའི་ཆོས་དབྱིངས་རིམ་པ་བཞིན་དུ་མཐོང་བའི་ཁྱད་པར་ནི་ལུགས་འདི་ལ་མེད་དོ། །སྐད་ཅིག་ཕྱི་མ་རྣམས་མཐོང་ལམ་མ་ཡིན་པར་འགྱུར་ཏེ། སྔར་མ་མཐོང་བ་མཐོང་བར་བྱར་མེད་པའི་ཕྱིར་རོ་ཞེ་ན། དེའི་ལན་དུ་ཊཱི་ཀ་ལས། བདེན་བཞི་ལ་སྒྲོ་འདོགས་མང་དུ་ཡོད་པས་དེ་དག་སེལ་བར་བྱེད་པའི་ངེས་ཤེས་བསྐྱེད་པའི་ནུས་པ་མཉམ་གཞག་གི་གནས་སྐབས་སུ་རིམ་བཞིན་དུ་ཐོབ་ཅིང་། ནུས་པ་ཐོབ་པ་ལ་རྟོགས་པའི་ཐ་སྙད་འཇོག་པས་ན་མ་རྟོགས་པ་རྟོགས་པར་བྱར་ཡོད་པའི་ཕྱིར་མཐོང་ལམ་དུ་འཐད་ཅེས་གསུངས་སོ། །ཁོ་བོའི་རྟོག་པ་ལ་ནི་ཆོས་ཉིད་དང་པོར་མཐོང་བའི་མཉམ་གཞག་གི་རྒྱུན་དེ་ཉིད་ཀྱི་རིགས་སུ་གཏོགས་པས་མཐོང་ལམ་དུ་འཇོག་སྟེ། དཔེར་ན། ཆོས་མཆོག་ཆུང་ངུ་དང་། འབྲིང་གཉིས་པོ་འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་མཆོག་མ་ཡིན་ཀྱང་དེའི་རིགས་སུ་གཏོགས་པས་འཇིག་རྟེན་ཆོས་མཆོག་ཏུ་འཇོག་པ་བཞིན་ནོ་སྙམ་དུ་སེམས་སོ། །བཞི་པ་ནི། འོ་ན་སྐད་ཅིག་སྔ་ཕྱི་རྣམས་ཀྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། རྗེས་ཀྱི་ངེས་ཤེས་འདྲེན་པའི་ནུས་པ་སྐད་ཅིག་རེ་རེ་ལ་སོ་སོར་ཐོབ་པས་སྐད་ཅིག་དང་པོ་དང་གཉིས་པ་ཞེས་པ་ཙམ་གྱི་གྲངས་མ་ཡིན་པ་བདེན་པ་བཞི་ལ་ཆོས་བཟོད་དང་། ཆོས་ཤེས་ལ་སོགས་པའི་བྱེ་བྲག་སོ་སོར་འཇོག་པ་སྟེ། རྒྱས་པར་འོག་ཏུ་འབྱུང་ངོ་། །ཉན་ཐོས་ཀྱི་མཐོང་ལམ་སྐད་ཅིག་མ་བཅུ་དྲུག་པོ་སྐྱེ་མེད་རྟོགས་པར་མཚུངས་ཀྱང་མི་རྟག་ལ་སོགས་བཅུ་དྲུག་ལ་ངེས་པ་འདྲེན་པའི་ནུས་པ་མཉམ་གཞག་གི་གནས་སྐབས་སུ་རིམ་ཅན་དུ་ཐོབ་པས་སྡུག་བསྔལ་ལ་ཆོས་བཟོད་ལ་སོགས་པའི་བྱེ་བྲག་འཇོག་པར་བསྟན་བཅོས་འདིའི་ལུགས་ལ་ཡང་བཞེད་དགོས་པ་འདྲ་སྟེ། ཐེག་ཆེན་གྱི་མཐོང་ལམ་དེ་རྟག་མི་རྟག་སོགས་ཀྱི་སྤྲོས་བྲལ་བཅུ་དྲུག་ལ་ངེས་ཤེས་རིམ་པ་བཞིན་དུ་དྲངས་པའི་ཆ་ནས་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ཏུ་གཞག་པར་སྣང་བའི་ཕྱིར་རོ། །མི་རྟག་ལ་སོགས་བཅུ་དྲུག་དང་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་སྦྱར་བ་གཞུང་གཞན་ལ་ནི་མི་སྣང་ངོ་། །ལྔ་པ་ནི། དེ་ལྟར་སྐད་ཅིག་མ་བཅུ་དྲུག་ལས། སྐད་ཅིག་དང་པོ་སྡུག་བསྔལ་ཆོས་བཟོད་ཁོ་ན་མཐོང་སྤང་ཐམས་ཅད་ཅིག་ཅར་དུ་སྤོང་བར་བྱེད་པའི་བར་ཆད་མེད་ལམ་ཡིན་ཏེ། སྐབས་སྔ་མ་རྣམས་སུ་སྐད་ཅིག་མ་བཅུ་དྲུག་ཏུ་བཤད་ཀྱང་རྩེ་སྦྱོར་གྱི་སྐབས་སུ་མཐོང་སྤང་སྤོང་བའི་བར་ཆད་མེད་ལམ་གྱི་དབང་དུ་བྱས་ནས། སྐད་ཅིག་གཅིག་པའི་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་གསུངས་ཤིང་། དེའི་འགྲེལ་པར་འཕགས་སེང་གཉིས་ཆར་གྱིས་སྡུག་བསྔལ་ལ་ཆོས་བཟོད་སྐྱེས་ཟིན་པའི་ཚེ། མཐོང་སྤང་ཉོན་སྒྲིབ་དང་། ཤེས་སྒྲིབ་ཐམས་ཅད་སྤངས་ཟིན་པར་གསུངས་པའི་ཕྱིར་ཏེ། ཉིར་སྣང་ལས། དེ་ཡང་མཐོང་བའི་ལམ་གྱི་བཟོད་པ་སྐྱེས་པ་ན། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ཀྱིས་བསྡུས་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱ་རྩ་བརྒྱད་པོ་རྣམ་པར་རྟོག་པ་བཞིས་བསྡུས་པ་རྣམས་སྤོང་བར་འགྱུར་རོ་ཞེས་དང་། དེའི་དོན་འགྲེལ་ཆུང་ལས་དེ་སྐྱེས་པ་ན་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ཀྱི་རབ་ཏུ་དབྱེ་བས་ཞེས་གསུངས་པའི་ཕྱིར་རོ། །འགྲེལ་ཆེན་གྱི་དགོངས་པ་ཡང་འདི་ཉིད་ཡིན་ཏེ། འབྲས་བུའི་མངོན་པར་རྟོགས་པ་ལ་ལྟོས་ནས་སྐད་ཅིག་མ་གཅིག་ཡིན་པའི་དོན་བདེན་པ་བཞི་ལ་བྱ་བ་ཅིག་ཅར་བྱེད་པ་ལ་བཤད་པའི་ཕྱིར་རོ། །རིགས་པས་ཀྱང་གྲུབ་སྟེ། བྱང་སེམས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་དེས་བདེན་པ་བཞི་ཆར་གྱི་ཆོས་ཉིད་ཅིག་ཅར་དུ་མཐོང་བས་མཐོང་སྤང་ཅིག་ཅར་དུ་སྤོང་བར་གྲུབ་པའི་ཕྱིར་རོ། །རྒྱུ་མཚན་དེས་ན་སྐད་ཅིག་ཕྱི་མ་བཅོ་ལྔ་པོ་ཐམས་ཅད་རྣམ་གྲོལ་ལམ་དུ་གྲུབ་སྟེ། བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་དྲི་མ་ལས་གྲོལ་ཞིང་དེ་དང་དམིགས་རྣམ་ཁྱད་པར་མེད་པའི་མཉམ་གཞག་གི་རྒྱུན་ཡིན་པའི་ཕྱིར་རོ། །དྲུག་པ་ནི། སྐབས་དང་པོར་གསུངས་པའི་མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་བཞི་དང་། སྐབས་ལྔ་པར་གསུངས་པའི་མཐོང་ལམ་རྩེ་སྦྱོར་བཞི་ནི་དོན་གཅིག་པས་བར་ཆད་མེད་ལམ་ཁོ་ན་ལ་འཇོག་སྟེ། མཐོང་སྤང་བཞི་སྤོང་བའི་གཉེན་པོའི་ལྡོག་པ་ནས་བཞིར་ཕྱེ་བ་ཙམ་ཡིན་གྱི་ངོ་བོ་གཅིག་ཡིན་པའི་ཕྱིར་རོ། །རིགས་པ་འདིས་སྒོམ་སྤང་གཉེན་པོའི་ཚོགས་སྒྲུབ་བཞི་དང་། སྒོམ་ལམ་རྩེ་སྦྱོར་བཞི་ཡང་ས་གཉིས་པ་ནས་བཅུ་པའི་བར་གྱི་བར་ཆད་མེད་ལམ་རེ་རེའི་སྟེང་དུ་ཡང་ལྡོག་པའི་སྒོ་ནས་བཞི་བཞིར་ཕྱེ་བར་ཤེས་པར་བྱའོ། །སྐབས་གཉིས་པ་དང་། གསུམ་པ་དང་། བཞི་པར་གསུངས་པའི་སྐད་ཅིག་མ་བཅུ་དྲུག་པོ་ཐམས་ཅད་དམིགས་རྣམ་མི་འདྲ་བའི་ཁྱད་པར་རྣམས་ནི་རྗེས་ཐོབ་ཀྱི་གནས་སྐབས་ཀྱི་ངེས་ཤེས་འདྲེན་པའི་ཁྱད་པར་ཁོ་ན་ཡིན་ལ། དེ་དག་འདྲེན་པའི་ནུས་པ་སྐད་ཅིག་མ་བཅུ་དྲུག་རིམ་ཅན་དུ་ཐོབ་པས་ཤེས་བཟོད་ཀྱི་ཁྱད་པར་རྣམས་ནི་མཉམ་གཞག་ལ་འཇོག་གོ །གཅིག་ལ་དཔེར་མཚོན་ན། བྱང་སེམས་ཀྱི་མཐོང་ལམ་མཉམ་གཞག་སྐད་ཅིག་དང་པོ་དེ་ཆོས་ཅན། སྐབས་གཉིས་པ་ནས་བཤད་པའི་སྡུག་བསྔལ་ཆོས་བཟོད་ཡིན་ཏེ། དེ་བཞིན་ཉིད་དང་སངས་རྒྱས་དག་ཕན་ཚུན་རྣམ་གྲངས་ཀྱིས་གནས་པ་ཁས་མི་ལེན་པ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པའི་མཉམ་གཞག་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྐབས་གསུམ་པ་ནས་བསྟན་པའི་སྡུག་བསྔལ་ཆོས་བཟོད་ཡིན་ཏེ། སྡུག་བསྔལ་གྱི་བདེན་པ་རྟག་མི་རྟག་གི་སྤྲོས་བྲལ་ལ་ངེས་ཤེས་རང་སྟོབས་ཀྱིས་འདྲེན་པའི་མཉམ་གཞག་ཡིན་པའི་ཕྱིར། ཕྱིར་མི་ལྡོག་གི་སྐབས་ནས་བསྟན་པའི་སྡུག་བསྔལ་ཆོས་བཟོད་ཡིན་ཏེ། གཟུགས་སོགས་ལ་འདུ་ཤེས་ལྡོག་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་ལ་ངེས་ཤེས་རང་སྟོབས་ཀྱིས་འདྲེན་པའི་མཉམ་གཞག་ཡིན་པའི་ཕྱིར། ཁྱད་མཚན་གྱི་སྐབས་ནས་བསྟན་པའི་སྡུག་བསྔལ་ཆོས་བཟོད་ཡིན་ཏེ། ཆོས་དབྱིངས་བསམ་གྱིས་མི་ཁྱབ་པ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པར་བྱེད་པའི་མཉམ་བཞག་ཡིན་པའི་ཕྱིར། དེ་བཞིན་དུ་སྐད་ཅིག་མ་བཅུ་དྲུག་པོའི་བར་རེ་རེ་བཞིན་དུ་ཆོས་ཅན་དུ་བཟུང་ནས་ཡོན་ཏན་གྱི་ལྡོག་པ་འདྲེན་ཚུལ་རྣམས་མ་འཛོལ་པར་བཀོད་པར་བྱའོ། །དེ་ལྟར་བྱས་ན་སྐབས་གཉིས་པར་སྐད་ཅིག་མ་བརྒྱད་པའི་གནས་སྐབས་སུ་བྱམས་སོགས་ཚད་མེད་བཞི་བསྒོམ་དགོས་པར་གསུངས་པ་ཡང་རྗེས་ཐོབ་ཀྱི་གནས་སྐབས་སུ་བཞག་ནས་དེ་འདྲེན་པའི་ནུས་པ་མཉམ་གཞག་སྐད་ཅིག་མ་བརྒྱད་པ་ལ་ཐོབ་པ་དང་། ཕྱིར་མི་ལྡོག་ཏུ་སྒྲུབ་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་རྣམས་ཀྱང་དེ་བཞིན་དུ་ཤེས་པར་འགྱུར་བས་གོང་འོག་གི་རྣམ་གཞག་ཐམས་ཅད་འགལ་མེད་དུ་རྟོགས་པར་འགྱུར་རོ། །བདུན་པ་ནི། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱི་སྐབས་སུ་མདོ་སྡེ་ས་བཅུ་པ་ནས་བཤད་པ་ལྟར་གྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དང་། ཤེར་ཕྱིན་གྱི་མདོ་ལས་གསུངས་པའི་སེང་གེ་རྣམ་བསྒྱིངས་དང་། ཐོད་རྒལ་གྱི་ཏིང་ངེ་འཛིན་རྣམས་དང་། མདོ་སྡེ་རྒྱན་དུ། རྒྱལ་སྲས་བྱང་ཆུབ་ཕྱོགས་མཐུན་པ། །རྣམ་པ་སྣ་ཚོགས་ཐམས་ཅད་ནི། །རྟག་ཏུ་མཐོང་བའི་ལམ་འདི་དང་། །ལྷན་ཅིག་ཏུ་ནི་ཐོབ་པར་འདོད། །ཅེས་གསུངས་པ་ལྟར་བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་ལམ་ཡན་ལག་བརྒྱད་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཅིག་ཅར་དུ་ཐོབ་ཅིང་མཉམ་གཞག་གི་གནས་སྐབས་སུ་ཆོས་ཉིད་སྤྲོས་པ་དང་བྲལ་བའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པ་ཡིན་པས་དེ་དག་མངོན་དུ་བྱེད་མི་ནུས་ཀྱང་ཡོན་ཏན་དེ་དག་ས་དང་པོའི་རྗེས་ཐོབ་ཀྱི་གནས་སྐབས་སུ་མངོན་དུ་བྱེད་པ་ནི་གནས་ཀྱི་དོན་ནོ། །བྱང་ཆུབ་ཡན་ལག་བདུན་ནི་མཐོང་ལམ་མཉམ་གཞག་གི་ངོ་བོ་ལ་ཚང་ཡང་འཕགས་ལམ་ཡན་ལག་བརྒྱད་ནི་ནུས་པ་མཉམ་གཞག་ཏུ་ཐོབ་ཀྱང་མངོན་དུ་བྱེད་པ་རྗེས་ཐོབ་ཏུ་འབྱུང་བས་སྒོམ་ལམ་ནས་གཞག་པར་སྣང་སྟེ་ཐོད་རྒལ་གྱི་སྙོམས་འཇུག་བཞིན་ནོ། །ལྔ་པ་ཀླན་ཀ་མ་ལུས་པ་སྤང་བ་ལ་བཞི་སྟེ། གྲུབ་མཐའ་གཞན་དང་འགལ་བ་སྤང་བ། རང་གཞུང་གཞན་དང་འགལ་བ་སྤང་བ། རྗེས་འབྲང་གི་གཞུང་དང་འགལ་པ་སྤང་བ། སྒོམ་སྤང་སྤོང་ཚུལ་དང་མཚུངས་པ་སྤང་བའོ། །དང་པོ་ནི། མངོན་པ་གོང་མ་ལས་བར་ཆད་མེད་ལམ་བཞི་དང་། རྣམ་གྲོལ་ལམ་བཞི་སྟེ་བརྒྱད་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་གྲུབ་མཐའི་ཁྱད་པར་ཡིན་པར་གོང་དུ་བཤད་ཟིན་ལ། མཛོད་དུ་བར་ཆད་མེད་ལམ་བརྒྱད་དང་། ཀུན་བཏུས་སུ་བཞི་དང་། འདིར་གཅིག་ཏུ་བཞག་པ་ཡང་། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པའི་དོན་དུ་རྟོགས་པར་བྱའོ། །གཉིས་པ་ནི། བར་ཆད་མེད་ལམ་གཅིག་གིས་མཐོང་སྤང་ཐམས་ཅད་ཅིག་ཅར་དུ་སྤོང་ན། རྒྱུད་བླར། ཇི་ལྟར་སྨྱུག་སོགས་རིམ་སྐྱེས་པས། །ས་བོན་ཤུན་པ་གཅོད་པ་ལྟར། །