Nitartha Digital Library
Tibetan
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ།


   
   
ཞུགས་གནས་ཀྱི་རྣམ་གཞག་སྐྱེས་བུ་མཆོག་གི་གསལ་བྱེད།
   
   
   
   


 
previousཞུགས་གནས་ཀྱི་རྣམ་གཞག་སྐྱེས་བུ་མཆོག་གི་གསལ་བྱེད།next

ཞུགས་གནས་ཀྱི་རྣམ་གཞག་སྐྱེས་བུ་མཆོག་གི་གསལ་བྱེད།

ཞུགས་གནས་ཀྱི་རྣམ་གཞག་སྐྱེས་བུ་མཆོག་གི་གསལ་བྱེད་ཅེས་བྱ་བ་བཞུགས་སོ།། དགེ་འདུན་དཀོན་མཆོག་གི་རྣམ་པར་གཞག་པ་སྐྱེས་བུ་མཆོག་གི་གསལ་བྱེད་ཅེས་བྱ་བ། བླ་མ་དང་ལྷག་པའི་ལྷ་མཆོག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འཕགས་མཆོག་གང་གིས་བདེ་གཤེགས་སྙིང་པོ་ཇི་བཞིན་ཡང་དག་ལེགས་གཟིགས་ནས། །སྐྱེ་སོགས་རྣམས་ལས་འདས་ཀྱང་སྙིང་རྗེའི་དབང་གིས་སྐྱེ་སོགས་ཚུལ་སྟོན་པ། །གང་གིས་མཚོན་བྱེད་ཐོས་སྒྲོགས་བསེ་རུར་བཅས་པའི་ཚོགས་ལ་གུས་བཏུད་ནས། །མཚོན་བྱ་མཚོན་བྱེད་མཚོན་ཚུལ་རྣམ་གཞག་འཁྲུལ་མེད་ངག་གིས་འདིར་བརྗོད་བྱ།། །།དཀོན་མཆོག་གསུམ་ལ་འདོམས་པའི་གདམས་ངག་གི་སྐབས་སུ་དགེ་འདུན་དཀོན་མཆོག་གི་རྣམ་གཞག་འཆད་པ་ལ་གསུམ་སྟེ། མཚོན་བྱ་དོན་གྱི་དགེ་འདུན་ཤེར་ཕྱིན་ལས་གསུངས་པའི་ཚུལ། མཚོན་བྱེད་དཔེའི་དགེ་འདུན་མངོན་པ་ནས་གསུངས་པའི་ཚུལ། མཚོན་བྱེད་དེས་མཚོན་བྱ་དེ་ཇི་ལྟར་མཚོན་པའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། མདོ་ལས་གསུངས་པའི་ཚུལ། བསྟན་བཅོས་སུ་བསྡུས་པའི་ཚུལ། དེ་དག་གི་དགོངས་པ་དཔྱད་པའོ། །དང་པོ་ནི། ཡུམ་བར་མ་ལས། དད་པས་རྗེས་སུ་འབྲང་བའི་དབང་དུ་མཛད་ནས་གསུངས་པ་ནི། དེ་ལ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མིའི་ནང་ནས་ཤི་འཕོས་ནས་མི་རྣམས་དང་སྐལ་བ་མཉམ་པ་ཉིད་དུ་སྐྱེས་པ་དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་མ་གཏོགས་པར་དབང་པོ་རྟུལ་བ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཆོས་ཀྱི་རྗེས་སུ་འབྲང་བའི་དབང་དུ་མཛད་ནས་གསུངས་པ་ནི། ཤཱ་རིའི་བུ་དེ་ལ་བྱང་སེམས་ཆེན་པོ་གང་སངས་རྒྱས་ཀྱི་ཞིང་གཞན་ནམ་དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ནས་འདིར་སྐྱེས་པ་དེ་ནི་དབང་པོ་རྣོན་པོར་འགྱུར་ཞིང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འབྲས་བུ་གཉིས་པ་དང་གསུམ་པ་ལ་ཞུགས་པ་དད་མོས་ཀྱི་དབང་དུ་མཛད་ནས་གསུངས་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཐབས་མི་མཁས་པ་གང་དག་བསམ་གཏན་བཞི་པོ་དག་ནི་སྒྲུབ་པར་བྱེད་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་སྤྱོད་པར་བྱེད་ཅིང་བསམ་གཏན་ཐོབ་པ་དེས་ཀྱང་ལྷ་ཚེ་རིང་པོའི་ནང་དུ་སྐྱེས་ཏེ་དེ་ནས་ཤི་འཕོས་ནས་དེ་དག་གལ་ཏེ་འདོད་པའི་ཁམས་སུ་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེས་ན་དེ་དག་གི་དབང་པོ་རྣམས་རྟུལ་པོར་འགྱུར་གྱི་རྣོན་པོ་མི་འགྱུར་བ་དག་ཀྱང་ཡོད་དོ། །ཞེས་བྱ་བའོ། །མཐོང་ཐོབ་ཀྱི་དབང་དུ་མཛད་ནས་གསུངས་པ་ནི། ཤཱ་རིའི་བུ་བྱང་སེམས་ཐབས་ལ་མཁས་པ་གང་དག་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྙོམས་པར་བཞུགས་ཤིང་། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་རྣམས་ལ་ཡང་སྙོམས་པར་འཇུག་ལ། བསམ་གཏན་ལ་སོགས་པའི་དབང་གིས་ནི་མ་ཡིན་ཏེ། འོན་ཀྱང་ཐབས་ལ་མཁས་པས་གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་མཉེས་པར་བྱེད་པ་དེ་དང་དེ་དག་ཏུ་སྐྱེ་བར་འགྱུར་བ་དག་ཡོད་དོ། །དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་དང་མ་བྲལ་བས་བསྐལ་པ་བཟང་པོ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཞེས་བྱ་བ་ཡིན་ནོ། །ལན་གཅིག་ཕྱིར་འོང་བའི་དབང་དུ་མཛད་ནས་གསུངས་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་དག་ཐབས་ལ་མཁས་པས་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་ཞེས་བྱ་བ་ནས་རྒྱ་ཆེར་དགའ་ལྡན་གྱི་གནས་སུ་ཚེ་ཇི་སྲིད་ཀྱི་བར་དུ་གནས་ནས་དེ་ནས་ཤི་འཕོས་ཏེ་འདིར་སྐྱེ་བ་ཡང་དག་པར་བསྟན་ཏེ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའང་ཡོད་དོ་ཞེས་བྱ་བའི་བར་རོ། །ཕྱིར་མི་འོང་བའི་དབང་དུ་མཛད་ནས་གསུངས་པ་ནི། ཤཱ་རིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་དྲུག་ཐོབ་པ་གང་དག་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སུ་མི་སྐྱེའི། འོན་ཀྱང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་བ་ཞེས་བྱ་བ་ནས་བརྩམས་ཏེ། གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པ་དེ་དང་དེར་སྐྱེ་བར་འགྱུར་བར་བྱེད་པ་དག་ཀྱང་ཡོད་དོ་ཞེས་བྱ་བ་ཡིན་ནོ། །རྒྱུན་ཞུགས་རིགས་ནས་རིགས་སྐྱེ་ལ་གཉིས་ལས། མིའི་རིགས་ནས་རིགས་སྐྱེ་ནི་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་དག་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བསྐྱེད་ནས་ཐབས་ལ་མཁས་པས་མིའི་རིགས་རྣམས་སུ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་སུ་སྐྱེ་བར་འགྱུར་བ་དག་ཡོད་དོ་ཞེས་གང་གསུངས་པ་ཡིན་ནོ། །གཉིས་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བསམ་གཏན་ལ་སོགས་པ་ཐོབ་པ་གང་དག་ཐབས་ལ་མཁས་པས་རྒྱལ་ཆེན་བཞིའི་རིས་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་བར་དུ་སྐྱེས་ཏེ་ཞེས་བྱ་བ་ནས། དེར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མཉེས་པར་བྱེད་པ་དག་ཡོད་དོ་ཞེས་བྱ་བའི་བར་དུ་གང་གསུངས་པ་ཡིན་ནོ། །ལན་གཅིག་ཕྱིར་འོང་བ་ཞེས་གང་གསུངས་པ་དེ་ཉིད་བར་ཆད་གཅིག་པ་ཡིན་པ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་དག་བསམ་གཏན་བཞི་ནས་འཕགས་པའི་བདེན་པ་བཞིའི་བར་དུ་ཐོབ་ཀྱང་དེ་དག་མངོན་དུ་མི་བྱེད་པ་དག་ཡོད་དེ། དེ་དག་ནི་ཚེ་གཅིག་གིས་ཐོགས་པར་ཤེས་པར་བྱའོ་ཞེས་གང་གསུངས་པ་ཡིན་ནོ། །ཕྱིར་མི་འོང་ལ་བདུན་ལས། དང་པོ་བར་འདའ་བ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་བསམ་གཏན་ལ་སོགས་པ་ཐོབ་པ་གང་དག་ཐབས་ལ་མཁས་པས་ཚངས་རིས་ཀྱི་ལྷ་རྣམས་ཀྱི་བར་དུ་སྐྱེ་བར་འགྱུར་བ་དག་ཡོད་དོ་ཞེས་གང་གསུངས་པའོ། །གཉིས་པ་སྐྱེས་འདའ་བ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་དག་དང་པོར་སེམས་བསྐྱེད་པ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་ཞིང་ཞེས་བྱ་བ་ནས། དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་བསྐལ་པའམ་བསྐལ་པ་ལས་ལྷག་པར་གནས་པ་དག་ཡོད་དོ་ཞེས་གང་གསུངས་པའོ། །གསུམ་པ་མངོན་པར་འདུ་བྱེད་དང་བཅས་པས་འདའ་བ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་གང་དག་འཇིག་རྟེན་གྱི་ཁམས་ནས་འཇིག་རྟེན་གྱི་ཁམས་སུ་འདོང་ཞིང་དེ་དག་སེམས་ཅན་རྣམས་ཀྱི་དོན་ལ་མངོན་པར་བརྩོན་ཏེ་ཞེས་བྱ་བ་ནས། བསྐལ་པ་གྲངས་མེད་པ་ཚད་མེད་པ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དག་ཡོད་དོ་ཞེས་བྱ་བའི་བར་གང་གསུངས་པའོ། །བཞི་པ་འདུ་བྱེད་མེད་པས་འདའ་བ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་དག་དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་གནས་ཤིང་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཞིང་གཞན་དང་གཞན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དག་ཡོད་དོ་ཞེས་བྱ་བའི་བར་གང་གསུངས་པའོ། །ལྔ་པ་གོང་འཕོ་ལ་གཉིས་ལས། འོག་མིན་མཐར་ཐུག་འགྲོ་ནི། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་གང་དག་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ནས་སེམས་ཅན་རྣམས་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཉེ་བར་སྒྲུབ་ཅིང་ཟས་འདོད་པ་རྣམས་ལ་ཟས་ཞེས་བྱ་བ་ནས་བརྩམས་ཏེ། སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཞག་ནས་ཚངས་རིས་ཀྱི་ལྷ་རྣམས་ནས་འོག་མིན་གྱི་བར་དུ་སྐྱེས་ཏེ་སངས་རྒྱས་ཀྱི་ཞིང་རྣམ་པ་སྣ་ཚོགས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དག་ཡོད་དོ་ཞེས་བྱ་བའི་བར་གང་གསུངས་པའོ། །དེ་ལ་གསུམ་ལས་འཕར་བ་ནི། ཤཱ་རིའི་བུ་བྱང་སེམས་ཆེན་པོ་གང་དག་བསམ་གཏན་བཞི་རྫོགས་པར་བྱས་ནས་བསམ་གཏན་ལས་ཡོངས་སུ་ཉམས་ནས་བསམ་གཏན་དང་པོ་བསྒྲུབས་ཏེ་ཚངས་རིས་ཀྱི་ལྷ་རྣམས་སུ་སྐྱེས་ཤིང་། དེ་དག་ཀྱང་བསམ་གཏན་བསྒྲུབས་ནས་འོག་མིན་གྱི་ལྷ་རྣམས་སུ་སྐྱེས་ཏེ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དག་ཡོད་དོ་ཞེས་གང་གསུངས་པའོ། །ཕྱེད་འཕར་ནི། ཤཱ་རིའི་བུ་བྱང་སེམས་ཆེན་པོ་གང་དག་ཚངས་པའི་འཇིག་རྟེན་ནས་ཤི་འཕོས་ནས་གནས་གཙང་མར་སྐྱེས་ཏེ། དེ་དག་གནས་གཙང་མའི་གནས་གཅིག་གམ་གཉིས་ལས་བརྒལ་ཏེ་འོག་མིན་གྱི་བར་དུ་སྐྱེས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་རྣམས་སུ་ཞེས་བྱ་བ་ལ་སོགས་པ་གང་གསུངས་པའོ། །གནས་ཐམས་ཅད་དུ་འཆི་འཕོ་བ་ནི། ཤཱ་རིའི་བུ་བྱང་སེམས་ཆེན་པོ་གང་དག་དགའ་ལྡན་གྱི་གནས་སྦྱངས་ནས་ཚངས་རིས་ནས་འོག་མིན་གྱི་བར་དུ་སྐྱེས་ཏེ། ཐབས་ལ་མཁས་པས་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་པ་དག་ཕྱོགས་བཅུ་རྣམས་སུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་པ་དང་ཞེས་བྱ་བ་ལ་སོགས་པ་གང་གསུངས་པའོ། །སྲིད་རྩེའི་མཐར་ཐུག་འགྲོ་ནི། ཤཱ་རིའི་བུ་བྱང་སེམས་ཆེན་པོ་གང་དག་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་སྒྲུབ་པར་བྱེད་པ་དག་ཚངས་རིས་ནས་དགེ་རྒྱས་ཀྱི་བར་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་ཞིང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་སྲིད་པའི་རྩེ་མོའི་བར་དུ་སྐྱེ་བར་འགྱུར་ལ། དེ་ནས་སངས་རྒྱས་ཀྱི་ཞིང་རྣམ་པ་སྣ་ཚོགས་པ་རྣམས་སུ་སྐྱེ་བ་ཞེས་གསུངས་པ་ཡིན་ནོ། །དྲུག་པ་གཟུགས་ཀྱི་ཆགས་བཅོམ་ནི། ཤཱ་རིའི་བུ་བྱང་སེམས་ཆེན་པོ་གང་དག་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས་སྲིད་རྩེའི་བར་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་ལ། དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཡོད་དོ་ཞེས་གང་གསུངས་པའོ། །བདུན་པ་མཐོང་ཆོས་ཞི་ནི། ཤཱ་རིའི་བུ་བྱང་སེམས་ཆེན་པོ་གང་དག་ལུས་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་ཅིང་དབང་པོ་ཡོངས་སུ་དག་པ་བླ་ན་མེད་པ་རྣམས་དང་ལྡན་ཏེ་ནམ་ཡང་ངན་སོང་ངན་འགྲོར་ལོག་པར་ལྟུང་བར་སྐྱེ་བར་མི་འགྱུར་བ་དང་ཞེས་བྱ་བ་ནས། དེ་དག་ལ་གནས་ཀྱང་སངས་རྒྱས་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དུ་མ་ལ་བཀུར་སྟི་བྱས། མཆོད་པར་བྱས། བརྗེད་པར་བྱས་ནས་འདི་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་དག་ཡོད་དོ་ཞེས་གསུངས་པ་ཡིན་ནོ། །ལུས་མངོན་བྱེད་ནི། ཤཱ་རིའི་བུ་བྱང་སེམས་ཆེན་པོ་གང་དག་ཤེར་ཕྱིན་ལ་སྤྱོད་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་རྣམ་པར་རྩེ་ཞིང་དེ་དག་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ །དེ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལའོ། །དེ་ལས་ལངས་ནས་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ་ཞེས་བྱ་བ་ནས། ཤཱ་རིའི་བུ་དེ་ལྟར་བྱང་སེམས་ཆེན་པོ་ཤེར་ཕྱིན་ལ་སྤྱོད་པ་ཐབས་མཁས་པས་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་ཞེས་བྱ་བ་ལ་སོགས་པའི་བར་དུ་གསུངས་པ་ཡིན་ནོ། །དགྲ་བཅོམ་ཞུགས་པ་ནི། ཤཱ་རིའི་བུ་བྱང་སེམས་ཆེན་པོ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ནས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཆོས་རྣམས་སྣང་བར་བྱེད་ཅིང་། བདག་ཉིད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སངས་རྒྱས་ཀྱི་ཆོས་ཀྱི་སྣང་བ་དང་འབྲལ་བར་མི་བྱེད་པ་དག་ཡོད་དོ་ཞེས་གསུངས་པ་ཡིན་ནོ། །དགྲ་བཅོམ་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ལ། དེའང་སངས་རྒྱས་དཀོན་མཆོག་ལ་གདམས་པར་བསྟན་པས་འདིར་ཡང་མ་སྨོས་སོ། །བྱང་ཆུབ་སེམས་དཔའ་རང་སངས་རྒྱས་ཀྱི་དབང་དུ་མཛད་ནས་གསུངས་པ་ནི། ཤཱ་རིའི་བུ་བྱང་སེམས་ཆེན་པོ་གང་དག་སངས་རྒྱས་མི་བཞུགས་ཤིང་ཉན་ཐོས་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་རང་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དག་ཡོད་དོ། །དེ་དག་ཐབས་ལ་མཁས་པས་སྲོག་ཆགས་བྱེ་བ་ཕྲག་བརྒྱ་སྟོང་མང་པོ་ཐེག་པ་གསུམ་པོ་རྣམས་སུ་ཡོངས་སུ་སྨིན་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ་ཞེས་བྱ་བ་ཡིན་ནོ། །འདིའི་མཚམས་སྦྱོར་གྱི་ཚིག་རྣམས་ནི་ཉིར་སྣང་ཇི་ལྟ་བ་བཞིན་དུ་བྲིས་པ་ཡིན་ལ། འདི་དག་གི་ཐོག་མར་བཅོམ་ལྡན་འདས་གང་ཞིག་ཤེར་ཕྱིན་གྱི་གནས་པ་འདིས་གནས་པའི་བྱང་སེམས་དེ་གང་ནས་ཤི་འཕོས་ནས་འདིར་སྐྱེས་པ་ལགས། འདི་ནས་ཤི་འཕོས་ནས་ནི་གང་དུ་སྐྱེ་བར་འགྱུར་ཞེས་བྱ་བའི་དྲི་བའི་ཚིག་ལ་གང་གི་ཕྱིར་བརྒྱད་པའི་དབང་དུ་མཛད་ནས་གསུངས་པ་ནི་ཞེས་པའི་མཚམས་སྦྱོར་གསུངས་སོ། །གཉིས་པ་ནི། མདོ་འདི་དག་གི་དོན་བསྟན་བཅོས་ལས། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་སོགས་ཚིགས་བཅད་གཉིས་སུ་བསྡུས་ཤིང་། དགེ་འདུན་གྱི་གྲངས་ཉི་ཤུར་ངེས་པར་གསུངས་སོ། །གསུམ་པ་ནི། དེ་ལ་མདོ་དང་བསྟན་བཅོས་ཀྱི་དགེ་འདུན་གྱི་གྲངས་བསྒྲིག་པའི་ཚུལ་ལ། རྒྱ་བོད་ཀྱི་མཁས་པ་རྣམས་ཀྱི་བཞེད་པ་བཀོད་པ་དང་། མདོ་དང་བསྟན་བཅོས་ཀྱི་དགོངས་པ་ངོས་གཟུང་བ་གཉིས་ལས། དང་པོ་ལའང་མདོ་ནས་ཁ་བསྐང་བའི་ལུགས་དང་། བསྟན་བཅོས་ཀྱི་དངོས་བསྟན་བགྲང་བའི་ཚུལ་གཉིས་སོ། །དང་པོ་ལ་རཏྣ་ཀཱིརྟིའི་ལུགས། སློབ་དཔོན་གྱི་ལུགས། འཕགས་པའི་ལུགས་དང་གསུམ་ལས། དང་པོ་ནི་འགྲེལ་པ་གྲགས་པའི་ཆ་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པ་སོ་སོའི་སྐྱེ་བོ་ནས་བཟུང་སྟེ། ཇི་སྲིད་ས་བཅུ་ལ་རབ་ཏུ་ཞུགས་པའི་སྣ་ཚོགས་པའི་རབ་ཏུ་དབྱེ་བས་ཕྱེ་བའི་བློ་དང་ལྡན་པའི་བདག་ཉིད་ཆེན་པོ་དེ་རྣམས་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །དགེ་སློང་གི་སྡོམ་པ་བླངས་པ་སོ་སོའི་སྐྱེ་བོ་ནས་བཟུང་སྟེ། ཇི་སྲིད་ཁམས་གསུམ་ལ་འདོད་ཆགས་དང་བྲལ་བ་གང་ཟག་ཆེན་པོ་བརྒྱད་ལ་སོགས་པའི་དབྱིབས་ཕྱེ་བའི་བདག་ཉིད་ཆེན་པོ་དེ་རྣམས་ཐམས་ཅད་ནི་ཉན་ཐོས་ཀྱི་དགེ་འདུན་ནོ་ཞེས་དང་། ད་ནི་འཕགས་པའི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཐུན་མོང་གི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་གསུངས་པ། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་པ་ནས། དད་པས་ཐོབ་པ་དང་། མཐོང་བས་ཐོབ་པ་དང་། རྒྱུན་དུ་ཞུགས་པ་དང་། ལྷའི་རིགས་ནས་རིགས་དང་། མིའི་རིགས་ནས་རིགས་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་སོ་སོར་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། བར་ཆད་གཅིག་པ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་སོ་སོར་ཞུགས་པ་དང་། བར་མ་དོ་དང་། སྐྱེས་ནས་དང་། མངོན་པར་འདུ་བྱེད་པ་དང་བཅས་པ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། འཕར་བ་དང་། ཕྱེད་དུ་འཕར་བ་དང་། གནས་ཐམས་ཅད་དུ་འཕར་བ་ཕྱིར་མི་འོང་བ་དང་། མཐོང་བའི་ཆོས་ལ་ཞི་བ་ཕྱིར་མི་འོང་བ་དང་། ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་འབྲས་བུ་ལ་སོ་སོར་ཞུགས་པ་དང་། ཉན་ཐོས་ཀྱི་སངས་རྒྱས་ནི་སངས་རྒྱས་དཀོན་མཆོག་གི་ནང་དུ་འདུས་པས་ན་རང་སངས་རྒྱས་དང་ཞེས་པ་སྟེ་ཉི་ཤུའོ་ཞེས་བཤད་དོ། །དེ་དག་གི་དོན་ནི། སྤྱིར་བྱང་སེམས་དང་ཉན་ཐོས་ཀྱི་དགེ་འདུན་ཙམ་སེམས་བསྐྱེད་དང་། དགེ་སློང་གི་སྡོམ་པ་བླངས་པ་ནས་འཇོག་ཀྱང་། འདིར་བསྟན་གྱི་དགེ་འདུན་ནི་འཕགས་པ་ཁོ་ན་ཡིན་པས་མདོ་ནས་ཁ་བསྐང་བ་ལ་རྒྱུན་ཞུགས་འབྲས་གནས་ཙམ་པོ། ཕྱིར་འོང་ཞུགས་པ་དང་འབྲས་གནས་ཙམ་པོ། ཕྱིར་མི་འོང་ཞུགས་པ། དགྲ་བཅོམ་ཞུགས་པ་སྟེ་ལྔ། བསྟན་བཅོས་ཀྱི་དངོས་བསྟན་ལ་བཅོ་ལྔ་སྟེ་ཉི་ཤུའོ། །དབང་པོ་རྟུལ་པོ་དང་རྣོན་པོ་གཉིས་ནི་དད་མོས་མཐོང་ཐོབ་ཀྱི་བྱེ་བྲག་ཡིན་པས་དབྱེ་བར་མི་བགྲང་། སྲིད་རྩེའི་མཐར་ཐུག་འགྲོ་དང་། གཟུགས་ཀྱི་ཆགས་བཅོམ་གཉིས་མཐོང་ཆོས་ཞི་དང་ལུས་མངོན་བྱེད་ཀྱི་དབྱེ་གཞི་ཡིན་པས་མི་བགྲང་། འོག་མིན་འགྲོ་ཡང་འཕར་གསུམ་གྱི་དབྱེ་གཞི་ཡིན་པས་མི་བགྲང་ངོ་། །གཉིས་པ་སློབ་དཔོན་གྱི་ལུགས་ནི། རྒྱུན་ཞུགས་ཞུགས་པ་ལ་རྗེས་འབྲང་གཉིས། རྒྱུན་ཞུགས་འབྲས་གནས་ཙམ་པོ་ཁ་བསྐང་། ཁྱད་པར་ཅན་རིགས་ནས་རིགས་སྐྱེས་གཉིས་ཏེ། རྒྱུན་ཞུགས་ཀྱི་སྐོར་ལ་ལྔའོ། །ཕྱིར་འོང་ཞུགས་པ་དད་མོས་མཐོང་ཐོབ་གཉིས་གཅིག་ཏུ་བསྡུས་པ་དང་། འབྲས་གནས་ཙམ་པོ་ཁ་བསྐང་། ཁྱད་པར་ཅན་བར་ཆད་གཅིག་པ་སྟེ་ཕྱིར་འོང་གི་སྐོར་གསུམ་མོ། །ཕྱིར་མི་འོང་ལ་ཞུགས་པ་སྔར་དང་འདྲ་བ་དང་། འབྲས་གནས་ལ་འདའ་བ་བཞི། འཕར་བ་གསུམ། མཐོང་ཆོས་ཞི། ལུས་མངོན་བྱེད་དེ་ཕྱིར་མི་འོང་གི་སྐོར་བཅུ། དགྲ་བཅོམ་ཞུགས་པ་ཁ་བསྐང་། རང་སངས་རྒྱས་དང་ཉི་ཤུ་སྟེ་དངོས་བསྟན་བཅུ་བདུན། ཁ་སྐོང་གསུམ་མོ། །འོག་མིན་འགྲོ་དང་། སྲིད་རྩེའི་མཐར་ཐུག་འགྲོ་དང་། གཟུགས་ཀྱི་ཆགས་བཅོམ་རྣམས་མིང་བགྲང་བའི་ཚུལ་ནི་སྔར་ལྟར་རོ།། །།གསུམ་པ་འཕགས་པའི་ལུགས་ལ། རྔོག་ལོ་ཆེན་པོ་ལྟར་ན། འཇིག་རྟེན་ལས་འདས་པའི་སེམས་དང་པོ་བསྐྱེད་པ་དང་སྤྱོད་པ་ལ་ཞུགས་པ་དང་། ཕྱིར་མི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་དང་བཞི་ལས། དང་པོ་ལ་སློབ་དཔོན་གྱི་བཞེད་པ་ལྟར་གྱི་རྒྱུན་ཞུགས་ཀྱི་སྐོར་ལྔའོ། །གཉིས་པ་ལ། དད་མོས་མཐོང་ཐོབ་གཉིས། ཕྱིར་འོང་འབྲས་གནས་ཙམ་པོ་གཅིག ཁྱད་པར་ཅན་བར་ཆད་གཅིག་པ་སྟེ་བཞིའོ། །གསུམ་པ་ལ། ཕྱིར་མི་འོང་འབྲས་གནས་ཙམ་པོ་གཅིག ཁྱད་པར་ཅན་འདའ་བ་བཞི། གོང་འཕོ། གཟུགས་ཀྱི་ཆགས་བཅོམ། མཐོང་ཆོས་ཞི། ལུས་མངོན་བྱེད་དང་དགུའོ། །བཞི་པ་ནི་དགྲ་བཅོམ་ཞུགས་པའོ། །རང་སངས་རྒྱས་ཀྱང་ཅི་རིགས་པར་དེ་བཞིར་འདུ་བ་ཉིད་དོ། །དེས་ན་རྩ་ཚིག་གིས་བཅུ་དྲུག་ཟིན་པར་བྱས་ནས་འབྲས་བུ་དང་པོ་གསུམ་གྱི་འབྲས་གནས་ཙམ་པོ་གསུམ། དགྲ་བཅོམ་ཞུགས་པ་སྟེ་བཞི་ཁ་བསྐང་བར་བཞེད་དོ། །འབྲེས་འཕགས་པའི་དགོངས་པ་བླངས་པ་ལྟར་ན། བརྒྱད་པ་བགྲངས་ནས་རྒྱུན་ཞུགས་འབྲས་གནས་ཙམ་པོ་མི་བགྲང་ངོ་། །མཁན་ཆེན་པས་ཀྱང་འཕགས་པའི་དགོངས་པ་འདི་ལྟར་དུ་མཛད་ཅིང་། རོང་སྟོང་ཆེན་པོས་ཀྱང་བརྒྱད་པར་བགྲང་བ་འདི་དང་ཆ་འདྲ་བ་ལས། དབང་པོ་རྣོ་རྟུལ་གཉིས་རྒྱུན་ཞུགས་འབྲས་གནས་ཙམ་པོར་མཛད། ཕྱིར་འོང་ལ་ཞུགས་པ་དད་མོས་དང་མཐོང་ཐོབ་གཅིག་ཏུ་བསྡུས་པས་གསུམ་མོ། །ཕྱིར་མི་འོང་ལ་ཞུགས་པ་དད་མོས་དང་མཐོང་ཐོབ་གཅིག་ཏུ་བསྡུས་པ་དང་། དོན་གྱིས་ཐོབ་པ་འབྲས་གནས་ཙམ་པོ་དང་། ཁྱད་པར་ཅན་བརྒྱད་སྔར་བཞིན་ཏེ་བཅུའོ། །དགྲ་བཅོམ་ཞུགས་པ་ཁ་བསྐང་བ་དང་། རང་སངས་རྒྱས་ཏེ་ཉི་ཤུ་ཅེས་བཞེད་དོ། །དེ་དག་ལ་བརྒྱད་པ་ཁ་བསྐང་བ་ནི་འཕགས་པའི་དགོངས་པ་མ་ཡིན་ཏེ། ཉིར་སྣང་ལས་རེ་ཞིག་བྱང་ཆུབ་སེམས་དཔའ་དད་པས་རྗེས་སུ་འབྲང་བ་ནས་བརྩམས་ནས་བྱང་ཆུབ་སེམས་དཔའ་རང་སངས་རྒྱས་ཀྱི་བར་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ལོ་ཙཱ་བས། དད་མོས་མཐོང་ཐོབ་གཉིས་ཕྱིར་འོང་ཞུགས་པའི་སྐབས་སུ་སོ་སོར་བགྲངས་ནས། ཕྱིར་མི་འོང་ཞུགས་པའི་སྐབས་སུ་མི་བགྲང་བ་ཡང་དགོངས་པ་མ་ཡིན་ཏེ། ཉིར་སྣང་ལས། འབྲས་བུ་གཉིས་པ་དང་གསུམ་པ་ལ་ཞུགས་པ་དད་པས་ལྷག་པར་མོས་པའི་དབང་དུ་མཛད་ནས་ཞེས་དང་། འབྲས་བུ་གཉིས་པ་དང་གསུམ་པ་ལ་ཞུགས་པ་མཐོང་བས་ཐོབ་པའི་དབང་དུ་མཛད་ནས་ཞེས་གསུངས་པའི་ཕྱིར་རོ། །དེས་དད་མོས་མཐོང་ཐོབ་གཉིས་ཕྱིར་འོང་ཞུགས་པའི་སྐབས་སུ་གཅིག་ཏུ་བགྲང་། ཕྱིར་མི་འོང་ཞུགས་པའི་སྐབས་སུ་གཅིག་ཏུ་བགྲངས་ནས་ཞུགས་པ་གཉིས་བགྲངས་པ་ཡང་ཁེགས་སོ། །ཐུན་མོང་དུ་ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་ལ་བརྒྱད་དུ་བྱེད་པ་ཡང་མི་འཐད་དེ། གོང་འཕོ་ལ་ལྔ་པ་དང་། གཟུགས་ཀྱི་ཆགས་བཅོམ་ལ་དྲུག་པ་དང་། མཐོང་ཆོས་ཞི་ལ་བདུན་པ་ཞེས་པའི་ཐ་སྙད་གསུངས་ཀྱང་། ལུས་མངོན་བྱེད་ལ་བརྒྱད་པ་ཞེས་པའི་ཐ་སྙད་མ་གསུངས་པའི་ཕྱིར་རོ། །གལ་ཏེ་དེ་ཉིད་དོན་གྱིས་ཐོབ་བོ་སྙམ་ན། དེ་ཡང་མ་ཡིན་ཏེ། མཐོང་ཆོས་ཞི་ཡན་ཆད་ལ་བདུན་དུ་མཛད་པ་ནི་མཛོད་ལས། གཟུགས་སུ་ཉེར་འགྲོ་ལ་ལྔར་ཕྱེ་ནས་གཟུགས་མེད་ཉེར་འགྲོ་ལ་དྲུག་པ་དང་། མཐོང་ཆོས་ཞི་ལ་བདུན་པ་ཅེས་པ་དང་མཐུན་པར་གསུངས་པ་ཡིན་གྱི་སྐབས་འདིའི་དགེ་འདུན་གྱི་གྲངས་བགྲང་ཚུལ་མིན་པའི་ཕྱིར་རོ། །གཞན་དུ་ན་ལུས་མངོན་བྱེད་ལ་བརྒྱད་པ་ཅེས་པའི་ཐ་སྙད་མ་གསུངས་པའི་རྒྱུ་མཚན་ཅི་ཡིན་སྨྲོས་ཤིག