དེ་བཞིན་མཐོང་ལམ་རིམ་སྐྱེས་པས། །མཐོང་སྤང་རྣམས་ནི་ལྡོག་པར་བྱེད། །ཅེས་གསུངས་པ་དང་འགལ་ལོ་ཞེ་ན། དེའི་དོན་ནི་འདི་ལྟར་ཡིན་ཏེ། སྦྱོར་ལམ་དྲོད་ནས་བཟུང་སྟེ་སྡུག་བསྔལ་ཆོས་བཟོད་མ་སྐྱེས་བར་དུ་མཐོང་ལམ་རིམ་གྱིས་སྐྱེ་བར་འཇོག་སྟེ། མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མི་སྐྱེ་བའི་སྔ་ལྟས་སུ་གྱུར་པ་ལ་དྲོད་དུ་འཇོག་པའི་ཕྱིར་རོ། །སྦྱོར་ལམ་བཞི་རིམ་ཅན་དུ་སྐྱེ་བས་མཐོང་སྤང་རྟོག་པ་མངོན་གྱུར་བཞི་རིམ་ཅན་སྤོང་བ་ནི་མཐོང་སྤང་རིམ་ཅན་དུ་སྤོང་བའི་དོན་ཡིན་ལ། སྡུག་བསྔལ་ཆོས་བཟོད་སྐྱེས་པའི་ཚེ་མཐོང་ལམ་སྐྱེས་པར་འཇོག་ཅིང་། དེའི་སྐད་ཅིག་ཕྱི་ལོག་ནས་མཐོང་སྤང་མ་ལུས་པ་དང་བྲལ་བའོ། །དཔེར་ན། ས་བོན་ས་འོག་ན་ཡོད་པའི་དུས་སུ་མྱུ་གུ་རིམ་བཞིན་དུ་སྐྱེ་བས། ས་བོན་གྱི་ཤུན་པ་རིམ་བཞིན་དུ་གཅོད་ཅིང་། ཤུན་པའི་ཕྱི་རོལ་དུ་མྱུ་གུ་ཐོན་པའི་ཚེ་ཤུན་པ་བཅད་ཟིན་པ་བཞིན་ནོ། །དེ་ལྟར་བྱས་ན་འཇུག་པའི་རང་འགྲེལ་དུ། མདོ་ཐ་དད་ནས་གསུངས་པའི་དཔེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲས་བཙས་མ་ཐག་པ་དང་། ནམ་མཁའ་ལྡིང་གི་ཕྲུ་གུ་སྒོ་ངའི་སྦུབས་ལས་ཐོན་མ་ཐག་པ་དང་། ཡར་ངོའི་ཚེས་གཅིག་གི་ཟླ་བ་དང་། ལྗོན་ཤིང་གི་མྱུ་གུ་ཐོན་མ་ཐག་པ་རྣམས་ས་དང་པོའི་བྱང་སེམས་དང་དཔེ་དོན་བསྒྲིགས་པའི་དོན་རྣམས་འདི་ལ་འགྲིག་པར་འགྱུར་ཞིང་། ཤེས་བཟོད་སྐད་ཅིག་མ་རྣམས་ཀྱིས་མཐོང་སྤང་རིམ་བཞིན་དུ་སྤོང་བ་ལ་སྦྱར་ན་ཐེག་པ་ཆེན་པོའི་སྡེ་སྣོད་ཕལ་ཆེར་དང་འགལ་བར་འགྱུར་རོ། །གསུམ་པ་ནི། འགྲེལ་ཆུང་ལས། སྤོང་བའི་ལམ་ལ་ཡུལ་བདེན་པ་བཞིས་བསྡུས་པའི་བར་ཆད་མེད་ལམ་བཞི་གསུངས་པ་མཐོང་ལམ་ལ་སྦྱར་དགོས་པས་བར་ཆད་མེད་ལམ་གཅིག་ཏུ་གསུངས་པ་དང་འགལ་ལོ་ཞེ་ན། དེ་མཐོང་ལམ་ཁོ་ན་ལ་སྦྱར་བའི་ངེས་པ་མེད་ཅིང་། སྦྱར་བའི་ཚེ་ན་ཡང་སྡུག་བསྔལ་ཆོས་བཟོད་དེ་ཉིད་ལ་ཡུལ་བདེན་བཞིའི་གནས་ལུགས་རྟོགས་པའི་ལྡོག་པའི་སྒོ་ནས་ཕྱེ་བ་སྟེ། སྤང་བྱ་བཞི་སྤོང་བའི་ལྡོག་པ་ནས་མཐོང་ལམ་རྩེ་སྦྱོར་བཞིར་བཞག་པ་དང་འདྲའོ། །འདི་ལ་སློབ་དཔོན་གྱི་འགྲེལ་པ་ཆེ་ཆུང་གཉིས་ནས་བདེན་པ་བཞིས་བསྡུས་པ་བར་ཆད་མེད་ལམ་བཞི་ཞེས་པ་ཙམ་དང་། ཉིར་སྣང་དུ་ཡང་སྤོང་བའི་ལམ་ལ་བར་ཆད་མེད་ལམ་བདེན་པ་རྣམ་པ་བཞི་ལ་བརྟེན་པ་ཞེས་པ་ཙམ་ལས་གང་ལ་སྦྱར་གྱི་གསལ་ཀ་མི་སྣང་ཞིང་། བུདྡྷ་ཤྲཱིས་བདེན་པ་བཞིའི་ཆོས་ཤེས་པ་ཉིད་ཀྱི་བཟོད་པས་རབ་ཏུ་བསྡུས་པ་རྣམ་པ་བཞིའོ། །ཞེས་མཐོང་ལམ་བཟོད་པ་བཞི་ལ་སྦྱར་ཞིང་། ཆོས་བཤེས་ཀྱིས་སྤོང་བའི་ལམ་གྱི་རྣམ་པ་ནི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་དོ། །ཞེས་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་ངོས་འཛིན་པར་མཛད་དོ། །དོན་ནི་འདི་ཡིན་ཏེ། ས་དང་པོ་ནས་བཅུ་པའི་བར་གྱི་བར་ཆད་མེད་ལམ་རེ་རེ་ཡང་ཡུལ་བདེན་པ་བཞིའི་ཆོས་ཉིད་རྟོགས་པའི་ལྡོག་པའི་སྒོ་ནས་བཞི་བཞིར་ཕྱེ་བ་ནི་སྤོང་བའི་ལམ་ཡིན་ཏེ། གཉེན་པོའི་ཚོགས་སྒྲུབ་དང་ཆོས་མཚུངས་སོ། །འཇོག་ཚུལ་ནི་མི་འདྲ་སྟེ། ཡུལ་གྱི་སྒོ་ནས་དང་། སྤང་བྱའི་སྒོ་ནས་ཕྱེ་བའི་ཁྱད་པར་ཡོད་པའི་ཕྱིར་རོ། །སངས་རྒྱས་ཉིད་ཀྱི་ལམ་ནི་ས་བཅུའི་རྗེས་ཐོབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། འདི་ནི་སའི་ཚོགས་དང་ཆོས་མཚུངས་སོ། །བཞི་པ་ནི། སྡུག་བསྔལ་ཆོས་བཟོད་ཀྱིས་བདེན་པ་བཞི་ཆར་གྱི་ཆོས་དབྱིངས་རྟོགས་པའི་རྒྱུ་མཚན་གྱིས་བདེན་པ་བཞི་ཆར་གྱིས་མཐོང་སྤང་ཅིག་ཅར་དུ་སྤོང་ན། ས་གཉིས་པའི་བར་ཆད་མེད་ལམ་གཅིག་ཉིད་ཀྱིས་སྒོམ་སྤང་ཐམས་ཅད་ཅིག་ཅར་དུ་སྤོང་བར་འགྱུར་ཏེ། ཁམས་གསུམ་ཆར་གྱི་ཆོས་དབྱིངས་རྟོགས་པའི་ཕྱིར་རོ་ཞེ་ན། དེ་ནི་མི་མཚུངས་ཏེ། མཐོང་སྤང་ནི་ཆོས་ཉིད་མཐོང་བ་ཙམ་གྱིས་སྤང་བར་བྱ་བའི་རིགས་ཡིན་པས་མཐོང་ཟིན་རྒྱུན་ལྡན་དུ་བསྒོམས་པ་ལ་མི་ལྟོས་ལ། སྒོམ་སྤང་ནི་ཆོས་ཉིད་མཐོང་ཟིན་གོམས་པས་སྤང་བར་བྱ་བའི་རིགས་ཡིན་པས་མཐོང་ཟིན་གོམས་པ་སྔ་ཕྱི་ལ་སྤང་བྱ་སྤོང་བའི་ནུས་པ་ཆེ་ཆུང་གི་ཁྱད་པར་ཆེ་བའི་ཕྱིར་རོ། །འདི་དག་ནི་ཐུན་མོང་མ་ཡིན་པའི་རྣམ་གཞག་རྟོགས་པའི་ཆེད་དུ་གྲུབ་མཐའ་གོང་འོག་གི་མི་འདྲ་བའི་ཁྱད་པར་ཅུང་ཟད་ཕྱེ་ཞིང་ཐེག་ཆེན་དབུ་མའི་ལུགས་ཀྱི་ཐུན་མོང་མ་ཡིན་པ་ཞིབ་ཏུ་བཤད་པ་ཡིན་ནོ། །གྲུབ་མཐའ་གོང་འོག་བསྲེས་པའི་ལུགས་ངོས་གཟུང་མེད་པ་རྣམས་ལ་འདིར་དགག་སྒྲུབ་བྱེད་པ་མ་ལོང་ཞིང་། གཞན་དུ་ཅུང་ཟད་བཤད་ཟིན་ལ། ཞིབ་པར་ནི་རང་ལུགས་འདི་རྟོགས་ན་ཤེས་པར་འགྱུར་རོ། །མཁས་པ་སྔ་མའི་གྲུབ་མཐའ་སུན་ཕྱུང་ནས། །རང་གི་རྣམ་རྟོག་ཤིང་རྟའི་སྲོལ་འབྱེད་དུ། །སྟོན་འདོད་མེད་ཀྱང་རྣམ་དཔྱོད་མེ་ལོང་ལ། །གནས་ལུགས་གཟུགས་བརྙན་འཆར་བ་སུ་ཡིས་འགོག །སྐབས་སུ་བབ་པའི་གཞུང་ལུགས་ཚད་ལྡན་དང་། །འགལ་བར་སྟོན་ན་ཁོ་བོས་འཇུག་ལྡོག་བྱེད། །དེ་ལྟ་མིན་པར་ཅལ་ཅལ་མགྲིན་བསྒྲིགས་ནས། །ཅོལ་ཅོལ་སྒྲོགས་ལ་བ་སྤུ་གཡོ་རེ་སྐན། །ཞེས་སྨྲས་སོ། །བྱང་སེམས་ཀྱི་སྒོམ་ལམ་ལ་སྒོམ་ལམ་གྱི་བྱེད་པ་ནི། ཀུན་ནས་ཞི་དང་ཐམས་ཅད་ལ། །ཞེས་སོགས་ཏེ། སྒོམ་ལམ་གྱི་བྱེད་པ་དང་པོར་བསྟན་པ་ནི་བྱང་སེམས་ཀྱི་སྒོམ་ལམ་དེ་ཡང་གཞན་ལ་སྟོན་པ་དང་། རང་གིས་སྒོམ་པ་གཉིས་ཆར་གྱི་ཚེ་ཡང་། བྱེད་པའི་སྒོ་ནས་སྤྲོ་བ་བསྐྱེད་དགོས་ཞེས་ཤེས་པའི་ཆེད་ཡིན་ནོ། །འོ་ན་རྟོགས་རིགས་སྔ་མ་གཉིས་ཀྱང་ཕན་ཡོན་གྱིས་སྤྲོ་བ་བསྐྱེད་པའི་སྒོ་ནས་སྟོན་དགོས་པར་མཚུངས་སོ། །ཞེ་ན་མི་མཚུངས་ཏེ། འདི་ནི་མ་ངེས་པའི་རིགས་ཅན་རྣམས་དམན་པའི་ལམ་སྤངས་ནས་ཐེག་ཆེན་གྱི་ལམ་གྱིས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དུ་ཕན་ཡོན་གྱིས་སྤྲོ་བ་བསྐྱེད་པ་ཡིན་ལ། སྔ་མ་གཉིས་ནི་རེ་ཞིག་ཐེག་ཆེན་གྱི་ལམ་དུ་འཇུག་པར་མི་ནུས་པ་རྣམས་ལ་བསྟན་པར་བྱ་བ་ཡིན་པས་དེ་ལ་ཕན་ཡོན་གྱིས་སྤྲོ་བ་བསྐྱེད་པ་ལ་དགོས་པ་མེད་པའི་ཕྱིར་རོ། །འོ་ན་བྱང་སེམས་ཀྱི་སྒོམ་ལམ་དེ་ལ་སྐབས་དང་པོར་གདམས་ངག་གི་སྐབས་སུ་མཐོང་ལམ་དང་རྟོགས་རིགས་ཐ་དད་མེད་པ་དང་། ཚོགས་སྒྲུབ་ཀྱི་སྐབས་སུ་སའི་ཚོགས་དང་། གཉེན་པོའི་ཚོགས་དང་། སྐབས་བཞི་པར་ཕྱིར་མི་ལྡོག་པའི་གཏན་ཚིགས་དང་། སྐབས་ལྔ་པར་སྒོམ་སྤང་གི་གཉེན་པོའི་ལྡོག་པ་ནས་བསྟན་པ་ལས་འདིར་རྗེས་ཐོབ་དང་མཉམ་གཞག་གིས་བསྟན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། བྱང་སེམས་ཀྱི་སྒོམ་ལམ་དེ་གཞན་ལ་སྟོན་པའི་ཚེ་ཡང་སྒོམ་ལམ་གྱི་རིགས་མ་ལུས་པ་བསྟན་དགོས་ལ་རང་གིས་བསྒོམ་པའི་ཚེ་ཡང་རིགས་མ་ལུས་པ་བསྒོམ་དགོས་ཤིང་རིགས་མ་ལུས་པ་དེ་ཡང་རྗེས་ཐོབ་དང་མཉམ་གཞག་གཉིས་ཀྱིས་བསྡུས་པའི་དོན་ནོ། །བྱང་སེམས་ཀྱི་སྒོམ་ལམ་རྗེས་ཐོབ་དེ་ཡང་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་པའི་ལྡོག་པ་ནས་བསྟན་དགོས་པས། དང་པོར་བསོད་ནམས་ཀྱི་ཚོགས་གསོག་པ་དང་། བར་དུ་སྤེལ་བ་དང་། ཐ་མར་མི་ཟད་པར་བྱེད་པ་གསུམ་གྱི་དབང་དུ་བྱས་ནས་མོས་བསྔོ་རྗེས་སུ་ཡི་རང་གསུམ་དུ་ངེས་ཤིང་། གོ་རིམ་ཀྱང་དེ་ལྟར་དུ་བསྟན་པ་ཡིན་ནོ། །དེ་ཡང་མོས་པ་སྒོམ་ལམ་ནི། ས་མཚམས་ཀྱི་རབ་དབྱེའི་སྒོ་ནས་བསྟན། བསྔོ་བ་སྒོམ་ལམ་ནི། བྱེད་པ་དང་མི་དམིགས་པའི་རྣམ་པ་ཅན་གྱི་སྒོ་ནས་བསྟན། རྗེས་སུ་ཡི་རང་སྒོམ་ལམ་ནི། ཐབས་ཤེས་གཉིས་ཀྱི་སྒོ་ནས་བསྟན་ནས། མོས་པ་སྒོམ་ལམ་གྱི་ས་མཚམས་ཀྱི་རབ་དབྱེ་འོག་མ་གཉིས་ལ་སྦྱར། བསྔོ་བ་སྒོམ་ལམ་གྱི་བྱེད་པ་དང་མི་དམིགས་པ་ཡང་གོང་འོག་གཉིས་ལ་སྦྱར། རྗེས་སུ་ཡི་རང་སྒོམ་ལམ་གྱི་ཐབས་ཤེས་གཉིས་ཀྱང་གོང་མ་གཉིས་ལ་སྦྱར་བར་བྱ་བ་ཡིན་ནོ། །མོས་པ་སྒོམ་ལམ་གྱི་ས་མཚམས་ཀྱི་རབ་དབྱེ་ཇི་ལྟ་བུ་དེ་འོག་མ་གཉིས་ལ་ཇི་ལྟར་སྦྱོར་ཞེ་ན། དང་པོ་ནི། གང་ལ་མོས་པར་བྱ་བའི་ཡུལ་ནི་ཤེར་ཕྱིན་དང་། མོས་པར་བྱེད་པའི་བློ་ནི་ས་གཉིས་པ་ནས་བཅུ་པའི་བར་གྱི་མོས་པ་དགུ་པོ་དེ་ཡིན་ལ། ཚུལ་ནི་བློ་དགུ་པོ་དེས་ཤེར་ཕྱིན་རང་དོན་ཕུན་ཚོགས་ཀྱི་འབྱུང་གནས་སུ་མོས་པ་ལ་རང་དོན་མོས་པ་དགུ། གཉིས་དོན་ཕུན་ཚོགས་ཀྱི་འབྱུང་གནས་སུ་མོས་པ་ལ་གཉིས་དོན་མོས་པ་དགུ། གཞན་དོན་ཕུན་ཚོགས་ཀྱི་འབྱུང་གནས་སུ་མོས་པ་ལ་གཞན་དོན་མོས་པ་དགུར་འཇོག་པ་ནི། མོས་པ་རང་གི་དོན་དང་ནི། །ཞེས་སོགས་ཀྱིས་བསྟན་ནོ། །དེས་ན་དགུ་ཚན་གསུམ་པོ་དེ་ཉིད་རེ་རེ་བཞིན་ས་གཉིས་པ་ནས་བཅུ་པའི་བར་དུ་ཡོད་པར་ཤེས་པར་བྱའོ། །འདི་ནི་འགྲེལ་ཆེན་ལས་ལུགས་གཉིས་གསུངས་པའི་གཅིག་ཡིན་ཞིང་བསྟན་བཅོས་རྩ་བར་གསུམ་པོ་རེ་རེ་ལ་ཡང་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུ་དགུར་གསུངས་པའི་གནད་ཀྱིས་ས་གཉིས་པ་ནས་བཅུ་པའི་བར་དུ་འཇོག་པར་སྣང་སྟེ། ས་དགུ་ལ་ནི་ཆེན་པོ་ཡི། །ཞེས་སོགས་དང་། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར་ཞེས་པའི་སྐབས་དང་ཚུལ་འདྲའོ། །ཉིར་སྣང་ལས། མོས་པའི་རྣམ་པ་ཐམས་ཅད་ལ་ཡང་ཆུང་ངུའི་ཆུང་ངུ་ལ་སོགས་པ་དཔེ་གོང་ནས་གོང་དུ་གྱུར་པས། གང་དང་གང་བསྟན་པ་དེ་དང་དེའི་རྗེས་སུ་འབྲངས་ནས་ཆེན་པོའི་ཆེན་པོ་ལ་སོགས་པ་ལྡོག་པ་མི་མཐུན་པའི་ཕྱོགས་སུ་ཤེས་པར་བྱའོ། །ཞེས་གསུངས་པས་ཀྱང་དོན་འདི་ཉིད་བསྟན་ནོ། །ཉིར་སྣང་ལས། རང་གི་དོན་གྱི་མོས་པ་ནི་གང་གིས་རང་གི་དོན་དངོས་སུ་སྒྲུབ་པར་བྱེད་ཅིང་གཞན་གྱི་དོན་ཡང་ཆེད་དུ་བྱ་བའི་རང་བཞིན་གྱིས་བྱེད་པའོ། །རང་དང་གཞན་གྱི་དོན་ནི་གང་གིས་གཉིས་ཀའི་དོན་སྒྲུབ་པར་བྱེད་པའོ། །གཞན་གྱི་དོན་ནི་གང་གིས་གཞན་ཁོ་ནའི་དོན་དུ་འགྱུར་བ་སྟེ། དེར་ཡང་རང་གི་དོན་ནི་འགྲུབ་པ་ཡིན་གྱི་དེར་རང་གི་དོན་འགོག་པ་ནི་མ་ཡིན་ནོ། །ཞེས་གསུངས་པའི་དོན་དུ་བསམས་ནས་རང་དོན་མོས་པ་ས་གཉིས་པ་ནས་བདུན་པའི་བར་དང་། གཉིས་དོན་མོས་པ་ས་བརྒྱད་པ་དང་དགུ་པ་གཉིས་དང་། གཞན་དོན་མོས་པ་ས་བཅུ་པར་འཇོག་པ་ནི་རེ་རེ་ལ་ཡང་དགུ་དགུར་ཕྱེ་བའི་འཇོག་ཚུལ་དང་མི་མཐུན་ཅིང་། ཉིར་སྣང་ཉིད་ལས། དེ་ལ་རང་གི་དོན་གྱི་མོས་པ་ནི་གཞན་གི་དོན་ཆེད་དུ་བྱ་བར་འགྱུར་ལ། གཉིས་པ་ལ་ནི། སྦྱོར་བ་བར་ཆད་དང་བཅས་པའོ། །གསུམ་པ་ལ་ནི། སྦྱོར་བ་བར་ཆད་མེད་པ་ཡིན་ནོ། །ཞེས་གསུངས་པ་དང་ཡང་མི་འགྲིག་སྟེ། ས་བདུན་པ་མན་ཆད་དུ་གཞན་དོན་དངོས་སུ་མི་བྱེད་པར་ཆེད་དུ་བྱ་བའི་སྒོ་ནས་བྱེད་པར་མ་ངེས་པའི་ཕྱིར་དང་། ས་བརྒྱད་པ་དང་དགུ་པ་ལ་གཞན་དོན་ལ་སྦྱོར་བ་བར་ཆད་དང་བཅས་པར་མ་ངེས་པའི་ཕྱིར། དེས་ན་ལུང་དེའི་དོན་ཡང་ས་དགུའི་རྗེས་ཐོབ་རེ་རེ་ལ་ཡང་གསུམ་གསུམ་ཡོད་པ་ལ་མོས་པ་གསུམ་གསུམ་དུ་འཇོག་པར་མངོན་ཏེ། སྔ་མའི་དོན་ཏོ། །དེ་ལྟ་བུའི་མོས་པ་བསྒོམ་པའི་བྱང་ཆུབ་སེམས་དཔའ་སྤྲོ་བ་བསྐྱེད་པའི་ཆེད་དུ་དེ་བཞིན་གཤེགས་པས་རང་དོན་མོས་པ་དགུ་ལ་བསྟོད་པ་དགུ། གཉིས་དོན་མོས་པ་དགུ་ལ་བཀུར་བ་དགུ། གཞན་དོན་མོས་པ་དགུ་ལ་བསྔགས་པ་དགུ་མཛད་པ་ཡིན་ནོ། །ཞེས་པ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ལ། །ཞེས་སོགས་ཀྱིས་བསྟན་ཏོ། །མོས་པའི་དབྱེ་བ་འོག་མ་གཉིས་ལ་སྦྱོར་ཚུལ་ནི། བསྔོ་བ་སྒོམ་ལམ་བཅུ་གཉིས་སུ་ཡོད་པ་དེ་རེ་རེ་ལ་ཡང་ཆུང་ངུའི་ཆུང་དུ་སོགས་དགུ་དགུར་ཕྱེ་ཞིང་རྗེས་སུ་ཡི་རང་སྒོམ་ལམ་ལ་ཡང་ཆུང་ངུའི་ཆུང་ངུ་སོགས་དགུ་ཡོད་པས་དེ་གཉིས་ས་གཉིས་པ་ནས་བཅུ་པའི་བར་དུ་ཡོད་པར་ཤེས་པར་བྱའོ། །བསྔོ་བ་སྒོམ་ལམ་བྱེད་པ་དང་མི་དམིགས་པའི་རྣམ་པའི་སྒོ་ནས་བསྟན་པ་ནི། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །ཞེས་སོགས་ཏེ། དེ་གོང་འོག་གཉིས་ལ་སྦྱོར་པའི་ཚུལ་ནི་མོས་པ་སྒོམ་ལམ་དེ་ཡང་བྱེད་པ་མ་འོངས་པ་ན་ཤེར་ཕྱིན་འཐོབ་པའི་བྱ་བ་བྱེད་ཅིང་། རྣམ་པ་མི་དམིགས་པའི་རྣམ་པ་ཅན་དང་། རྗེས་སུ་ཡི་རང་སྒོམ་ལམ་དེ་ཡང་བྱེད་པ་རང་གཞན་གྱི་དགེ་རྩ་མཉམ་པར་ཐོབ་པའི་བྱ་བ་བྱེད་ཅིང་། རྣམ་པ་མི་དམིགས་པའི་རྣམ་པ་ཅན་ཡིན་ནོ། །ཞེས་པའི་སྒོ་ནས་སོ། །རྗེས་སུ་ཡི་རང་སྒོམ་ལམ་ཐབས་ཤེས་གཉིས་ཀྱི་སྒོ་ནས་བསྟན་པ་ནི། ཐབས་དང་མི་དམིགས་པ་དག་གི །ཞེས་སོགས་ཏེ། དེ་གོང་མ་གཉིས་ལ་ཇི་ལྟར་སྦྱོར་བའི་ཚུལ་ནི་གོང་མ་གཉིས་ཀྱང་མི་དམིགས་པའི་རྣམ་པ་ཅན་ཁོ་ན་མ་ཡིན་པར་ཐབས་དང་ཟུང་འཇུག་ཡིན་ནོ། །ཞེས་པའི་སྒོ་ནས་སོ། །དེ་ལྟར་རྗེས་ཐོབ་བསོད་ནམས་ཀྱི་ཚོགས་ཀྱིས་བསྡུས་པ་བསྟན་ཟིན་ནས། མཉམ་གཞག་ཡེ་ཤེས་ཀྱི་ཚོགས་ཀྱི་ལྡོག་པ་ནས་བསྟན་དགོས་པས་མཉམ་གཞག་འཆད་དོ། །དེ་ལ་ཡང་རང་གི་ངོས་སྐལ་གྱི་སྒྲིབ་པ་སྤོང་བའི་གཉེན་པོ་དང་། དེ་ལས་གྲོལ་བའི་རྣམ་གྲོལ་ལམ་གཉིས་སུ་ངེས་པས་སྒྲུབ་པ་སྒོམ་ལམ་དང་རྣམ་དག་སྒོམ་ལམ་གཉིས་སུ་བསྟན་ལ་དེ་ལ་དང་པོར་སྒྲུབ་པ་སྒོམ་ལམ་ནི། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཅེས་སོགས་ཏེ། ཆོས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པའི་སྒོམ་ལམ་མཉམ་གཞག་སྦྱོར་བའི་ལམ་དང་། བར་ཆད་མེད་པའི་ལམ་གྱིས་བསྡུས་པ་རྣམས་སོ། །དེ་ལྟ་བུའི་སྒྲུབ་པ་སྒོམ་ལམ་དེ་ཡང་མཐུན་རྐྱེན་རྒྱུ་ཚོགས་ཚང་ཞིང་འགལ་རྐྱེན་བར་ཆད་སྤོང་བའི་སྒོ་ནས་སྒྲུབ་དགོས་པས་རྒྱུ་ཚོགས་དང་། འགལ་རྐྱེན་བར་ཆད་གཉིས་པོ་དེ། །སངས་རྒྱས་བསྟན་དང་སྦྱིན་སོགས་དང་། །ཞེས་སོགས་ཀྱིས་བསྟན། སློབ་དཔོན་གྱིས་འདི་རྣམ་དག་སྒོམ་ལམ་ལ་སྦྱོར་བར་མཛད་ཀྱང་སྔ་མ་དང་དོན་གཅིག་པ་ཡིན་ཏེ། རྒྱུ་ཚོགས་གཉིས་སྒྲུབ་པ་དང་། བར་ཆད་སྤོང་བ་གཉིས་པོ་དེ་ཡང་སྒོམ་ལམ་གཉིས་ཆར་གྱི་སྔོན་དུ་འགྲོ་དགོས་པ་ཡིན་གྱི། དེ་གཉིས་ཀྱི་བར་དུ་འགྱུར་བ་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་། འདི་ལ་མོས་པའི་རྒྱུ་དག་ཡིན། །ཞེས་པའི་ཉེ་ཚིག་གི་ནུས་པས་སྔ་མ་དང་སྦྱར་བ་ལེགས་སོ། །རྣམ་དག་སྒོམ་ལམ་བསྟན་པ་ལ་འཕགས་བཞིའི་རྣམ་དག་སྤྱིར་བསྟན་པ་ནི། འབྲས་བུ་དག་པ་གཟུགས་ལ་སོགས། །ཞེས་སོགས་ཏེ། དེའི་དོན་ཡང་འཕགས་བཞིའི་རྣམ་དག་དེ་དྲི་མས་རྣམ་པར་དག་པ་ན། དེའི་ཡུལ་གཟུགས་སོགས་ཀྱང་དྲི་མ་དེ་ཉིད་ཀྱིས་དག་པ་ཡིན་ཞེས་པའོ། །འོ་ན་སངས་རྒྱས་ཀྱི་ཡེ་ཤེས་དྲི་མས་དག་པས་ཤེས་བྱ་ཐམས་ཅད་དྲི་མས་དག་པར་འགྱུར་རོ་ཞེ་ན། རང་སྣང་ལ་འདོད་དེ། རང་སྣང་ལ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །འོ་ན་དྲི་མ་གང་དང་གང་དག་པས་འཕགས་པ་གང་དང་གང་གི་རྣམ་དག་ཏུ་འཇོག་ཅེ་ན། རྣམ་དག་གི་ཁྱད་པར་སོ་སོར་བསྟན་པ་ནི། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཞེས་སོགས་ཏེ། རང་རྒྱུ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་ཉོན་སྒྲིབ་ཙམ་གྱིས་དག་པའི་ཕྱིར་ན་ཉན་ཐོས་ཀྱི་རྣམ་དག་དང་། དེ་དང་ཤེས་སྒྲིབ་གཟུང་རྟོག་ཙམ་གྱིས་དག་པའི་ཕྱིར་རང་རྒྱལ་གྱི་རྣམ་དག་དང་། ཐེག་པ་གསུམ་གྱི་ལམ་གྱི་སྒྲིབ་པ་གསུམ་རྣམ་པར་དག་པའི་ཕྱིར་ན་བྱང་སེམས་ཀྱི་རྣམ་དག་དང་། སྒྲིབ་པ་མ་ལུས་པ་དག་པའི་ཕྱིར་ན་སངས་རྒྱས་ཀྱི་རྣམ་དག་ཏུ་འཇོག་ཅེས་པའི་དོན་ཏོ། །འདི་རྣམ་དག་སྒོམ་ལམ་འཆད་པའི་སྐབས་ཡིན་པས་འཕགས་བཞིའི་རྣམ་དག་འཆད་པ་སྐབས་སུ་མ་བབ་བོ་སྙམ་ན་བརྗོད་བྱའི་གཙོ་བོ་རྣམ་དག་སྒོམ་ལམ་གྱི་སྤངས་པའི་ཁྱད་པར་བདེ་བླག་ཏུ་རྟོགས་པའི་ཆེད་དུ་འཕགས་པ་བཞི་ཆར་གྱི་རྣམ་དག་འཆད་དགོས་པས་དེའི་དབང་དུ་བྱས་པའོ། །ཇི་ལྟར་རྟོགས་ཤེ་ན། རྣམ་དག་སྒོམ་ལམ་ཆོས་ཅན། རྣམ་དག་སྔ་མ་གཉིས་ལས་སྤངས་པའི་སྒོ་ནས་ཁྱད་པར་དུ་འཕགས་ཏེ། རྣམ་དག་དང་པོས་ནི་ཉན་ཐོས་ཀྱི་སྤང་བྱ་ཙམ་ལས་མ་སྤངས། གཉིས་པས་ནི་རང་རྒྱལ་གྱི་སྤང་བྱ་ཙམ་ལས་མ་སྤངས་ཤིང་། ཁྱོད་ཀྱིས་དེ་གཉིས་ཀྱི་སྟེང་དུ་ཐེག་ཆེན་གྱི་ལམ་གྱི་སྤང་བྱར་གྱུར་པའི་མཐོང་སྤང་ཤེས་སྒྲིབ་དང་། རང་རྒྱུ་སྒོམ་ལམ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་སྤང་བྱ་སྤངས་པས་ཐེག་པ་གསུམ་གྱི་ལམ་གྱི་སྒྲིབ་པ་གསུམ་སྤངས་པའི་ཕྱིར་རོ། །སངས་རྒྱས་ཀྱི་རྣམ་དག་ལས་སྤངས་པའི་སྒོ་ནས་དམན་པ་ཡིན་ཏེ། སྒྲིབ་པ་མ་ལུས་པ་མ་སྤངས་པའི་ཕྱིར། ཞེས་པའི་ཚུལ་གྱིས་རྟོགས་སོ། །དེས་ན་འདིར་རྣམ་དག་སྒོམ་ལམ་བརྗོད་བྱའི་གཙོ་བོ་ཡིན་ཀྱང་དེའི་ཁྱད་པར་རྟོགས་པ་ལ་གོང་འོག་གི་རྣམ་དག་གཞན་གསུམ་ཡང་བསྟན་དགོས་པས་འཕགས་པ་བཞི་ཆར་གྱི་རྣམ་དག་བསྟན་པའི་གནད་ཀྱང་དེ་ཉིད་ཡིན་ནོ། །དཔེར་ན། གོང་དུ་ཤེས་བྱ་རང་རྒྱལ་གྱི་ལམ་དེ་ཉན་ཐོས་ཀྱི་ལམ་ལས་རྟོགས་རིགས་ཁྱད་པར་འཕགས་ཤིང་བྱང་སེམས་ཀྱི་ལམ་ལས་རྟོགས་རིགས་དམན་པར་བསྟན་པ་བཞིན་ནོ། །བྱང་སེམས་འཕགས་པའི་རྒྱུད་ཀྱི་རྣམ་གྲོལ་ལམ་ཐམས་ཅད་ནི་རྣམ་དག་སྒོམ་ལམ་མ་ཡིན་ཏེ། བྱང་སེམས་ཀྱི་མཐོང་ལམ་རྣམ་གྲོལ་ལམ་དེ་ཡང་སྐབས་འདིར་བསྟན་གྱི་བྱང་སེམས་ཀྱི་རྣམ་དག་ཡིན་པའི་ཕྱིར་རོ། །འོ་ན་རྣམ་དག་སྒོམ་ལམ་དེ་ཐེག་པ་གསུམ་གྱི་ལམ་གྱི་སྒྲིབ་པ་གསུམ་སྤངས་པའི་སྒོ་ནས་བསྟན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། གོང་དུ་ཤེས་བྱའི་ལམ་དེ་ལ་ཤེས་བྱ་ཉན་ཐོས་ཀྱི་ལམ། ཤེས་བྱ་རང་རྒྱལ་གྱི་ལམ། ཤེས་བྱ་བྱང་སེམས་ཀྱི་ལམ་གསུམ་དུ་ཕྱེ་ནས་རྣམ་དག་སྒོམ་ལམ་ནི། ལམ་ཕྱི་མ་དེར་བསྟན་པ་ན་སྤང་བྱ་ཡང་བྱང་སེམས་ཀྱི་སྤང་བྱའི་རིགས་ཁོ་ན་སྤོང་ཞིང་རྟོགས་པ་ཡང་བྱང་སེམས་ཀྱི་ལམ་གྱི་རྟོགས་རིགས་ཁོ་ན་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་བས་དེ་བཅད་པའི་ཆེད་ཡིན་ཏེ། སྤང་བྱ་ཐེག་པ་གསུམ་གྱི་ལམ་གྱི་སྤང་བྱའི་རིགས་སྤངས་པར་བསྟན་ཅིང་རྟོགས་པ་ཡང་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་རོ། །སློབ་དཔོན་གྱིས་འགྲེལ་པའི་དངོས་བསྟན་ལ་རྣམ་དག་སྒོམ་ལམ་གྱི་སྐབས་སུ་ཉན་ཐོས་སོགས་ཀྱི་རྣམ་དག་དེ་ཤིན་ཏུ་བ་མ་ཡིན་པ་དང་། སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བར་བསྟན་ན་དེ་གཉིས་ཀྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཐེག་ཆེན་གྱི་སྒོམ་ལམ་དེས་ཁམས་གསུམ་གྱི་ཤེས་སྒྲིབ་མཐའ་དག་གི་དངོས་གཉེན་བྱེད་པའི་ཕྱིར། ཞེས་པ་ནི། ས་དགུ་ལ་ནི་ཆེན་པོ་ཡི། །ཞེས་སོགས་ཀྱིས་བསྟན། དེའི་སྐབས་སུ་གཉེན་པོ་ཆུང་རིམ་ནས་སྐྱེ། སྤང་བྱ་ཆེ་རིམ་ནས་འགག་པར་བསྟན་པ་ལ་དེ་ལྟ་བུའི་སྤང་གཉེན་གྱི་རིམ་པ་མི་འཐད་ཅེས་པའི་རྩོད་པ་སྤོང་བ་ནི། དེ་ལ་ཀླན་ཀ་སྤངས་པ་ཡིས། །ཞེས་སོགས་ཀྱིས་བསྟན། ཞེས་བཤད་ཅིང་། དེའི་དོན་ནུས་པ་ཐོན་པར་བྱས་ན་འདི་ལྟར་བྱ་སྟེ། བྱང་སེམས་ཀྱི་