འོ་ན་འཕགས་པའི་དགོངས་པ་ཇི་ལྟར་ཡིན་སྙམ་ན། རྒྱུན་ཞུགས་ཞུགས་པ་ལ་རྗེས་འབྲང་གཉིས། འབྲས་བུ་བར་པ་གཉིས་ཀྱི་ཞུགས་པ་ལ་དད་མོས་མཐོང་ཐོབ་གཉིས། དོན་གྱིས་ཐོབ་པ་ཕྱིར་འོང་དང་ཕྱིར་མི་འོང་ཙམ་པོ་གཉིས། རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་རིགས་ནས་རིགས་སྐྱེ་གཉིས་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་བར་ཆད་གཅིག་པ། ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་ལ་འདའ་བ་བཞི། གོང་འཕོ་གཉིས། གཟུགས་ཀྱི་ཆགས་བཅོམ། མཐོང་ཆོས་ཞི། ལུས་མངོན་བྱེད་དེ་དགུ། དོན་གྱིས་ཐོབ་པ་དགྲ་བཅོམ་ཞུགས་པ། བསེ་རུ་དང་ཉི་ཤུའོ། །བརྒྱད་པ་ལ་མདོ་སྦྱོར་གསུངས་པ་ནི་དྲི་བའི་ཚིག་དང་སྦྱར་གྱི་ལན་དང་སྦྱར་བ་མི་སྣང་ངོ་། །འདི་འཕགས་པའི་དགོངས་པ་ཡིན་མིན་ཉི་ཁྲི་སྣང་བར་ཞིབ་དུ་གཟིགས་ཤིག གཉིས་པ་བསྟན་བཅོས་ཀྱི་དངོས་བསྟན་བགྲང་བའི་ཚུལ་ནི་ཤཱནྟི་པ་དང་། བུདྡྷ་ཤྲཱི་གཉིས་ཀྱི་ལུགས་ཏེ། འདི་ལ་དབང་པོའི་སྒོ་ནས་ཕྱེ་བ་བཞི། འབྲས་བུའི་སྒོ་ནས་ཕྱེ་བ་བཅོ་ལྔ། རང་རྒྱལ་གྱི་མིང་ཅན་དང་ཉི་ཤུའོ། །དང་པོ་ནི། རྒྱུན་ཞུགས་ཞུགས་པ་དབང་པོ་རྟུལ་པོ་དང་། རྣོན་པོ་གཉིས་ལས། འབྲས་བུ་བར་པ་གཉིས་ཀྱི་ཞུགས་པ་དད་མོས་དང་མཐོང་ཐོབ་གཉིས་སོ། །གཉིས་པ་ནི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་རིགས་ནས་རིགས་སྐྱེ་གཉིས། ཕྱིར་འོང་འབྲས་གནས་ཁྱད་པར་ཅན་བར་ཆད་གཅིག་པ། ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་ལ་འདའ་བ་བཞི། འོག་མིན་འགྲོ། འཕར་བ་གསུམ། སྲིད་རྩེར་འགྲོ། གཟུགས་ཀྱི་ཆགས་བཅོམ། མཐོང་ཆོས་ཞི། ལུས་མངོན་བྱེད་རྣམས་སོ། །གསུམ་པ་ནི་བསེ་རུའི་མིང་ཅན་ནོ། །ཞེས་བཞེད་དོ། །འདི་དག་ལའང་མི་འཐད་པའི་ཆ་ཅུང་ཟད་ཡོད་པ་ནི་རང་ལུགས་ཀྱི་སྐབས་སུ་རྟོགས་པར་འགྱུར་རོ། །འབྲེ་ཆེན་པོས་འཕགས་སེང་གི་ལུགས་སོ་སོར་བཀག་ནས་རང་ལུགས་བཞག་པ་འདི་ལྟར་མཛད་དེ། ཚིག་ལེར་བཅས་ལས་མ་གསུངས་དང་། །དེ་རྣམས་བྱེ་བྲག་མེད་ཕྱིར་དང་། །མདོ་གཞན་དོན་ཡང་མ་ཚང་དང་། །མདོ་འདི་ཉིད་ལ་མི་གསལ་ཕྱིར། །དབྱེ་བ་འདི་ནི་རིགས་མ་ཡིན། །གོ་རིམ་གཞུང་དང་མི་མཐུན་དང་། །རྒྱུ་མཚན་དང་པོ་གསུམ་གྱི་ཕྱིར། །དབྱེ་བ་གཞན་ཡང་མི་འཐད་དོ། །བསྟན་བཅོས་གཞན་གྱི་རྗེས་འབྲང་ནས། །དབྱེ་འོ་ཞེ་ན་མ་ཡིན་ཏེ། །འབྲས་བུ་གསུམ་པའི་དབྱེ་བ་ཡང་། །གཞན་པ་དག་དང་འགལ་ཕྱིར་རོ། །ལྷག་དང་ཆད་པ་མེད་པ་དང་། །མདོ་འདི་ཉིད་ལ་ཞུགས་པ་དང་། །མདོ་གཞན་དོན་དང་འགལ་མེད་ཕྱིར། །དབྱེ་བ་གཞུང་བཞིན་རིགས་པ་ཡིན། །འགལ་མེད་མ་གྲུབ་ཞེ་ན་སྤྱིར། །གསུངས་པས་ཁྱད་པར་འགལ་མེད་དེ། །ཤ་བ་ཤིང་དང་མི་འགལ་བཞིན། །ཞེས་གསུངས་སོ། །གཉིས་པ་མདོ་དང་བསྟན་བཅོས་ཀྱི་དགོངས་པ་ངོས་བཟུང་བ་ལ་གསུམ་སྟེ། དོན་དངོས་དང་། སྒྲུབ་བྱེད་འགོད་པ་དང་། དོགས་པ་དཔྱད་པའོ། །དང་པོ་ནི། མཚོན་བྱེད་དཔེའི་དགེ་འདུན་ལ་སྦྱར་ན། ཉན་ཐོས་ཀྱི་དགེ་འདུན་དང་། རང་རྒྱལ་གྱི་དགེ་འདུན་གཉིས་ལས། དང་པོ་ལ་ཞུགས་པའི་སྐོར། འབྲས་གནས་ཙམ་པོའི་སྐོར། འབྲས་གནས་ཁྱད་པར་ཅན་གྱི་སྐོར་དང་གསུམ། དང་པོ་ནི། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་ཏེ། འདི་ལ་རྒྱུན་ཞུགས་ཞུགས་པ་གཉིས། ཆགས་བྲལ་སྔོན་སོང་གི་འབྲས་བུ་བར་པ་གཉིས་ཀྱི་ཞུགས་པ་གཉིས་གཉིས་ཏེ་དྲུག་ཡོད་ཀྱང་། རིམ་གྱིས་པའི་ཚེ་རྒྱུན་ཞུགས་ཞུགས་པ་གཉིས་ལས་མེད་པས་གཉིས་སུ་བགྲང་བར་བྱའོ། །འདི་ནི་ཉིར་སྣང་གི་དགོངས་པའང་ཡིན་ནོ། །གཉིས་པ་ནི། དད་དང་མཐོང་ཐོབ་ཅེས་ཏེ། འདི་ལ་འབྲས་བུ་དང་པོ་གསུམ་གྱི་འབྲས་གནས་ཙམ་པོ་གཉིས་གཉིས་ཏེ། རིམ་གྱིས་པའི་སྐབས་སུའང་དྲུག་པོ་ཐ་དད་དུ་ཡོད་པས་དྲུག་ཏུ་བགྲང་བར་བྱ་བ་ཡིན་ནོ། །མདོ་ལས། སྐབས་འདིར་ཕྱིར་འོང་དང་ཕྱིར་མི་འོང་གི་མདོ་གཉིས་འབྱུང་བའི་གནད་ཀྱང་འདི་ཉིད་ཡིན་ནོ། །གསུམ་པ་ལ་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན། ཕྱིར་འོང་འབྲས་གནས་ཁྱད་པར་ཅན། ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་གསུམ་ལས། དང་པོ་ནི། རིགས་ནས་རིགས་ཞེས་པ་སྟེ་གཅིག་ཏུ་བགྲང་ངོ་། །རྒྱ་གར་བ་ཕལ་ཆེར་གྱིས་འདི་ལ་རྟེན་གྱི་སྒོ་ནས་གཉིས་སུ་བགྲང་བ་ནི་མི་འཐད་དེ། རྟེན་གྱི་སྒོ་ནས་དབྱེ་བ་ཡོད་པ་རྣམས་སྐབས་འདིའི་དགེ་འདུན་གྱི་གྲངས་སུ་བཀོད་ན་ཧ་ཅང་ཐལ་བའི་ཕྱིར་རོ། །གཉིས་པ་ནི། བར་ཆད་གཅིག་ཅེས་པའོ། །གསུམ་པ་ལ་འདའ་བ་བཞི། གོང་འཕོ་གཉིས། གཟུགས་ཀྱི་ཆགས་བཅོམ། མཐོང་ཆོས་ཞི། ལུས་མངོན་བྱེད་དེ་དགུའོ། །གཉིས་པ་ནི། བསེ་རུ་དང་ནི་ཞེས་པའོ། །འཕར་བ་གསུམ་ནི་འོག་མིན་འགྲོའི་ནང་ཚན་གྱི་དབྱེ་བ་ཙམ་ཡིན་གྱི། རྩ་བའི་དབྱེ་བ་མ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། མདོའི་དགོངས་པར་འགྱུར་བ། བསྟན་བཅོས་རྩ་བའི་དགོངས་པར་འགྱུར་བ། མདོ་གཞན་དང་ཕྱོགས་མཐུན་པར་འགྱུར་བའོ། །དང་པོ་ནི། མདོ་ལས་ཀྱང་ཞུགས་པ་རྗེས་འབྲང་གཉིས་ཀྱི་མདོ་སྦྱོར་ཐོག་མར་སྨོས་པའི་འོག་ཏུ་རྒྱུན་ཞུགས་འབྲས་གནས་དད་མོས་མཐོང་ཐོབ་གཉིས་ཀྱི་མདོ་དང་། ཕྱིར་འོང་དང་ཕྱིར་མི་འོང་གཉིས་ཀྱི་མདོ་དང་། རིགས་ནས་རིགས་སྐྱེ་མན་ཆད་ཀྱི་མདོ་རྣམས་གོ་རིམ་བཞིན་དུ་འབྱུང་བ་ལས་ཀྱང་ཤེས་སོ། །གཞན་དུ་ན་རིགས་ནས་རིགས་སྐྱེའི་གོང་དུ་ཕྱིར་འོང་དང་ཕྱིར་མི་འོང་གཉིས་ཀྱི་མདོ་འབྱུང་བའི་རྒྱུ་མཚན་ཅི་ཡིན་སྨྲ་དགོས་སོ། །གཉིས་པ་ནི། སྤྱིར་བསྟན་བཅོས་འདིར་སེམས་བསྐྱེད་ཉི་ཤུ་རྩ་གཉིས་དང་། གདམས་ངག་བཅུ་ལ་སོགས་པ་ནས་ཕྲིན་ལས་ཉི་ཤུ་རྩ་བདུན་གྱི་བར་བསྟན་བཅོས་ཀྱི་ཚིག་ཟིན་ལ་གྲངས་དངོས་སུ་བསྟན་པ་རྣམས་ལ་བསྟན་བཅོས་ལ་མ་ཚང་བར་མདོ་ལས་ཁ་བསྐང་དགོས་པའི་ཚུལ་གཏན་ནས་མེད་པས་འདིར་ཡང་བསྟན་བཅོས་ཀྱི་དངོས་བསྟན་ལ་ཉི་ཤུ་ཚང་དགོས་ལ། དེ་ལ་ཤཱནྟི་པ་དང་བུདྡྷ་ཤྲཱིའི་ལུགས་དེ་ནི་མི་འཐད་དེ། རིགས་ནས་རིགས་སྐྱེ་གཉིས་སུ་བགྲངས་འདུག་པའི་ཕྱིར་དང་། འཕར་གསུམ་དང་འོག་མིན་འགྲོ་སོ་སོར་བགྲངས་འདུག་པའི་ཕྱིར་རོ། །དེས་ན་བསྟན་བཅོས་རྩོམ་པ་པོས་ཐ་སྙད་ཟོར་ཡང་བའི་ཕྱིར་དུ་ཞུགས་པ་རྣམས་ཕྱོགས་གཅིག་དང་། འབྲས་གནས་ཙམ་པོ་རྣམས་ཕྱོགས་གཅིག་དང་། ཁྱད་པར་ཅན་རྣམས་ཕྱོགས་གཅིག་པར་མཛད་པར་སྣང་བས། ལུགས་འདི་ལས་གཞན་འོས་མེད་པའི་ཕྱིར་རོ། །གསུམ་པ་ནི། ཕྱིར་མི་ལྡོག་པ་འཁོར་ལོའི་མདོར། བྱང་ཆུབ་སེམས་དཔའ་ལ་བརྒྱད་པ་ལ་སོགས་པ་དང་། རང་སངས་རྒྱས་དང་། དབྱེ་བཞི་བརྒྱད་ཀྱི་མིང་གིས་འདོགས་པའི་རྒྱུ་མཚན་གསུངས་ཤིང་མདོ་དང་བསྟན་བཅོས་འདིར་ཟུང་བཞི་ཡ་བརྒྱད་ཀྱི་ནང་ཚན་སོ་སོ་བའི་མིང་གིས་འདོགས་པའི་རྒྱུ་མཚན་གསུངས་ཀྱི་ཟུང་བཞི་ཡ་བརྒྱད་གང་ཡང་རུང་བའི་རང་ལྡོག་གིས་མིང་གི་མ་གསུངས་ལ། རང་སངས་རྒྱས་ལ་ནི་དབྱེ་བ་མེད་པས་མདོ་གཉིས་ཀར་མཐུན་པར་གསུངས་པ་འདི་ཉིད་ཀྱིས་ཀྱང་བགྲང་ཚུལ་འདི་ལས་འོས་མེད་དོ། །གསུམ་པ་དོགས་པ་བཅད་པ་ནི། འོ་ན་ཞུགས་པའི་སྐབས་སུ་རྗེས་འབྲང་གཉིས་པོ་གཉིས་སུ་བགྲངས་ནས་འབྲས་གནས་ཙམ་པོའི་སྐབས་སུ་མོས་ཐོབ་གཉིས་དྲུག་ཏུ་བགྲང་བའི་རྒྱུ་མཚན་ཅི་ཡིན་སྙམ་ན་དེ་ནི་གོང་དུ་བཤད་ཟིན་ཏོ། རྒྱུན་ཞུགས་འབྲས་གནས་ཀྱི་སྐབས་སུ་སྲིད་པ་ལན་བདུན་པ་མི་བགྲང་བ་ཅི་ཡིན་ཞེ་ན། དེ་ནི་རྒྱུན་ཞུགས་འབྲས་གནས་ཙམ་པོར་ངེས་ལ། ཙམ་པོ་ནི་དད་མོས་མཐོང་ཐོབ་གཉིས་སུ་བསྡུ་བའི་སྐབས་ཡིན་པའི་ཕྱིར་རོ། །བགྲང་ཚུལ་གཞན་སྨྲ་བ་རྣམས་ལ་ཁོ་བོས་རྒྱུ་མཚན་འདི་དྲིས་ན་རྒྱ་གར་བ་རྣམས་ཁ་སྤུ་སུད་རེ། བོད་རྣམས་མིག་ཧུར་རེ་ལུས་པར་འགྱུར་རོ། །འཕར་གསུམ་སོ་སོར་མི་བགྲང་བ་ཅི་ཡིན་སྙམ་ན་དེ་ནི་འོག་མིན་འགྲོའི་གསལ་བའི་དབྱེ་བ་ཙམ་བསྟན་པ་ཡིན་གྱི་རྩ་བའི་དབྱེ་བ་ནི་འོག་མིན་འགྲོ་ཉིད་ཡིན་པས་འདི་ལ་དགོངས་ནས་འཕར་གསུམ་གྱི་མདོ་ལས་ལོགས་སུ་འོག་མིན་འགྲོའི་མདོ་གསུངས་པ་ཡིན་ནོ། །འབྲས་བུ་ཕྱི་མ་གསུམ་གྱི་ཞུགས་པ་མི་བགྲངས་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། འབྲས་བུ་སྔ་མ་གསུམ་གྱི་འབྲས་གནས་ཁྱད་པར་ཅན་དེ་ཉིད་ཕྱི་མ་གསུམ་གྱི་ཞུགས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་རིགས་ནས་རིགས་སྐྱེ་གཉིས་དང་འཕར་གསུམ་ལ་མདོ་སོ་སོར་ཡོད་པས་རྩ་བའི་དབྱེ་བར་བགྲང་དགོས་སོ་སྙམ་ན། དེ་ལྟར་ན་བདེན་པ་བཞི་ལ་ཡང་མདོ་སོ་སོར་ཡོད་པས་གདམས་ངག་བཅུའི་རྩ་བའི་དབྱེ་བར་བགྲང་དགོས་པར་མཚུངས་སོ། །བསྟན་བཅོས་རྩ་བར་འཕར་གསུམ་ཞེས་པའི་ཚིག་དངོས་སུ་ཡོད་པས་རྩ་བའི་དབྱེ་བར་བགྲང་དགོས་སོ་སྙན་ན། དེ་ལྟར་ན་སངས་རྒྱས་ལ་སོགས་དཀོན་མཆོག་གསུམ་ཞེས་པའི་ཚིག་ཡོད་པས་གདམས་ངག་གི་རྩ་བའི་དབྱེ་བར་བགྲང་དགོས་པར་འགྱུར་རོ། །ཁོ་བོས་མདོ་དང་བསྟན་བཅོས་ཀྱི་དགོངས་པ་འདི་བཞིན་དུ་སྨྲ་བ་ལ་མི་ཤེས་པ་དག་གིས་འཇིག་རྟེན་ཕལ་པའི་ཐ་སྙད་ལ་བརྟེན་ནས་ཅི་ཡང་སྨྲ་བར་མི་བྱ་སྟེ། བླུན་པོ་སྨྲ་བ་ཉུང་ན་མཛེས་པའི་ཕྱིར་རོ། །མདོ་དང་བསྟན་བཅོས་ཀྱི་དོན་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པ་དག་གིས་འཐད་མི་འཐད་ཀྱི་ཆ་སྨྲ་བ་ནི་བསྟན་པ་འཛིན་པའི་ལུགས་ཡིན་པས་སྨྲ་བ་ཐོས་ན་ཁོ་བོས་ཀྱང་བརྟག་དཔྱད་བྱའོ།། །།གཉིས་པ་མཚོན་བྱེད་དཔེའི་དགེ་འདུན་མངོན་པ་ནས་བཤད་པའི་ཚུལ་ལ་གཉིས་ཏེ། མངོན་པའི་གཞུང་ནས་བཤད་ཚུལ་དངོས་དང་། དེའི་དོན་གཏན་ལ་ཕབ་པའོ། །དང་པོ་ལ་གཉིས་ཏེ། གང་ལ་གནས་པ་འབྲས་བུའི་རྣམ་གཞག་དང་། དེ་ལ་གནས་པའི་གང་ཟག་གི་རྣམ་གཞག་གོ །དང་པོ་ལ་གསུམ་སྟེ། དགེ་སྦྱོང་གི་ཚུལ་དང་། དེའི་འབྲས་བུ་ངོས་བཟུང་ནས་བརྒྱད་ཅུ་རྩ་དགུར་དབྱེ་བ། མདོ་ལས་འབྲས་བུ་བཞིར་གསུངས་པ་དང་འགལ་བ་སྤང་བ། ཁམས་གསུམ་གང་དུ་འབྲས་བུ་དུ་ཞིག་ཐོབ་པའོ། །དང་པོ་ནི་མཛོད་དུ། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །འབྲས་བུ་འདུས་བྱས་འདུས་མ་བྱས། །དེ་དག་བརྒྱད་ཅུ་རྩ་དགུ་འོ། །གྲོལ་ལམ་ཟད་པ་རྣམས་དང་བཅས། །ཞེས་དང་། དེའི་འགྲེལ་པར། དགེ་སྦྱོང་གི་ཚུལ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། དགེ་སྦྱོང་གི་ཚུལ་ནི་ཟག་པ་མེད་པའི་ལམ་ཡིན་ནོ། །དེས་ཉོན་མོངས་པ་ཡང་དག་པར་ཞི་བར་བྱེད་པའི་སྒོ་ནས་དགེ་སྦྱོང་དུ་འགྱུར་ཏེ། མདོར་འདིས་སྡིག་པ་མི་དགེ་བའི་ཆོས་ཅན་ཞེས་བྱ་བ་ནས་རྒྱས་པར་རྒས་ཤིང་འགྱུར་བའི་བར་རྣམ་པ་དུ་མ་ཞི་བར་བྱས་པ་ཡིན་པས་དེའི་ཕྱིར་དགེ་སྦྱོང་ཞེས་གསུངས་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་ནི་གཏན་དུ་ཞི་བར་མི་བྱེད་པའི་ཕྱིར་དོན་དམ་པའི་དགེ་སྦྱོང་མ་ཡིན་ནོ། །དགེ་སྦྱོང་གི་ཚུལ་དེའི། འབྲས་བུ་འདུས་བྱས་འདུས་མ་བྱས། །དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ནི་འདུས་བྱས་དང་འདུས་མ་བྱས་རྣམས་ཡིན་ཏེ། དེ་དག་ཀྱང་མདོར་རྣམ་པ་བཞིར་གསུངས་སོ། །གཞན་ཡང་དེ་དག་བརྒྱད་ཅུ་རྩ་དགུའོ། །དེ་དག་ཀྱང་གང་ཞེ་ན། གྲོལ་ལམ་ཟད་པ་རྣམས་དང་བཅས། །མཐོང་བས་སྤང་བར་བྱ་བ་སྤོང་བར་བྱེད་པ་བར་ཆད་མེད་པའི་ལམ་བརྒྱད། རྣམ་པར་གྲོལ་བའི་ལམ་བརྒྱད་དང་། སྒོམ་པས་སྤང་བར་བྱ་བ་སྤོང་བར་བྱེད་པ་ས་དགུ་པོ་རེ་རེ་ཞིང་ཉོན་མོངས་པ་རྣམ་པ་དགུ་སྤོང་བར་བྱེད་པ་དེ་སྙེད་ཁོ་ནའི་བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་དག་གོ །དེ་ལ་བར་ཆད་མེད་པའི་ལམ་རྣམས་ནི་དགེ་སྦྱོང་གི་ཚུལ་ཡིན་ནོ། །རྣམ་པར་གྲོལ་བའི་ལམ་རྣམས་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་འདུས་བྱས་དག་ཡིན་ཏེ། དེའི་རྒྱུ་མཐུན་པ་དང་སྐྱེས་བུ་བྱེད་པའི་འབྲས་བུ་དག་ཡིན་པའི་ཕྱིར་རོ། །ཉོན་མོངས་པ་དེ་དག་གི་སྤངས་པ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་འདུས་མ་བྱས་དག་ཡིན་ཏེ། དེ་ལྟར་ན་བརྒྱད་ཅུ་རྩ་དགུ་ཡིན་ནོ་ཞེས་སོ། །གཉིས་པ་ནི། དེ་ཉིད་ལས། འབྲས་བུ་བཞིར་རྣམ་གཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །འབྲས་ལ་སྔོན་ལམ་བཏང་བ་དང་། །གཞན་ཐོབ་པ་དང་ཟད་སྡོམ་དང་། །ཤེས་པ་བརྒྱད་ཚན་ཐོབ་པ་དང་། །རྣམ་པ་བཅུ་དྲུག་ཐོབ་པའོ། །ཞེས་དང་། དེའི་འགྲེལ་པར། དེ་ལྟ་ན་འོ་ན་ནི་སངས་རྒྱས་ཀྱིས་གསུངས་པ་ཁ་བསྐང་བར་བྱ་དགོས་པར་འགྱུར་རོ་ཞེ་ན། བྱ་མི་དགོས་ཏེ། གལ་ཏེ་ཡང་འབྲས་བུ་རྣམས་མང་མོད་ཀྱི། འབྲས་བུ་བཞིར་རྣམ་པར་གཞག་པ་ནི། རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་སྤང་བའི་ལམ་གྱི་གནས་སྐབས་གང་ལ་རྒྱུ་ལྔ་སྲིད་པ་དེ་ལ་འབྲས་བུར་རྣམ་པར་གཞག་གོ་ཞེས་གྲག་གོ །ལྔ་གང་ཞེ་ན། འབྲས་ལ་སྔོན་ལམ་བཏང་བ་དང་། །གཞན་ཐོབ་པ་དང་ཟད་སྡོམ་དང་། །ཤེས་པ་བརྒྱད་ཚན་ཐོབ་པ་དང་། །རྣམ་པ་བཅུ་དྲུག་ཐོབ་པའོ། །ལམ་སྔ་མ་བཏང་བ་དང་སྔོན་མེད་པའི་ལམ་ཐོབ་པ་ནི་ཞུགས་པ་དང་འབྲས་བུའི་ལམ་བཏང་བ་དང་ཐོབ་པའི་ཕྱིར་རོ། །སྤངས་པ་སྡོམ་པ་ནི་ཐམས་ཅད་ཀྱིས་ཐོབ་པ་གཅིག་རྙེད་པའི་ཕྱིར་རོ། །ཤེས་པ་བརྒྱད་ཅིག་ཅར་ཐོབ་པ་ནི་ཆོས་དང་རྗེས་སུ་ཤེས་པ་རྣམ་བཞིའི་འོ། །རྣམ་པ་བཅུ་དྲུག་ཐོབ་པ་ནི་མི་རྟག་པའི་རྣམ་པ་ལ་སོགས་པའི་སྟེ། རྒྱུ་ལྔ་པོ་དེ་དག་ནི་འབྲས་བུ་རེ་རེ་ལ་ཡོད་དོ་ཞེས་སོ། །གསུམ་པ་ནི། དེ་ཉིད་ལས། འདོད་པར་གསུམ་ཐོབ་ཐ་མ་ནི། །གསུམ་དུའོ་གོང་ན་མཐོང་ལམ་མེད། །མི་སྐྱོ་ལུང་ལས་འདིར་རྩོམ་ཞིང་། །དེ་མཐར་ཕྱིན་ཞེས་འབྱུང་ཕྱིར་རོ། །ཞེས་དང་། དེའི་འགྲེལ་པར་ཡང་ཁམས་གང་དུ་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་དུ་དག་ཅིག་ཐོབ་ཅེ་ན། འདོད་པར་གསུམ་ཐོབ། གསུམ་ནི་འདོད་པའི་ཁམས་ཁོ་ནར་ཐོབ་ཀྱི་གཞན་དུ་ནི་མ་ཡིན་ནོ། །ཐ་མ་ནི་གསུམ་དུའོ། །དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐ་མ་ནི་དགྲ་བཅོམ་པ་ཉིད་དེ་དེ་ཁམས་གསུམ་ཆར་དུ་འཐོབ་བོ། །རེ་ཞིག་འབྲས་བུ་གཉིས་ནི་འདོད་ཆགས་དང་མ་བྲལ་བས་ཐོབ་པར་བྱ་བ་ཡིན་པའི་ཕྱིར། གོང་མར་མི་འཐོབ་པར་ཡང་རིགས་ན་གསུམ་པ་གོང་དུ་ཅི་ཕྱིར་མི་འཐོབ་ཅེ་ན། གོང་ན་མཐོང་ལམ་མེད། འདོད་པའི་ཁམས་ལས་གོང་ན་ནི་མཐོང་ལམ་མེད་ལ་དེ་མེད་པར་ཡང་འདོད་ཆགས་དང་བྲལ་བ་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པ་མེད་པས་ཞེས་བྱ་བ་འདི་ནི་གཏན་ཚིགས་ཡིན་ནོ། །ཅི་ཕྱིར་དེ་ན་མཐོང་བའི་ལམ་མེད་ཅེ་ན་རེ་ཞིག་གཟུགས་མེད་པའི་ཁམས་ན་ནི་ཉན་པ་མེད་པ་དང་། ཁམས་འོག་མ་ལ་མི་དམིགས་པའི་ཕྱིར་རོ། །གཟུགས་ཀྱི་ཁམས་ན་ནི་མི་སྐྱོ་ལུང་ལས་འདིར་རྩོམ་ཞིང་། དེ་མཐར་ཕྱིན་ཞེས་འབྱུང་ཕྱིར་རོ། །གཟུགས་ན་སྤྱོད་པའི་སོ་སོའི་སྐྱེ་བོ་རྣམས་ནི་སྙོམས་པར་འཇུག་པའི་བདེ་བ་ལ་ཆགས་པའི་ཕྱིར་དང་། སྡུག་བསྔལ་གྱི་ཚོར་བ་མེད་ཕྱིར་ཀུན་ཏུ་སྐྱོ་བར་མི་འགྱུར་ལ་སྐྱོ་བ་མེད་པར་ཡང་འཕགས་པའི་ལམ་འཐོབ་པར་མི་ནུས་ཏེ། འདི་ནི་རིགས་པ་ཡིན་ནོ། །ལུང་ཡང་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནས་གོང་དུ་འཕོ་བའི་བར་གང་ཟག་ལྔ་ནི་འདིར་རྩོམ་ཞིང་དེར་མཐར་ཕྱིན་པར་འགྱུར་རོ། །ཞེས་གསུངས་པ་འདི་ཡིན་ནོ། །རྩོམ་པ་ཞེས་བྱ་བ་ནི་ལམ་རྩོམ་པ་ཡིན་ཏེ། མྱ་ངན་ལས་འདས་པའི་ཐབས་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །གཉིསཔ་དེ་ལ་གནས་པ་གང་ཟག་གི་རྣམ་བཞག་ལ་གཉིས་ཏེ། ཀུན་ལས་བཏུས་ལས་བཤད་ཚུལ་དང་། མཛོད་ལས་བཤད་ཚུལ་ལོ། །དང་པོ་ནི། འཐོབ་པ་རྣམ་པར་ངེས་པའི་སྐབས་སུ། གང་ཟག་རྣམ་པར་གཞག་པ་དང་། མངོན་པར་རྟོགས་པ་རྣམ་པར་གཞག་པ་གཉིས་ལས། དང་པོ་ལ་དབྱེ་སྒོ་བདུན་ཡོད་པ་ལས། དབྱེ་སྒོ་བཞི་པ་དང་། ལྔ་པ་གཉིས་ཀྱིས་ཞུགས་གནས་ཀྱི་རྣམ་གཞག་སྟོན་ཏེ། འདི་ལ་སྤང་བྱ་རིམ་གྱི་པ་དང་། ཅིག་ཆར་བ་གཉིས་ལས། དང་པོ་ནི། དེ་ཉིད་ལས་སྦྱོར་བས་རབ་ཏུ་དབྱེ་བ་ཇི་ལྟ་བུ་ཞེ་ན། དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་གོ །འབྲས་བུས་རབ་ཏུ་དབྱེ་བ་ཇི་ལྟ་བུ་ཞེ་ན། དད་པས་མོས་པ་དང་། མཐོང་བས་ཐོབ་པ་དང་། ལུས་ཀྱི་མངོན་དུ་བྱེད་པ་དང་། ཤེས་རབ་ཀྱིས་རྣམ་པར་གྲོལ་བ་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། ཕྱིར་མི་འོང་བ་དང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང་། དགྲ་བཅོམ་པ་དང་། རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་དང་། རིགས་ནས་རིགས་སུ་སྐྱེ་བ་དང་། བར་ཆད་གཅིག་པ་དང་། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་དང་། མངོན་པར་འདུ་བྱེད་པ་དང་བཅས་པས་མྱ་ངན་ལས་འདའ་བ་དང་། གོང་དུ་འཕོ་བ་དང་། དགྲ་བཅོམ་པ་ཡོངས་སུ་ཉམས་པའི་ཆོས་ཅན་དང་། བདག་གསོད་པའི་ཆོས་ཅན་དང་། རྗེས་སུ་བསྲུང་བའི་ཆོས་ཅན་དང་། གནས་པ་ལས་མི་གཡོ་བའི་ཆོས་ཅན་དང་། རབ་ཏུ་རྟོགས་པའི་འོས་སུ་གྱུར་པ་དང་། མི་འཁྲུགས་པའི་ཆོས་ཅན་གྱི་གང་ཟག་གོ་ཞེས་གསུངས་སོ། །དེ་ལ་དང་པོ་ལྔ་ནི་ཡོན་ཏན་གྱི་སྒོ་ནས་ཕྱེ་བ་སྟེ། དད་མོས་མཐོང་ཐོབ་གཉིས་ནི་འབྲས་བུ་དང་པོ་གསུམ་ག་དང་། བར་པ་ནི་ཕྱིར་མི་འོང་དང་། ཐ་མ་གཉིས་ནི་དགྲ་བཅོམ་ཁོ་ནའོ། །དེ་ནས་བརྒྱད་ནི། ཞུགས་གནས་ཀྱི་སྒོ་ནས་གང་ཟག་ཡ་བརྒྱད་དུ་དབྱེ་བ་ཡིན་ལ། ལྷག་མ་རྣམས་ནི་དེ་དག་གི་ཁྱད་པར་བྱེ་བྲག་ཏུ་བཤད་པའོ། །དེ་ཡང་དང་པོ་གཉིས་ནི་རྒྱུན་ཞུགས་ཀྱི་ཁྱད་པར། གསུམ་པ་ནི་ཕྱིར་འོང་གི་ཁྱད་པར། དེ་ནས་ལྔ་ནི་ཕྱིར་མི་འོང་གི་ཁྱད་པར། དེ་ནས་དྲུག་ནི་དགྲ་བཅོམ་གྱི་ཁྱད་པར་རོ། །འོ་ན་ཕྱིར་མི་འོང་ལ་གཟུགས་མེད་ཉེར་འགྲོ། མཐོང་ཆོས་ཞི། ལུས་མངོན་བྱེད་གསུམ་ཅི་ཕྱིར་མ་བཤད་ཅེ་ན། དང་པོ་ནི། བར་འདའ་བ་མ་གཏོགས་པའི་གཟུགས་སུ་ཉེར་འགྲོ་ཕྱི་མ་བཞིས་གཟུགས་མེད་ཉེར་འགྲོ་ཡང་བསྟན་པ་ལ་དགོངས་ཏེ། མཛོད་དུ། གཞན་ནི་གཟུགས་མེད་འགྲོ་རྣམས་བཞི། །ཞེས་པ་དང་ཡང་མཐུན་ནོ། །ཡང་ན་ལུགས་འདི་ལ་གཟུགས་མེད་ཉེར་འགྲོ་མེད་དེ། རྩ་འགྲེལ་གཉིས་ཆར་ལས། གོང་འཕོ་ཡན་ཆད་གཟུགས་སུ་ཉེར་འགྲོ་ཁོ་ན་ལ་སྦྱར་བར་སྣང་བའི་ཕྱིར་རོ། །འདི་གཉིས་གང་འཐད་ཤེས་ལྡན་དག་གིས་དཔྱོད་མཛོད་ཅིག