རྣམ་དག་དེ་ཐེག་པ་གསུམ་གྱི་ལམ་གྱི་སྒྲིབ་པས་དག་ཅེས་པ་དང་། སངས་རྒྱས་ཀྱི་རྣམ་དག་དེ་རྣམ་དག་ཤིན་ཏུ་བ་ཡིན་ཞེས་པའི་ཁྱད་པར་དེ་མི་འཐད་པར་ཐལ། ཐེག་པ་གསུམ་གྱི་ལམ་གྱི་སྤང་བྱ་ལས་ལོགས་སུ་གྱུར་པའི་སྤང་བྱ་མེད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། བྱང་སེམས་ཀྱི་རྣམ་དག་གིས་སྤངས་པའི་སྒྲིབ་པ་གསུམ་ནི་ཉན་ཐོས་ཀྱི་སྤང་བྱའི་རིགས་སུ་གནས་པའི་ཉོན་སྒྲིབ་དང་། རང་རྒྱལ་གྱི་སྤང་བྱའི་རིགས་སུ་གནས་པའི་ཤེས་སྒྲིབ་གཟུང་རྟོག་དང་། ཐེག་ཆེན་གྱི་སྤང་བྱའི་རིགས་སུ་གནས་པའི་མཐོང་སྤང་དང་། སྒོམ་སྤང་གི་ཆ་སྔ་མ་ཡིན་ཞིང་། དེས་སྒོམ་སྤང་གི་ཆ་ཕྱི་མ་མ་སྤངས། སངས་རྒྱས་ཀྱི་རྣམ་དག་དེས་དེ་སྤངས་པས་ཤིན་ཏུ་བར་འཇོག་པའི་ཕྱིར། བྱང་སེམས་ཀྱི་རྣམ་དག་དེས་བྱང་སེམས་ཀྱི་སྤང་བྱའི་རིགས་སུ་གནས་པའི་སྒོམ་སྤང་ཤེས་སྒྲིབ་མ་སྤངས། སངས་རྒྱས་ཀྱི་རྣམ་དག་དེས་དེ་སྤངས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། སྔ་མས་དེ་མ་སྤངས་ཏེ། དེ་ལ་བྱང་སེམས་ཀྱི་མཐོང་ལམ་རྣམ་གྲོལ་ལམ་ནས་ས་དགུ་པའི་རྣམ་གྲོལ་ལམ་གྱི་བར་དགུ་ཡོད་པ་ལས། སྔ་མས་བྱང་སེམས་ཀྱི་སྤང་བྱའི་རིགས་སུ་གནས་པའི་སྒོམ་སྤང་ཤེས་སྒྲིབ་ཅུང་ཟད་ཀྱང་མ་སྤངས། ཕྱི་མས་སྒོམ་སྤང་ཤེས་སྒྲིབ་ཆུང་ངུའི་ཆུང་ངུ་མ་སྤངས་པའི་ཕྱིར། སངས་རྒྱས་ཀྱི་རྣམ་དག་དེས་དེ་སྤངས་ཏེ། ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་དགུ་པོ་དེས་ཁམས་གསུམ་གྱི་སྒོམ་སྤང་ཤེས་སྒྲིབ་དགུའི་དངོས་གཉེན་བྱེད་ནུས་པ་གང་ཞིག སངས་རྒྱས་ཀྱི་རྣམ་དག་དེ་དེ་ཐམས་ཅད་རྫོགས་པའི་རྗེས་སུ་བྱུང་བ་ཡིན་པའི་ཕྱིར། ཞེས་པ་ནི། ས་དགུ་ལ་ནི་ཆེན་པོ་ཡི། །ཞེས་སོགས་སོ། །བྱང་སེམས་ཀྱི་རྣམ་དག་ཡིན་ན་ཐེག་པ་གསུམ་གྱི་ལམ་གྱི་སྒྲིབ་པ་གསུམ་གྱིས་དག་པས་ཁྱབ་པའི་རྒྱུ་མཚན་ནི། བྱང་སེམས་ཀྱི་རྣམ་དག་གི་མ་མཐའ་མཐོང་ལམ་རྣམ་གྲོལ་ལམ་ནས་ངོས་འཛིན་ལ་དེས་མཐོང་སྤང་གཟུང་འཛིན་གྱི་རྣམ་པར་རྟོགས་པ་བཞི་ཀ་སྤངས་ཟིན་ཞིང་། དེའི་ནང་དུ་ཐེག་པ་གསུམ་གྱི་སྤང་བྱའི་རིགས་འདུས་པའི་ཚུལ་ནི་སྔར་བཤད་ཟིན་ཏོ།། །།རྣམ་དག་སྒོམ་ལམ་ཕྱི་མ་རྣམས་ཀྱི་སྒོམ་སྤང་གི་ཆ་སྔ་མ་སྔ་མ་སྤངས་པ་ཡང་ཐེག་ཆེན་གྱི་ལམ་གྱི་སྤང་བྱ་སྤངས་པའི་ཁོངས་སུ་འདུས་པས་ལོགས་སུ་སྨོས་མི་དགོས་སོ། །འདིར་སྤང་བྱ་སྒྲིབ་པའི་ངོས་འཛིན། སྤོང་བྱེད་གཉེན་པོའི་ངོས་འཛིན། སྤང་གཉེན་སྦྱར་བའི་ཚུལ་དང་གསུམ་ལས། དང་པོ་ནི། ས་དགུ་ལ་ནི་ཆེན་པོ་ཡི། །ཆེན་པོ་ལ་སོགས་དྲི་མ་ཡི། །ཞེས་ཏེ། ས་དགུ་ནི་འདོད་པ་ནས་སྲིད་རྩེའི་བར་གྱི་ཁམས་གསུམ་ས་དགུ་སྟེ། ཉིར་སྣང་ལས། དེ་ཡང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱིས་བསྡུས་པའི་ས་དགུ་པོ་རྣམས་ལ་ཞེས་དང་། འགྲེལ་ཆུང་ལས། འདོད་པའི་ཁམས་དང་། བསམ་གཏན་དང་། གཟུགས་མེད་པའི་ཁམས་ཏེ་ས་དགུ་པོ་དག་ལ་ཞེས་གསུངས་པའི་ཕྱིར། ས་དགུ་པོ་རེ་རེ་ལ་ཡང་སྒོམ་སྤང་ཆེན་པོའི་ཆེན་པོ་ལ་སོགས་པ་རྣམ་པ་དགུ་དགུར་ཕྱེ་བས། བརྒྱད་ཅུ་གྱ་གཅིག་ཏུ་འགྱུར་བ་ནི་འདིར་སྤང་བྱའི་གྲངས་ངེས་ཏེ། ཉིར་སྣང་ལས། ས་དགུ་པོ་རྣམས་ལ་སོ་སོར་རྣམ་པར་རྟོགས་པ་ཆེན་པོའི་ཆེན་པོ་ལ་སོགས་པ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་དགུར་བཤད་པ་དང་འགལ་ལོ་ཞེ་ན། ས་རེ་རེའི་དབང་དུ་བྱས་པས་མི་འགལ་ལོ། །སྐབས་ལྔ་པར་སྒོམ་སྤང་བཞིའམ་སུམ་ཅུ་སོ་དྲུག་ཏུ་བཤད་པ་དང་འགལ་ལོ་ཞེ་ན། དེ་ཉིད་འདི་དང་དོན་གཅིག་སྟེ། འདོད་པའི་སས་བསྡུས་ཀྱི་གཟུང་འཛིན་གྱི་རྣམ་པར་རྟོག་པ་སུམ་ཅུ་སོ་དྲུག་པོ་རེ་རེ་ལ་ཡང་། སྐབས་འདིར་འདོད་པའི་སས་བསྡུས་པའི་སྒོམ་སྤང་ཆེན་པོའི་ཆེན་པོ་ལ་སོགས་པ་དགུར་འཇོག་ཅིང་། སྲིད་རྩེའི་བར་དུ་ཡང་དེ་བཞིན་དུ་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། གཉེན་པོ་ཆུང་ངུའི་ཆུང་ངུ་ལ། །སོགས་པའི་ལམ་ནི་དག་པ་ཡིན། །ཞེས་ཏེ། ས་གཉིས་པ་ནས་བཅུ་པའི་བར་གྱི་བར་ཆད་མེད་ལམ་དགུའོ། །གསུམ་པ་ནི། ཁམས་གསུམ་ས་དགུའི་སྒོམ་སྤང་དགུ་པོ་སྒོམ་ལམ་དགུས་རིམ་པ་བཞིན་དུ་སྤོང་བ་དང་། ས་རེ་རེའི་སྒོམ་སྤང་དགུ་པོ་སྒོམ་ལམ་དགུས་རིམ་པ་བཞིན་དུ་སྤོང་བ་གཉིས་པོ་གང་རུང་ལས་མ་འདས་ཏེ། ཁམས་གསུམ་ས་དགུའི་སྒོམ་སྤང་ཆེན་པོའི་ཆེན་པོ་ལ་སོགས་པ་དགུ། སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུས་རིམ་པ་བཞིན་དུ་སྤོང་བར་གཞུང་ལས་དངོས་སུ་བཤད་པས་གཉིས་པོ་ལས་གཞན་བྱར་མེད་པའི་ཕྱིར་རོ། །དེ་ལྟར་ལུགས་གཉིས་ལས། སྔ་མ་མི་འཐད་དེ། དེ་ལྟར་ན་འདོད་པའི་སྒོམ་སྤང་ལ་ཆེན་པོའི་ཆེན་པོ་དང་། སྲིད་རྩེའི་སྒོམ་སྤང་ལ་ཆུང་ངུའི་ཆུང་ངུར་འཇོག་དགོས་པས་དེ་འདྲ་གཞུང་གང་ནས་ཀྱང་མ་བཤད་ཅིང་། ས་རེ་རེ་ལ་ཆེན་པོའི་ཆེན་པོ་ལ་སོགས་པ་དགུ་དགུར་ཡོད་པར་མཚུངས་པས་རིགས་པས་ཀྱང་མི་འཐད་པའི་ཕྱིར་རོ། །དེས་ན་ལུགས་ཕྱི་མ་ལས་འོས་མེད་པས་ས་དགུའི་སྒོམ་སྤང་བརྒྱད་ཅུ་རྩ་གཅིག་ཡོད་པས། ཐེག་ཆེན་གྱི་སྒོམ་ལམ་དེ་ལ་ཡང་ལྡོག་པའི་སྒོ་ནས་བརྒྱད་ཅུ་རྩ་གཅིག་ཏུ་འགྱུར་ཀྱང་རྫས་ཀྱི་སྒོ་ནས་རྣམ་པ་དགུར་འདུས་ཏེ། ས་གཉིས་པའི་བར་ཆད་མེད་ལམ་དེས་འདོད་པའི་སས་བསྡུས་ཀྱི་སྒོམ་སྤང་ཆེན་པོའི་ཆེན་པོ་ནས། སྲིད་རྩེའི་སས་བསྡུས་ཀྱི་སྒོམ་སྤང་ཆེན་པོའི་ཆེན་པོའི་བར་དགུ་ཅིག་ཆར་དུ་སྤོང་བ་ནས་ས་བཅུ་པའི་བར་ཆད་མེད་ལམ་དེས་འདོད་པའི་སྒོམ་སྤང་ཤེས་སྒྲིབ་ཆུང་ངུའི་ཆུང་ངུ་ནས། སྲིད་རྩེའི་སྒོམ་སྤང་ཤེས་སྒྲིབ་ཆུང་ངུའི་ཆུང་ངུའི་བར་དགུ་ཅིག་ཅར་དུ་སྤོང་བའི་ཕྱིར་རོ། །བྱང་སེམས་ཀྱིས་ཤེས་སྒྲིབ་རྣམ་པས་ཅིག་ཅར་དུ་སྤོང་བ་གཞུང་གཞན་ལས་ཀྱང་གྲུབ་སྟེ། ཉན་ཐོས་ལ་དབང་པོ་རྣོ་རྟུལ་གཉིས་ལས། རྣོན་པོས་ཉོན་སྒྲིབ་རྣམ་པས་ཅིག་ཅར་དུ་སྤོང་ནུས་ན། བྱང་སེམས་རིགས་ཅན་གསུམ་གྱི་ནང་ནས་རང་བཞིན་གྱིས་དབང་པོ་རྣོན་པོ་ཡིན་པས་ཤེས་སྒྲིབ་རྣམ་པས་ཅིག་ཅར་ཏུ་སྤོང་བར་གྲུབ་པའི་ཕྱིར་རོ། །ཀླན་ཀ་སྤང་ཚུལ་ལ། སློབ་དཔོན་གྱིས། ས་དགུ་ལ་ནི་ཆེན་པོ་ཡི། །ཞེས་པའི་སྐབས་སུ་གཉེན་པོ་ཆུང་རིམ་ནས་སྐྱེ་ཞིང་། སྤང་བྱ་ཆེ་རིམ་ནས་འགག་པར་བཤད་པ་ལ་དེ་ལྟ་བུའི་སྤང་གཉེན་གྱི་རིམ་པ་མི་འཐད་དོ་ཞེ་ན། གོས་ལ་ཆགས་པའི་དྲི་མ་རགས་པ་བཙོ་བླག་མཁན་གྱིས་འབད་པ་ཆུང་ངུས་སེལ་ལ། ཕྲ་མོ་འབད་པ་ཆེན་པོས་སེལ་དགོས་པའི་དཔེས་འཐད་པ་ཡིན་ནོ། །ཞེས་པ་ནི། དེ་ལ་ཀླན་ཀ་སྤངས་པ་ཡི། །ཞེས་པས་བསྟན། དེ་ལྟར་ཀླན་ཀ་སྤངས་ཟིན་ནས་བྱང་སེམས་ཀྱི་སྒོམ་ལམ་དེ་ཁམས་གསུམ་གྱི་ཤེས་པ་དང་། ཤེས་བྱ་མཉམ་ཉིད་དུ་རྟོགས་པའི་ཡུལ་ཅན་ཡིན་པས་སྒོམ་སྤང་ཤེས་སྒྲིབ་མ་ལུས་པའི་གཉེན་པོར་གྲུབ་བོ། །ཞེས་པ་ནི། ལམ་ནི་འཇལ་དང་ཞེས་སོགས་ཀྱིས་བསྟན་ཏོ། །ཉིར་སྣང་ལས། ཁམས་གསུམ་པ་ཡི་རྣམ་པ་ཅན། །འཇལ་དང་གཞལ་བྱ་མཉམ་པ་ཉིད། །དེ་ལ་ཀླན་ཀ་སྤངས་པ་ཡིས། །གཉེན་པོ་ཉིད་དུ་འདོད་པ་ཡིན། །ཞེས་བསྟན་ནས། གང་ལ་རྩོད་པའི་ཡུལ་ནི། ས་དགུ་ལ་ནི་ཆེན་པོ་ཡི། །ཞེས་པའི་སྐབས་སུ་སྤང་གཉེན་གྱི་རྣམ་གཞག་གསུངས་པ་དང་། འཇལ་དང་གཞལ་བྱ་མཉམ་པ་ཉིད། །ཅེས་པས། འཇལ་བྱེད་དང་གཞལ་བྱ་མཉམ་པ་ཉིད་དུ་བསྟན་པ་ལའོ། །ཇི་ལྟར་རྩོད་པའི་ཚུལ་ནི་འཇལ་བྱེད་དང་གཞལ་བྱ་མཉམ་པ་ཉིད་ཡིན་པ་དེ་མི་འཐད་པར་ཐལ། སྤང་གཉེན་གཉིས་སུ་རྟོག་པའི་སྒོ་ནས་སྤང་བྱ་ཆེ་རིམ་ནས་འགག་ཅིང་གཉེན་པོ་ཆུང་རིམ་ནས་སྐྱེ་བ་ཡིན་པའི་ཕྱིར་ཞེ་ན། དེའི་ལན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྨན་པར་ཡང་མི་བགྱི། གནོན་པར་ཡང་མི་བགྱིད་པ་ལགས་སོ་ཞེས་ཏེ། དོན་དམ་པར་སྤང་གཉེན་མ་གྲུབ་པས་སྤང་གཉེན་གཉིས་སུ་རྟོག་པར་མི་འགྱུར། ཞེས་པའི་དོན་ཏོ། །འོ་ན་ཚོགས་གཉིས་ལ་འབད་པས་ཅི་ཞིག་བསྐྱེད་སྙམ་ན། དེའི་ལན་དུ་བཅོམ་ལྡན་འདས་ཤེར་ཕྱིན་རྣམ་པར་དག་པ་ནི། ཆོས་འགའ་ཡང་ཡོངས་སུ་འཛིན་པར་མི་བགྱིད་ལགས་སོ་ཞེས་ཏེ། དོན་དམ་པར་ཚོགས་གཉིས་ཀྱིས་བསྐྱེད་པའི་འབྲས་བུ་ཡང་མེད་ཅེས་པའི་དོན་ཏོ། །འོ་ན་ཐོབ་པའམ་མངོན་པར་རྟོགས་པ་འགའ་ཡང་མེད་པར་འགྱུར་རོ་སྙམ་ན། དེའི་ལན་དུ་བཅོམ་ལྡན་འདས་དབྱིངས་རྣམ་པར་དག་པ་ལ་ནི་ཐོབ་པ་མ་མཆིས། མངོན་པར་རྟོགས་པ་མ་མཆིས་སོ་ཞེས་ཏེ། དོན་དམ་པར་ཐོབ་པར་བྱ་བ་དང་། མངོན་པར་རྟོགས་པ་ཡང་མེད། ཅེས་པའི་དོན་ཏོ། །དེ་ལྟར་དངོས་བསྟན་དོན་དམ་གྱི་ལན་རྣམས་ཀྱིས་ནི་གཉེན་པོ་སྒོམ་ལམ་ཡུལ་གྱི་གནས་ཚུལ་ལ་ཞུགས་པར་བསྟན་ཅིང་། ཤུགས་བསྟན་ཀུན་རྫོབ་ཏུ་སྤང་གཉེན་གྱི་རྣམ་གཞག་ཡོད་པ་དང་། ཚོགས་གཉིས་ཀྱིས་བསྐྱེད་པའི་འབྲས་བུ་ཡོད་པ་དང་། ཐོབ་པ་དང་མངོན་པར་རྟོགས་པ་ཡོད་པའི་ལན་རྣམས་ཀྱིས་ནི་ཀུན་རྫོབ་ཏུ་སྤང་གཉེན་འཐད་པར་བསྟན་པས། ཐེག་པ་ཆེན་པོའི་སྒོམ་ལམ་དེ་ཁམས་གསུམ་གྱི་ཤེས་སྒྲིབ་མཐའ་དག་གི་གཉེན་པོ་ཉིད་དུ་གྲུབ་པའི་དོན་བསྡུ་བ་ནི། གཉེན་པོ་ཉིད་དུ་འདོད་པ་ཡིན། །ཞེས་པའོ། །གཞན་ལ་ནི་བཤད་ཚུལ་ལྟ་བུ་མི་སྣང་ངོ་། །སྦས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད་ལས། སྐབས་གཉིས་པའི་གཞུང་སོ་སོའི་འབྲེལ་དང་དཀའ་བའི་གནས་རྣམས་ལེགས་པར་བཤད་ཟིན་ཏོ།། །།


previousལམ་ཤེས།next