གཉིས་ནི་ཅིག་ཆར་བའི་སྐབས་སུ་འཆད་པར་འགྱུར་བ་ལ་དགོངས་ཤིང་། གསུམ་པ་ནི་ཡོན་ཏན་གྱི་སྒོ་ནས་ཕྱེ་བའི་སྐབས་སུ་བཤད་ཟིན་ཏོ། །གཉིས་པ་ཅིག་ཅར་བ་ནི། ཡང་དེ་ཉིད་ལས་རྒྱུན་དུ་ཞུགས་པའི་གང་ཟག་ཅེས་གང་གསུངས་པ་ལ། རྒྱུན་དུ་ཞུགས་པ་ནི་གཉིས་ཏེ། རིམ་གྱིས་པ་དང་ཅིག་ཅར་ངེས་པར་འབྱིན་པའོ། །རིམ་གྱིས་པ་ནི་ཇི་སྐད་བསྟན་པ་ཡིན་ནོ། །ཅིག་ཅར་ངེས་པར་འབྱིན་པ་ནི་གང་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་མི་ལྕོགས་པ་མེད་པ་ལ་བརྟེན་ཏེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་རྣམ་པས་ཅིག་ཅར་སྤོང་སྟེ། འདི་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་སྟེ། འབྲས་བུ་གཉིས་ལ་གདགས་སོ། །ཕལ་ཆེར་ནི་མཐོང་བའི་ཆོས་སམ་འཆི་བའི་དུས་ཀྱི་ཚེ་ཀུན་ཤེས་པ་ཐོབ་པར་བྱེད་དོ། །གལ་ཏེ་མི་བྱེད་ནའང་དེ་སྨོན་ལམ་གྱི་སྟོབས་ཅན་ཡིན་ཏེ། སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་ཉིད་དུ་སྐྱེས་ཏེ་སངས་རྒྱས་འབྱུང་བ་མེད་པ་ན་རང་རྒྱལ་བར་འགྱུར་རོ། །ཞེས་གསུངས་སོ། །འདི་དག་ལ་རྗེས་འབྲངས་གཉིས་སྦྱོར་ལམ་སྟན་གཅིག་པ་ནས་འཇོག་པ་དང་། བར་ཆད་གཅིག་པ་ལྷའི་རྟེན་ལ་མྱ་ངན་ལས་འདའ་བར་ངེས་པ་དང་། གཟུགས་མེད་ཉེར་འགྲོ་དངོས་སུ་མ་བཤད་པ་དང་། དགྲ་བཅོམ་དབང་རྟུལ་རྣམས་མཐོང་ཆོས་བདེ་གནས་ལས་ཉམས་པ་སྲིད་ཀྱི་འབྲས་བུ་ལས་ཉམས་པ་མི་སྲིད་པ་དང་། ཅིག་ཆར་བའི་རྣམ་གཞག་རྣམས་ནི་ལུགས་འདིའི་ཁྱད་པར་གྱིས་ཆོས་ཡིན་ལ། གཞན་རྣམས་ནི་ཕལ་ཆེར་མཛོད་དང་འདྲ་ཞིང་། རྒྱུན་ཞུགས་ཞུགས་གནས་ཀྱི་སྐབས་སུ་ཆགས་བྲལ་སྔོན་སོང་གི་འབྲས་བུ་བར་མ་གཉིས་ཀྱི་རྣམ་གཞག་འཆད་ཚུལ་ཡང་མཛོད་དང་འདྲའོ། །གཉིས་པ་མཛོད་ལས་བཤད་པའི་ཚུལ་ལ་གསུམ་སྟེ། མཐོང་ལམ་དང་། སྒོམ་ལམ་དང་། མི་སློབ་ལམ་ལ་གནས་པའི་གང་ཟག་གོ །དང་པོ་ནི། དབང་པོ་རྣོ་རྟུལ་དེ་དག་ཏུ། །དད་དང་ཆོས་ཀྱི་རྗེས་འབྲང་བ། །སྒོམ་པས་སྤང་བྱ་མ་སྤངས་ན། །འབྲས་བུ་དང་པོ་ལ་ཞུགས་པ། །རྣམ་ལྔའི་བར་བཅོམ་གཉིས་པ་ལ། །དགུ་པ་ཚུན་ཆད་ཟད་པ་ཡིན། །འདོད་པའམ་ཡང་ན་གོང་མ་ལས། །ཆགས་བྲལ་གསུམ་པ་ལ་ཞུགས་པ། །ཞེས་དང་། དེའི་འགྲེལ་པར། ད་ནི་ཇི་ལྟར་ན་འཕགས་པའི་ལམ་སྐྱེས་པའི་གང་ཟག་རྣམས་རྣམ་པར་གཞག་པ་དེ་བཞིན་ཏུ་བཤད་པར་བྱ་སྟེ། མཐོང་བའི་ལམ་གྱི་རང་བཞིན་གྱི་སྐད་ཅིག་མ་བཅོ་ལྔར་བཤད་པ་གང་ཡིན་པ། དབང་པོ་རྣོ་རྟུལ་དེ་དག་ཏུ། །དད་དང་ཆོས་ཀྱི་རྗེས་འབྲང་བ། །ཡིན་པར་རིག་པར་བྱ་སྟེ་དབང་པོ་རྟུལ་པོ་དེ་དག་ལ་གནས་པ་ནི་དད་པས་རྗེས་སུ་འབྲང་བ་ཞེས་བྱ་བའོ། །དད་པས་རྗེས་སུ་འབྲང་བས་ན། དད་པས་རྗེས་སུ་འབྲང་བའོ། །དེ་འདི་ལ་ཡོད་པས་སམ། འདི་དད་པས་རྗེས་སུ་འབྲང་བའི་ངང་ཚུལ་ཅན་ཡིན་པས་ན། དད་པས་རྗེས་སུ་འབྲང་བ་སྟེ་སྔོན་གཞན་གྱི་དྲིང་གིས་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་རོ། །ཆོས་ཀྱི་རྗེས་སུ་འབྲང་བ་ཡང་དེ་དང་འདྲ་སྟེ། སྔོན་བདག་ཉིད་ཁོ་ནས་མདོ་ལ་སོགས་པའི་ཆོས་ཀྱིས་དོན་གྱི་རྗེས་སུ་འབྲང་བའི་ཕྱིར་རོ། །དེ་གཉིས་ནི་སྒོམ་པས་སྤང་བྱ་མ་སྤངས་ན། འབྲས་བུ་དང་པོ་ལ་ཞུགས་པ། འབྲས་བུ་རྣམས་ཀྱི་དང་པོ་ནི་འབྲས་བུ་དང་པོ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུའོ། །དེ་ནི་འབྲས་བུ་ཐོབ་པར་བྱ་བ་ཐམས་ཅད་ཀྱི་དང་པོ་ཡིན་པའི་ཕྱིར་རོ། །དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དེ་དག་ཉིད་གལ་ཏེ་སྔོན་འཇིག་རྟེན་པའི་ལམ་གྱིས་སྒོམ་པས་སྤང་བར་བྱ་བ་མ་སྤངས་པ་འཆིང་བ་མཐའ་དག་དང་ལྡན་པ་ཡིན་ན་ནི་དེ་གཉིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ཞེས་བྱའོ། །རྣམ་ལྔའི་བར་བཅོམ་གལ་ཏེ་སྔོན་འཇིག་རྟེན་པའི་ལམ་གྱིས་བསྒོམས་ཏེ་སྤང་བར་བྱ་བ་འདོད་པ་ན་སྤྱོད་པ་རྣམས་ལས་རྣམ་པ་ལྔའི་བར་དུ་སྤངས་པ་ཞིག་ཡིན་ན་ཡང་དེ་བཞིན་དུ་དང་པོར་འབྲས་བུ་ལ་ཞུགས་པ་དག་ཅེས་བྱའོ། །གཉིས་པ་ལ་དགུ་པ་ཚུན་ཆད་ཟད་པ་ཡིན། གཉིས་པ་ལ་ཞེས་བྱ་བ་ནི་གཉིས་པའི་ཕྱིར་ཏེ། གལ་ཏེ་དེ་གཉིས་ཀྱི་དེ་ཡན་ཆད་རྣམ་པ་དྲུག་གམ་བདུན་ནས་བརྒྱད་གཅིག་སྔོན་སྤངས་པ་ཡིན་ན་ནི་དེ་གཉིས་འབྲས་བུ་གཉིས་པ་ལ་ཞུགས་པ་ཞེས་བྱ་སྟེ། གཉིས་པ་གང་ཞེ་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །འདོད་པའམ་ཡང་ན་གོང་མ་ལས། ཆགས་བྲལ་གསུམ་པ་ལ་ཞུགས་པ། གལ་ཏེ་རྣམ་པ་དགུ་པ་ཡང་སྤངས་པའི་ཕྱིར། འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་ཡིན་པའམ། གོང་མ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལས་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན། དེ་གཉིས་འབྲས་བུ་གསུམ་པ་ལ་ཞུགས་པ་ཞེས་བྱ་སྟེ། གསུམ་པ་གང་ཞེ་ན། ཕྱིར་མི་འོང་བའི་འབྲས་བུའོ། །དེ་གཉིས་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་ཀྱང་མི་བྱ་ལ། ཞུགས་པ་ཞེས་ཀྱང་མི་བྱའོ། །འོ་ན་ཅི་ཞེ་ན། འབྲས་བུ་ལ་གནས་པ་དག་ཡིན་ཏེ། གང་ཞིག་རྒྱུན་དུ་ཞུགས་པའི་འབྲས་བུའམ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་རུང་འབྲས་བུ་གང་ལ་ཞུགས་པར་གྱུར་པ་དེ་ནི་དེའི་ཚེ་འབྲས་བུ་ལ་གནས་པ་ཡིན་ནོ་ཞེས་གསུངས་སོ། །དེ་དག་གི་དོན་ནི་མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནས་པའི་ཉན་ཐོས་དབང་རྟུལ་རྣམས་ལ་དད་པས་རྗེས་འབྲང་དང་། དབང་རྣོན་རྣམས་ལ་ཆོས་ཀྱི་རྗེས་འབྲང་དུ་འཇོག་པས་ན་རྗེས་འབྲང་གཉིས་པོ་ནི་མཐོང་ལམ་ལ་གནས་པ་ཁོ་ནར་ངེས་སོ། །དེ་ལ་འདོད་པའི་སྒོམ་སྤངས་ཅུང་ཟད་ཀྱང་མ་སྤངས་པ་ནས་ལྔ་པའི་བར་སྤངས་པ་དང་། དྲུག་པ་ངེས་པར་སྤངས་པ་དང་། དགུ་པ་ངེས་པར་སྤངས་པ་དང་གསུམ་དུ་ཡོད་པ་ལས། དང་པོ་ནི་རྒྱུན་ཞུགས་ཞུགས་པ་དང་། གཉིས་པ་ནི་ཕྱིར་འོང་ཞུགས་པ་དང་། གསུམ་པ་ནི་ཕྱིར་མི་འོང་ཞུགས་པར་འཇོག་སྟེ། ཕྱི་མ་འདི་གཉིས་ལ་ཆགས་བྲལ་སྔོན་སོང་ཞེས་པའི་ཐ་སྙད་བོད་རྣམས་ཀྱིས་མཛད་དོ། །ཆགས་བྲལ་སྔོན་སོང་གི་ཞུགས་པ་གཉིས་རྒྱན་ཞུགས་ཞུགས་པ་དང་ལྷན་ཅིག་ཏུ་འཆད། འབྲས་གནས་གཉིས་རྒྱུན་ཞུགས་འབྲས་གནས་དང་ལྷན་ཅིག་ཏུ་འཆད་པ་ནི་ལམ་གྱི་གནས་སྐབས་འདྲ་བས་ཐ་སྙད་ཟོར་ཡང་བའི་ཕྱིར་ན་མངོན་པ་གོང་འོག་གཉིས་ཀ་བཤད་ཚུལ་མཐུན་པར་སྣང་ངོ་། །གཉིས་པ་སྒོམ་ལམ་ལ་གནས་པ་ལ་གཉིས་ཏེ། སྔར་གྱི་ཞུགས་པ་གསུམ་གྱི་སྒོ་ནས་བཞག་པ་དང་། མཐོང་ལམ་ཐོབ་རྗེས་སུ་སྒོམ་སྤངས་རིམ་གྱིས་སྤངས་པའི་སྒོ་ནས་བཞག་པའོ། །དང་པོ་ནི་གང་ཞིག་གང་ལ་ཞུགས་པ་ནི། །བཅུ་དྲུག་པ་ལ་དེ་འབྲས་གནས། །དེ་ཚེ་དབང་པོ་རྣོ་རྟུལ་དག །དད་པས་མོས་དང་མཐོང་བས་ཐོབ། །ཅེས་དང་། དེའི་འགྲེལ་པར། སེམས་བཅུ་དྲུག་པ་སྐྱེས་ན་དེ་གཉིས་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་ཀྱང་མི་བྱ་ལ། ཞུགས་པ་ཞེས་ཀྱང་མི་བྱའོ། །འོ་ན་ཅི་ཞེ་ན། འབྲས་བུ་ལ་གནས་པ་དག་ཡིན་ཏེ། གང་ཞིག་རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུ་ཡང་རུང་། འབྲས་བུ་གང་ལ་ཞུགས་པར་གྱུར་པ་དེ་ནི་དེའི་ཚེ་འབྲས་བུ་ལ་གནས་པ་ཡིན་ནོ། །དགྲ་བཅོམ་པ་ཉིད་ནི་དང་པོ་ཉིད་དུ་ཐོབ་པར་མི་ནུས་ཏེ། མཐོང་བའི་ལམ་གྱིས་སྒོམ་པས་སྤང་བར་བྱ་བ་མི་སྤོང་བའི་ཕྱིར་དང་། སྔར་ཡང་སྲིད་པའི་རྩེ་མོ་ལས་འདོད་ཆགས་དང་བྲལ་བ་མི་སྲིད་པའི་ཕྱིར་རོ། །དེ་ཚེ་དབང་པོ་རྣོ་རྟུལ་དག །དད་པས་མོས་དང་མཐོང་བས་ཐོབ། །དེའི་ཚེ་དབང་པོ་རྟུལ་པོ་སྔོན་དད་པས་རྗེས་སུ་འབྲངས་བ་གང་ཡིན་པ་དེ་ནི་དད་པས་མོས་པ་ཞེས་བྱའོ། །དབང་པོ་རྣོན་པོ་སྔོན་ཆོས་ཀྱི་རྗེས་སུ་འབྲང་བ་གང་ཡིན་པ་དེ་ནི་མཐོང་བས་ཐོབ་པ་ཞེས་བྱ་སྟེ། དད་པ་དང་ཤེས་རབ་ལྷག་པས་མོས་པ་དང་མཐོང་བས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཞེས་གསུངས་སོ། །དེ་དག་གི་དོན་ནི་སྔར་གྱི་ཞུགས་པ་གསུམ་པོ་བཅུ་དྲུག་པའི་རྟོགས་པ་ཐོབ་པའི་ཚེ་དེ་དང་དེའི་འབྲས་གནས་སུ་འགྱུར་ཞིང་། དེའི་ཚེ་དབང་པོ་རྣོ་རྟུལ་གཉིས་ལ་དད་མོས་དང་མཐོང་ཐོབ་ཞེས་བྱའི་རྗེས་འབྲང་གཉིས་སུ་མི་བརྗོད་དེ། བདེན་པ་མཐོང་ཟིན་པའི་ཕྱིར་རོ། །དེས་ན་དབང་པོ་རྣོ་རྟུལ་གཉིས་ནི་དོན་ཡིན་པས་མཐོང་སྒོམ་མི་སློབ་ལམ་གྱི་གནས་སྐབས་གསུམ་ཆར་དུ་ཡོད་ལ། རྗེས་འབྲང་གཉིས་དང་། དད་མོས་མཐོང་ཐོབ་གཉིས་དང་། དུས་སྦྱོར་དུས་མི་སྦྱོར་གཉིས་ནི་མཐོང་སྒོམ་མི་སློབ་པའི་ལམ་གསུམ་ལ་སོ་སོར་འཇོག་པ་ནི་གཞུང་ལུགས་འདིའི་དགོངས་པའོ། །གཉིས་པ་ལ་བཞི་སྟེ། རྒྱུན་ཞུགས་འབྲས་གནས། ཕྱིར་འོང་ཞུགས་གནས། ཕྱིར་མི་འོང་ཞུགས་གནས། དགྲ་བཅོམ་ཞུགས་པའོ། །དང་པོ་ལ་གཉིས་ཏེ། སྲིད་པ་ལན་བདུན་པ་དང་། རིགས་ནས་རིགས་སྐྱེའོ། །དང་པོ་ནི། མཛོད་དུ། འབྲས་གནས་སྒོམ་སྤང་བྱ་མ་ཟད། །རེ་ལྟར་ཐོགས་ན་ལན་བདུན་པ། །ཞེས་དང་། དེའི་འགྲེལ་པར་དེ་ལྟར་ཉོན་མོངས་རྣམ་པ་དགུ་པོ་དེ་དག་ཐམས་ཅད་དུ་འབྲས་གནས་སྒོམ་སྤང་བྱ་མ་ཟད། རེ་ལྟར་ཐོགས་ན་ལན་བདུན་པ། །འབྲས་བུ་ལ་གནས་པ་གང་ཞིག་གིས་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་གཅིག་ཀྱང་མ་སྤངས་པ་དེ་ནི་རྒྱུན་དུ་ཞུགས་པ་ཡིན་ལ། ཚེ་བདུན་གྱི་བར་དུ་སྐྱེ་བས་ན་ལན་བདུན་པའོ། །ཐམས་ཅད་དུ་ནི་ལན་བདུན་པ་མ་ཡིན་པས་རེ་ལྟར་ཐོགས་ན་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཐ་ཤལ་བའོ། །མདོ་ལས་མཆོག་ཏུ་ཐོགས་ན་ལན་བདུན་པ་ཞེས་འབྱུང་བ་ནི་མཆོག་ཏུ་ཐོགས་ན་སྐྱེ་བ་ལན་བདུན་ཞེས་པའི་ཐ་ཚིག་སྟེ། མཆོག་ཅེས་བྱ་བའི་སྒྲ་ནི་རབ་ཏུའོ། །མྱ་ངན་ལས་འདས་པའི་རྒྱུན་ནི་ལམ་སྟེ། དེ་ནས་དེར་འགྲོ་བའི་ཕྱིར་རོ། །འདི་ནི་དེར་ཞུགས་ཤིང་ཕྱིན་ལ་སོན་པས་ན་རྒྱུན་དུ་ཞུགས་པ་ཡིན་ནོ། །ཇི་ལྟར་ན་ཞུགས་པ་ཡིན། གལ་ཏེ་ལམ་དང་པོ་ཐོབ་པའི་ཕྱིར་རོ་ཞེ་ན་ནི་བརྒྱད་པ་ཡང་ཡིན་པར་འགྱུར་རོ། །གལ་ཏེ་འབྲས་བུ་དང་པོ་ཐོབ་པའི་ཕྱིར་རོ་ཞེ་ན་ནི་ཕལ་ཆེར་ལས་འདོད་ཆགས་དང་བྲལ་བ་ཡང་ཡིན་པར་འགྱུར་ལ། འདོད་པ་ལས་འདོད་ཆགས་དང་བྲལ་བ་ཡང་ཡིན་པར་འགྱུར་རོ། །འབྲས་བུ་ཐམས་ཅད་འཐོབ་པའི་དབང་དུ་བྱས་ནས་འབྲས་བུ་དང་པོ་ཐོབ་པའི་ཕྱིར་རོ། །ཅིའི་ཕྱིར་དེ་ཁོ་ན་ཡིན་ལ། བརྒྱད་པ་ནི་མ་ཡིན་ཞེ་ན། ལམ་ལ་རྗེས་སུ་ཤེས་པ་ལ་ནི་ཞུགས་པ་དང་འབྲས་བུའི་ལམ་ཐོབ་པའི་ཕྱིར་དང་། མཐོང་བ་དང་སྒོམ་པའི་ལམ་ཐོབ་པའི་ཕྱིར་དང་། རྒྱུན་ཐམས་ཅད་མངོན་པར་རྟོགས་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། དེ་ནི་དེ་ལས་གཞན་པ་སྐྱེ་བའི་སྲིད་པ་བདུན་དང་། སྲིད་པ་བར་མ་བདུན་དུ་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བར་བྱེད་ལ། དེ་བཞིན་དུ་ལྷ་དག་གི་ནང་དུ་ཡང་ཉིང་མཚམས་སྦྱོར་བར་བྱེད་དེ། དེ་ལྟར་ན་སྲིད་པ་ཉི་ཤུ་རྩ་བརྒྱད་ཀྱི་བར་དུ་ཉིང་མཚམས་སྦྱོར་བར་བྱེད་དོ། །སྲིད་པ་བདུན་ཚན་དུ་འདྲ་བའི་ཕྱིར་མཆོག་ཏུ་ཐོགས་ན་ལན་བདུན་པ་ཞེས་བཤད་དེ། གནས་བདུན་ལ་མཁས་པ་ཞེས་བྱ་བ་དང་། འདབ་མ་བདུན་པ་ཞེས་བྱ་བ་བཞིན་ནོ། །ཞེས་ཟེར་རོ། །འོ་ན་གང་མདོ་ལས་གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་སྲིད་པ་བརྒྱད་པ་མངོན་པར་འགྲུབ་པ་གང་ཡིན་པ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། འདི་ནི་གནས་མེད་དོ་ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན། འགྲོ་བ་གཅིག་ཏུ་དགོངས་པ་ཡིན་ནོ། །འོ་ན་སྒྲ་ཇི་བཞིན་དུ་བཏགས་ན་ནི་སྲིད་པ་བར་མ་ཡང་ཡོད་པར་མི་འགྱུར་རོ། །དེ་ལྟ་ན་ཡང་སྲིད་པའི་རྩེ་མོའི་བར་དུ་གང་དུ་འཕོ་བ་འགྲོ་བ་གཅིག་ཏུ་སྐྱེ་བའི་སྲིད་པ་བརྒྱད་པར་མི་འགྱུར་རོ་ཞེ་ན། འདོད་པའི་ཁམས་ལ་དགོངས་ཏེ་གསུངས་པས་ཉེས་པ་མེད་དོ། །འདི་ལ་ཤེས་པར་བྱེད་པའི་མདོའམ་རིགས་པ་ཅི་ཞིག་ཡོད་ལྷ་དང་མི་དག་གི་ནང་དུ་སོ་སོར་ལན་བདུན་སྐྱེའི་གཉིས་ཀའི་ནང་དུ་ལན་བདུན་མ་ཡིན་པ་ཉིད་དོ། །ཞེས་བྱ་བ་འདི་ལ་ཡང་ཤེས་པར་བྱེད་པ་ཅི་ཞིག་ཡོད་དེ། འདི་སྐད་དུ་ལྷ་རྣམས་དང་མི་རྣམས་སུ་ལན་བདུན་ཞེས་འབྱུང་ངོ་ཞེ་ན། འོད་སྲུང་པ་རྣམས་ལྷ་རྣམས་སུ་ལན་བདུན་མི་རྣམས་སུ་ལན་བདུན་ཞེས་སོ་སོར་ཡང་འདོན་པས་འདི་ལ་མངོན་པར་ཞེན་པར་མི་བྱའོ། །གང་ཞིག་མི་དག་གི་ནང་དུ་རྒྱུན་དུ་ཞུགས་པར་གྱུར་པ་དེ་ནི་དེ་ཁོ་ནར་འོངས་ནས་ཡོངས་སུ་མྱ་ངན་ལས་འདའ་ལ། གང་ཞིག་ལྷ་དག་གི་ནང་དུ་རྒྱུན་དུ་ཞུགས་པར་གྱུར་པ་དེ་ནི་དེ་ཁོ་ནར་འོངས་ནས་ཡོངས་སུ་མྱ་ངན་ལས་འདའོ། །ཅི་ཕྱིར་སྲིད་པ་བརྒྱད་པ་མངོན་པར་མི་འགྲུབ་ཅེ་ན་དུས་དེ་སྲིད་ཀྱིས་གདོན་མི་ཟ་བར་རྒྱུད་ཡོངས་སུ་སྨིན་པའི་ཕྱིར་རོ། །ལམ་དེ་ནི་དེ་འདྲ་སྟེ། སྦྲུལ་གོམས་པ་བདུན་པས་ཟིན་པ་ལྟ་བུ་དང་། རིམས་ཉིན་བཞི་པ་བཞིན་ནོ། །ཀུན་ཏུ་སྦྱོར་བ་བདུན་པོ་ཐ་མའི་ཆ་དང་མཐུན་པ་གཉིས་དང་། གོང་མའི་ཆ་དང་མཐུན་པ་ལྔ་ལུས་པའི་ཡང་ཕྱིར་རོ། །བར་སྐབས་སུ་ཡང་འཕགས་པའི་ལམ་མངོན་དུ་བྱེད་ཅིང་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། དེ་སྲིད་དུ་སྲིད་པ་མྱོང་བར་འགྱུར་བའི་ལས་ཀྱི་སྟོབས་བསྐྱེད་པའི་ཕྱིར་རོ། །སངས་རྒྱས་འབྱུང་བ་མེད་ན་ནི་ཁྱིམ་པ་ཁོ་ནར་དགྲ་བཅོམ་པ་ཉིད་འཐོབ་ལ་ཁྱིམ་ན་ནི་མི་གནས་སོ། །ཆོས་ཉིད་ཀྱིས་འཐོབ་པའི་དགེ་སློང་གི་མཚན་མ་ཡང་ཐོབ་བོ། །གཞན་དག་ན་རེ་དགེ་སྦྱོང་གཞན་གྱི་མཚན་མའོ་ཞེས་ཟེར་རོ། །ཅི་ཕྱིར་ལོག་པར་ལྟུང་བའི་ཆོས་ཅན་མ་ཡིན་ཞེ་ན། དེར་འགྲོ་བའི་ལས་མི་སོགས་པའི་ཕྱིར་དང་། གསོག་པ་ཡང་སྦྱོར་བ་དང་བསམ་པ་དག་གི་སྒོ་ནས་དགེ་བའི་རྩ་བ་སྟོབས་དང་ལྡན་པས་བསྒོམ་པའི་ཕྱིར་རྒྱུད་རྣམ་པར་སྨིན་པ་དང་། མི་མཐུན་པར་བྱས་པའི་ཕྱིར་རོ། །ངན་སོང་དུ་ངེས་པའི་ལས་ཡོད་ན་ནི་དེས་བཟོད་པ་ཡང་བསྐྱེད་པར་མི་འགྱུར་རོ། །འདིར་སྨྲས་པ། མི་མཁས་པས་ནི་སྡིག་པ་ཆུང་ངུ་བྱས་ཀྱང་འོག་ཏུ་འགྲོ། །མཁས་པས་ཆེན་པོ་བྱས་ཀྱང་གནོད་པ་རབ་ཏུ་ཡང་བར་འགྱུར། །ལྕགས་ཀྱི་གོང་བུ་ཆུང་ཡང་ཆུ་ཡི་གཏིང་དུ་འབྱིང་འགྱུར་ལ། །དེ་ཉིད་སྣོད་དུ་བྱས་ན་ཆེ་ཡང་སྟེང་དུ་འཕྱོ་བར་འགྱུར། །སྡུག་བསྔལ་གྱི་མཐར་བྱེད་དོ་ཞེས་བྱ་བ་སྡུག་བསྔལ་གྱི་མཐའ་གང་ཡིན་ཞེ་ན། གང་ཕན་ཆད་སྡུག་བསྔལ་མེད་པ་སྟེ། སྡུག་བསྔལ་ཉིང་མཚམས་མི་སྦྱོར་བར་བྱེད་ཅེས་བྱ་བའི་ཐ་ཚིག་གོ །ཡང་ན་མཐའ་ནི་མྱ་ངན་ལས་འདས་པ་ཡིན་ནོ། །མྱ་ངན་ལས་འདས་པ་ཇི་ལྟར་བྱེད་ཅེ་ན། །དེ་འཐོབ་པའི་གེགས་བསལ་བའི་ཕྱིར་ཏེ། དཔེར་ན་སྨྲ་བ་པོ་བདུན་ཁང་རྟིབ་ལ་ནམ་མཁའ་གྱིས་ཞེས་འཛེར་བ་ལྟ་བུ་ཡིན་ནོ། །མཆོག་ཏུ་ཐོགས་ན་ལན་བདུན་པ་གཞན་ཡང་ཡོད་མོད་ཀྱི་མ་ངེས་པས་མི་བརྗོད་དོ། །རེ་ཞིག་འབྲས་བུ་ལ་གནས་པ་སྒོམ་པས་སྤང་བར་བྱ་བ་མ་ཟད་པ་མཆོག་ཏུ་ཐོགས་ན་ལན་བདུན་པ་ནི་དེ་ལྟ་བུ་ཡིན་ནོ། །དེ་དག་གི་དོན་ལ་འབྲས་བུ་ལ་གནས་པ་གང་ཞིག་གིས་སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་གཅིག་ཀྱང་མ་སྤངས་པ་ཞེས་སོགས་ཀྱིས་ནི་སྲིད་པ་ལན་བདུན་པའི་སྒྲ་དོན་དང་། དེ་ཡང་འདིར་རེ་ལྟར་ཐོགས་ན་ཞེས་པ་ནི་ཤིན་ཏུ་འགོར་པའམ་མདོ་ལས་མཆོག་ཏུ་ཐོགས་ན་ཞེས་འབྱུང་བ་ནི་མ་ངེས་པའི་རིགས་ཅན་གྱི་དབང་དུ་བྱས་པར་བསྟན་ནོ། །མྱ་ངན་ལས་འདས་པའི་རྒྱུན་ནི་ལམ་སྟེ། ཞེས་སོགས་ཀྱི་རྒྱུན་ཞུགས་ཀྱི་སྒྲ་དོན་བསྟན། ཇི་ལྟར་ན་ཞུགས་པ་ཡིན་ཞེས་སོགས་ཀྱིས་རྒྱུན་ཞུགས་ཀྱི་འཇོག་བྱེད་དྲིས་ནས་དང་པོ་གཉིས་རིགས་པས་སུན་ཕྱུངས་ནས་རང་ལུགས་འབྲས་བུ་བཞི་ཆར་རིམ་གྱིས་ཐོབ་པའི་དབང་དུ་བྱས་ནས་འབྲས་བུ་དང་པོ་ཐོབ་པ་བཀོད་པའོ། །ཅི་ཕྱིར་དེ་ཁོ་ན་ཡིན་ལ་ཞེས་སོགས་ཀྱིས་རྒྱུན་ཞུགས་ཞུགས་པ་དང་། འབྲས་གནས་གཉིས་རྒྱུན་ཞུགས་ཡིན་མིན་གྱི་ཁྱད་པར་བསྟན་ནོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ཞེས་སོགས་ཀྱིས་བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱི་སྲིད་པ་ལན་བདུན་པའི་སྐྱེ་བ་ལེན་ཚུལ་དོགས་གཅོད་དང་བཅས་པ་བསྟན་ནོ། །འདི་ལ་ཤེས་པར་བྱེད་པའི་མདོའམ་རིགས་པ་ཅི་ཞིག་ཡོད་ཅེས་སོགས་ཀྱིས་མདོ་སྡེ་པས་བྱེ་བྲག་ཏུ་སྨྲ་བ་ལ་སྲིད་པ་ལན་བདུན་པས་སྐྱེ་སྲིད་བཅུ་བཞི་ལེན་པའི་སྒྲུབ་བྱེད་དྲིས་ནས་དེ་སུན་འབྱིན་པ་བསྟན། དེ་ལྟར་ན་བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་སྲིད་པ་ལན་བདུན་པས་ལྷ་མི་གཉིས་སུ་སྐྱེ་སྲིད་བཅུ་བཞི་དང་། མདོ་སྡེ་པས་ལྷ་མི་གཉིས་བསྡོམས་ནས་སྐྱེ་སྲིད་བདུན་དང་། འོད་སྲུང་པས་ལྷ་མི་གཉིས་གང་རུང་གཅིག་ཏུ་སྐྱེ་སྲིད་བདུན་ལེན་པར་འདོད་པ་ནི་ཁྱད་པར་རོ། །གང་ཞིག་མི་དག་གི་ནང་དུ་ཞེས་སོགས་ཀྱིས་ནི་རྒྱུན་ཞུགས་ཀྱིས་འདོད་པའི་རྟེན་ལ་འབྲས་བུ་མངོན་དུ་བྱེད་པའི་རྟེན་གྱི་ཁྱད་པར་བསྟན་ནོ། །ཅི་ཕྱིར་སྲིད་པ་བརྒྱད་པ་མངོན་པར་མི་འགྲུབ་ཅེ་ན་ཞེས་སོགས་ཀྱིས་ངེས་པའི་རིགས་ཅན་གྱི་སྲིད་པ་ལན་བདུན་པས་སྲིད་པ་བརྒྱད་པ་མི་འགྲུབ་ཅིང་། དྲུག་པ་ཚུན་ཆད་དུ་ཡང་མྱ་ངན་ལས་མི་འདའ་བའི་སྒྲུབ་བྱེད་དང་། ལོག་པར་ལྟུང་བའི་ཆོས་ཅན་མ་ཡིན་པའི་སྒྲུབ་བྱེད་རྣམས་བསྟན། སྡུག་བསྔལ་གྱི་མཐར་བྱེད་དོ་ཞེས་བྱ་བ་སོགས་ཀྱིས་ནི་སྡུག་བསྔལ་གྱི་མཐའ་ངོས་བཟུང་ནས་དེ་མངོན་དུ་བྱེད་པའི་ཚུལ་བསྟན། མཆོག་ཏུ་ཐོགས་ན་ཞེས་སོགས་ཀྱིས་ནི་གོང་དུ་བཤད་པ་དེ་དག་ཀྱང་ངེས་པའི་རིགས་ཅན་གྱི་དབང་དུ་བྱས་པར་བསྟན་ནོ། །གཉིས་པ་ནི། རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། །ཞེས་དང་དེའི་འགྲེལ་པར། རྒྱུན་དུ་ཞུགས་པ་དེ་ཉིད་རྒྱུ་གསུམ་གྱིས་ན་རིགས་ནས་རིགས་སུ་སྐྱེ་བ་ཡིན་ཏེ། ཉོན་མོངས་པ་སྤངས་པ་ལས་ནི་ཉོན་མོངས་པའི་རྣམ་པ་གསུམ་མམ་བཞི་སྤངས་པའི་ཕྱིར་རོ། །དབང་པོ་ལས་ནི་དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པའི་ཕྱིར་རོ། །སྐྱེ་བ་ལས་ནི་ཚེ་གཅིག་གམ་གཉིས་ལུས་པའི་ཕྱིར་རོ། །ཚིགས་སུ་བཅད་པའི་ནང་དུ་གཉིས་ཤིག་སྨོས་པ་ནི་རྒྱུན་དུ་ཞུགས་པ་ཕྱིས་ཉོན་མོངས་པ་སྤོང་བར་བྱེད་ན་དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པ་ནི་མ་སྨོས་ཀྱང་འགྲུབ་པའི་ཕྱིར་རོ། །སྐྱེ་བ་ནི་གལ་ཏེ་ན་གོང་མའི་སྐལ་བ་དང་ལྡན་པའི་ཕྱིར་ཆེས་ཉུང་ངུར་ཡང་འགྱུར་བས་དེའི་ཕྱིར་འདི་སྨོས་སོ། །ཅིའི་ཕྱིར་རྣམ་པ་ལྔ་སྤངས་པའི་ཕྱིར་མ་ཡིན་ཞེ་ན་དེ་སྤངས་ན་དྲུག་པ་ཡང་གདོན་མི་ཟ་བར་སྤོང་བའི་ཕྱིར་དེའི་རྣམ་པ་གཅིག་གིས་ནི་བར་ཆད་གཅིག་པའི་བཞིན་དུ་འབྲས་བུ་ལ་གེགས་བྱ་བར་མི་ནུས་ཏེ་ཁམས་ལས་མི་འདའ་བའི་ཕྱིར་རོ། །རིགས་ནས་རིགས་སུ་སྐྱེ་བ་དེ་ནི་རྣམ་པ་གཉིས་ཏེ། ལྷའི་རིགས་ནས་རིགས་སུ་སྐྱེ་བ་ནི་ལྷ་དག་གི་ནང་དུ་རིགས་གཉིས་སམ་གསུམ་དུ་འཁོར་ནས་རིས་དེའམ་གཞན་དུ་ཡོངས་སུ་མྱ་ངན་ལས་འདས་པ་གང་ཡིན་པའོ། །མིའི་རིགས་ནས་རིགས་སུ་སྐྱེ་བ་ནི་མི་དག་གི་ནང་དུ་རིགས་གཉིས་སམ་གསུམ་དུ་འཁོད་ནས་གླིང་དེའམ་གཞན་དུ་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པའོ། །ཞེས་གསུངས་ཏེ་དེ་དག་གི་དོན་ནི། རྒྱུན་དུ་ཞུགས་པ་དེ་ཉིད་ཅེས་སོགས་ཀྱིས་རིགས་ནས་རིགས་སྐྱེར་འཇོག་པའི་ཁྱད་ཆོས་གསུམ་བསྟན། ཚིགས་སུ་བཅད་པའི་ནང་དུ་ཞེས་སོགས་ཀྱིས་རྩ་བར་གཉེན་པོའི་ཁྱད་པར་མ་སྨོས་ཀྱང་སྐབས་འདིར་མཐོང་ལམ་ཐོབ་རྗེས་སུ་སྤང་བྱ་སྤངས་པའི་ཁྱད་པར་འཇོག་པའི་སྐབས་ཡིན་པས་དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་དོན་གྱིས་ཐོབ་པའི་ཕྱིར་རོ། །ཞེས་བསྟན་ཏོ། །སྐྱེ་བ་ནི་གལ་ཏེ་ན་ཞེས་སོགས་ཀྱི་དོན་ནི། ཚེ་གཅིག་ལུས་པའི་རྒྱུན་ཞུགས་ནི་ཚེ་དེ་ཉིད་ལ་ཕྱིར་འོང་གི་འབྲས་བུ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པའི་ཕྱིར། སྐྱེ་བའི་ཁྱད་པར་ཆེས་ཉུང་བར་ཡང་འགྱུར་བས་དེའི་ཕྱིར་ཚེ་གཉིས་དང་གསུམ་གྱི་ཁྱད་པར་འདི་སྨོས་སོ་ཞེས་པའི་དོན་ནོ། །ཅིའི་ཕྱིར་རྣམ་པ་ལྔ་སྤངས་པའི་ཕྱིར་མ་ཡིན་ཞེ་ན་ཞེས་སོགས་ཀྱིས་ནི་སྤངས་པའི་ཁྱད་པར་གྱི་ངེས་པ་བསྟན་ཏོ། །རིགས་ནས་རིགས་སུ་སྐྱེ་བ་དེ་ནི་རྣམ་པ་གཉིས་ཞེས་སོགས་ཀྱིས་དབྱེ་བ་དང་། དབྱེ་བ་སོ་སོའི་དོན་བསྟན་ཏེ་གོ་སླའོ། །གཉིས་པ་ཕྱིར་འོང་ཞུགས་གནས་ལ་ཞུགས་པ་དང་འབྲས་གནས་སོ། །དང་པོ་ཡང་དེ་ཉིད་ལས། འབྲས་བུ་ལ་གནས་པ་དེ་ཉིད། །རྣམ་པ་ལྔ་ཡི་བར་བཅོམ་པ། །གཉིས་པ་ལ་ནི་ཞུགས་པ་ཡིན། །འབྲས་བུ་ལ་གནས་པ་གང་གི་རྣམ་པ་གཅིག་ནས་ལྔའི་བར་དུ་སྤངས་པ་ཡིན་ན། དེ་ནི་འབྲས་བུ་གཉིས་པ་ལ་ཞུགས་པ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་ཏེ་དོན་ནི་གོ་སླའོ། །གཉིས་པ་ལ་གཉིས་ཏེ་འབྲས་གནས་ཙམ་པོ་དང་། འབྲས་གནས་ཁྱད་པར་ཅན་ནོ། །དང་པོ་ནི་ཡང་དེ་ཉིད་ལས། རྣམ་པ་དྲུག་པ་ཟད་གྱུར་པ། །དེ་ནི་ལན་ཅིག་ཕྱིར་འོང་བ། །དེ་ནི་འབྲས་བུ་གཉིས་པ་ཐོབ་པ་ཡིན་ཏེ། ལྷ་དག་གི་ནང་དུ་སོང་ནས་མིའི་འཇིག་རྟེན་དུ་ལན་གཅིག་ཕྱིར་འོང་བའི་ཕྱིར་ལན་ཅིག་ཕྱིར་འོང་བ་སྟེ། ཕན་ཆད་སྐྱེ་བ་མེད་པའི་ཕྱིར་རོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་བསྲབས་པའི་ཕྱིར་ཞེས་འབྱུང་བ་ནི་ཆུང་ངུའི་རྣམ་པ་ལུས་པའི་ཕྱིར་རོ། །ཞེས་གསུངས་ཏེ་དོན་ནི་གོ་སླའོ། །གཉིས་པ་ནི་ཡང་དེ་ཉིད་ལས། ཉེས་ཆ་བདུན་དང་བརྒྱད་ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང་། །གསུམ་པ་ལ་ནི་ཞུགས་པའང་ཡིན། །ཡང་ལན་ཅིག་ཕྱིར་འོང་བ་དེ་ཉིད་རྒྱུ་གསུམ་གྱིས་བར་ཆད་གཅིག་པ་ཡིན་པར་རིག་པར་བྱ་སྟེ། ཉོན་མོངས་པའི་རྣམ་པ་བདུན་ནམ་བརྒྱད་སྤངས་པའི་ཕྱིར་དང་། དེའི་གཉེན་པོ་ཟག་པ་མེད་པའི་དབང་པོ་ཐོབ་པའི་ཕྱིར་དང་། ཚེ་གཅིག་ལུས་པའི་ཕྱིར་རོ། །ཇི་ལྟར་ན་འདིའི་རྣམ་པ་གཅིག་གིས་འབྲས་བུ་ལ་གེགས་བྱེད་པར་ནུས་ཤེ་ན་ཁམས་རྣམས་ལས་འདའ་བའི་ཕྱིར་ཏེ། གོང་དུ་ལས་རྣམས་ནི་གནས་སྐབས་གསུམ་དུ་གེགས་བྱ་བའི་ཕྱིར་ཉེ་བར་གནས་སོ་ཞེས་བཤད་ཟིན་ཏོ། །ལས་རྣམས་ཇི་ལྟ་བར་ཉོན་མོངས་པ་རྣམས་ཀྱང་དེ་དང་འདྲ་བར་རིག་པར་བྱ་སྟེ། རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུའི་ས་ལས་འདའ་བའི་ཕྱིར་རོ། །བར་ཆད་ཅེས་བྱ་བ་ནི་བར་ཆད་བྱེད་པའོ། །དེའི་མྱ་ངན་ལས་འདའ་བ་ལ་ཚེ་གཅིག་གིས་ཆོད་པའི་ཕྱིར་རམ་ཕྱིར་མི་འོང་གི་འབྲས་བུ་ལ་ཉོན་མོངས་པའི་རྣམ་པ་གཅིག་གིས་ཆོད་པའི་ཕྱིར། འདི་ལ་བར་ཆད་གཅིག་ཡོད་པས་ན་བར་ཆད་གཅིག་པ་ཡིན་ནོ་ཞེས་གསུངས་སོ། །དེའི་དོན་ཡང་ཡང་ལན་ཅིག་ཕྱིར་འོང་བ་དེ་ཉིད་རྒྱུ་གསུམ་གྱིས་ནི་ཞེས་སོགས་ཀྱིས་ཚེ་གཅིག་བར་ཆད་གཅིག་པར་འཇོག་པའི་ཁྱད་པར་གྱི་ཆོས་གསུམ་བསྟན། ཇི་ལྟར་ན་འདིའི་རྣམ་པ་གཅིག་གིས་ཞེས་སོགས་ཀྱི་དོན་ནི་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ལ་ཁམས་ལས་འདའ་དགོས་པས་ཉོན་མོངས་པའི་རྣམ་པ་གཅིག་གིས་ཀྱང་ཚེ་འདིར་འབྲས་བུ་དེ་ཐོབ་པ་ལ་གེགས་བྱེད་ནུས་པའི་ཕྱིར། གོང་དུ་ལས་བསྟན་པར། བཟོད་དང་ཕྱིར་མི་འོང་དགྲ་བཅོམ། །འཐོབ་ལ་ལས་གེགས་ཤིན་ཏུ་བྱེད། །ཅེས་བཟོད་པ་ཐོབ་པ་ལ་ངན་འགྲོ་མྱོང་ངེས་ཀྱི་ལས་ཀྱིས་གེགས་བྱེད། ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ལ་འདོད་པ་མྱོང་ངེས་ཀྱི་ལས་ཀྱིས་གེགས་བྱེད། དགྲ་བཅོམ་གྱི་འབྲས་བུ་ཐོབ་པ་ལ་གོང་མ་མྱོང་ངེས་ཀྱི་ལས་ཀྱིས་གེགས་བྱེད་པར་བསྟན་པས་ཀྱང་འདོད་པའི་ཉོན་མོངས་པ་གཅིག་གིས་ཕྱིར་མི་འོང་གི་འབྲས་བུ་ཚེ་དེ་ཉིད་དུ་ཐོབ་པ་ལ་གེགས་བྱེད་ནུས་པར་གྲུབ་སྟེ། ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ལ་འདོད་པའི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་དང་། འདོད་པའི་ལས་ཀྱི་རྒྱུ་མཐུན་གྱི་འབྲས་བུ་གཉིས་ལས་འདའ་དགོས་པའི་ཕྱིར་རོ། །བར་ཆད་ཅེས་བྱ་བ་ནི་ཞེས་སོགས་ཀྱིས་ཚེ་གཅིག་བར་ཆད་གཅིག་པའི་སྒྲ་དོན་བསྟན་ཏོ། །གསུམ་པ་ཕྱིར་མི་འོང་ཞུགས་གནས་ལ་གཉིས་ཏེ། ཞུགས་པ་དང་འབྲས་གནས་སོ། །དང་པོ་ནི། རྩ་ཚིག་གོང་མར་གསུམ་པ་ལ་ནི་ཞུགས་པའང་ཡིན་ཅེས་པ་དང་། དེའི་འགྲེལ་པར་རྣམ་པ་བདུན་དང་བརྒྱད་སྤངས་པ་དེ་ནི་འབྲས་བུ་གསུམ་པ་ལ་ཞུགས་པ་ཡིན་པའང་རིག་པར་བྱའོ། །སྔོན་རྣམ་པ་གསུམ་དང་བཞི་སྤངས་པའམ། རྣམ་པ་བདུན་དང་བརྒྱད་སྤངས་པ་འབྲས་བུ་ཐོབ་པ་ནི་ཇི་སྲིད་དུ་འབྲས་བུ་ཁྱད་པར་ཅན་གྱི་ལམ་མངོན་དུ་མ་བྱས་པ་དེ་སྲིད་དུ་རིགས་ནས་རིགས་སུ་སྐྱེ་བའམ་བར་ཆད་གཅིག་པ་མ་ཡིན་ནོ་ཞེས་གསུངས་ཏེ་དེའི་དོན་ནི་ཚེ་གཅིག་བར་ཆད་གཅིག་པ་ཡིན་ན་ཕྱིར་མི་འོང་ཞུགས་པ་ཡིན་པས་ཁྱབ་ཅིང་དེས་ན་མཐོང་ལམ་གྱི་སྔ་རོལ་དུ་འཇིག་རྟེན་པའི་ལམ་གྱིས་བདུན་པ་དང་བརྒྱད་པ་སྤངས་ནས་ཚེ་གཅིག་ལུས་པ་ཡང་འབྲས་གནས་ཁྱད་པར་ཅན་དུ་མ་གྱུར་གྱི་བར་དུ་ཚེ་གཅིག་བར་ཆད་གཅིག་པ་མི་འགྱུར་རོ།། །།གཉིས་པ་ལ་གཉིས་ཏེ། འབྲས་གནས་ཙམ་པོ་དང་ཁྱད་པར་ཅན་ནོ། །དང་པོ་ནི། ཡང་དེ་ཉིད་ལས། དེ་དགུ་ཟད་པས་ཕྱིར་མི་འོང་། །འབྲས་བུ་ལ་གནས་པ་དེ་ཉིད་རྣམ་པ་དགུ་སྤངས་པས་ཕྱིར་མི་འོང་བ་ཡིན་པར་ལྟ་བར་བྱ་སྟེ། འདོད་པའི་ཁམས་སུ་མི་འོང་བའི་ཕྱིར་རོ། །ཀུན་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་པའི་ཕྱིར། ཞེས་འབྱུང་བ་ནི་སྤངས་པ་སྡོམ་པའི་ཕྱིར་ཏེ། གདོན་མི་ཟ་བར་སྔོན་གཉིས་སམ་གསུམ་སྤངས་པ་ཡིན་ནོ། །ཞེས་གསུངས་སོ། །དེ་དག་གི་དོན་ནི་མཐོང་ལམ་ཐོབ་རྗེས་སུ་འདོད་ཉོན་དགུ་པ་སྤངས་པ་ཙམ་གྱིས་ཕྱིར་མི་འོང་འབྲས་གནས་སུ་འགྱུར་ལ། ཐ་མའི་ཆ་མཐུན་ལྔ་སྤངས་པས་ཕྱིར་མི་འོང་དུ་འགྱུར་ཞེས་པ་ནི། འདོད་ཉོན་དགུ་པ་སྤངས་པའི་ཚེ། སྤངས་པ་སྡོམ་པ་ཐོབ་པ་ཙམ་ལ་དགོངས་ཀྱི་ལྔ་པོ་ཅིག་ཅར་དུ་སྤངས་པ་ནི་མ་ཡིན་ཏེ། སྔོན་བཅུ་དྲུག་པའི་རྟོགས་པ་ཐོབ་པའི་ཚེ་འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཚོམ་གསུམ་སྤངས་ཟིན་པའི་ཕྱིར་ཏེ། དེ་གསུམ་མཐོང་སྤངས་ཡིན་པའི་ཕྱིར་རོ། །གཉིས་སམ་ཞེས་པའི་དོན་ནི་མདོ་སྡེ་པས་མཐོང་ལམ་གྱིས་འཇིག་ལྟ་སྒོམ་སྤང་གི་ཆ་མི་སྤོང་བར་འདོད་པ་སྡུད་དེ། རྣམ་འགྲེལ་ལས། ལྷན་ཅིག་སྐྱེས་པ་མ་སྤངས་ཕྱིར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་གཉིས་ཏེ། འབྲས་བུ་མངོན་དུ་བྱེད་ཚུལ་གྱི་སྒོ་ནས་དབྱེ་བ་དང་། ཡོན་ཏན་གྱི་སྒོ་ནས་དབྱེ་བའོ། །དང་པོ་ལ་བཞི་སྟེ། དབྱེ་བ་དངོས་དང་། མདོ་ལས་འབྱུང་བའི་རྣམ་པའི་རབ་དབྱེ་དང་། རྟེན་གྱི་ཁྱད་པར་ལ་དོགས་པ་བཅད་པ་དང་། འོག་མིན་འགྲོའི་རྒྱུ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། ཚེ་རབས་གཞན་དུ་འབྲས་བུ་མངོན་དུ་བྱེད་པ་དང་། ཚེ་འདིར་འབྲས་བུ་མངོན་དུ་བྱེད་པའོ། །དང་པོ་ལ་གཉིས་ཏེ། གཟུགས་སུ་ཉེར་འགྲོ་དང་། གཟུགས་མེད་ཉེར་འགྲོའོ། །དང་པོ་ནི། ཡང་དེ་ཉིད་ལས། དེ་ནི་བར་སྐྱེས་འདུ་བྱེད་དང་། །འདུ་བྱེད་མེད་ཡོངས་མྱ་ངན་འདའ། །གོང་དུ་འཕོ་བ་རྣམས། འདིར་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བས་ན་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་བཞིན་དུ་སྐྱེས་པ་དང་འདུ་བྱེད་མེད་པ་ལ་ཡང་སྦྱར་བར་བྱའོ། །ཕྱིར་མི་འོང་བ་དེ་ཉིད་རྣམ་པ་ལྔ་ཡིན་ཏེ། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་ནི་སྲིད་པ་བར་མར་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པའོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྐྱེས་པ་ཙམ་ལས་མི་འཆི་བར་ཕུང་པོའི་ལྷག་མ་དང་བཅས་པའི་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ་རྣམ་པར་མངོན་པར་བརྩོན་པ་དང་ལམ་ངང་གིས་འབྱུང་བའི་ཕྱིར་རོ། །གཞན་དག་ན་རེ་དེ་ཡང་ཕུང་པོ་ལྷག་མ་མེད་པས་སོ་ཞེས་ཟེར་རོ། །མ་ཡིན་ཏེ། ཚེ་འདོར་བ་ལ་དབང་མེད་པའི་ཕྱིར་རོ། །མངོན་པར་འདུ་བྱེད་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྐྱེས་ནས་སྦྱོར་བ་མ་བཏང་ཞིང་མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་གང་ཡིན་པ་སྟེ། མངོན་པར་བརྩོན་པ་དང་ལམ་ངང་གིས་འབྱུང་བ་མ་ཡིན་པའི་ཕྱིར་རོ། །མངོན་པར་འདུ་བྱེད་པ་མེད་པར་ཡོངས་མྱ་ངན་ལས་འདའ་བ་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། མངོན་པར་བརྩོན་པ་དང་ལམ་ངང་གིས་འབྱུང་བའི་ཕྱིར་ཞེས་གྲག་གོ །གཞན་དག་ན་རེ། འདུས་བྱས་དང་འདུས་མ་བྱས་ལ་དམིགས་པའི་ལམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །ཞེས་ཟེར་རོ། །དེ་ནི་མི་རུང་སྟེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །སློབ་དཔོན་ཉིད་ཀྱི་བཞེད་པ་ནི་མདོ་ལས་ནི་མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་སྔར་འབྱུང་བས་དེ་ཁོ་ན་བཞིན་དུ་རུང་སྟེ། ལམ་ངང་གིས་འབྱུང་བ་དང་། ངང་གིས་འབྱུང་བ་མ་ཡིན་པ་དག་ནི་འབད་པ་མེད་པ་དང་འབད་པས་ཐོབ་པའི་སྒོ་ནས་མངོན་པར་འདུ་བྱེད་པ་མེད་པ་དང་། མངོན་པར་འདུ་བྱེད་པས་འགྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་ལམ་ཆེས་ངང་གིས་འབྱུང་བ་དང་། ཆེས་ཆེ་བ་དང་། ཕྲ་རྒྱས་ཆེས་ཆུང་བ་ཡིན་ནོ། །གོང་དུ་འཕོ་བ་ནི་གོང་དུ་སྐྱེས་པ་འདི་ཉིད་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བར་གོང་དུ་འགྲོ་བ་གང་ཡིན་པ་སྟེ། འཕོ་བ་དང་འགྲོ་བ་ཞེས་བྱ་བ་ནི་དོན་གཅིག་གོ །དེ་ནི་བསམ་གཏན་སྤེལ་ན་འོག་མིན་འགྲོ། གོང་དུ་འཕོ་བ་དེ་ནི་རྒྱུ་དང་འབྲས་བུའི་སྒོ་ནས་རྣམ་པ་གཉིས་ཏེ། རྒྱུའི་སྒོ་ནས་བསམ་གཏན་སྤེལ་བ་དང་། སྤེལ་བ་མིན་པའི་ཕྱིར། འབྲས་བུའི་སྒོ་ནས་ནི་འོག་མིན་འགྲོ་དང་སྲིད་པའི་རྩེ་མོ་ལ་ཐུག་པའི་ཕྱིར་རོ། །དེ་ལ་གང་གིས་བསམ་གཏན་སྤེལ་བ་དེ་ནི་འོག་མིན་དུ་སོང་ནས་ཡོངས་སུ་མྱ་ངན་ལས་འདའོ། །དེ་འཕར་ཕྱེད་འཕར་ཐམས་ཅད་དུ། འཆི་འཕོ། གོང་དུ་འཕོ་བ་འོག་མིན་གྱི་མཐར་ཐུག་པ་དེ་ཡང་འཕར་བ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་གསུམ་སྟེ། དེ་ལ་འཕར་བ་ཞེས་བྱ་བ་ནི་འདིར་བསམ་གཏན་རྣམས་སྤེལ་ནས་བསམ་གཏན་དང་པོའི་རོ་མྱངས་ཏེ་བསམ་གཏན་གསུམ་ལས་ཡོངས་སུ་ཉམས་པ་ཚངས་རིས་པ་དག་གི་ནང་དུ་སྐྱེས་ནས་སྔོན་གོམས་པའི་དབང་གིས་བསམ་གཏན་བཞི་པ་སྤེལ་ཏེ། དེ་ནས་ཤི་འཕོས་ནས་འོག་མིན་པ་དག་གི་ནང་དུ་སྐྱེ་བ་གང་ཡིན་པ་སྟེ། དེ་ནི་བར་མི་འགྲོ་བས་ན་འཕར་བ་ཞེས་བྱའོ། །ཕྱེད་འཕར་བ་ཞེས་བྱ་བ་ནི་དེ་གནས་གཙང་མ་རྣམས་སུ་སྐྱེས་ལ་བར་ནས་གནས་གཞན་འགའ་ཙམ་ཡང་བརྒལ་ཏེ་འོག་མིན་དུ་འཇུག་པ་གང་ཡིན་པའོ། །འཕགས་པ་ནི་ཚངས་ཆེན་པ་དག་གི་ནང་དུ་མི་སྐྱེ་སྟེ་ལྟ་བའི་གནས་ཡིན་པའི་ཕྱིར་དང་། གཙོ་བོ་གཅིག་ཏུ་ཟད་པའི་ཕྱིར་རོ། །གནས་ཐམས་ཅད་དུ་འཆི་འཕོ་བ་ཞེས་བྱ་བ་ནི་གནས་གཞན་ཐམས་ཅད་དུ་འཕོས་ནས་འོག་མིན་དུ་འཇུག་པ་གང་ཡིན་པའོ། །ཕྱིར་མི་འོང་བ་ནི་ནམ་ཡང་སྐྱེ་བའི་སྐྱེ་མཆེད་དེ་ཉིད་དུ་ཚེ་གཉིས་པ་མངོན་པར་གྲུབ་པར་མི་བྱེད་དེ། ཁྱད་པར་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །འདི་ལྟར་ན་འདིའི་ཕྱིར་མི་འོང་བ་ཉིད་ཡོངས་སུ་རྫོགས་པ་ཡིན་ཏེ། གོང་དུ་སྐྱེས་པ་དེའི་འོག་དང་དེར་གཏན་དུ་མི་འོང་བའི་ཕྱིར་རོ། །རེ་ཞིག་བསམ་གཏན་སྤེལ་ན་འོག་མིན་དུ་འགྲོ་བ་ནི་དེ་ལྟ་བུ་ཡིན་པར་རིག་པར་བྱའོ། །དེ་ལས་གཞན་སྲིད་རྩེ་མོར་འགྲོ། གོང་དུ་འཕོ་བ་བསམ་གཏན་མ་སྤེལ་བ་ནི། སྲིད་པའི་རྩེ་མོར་ཐུག་པ་ཡིན་ཏེ། དེ་ནི་སྙོམས་པར་ཞུགས་པ་གཞན་རྣམས་རོ་མྱོང་བར་བྱེད་ཅིང་གནས་གཞན་ཐམས་ཅད་དུ་སྐྱེས་ལ་གནས་གཙང་མ་རྣམས་སུ་མི་འཇུག་པ་ཁོ་ནར་གཟུགས་མེད་པར་སྐྱེ་བའི་རིམ་གྱིས་སྲིད་པའི་རྩེ་མོར་སོང་སྟེ་ཡོངས་སུ་མྱ་ངན་ལས་འདའ་བའོ། །འདི་ནི་ཞི་གནས་སྤྱད་པ་ཡིན་ནོ། །སྔ་མ་ནི་ལྷག་མཐོང་སྤྱད་པ་ཡིན་ནོ། །གོང་དུ་འཕོ་བ་བར་སྐབས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་རུང་བར་ལྟའོ། །འོག་མིན་དང་སྲིད་པའི་རྩེ་མོའི་མཐར་ཐུག་པ་ཉིད་ནི་ཕན་ཆད་དུ་འགྲོ་བ་མེད་པའི་ཕྱིར་ཏེ། དཔེར་ན་རྒྱུན་དུ་ཞུགས་པ་མཆོག་ཏུ་ཐོགས་ན་ལན་བདུན་པ་ཉིད་བཞིན་ནོ། །རེ་ཞིག་དེ་དག་ནི་གཟུགས་སུ་ཉེ་བར་འགྲོ་བའི་ཕྱིར་མི་འོང་བ་ལྔ་ཡིན་ནོ། །འདི་དག་གི་དོན་ལ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བས་ན་ཞེས་སོགས་ཀྱིས་ནི་འདའ་བ་བཞིའི་མྱང་འདས་མངོན་དུ་བྱེད་ཚུལ་བསྟན་ཅིང་། འདིར་བར་འདའ་བའི་སྐབས་སུ་ལྷག་མེད་དུ་འདའ་བའི་གསལ་ཁ་མ་བྱུང་ཡང་། སྐྱེས་འདའ་བ་ལ་ཕུང་པོའི་ལྷག་མ་དང་བཅས་པས་འདའ་བར་གསུངས་པ་དང་། གཞན་དག་ན་རེ་ཞེས་པའི་རྩོད་ལན་གྱི་ཤུགས་ལ་བར་འདའ་བ་ལ་ལྷག་མེད་དུ་འདའ་བར་བསྟན་ཏོ། །དེ་ལ་སྔོན་གྱི་མཁས་པ་དག་ལྷག་མེད་དུ་ཉེ་བ་ལ་དགོངས་ཞེས་དང་། ཚེ་འདོར་ལེན་ལ་དབང་མ་ཐོབ་པས་བརྟག་དགོས་ཞེས་དང་། སྐྱེ་སྲིད་ཀྱི་ཕུང་པོ་ལེན་པ་མེད་པར་མྱ་ངན་ལས་འདའ་བའི་དོན་ཏོ། །ཞེས་པའི་ལུགས་གསུམ་སྣང་ཡང་དེ་དག་ནི་ལྷག་བཅས་སུ་འདའ་བར་འདོད་པའི་ལུགས་སོ། །གནད་ཀྱི་དོན་ནི་འདི་ཡིན་ཏེ། བར་དོའི་རྟེན་ལ་མྱང་འདས་མངོན་དུ་བྱས་པ་དང་། འཆི་འཕོ་བ་དུས་མཉམ་སྟེ། མྱང་འདས་མངོན་དུ་བྱས་པའི་རྗེས་སུ་ཡང་ལྷག་བཅས་ཀྱི་རྟེན་ལ་གནས་པར་གསུངས་པ་རྣམས་ནི་སྐྱེ་སྲིད་ཀྱི་རྟེན་ཁོ་ན་ལ་དགོངས་པའི་ཕྱིར་རོ། །འདི་ཇི་ལྟར་ཤེས་ཅེ་ན་མྱང་འདས་མངོན་དུ་བྱས་ཀྱང་ཚེ་གནས་པ་ནི་རྫོགས་བྱེད་ཀྱི་ལས་ཀྱི་འབྲས་བུར་གྱུར་པའི་ཚེའི་འཕེན་པའི་དབང་གིས་གནས་པ་ཡིན་ལ། རྫོགས་བྱེད་ཀྱི་ལས་ཀྱི་འབྲས་བུར་གྱུར་པའི་ཚེ་རིང་ཐུང་སོགས་ནི་ལས་དེའི་འཕེན་བྱེད་ཀྱི་ལས་ཀྱི་འབྲས་བུ་དགོས་པའི་ངེས་པ་མེད་ཀྱང་སྤྱིར་འཕེན་བྱེད་ཀྱི་ལས་ཀྱི་འབྲས་བུར་གྱུར་པའི་རྣམ་སྨིན་གྱི་ཕུང་པོའི་སྟེང་དུ་འབྱུང་དགོས་ཤིང་། དེ་ཡང་སྐྱེ་སྲིད་ཀྱི་ཕུང་པོ་ཁོ་ན་ལ་ཡིན་པའི་ཕྱིར་ཏེ། ལུགས་འདི་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པའི་འབྲས་བུའི་རྟེན་འབྲེལ་ཐམས་ཅད་སྐྱེ་སྲིད་ནས་འཆི་སྲིད་ཀྱི་བར་ཁོ་ན་ལ་བཞག་པར་སྣང་གི་བར་སྲིད་ལ་བཞག་པའི་ཚུལ་མི་སྣང་བའི་ཕྱིར་རོ། །ཇི་སྐད་དུ། རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །ཞེས་དང་། ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཞེས་གསུངས་སོ། །མདོར་ན་དགྲ་བཅོམ་པ་ལྷག་བཅས་ལ་གནས་པ་ནི་རྫོགས་བྱེད་ཀྱི་ལས་ཀྱི་ཚེའི་འཕེན་པ་ལ་བརྟེན་ནས་གནས་ཤིང་བར་སྲིད་ནི་དགྲ་བཅོམ་མངོན་དུ་མ་བྱས་ཀྱི་བར་རམ་སྐྱེ་སྲིད་མ་ཐོབ་ཀྱི་བར་དུ་ཅིག་ཆར་ལས་དབང་གིས་གནས་པ་ཙམ་ཡིན་གྱི་རྫོགས་བྱེད་ཀྱི་ལས་ཀྱིས་འཕེན་པའི་དབང་གིས་གནས་པ་མ་ཡིན་པས་ན་བར་སྲིད་ཀྱི་རྟེན་ཅན་གྱིས་དགྲ་བཅོམ་པ་མེད་པའི་གནད་ཀྱང་འདི་ཉིད་ཡིན་ནོ། །འདིར་སྐྱེས་ནས་འདའ་བའི་སྐབས་སུ་ཚེ་འདོར་ལེན་ལ་དབང་མ་ཐོབ་པའི་ཕྱིར་རོ་ཞེས་དང་། བར་འདའ་བ་གསུམ་གྱི་དཔེ་ལ་འགྲེལ་བཤད་རྣམས་ལས། སོག་མའི་མེ་སྟག་གནམ་དུ་ཡལ་བ་སོགས་ཀྱི་དཔེར་བརྗོད་མཛད་པའི་ཚིག་གི་ནུས་པ་དང་། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རྒྱུ་འབྲས་ཀྱི་རྣམ་པར་གཞག་པ་ཤེས་ན་ལུགས་འདི་ལ་ངེས་པ་གཏིང་ནས་ཚུགས་པ་སྐྱེ་བར་འགྱུར་རོ། །མཁས་མཆོག་དབྱིག་གཉེན་ཐུགས་དགྱེས་པར་གྱུར་ཅིག གཞན་དག་ན་རེ་ཞེས་སོགས་ཀྱིས་ནི་འདའ་བ་ཕྱི་མ་གཉིས་ཀྱི་ཁྱད་པར་ལ་གཞན་ལུགས་འགོག་པ་བསྟན་ཏེ། འདུས་བྱས་ལ་དམིགས་པའི་ལམ་དང་། འདུས་མ་བྱས་ལ་དམིགས་པའི་ལམ་གྱིས་མྱ་ངན་ལས་འདའ་བ་དེ་གཉིས་ཀྱི་ཁྱད་ཡིན་ན། མྱ་ངན་ལས་འདའ་བ་ཐམས་ཅད་འདའ་བ་གཉིས་པ་ཡིན་པར་འགྱུར་བས་ཧ་ཅང་ཐལ་ཏེ། ཐམས་ཅད་ཀྱང་བདེན་པ་བཞི་ལ་དམིགས་པའི་ལམ་གྱིས་འདའ་བའི་ཕྱིར་རོ། །མདོ་ལས་ནི་ཞེས་སོགས་ཀྱིས་སློབ་དཔོན་རང་གི་འདོད་པ་བསྟན་ཏེ། ཚིགས་བཅད་ཀྱི་ནང་དུ་མངོན་པར་འདུ་བྱེད་དང་བཅས་པ་སྔར་འབྱུང་བ་ནི་ཚིགས་སུ་བཅད་པ་སྦྱར་བདེ་བའི་དབང་གིས་ཡིན་ལ་དོན་གྱི་རིམ་པ་ནི་མྱང་འདས་མངོན་དུ་བྱེད་པ་མྱུར་བུལ་གྱི་ཁྱད་པར་ཡིན་པས་འདུ་བྱེད་མེད་པར་འདའ་བ་སྔར་འབྱུང་བའི་ཕྱིར་རོ། །འདི་ཉིད་དོན་ལ་གནས་ཏེ། མདོ་ལས་འདུ་བྱེད་མེད་པར་འདའ་བ་སྔར་འབྱུང་བར་གསུངས་ཤིང་། ཀུན་བཏུས་ལས་ཀྱང་དེ་བཞིན་དུ་འབྱུང་ལ་དེ་དག་གི་ནི་ཁྱད་པར་རམ། ལས་དབང་ཉོན་མོངས་བྱེ་བྲག་ལས། །ཞེས་པའི་དོན་ཡང་འདི་ལ་གནས་པའི་ཕྱིར་རོ། །གོང་དུ་འཕོ་བ་ནི་ཞེས་སོགས་ཀྱིས་གོང་འཕོའི་སྒྲ་དོན་བསྟན་ཏེ། གོང་དུ་སྐྱེས་པ་དེ་ཉིད་དུ་མྱ་ངན་ལས་མི་འདའ་བར་དེའི་གོང་དུ་འགྲོ་བས་ན་གོང་འཕོར་འཇོག་པའི་ཕྱིར་རོ། །དེ་ནི་བསམ་གཏན་སྤེལ་ན་འོག་མིན་འགྲོ། །ཞེས་སོགས་ཀྱིས་ནི་གོང་འཕོ་ལ་གཉིས་སུ་ཕྱེ་ནས་འོག་མིན་མཐར་ཐུག་འགྲོའི་གོང་འཕོ་ལ་ཡང་གསུམ་དུ་དབྱེ་བ་ངོས་འཛིན་དང་བཅས་པ་བསྟན་ཏེ། གཞན་རྣམས་ནི་གོ་སླ་ལ། འདིར་བསམ་གཏན་རྣམས་སྤེལ་ནས་བསམ་གཏན་དང་པོའི་རོ་མྱངས་ཏེ་བསམ་གཏན་གསུམ་ལས་ཡོངས་སུ་ཉམས་པ་ཞེས་པའི་དོན་ནི་བསམ་གཏན་སྤེལ་བ་ནི་ཟག་མེད་གཉིས་ཀྱི་བར་དུ་ཟག་བཅས་གཅིག་སྤེལ་བ་ཡིན་ལ་རོ་མྱངས་པ་ནི་ཟག་བཅས་ཀྱི་རོ་མྱངས་པ་ཡིན་ཏེ། དག་པ་དེ་ནི་དེས་མྱོངས་བྱ། །ཞེས་གསུངས་པའི་ཕྱིར་རོ། །དག་པ་བའི་རོ་མྱངས་པས་དག་པ་བ་ལས་ཉམས་ཏེ་སྙོམས་འཇུག་ཉོན་མོངས་ཅན་དུ་འགྱུར་ཞིང་དེའི་ཚེ་ཟག་མེད་ཀྱི་བསམ་གཏན་ལས་ཀྱང་ཉམས་ཏེ་ཟག་མེད་ཀྱི་བསམ་གཏན་གྱི་དོན་ནི་དང་པོར་དག་པ་བའི་བསམ་གཏན་སྐྱེད་ནས་དེའི་འོག་ཏུ་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་བསྐྱེད་དེ། དེ་སྐྱེས་པའི་ཚེ་སྔར་གྱི་བསམ་གཏན་དེ་བདག་མེད་མངོན་སུམ་དུ་རྟོགས་པ་འི་བསམ་གཏན་ཀྱི་ངོ་བོར་འགྱུར་བ་ལ་འཇོག་པའི་ཕྱིར་རོ། །འོ་ན་ཟག་མེད་ལམ་བདེན་ལས་ཉམས་པར་ཡོད་པ་འགྱུར་རོ་ཞེ་ན། སྤྱིར་ཟག་མེད་ལམ་བདེན་ལས་ཉམས་པ་ནི་མེད་དེ། བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ལས་ཉམས་པ་མེད་པའི་ཕྱིར་རོ། །བསམ་གཏན་གྱི་དངོས་གཞིས་བསྡུས་པའི་ཟག་མེད་ལམ་བདེན་ལས་ཉམས་པ་ནི་ཡོད་དེ། དག་པ་བའི་བསམ་གཏན་ལས་ཉམས་པའི་ཚེ་ན་བསམ་གཏན་གྱི་དངོས་གཞི་ཟག་བཅས་ཟག་མེད་ཐམས་ཅད་ལས་ཉམས་པའི་ཕྱིར་རོ། །གཞན་དུ་ན། བསམ་གཏན་གྱི་དངོས་གཞི་ཐམས་ཅད་ལས་ཉམས་ནས་སྙོམས་འཇུག་ཉོན་མོངས་ཅན་རྒྱུད་ལྡན་ཡང་ཡིན། བསམ་གཏན་གྱི་དངོས་གཞི་ཟག་མེད་རྒྱུད་ལྡན་ཡང་ཡིན་པའི་གཞི་མཐུན་ཁས་ལེན་དགོས་པར་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་ནི་ཟག་མེད་བར་ཆད་མེད་ལམ་གྱིས་སྤངས་པའི་སྤངས་པ་ལས་ཉམས་པ་ཡོད་ཅིང་། མདོ་སྡེ་པའི་ལུགས་ལ་དེ་མེད་ཀྱང་དགྲ་བཅོམ་པ་མཐོང་ཆོས་ལ་བདེར་གནས་ལས་ཉམས་པར་གསུངས་ཤིང་མཐོང་ཆོས་ལ་བདེར་གནས་ལས་ཉམས་པ་ནི་དག་པ་བའི་བསམ་གཏན་ལ་བཞད་དེ། ཀུན་བཏུས་ཀྱི་འགྲེལ་པ་རྒྱལ་པོ་སྲས་ལས། མཐོང་བའི་ཆོས་ལ་བདེ་བར་གནས་པ་ལས་ཡོངས་སུ་ཉམས་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་བསམ་གཏན་པ་རྣམས་ལས་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པའི་ཕྱིར་རོ། །འོ་ན་དེའི་རྒྱུད་ལ་བདག་མེད་མངོན་སུམ་དུ་རྟོགས་པའི་ཤེས་རབ་མེད་པར་འགྱུར་རོ་སྙམ་ན་བསམ་གཏན་དང་པོའི་དངོས་གཞི་ལས་ཉམས་པའི་ཚེ་བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་པའི་ཕྱིར་སྐྱོན་མེད་དོ། །གཉིས་པ་ནི། གཞན་ནི་གཟུགས་མེད་འགྲོ་རྣམ་བཞི་ཕྱིར་མི་འོང་བ་གཞན་ནི་གཟུགས་མེད་པར་ཉེ་བར་འགྲོ་བ་སྟེ་གཟུགས་ཀྱི་འདོད་ཆགས་བྲལ་བ་འདི་ནས་ཤི་འཕོས་ནས་གཟུགས་མེད་པ་དག་གི་ནང་དུ་སྐྱེ་བ་གང་ཡིན་པའོ། །དེ་ཡང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་བཞི་སྟེ། དེ་དག་ནི་ཕྱིར་མི་འོང་བ་དྲུག་ཡིན་ནོ། ཞེས་གསུངས་ཏེ་དོན་ནི་གོ་སླའོ། །གཉིས་པ་མཐོང་ཆོས་ཞི་ནི། གཞན་ནི་འདི་ལ་མྱ་ངན་འདའ། གཞན་ནི་ཚེ་འདི་ཁོ་ན་ལ་ཡོངས་སུ་མྱ་ངན་ལས་འདའ་སྟེ་མཐོང་བའི་ཆོས་ལ་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ནི་བདུན་པ་ཡིན་ནོ། །ཞེས་གསུངས་ཏེ་དོན་ནི་གོ་སླའོ། །གཉིས་པ་མདོ་ལས་འབྱུང་བའི་རྣམ་པའི་རབ་དབྱེ་ལ་གཉིས་ཏེ། གཟུགས་སུ་ཉེར་འགྲོ་དགུར་བཞག་པ་དང་། སྐྱེས་བུ་དམ་པའི་འགྲོ་བ་བདུན་དུ་བཞག་པའོ། །དང་པོ་ནི་ཡང་དེ་ཉིད་ལས། གསུམ་ལ་ཡང་རྣམ་གསུམ་ཕྱེ་ནས། །གཟུགས་སུ་ཉེར་འགྲོ་དགུར་བཤད་དོ། །ཕྱིར་མི་འོང་བ་གསུམ་ལ་ཡང་རྣམ་པ་གསུམ་དུ་ཕྱེ་ནས་གཟུགས་སུ་ཉེ་བར་འགྲོ་བའི་ཕྱིར་མི་འོང་བ་དགུ་ཡིན་ནོ། །གསུམ་པོ་གང་དག་ཅེ་ན་བར་མ་དོར་དང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདས་པ་དག་དང་། གོང་དུ་འཕོ་བའོ། །རྣམ་པ་གསུམ་དུ་ཕྱེ་བ་ཇི་ལྟ་བུ་ཞེ་ན་རེ་ཞིག་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་དཔེ་གསུམ་གྱི་མྱུར་བ་དང་མྱུར་བ་མ་ཡིན་པ་དང་། ཡུན་རིང་མོ་ཞིག་ན་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ནི་སྐྱེས་ནས་དང་། མངོན་པར་འདུ་བྱེད་པ་དང་། མངོན་པར་འདུ་བྱེད་པ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །དེ་དག་ཐམས་ཅད་ཀྱང་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་སྐྱེས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཡིན་ནོ། །གོང་དུ་འཕོ་བ་ནི་འཕར་བ་ལ་སོགས་པའི་བྱེ་བྲག་གིས་སོ། །ཡང་ན་གསུམ་པོ་ཐམས་ཅད་མྱུར་བ་དང་མྱུར་བ་མ་ཡིན་པ་དང་ཡུན་རིང་མོ་ཞིག་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །དེ་དག་གི་ཁྱད་པར་རྣམས་ལས་དབང་ཉོན་མོངས་བྱེ་བྲག་ལས། ཕྱིར་མི་འོང་བ་གསུམ་དང་དགུ་པོ་དེ་དག་གི་ཁྱད་པར་ནི་ལས་དང་ཉོན་མོངས་པ་དང་དབང་པོའི་བྱེ་བྲག་ལས་ཏེ། རེ་ཞིག་ལས་ནི་གསུམ་ནི་གོ་རིམ་བཞིན་དུ་མངོན་པར་འགྲུབ་པ་དང་། སྐྱེས་པ་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་བསགས་པའི་ཕྱིར་དང་། ཉོན་མོངས་པ་ཀུན་ཏུ་སྤྱོད་པ་ཆུང་བ་དང་། འབྲིང་དང་། ཆེན་པོའི་ཕྱིར་དང་། དབང་པོ་ཆེན་པོ་དང་། འབྲིང་དང་། ཆུང་ངུའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་དག་སོ་སོའི་ཁྱད་པར་ཡང་ཅི་རིགས་པར་གསུམ་ཚན་དང་པོ་གཉིས་ནི་གོང་མ་བཞིན་དུ་ཉོན་མོངས་པ་དང་དབང་པོའི་བྱེ་བྲག་ལས་སོ། །གསུམ་ཚན་ཐ་མ་ནི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཀྱི་བྱེ་བྲག་ལས་ཀྱང་ཁྱད་པར་དུ་ལྟ་སྟེ། དེ་དག་ནི་ཉོན་མོངས་པ་དང་དབང་པོའི་རྣམ་པ་དགུའི་ཕྱིར་ཕྱིར་མི་འོང་བ་དགུ་ཡིན་ནོ། །ཞེས་གསུངས་སོ། །དེ་དག་གི་དོན་ལ་ཕྱིར་མི་འོང་བ་གསུམ་ལ་ཡང་ཞེས་སོགས་ཀྱིས་བར་འདའ་བ་དང་སྐྱེས་འདའ་བ་དང་། གོང་འཕོ་གསུམ་ལ་གསུམ་གསུམ་དུ་ཕྱེ་ནས་གཟུགས་སུ་ཉེར་འགྲོ་དགུར་བཞག་པ་བསྟན། དེ་དག་གི་ནི་ཁྱད་པར་རྣམས་ཞེས་སོགས་ཀྱི་གཟུགས་སུ་ཉེར་འགྲོ་དགུར་དབྱེ་བ་དང་། གསུམ་པོ་རེ་རེ་ལ་གསུམ་གསུམ་དུ་དབྱེ་བའི་སྒྲུབ་བྱེད་བསྟན་ནོ། །འོ་ན་གོང་དུ་གཟུགས་སུ་ཉེར་འགྲོའི་དབྱེ་བའི་སྐབས་སུ་བར་འདའ་བ་དང་གོང་འཕོ་རེ་རེར་བགྲངས་ནས་སྐྱེས་འདའ་བ་ལ་གསུམ་དུ་དབྱེ་བའི་རྒྱུ་མཚན་ཅི་ཡིན་སྙམ་ན་ཆོས་མངོན་པའི་མདོ་ལས་ཀྱང་། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནས་གོང་དུ་འཕོ་བའི་བར་ལྔ་ནི་ཞེས་དང་། མངོན་རྟོགས་རྒྱན་དང་ཀུན་བཏུས་ལས་ཀྱང་དེ་བཞིན་དུ་གསུངས་པས་ལུགས་འདི་བཀའ་དང་བསྟན་བཅོས་ཐམས་ཅད་ཀྱི་དགོངས་པར་འདུག་པས་དེའི་དགོངས་པ་ནི་ཅིས་ཀྱང་བཤད་པར་བྱ་སྟེ། སྐྱེས་འདའ་བ་ལ་གསུམ་དུ་ཕྱེ་བ་དེ་ཉིད་ཀྱིས་བར་འདའ་བ་དང་གོང་འཕོ་གཉིས་ལ་ཡང་གསུམ་གསུམ་དུ་དབྱེར་ཡོད་པར་མཚོན་པའི་ཆེད་ཡིན་ལ། གོང་འཕོ་ལ་གསུམ་དུ་མ་ཕྱེ་བ་ནི་གཟུགས་མེད་ཉེར་འགྲོའི་དབྱེ་བའི་སྐབས་སུ་གོང་འཕོ་གཅིག་ལས་མེད་པས་དེ་བདེ་བླག་ཏུ་རྟོགས་པའི་ཆེད་ཡིན་པའི་ཕྱིར་རོ། །འོ་ན་བར་འདའ་བ་ལ་གསུམ་དུ་ཕྱེ་ནས་གཞན་གཉིས་པོ་རེ་རེར་བཞག་པས་ཀྱང་དགོས་པ་དེ་གཉིས་འགྲུབ་བོ་སྙམ་ན་མ་ཡིན་ཏེ། དེ་ལྟར་ན་གཟུགས་མེད་ཉེར་འགྲོ་ལ་སྦྱར་བའི་ཚེ་ཐོག་མར་སྐྱེས་འདའ་བ་དང་གོང་འཕོ་གཉིས་སུ་ཕྱེ་ནས་སླར་ཡང་སྐྱེས་འདའ་བ་ལ་གསུམ་དུ་དབྱེ་དགོས་པས་དབྱེ་བའི་ཚུལ་ཅུང་ཟད་དཀའ་བའི་ཕྱིར་རོ། །མདོར་ན་གཟུགས་སུ་ཉེར་འགྲོ་ལ་ལྔར་ཕྱེ་ནས་བར་འདའ་བ་དོར་ཏེ་ལྷག་མ་བཞི་པོ་གཟུགས་མེད་ཉེར་འགྲོའི་དབྱེ་བར་བཀོད་པས་གཟུགས་མེད་ཉེར་འགྲོའི་དབྱེ་བ་བདེ་བླག་ཏུ་རྟོགས་པའི་ཆེད་དུ་བཀའ་དང་བསྟན་བཅོས་ཁུངས་ཐུབ་རྣམས་ནས་དེ་ལྟར་དུ་མཛད་པར་སྣང་སྟེ། གཞན་ནི་གཟུགས་མེད་འགྲོ་རྣམ་བཞི་ཞེས་གསུངས་པ་ལས་ཤེས་སོ། །གཟུགས་སུ་ཉེར་འགྲོ་འབའ་ཞིག་གི་རྣམ་བཞག་བྱེད་པའི་ཚེ་ནི་གསུམ་ལ་ཡང་རྣམ་གསུམ་ཕྱེ་ནས། ཞེས་པ་ལྟར་གྱིས་ཆོག་གོ །ཁོ་བོ་ནི་གསུང་རབ་ཀྱི་དཀའ་བའི་གནས་ལ་འདི་བཞིན་འཆད་པ་ཡིན་གྱི་དེང་སང་གི་བྱིས་པ་མགོ་བོ་བསྐོར་བའི་ཚིག་གིས་དུས་འདའ་བ་ནི་མ་ཡིན་ནོ། །གཉིས་པ་ནི་ཡང་དེ་ཉིད་ལས། འོ་ན་མདོ་ལས་སྐྱེས་བུ་དམ་པའི་འགྲོ་བ་བདུན་བསྟན་པ་ཇི་ལྟ་བུ་ཞེ་ན། གོང་དུ་འཕོ་བ་མ་ཕྱེ་བར་དམ་པའི་འགྲོ་བ་བདུན་དུ་འདོད། གོང་དུ་འགྲོ་བའི་ཆོས་ནི་གོང་དུ་འགྲོ་བའོ། །མདོ་ལས་ནི་དེ་མ་ཕྱེ་བར་བསྟན་པའི་ཕྱིར་མདོ་ལས་སྐྱེས་བུ་དམ་པའི་འགྲོ་བ་བདུན་ཞེས་གསུངས་སོ། །ཅིའི་ཕྱིར་འདི་དག་ཁོ་ན་སྐྱེས་བུ་དམ་པའི་འགྲོ་བ་ཡིན་སློབ་པའི་འགྲོ་བ་གཞན་དག་ནི་མ་ཡིན་ཞེ་ན་གང་དག་ལ་འགྲོ་བ་འདི་དག་ཡོད་པ་དེ་དག་ནི་ལས་དམ་པ་དགེ་བ་ཁོ་ན་ལ་འཇུག་ཅིང་དམ་པ་ལ་མ་ཡིན་པ་མི་དགེ་བ་ལ་མི་འཇུག་པ་དང་འགྲོ་བ་འདི་དག་ཏུ་སོན་པ་རྣམས་ཡང་ཕྱིར་མི༷་འོང་བ་མེད་པ་ཡིན་ལ་ཇི་སྐད་དུ་བཤད་པ་འདི་གཞན་ལ་ནི་མེད་པས་དེའི་ཕྱིར། དམ་པ་དམ་མིན་འཇུག་མི་འཇུག །སོན་པ་ཕྱིར་མི་འོང་ཕྱིར་ཏེ། སྐྱེས་བུ་དམ་པའི་འགྲོ་བ་དག་ཡིན་གྱི་གཞན་དག་ནི་མ་ཡིན་ནོ། །འོ་ན་མདོ་ཁོ་ན་ལས། སྐྱེས་བུ་དམ་པ་གང་ཞེ་ན་སློབ་པའི་ཡང་དག་པའི་ལྟ་བ་དང་ལྡན་པའོ་ཞེས་རྒྱས་པར་གསུངས་པ་ཇི་ལྟ་བུ་ཞེ་ན། གཞན་དག་ལའང་སྡིག་པ་རྣམ་པ་ལྔ་གཏན་མི་བྱེད་པའི་སྡོམ་པ་ཐོབ་པའི་ཕྱིར་དང་། ཉོན་མོངས་པ་མི་དགེ་བ་ཕལ་ཆེར་སྤངས་པའི་ཕྱིར་རྣམ་གྲངས་པའི་སྐྱེས་བུ་དམ་པ་ཉིད་ཡོད་མོད་ཀྱི་འདིར་ནི་གང་དག་ལ་རྣམ་གྲངས་མེད་པར་ཡོད་པ་དེ་དག་གི་སྐབས་ཡིན་ནོ་ཞེས་གསུངས་སོ། །དེ་དག་གི་དོན་ནི་གོང་དུ་འཕོ་བ་མ་ཕྱེ་བར་ཞེས་སོགས་ཀྱིས་གཟུགས་སུ་ཉེར་འགྲོ་དགུའི་དང་པོ་དྲུག་དང་། གོང་འཕོ་གཅིག་ཏུ་བཞག་པ་རྣམས་ལ་སྐྱེས་བུ་དམ་པའི་འགྲོ་བ་བདུན་དུ་བཞག་པར་བསྟན། ཅིའི་ཕྱིར་འདི་དག་ཁོ་ན་ཞེས་སོགས་ཀྱིས་རྒྱུན་ཞུགས་དང་ཕྱིར་འོང་ལ་འགྲོ་བའི་དོན་ཚང་ཡང་སྐྱེས་བུ་དམ་པའི་དོན་མ་ཚང་། མཐོང་ཆོས་ཞི་ལ་སྐྱེས་བུ་དམ་པའི་དོན་ཚང་ཡང་འགྲོ་བའི་དོན་མ་ཚང་བས་སྐྱེས་བུ་དམ་པའི་འགྲོ་བ་མ་ཡིན་པར་བསྟན་ཏོ། །འོ་ན་གཟུགས་མེད་ཉེར་འགྲོ་སྐྱེས་བུ་དམ་པའི་འགྲོ་བ་ཡིན་ནམ་མ་ཡིན་ཞེ་ན། ཡིན་ཏེ། སྐྱེས་བུ་དམ་པ་དང་འགྲོ་བ་གཉིས་ཀྱི་དོན་ཚང་བའི་ཕྱིར་རོ། །འོ་ན་དེ་གང་གིས་བསྟན་སྙམ་ན་འགྲོ་བ་དང་པོ་གསུམ་པོ་དོར་བའི་ཕྱི་མ་བཞིས་བསྟན་ཏེ་སྐབས་འདིར་གོང་འཕོ་གཅིག་ཏུ་བསྡུས་པའི་དགོས་པ་ཡང་དེ་ཉིད་ཡིན་པས་སྔར་བཤད་པ་དང་དོན་གཅིག་གོ །འོ་ན་མདོ་ཁོ་ན་ལས་ཞེས་སོགས་ཀྱིས་རྒྱུན་ཞུགས་དང་ཕྱིར་འོང་སྐྱེས་བུ་དམ་པར་གསུངས་པ་རྣམ་གྲངས་པར་བསྟན་ཏོ། །གསུམ་པ་རྟེན་གྱི་ཁྱད་པར་ལ་དོགས་པ་བཅད་པ་ནི། ཡང་དེ་ཉིད་ལས་ཅི་ཕྱིར་མི་འོང་བ་ཚེ་ཡོངས་སུ་གྱུར་པ་ལ་ཡང་དབྱེ་བ་འདི་ཡོད་དམ་ཞེ་ན་མེད་དེ་འདི་ལྟར་འདོད་པར་ཚེ་ཡོངས་གྱུར་པས་འཕགས། ཁམས་གཞན་དུ་ནི་འགྲོ་བ་མེད། འདོད་པའི་ཁམས་སུ་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ནི་ཁམས་གཞན་དུ་མི་འགྲོ་སྟེ་ཚེ་དེ་ཉིད་ལ་ཕྱིར་མི་འོང་གི་འབྲས་བུ་ཐོབ་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །གཟུགས་ཀྱི་ཁམས་སུ་ཚེ་ཡོངས་སུ་གྱུར་པ་ནི་གལ་ཏེ་ན་གཟུགས་མེད་པའི་ཁམས་དག་ཏུ་ཡང་འཇུག་སྟེ། གོང་དུ་འཕོ་བ་སྲིད་པའི་རྩེ་མོའི་མཐར་ཐུག་པ་གང་ཡིན་པའོ། །འོ་ན་བརྒྱ་བྱིན་གྱིས་བདག་ནི་ཐ་མར་ཉམས་ན་ལྷ་གང་འོག་མིན་ཞེས་རྣམ་པར་གྲགས་པ་དེར་ནི་སྐྱེ་བར་འགྱུར་བར་ཤོག ཅེས་གང་སྨྲས་པ་ཇི་ལྟ་བུ་ཞེ་ན་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། ཆོས་མངོན་པ་མངོན་པར་མི་ཤེས་པའི་ཕྱིར་དང་། ཡང་དག་པར་དགའ་བར་བྱ་བ་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཀྱང་མ་བཀག་གོ །ཞེས་ཟེར་རོ། །དེ་དང་གོང་མར་སྐྱེས་པ་ནི། །ཡོངས་ཉམས་དབང་པོ་འཕོ་མི་བསྟེན། །འདོད་པའི་ཁམས་སུ་ཚེ་ཡོངས་སུ་གྱུར་པའི་འཕགས་པ་དེ་དང་ཁམས་གོང་མར་སྐྱེས་པའི་འཕགས་པ་ནི་དབང་པོ་རྣམས་ཀྱང་མི་འཕོ་ལ་ཇི་ལྟར་ཡང་ཡོངས་སུ་ཉམས་པར་མི་འགྱུར་རོ། །ཅི་ཕྱིར་འཕགས་པ་ཚེ་གཞན་དུ་ཡོངས་སུ་གྱུར་པ་གཟུགས་དང་གཟུགས་མེད་པར་འཇུག་པ་དང་། དབང་པོ་འཕོ་བ་དང་ཡོངས་སུ་ཉམས་པ་དག་ཏུ་མི་འདོད་ཅེ་ན། འདི་ལྟར་མེད་པའི་ཕྱིར་རོ། །ཅི་ཕྱིར་མེད་ཅེ་ན། ཚེ་རབས་གཞན་ནས་ཡོངས་སུ་འདྲིས་པས། དབང་པོ་རྣམས་ཡོངས་སུ་སྨིན་པའི་ཕྱིར་དང་། རྟེན་ཁྱད་པར་ཅན་ཐོབ་པའི་ཕྱིར་རོ། །ཅིའི་ཕྱིར་སློབ་པ་འདོད་ཆགས་དང་མ་བྲལ་བ་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར་ཞེ་ན། ལམ་ལ་མ་འདྲིས་པས་མངོན་སུམ་དུ་མི་འགྱུར་བའི་ཕྱིར་དང་། ཕྲ་རྒྱས་རྣམས་ཤིན་ཏུ་ཆུང་བ་མིན་པའི་ཕྱིར། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། འདོད་པའི་ཁམས་ལས་འདའ་བར་དཀའ་བའི་ཕྱིར་ཏེ། འདིས་ཉོན་མོངས་པ་མི་དགེ་བ་དང་། ལུང་དུ་མ་བསྟན་པ་སྤངས་པ་དང་། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་གཉིས་སམ་གསུམ་ཐོབ་པ་དང་། ཁམས་གསུམ་ལས་ཡང་དག་པར་འདའ་བ་སྟེ། མང་པོ་ཞིག་བྱ་དགོས་ལ་དེ་ཡང་སྲིད་པ་བར་མ་ལ་གནས་པས་བྱ་བར་མི་ནུས་སོ། །ཞེས་ཟེར་རོ། །དེ་དག་གི་དོན་ལ་ཅི་ཕྱིར་མི་འོང་བ་ཚེ་ཡོངས་སུ་གྱུར་པ་ལ་ཡང་ཞེས་སོགས་ཀྱིས་ནི་གོང་དུ་བཤད་པའི་དབྱེ་བ་དེ་དག་མཐོང་ལམ་ཐོབ་པའི་ལུས་རྟེན་མ་དོར་བ་ལ་འཇོག་པར་བསྟན་ཏེ། མཐོང་ལམ་ཐོབ་པའི་ལུས་རྟེན་དོར་བའི་འདོད་པའི་རྟེན་ཅན་ནི་ཁམས་གོང་དུ་འགྲོ་བ་མེད་པས་གཟུགས་སུ་ཉེར་འགྲོ་དང་། གཟུགས་མེད་ཉེར་འགྲོ་འཇོག་ཏུ་མི་རུང་བའི་ཕྱིར་དང་། མཐོང་ལམ་ཐོབ་པའི་ལུས་རྟེན་དོར་བ་དེ་ཉིད་ཀྱིས་མཐོང་ཆོས་ཞི་ཡིན་པར་འགལ་བའི་ཕྱིར་རོ། །གཟུགས་ཀྱི་ཁམས་སུ་ཞེས་སོགས་ཀྱིས་གཟུགས་ཀྱི་ཁམས་ཀྱི་ཚེ་ཡོངས་གྱུར་གྱི་འཕགས་པ་ཁམས་གཞན་དུ་འགྲོ་བ་ཡོད་པར་བསྟན་ཏེ། འོ་ན་བརྒྱ་བྱིན་གྱིས་ཞེས་སོགས་ཀྱིས་ནི་འདོད་པར་ཚེ་ཡོངས་གྱུར་གྱི་འཕགས་པ་ཁམས་གཞན་དུ་འགྲོ་བ་མེད་པ་ལ་རྩོད་པ་སྤང་བ་བསྟན་ནོ། །དེ་དང་གོང་མར་སྐྱེས་པ་ནི། །ཞེས་སོགས་ཀྱིས་ཚེ་ཡོངས་གྱུར་གྱི་འཕགས་པའི་ཁྱད་ཆོས་བསྟན་ཏེ་གོ་སླའོ། །ཅི་ཕྱིར་སློབ་པ་ཞེས་སོགས་ཀྱིས་རྒྱུན་ཞུགས་དང་ཕྱིར་འོང་ལ་བར་འདའ་བ་མེད་པའི་སྒྲུབ་བྱེད་སློབ་དཔོན་རང་གི་བཞེད་པ་བསྟན་ཏེ། བར་སྲིད་ཀྱི་རྟེན་ཅན་གྱི་རྒྱུན་ཞུགས་དང་། ཕྱིར་འོང་དེས་འདོད་ཉོན་མ་སྤངས་པས་ཕྲ་རྒྱས་ཤིན་ཏུ་ཆུང་བ་མིན་པའི་ཕྱིར་དང་། འཕགས་ལམ་ལ་མ་འདྲིས་པས་བར་སྲིད་ཀྱི་སྐབས་སུ་མངོན་སུམ་དུ་ཡང་མི་འགྱུར་བའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། ཞེས་སོགས་ཀྱིས་སྔར་གྱི་དེའི་སྒྲུབ་བྱེད་བྱེ་བྲག་ཏུ་སྨྲ་བའི་ལུགས་སྟོན་ཏེ། བར་སྲིད་ཀྱི་རྟེན་ལ་འདོད་པའི་ཁམས་ལས་འདའ་བ་སྟོན་པའི་ཕྱིར་ཏེ། བར་སྲིད་ཀྱི་རྟེན་ཅན་གྱི་རྒྱུན་ཞུགས་དང་། ཕྱིར་འོང་གི་དགྲ་བཅོམ་གྱི་འབྲས་བུ་ཐོབ་པ་ལ་འདོད་ཉོན་མ་སྤངས་པས་ཉོན་མོངས་པ་མི་དགེ་བ་དང་ལུང་མ་བསྟན་གཉིས་སྤང་དགོས་པ་དང་། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཕྱིར་འོང་གིས་གཉིས་སམ་རྒྱུན་ཞུགས་ཀྱིས་གསུམ་ཐོབ་དགོས་པ་དང་། འདོད་པའི་ཁམས་ལས་ཀྱང་མ་འདས་པས་ཁམས་གསུམ་ཀར་ལས་འདའ་བ་སྟེ་མང་པོ་ཞིག་བྱ་དགོས་ལ་དེ་ནི་བར་སྲིད་གང་གི་རྟེན་ལའང་བྱ་བར་མི་ནུས་པའི་ཕྱིར་ཞེས་ཟེར་རོ། །བཞི་པ་འོག་མིན་འགྲོའི་རྒྱུ་བྱེ་བྲག་ཏུ་བཤད་པ་ནི། ཡང་དེ་ཉིད་ལས། དེ་ནི་བསམ་གཏན་སྤེལ་ན་འོག་མིན་འགྲོ་ཞེས་བཤད་པ་ཡང་དང་པོ་ཉིད་དུ་བསམ་གཏན་གང་སྤེལ་བར་བྱེད་ཅེ་ན། དང་པོ་བཞི་པ་སྤེལ་བར་བྱེད། ཏིང་ངེ་འཛིན་དེ་ནི་ཐམས་ཅད་ལ་ལས་སུ་རུང་བ་དང་། ལམ་སླ་བ་རྣམས་ཀྱི་ནང་ནས་མཆོག་ཡིན་པའི་ཕྱིར་རོ། །འདི་ལྟར་སྤེལ་བར་བྱེད་དེ། དགྲ་བཅོམ་པའམ་ཕྱིར་མི་འོང་བའང་རུང་ཟག་མེད་ཀྱི་བསམ་གཏན་བཞི་པ་ལ་རྒྱུན་དང་ལྡན་པར་སྙོམས་པར་འཇུག་ཅིང་དེ་ལས་ལངས་ནས་དེ་ཉིད་ཟག་པ་དང་བཅས་པ་རྒྱུན་དང་ལྡན་པ་ལ་སྙོམས་པར་འཇུག་ལ། ཡང་ཟག་པ་མེད་པ་ལ་སྙོམས་པར་ཞུགས་པ་སྟེ་དེ་བཞིན་དུ་རྒྱུན་ཕྲི་ནས་གང་གི་ཚེ་སྐད་ཅིག་མ་གཉིས་ཟག་པ་མེད་པ་ལ་སྙོམས་པར་འཇུག་ཅིང་། སྐད་ཅིག་མ་གཉིས་ཟག་པ་དང་བཅས་པ་ལ་སྙོམས་པར་འཇུག་ལ་ཡང་ཟག་པ་མེད་པ་ལ་སྙོམས་པར་འཇུག་གོ །ཞེས་གྲགས་ཏེ་འདི་ཉིད་སྤེལ་བའི་སྦྱོར་བ་ཡིན་ནོ་ལོ། །སྐད་ཅིག་མ་ནི་བསྲེས་པས་འགྲུབ། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། གང་གི་ཚེ་ཟག་པ་མེད་པའི་སྐད་ཅིག་མའི་མཇུག་ཐོག་ཏུ་ཟག་པ་དང་བཅས་པ་མངོན་སུམ་དུ་བྱེད་ཅིང་ཟག་པ་དང་བཅས་པའི་མཇུག་ཐོག་ཏུ་ཡང་ཟག་པ་མེད་པ་མངོན་སུམ་དུ་བྱེད་པ་དེ་ལྟར་ཟག་པ་དང་བཅས་པའི་སྐད་ཅིག་མ་དང་ཟག་པ་མེད་པ་དག་ཏུ་བསྲེས་པས་སྤེལ་བ་གྲུབ་པ་ཡིན་ཏེ་སྐད་ཅིག་མ་གཉིས་ནི་བར་ཆད་མེད་པའི་ལམ་དུ་ཡིན་ལ་གསུམ་པ་ནི་རྣམ་པར་གྲོལ་བའི་ལམ་དུ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་བསམ་གཏན་བཞི་པ་སྤེལ་ནས་དེའི་སྟོབས་ཀྱིས་གཞན་དང་གཞན་དག་ཀྱང་སྤེལ་བར་བྱེད་དེ། དང་པོར་འདོད་པའི་ཁམས་སུ་གླིང་གསུམ་དག་ཏུ་སྤེལ་བར་བྱེད་ལ་ཕྱིས་ནི་ཡོངས་སུ་ཉམས་པས་གཟུགས་ཀྱི་ཁམས་སུ་སྤེལ་བར་བྱེད་དོ། །སངས་རྒྱས་མ་གཏོགས་པས་སྐད་ཅིག་མ་སྤེལ་བར་མི་ནུས་ཏེ། དེའི་ཕྱིར་རྒྱུན་ཆགས་གསུམ་ལ་ཇི་སྲིད་དུ་འདོད་པར་སྙོམས་པར་འཇུག་པའི་སྒོ་ནས་རྫོགས་པ་ཡིན་ནོ་ཞེས་བྱ་བར་ལྟའོ། །ཅིའི་ཕྱིར་བསམ་གཏན་སྤེལ་བར་བྱེད་ཅེ་ན། སྐྱེ་དང་གནས་པར་བྱ་ཕྱིར་དང་། །ཉོན་མོངས་པས་ནི་འཇིགས་ཕྱིར་ཡང་། །རྒྱུ་གསུམ་གྱིས་ན་བསམ་གཏན་སྤེལ་བར་བྱེད་དེ། ཕྱིར་མི་འོང་བ་དབང་པོ་རྣོན་པོ་རྣམས་ནི་གནས་གཙང་མར་སྐྱེ་བར་བྱ་བའི་ཕྱིར་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཕྱིར་རོ། །དབང་པོ་རྟུལ་པོ་རྣམས་ནི་ཉོན་མོངས་པས་ཡང་འཇིག་པའི་ཕྱིར་ཏེ། རོ་མྱང་བ་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཐག་བསྲིང་བའི་སྒོ་ནས་ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་རོ། །དགྲ་བཅོམ་པ་ནི་དབང་པོ་རྣོན་པོ་རྣམས་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་ཕྱིར་རོ། །དབང་པོ་རྟུལ་པོ་རྣམས་ནི་ཉོན་མོངས་པས་འཇིགས་པའི་ཡང་ཕྱིར་ཏེ། ཡོངས་སུ་མི་ཉམས་པར་བྱ་བའི་ཕྱིར་རོ། །ཡང་ཅིའི་ཕྱིར་གནས་གཙང་མར་སྐྱེས་པ་ལྔ་ཁོ་ན་ཡིན་ཞེ་ན་བསམ་གཏན་བཞི་པ་སྤེལ་མར་བསྒོམ་པར་བཤད་པ་གང་ཡིན་པ་དེ་ནི་རྣམ་པ་ལྔའི་ཕྱིར། གནས་གཙང་སྐྱེ་བ་ལྔ་ཁོ་ན་སྤེལ་མར་བསྒོམ་པ་དེ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོ་ཤིན་ཏུ་ཆེ་བ་དང་ཤིན་ཏུ་ཆེས་ཆེ་བའི་བྱེ་བྲག་གི་རྣམ་པ་ལྔ་ཡིན་ཏེ། དང་པོ་ལ་ནི་ཟག་པ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་སེམས་གསུམ་མངོན་དུ་བྱེད་དོ། །གཉིས་པ་ལ་ནི་དྲུག་གོ །གསུམ་པ་ལ་ནི་དགུའོ། །བཞི་པ་ལ་ནི་བཅུ་གཉིས་སོ། །ལྔ་པ་ལ་ནི་བཅོ་ལྔ་སྟེ། དེ་དག་གི་འབྲས་བུ་ནི་གྲངས་བཞིན་དུ་གནས་གཙང་མ་ལྔ་ཡིན་ལ་དེ་ལ་ཟག་པ་དང་བཅས་པ་གང་ཡིན་པའི་དབང་གིས་དེ་དག་ཏུ་སྐྱེའོ། །གཞན་དག་ན་རེ། དད་པའི་དབང་པོ་ལ་སོགས་པ་ལྷག་པའི་ཕྱིར་ལྔ་ཡིན་ནོ། །ཞེས་ཟེར་རོ། །ཞེས་གསུངས་སོ། །དེ་དག་གི་དོན་ལ་དེ་ནས་བསམ་གཏན་སྤེལ་ནས་འོག་མིན་འགྲོ། ཞེས་སོགས་ཀྱི་འོག་མིན་མཐར་ཐུག་འགྲོའི་རྒྱུ་ལ་བསམ་གཏན་སྤེལ་སྒོམ་དགོས་པས་དང་པོར་གང་སྤེལ་བ་དང་ཚུལ་ཇི་ལྟར་སྤེལ་བ་དང་། གྲུབ་པའི་ཚད་དང་། རྟེན་གང་ལ་སྤེལ་བ་རྣམས་བསྟན་ནོ། །སངས་རྒྱས་མ་གཏོགས་པས་ཞེས་སོགས་ཀྱིས་གྲུབ་པའི་ཚད་སློབ་དཔོན་རང་གི་བཞེད་པ་བསྟན་ནོ། །ཅིའི་ཕྱིར་བསམ་གཏན་སྤེལ་བར་བྱེད་ཅེ་ན། ཞེས་སོགས་ཀྱིས་བསམ་གཏན་སྤེལ་སྒོམ་བྱེད་པའི་དགོས་པ་བསྟན། གཞན་དག་ན་རེ་ཞེས་སོགས་ཀྱིས་བཙུན་པ་དཔལ་ལེན་གྱིས་དད་པའི་དབང་པོ་ལ་སོགས་པ་ལྔ་ལྷག་པའི་ཕྱིར། གནས་གཙང་མ་ལྔར་ངེས་པར་འདོད་པ་བསྟན་ནོ། །གཉིས་པ་ཡོན་ཏན་གྱི་སྒོ་ནས་དབྱེ་བ་ནི། ཡང་དེ་ཉིད་ལས། འགོག་པ་ཐོབ་པའི་ཕྱིར་མི་འོང་། །ལུས་ཀྱིས་མངོན་པར་བྱེད་པར་འདོད། །འདི་ལ་འགོག་པ་ཐོབ་པ་ཡོད་པས་ན་འགོག་པ་ཐོབ་པ་སྟེ། ཕྱིར་མི་འོང་བ་གང་ལ་ལ་འགོག་པ་དེ་ནི་མྱ་ངན་ལས་འདས་པ་དང་འདྲ་བའི་ཆོས་ལུས་ཀྱིས་མངོན་སུམ་དུ་བྱེད་པའི་ཕྱིར་ལུས་ཀྱིས་མངོན་སུམ་དུ་བྱེད་པ་ཞེས་བྱ་བའོ། །ཇི་ལྟར་ན་ལུས་ཀྱིས་མངོན་སུམ་དུ་བྱེད་ཅེ་ན། སེམས་མེད་པས་ལུས་ལ་བརྟེན་ཏེ་སྐྱེ་བའི་ཕྱིར་རོ། །འདི་ལྟ་བུ་ཡིན་པར་འགྱུར་ཏེ། དེ་འགོག་པ་དེ་ལས་ལངས་ནས་གང་ལས་དེ་འདི་སྙམ་དུ། ཀྱེ་མ་འགོག་པའི་སྙོམས་པར་འཇུག་པ་ནི་མྱ་ངན་ལས་འདས་པ་དང་འདྲ་བར་ཞི་བ་ཡིན་ནོ་སྙམ་དུ་སེམས་པར་གྱུར་པ་རྣམ་པར་ཤེས་པ་དང་བཅས་པའི་ལུས་ཞི་བ་སྔོན་མ་ཐོབ་པ་ཐོབ་པར་འགྱུར་ཏེ། དེ་ལྟར་ན་འདིས་དེའི་ཞི་བ་ཉིད་ལུས་ཀྱིས་མངོན་དུ་བྱས་པ་ཡིན་ཏེ། ཐོབ་པ་དང་ཤེས་པས་མངོན་སུམ་དུ་བྱེད་པ་དག་གི་མངོན་སུམ་དུ་གྱུར་པ་ནི་མངོན་དུ་བྱེད་པ་ཡིན་ནོ། །ཞེས་སོགས་གསུངས་ཞིང་དེའི་དོན་ལ་འདི་ལ་འགོག་པ་ཐོབ་པ་ཡོད་པས་ན་ཞེས་སོགས་ཀྱིས་ལུས་ཀྱིས་མངོན་སུམ་དུ་བྱེད་པའི་སྒྲ་དོན་བྱེ་བྲག་ཏུ་སྨྲ་བའི་ལུགས་བསྟན་ཏེ། འགོག་པ་ལ་སྙོམས་པར་འཇུག་པའི་སྐབས་སུ་སེམས་མེད་པའི་གྲུབ་མཐའ་ལ་བརྟེན་པའོ། །འདི་ལྟ་བུ་ཡིན་པར་འགྱུར་ཏེ་ཞེས་སོགས་ཀྱིས་སློབ་དཔོན་གྱི་བཞེད་པ་བསྟན་ཏེ། འགོག་པའི་སྙོམས་འཇུག་ལས་ལངས་པའི་སྐབས་སུ་རྣམ་ཤེས་དང་བཅས་པའི་ལུས་ཀྱིས་སྔར་གྱི་འགོག་སྙོམས་ཞི་བ་ཡིན་པའི་ངེས་ཤེས་མངོན་དུ་བྱེད་པ་ལ་དགོངས་སོ། །མདོར་ན་སྔ་མས་ནི་སྙོམས་པར་འཇུག་པའི་སྐབས་ལ་དགོངས་ནས་སེམས་མེད་པའི་ལུས་ཀྱིས་མངོན་དུ་བྱེད་ཅེས་པ་དང་། ཕྱི་མས་ནི་སྙོམས་འཇུག་ལས་ལངས་པའི་སྐབས་ལ་དགོངས་ནས་སེམས་དང་བཅས་པའི་ལུས་ཀྱིས་མངོན་སུམ་དུ་བྱེད་ཅེས་པ་ནི་ཁྱད་པར་རོ། །སྔར་བཤད་པ་དེ་དག་ལ་མཐོང་ཆོས་ཞི་ཡན་ཆད་ནི་མཐོང་ལམ་ཐོབ་པའི་ལུས་རྟེན་མ་དོར་བ་ཁོ་ན་དང་། ཚེ་ཡོངས་གྱུར་གྱི་འཕགས་པ་ནི་མཐོང་ལམ་ཐོབ་པའི་ལུས་རྟེན་དོར་བ་ཁོ་ན་དང་། ལུས་མངོན་བྱེད་ནི་དོར་མ་དོར་གཉིས་ཀ་ཡོད་པའི་དབང་དུ་བྱས་ནས་གོ་རིམ་བཞིན་དུ་བསྟན་པར་ཤེས་པར་བྱའོ། །དེ་དག་ནི་དབྱེ་བ་ཆེ་ལོང་ཙམ་ཡིན་ལ། ཞིབ་ཏུ་ཕྱེ་ན་ཕྱིར་མི་འོང་བ་ཁྲི་ཉིས་སྟོང་དགུ་བརྒྱ་རྩ་དྲུག་ཅུར་འགྱུར་བ་ཡང་གསུངས་མོད་ཀྱི་ཧ་ཅང་ཡང་མངས་སུ་དོགས་ནས་མ་སྤྲོས་སོ། །བཞི་པ་དགྲ་བཅོམ་ཞུགས་པ་ནི། ཡང་དེ་ཉིད་ལས། སྲིད་རྩེའི་བར་ཆད་བརྒྱད་ཟད་པ། །དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། །ཕྱིར་མི་འོང་བ་ཞེས་བྱ་བའི་དབང་དུ་བྱས་པ་སྟེ། ཡང་ཕྱིར་མི་འོང་བ་དེ་བསམ་གཏན་དང་པོའི་རྣམ་པ་གཅིག་ལས་འདོད་ཆགས་དང་བྲལ་བ་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་རྣམ་པ་བརྒྱད་ཀྱི་བར་སྤངས་པས་དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཡིན་ནོ། །དགུ་པའི་བར་ཆད་མེད་ལམ་ཡང་དེ་སྲིད་པའི་རྩེ་མོ་པའི་རྣམ་པ་དགུ་པ་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་ལ་གནས་པ་ན་ཡང་དགྲ་བཅོམ་པ་ཉིད་ལ་ཞུགས་པ་ཁོ་ན་ཡིན་ནོ། །དེ་ནི་རྡོ་རྗེ་ལྟ་བུ་ཡིན། བར་ཆད་མེད་པའི་ལམ་དེ་ནི་ཕྲ་རྒྱས་ཐམས་ཅད་འཇོམས་པ་ཡིན་པའི་ཕྱིར། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་བྱའོ། །བཅོམ་ཟིན་པའི་ཕྱིར་འདིས་ཐམས་ཅད་འཇོམས་པ་མ་ཡིན་གྱི། བར་ཆད་མེད་པའི་ལམ་ཐམས་ཅད་ཀྱི་ནང་ན་ཤིན་ཏུ་ཆེ་བ་ཡིན་པའི་ཕྱིར། འཇོམས་པར་ནུས་པ་ཡིན་ནོ་ཞེས་གསུངས་སོ། །དེའི་དོན་ལ་སྲིད་རྩེའི་བར་ཆད་བརྒྱད་ཟད་པ་ཞེས་སོགས་ཀྱིས་བསམ་གཏན་དང་པོའི་ཉོན་མོངས་དང་པོ་སྤང་བ་ལ་བརྩོན་པ་ནས་སྲིད་ཉོན་བརྒྱད་པ་སྤངས་པའི་བར་གྱི་ཕྱིར་མི་འོང་རྣམས་དགྲ་བཅོམ་ཞུགས་པ་ཡིན་པར་བསྟན་ཏེ། ཅིག་ཅར་བ་མེད་པའི་ལུགས་སོ། །དགུ་པའི་བར་ཆད་མེད་ལམ་ཡང་ཞེས་སོགས་ཀྱིས་ནི་སྲིད་ཉོན་དགུ་པ་སྤོང་བའི་བར་ཆད་མེད་ལམ་ལ་གནས་པ་ཡང་དགྲ་བཅོམ་ཞུགས་པ་ཡིན་པར་བསྟན་ཅིང་། དེ་ནི་རྡོ་རྗེ་ལྟ་བུ་ཡིན་ཞེས་སོགས་ཀྱིས་བར་ཆད་མེད་ལམ་དེ་རྡོ་རྗེ་ལྟ་བུར་འཇོག་པའི་སྒྲ་དོན་བསྟན་ནོ། །སྒོམ་ལམ་ལ་གནས་པའི་གང་ཟག་བསྟན་ཟིན་ཏོ། །གསུམ་པ་མི་སློབ་ལམ་ལ་གནས་པའི་གང་ཟག་ལ་གཉིས་ཏེ། ངོ་བོ་དང་། དབྱེ་བའོ། །དང་པོ་ནི། ཡང་དེ་ཉིད་དུ། གང་སྲིད་པའི་རྩེ་མོ་པའི་རྣམ་པ་དགུ་པར་བཤད་པ་རྡོ་རྗེ་ལྟ་བུའི་སྤངས་པ་གང་ཡིན་པ། དེ་ཟད་ཐོབ་དང་ཟད་པ་ཤེས། །རྣམ་པ་དགུ་པ་དེ་ཟད་པའི་ཐོབ་པ་དང་ལྷན་ཅིག་ཏུ་ཟད་པ་ཤེས་པ་སྐྱེས་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོག་ཏུ་རྣམ་པར་གྲོལ་བའི་ལམ་ཐ་མ་སྐྱེ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ནི་དང་པོ་ཉིད་དུ་ཟག་པ་ཐམས་ཅད་ཟད་པའི་འཐོབ་པ་དང་ལྷན་ཅིག་སྐྱེ་བའི་ཕྱིར་ཟད་པ་ཤེས་པ་ཡིན་ནོ། །དེ་ཚེ་དེ་མི་སློབ་དགྲ་བཅོམ། །ཡང་དགྲ་བཅོམ་པ་ཉིད་ལ་ཞུགས་པ་དེ་ཟད་པ་ཤེས་པ་སྐྱེས་ན་མི་སློབ་པ་དང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཐོབ་པ་ཡིན་གྱི་འབྲས་བུ་གཞན་གྱི་ཕྱིར་བསླབ་པར་བྱ་བ་མེད་པའི་ཕྱིར་མི་སློབ་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ནི་གཞན་གྱི་དོན་བྱེད་པར་འོས་པའི་ཕྱིར་དང་། འདོད་ཆགས་དང་བཅས་པ་ཐམས་ཅད་ཀྱི་མཆོད་པར་འོས་པའི་ཕྱིར་དགྲ་བཅོམ་པ་ཡིན་ནོ་ཞེས་གསུངས་སོ། །དེ་དག་གི་དོན་ལ་གང་སྲིད་པའི་རྩེ་མོ་པའི་རྣམ་པ་དགུ་པར་བཤད་པ་ཅེས་སོགས་ཀྱིས་སྲིད་ཉོན་དགུ་པ་ཟད་པའི་ཐོབ་པ་དང་ཟད་པ་ཤེས་པ་དུས་གཅིག་ཏུ་སྐྱེ་བའི་ཚུལ་དང་། ཟད་པ་ཤེས་པའི་སྒྲ་དོན་བསྟན། དེ་ཚེ་དེ་མི་སློབ་དགྲ་བཅོམ། །ཞེས་སོགས་ཀྱིས་ཟད་པ་ཤེས་པ་སྐྱེས་པའི་ཚེ་སྔར་གྱི་དགྲ་བཅོམ་ཞུགས་པ་དེ་མི་སློབ་པ་དང་། དགྲ་བཅོམ་པར་འགྱུར་བའི་ཚུལ་དང་། དགྲ་བཅོམ་གྱི་སྒྲ་དོན་བསྟན་ནོ། །གཉིས་པ་ནི་ཡང་དེ་ཉིད་དུ། ཇི་སྐད་དུ། གལ་ཏེ་མི་གཡོ་ཟད་ཤེས་ལས། །མི་སྐྱེ་བའི་བློ་གྲོས་ཞེས་བཤད་པ་དེ། ཅི་དགྲ་བཅོམ་པ་ལ་ཡང་དབྱེ་བ་ཡོད་དམ་ཞེ་ན་སྨྲས་པ་ཡོད་དེ། དགྲ་བཅོམ་དྲུག་འདོད། མདོ་ལས་དགྲ་བཅོམ་པ་དྲུག་གསུངས་ཏེ། ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པའི་ཆོས་ཅན་དང་། རྗེས་སུ་བསྲུང་བའི་ཆོས་ཅན་དང་། གནས་པ་ལས་མི་བསྐྱོད་པ་དང་། རྟོགས་པའི་སྐལ་བ་ཅན་དང་། མི་གཡོ་བའི་ཆོས་ཅན་ནོ། །དེ་དག་ལས་ལྔ་ནི་དད་པས་མོས་ལས་སྐྱེས། མི་གཡོ་བའི་ཆོས་ཅན་མ་གཏོགས་པ་གཞན་ལྔ་ནི་དད་པས་མོས་པ་སྔོན་དུ་འགྲོ་བ་དག་ཡིན་ནོ། །དེ་དག་རྣམ་གྲོལ་དུས་དང་སྦྱོར། །ལྔ་པོ་འདི་དག་གིས་སེམས་ཀྱི་རྣམ་པར་གྲོལ་བ་ནི་དུས་དང་སྦྱོར་བ་ལ་འཕངས་པ་ཡིན་པར་རིག་པར་བྱ་སྟེ། རྟག་ཏུ་རྗེས་སུ་བསྲུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདི་དག་ནི་དུས་ཀྱིས་རྣམ་པར་གྲོལ་བ་ཞེས་བྱའོ། །འདི་དག་ནི་དུས་ལ་ལྟོས་པ་ཡང་ཡིན་ལ་རྣམ་པར་གྲོལ་བ་ཡང་ཡིན་པས་དུས་ཀྱིས་རྣམ་པར་གྲོལ་བ་དག་སྟེ་བར་གྱི་ཚིག་མི་མངོན་པར་བྱས་པའི་ཕྱིར་མར་གྱི་བུམ་པ་བཞིན་ནོ། །འདི་དག་གི་ཏིང་ངེ་འཛིན་མངོན་སུམ་དུ་གྱུར་པ་ནི་ཡོ་བྱད་དང་ནད་མེད་པ་དང་། ཡུལ་གྱི་བྱེ་བྲག་ལ་ལྟོས་པའི་ཕྱིར་དུས་ལ་ལྟོས་པ་ཡིན་ནོ། །མི་གཡོའི་ཆོས་ཅན་མི་གཡོ་བ། །མི་གཡོ་བའི་ཆོས་ཅན་གྱི་རྣམ་པར་གྲོལ་བ་ནི་ཡོངས་སུ་མི་ཉམས་པའི་སྒོ་ནས་གཡོ་བར་མི་ནུས་པའི་ཕྱིར་མི་གཡོ་བ་ཡིན་ནོ། །དེ་ཕྱིར་དེ་དུས་མི་སྦྱོར་གྲོལ། །དེ་ཉིད་ཀྱི་ཕྱིར་དེ་ནི་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཞེས་བྱ་སྟེ་དེ་ནི་འདོད་དགུར་ཏིང་ངེ་འཛིན་མངོན་སུམ་དུ་འགྱུར་བའི་ཕྱིར་དུས་ལ་མི་ལྟོས་པ་དང་རྣམ་པར་གྲོལ་བ་ཡིན་ནོ། །ཡང་ན་ཡོངས་སུ་ཉམས་པ་སྲིད་པ་དང་མི་སྲིད་པའི་སྒོ་ནས་དུས་གཞན་གྱི་བར་དང་གཏན་དུ་རྣམ་པར་གྲོལ་བའི་ཕྱིར་དུས་ཀྱི་རྣམ་པར་གྲོལ་བ་དང་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བ་ཉིད་ཡིན་ནོ། །དེ་ནི་མཐོང་ཐོབ་རྒྱུ་ལས་བྱུང་། །མི་གཡོ་བའི་ཆོས་ཅན་དེ་ནི་མཐོང་བས་ཐོབ་པ་སྔོན་དུ་འགྲོ་བ་ཡིན་པར་རིག་པར་བྱའོ། །ཅི་དགྲ་བཅོམ་པ་དྲུག་པོ་འདི་དག་དང་པོ་ཁོ་ནས་དེའི་རིགས་ཅན་དག་གཅིག་ཡིན་ནམ་འོན་ཏེ་ཕྱིས་ཡིན་ཞེ་ན། ཁ་ཅིག་དང་པོ་ནས་དེའི་རིགས། །ཁ་ཅིག་སྦྱངས་པ་ལས་གྱུར་ཏོ། །ཁ་ཅིག་ནི་དང་པོ་ཉིད་ནས་འཆི་བར་སེམས་པའི་ཆོས་ཅན་གྱི་རིགས་ཅན་ཡིན་ལ། ཁ་ཅིག་ནི་ཡོངས་སུ་ཉམས་པའི་ཆོས་ཅན་དུ་གྱུར་པ་ལས་དབང་པོ་རྣམས་སྦྱངས་པས་འཆི་བར་སེམས་པའི་ཆོས་ཅན་དུ་གྱུར་པ་ཡིན་ཏེ། མི་གཡོ་བའི་ཆོས་ཅན་དུ་གྱུར་པའི་བར་དུ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །དེ་ལ་ཡོངས་སུ་ཉམས་པའི་ཆོས་ཅན་ནི་ཡོངས་སུ་ཉམས་པར་འགྱུར་བའི་སྐལ་བ་དང་ལྡན་གྱི་འཆི་བར་སེམས་པ་ལ་སོགས་པའི་ཆོས་ཅན་མ་ཡིན་པ་གང་ཡིན་པའོ། །འཆི་བར་སེམས་པའི་ཆོས་ཅན་ནི་འཆི་བར་སེམས་པར་འགྱུར་བའི་སྐལ་བ་ཅན་གང་ཡིན་པའོ། །རྗེས་སུ་བསྲུང་བའི་ཆོས་ཅན་ནི་རྗེས་སུ་བསྲུང་བར་འགྱུར་བའི་སྐལ་བ་ཅན་གང་ཡིན་པའོ། །གནས་པ་ལས་མི་བསྐྱོད་པ་ནི་ཡོངས་སུ་ཉམས་པར་འགྱུར་བའི་རྐྱེན་སྟོབས་དང་ལྡན་པ་མེད་ན་རྗེས་སུ་མ་བསྲུངས་ཀྱང་གནས་པར་འགྱུར་བའི་སྐལ་བ་ཅན་ཡིན་ཅིང་ཉམས་པར་མི་འགྱུར་བ་དང་། མངོན་པར་བརྩོན་པ་མེད་ན་འཕེལ་བར་ཡང་མི་འགྱུར་བའི་སྐལ་བ་ཅན་གང་ཡིན་པའོ། །རྟོགས་པའི་སྐལ་བ་ཅན་ནི་མི་གཡོ་བར་རྟོགས་པར་འགྱུར་བའི་སྐལ་བ་ཅན་གང་ཡིན་པའོ། །མི་གཡོ་བའི་ཆོས་ཅན་ནི་ཡོངས་སུ་ཉམས་པར་མི་འགྱུར་བའི་སྐལ་བ་ཅན་གང་ཡིན་པ་དེ་ཁོ་ནའོ། །དང་པོ་གཉིས་ནི་སློབ་པའི་གནས་སྐབས་ཁོ་ན་ན་རྒྱུན་དུ་སྦྱོར་བ་དང་གུས་པར་སྦྱོར་བ་མེད་པ་ཡིན་ནོ། །གསུམ་པ་ནི། རྒྱུན་དུ་སྦྱོར་བ་པ་ཡིན་ནོ། །བཞི་པ་ནི་གུས་པར་སྦྱོར་བ་པ་ཡིན་ནོ། །ལྔ་པ་ནི་གཉིས་ཀར་སྦྱོར་བ་པ་ཡིན་ལ་དབང་པོ་རྟུལ་པོ་ཡིན་ནོ། །དྲུག་པ་ནི་གཉིས་ཀར་སྦྱོར་བ་པ་དང་དབང་པོ་རྣོན་པོ་ཡང་ཡིན་ནོ། །ཡོངས་སུ་ཉམས་པའི་ཆོས་ཅན་ཡང་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བ་མ་ཡིན་ལ། རྟོགས་པའི་སྐལ་བ་ཅན་གྱི་བར་དུ་ཡང་རྟོགས་པར་འགྱུར་བ་མ་ཡིན་གྱི། སྲིད་པའི་ཕྱིར་དེ་སྐད་ཅེས་གསུངས་པའོ། །དེ་ལྟར་བྱས་ན་ཁམས་གསུམ་ཆར་ན་ཡང་དགྲ་བཅོམ་པ་དྲུག་ཡོད་རུང་ངོ་། །གང་དག་གིས་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བ་ནས་མངོན་པར་རྟོགས་པའི་བར་དུ་འགྱུར་བ་དེ་དག་གི་ལྟར་ན་འདོད་པའི་ཁམས་ན་ནི་དྲུག་གོ །གཟུགས་དང་གཟུགས་མེད་པའི་ཁམས་ན་ནི་གནས་པ་ལས་མི་བསྐྱོད་པ་དང་མི་གཡོ་བའི་ཆོས་ཅན་དང་གཉིས་ཏེ། དེ་གཉིས་ན་ཡོངས་སུ་ཉམས་པ་དང་འཆི་བར་སེམས་པ་དང་དབང་པོ་འཕོ་བ་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་དག་གི་དོན་ལ་འདི་སྐད་དུ། གལ་ཏེ་མི་གཡོ་ཟད་ཤེས་ལས། །མི་སྐྱེའི་བློ་གྲོས་ཅེས་སོགས་ཀྱིས་ནི་གོང་དུ་དགྲ་བཅོམ་པ་མི་གཡོ་བ་ལ་ཟད་པ་ཤེས་པའི་རྗེས་སུ་མི་སྐྱེ་བ་ཤེས་པ་འབྱུང་གི མི་གཡོ་བ་མ་ཡིན་ན་ཟད་པ་ཤེས་པ་ལས་ཟད་ཤེས་དེ་ཉིད་དམ། མི་སློབ་པའི་ཡང་དག་པའི་ལྟ་བ་འབྱུང་བར་བཤད་པ་ལ་འོ་ན་དགྲ་བཅོམ་པ་ལ་ཡང་དབྱེ་བ་ཡོད་དམ་ཞེ་ན་ཞེས་པའི་དྲི་བ་བསྟན་ནོ། །དགྲ་བཅོམ་དྲུག་འདོད་ཅེས་པ་རྩ་འགྲེལ་གྱིས་ནི་དེའི་ལན་བསྟན་ནོ། །དེ་དག་ལས་ནི། ལྔ་ནི་དད་པས་མོས་ལས་སྐྱེས། །ཞེས་སོགས་ཀྱིས་དྲུག་པོ་དེ་དག་དུས་སྦྱོར་དུས་མི་སྦྱོར་གཉིས་སུ་བསྡུས་ནས་དེར་འཇོག་པའི་རྒྱུ་མཚན་དང་། དད་མོས་མཐོང་ཐོབ་གང་གི་རྒྱུ་ལས་བྱུང་བ་བསྟན། ཅི་དགྲ་བཅོམ་པ་དྲུག་པོ་འདི་དག་ཅེས་སོགས་ཀྱིས་དང་པོ་ནས་དེའི་རིགས་ཅན་དང་སྦྱངས་པ་ལས་གྱུར་པ་གང་ཡིན་པ་དེའི་ཁྱད་པར་དང་། དྲུག་པོ་སོ་སོའི་ངོས་འཛིན་བསྟན་ནོ། །ཡོངས་སུ་ཉམས་པའི་ཆོས་ཅན་ཡང་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བ་མ་ཡིན་ལ་ཞེས་སོགས་ཀྱིས་ནི་རྟེན་གྱི་ཁྱད་པར་བསྟན་ནོ། །དེ་དག་གིས་ནི་ཉན་ཐོས་ཀྱི་དགེ་འདུན་མཛོད་རྩ་འགྲེལ་ལས་ཇི་ལྟར་བཤད་པའི་ཚུལ་བསྟན་ཟིན་ཅིང་། རང་སངས་རྒྱས་ཀྱི་དགེ་འདུན་ནི་གཞན་དུ་རྒྱས་པར་བཤད་ཟིན་པས་འདིར་ཚིག་མང་དུ་དོགས་པས་མ་སྤྲོས་སོ།། །།གཉིས་པ་དེ་དག་གི་དོན་གཏན་ལ་དབབ་པ་ལ་བཞི་སྟེ། སྤང་བྱ་སྒྲིབ་པའི་རྣམ་གཞག སྤོང་བྱེད་གཉེན་པོའི་རྣམ་གཞག སྤངས་པ་འབྲས་བུའི་རྣམ་གཞག དེ་ལ་གནས་པའི་གང་ཟག་གི་རྣམ་གཞག་གོ །དང་པོ་ནི། སྤྱིར་སྤང་བྱ་ལ་ཉོན་སྒྲིབ་དང་། ཤེས་སྒྲིབ་གཉིས་ཡོད་ཀྱང་ཤེས་སྒྲིབ་ནི་སྐབས་མ་ཡིན་པས་མི་འཆད་དོ། །ཉོན་སྒྲིབ་ལ་མཛོད་ཀྱི་ལུགས་དང་། ཀུན་ལས་བཏུས་ཀྱི་ལུགས་གཉིས་ལས། དང་པོ་ནི་ཕྲ་རྒྱས་བསྟན་པའི་སྐབས་སུ་མཐོང་སྤང་ལ། ལྟ་མིན་ལྔ་དང་ལྟ་བ་ལྔ་སྟེ་སྡུག་བསྔལ་མཐོང་སྤང་བཅུ། ཀུན་འབྱུང་མཐོང་སྤང་དང་། འགོག་པ་མཐོང་སྤང་གཉིས་ལ་འཇིག་མཐར་གཉིས་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་མ་གཏོགས་པ་བདུན་བདུན། ལམ་མཐོང་སྤང་ལ་འཇིག་མཐར་གཉིས་མ་གཏོགས་པ་བརྒྱད་དེ་འདོད་པའི་ཁམས་ན་མཐོང་སྤང་སུམ་ཅུ་སོ་གཉིས། ཁམས་གོང་མ་གཉིས་ན་ཁོང་ཁྲོ་བཞི་བཞི་མ་གཏོགས་པའི་ཉེར་བརྒྱད་དེ། མཐོང་སྤང་བརྒྱད་ཅུ་རྩ་བརྒྱད་དོ། །སྒོམ་སྤང་ལ་འདོད་པའི་ཁམས་ན་འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ་དང་བཞི། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མ་གཏོགས་པ་གསུམ་གསུམ་ཡོད་པས་བཅུ་སྟེ། དེ་ལྟར་ན་སྤང་བྱ་དགུ་བཅུ་གོ་བརྒྱད་དུ་བཤད་དོ། །དེ་ཉིད་ལམ་དང་གང་ཟག་བསྟན་པའི་སྐབས་སུ་མཐོང་སྤང་ཐམས་ཅད་འདོད་པའི་སྡུག་བསྔལ་མཐོང་སྤང་ལ་སོགས་པ་བཞི། ཁམས་གོང་མའི་སྡུག་བསྔལ་མཐོང་སྤང་ལ་སོགས་པ་བཞི་སྟེ་བརྒྱད་དུ་བསྡུས་ནས་སྔར་གྱི་སྒོམ་སྤང་དེ་ཉིད། ས་དང་ས་ན་ཉེས་རྣམ་དགུ། །ཞེས་པ་རྩ་འགྲེལ་གྱིས་འདོད་པ་ནས་སྲིད་རྩེའི་བར་གྱི་ས་དགུ་པོ་རེ་རེ་ལ་ཆེན་པོའི་ཆེན་པོ་ལ་སོགས་པ་དགུ་དགུར་ཕྱེ་ནས་སྔར་གྱི་མཐོང་སྤང་དང་བསྡོམས་པས་སྤང་བྱ་བརྒྱད་ཅུ་རྩ་དགུར་གསུངས་པ་ནི་སྐབས་འདིར་མཁོ་བའི་དབྱེ་བ་ཡིན་ནོ། །གཉིས་པ་ནི་བདེན་པ་རྣམ་ངེས་ཀྱི་ཀུན་འབྱུང་བདེན་པའི་སྐབས་སུ། བདེན་པ་རེ་རེ་ལ་ལྟ་མིན་ལྔ་དང་། ལྟ་བ་ལྔ་སྟེ་འདོད་པའི་ཁམས་ན་མཐོང་སྤང་བཞི་བཅུ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་བཞི་མ་གཏོགས་པའི་སུམ་ཅུ་སོ་དྲུག་རེ་སྟེ། མཐོང་སྤང་བརྒྱ་དང་བཅུ་གཉིས། སྒོམ་སྤངས་ལ་ལུགས་འདི་ལ་འཇིག་མཐར་གཉིས་ཀྱང་ཡོད་པས། འདོད་པའི་ཁམས་ན་དྲུག ཁམས་གོང་མ་གཉིས་ན་ཁོང་ཁྲོ་རེ་རེ་མ་གཏོགས་པ་ལྔ་ལྔ་སྟེ་བཅུ་དྲུག་ཏུ་གསུངས་སོ། །དེ་ཉིད་མཐོང་ལམ་གྱི་སྐབས་སུ་མཐོང་སྤང་ཐམས་ཅད་ཁམས་གོང་འོག་སོ་སོར་མ་ཕྱེ་བར་སྡུག་བསྔལ་མཐོང་སྤང་ལ་སོགས་པ་བཞིར་བསྡུས། སྒོམ་ལམ་གྱི་སྐབས་སུ་སྒོམ་སྤང་གི་དབྱེ་བ་སྔར་བཞིན་དུ་གསུངས་པ་ནི་སྐབས་འདིར་མཁོ་བའི་དབྱེ་བའོ། །གཉིས་པ་སྤོང་བྱེད་གཉེན་པོའི་རྣམ་གཞག་ལ། མཐོང་སྤོང་གི་གཉེན་པོ་དང་སྒོམ་སྤང་གི་གཉེན་པོ་གཉིས་ལས། དང་པོ་ནི་མཛོད་ལྟར་ན། འདོད་པའི་སས་བསྡུས་ཀྱི་མཐོང་སྤོང་བཞི་ནི་ཆོས་བཟོད་བཞིས་རིམ་པ་བཞིན་སྤོང་། ཁམས་གོང་མའི་སས་བསྡུས་ཀྱི་མཐོང་སྤང་བཞི་ནི་རྗེས་བཟོད་བཞིས་རིམ་པ་བཞིན་སྤོང་བས་བར་ཆད་མེད་ལམ་བརྒྱད་དོ། །ཀུན་བཏུས་ལྟར་ན་མཐོང་སྤོང་བཞི་ནི་ཆོས་བཟོད་བཞིས་རིམ་པ་བཞིན་སྤོང་བས་བར་ཆད་མེད་ལམ་བཞིའོ། །གཉིས་པ་ལ། ཅིག་ཆར་བའི་སྤོང་བའི་ཚུལ་དང་། རིམ་གྱིས་པའི་སྤོང་ཚུལ་གཉིས་ལས། དང་པོ་ནི་ལམ་ལ་རྗེས་ཤེས་རྫོགས་པའི་རྗེས་སུ་འདོད་པའི་སས་བསྡུས་ཀྱི་སྒོམ་སྤང་ཆེན་པོའི་ཆེན་པོ་ནས་སྲིད་རྩེའི་སས་བསྡུས་ཀྱི་སྒོམ་སྤང་ཆེན་པོའི་ཆེན་པོའི་བར་ས་དགུའི་སྒོམ་སྤང་ཆེན་པོའི་ཆེན་པོ་དགུ་ཟག་མེད་བར་ཆད་མེད་ལམ་གཅིག་གིས་ཅིག་ཆར་དུ་སྤོང་བ་ནས་ས་དགུའི་སྒོམ་སྤོང་ཆུང་ངུའི་ཆུང་ངུ་དགུ་ཟག་མེད་བར་ཆད་མེད་ལམ་གཅིག་གིས་ཅིག་ཆར་དུ་སྤོང་བས་ན་སྒོམ་ལམ་བར་ཆད་མེད་ལམ་དགུའོ། །གཉིས་པ་ལ་འཇིག་རྟེན་པའི་ལམ་གྱིས་སྤོང་ཚུལ་དང་། འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤོང་ཚུལ་གཉིས་ལས། དང་པོ་ནི། འདོད་པའི་སས་བསྡུས་ཀྱི་ཉོན་མོངས་དགུ་པོ་བསམ་གཏན་དང་པོའི་ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་གྱིས་སྤོང་བ་ནས་ཅི་ཡང་མེད་ཀྱི་སྒོམ་སྤང་ཉོན་མོངས་དགུ་སྲིད་རྩེའི་ཉེར་བསྡོགས་ཀྱིས་སྤོང་བར་བྱེད་པ་སྟེ་སྤོང་ཚུལ་འདི་ནི་མཐོང་ལམ་གྱི་སྔ་རོལ་དུ་ཡང་ཡོད་ལ། མཐོང་ལམ་གྱི་རྗེས་སུ་ཡང་ཡོད་དོ། །འདི་ལ་བར་ཆད་མེད་ལམ་ཉི་ཤུ་རྩ་བཞིར་འདོད་དགོས་ཏེ། ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་གྱིས་འོག་སའི་ཉོན་མོངས་སྤོང་བ་ལ་ས་རེ་རེའི་ཆེན་པོ་གསུམ་ཅིག་ཆར་དུ་སྤོང་། འབྲིང་གསུམ་ཅིག་ཆར་དུ་སྤོང་། ཆུང་ངུ་གསུམ་ཅིག་ཆར་དུ་སྤོང་བ་ཡིན་པའི་ཕྱིར། འོན་ཀྱང་ཅིག་ཆར་བའི་ཐ་སྙད་ནི་མི་འདོགས་ཏེ། ས་གོང་འོག་གི་ཉོན་མོངས་ཅིག་ཆར་དུ་སྤོང་བ་མེད་པའི་ཕྱིར། སྲིད་རྩེའི་ཉོན་མོངས་རྣམས་ནི་འཇིག་རྟེན་པའི་ལམ་གྱིས་སྤོང་བར་བྱེད་པ་མེད་དེ། གོང་སའི་ཉེར་བསྡོགས་མེད་པའི་ཕྱིར། གཉིས་པ་ནི། སྔར་བཤད་པའི་སྒོམ་སྤང་བརྒྱད་ཅུ་རྩ་གཅིག་པོ་དེ་དག་མཐོང་ལམ་ཐོབ་རྗེས་སུ་ཟག་མེད་བར་ཆད་མེད་ལམ་རེ་རེས་སོ་སོར་སྤོང་བར་བྱེད་པས་ན་འདི་ལ་བར་ཆེད་མེད་ལམ་བརྒྱད་ཅུ་རྩ་གཅིག་གོ །དེ་ཡང་སྲིད་པའི་དབང་དུ་བྱས་པ་ཡིན་གྱི་མཐོང་ལམ་གྱི་སྔ་རོལ་དུ་འགའ་ཞིག་སྤངས་ཟིན་པ་ལ་ནི་དེར་མ་ངེས་སོ། །གསུམ་པ་སྤངས་པ་འབྲས་བུའི་རྣམ་པར་བཞག་པ་ལ་བཞི་སྟེ། ངོ་བོ། དབྱེ་བ། གྲངས་ངེས། ཐོབ་པའི་ཚུལ་ལོ། །དང་པོ་ནི་ཟག་མེད་བར་ཆད་མེད་ལམ་ནི་དགེ་སྦྱོང་གི་ཚུལ་ཞེས་བྱ་སྟེ། འཆལ་བའི་ཚུལ་ཁྲིམས་ཀྱི་རྒྱུ་ཉོན་མོངས་པའི་ས་བོན་སྤོང་བར་བྱེད་པའི་སྒོ་ནས་རང་རྒྱུད་ལྡན་གྱི་གང་ཟག་དེ་དོན་དམ་པའི་དགེ་སྦྱོང་དུ་བྱེད་པའི་ཕྱིར་ཏེ། མདོ་ལས། འདིས་སྡིག་པ་མི་དགེ་བའི་ཆོས་ཞེས་བྱ་བ་ནས་རྒྱས་པར་རྒ་ཤིར་འགྱུར་བའི་བར་རྣམ་པ་དུ་མ་ཞི་བར་བྱས་པ་ཡིན་པས་དེའི་ཕྱིར་དགེ་སྦྱོང་ཞེས་གསུངས་པའི་ཕྱིར་རོ། །དེའི་འབྲས་བུ་ལ་འདུས་བྱས་འདུས་མ་བྱས་གཉིས་ཡོད་དེ། རྒྱུ་མཐུན་གྱི་འབྲས་བུ་རྣམ་པར་གྲོལ་བའི་ལམ་དང་། བྲལ་བའི་འབྲས་བུ་སོ་སོར་བརྟགས་འགོག་གཉིས་ཡོད་པའི་ཕྱིར་རོ། །དེས་ན་དགེ་སྦྱོང་ཚུལ་གྱི་འབྲས་བུའི་མཚན་ཉིད་ནི་ཟག་མེད་བར་ཆད་མེད་ལམ་གྱི་རྒྱུ་མཐུན་གྱི་འབྲས་བུ་དང་། བྲལ་བའི་འབྲས་བུ་གང་རུང་གིས་བསྡུས་པའི་ཟག་མེད་རྣམ་བྱང་གི་བདེན་པའོ། །གཉིས་པ་ལ་གཉིས་ཏེ། བརྒྱད་ཅུ་རྩ་དགུར་དབྱེ་བ་དང་བཞིར་གསུངས་པ་དང་འགལ་བ་སྤང་བའོ། །དང་པོ་ནི་སྔར་བཤད་པའི་མཐོང་སྤང་བརྒྱད་དམ་བཞི་སྤངས་པའི་འབྲས་བུ་བརྒྱད་དམ་བཞི། སྒོམ་སྤང་བརྒྱད་ཅུ་གྱ་གཅིག་སྤངས་པའི་འབྲས་བུ་བརྒྱད་ཅུ་གྱ་གཅིག་སྟེ། བརྒྱད་ཅུ་གྱ་དགུའམ་གྱ་ལྔ་ཡོད་དོ། །གཉིས་པ་ནི་འོ་ན་མདོ་ལས་རྒྱུན་ཞུགས་ཀྱི་འབྲས་བུ་ལ་སོགས་པ་རྣམ་པ་བཞིར་གསུངས་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། མཛོད་ལྟར་ན་ཁྱད་པར་ལྔ་ལྡན་གྱི་དགེ་སྦྱོང་ཚུལ་གྱི་འབྲས་བུའི་དབང་དུ་བྱས་ནས་བཞིར་གྲངས་ངེས་པའི་ཕྱིར་རོ། །ཁྱད་པར་ལྔ་ནི། འབྲས་གནས་ཀྱི་སྔོན་དུ་ཞུགས་པའི་ལམ་བཏང་བ་དང་། གཞན་འབྲས་བུའི་ལམ་ཐོབ་པ་དང་། ཟད་པ་ཕྱོགས་གཅིག་ཏུ་སྡོམ་པ་ཐོབ་པ་དང་། ཆོས་ཤེས་ལ་སོགས་པའི་ཤེས་པ་བརྒྱད་ཚན་ཐོབ་པ་དང་། མི་རྟག་ལ་སོགས་པའི་རྣམ་པ་བཅུ་དྲུག་ཐོབ་པའོ། །ཀུན་བཏུས་ལྟར་ན། སྤྱིར་སྤང་བྱ་ལ་ཐར་པ་ལ་འཇུག་པའི་གེགས་ཀྱི་གཙོ་བོ་ཀུན་སྦྱོར་གསུམ་དང་། འགྲོ་བ་ཐ་མ་དང་། ཁམས་ཐ་མ་ལས་འདའ་བའི་གེགས་ཐ་མའི་ཆ་མཐུན་ལྔ་དང་། ཁམས་གོང་མ་གཉིས་ལས་འདའ་བའི་གེགས་གོང་མའི་ཆ་མཐུན་ལྔ་སྟེ། གསུམ་དུ་ངེས་ཤིང་། དང་པོ་སྤངས་པ་ལས་རྒྱུན་ཞུགས་ཀྱི་འབྲས་བུ། གཉིས་པ་ལ། ཕལ་ཆེར་སྤངས་པ་ལས་ཕྱིར་འོང་གི་འབྲས་བུ། མ་ལུས་པར་སྤངས་པ་ལས་ཕྱིར་མི་འོང་གི་འབྲས་བུ། གསུམ་པ་སྤངས་པ་ལས་དགྲ་བཅོམ་གྱི་འབྲས་བུར་བཞག་སྟེ། མདོ་ལས། གང་ཟག་འདི་ནི་ཀུན་ཏུ་སྦྱོར་བ་གསུམ་སྤངས་པའི་ཕྱིར་རྒྱུན་དུ་ཞུགས་པར་འགྱུར་རོ། །ཞེས་དང་། ལན་གཅིག་ཕྱིར་འོང་བ་གང་ཞེ་ན་ཀུན་ཏུ་སྦྱོར་བ་གསུམ་སྤངས་ཤིང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བསྲབས་པ་གང་ཡིན་པའོ། །ཕྱིར་མི་འོང་བ་གང་ཞེ་ན། ཐ་མའི་ཆ་མཐུན་ལྔ་སྤངས་པ་གང་ཡིན་པའོ། །དགྲ་བཅོམ་པ་གང་ཞེ་ན་གོང་མའི་ཆ་མཐུན་ལྔ་སྤངས་པ་གང་ཡིན་པའོ། །ཞེས་གསུངས་སོ། །ཀུན་སྦྱོར་གསུམ་ནི་འཇིག་ཚོགས་ལ་ལྟ་བ་དང་། ཐེ་ཚོམ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ནོ། །འདི་གསུམ་ལ་མཛོད་ལྟར་ན། མཐོང་སྤང་གིས་ཁྱབ་པར་གསུངས་ཤིང་། ཀུན་བཏུས་དང་རྣམ་འགྲེལ་ལས། འཇིག་མཐར་ལ་མཐོང་སྤང་དང་སྒོམ་སྤང་གཉིས་ཡོད་པར་གསུངས་སོ། །ཐ་མའི་ཆ་མཐུན་ལྔ་ནི་གསུམ་པོ་དེའི་སྟེང་དུ་འདོད་པ་ལ་འདུན་པ་དང་། རྣམ་འཚེ་གཉིས་བསྣན་པའོ། །གོང་མའི་ཆ་མཐུན་ལྔ་ནི་ཁམས་གོང་མ་གཉིས་ཀྱི་སས་བསྡུས་ཀྱི་འདོད་ཆགས་གཉིས་དང་། ཁམས་གོང་མ་གཉིས་སོ་སོར་མ་ཕྱེ་བར་རྒོད་པ་དང་། ང་རྒྱལ་དང་། རྨོངས་པའོ། །གསུམ་པ་ནི་དགེ་སྦྱོང་ཚུལ་གྱི་འབྲས་བུ་དེ་ལ་བཞིར་གྲངས་ངེས་ཏེ། ཉན་ཐོས་ཀྱི་སྤང་བྱ་ལ་མཐོང་སྤང་ཉོན་མོངས་པ་དང་། སྒོམ་སྤང་ཉོན་མོངས་པ་གཉིས་སུ་ངེས་ཤིང་། དང་པོ་སྤངས་པ་ལ་རྒྱུན་ཞུགས་ཀྱི་འབྲས་བུ། གཉིས་པ་ལ་འདོད་པའི་སས་བསྡུས་དང་། ཁམས་གོང་མའི་སས་བསྡུས་གཉིས་ལས། དང་པོ་ལ་ཕལ་ཆེར་སྤངས་པ་ལས་ཕྱིར་འོང་གི་འབྲས་བུ། མ་ལུས་པར་སྤངས་པ་ལས་ཕྱིར་མི་འོང་གི་འབྲས་བུ། གཉིས་པ་སྤངས་པ་ལས་དགྲ་བཅོམ་གྱི་འབྲས་བུ་བཞག་པའི་ཕྱིར་རོ། །འོ་ན་འདོད་པའི་སས་བསྡུས་ཀྱི་ཉོན་མོངས་སྤངས་པ་ལས་འབྲས་བུ་གཉིས་བཞག་ནས་གཞན་རྣམས་ལ་ཅི་ཕྱིར་མ་ཡིན་ཞེ་ན། འདོད་པ་ནི་ཉེས་དམིགས་ཆེ་བས་མྱུར་དུ་འདའ་དགོས་ལ་དགེ་སྦྱོང་ཚུལ་གྱི་འབྲས་བུ་གཉིས་སུ་བཞག་པས་མྱུར་དུ་འདའ་བར་ཡང་འགྱུར་ཏེ། འདོད་པའི་ཉོན་མོངས་ཕལ་ཆེར་སྤངས་པ་ལ་ཡང་དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞག་པས་དགེ་སྦྱོང་ཚུལ་གྱི་འབྲས་བུ་གསར་ཐོབ་ཡོད་པར་ཤེས་ནས་མྱུར་དུ་སྤྲོ་བས་འཇུག་པར་འགྱུར་བའི་ཕྱིར་རོ། །བཞི་པ་འཐོབ་ཚུལ་ལ་གསུམ་སྟེ། ཁམས་གང་དུ་འཐོབ་པ། ལམ་གང་གིས་འཐོབ་པ། ས་གང་ལ་བརྟེན་པའོ། །དང་པོ་ནི་འབྲས་བུ་དང་པོ་གསུམ་པོ་ནི་འདོད་པའི་ཁམས་སུ་འཐོབ་སྟེ། རྒྱུན་ཞུགས་དང་ཕྱིར་འོང་དང་རིམ་གྱིས་པའི་ཕྱིར་མི་འོང་གི་འབྲས་བུ་གསུམ་ནི་འདོད་པ་ལ་འདོད་ཆགས་དང་མ་བྲལ་བས་འཐོབ་དགོས་ཤིང་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་འབྲས་བུ་འདོད་པ་ལ་འདོད་ཆགས་དང་བྲལ་བའི་གང་ཟག་གིས་ཐོབ་པ་ཡིན་ཀྱང་དེ་མཐོང་ལམ་ལ་བརྟེན་ནས་ཐོབ་དགོས་ཤིང་། ཁམས་གོང་ན་ཉན་ཐོས་ཀྱི་མཐོང་ལམ་སྐྱེ་བ་མེད་པའི་ཕྱིར་རོ། །གཏན་ཚིགས་གྲུབ་སྟེ། ཁམས་གོང་མའི་སོ་སོ་སྐྱེ་བོ་རྣམས་ནི་སྙོམས་འཇུག་གི་བདེ་བ་ལ་ཆགས་པས་འཁོར་བ་ལ་ཡིད་སྐྱོ་བ་མེད་ཅིང་འཁོར་བ་ལ་ཡིད་སྐྱོ་བ་མེད་པར་ཡང་ཉན་ཐོས་ཀྱི་མཐོང་ལམ་སྐྱེ་བ་མེད་པའི་ཕྱིར་རོ། །ཕྱིར་མི་འོང་གི་འབྲས་བུ་འདོད་པའི་ཁམས་སུ་འཐོབ་དགོས་པའི་སྒྲུབ་བྱེད་གཞན་ཡང་ཁམས་གོང་མའི་རྟེན་ཅན་གྱི་ཕྱིར་མི་འོང་ཐམས་ཅད་ཀྱང་དང་པོར་འདོད་པའི་རྟེན་ལ་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ཁོ་ན་ཡིན་པའི་ཕྱིར་ཏེ། མདོར། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནས་གོང་དུ་འཕོ་བའི་བར་གང་ཟག་ལྔ་ནི་འདིར་རྩོམ་ཞིང་དེར་མཐར་ཕྱིན་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར། དགྲ་བཅོམ་གྱི་འབྲས་བུ་ནི་ཁམས་གསུམ་ཆར་གྱི་རྟེན་ལ་འཐོབ་ཏུ་རུང་སྟེ། རྒྱུན་ཞུགས་སྲིད་པ་ལན་བདུན་པ་དང་། རིགས་ནས་རིགས་སྐྱེ་གཉིས་དང་། ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པ་དང་། ཕྱིར་མི་འོང་མཐོང་ཆོས་ཞི་རྣམས་འདོད་པའི་རྟེན་ལ་མྱང་འདས་མངོན་དུ་བྱེད། འདའ་བ་བཞི་དང་། འོག་མིན་མཐར་ཐུག་འགྲོའི་གོང་འཕོ་རྣམས་ཀྱིས་གཟུགས་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད། སྲིད་རྩེའི་མཐར་ཐུག་འགྲོ་དང་། གཟུགས་མེད་ཉེར་འགྲོ་རྣམས་ཀྱིས་གཟུགས་མེད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་རོ། །གཉིས་པ་ནི་རྒྱུན་ཞུགས་ཀྱི་འབྲས་བུ་དང་། ཆགས་བྲལ་སྔོན་སོང་གི་འབྲས་བུ་རྣམས་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་སྟེ། མཐོང་ལམ་གྱི་ཐོབ་པའི་ཕྱིར་རོ། །རིམ་གྱིས་པའི་འབྲས་བུ་བར་པ་གཉིས་ནི་རྟེན་གྱི་གང་ཟག་དེ་ཞི་གནས་ཤས་ཆེར་སྤྱད་པ་ཡིན་ན། འཇིག་རྟེན་པའི་ལམ་གྱིས་ཐོབ་སྟེ། བསམ་གཏན་དང་པོའི་ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་གྱིས་འདོད་ཉོན་དྲུག་པ་དང་། དགུ་པ་སྤངས་པ་ལས་ཐོབ་པའི་ཕྱིར་རོ། །ལྷག་མཐོང་ཤས་ཆེར་སྤྱད་པ་ཡིན་ན་འཇིག་རྟེན་ལས་འདས་པའི་ལམ་གྱིས་འཐོབ་སྟེ། བསམ་གཏན་དང་པོའི་ཉེར་བསྡོགས་ཞི་གནས་ལ་བརྟེན་ནས་བདག་མེད་མངོན་སུམ་དུ་རྟོགས་པའི་ལྷག་མཐོང་ལ་བརྩོན་པར་བྱེད་པའི་ཕྱིར་རོ། །དགྲ་བཅོམ་གྱི་འབྲས་བུ་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་སྟེ། སྲིད་ཉོན་དགུ་པ་སྤོང་བའི་བར་ཆེད་མེད་ལམ་གྱིས་འཐོབ་པའི་ཕྱིར་རོ། །གསུམ་པ་ལ་རྒྱུན་ཞུགས་ཀྱི་འབྲས་བུ་དང་། ཕྱིར་འོང་གི་འབྲས་བུ་གཉིས་ནི་བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་ཏེ། མཉམ་པར་བཞག་པའི་ས་ལ་བརྟེན་དགོས་ཤིང་བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་ཕྱིར་རོ། །ཕྱིར་མི་འོང་གི་འབྲས་བུ་ནི་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ཏེ་ཆགས་བྲལ་སྔོན་སོང་གི་ཚེ་མཐོང་ལམ་གྱི་སྔ་རོལ་དུ་འདོད་པ་ལ་འདོད་ཆགས་དང་བྲལ་ཟིན་པས་བསམ་གཏན་གྱི་དངོས་གཞི་ལ་བརྟེན་དུ་རུང་ཞིང་རིམ་གྱིས་པའི་ཚེ་འདོད་ཉོན་དགུ་པ་སྤངས་མ་ཐག་པའི་འབྲས་བུ་དེ་བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་དགོས་ཀྱང་དེ་ཕྱིན་ཆད་ནི་བསམ་གཏན་གྱི་དངོས་གཞི་ཐོབ་ཏུ་རུང་བས་དེའི་ཚེ་བསམ་གཏན་གྱི་དངོས་གཞི་ལ་བརྟེན་པའི་ཕྱིར་རོ། །དགྲ་བཅོམ་གྱི་འབྲས་བུ་ནི་ཟག་མེད་ས་དགུ་གང་རུང་ལ་བརྟེན་ཏེ་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་ལ་བརྟེན་ནས་སྲིད་ཉོན་དགུ་པ་སྤོང་བ་ཡོད་པ་ནས་བཟུང་སྟེ། ཅི་ཡང་མེད་ཀྱི་ཟག་མེད་ཀྱིས་སྲིད་ཉོན་དགུ་པ་སྤོང་བའི་བར་ཆད་མེད་ལམ་རྣམས་སུ་ཡོད་པའི་ཕྱིར་རོ། །དེ་ཡང་ཉེར་བསྡོགས་མི་ལྕོགས་པ་མེད་པས་རང་ས་གོང་ས་འོག་སའི་ཉོན་མོངས་ཐམས་ཅད་སྤོང་བ་ཡོད་ཅིང་དངོས་གཞི་ཟག་མེད་ཀྱིས་འོག་སའི་ཉོན་མོངས་སྤོང་བ་མེད་ཀྱང་རང་ས་དང་གོང་སའི་ཉོན་མོངས་སྤོང་བ་ཡོད་པའི་གནད་ཀྱིས་སོ། །འདི་དག་ནི་དགེ་སྦྱོང་ཚུལ་གྱི་འབྲས་བུ་འདུས་བྱས་ཀྱི་དབང་དུ་བྱས་པ་ཡིན་ནོ། །བཞི་པ་དེ་ལ་གནས་པའི་གང་ཟག་གི་རྣམ་གཞག་ལ་སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་དབྱེ་ན། སྤང་བྱ་རིམ་གྱིས་པ་དང་། སྤང་བྱ་ཅིག་ཅར་བ་གཉིས། དང་པོ་ལ་འབྲས་བུ་ཐོབ་ཚུལ་གྱི་སྒོ་ནས་དབྱེ་ན། འབྲས་བུ་ཐོད་རྒལ་བ་དང་། འབྲས་བུ་རིམ་གྱིས་པ་གཉིས་ཡོད་དེ། རྒྱུན་ཞུགས་ཀྱི་འབྲས་བུ་མ་ཐོབ་པར་ཕྱིར་འོང་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་དང་། འབྲས་བུ་བཞི་ཆར་རིམ་གྱིས་འཐོབ་པ་ཡོད་པའི་ཕྱིར་རོ། །དེའི་དང་པོ་ནི་ཆགས་བྲལ་སྔོན་སོང་ཡིན་ལ། གཉིས་པ་ནི་རིམ་གྱིས་པ་ཡིན་ནོ། །དེ་དག་རིམ་པ་བཞིན་བཤད་ན། ཆགས་བྲལ་སྔོན་སོང་བཤད་པ། རིམ་གྱིས་པ་བཤད་པ། ཅིག་ཅར་བ་བཤད་པ་དང་གསུམ་ལས་དང་པོ་ལ་གཉིས་ཏེ། ཆགས་བྲལ་སྔོན་སོང་གི་འབྲས་བུ་གང་ལ་བཞག་པ་དང་། དེ་ལ་བཞག་པའི་ཆགས་བྲལ་སྔོན་སོང་གི་རྣམ་གཞག་གོ །དང་པོ་ལ་མཁས་པ་ཁ་ཅིག་ན་རེ། ཆགས་བྲལ་སྔོན་སོང་གི་རྒྱུན་ཞུགས་དང་དགྲ་བཅོམ་ཡོད་དེ། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་ལྔ་པ་སྤངས་པའི་རྒྱུན་ཞུགས་ཡོད་པའི་ཕྱིར་དང་། མཐོང་ལམ་གྱི་སྔ་རོལ་དུ་ཅི་ཡང་མེད་མན་ཆད་ཀྱི་ཉོན་མོངས་སྤངས་པའི་དགྲ་བཅོམ་ཡོད་པའི་ཕྱིར། རྒྱུན་ཞུགས་ཆགས་བྲལ་སྔོན་སོང་དང་། དགྲ་བཅོམ་ཆགས་བྲལ་སྔོན་སོང་ནི་མེད་དེ། མཐོང་ལམ་གྱི་སྔ་རོལ་དུ་རྒྱུན་ཞུགས་ཀྱི་འབྲས་བུའི་གེགས་ཀྱི་གཙོ་བོ་མཐོང་སྤངས་ཉོན་མོངས་པ་དང་། དགྲ་བཅོམ་གྱི་འབྲས་བུའི་གེགས་ཀྱི་གཙོ་བོ་སྲིད་ཉོན་དགུ་པ་སྤངས་པ་མེད་པའི་ཕྱིར། ལུང་ནི། སྒོམ་པས་སྤང་བྱ་མ་སྤངས་ན། །འབྲས་བུ་དང་པོ་ལ་ཞུགས་པ། །རྣམ་ལྔའི་བར་བཅོམ་ཞེས་པ་རྩ་འགྲེལ་གྱིས་གྲུབ་བོ་ཞེས་ཟེར་རོ། །མི་འཐད་དེ། སྤྱིར་སྒོམ་སྤངས་ཀྱི་ཆ་ཤས་མཐོང་ལམ་གྱི་སྔ་རོལ་དུ་སྤངས་པ་ཙམ་གྱིས་ཆགས་བྲལ་སྔོན་སོང་དུ་བཞག་པ་མ་ཡིན་གྱི། རང་གང་ལ་གནས་པའི་འབྲས་བུ་དེ་ཐོབ་པའི་གེགས་ཀྱི་གཙོ་བོ་མཐོང་ལམ་གྱི་སྔ་རོལ་དུ་སྤངས་པ་ལ་ཆགས་བྲལ་སྔོན་སོང་དུ་བཞག་པའི་ཕྱིར་རོ། །དེས་ན་མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་ལྔ་པ་སྤངས་པའི་རྒྱུན་ཞུགས་འབྲས་གནས་ཆོས་ཅན། ཆགས་བྲལ་སྔོན་སོང་མིན་པར་ཐལ། རང་གང་ལ་གནས་པའི་འབྲས་བུ་དེ་ཐོབ་པའི་གེགས་ཀྱི་གཙོ་བོ་མཐོང་ལམ་གྱི་སྔ་རོལ་དུ་སྤངས་པ་མ་ཡིན་པའི་ཕྱིར། དེ་བཞིན་དུ་དགྲ་བཅོམ་ལའང་སྦྱར་རོ། །གཞན་ཡང་རང་རྒྱུ་བར་ཆད་མེད་ལམ་གྱི་ངོས་སྐལ་གྱི་ཁམས་གོང་འོག་གི་མཐོང་སྤངས་ཉོན་མོངས་པ་ཅིག་ཅར་དུ་སྤངས་པའི་འབྲས་གནས་ཡིན་ན་ཅིག་ཅར་བ་ཡིན་དགོས་པར་ཐལ། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་ལྔ་པ་སྤངས་པའི་འབྲས་གནས་ཡིན་ན་ཆགས་བྲལ་སྔོན་སོང་ཡིན་དགོས་པའི་ཕྱིར། འདོད་ན་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཆོས་ཅན། དེར་ཐལ། དེའི་ཕྱིར། གཏན་ཚིགས་གྲུབ་སྟེ། ལམ་ལ་ཆོས་བཟོད་དེས་ཁམས་གོང་འོག་གི་ལམ་མཐོང་སྤངས་ཐམས་ཅད་ཅིག་ཆར་དུ་སྤོང་བར་བྱེད་པའི་ཕྱིར། གལ་ཏེ་ལམ་ལ་ཆོས་བཟོད་དེས་འདོད་པའི་ལམ་མཐོང་སྤངས་སྤོང་བར་བྱེད། ལམ་ལ་རྗེས་བཟོད་དེས་ཁམས་གོང་གི་ལམ་མཐོང་སྤངས་སྤོང་བར་བྱེད་པ་སོགས་མཛོད་ལྟར་དུ་ཁས་ལེན་པར་བྱེད་པས་གཏན་ཚིགས་མ་གྲུབ་བོ་ཞེ་ན། འོ་ན་འཇིག་རྟེན་པའི་ལམ་གྱིས་མཐོང་ལམ་གྱི་སྔ་རོལ་དུ་ཅི་ཡང་མེད་མན་ཆེད་ཀྱི་མཐོང་སྤངས་སྤངས་པ་ཡོད་པར་ཐལ། དེ་ལྟར་དུ་མཛོད་དུ་བཤད་པའི་ཕྱིར། གཞན་ཡང་མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་ལྔ་པ་སྤངས་པའི་རྒྱུན་ཞུགས་ཆོས་ཅན། འབྲས་བུ་ཐོད་རྒལ་བ་ཡིན་པར་ཐལ། ཆགས་བྲལ་སྔོན་སོང་ཡིན་པའི་ཕྱིར། ལུང་དེས་ཆགས་བྲལ་སྔོན་སོང་གི་རྒྱུན་ཞུགས་བསྟན་པ་ཡང་མ་ཡིན་ཏེ། རྒྱུན་ཞུགས་ཞུགས་པར་འཇོག་པ་ལ་འདོད་ཉོན་ཅུང་ཟད་ཀྱང་མ་སྤངས་པ་ནས་འདོད་ཉོན་ལྔ་པ་སྤངས་པའི་བར་ཁྱད་པར་མེད་པ་ཙམ་ཞིག་བསྟན་པའི་ཕྱིར་རོ། །ཡང་མཁས་པ་ཁ་ཅིག མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་དང་། དགུ་པ་སྤངས་ནས་བཅུ་དྲུག་པའི་རྟོགས་པ་ཐོབ་པའི་གང་ཟག་ལ་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བ་སྔོན་དུ་སོང་བའི་ཕྱིར་འོང་དང་། འདོད་པ་ལ་འདོད་ཆགས་དང་བྲལ་བ་སྔོན་དུ་སོང་བའི་ཕྱིར་མི་འོང་ཞེས་པའི་ཐ་སྙད་འཐད་ཀྱི། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་དང་། ཕྱིར་མི་འོང་ཞེས་པའི་ཐ་སྙད་མི་འཐད་ཅེས་ཟེར་རོ། །དེ་ནི་སྔོན་གྱི་མཁས་པ་རྣམས་ཀྱིས་གསུང་རབ་འཆད་པའི་སྐབས་སུ་ཐ་སྙད་བདེ་བའི་རྣམ་གཞག་འགོག་པར་སྣང་གིས་དོན་གཞན་མི་སྣང་སྟེ། དེ་ལྟར་ན་རིམ་གྱིས་པའི་ཕྱིར་འོང་དང་། ཕྱིར་མི་འོང་གཉིས་ལ་ཕལ་ཆེར་ལ་འདོད་ཆགས་དང་བྲལ་བའི་ཕྱིར་འོང་དང་། འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་ཞེས་པའི་ཐ་སྙད་འཐད་ཀྱི་རིམ་གྱིས་པའི་ཕྱིར་འོང་ཕྱིར་མི་འོང་ཞེས་པའི་ཐ་སྙད་མི་འཐད་པར་མཚུངས་སོ། །དེ་བཞིན་དུ་རྟོག་གེ་པ་དག་གིས་ཚུལ་དང་པོ་བདེ་བླག་ཏུ་རྟོགས་པའི་ཕྱིར་དུ་ཕྱོགས་ཆོས་ཞེས་པའི་ཐ་སྙད་མཛད་པ་ལ། ཤེས་འདོད་ཆོས་ཅན་གྱི་ཆོས་ཞེས་པའི་ཐ་སྙད་འཐད་ཀྱི་ཕྱོགས་ཆོས་ཞེས་པའི་ཐ་སྙད་མི་འཐད་ཞེས་རྩོད་པར་བྱེད་དམ། སྨྲ་བ་ལ་དགའ་བ་ཁྱེད་བློ་ནང་དང་ཁུག་ཞིག རང་གི་ལུགས་ནི། ཆགས་བྲལ་སྔོན་སོང་ནི་འབྲས་བུ་བར་པ་གཉིས་ཁོ་ན་ལ་བཞག་པ་ཡིན་ཏེ། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་དང་། དགུ་པ་སྤོངས་པ་ཡོད་ཅིང་། མཐོང་སྤངས་ཉོན་མོངས་པ་དང་། སྲིད་ཉོན་དགུ་པ་སྤངས་པ་མེད་པའི་ཕྱིར་རོ། །གཉིས་པ་དེ་ལ་བཞག་པའི་གང་ཟག་གི་རྣམ་བཞག་ལ་གཉིས་ཏེ། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་གི་སྐོར་དང་། ཕྱིར་མི་འོང་གི་སྐོར་རོ། །དང་པོ་ལ་གཉིས་ཏེ། ཞུགས་པ་དང་། འབྲས་གནས་སོ། །དང་པོ་ལ། སྤངས་པའི་ཁྱད་པར། རྟོགས་པའི་ཁྱད་པར། མཚན་ཉིད། དབྱེ་བ་དང་བཞི། དང་པོ་ལ་མཐོང་སྤངས་ལ་ལྟོས་པ་དང་། སྒོམ་སྤངས་ལ་ལྟོས་པ་གཉིས་ལས། དང་པོ་ནི། ཆགས་བྲལ་སྔོན་སོང་གི་ཞུགས་པ་གཉིས་དང་། རྒྱུན་ཞུགས་ཞུགས་པ་གསུམ་ཆར་གྱིས་མངོན་པ་གོང་མ་ལྟར་ན་མཐོང་སྤངས་ཅུང་ཟད་ཀྱང་མ་སྤངས་པ་ཡང་ཡོད་དེ། སྡུག་བསྔལ་ཆོས་བཟོད་ལ་གནས་པའི་གང་ཟག་གསུམ་པོ་དེས་མཐོང་སྤངས་ཅུང་ཟད་ཀྱང་མ་སྤངས་པའི་ཕྱིར་རོ། །མཐོང་སྤངས་ཉོན་མོངས་པ་མ་ལུས་པར་སྤངས་པ་ཡང་ཡོད་དེ། ལམ་ཆོས་ཤེས་དང་། རྗེས་བཟོད་ལ་གནས་པའི་གང་ཟག་གསུམ་པོ་དེས་མཐོང་སྤངས་ཉོན་མོངས་མ་ལུས་པར་སྤངས་པའི་ཕྱིར་རོ། །མཛོད་ལྟར་ན་གང་ཟག་གསུམ་པོ་དེས་ཁམས་གོང་གི་ལམ་མཐོང་སྤངས་མ་སྤངས་པ་གཅིག་དགོས་ཏེ། ལམ་རྗེས་བཟོད་དེ་ཁམས་གོང་གི་ལམ་མཐོང་སྤངས་ཀྱི་དངོས་གཉེན་ཡིན་པའི་ཕྱིར་རོ། །སྒོམ་སྤངས་ལ་ལྟོས་པའི་ཁྱད་པར་ནི་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པས་མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་ངེས་པར་སྤངས་པ་ཅིག་དགོས་ཤིང་བདུན་པ་དང་བརྒྱད་པ་སྤངས་མ་སྤངས་ཅི་རིགས་པ་ཡོད་ལ་དགུ་པ་མ་སྤངས་པའོ། །གཉིས་པ་རྟོགས་པའི་ཁྱད་པར་ནི་མཛོད་ལྟར་ན་སྡུག་བསྔལ་ཆོས་བཟོད་རང་རྒྱུད་ལ་ཐོབ་ཅིང་ལམ་རྗེས་ཤེས་མ་ཐོབ་པའོ། །ཀུན་བཏུས་ལྟར་ན་སྦྱོར་ལམ་སྟན་གཅིག་པའི་རྟོགས་པ་ཐོབ་ཅིང་ལམ་རྗེས་ཤེས་མ་ཐོབ་པའོ། །སྟན་གཅིག་པའི་དོན་ལ་ཁ་ཅིག་སྦྱོར་ལམ་ཐོབ་པའི་རྟེན་དེ་ཉིད་ལ་མཐོང་ལམ་ཐོབ་པར་འགྱུར་བ་ཞེས་པ་ནི་ཀློག་མ་བསླབས་པའི་སྐྱོན་ཏེ། སྟན་དང་རྟེན་ནོར་འདུག་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། སྟན་ཐོག་གཅིག་ལ་སྦྱོར་ལམ་གང་ལ་མཉམ་པར་བཞག་པའི་མཉམ་གཞག་ལས་མ་ལངས་བཞིན་དུ་མཐོང་ལམ་ཐོབ་པར་འགྱུར་བ་སྟེ་འདིའི་ལུགས་ལ་བཟོད་ཆེན་དང་ཆོས་མཆོག་གཉིས་སོ།། །།གསུམ་པ་མཚན་ཉིད་ནི། སྦྱོར་ལམ་སྟན་གཅིག་པའི་རྟོགས་པ་ཐོབ་པའི་ཉན་ཐོས་གང་ཞིག བཅུ་དྲུག་པའི་རྟོགས་པ་ཐོབ་པ་དང་དུས་མཉམ་དུ་ཕྱིར་འོང་གི་འབྲས་བུ་ཐོབ་པར་འགྱུར་བའོ། །བཞི་པ་དབྱེ་བ་ལ། སྤངས་པའི་སྒོ་ནས་དབྱེ་བ། རྟོག་པའི་སྒོ་ནས་དབྱེ་བ། དབང་པོའི་སྒོ་ནས་དབྱེ་བ་དང་གསུམ་ལས། དང་པོ་ནི་མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་སྤངས། བདུན་པ་སྤངས། བརྒྱད་པ་སྤངས་པ་དང་གསུམ་མོ། །གཉིས་པ་ནི། སྦྱོར་ལམ་སྟན་གཅིག་པའི་རྟོགས་པ་དང་། མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔ་ལ་གནས་པ་སྟེ་བཅུ་དྲུག་གོ །གསུམ་པ་ལ་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་དད་པས་རྗེས་འབྲང་དང་། ཆོས་ཀྱི་རྗེས་འབྲང་གཉིས་སོ། །དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་གང་ཞིག དད་པ་ལྷག་པས་གཞན་གྱིས་བསྟན་པའི་རྗེས་སུ་འབྲངས་ཏེ་བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བའོ། །དེ་གང་ཞིག་ཤེས་རབ་ལྷག་པས་རང་ཉིད་ཀྱིས་བདེན་པའི་དབང་དུ་བྱས་ཏེ་ཆོས་ཀྱི་རྗེས་སུ་འབྲངས་པས་བདེན་པ་མངོན་པར་རྟོགས་པ་ལ་སྦྱོར་བའོ། །གཉིས་པ་འབྲས་གནས་ལ་སྔར་ལྟར་བཞི་ལས། དང་པོ་སྤངས་པའི་ཁྱད་པར་ནི། སྒོམ་སྤངས་སྤངས་ཚུལ་སྔར་དང་འདྲ་བ་ལས་མཐོང་སྤངས་ཀུན་སྦྱོར་གསུམ་མ་ལུས་པར་སྤངས་པའོ། །རྟོགས་པའི་ཁྱད་པར་ནི་བཅུ་དྲུག་པའི་རྟོགས་པ་ཐོབ་འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་མ་ཐོབ་པའོ། །མཚན་ཉིད་ལ་ཁ་ཅིག མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་སྤངས་ཤིང་འདོད་ཉོན་དགུ་པ་མ་སྤངས་པའི་ཉན་ཐོས་འབྲས་གནས་ཞེས་པ་ལ་གཞན་དག་ན་རེ། མཐོང་ལམ་སྡུག་བསྔལ་རྗེས་ཤེས་ལ་གནས་པའི་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་སྤངས་ཤིང་འདོད་ཉོན་དགུ་པ་མ་སྤངས་པའི་ཉན་ཐོས་གང་ཞིག འབྲས་གནས་ཡིན་པའི་ཕྱིར། ཟུར་ཕྱི་མ་གྲུབ་སྟེ། ཁྱོད་ཀྱི་རྒྱུད་ཀྱི་མཁྱེན་པ་དེ་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་པའི་ཕྱིར་ཞེ་ན། ས་དང་པོའི་རྗེས་ཐོབ་ལ་གནས་པའི་བྱང་སེམས་ཆོས་ཅན། སྒོམ་ལམ་པ་ཡིན་པར་ཐལ། ཁྱོད་ཀྱི་རྒྱུད་ཀྱི་མཁྱེན་པ་དེ་སྒོམ་ལམ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། མིན་པར་ཐལ། མཐོང་ལམ་པ་ཡིན་པའི་ཕྱིར། གཏན་ཚིགས་གྲུབ་སྟེ། རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་མཐོང་ལམ་པ་ཡིན་པའི་ཕྱིར། ཡང་ཁ་ཅིག མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་སྤངས་ཤིང་། འདོད་ཉོན་དགུ་པ་མ་སྤངས་པའི་ཉན་ཐོས་འབྲས་གནས་གང་ཞིག འདོད་ཉོན་དགུ་པ་སྤངས་པ་དང་དུས་མཉམ་དུ་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱེད་པར་འགྱུར་བ་ཞེ་ན། འདོད་ཉོན་དགུ་པ་མ་སྤངས་པའི་སྔ་རོལ་དུ་ཐེག་ཆེན་ལམ་དུ་འཇུག་པར་ངེས་པའི་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་འབྲས་གནས་ཆོས་ཅན། མཚན་ཉིད་ཀྱི་ཟུར་ཕྱི་མ་དེར་ཐལ། མཚོན་བྱ་དེའི་ཕྱིར། རང་ལུགས་ནི་མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་སྤངས་པའི་ཉན་ཐོས་འབྲས་གནས་གང་ཞིག འདོད་ཉོན་དགུ་པ་སྤོང་བར་འགྱུར་བའོ། །དབྱེ་བ་ལ་གསུམ་ལས། སྤངས་པའི་སྒོ་ནས་དབྱེ་ན་མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་སྤངས་པ་དང་། བདུན་པ་དང་། བརྒྱད་པ་སྤངས་པའི་འབྲས་གནས་གསུམ་མཐོང་ལམ་གྱི་རྗེས་སུ་བདུན་པ་དང་། བརྒྱད་པ་སྤངས་པ་གཉིས་ཏེ་ལྔའོ། །རྟོགས་པའི་སྒོ་ནས་དབྱེ་ན། བཅུ་དྲུག་པའི་རྟོགས་པ་ལ་གནས་པ། དེའི་རྗེས་ཐོབ་ལ་གནས་པ། འདོད་ཉོན་བདུན་པ་སྤོང་བའི་སྦྱོར་བའི་ལམ། བར་ཆད་མེད་པའི་ལམ། རྣམ་པར་གྲོལ་བའི་ལམ། དེའི་རྗེས་ཐོབ་ལ་གནས་པ་སྟེ་བཞི། འདོད་ཉོན་བརྒྱད་པ་ལ་ཡང་དེ་བཞིན་དུ་བཞི། །དགུ་པ་སྤོང་པའི་སྦྱོར་བའི་ལམ། བར་ཆད་མེད་ལམ་ལ་གནས་པ་གཉིས་ཏེ་བཅུ་གཉིས་སོ། །དབང་པོའི་སྒོ་ནས་དབྱེ་ན། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་འབྲས་གནས་དད་པས་མོས་པ་དང་། མཐོང་བས་ཐོབ་པ་གཉིས། མཚན་ཉིད་རིམ་བཞིན། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་འབྲས་གནས་གང་ཞིག དད་པ་ལྷག་པས་གཞན་གྱི་རྗེས་སུ་འབྲངས་ཏེ་བདེན་པ་མངོན་པར་རྟོགས་པར་བྱས་པ་དང་། དེ་གང་ཞིག ཤེས་རབ་ལྷག་པས་རང་ཉིད་ཀྱིས་བདེན་པའི་དབང་དུ་བྱས་པའི་ཆོས་ཀྱི་རྗེས་སུ་འབྲངས་ཏེ་བདེན་པ་མངོན་པར་རྟོགས་པར་བྱས་པའོ། །གཉིས་པ་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་སྐོར་ལ་ཞུགས་པ་དང་འབྲས་གནས་གཉིས། དང་པོ་ལ་བཞི་ལས། སྤངས་པའི་ཁྱད་པར་ནི་མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དགུ་པ་སྤངས་ཤིང་བསམ་གཏན་དང་པོའི་ཉོན་མོངས་དང་པོ་ནས་ཅི་ཡང་མེད་ཀྱི་ཉོན་མོངས་དགུ་པ་མན་ཆད་སྤངས་པ་དང་། མ་སྤངས་པ་ཅི་རིགས་པ་ཡོད་ལ། སྲིད་ཉོན་དང་པོ་མ་སྤངས་པའོ། །རྟོགས་པའི་ཁྱད་པར་ནི་སྔར་དང་འདྲའོ། །མཚན་ཉིད་ནི་མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དགུ་པ་སྤངས། སྦྱོར་ལམ་སྟན་གཅིག་པའི་རྟོགས་པ་ཐོབ་པའི་ཉན་ཐོས་གང་ཞིག བཅུ་དྲུག་པའི་རྟོགས་པ་ཐོབ་པ་དང་དུས་མཉམ་དུ་ཕྱིར་མི་འོང་དུ་འགྱུར་བའོ། །དབྱེ་བ་ལ་སྤངས་པའི་སྒོ་ནས་དབྱེ་ན་འདོད་ཉོན་དགུ་པ་སྤངས་པ་དང་། བསམ་གཏན་དང་པོའི་ཉོན་མོངས་དང་པོ་ནས་ཅི་ཡང་མེད་ཀྱི་ཉོན་མོངས་དགུ་པ་སྤངས་པའི་བར་དྲུག་ཅུ་རྩ་བཞིའོ། །རྟོགས་པའི་སྒོ་ནས་དབྱེ་ན་སྔར་ལྟར་བཅུ་དྲུག་གོ །དབང་པོའི་སྒོ་ནས་དབྱེ་ན་སྔར་ལྟར་རྗེས་འབྲངས་གཉིས་སོ། །གཉིས་པ་འབྲས་གནས་ལ་ཡང་བཞི་ལས། དང་པོ་སྤངས་པའི་ཁྱད་པར་ནི། འདོད་ཉོན་དགུ་པ་དང་། མཐོང་སྤངས་ཀུན་སྦྱོར་གསུམ་མ་ལུས་པར་སྤངས་ཤིང་བསམ་གཏན་དང་པོའི་ཉོན་མོངས་དང་པོ་ནས་སྲིད་ཉོན་བརྒྱད་པའི་བར་སྤངས་མ་སྤངས་ཅི་རིགས་པ་ཡོད་ལ། སྲིད་ཉོན་དགུ་པ་མ་སྤངས་པའོ། །རྟོགས་པའི་ཁྱད་པར་ནི་བཅུ་དྲུག་པའི་རྟོགས་པ་ཐོབ་ཅིང་སྲིད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་མ་ཐོབ་པའོ། །མཚན་ཉིད་ནི། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དགུ་པ་སྤངས་པའི་ཉན་ཐོས་སློབ་པ་འབྲས་གནས་སོ། །དབྱེ་བ་ལ་སྤངས་པའི་སྒོ་ནས་དབྱེ་ན། འདོད་ཉོན་དགུ་པ་སྤངས་པ་གཅིག བསམ་གཏན་དང་པོའི་ཉོན་མོངས་དང་པོ་ནས་ཅི་ཡང་མེད་ཀྱི་ཉོན་མོངས་དགུ་པའི་བར་མཐོང་ལམ་གྱི་སྔ་རོལ་དུ་སྤངས་པ་དྲུག་ཅུ་རྩ་གསུམ། མཐོང་ལམ་གྱི་རྗེས་སུ་སྤངས་པ་དྲུག་ཅུ་རྩ་གསུམ། སྲིད་ཉོན་དང་པོ་ནས་བརྒྱད་པའི་བར་སྤངས་པ་བརྒྱད་དེ་བརྒྱ་དང་སུམ་ཅུ་རྩ་ལྔའོ། །རྟོག་པའི་སྒོ་ནས་དབྱེ་ན། འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པ། དེའི་རྗེས་ཀྱི་རྗེས་ཐོབ་ལ་གནས་པ་སྟེ་གཉིས། བསམ་གཏན་དང་པོའི་ཉོན་མོངས་དང་པོ་ནས་སྲིད་ཉོན་བརྒྱད་པའི་བར་བདུན་ཅུ་རྩ་གཅིག་པོ་རེ་རེ་ལ་ཡང་སྦྱོར་བའི་ལམ། བར་ཆད་མེད་པའི་ལམ། རྣམ་པར་གྲོལ་བའི་ལམ། རྗེས་ཐོབ་ལ་གནས་པ་བཞི། སྲིད་ཉོན་དགུ་པ་སྤངས་པའི་སྦྱོར་བའི་ལམ་དང་། བར་ཆད་མེད་པའི་ལམ་ལ་གནས་པ་གཉིས་ཏེ་ཉིས་བརྒྱ་དང་བརྒྱད་ཅུ་རྩ་བརྒྱད་དོ། །དབང་པོའི་སྒོ་ནས་དབྱེ་ན་སྔར་ལྟར་དད་མོས་མཐོང་ཐོབ་གཉིས་སོ། །འོ་ན་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་གིས་ཐོབ་པའི་ཕྱིར་མི་འོང་དེ་རིམ་གྱིས་པ་ཡིན་ནམ་ཆགས་བྲལ་སྔོན་སོང་ཡིན་ཞེ་ན། འདི་ལ་ཁ་ཅིག རིམ་གྱིས་པ་ཡིན་ཏེ། ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་གཉིས་རིམ་གྱིས་ཐོབ་པའི་ཕྱིར། ཆགས་བྲལ་སྔོན་སོང་ཡང་ཡིན་ཏེ། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་སྤངས་པའི་འབྲས་གནས་ཡིན་པའི་ཕྱིར་ཞེས་ཟེར་རོ། །ཁ་ཅིག་ཆགས་བྲལ་སྔོན་སོང་ཡིན་གྱི་རིམ་གྱིས་པ་མ་ཡིན་ཏེ། རྒྱུན་ཞུགས་ཀྱི་འབྲས་བུ་མ་ཐོབ་པར་ཕྱིར་འོང་གི་འབྲས་བུ་མངོན་དུ་བྱས་པའི་ཕྱིར་ཞེས་ཟེར་རོ། །དང་པོ་ལ་དེ་ཆོས་ཅན། འབྲས་བུ་ཐོད་རྒལ་བ་ཡིན་པར་ཐལ། རྒྱུན་ཞུགས་ཀྱི་འབྲས་བུ་མ་ཐོབ་པར་ཕྱིར་འོང་གི་འབྲས་བུ་མངོན་དུ་བྱས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། འབྲས་བུ་རིམ་གྱིས་པ་ཡིན་པར་ཐལ། ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་གཉིས་རིམ་གྱིས་མངོན་དུ་བྱས་པའི་ཕྱིར། འདོད་ན་འགལ་ལོ། །སྔ་ཕྱི་གཉིས་ཆར་ལ་དེ་ཆོས་ཅན། ཕྱིར་མི་འོང་ཆགས་བྲལ་སྔོན་སོང་དུ་ཐལ། ཕྱིར་མི་འོང་གང་ཞིག ཆགས་བྲལ་སྔོན་སོང་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། རང་གང་ལ་གནས་པའི་འབྲས་བུ་དེའི་གེགས་ཀྱི་གཙོ་བོ་མཐོང་ལམ་གྱི་སྔ་རོལ་དུ་སྤངས་པར་ཐལ། ཆགས་བྲལ་སྔོན་སོང་ཡིན་པའི་ཕྱིར། རང་ལུགས་ནི་དེ་རིམ་གྱིས་པ་ཡིན་ཏེ། ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་གཉིས་རིམ་གྱིས་མངོན་དུ་བྱས་པ་གང་ཞིག དེ་གཉིས་ཀྱི་བར་དུ་འབྲས་བུ་གཞན་རྒལ་བར་བྱར་མེད་པའི་ཕྱིར། འབྲས་བུ་རིམ་གྱིས་པ་ཡིན་ན། འབྲས་བུ་བཞི་རིམ་གྱིས་ཐོབ་ཟིན་པ་ཡིན་མི་དགོས་ཤིང་། རིམ་གྱིས་ཐོབ་པར་བྱེད་པ་ཡང་ཡིན་མི་དགོས་པའི་ཕྱིར་རོ། །གཉིས་པ་རིམ་གྱིས་པ་བཤད་པ་ལ། རིམ་གྱིས་པའི་རྒྱུན་ཞུགས་ཀྱི་སྐོར། ཕྱིར་འོང་གི་སྐོར། ཕྱིར་མི་འོང་གི་སྐོར། དགྲ་བཅོམ་གྱི་སྐོར་དང་བཞི་ལས། དང་པོ་ལ་ཞུགས་པ་དང་འབྲས་གནས་གཉིས། དང་པོ་ལ་སྤངས་པའི་ཁྱད་པར་སོགས་བཞི་ལས། དང་པོ་སྤངས་པའི་ཁྱད་པར་ནི་འདོད་པའི་སྒོམ་སྤངས་ཅུང་ཟད་ཀྱང་མ་སྤངས་པའམ། དང་པོ་ནས་ལྔ་པའི་བར་སྤངས་པ་དང་མ་སྤངས་པ་ཅི་རིགས་པ་ཡོད་ལ་དྲུག་པ་མ་སྤངས་པའོ། །གཉིས་པ་རྟོག་པའི་ཁྱད་པར་ནི་མངོན་པ་གོང་མ་ལྟར་ན། སྦྱོར་ལམ་སྟན་གཅིག་པའི་རྟོགས་པ་ཐོབ་ནས་མཐོང་ལམ་སྐད་ཅིག་བཅོ་ལྔ་གང་རུང་ལ་གནས་པའོ། །འོག་མ་ལྟར་ན། མཐོང་ལམ་སྐད་ཅིག་བཅོ་ལྔ་གང་རུང་ལ་གནས་པའོ། །གསུམ་པ་མཚན་ཉིད་ལ་ཁ་ཅིག སྦྱོར་ལམ་སྟན་གཅིག་པའི་རྟོགས་པ་ཐོབ་ཅིང་ལམ་རྗེས་ཤེས་ཀྱི་རྟོགས་པ་མ་ཐོབ་པའི་ཉན་ཐོས་གང་ཞིག འདོད་ཉོན་དྲུག་པ་མ་སྤངས་པ་ཟེར་ན། ཅིག་ཆར་བའི་རྒྱུན་ཞུགས་ཞུགས་པས་མ་ངེས་སོ། །རང་ལུགས་ནི་སྦྱོར་ལམ་སྟན་གཅིག་པའི་རྟོགས་པ་ཐོབ་ཅིང་། ལམ་རྗེས་ཤེས་ཀྱི་རྟོགས་པ་མ་ཐོབ་པའི་ཉན་ཐོས་གང་ཞིག ལམ་རྗེས་ཤེས་ཀྱི་རྟོགས་པ་ཐོབ་པའི་ཚེ་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་སུ་འགྱུར་བའོ། །བཞི་པ་དབྱེ་བ་ལ་སྤངས་པའི་སྒོ་ནས་དབྱེ་ན་འདོད་པའི་སྒོམ་སྤངས་ཅུང་ཟད་ཀྱང་མ་སྤངས་པ་དང་། དང་པོ་ནས་ལྔ་པའི་བར་སྤངས་པ་སྟེ་དྲུག་གོ །རྟོགས་པའི་སྒོ་ནས་དབྱེ་ན་མངོན་པ་གོང་མ་ལྟར་ན་བཅུ་དྲུག་དང་འོག་མ་ལྟར་ན་བཅོ་ལྔའོ། །དབང་པོའི་སྒོ་ནས་དབྱེ་ན། དད་པས་རྗེས་འབྲང་དང་། ཆོས་ཀྱི་རྗེས་འབྲང་གཉིས་ཏེ། ཆགས་བྲལ་སྔོན་སོང་གི་ཞུགས་པའི་སྐབས་བཞིན་དུ་ཤེས་པར་བྱའོ། །གཉིས་པ་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ལའང་བཞི་ལས། དང་པོ་སྤངས་པའི་ཁྱད་པར་ནི། མཐོང་སྤངས་ཉོན་མོངས་མ་ལུས་པ་སྤངས་ཤིང་། འདོད་པའི་སྒོམ་སྤང་ཅུང་ཟད་ཀྱང་མ་སྤངས་པའམ་དང་པོ་ནས་ལྔ་པའི་བར་སྤངས་མ་སྤངས་ཅི་རིགས་པ་ཡོད་ལ་དྲུག་པ་མ་སྤངས་པའོ། །གཉིས་པ་རྟོགས་པའི་ཁྱད་པར་ནི་ལམ་ལ་རྗེས་ཤེས་ཀྱི་རྟོགས་པ་ཐོབ་ཅིང་འདོད་ཉོན་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་མ་ཐོབ་པའོ། །གསུམ་པ་མཚན་ཉིད་ལ་ཁ་ཅིག མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པའི་ཉན་ཐོས་གང་ཞིག འདོད་ཉོན་དྲུག་པ་མ་སྤངས་པ་ཞེས་པ་དང་། ཡང་དེ་གང་ཞིག འདོད་ཉོན་དྲུག་པ་སྤངས་དགོས་པ་ཞེས་ཟེར་ན། འདོད་ཉོན་དྲུག་པ་མ་སྤངས་པའི་ཅིག་ཅར་བའི་རྒྱུན་ཞུགས་འབྲས་གནས་ཀྱིས་མ་ངེས་སོ། །ཡང་དེ་གང་ཞིག་འབྲས་བུ་ཕྱི་མ་གསུམ་རིམ་གྱིས་མངོན་དུ་བྱེད་པ་ཞེས་ཟེར་ན། ཕྱིར་འོང་གི་འབྲས་བུ་མངོན་དུ་མི་བྱེད་པར་ཐེག་ཆེན་གྱི་ལམ་དུ་འཇུག་པར་ངེས་པའི་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཀྱིས་མ་ངེས་སོ། །ཡང་དེ་གང་ཞིག་འབྲས་བུ་ཕྱི་མ་གསུམ་མངོན་དུ་བྱེད་པའི་རིགས་ཅན་ཞེས་ཟེར་ན་ལམ་ཆོས་ཤེས་ལ་གནས་པའི་རྒྱུན་ཞུགས་ཞུགས་པ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་སྔ་ཟུར་ནི་མངོན་པ་གོང་མས་གྲུབ་བོ། །ཡང་འབྲས་བུ་ཕྱི་མ་གསུམ་མངོན་དུ་བྱེད་པའི་རིགས་ཅན་གང་ཞིག བཅུ་དྲུག་པའི་རྟོགས་པ་ཐོབ་པའི་ཉན་ཐོས་ཞེས་ཟེར་ན། རིམ་གྱིས་པའི་ཕྱིར་འོང་འབྲས་གནས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། སྔ་ཟུར་གྲུབ་སྟེ། འབྲས་བུ་རིམ་གྱིས་པའི་ཉན་ཐོས་ཡིན་པའི་ཕྱིར་རོ། །རང་ལུགས་ནི་བཅུ་དྲུག་པའི་རྟོགས་པ་ཐོབ་ཅིང་འདོད་ཉོན་དྲུག་པ་སྤང་དགོས་པའི་ཉན་ཐོས་གང་ཞིག འབྲས་བུ་ཕྱི་མ་གསུམ་མངོན་དུ་བྱེད་པའི་རིགས་ཅན་ནོ། །བཞི་པ་དབྱེ་བ་ལ་དབྱེ་སྒོ་བདུན་ཏེ། སྤངས་པའི་སྒོ་ནས་དང་། རྟོགས་པའི་སྒོ་ནས་དང་། དབང་པོའི་སྒོ་ནས་དང་། རིགས་ཀྱི་སྒོ་ནས་དང་། ལམ་ལ་བརྩོན་མི་བརྩོན་གྱི་སྒོ་ནས་དང་། རྟེན་གྱི་སྒོ་ནས་དང་། སྐྱེ་བ་ལེན་ཚུལ་གྱི་སྒོ་ནས་དབྱེ་བའོ། །དང་པོ་ལ། འདོད་པའི་སྒོམ་སྤངས་ཅུང་ཟད་ཀྱང་མ་སྤངས་པ་ནས་ལྔ་པ་སྤངས་པའི་བར་དྲུག་གོ །གཉིས་པ་ལ། བཅུ་དྲུག་པའི་རྟོག་པ་ལ་གནས་པ། དེའི་རྗེས་ཐོབ་ལ་གནས་པ། འདོད་ཉོན་དང་པོ་ནས་ལྔ་པའི་བར་རེ་རེ་ལ་ཡང་དེ་སྤོང་བའི་སྦྱོར་བའི་ལམ། བར་ཆད་མེད་པའི་ལམ། རྣམ་པར་གྲོལ་བའི་ལམ། དེའི་རྗེས་ཐོབ་ལ་གནས་པ་སྟེ་བཞི་བཞི། འདོད་ཉོན་དྲུག་པ་སྤོང་བའི་སྦྱོར་བའི་ལམ། བར་ཆད་མེད་པའི་ལམ་ལ་གནས་པ་གཉིས་ཏེ། ཉི་ཤུ་རྩ་བཞིའོ། །གསུམ་པ་ལ་དད་པས་མོས་པ་དང་། མཐོང་བས་ཐོབ་པ་གཉིས་སོ། །བཞི་པ་ལ་ཡོངས་སུ་ཉམས་པའི་ཆོས་ཅན་གྱི་དགྲ་བཅོམ་པའི་རིགས་ཅན་ནས་མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་པའི་རིགས་ཅན་གྱི་བར་དྲུག་གོ །དེ་ལ་དང་པོ་ལྔ་ནི། དད་མོས་སུ་འདུ་ལ། ཕྱི་མ་ནི་མཐོང་ཐོབ་ཏུ་འདུའོ། །ལྔ་པ་ལ་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཙམ་པོ་དང་། ཁྱད་པར་ཅན་གཉིས། འདི་གཉིས་ཀྱི་མཚན་ཉིད་ལ་ཁ་ཅིག་རིམ་པ་བཞིན་དུ་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་གང་ཞིག ཕྱིར་འོང་གི་འབྲས་བུ་ཐོབ་ཕྱིར་དུ་ལམ་ལ་བརྩོན་པར་བྱས་པ་དང་། མ་བྱས་པའོ། །ཞེས་ཟེར་ན། རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཙམ་པོ་ཆོས་ཅན། རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་དུ་ཐལ། མཚན་ཉིད་དེའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། ཕྱིར་འོང་གི་འབྲས་བུ་ཐོབ་ཕྱིར་དུ་མཐོང་ལམ་ཐོབ་པར་བྱས་པའི་ཕྱིར་རོ། །ཁ་ཅིག་དེ་བཅད་པའི་ཕྱིར་དུ་མཐོང་ལམ་ཐོབ་རྗེས་སུ་དེ་ལྟར་དུ་བྱས་པ་དང་། མ་བྱས་པ་ཞེས་ཟེར་ན། རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཙམ་ཁྱད་གཉིས་ཀ་ཆོས་ཅན། ཙམ་པོ་བར་ཐལ། ཞེས་པའི་སྐྱོན་བརྗོད་པ་ཡང་འདུག་གོ །རང་ལུགས་ནི། དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་གང་ཞིག མཐོང་ལམ་ཐོབ་རྗེས་སུ་ཕྱིར་འོང་གི་འབྲས་བུ་ཐོབ་པའི་ཕྱིར་དུ་སྔར་ལམ་ལ་མ་བརྩོན་པ་གསར་དུ་བརྩོན་དགོས་པ་དང་། དེ་གང་ཞིག མཐོང་ལམ་ཐོབ་རྗེས་སུ་འདོད་ཉོན་སྤངས་པའི་སྦྱོར་བ་རང་རྒྱུད་ལ་ཐོབ་པ་སྟེ། ཕྱིར་འོང་དང་ཕྱིར་མི་འོང་གི་སྐབས་སུ་ཡང་འདིས་བསྒྲེས་ཏེ་ཤེས་པར་བྱའོ། །དྲུག་པ་ལ་འདོད་ལྷ་རིས་དྲུག་དང་། གླིང་གསུམ་གྱི་མིའི་རྟེན་ཅན་ཏེ་དགུའོ། །བདུན་པ་ལ་གཉིས་ཏེ། དབྱེ་བ་སྤྱིར་བསྟན་པ་དང་། སྐབས་སུ་བབ་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ཁམས་གསུམ་གང་དུ་ཡང་སྐྱེ་བ་མི་ལེན་པར་ཚེ་དེ་ཉིད་ལ་མྱང་འདས་མངོན་དུ་བྱེད་པ་དང་། ཕྱི་མ་ཁམས་གོང་དུ་སྐྱེས་ནས་ཁམས་གོང་དུ་མྱང་འདས་མངོན་དུ་བྱེད་པ་དང་། ཕྱི་མ་འདོད་པར་སྐྱེས་ནས་འདོད་པར་མྱང་འདས་མངོན་དུ་བྱེད་པ་གསུམ་ལས། དང་པོ་ནི་མཐོང་ཆོས་ཞི་ཕྱིར་མི་འོང་གི་རིགས་ཅན་ནོ། །གཉིས་པ་ནི་གཟུགས་སུ་ཉེར་འགྲོ་དང་། གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་གི་རིགས་ཅན་ནོ། །གསུམ་པ་ལ་འདོད་པར་རིས་མཐུན་གྱི་སྐྱེ་བ་གཅིག་ཁོ་ན་བླངས་ནས་དང་། གཉིས་སམ་གསུམ་བླངས་ནས་དང་། བཞི་པ་ཕན་ཆད་བླངས་ནས་འདོད་པར་མྱང་འདས་མངོན་དུ་བྱེད་པ་གསུམ་ལས། དང་པོ་ནི་ཚེ་གཅིག་བར་ཆད་གཅིག་པའི་ཕྱིར་འོང་གི་རིགས་ཅན་ནོ། །གཉིས་པ་ལ་རིགས་ནས་རིགས་སྐྱེ་དང་། གསུམ་པ་ལ་སྲིད་པ་ལན་བདུན་པའི་རྣམ་གཞག་བྱེད་ཀྱང་ཡན་ལག་གཞན་རྣམས་མ་ཚང་བ་ལ་དེར་འཇོག་པའི་ངེས་པ་ནི་མེད་དོ། །གཉིས་པ་སྐབས་སུ་བབ་པ་བྱེ་བྲག་ཏུ་འཆད་པ་ནི། འོ་ན་དེ་རྣམས་ཀྱི་ནང་ནས་རྒྱུན་ཞུགས་ཀྱི་རྣམ་གཞག་འཆད་པའི་ཚེ་གང་སྐབས་སུ་བབ་པ་ཡིན་ཞེ་ན། སྔ་མ་རྣམས་ནི་ཚེ་དེ་ཉིད་ཀྱི་རྟེན་ལ་ཕྱིར་འོང་དང་། ཕྱིར་མི་འོང་དུ་འགྱུར་བས་དེ་དག་གི་སྐབས་སུ་བཤད་པར་བྱ་བ་ཡིན་གྱི་རྒྱུན་ཞུགས་ཀྱི་སྐབས་འདིར་རྣམ་གཞག་འཆད་མི་དགོས་ཏེ། སྐབས་འདིར་ནི་འབྲས་བུ་གོང་མ་མངོན་དུ་མ་བྱས་པར་རྒྱུན་ཞུགས་ཉིད་ཀྱི་ངང་ནས་འཆི་འཕོ་བར་འགྱུར་བའི་རྣམ་གཞག་འཆད་པ་སྐབས་སུ་བབ་པའི་ཕྱིར་རོ། །དེས་ན་ཆོས་མངོན་པ་ལས་རྒྱུན་ཞུགས་ཀྱི་སྐབས་སུ་སྲིད་པ་ལན་བདུན་པ་དང་། རིགས་ནས་རིགས་སྐྱེ་གཉིས། ཕྱིར་འོང་གི་སྐབས་སུ་ཚེ་གཅིག་བར་ཆད་གཅིག་པ་དང་། ཕྱིར་མི་འོང་གི་སྐབས་སུ་སློབ་པའི་གང་ཟག་གི་རྣམ་གཞག་ལྷག་མ་ཐམས་ཅད་འཆད་པའི་གནད་ཀྱང་འདི་ཉིད་ཡིན་ནོ། །དེས་ན་འདིར་སྐབས་སུ་བབ་པ་ལ་སྲིད་པ་ལན་བདུན་པ་དང་། རིགས་ནས་རིགས་སྐྱེ་གཉིས་ལས། དང་པོ་ལ། སྤངས་པའི་ཁྱད་པར། རྟོགས་པའི་ཁྱད་པར། སྐྱེ་བ་ལེན་ཚུལ་གྱི་ཁྱད་པར། མཚན་ཉིད་དང་བཞིའོ། །དང་པོ་ནི། འདོད་པའི་སྒོམ་སྤངས་སྔར་ཅུང་ཟད་ཀྱང་མ་སྤངས་ཤིང་། ཚེ་དེ་ཉིད་ལ་ཡང་མི་སྤོང་བ་གཅིག་དགོས་ཏེ། གཞན་དུ་ན་སྐྱེ་བའི་ཁྱད་པར་མི་འགྲུབ་པའི་ཕྱིར་རོ། །གཉིས་པ་ནི། བཅུ་དྲུག་པའི་རྟོགས་པ་ཐོབ་ཅིང་འདོད་ཉོན་དང་པོ་སྤོང་བའི་སྦྱོར་བ་ཙམ་ཡང་མ་ཐོབ་པའོ། །གསུམ་པ་ལ། བྱེ་བྲག་ཏུ་སྨྲ་བའི་ལུགས་དང་། མདོ་སྡེ་པའི་ལུགས་གཉིས། དང་པོ་ལ་ངེས་པའི་རིགས་ཅན་དང་། མ་ངེས་པའི་རིགས་ཅན་གཉིས་ལས། དང་པོ་ནི། འདོད་པར་མིའི་སྐྱེ་སྲིད་བདུན། དེའི་བར་སྲིད་བདུན། ལྷའི་སྐྱེ་སྲིད་བདུན། དེའི་བར་སྲིད་བདུན་ཏེ་སྲིད་པ་ཉི་ཤུ་རྩ་བརྒྱད་ལེན་ཀྱང་བདུན་ཚན་དུ་འདྲ་བའི་ཕྱིར། ལན་བདུན་པ་ཞེས་བྱ་སྟེ། ཤིང་ལོ་མ་བདུན་པ་དང་། གནས་བདུན་ལ་མཁས་པའི་དགེ་སློང་ཞེས་པའི་ཐ་སྙད་བཞིན་ནོ། །ཤིང་ལོ་མ་བདུན་པ་ནི་ཤིང་སྡོང་པོ་གཅིག་ལ་ཡལ་ག་བདུན། ཡལ་ག་རེ་རེ་ལ་ལོ་མ་བདུན་བདུན་ཡོད་ཀྱང་བདུན་ཚན་དུ་འདྲ་བའི་ཕྱིར་ན་ལོ་མ་བདུན་པ་ཞེས་བརྗོད་དོ། །གནས་བདུན་ལ་མཁས་པའི་དགེ་སློང་ནི་གཟུགས་ཀྱི་ཕུང་པོའི་ཡང་དག་པ། ཀུན་འབྱུང་། འགོག་པ། འགོག་པར་འགྲོ་བའི་ལམ། རོ་མྱང་། ཉེས་དམིགས། ངེས་འབྱུང་སྟེ་བདུན། དེ་བཞིན་དུ་ཕུང་པོ་གཞན་བཞི་ལའང་བདུན་བདུན་ཤེས་ཀྱང་བདུན་ཚན་དུ་འདྲ་བའི་ཕྱིར་ན། གནས་བདུན་ལ་མཁས་པ་ཞེས་བརྗོད་པ་བཞིན་ནོ། །འོ་ན་མདོ་ལས། གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་སྲིད་པ་བརྒྱད་པ་མངོན་པར་འགྲུབ་པ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། འདི་ནི་གནས་མེད་དོ་ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན། གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་ནི་འཕགས་ལམ་ཡན་ལག་བརྒྱད་ཀྱི་ནང་ཚན་དུ་གྱུར་པའི་ཡང་དག་པའི་ལྟ་བ་ཐོབ་པ་ཡིན་ལ། དེས་འགྲོ་བ་རིས་མཐུན་གཅིག་ཏུ་སྐྱེ་སྲིད་བརྒྱད་པ་མི་ལེན་པ་ལ་དགོངས་སོ། །འོ་ན་གནས་ཐམས་ཅད་དུ་འཆི་འཕོ་བའི་གོང་འཕོ་དེ་ཚངས་རིས་ནས་འོག་མིན་གྱི་བར་དུ་སྐྱེ་བ་ལེན་པ་མིན་ནམ་ཞེ་ན། འདོད་པའི་ཁམས་ལ་དགོངས་པས་ཉེས་པ་མེད་དོ། །ཅིའི་ཕྱིར་འདོད་པའི་རྟེན་ལ་རིས་མཐུན་གྱི་སྐྱེ་སྲིད་བརྒྱད་པ་མི་ལེན་ཅེ་ན། དུས་དེ་སྲིད་ཀྱི་གདོན་མི་ཟ་བར་རྒྱུད་ཡོངས་སུ་སྨིན་པའི་ཕྱིར་ཏེ། སྦྲུལ་གོམས་པ་བདུན་པས་ཟིན་པ་དང་། རིམས་ཉིན་བཞི་པས་ཐེབས་པ་བཞིན་ནོ། །བར་སྐབས་སུ་འཕགས་པའི་ལམ་མངོན་དུ་བྱེད་ཀྱི་མྱ་ངན་ལས་ཀྱང་མི་འདའ་སྟེ། དེ་སྲིད་དུ་སྲིད་པ་མྱོང་བར་འགྱུར་བའི་ལས་ཀྱི་སྟོབས་བསྐྱེད་པའི་ཕྱིར་རོ། །སྲིད་པ་ཐ་མའི་རྟེན་ལ་སངས་རྒྱས་འབྱུང་བ་མེད་པ་དང་ཐུག་ན་ཁྱིམ་པའི་རྟེན་ལ་དགྲ་བཅོམ་ཐོབ་ཅིང་། ཁྱིམ་ན་ནི་མི་གནས་ལ་དགྲ་བཅོམ་ཐོབ་རྗེས་སུ་ཆོས་ཉིད་ཀྱིས་ཐོབ་པའི་དགེ་སློང་གི་མཚན་མ་ཡང་ཐོབ་བོ། །འདི་ནི་དེ་ལྟར་ཐོགས་ན་ལན་བདུན་པ་སྟེ། རྒྱུན་ཞུགས་ཐམས་ཅད་ཀྱི་ཐ་ཤལ་ལན་བདུན་ལེན་པར་ངེས་པའི་དབང་དུ་བྱས་པའོ། །གཉིས་པ་མ་ངེས་པའི་རིགས་ཅན་གྱིས་སྐྱེ་བ་ལེན་ཚུལ་ནི་སྔར་འདོད་པའི་བསྒོམ་སྤངས་ཅུང་ཟད་ཀྱང་མ་སྤངས་ཤིང་ཚེ་དེ་ཉིད་ལ་ཡང་མི་སྤོང་བས། ལན་བདུན་ལེན་པའི་རྒྱུ་ཡོད་ཀྱང་བར་སྐབས་སུ་འཕགས་པའི་ལམ་མངོན་དུ་བྱས་ནས་རིས་མཐུན་གྱི་སྐྱེ་སྲིད་གཅིག་ནས་དྲུག་པའི་བར་གང་ཡང་རུང་བ་ལ་མྱང་འདས་མངོན་དུ་བྱེད་པའོ། །འོ་ན་རིགས་ནས་རིགས་སྐྱེ་ཡང་དེར་འགྱུར་རོ་སྙམ་ན་མ་ཡིན་ཏེ། དེ་ནི་མཐོང་ལམ་ཐོབ་པའི་ལུས་རྟེན་ལ། རྣམ་གསུམ་རྣམ་བཞི་ལས་གྲོལ་བ་དགོས་ལ་འདི་ནི་མཐོང་ལམ་ཐོབ་པའི་ལུས་རྟེན་ལ་འདོད་ཉོན་ཅུང་ཟད་ཀྱང་མ་སྤངས་པའི་དབང་དུ་བྱས་པའི་ཕྱིར་རོ། །གོང་དུ་འཕོ་བའི་སྐབས་སུ་གོང་དུ་འཕོ་བ་བར་སྐབས་སུ་མྱ་ངན་ལས་འདའ་བར་རུང་བར་ལྟའོ། །དཔེར་ན་རྒྱུན་དུ་ཞུགས་པ་མཆོག་ཏུ་ཐོགས་ན་ལན་བདུན་པ་བཞིན་ནོ། །ཞེས་གསུངས་པ་ནི་མ་ངེས་པའི་རིགས་ཅན་འདི་ཉིད་ཀྱི་དབང་དུ་བྱས་པའོ། །གཉིས་པ་མདོ་སྡེའི་ལུགས་ནི། སྲིད་པ་ལན་བདུན་པ་ཞེས་པའི་སྒྲ་ཇི་བཞིན་ཉིད་དུ་སྐྱེ་སྲིད་བདུན་ཁོ་ན་ལེན་པར་བཞེད་ཀྱི་ལྷ་མི་གཉིས་ཆར་གྱི་རྟེན་ལ་སྐྱེ་སྲིད་བདུན་བདུན་ལེན་པ་ནི་མི་བཞེད་དོ། །བྱེ་བྲག་ཏུ་སྨྲ་བས། ལྷ་མི་སོ་སོའི་རྟེན་ལ་སྐྱེ་སྲིད་ལན་བདུན་ལེན་པར་འདོད་པ་འདི་ལ་ཤེས་པར་བྱེད་པའི་ལུང་དང་རིགས་པ་ཅི་ཞིག་ཡོད་ཅེས་དྲིས་པས་ལྷ་མི་སོ་སོར་ལན་བདུན་སྐྱེའི་གཉིས་ཀའི་ནང་དུ་ལན་བདུན་སྐྱེ་བས་སྲིད་པ་ལན་བདུན་པར་མི་འགྱུར་བའི་ཕྱིར་རོ་ཞེ་ན། འདི་ལ་ཡང་ཤེས་བྱེད་ཅི་ཞིག་ཡོད། འདི་སྐད་དུ་ལྷ་རྣམས་དང་མི་རྣམས་སུ་ལན་བདུན་ཞེས་འབྱུང་བའི་ཕྱིར་རོ་ཞེ་ན། དེ་ནི་གང་ཟག་གཅིག་གིས་ལྷ་མི་སོ་སོའི་རྟེན་ལ་སྲིད་པ་ལན་བདུན་འབྱུང་བའི་ཤེས་བྱེད་དུ་མི་རུང་སྟེ། འོད་སྲུང་པ་རྣམས་ལྷ་རྣམས་སུ་ལན་བདུན། མི་རྣམས་སུ་ལན་བདུན་ཞེས་གང་ཟག་སོ་སོ་ལའང་སྦྱོར་བའི་ཕྱིར་རོ། །དེས་ན་འདི་ལ་ལུགས་གསུམ་སྣང་སྟེ། བྱེ་བྲག་ཏུ་སྨྲ་བས་ལྷ་མི་སོ་སོའི་རྟེན་ལ་སྐྱེ་སྲིད་བདུན་བདུན་ཏེ། བཅུ་བཞི་ལེན་པ་དང་། མདོ་སྡེ་པས་གཉིས་ཆར་བསྡོམས་ནས་སྐྱེ་སྲིད་བདུན་ལེན་པ་དང་། འོད་སྲུང་པས་ལྷ་མི་གང་རུང་གཅིག་གི་རྟེན་ལ་སྐྱེ་སྲིད་བདུན་ལེན་པར་འདོད་པའོ། །བཞི་པ་མཚན་ཉིད་ལ། བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་སྲིད་པ་ལན་བདུན་པའི་མཚན་ཉིད། མཐོང་ལམ་ཐོབ་པའི་ལུས་རྟེན་དང་བཅས་པའི་རྒྱུན་ཞུགས་འབྲས་གནས་ཙམ་པོ་གང་ཞིག འདོད་པར་རིས་མཐུན་གྱི་སྐྱེ་སྲིད་བདུན་ལེན་པའི་རིགས་ཅན་ནོ། །དབྱེ་ན་ངེས་པའི་རིགས་ཅན་གྱི་དང་། མ་ངེས་པའི་རིགས་ཅན་གྱི་སྲིད་པ་ལན་བདུན་པ་གཉིས། །དང་པོའི་མཚན་ཉིད་ལ་ཁ་ཅིག རྒྱུན་ཞུགས་འབྲས་གནས་ཙམ་པོ་གང་ཞིག འདོད་པར་རིས་མཐུན་གྱི་སྐྱེ་སྲིད་ལན་བདུན་ལེན་པར་ངེས་པ་ཞེ་ན། ངེས་པའི་རིགས་ཅན་གྱི་སྲིད་པ་ལན་བདུན་པའི་རྟོགས་པ་སྔོན་དུ་སོང་བའི་འདོད་པའི་བར་སྲིད་དང་པོའི་རྟེན་ཅན་གྱི་རྒྱུན་ཞུགས་འབྲས་གནས་ཙམ་པོ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཁ་ཅིག དེ་བཅད་པའི་ཕྱིར་དུ་མཐོང་ལམ་ཐོབ་པའི་ལུས་རྟེན་མ་དོར་བའི་རྒྱུན་ཞུགས་འབྲས་གནས་ཙམ་པོ་གང་ཞིག དེ་ལྟར་བྱེད་པ་ཞེས་ཟེར་བ་ན། གཞན་དག་ན་རེ། ངེས་པའི་རིགས་ཅན་གྱི་སྲིད་པ་ལན་བདུན་པ་དང་། དེའི་རྟོགས་པ་སྔོན་དུ་སོང་བའི་འདོད་པའི་བར་སྲིད་དང་པོའི་རྟེན་ཅན་གྱི་རྒྱུན་ཞུགས་འབྲས་གནས་ཙམ་པོ་གཉིས་ཀ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། སྔ་ཟུར་གྲུབ་སྟེ། རྒྱུན་ཞུགས་འབྲས་གནས་ཙམ་པོ་གང་ཞིག་མཐོང་ལམ་ཐོབ་པའི་ལུས་རྟེན་མ་དོར་བའི་ཕྱིར། ཕྱི་མ་མ་གྲུབ་ན་ངེས་པའི་རིགས་ཅན་གྱི་སྲིད་པ་ལན་བདུན་པ་དེས་མཐོང་ལམ་ཐོབ་པའི་ལུས་རྟེན་དོར་བར་ཐལ། དེ་གཉིས་ཀས་དེ་དོར་བའི་ཕྱིར་ཞེས་ཟེར། འོ་ན་ངེས་པའི་རིགས་ཅན་གྱི་སྲིད་པ་ལན་བདུན་པའི་རྟོགས་པ་སྔོན་དུ་སོང་བའི་འདོད་པའི་བར་སྲིད་དང་པོའི་རྟེན་ཅན་གྱི་རྒྱུན་ཞུགས་འབྲས་གནས་ཙམ་དེས༷་མཐོང་ལམ་ཐོབ་པའི་ལུས་རྟེན་མ་དོར་བའི་རྒྱུན་ཞུགས་འབྲས་གནས་ཙམ་པོར་ཐལ། དེ་དང་ངེས་པའི་རིགས་ཅན་གྱི་སྲིད་པ་ལན་བདུན་པ་གཉིས་ཀ་དེ་ཡིན་པའི་ཕྱིར་རོ། །རང་ལུགས་ནི་མཐོང་ལམ་ཐོབ་པའི་ལུས་རྟེན་དང་བཅས་པའི་རྒྱུན་ཞུགས་འབྲས་གནས་ཙམ་པོ་གང་ཞིག འདོད་པར་རིས་མཐུན་གྱི་སྐྱེ་སྲིད་བདུན་བླངས་ནས་མྱང་འདས་མངོན་དུ་བྱེད་པར་ངེས་པའོ། །དེ་ཡང་ལྷའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ན་ལྷར་ལན་དྲུག མིར་ལན་བདུན། མཐར་ལྷའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །མིའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ན་མིར་ལན་དྲུག ལྷར་ལན་བདུན་མཐར་མིའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །གཉིས་པ་མ་ངེས་པའི་རིགས་ཅན་གྱི་རྒྱུན་ཞུགས་སྲིད་པ་ལན་བདུན་པའི་མཚན་ཉིད། རྒྱུན་ཞུགས་སྲིད་པ་ལན་བདུན་པ་གང་ཞིག འདོད་པའི་སྐྱེ་སྲིད་བཅུ་གསུམ་པ་ཚུན་ཆད་དུ་མྱང་འདས་མངོན་དུ་བྱེད་པའོ། །མདོ་སྡེ་པའི་ལུགས་ལ་ངེས་པའི་རིགས་ཅན་གྱི་སྲིད་པ་ལན་བདུན་པའི་མཚན་ཉིད། མཐོང་ལམ་ཐོབ་པའི་ལུས་རྟེན་དང་བཅས་པའི་རྒྱུན་ཞུགས་འབྲས་གནས་ཙམ་པོ་གང་ཞིག འདོད་པར་སྐྱེ་སྲིད་བདུན་བླངས་ནས་སྐྱེ་སྲིད་བདུན་པའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པར་ངེས་པའོ། །མ་ངེས་པའི་རིགས་ཅན་གྱི་སྲིད་པ་ལན་བདུན་པའི་མཚན་ཉིད་རྒྱུན་ཞུགས་སྲིད་པ་ལན་བདུན་པ་གང་ཞིག འདོད་པའི་སྐྱེ་སྲིད་དྲུག་པ་ཚུན་ཆད་དུ་མྱང་འདས་མངོན་དུ་བྱེད་པའོ། །སྐྱེ་བ་ལེན་ཚུལ་ལ་ཁ་ཅིག ལྷ་མི་རེ་རེ་བཞིན་དུ་སྤེལ་ནས་ལེན་ཟེར་བ་ནི་མི་འཐད་དེ་བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་ཡང་དེ་ལྟར་དུ་ཐལ་བའི་ཕྱིར་རོ། །ཁ་ཅིག་ལྷའི་རྟེན་ཅན་གྱི་སྲིད་པ་ལན་བདུན་པ་དེ་ལྷར་ལན་བདུན། མིའི་རྟེན་ཅན་གྱི་སྲིད་པ་ལན་བདུན་པ་དེས་མིར་ལན་བདུན་ལེན་ཟེར་བ་ནི་མི་འཐད་དེ། དེ་ནི་མདོ་སྡེ་པ་རང་ཉིད་ཀྱིས་ཀྱང་འོད་སྲུང་པའི་འདོད་པར་བྱས་པའི་ཕྱིར་རོ། །རང་ལུགས་ནི་ལྷའི་རྟེན་ཅན་དེས་དང་པོར་ལྷར་གསུམ། དེ་ནས་མིར་གསུམ། མཐར་ལྷའི་རྟེན་ལ་མྱ་ངན་ལས་འདའ། མིའི་རྟེན་ལ་ཡང་དེས་འགྲེའོ། །གཉིས་པ་རིགས་ནས་རིགས་སྐྱེ་ལ་མཛོད་རྩ་འགྲེལ་ལས་གསུངས་པའི་ཚུལ་དང་། འགྲེལ་བཤད་ལས་གསུངས་པའི་ཚུལ་གཉིས་ལས། དང་པོ་ལ་སྤངས་པའི། རྟོགས་པའི། སྐྱེ་བ་ལེན་ཚུལ་གྱི་ཁྱད་པར། མཚན་ཉིད་དང་བཞི་ལས། དང་པོ་ནི། རྣམ་གསུམ་རྣམ་བཞི་ལས་འགྲོ་བ་ཞེས་ཏེ། འདོད་པའི་སྒོམ་སྤངས་གསུམ་པ་སྤངས་པ་གཅིག་དགོས་ཏེ། དེ་མ་སྤངས་ན་སྐྱེ་སྲིད་བཞི་ལེན་སྲིད་པས་སྐྱེ་བའི་ཁྱད་པར་མི་གྲུབ་པའི་ཕྱིར་རོ། །བཞི་པ་སྤངས་མ་སྤངས་ཅི་རིགས་སུ་ཡོད་ཅིང་། ལྔ་པ་སྔར་མ་སྤངས་ཤིང་ཚེ་དེ་ཉིད་ལ་ཡང་མི་སྤོང་བ་གཅིག་དགོས་ཏེ། ལྔ་པ་སྤོངས་ན་དྲུག་པ་ཡང་ཚེ་དེ་ཉིད་ལ་སྤོང་བས་ཕྱིར་འོང་དུ་འགྱུར་བའི་ཕྱིར་ཏེ། འདོད་ཉོན་དྲུག་པ་སྤངས་ན་དགེ་སྦྱོང་ཚུལ་གྱི་འབྲས་བུ་གསར་ཐོབ་ཡོད་པར་ཤེས་ནས་སྤྲོ་བས་འཇུག་པར་འགྱུར་བ་གང་ཞིག འདོད་པའི་ཉོན་མོངས་པའི་རྣམ་པ་གཅིག་གིས་ཚེ་དེ་ཉིད་ལ་ཕྱིར་འོང་གི་འབྲས་བུ་ཐོབ་པའི་གེགས་བྱེད་མི་ནུས་པའི་ཕྱིར་ཏེ། ཕྱིར་འོང་གི་འབྲས་བུ་ཐོབ་པ་ལ་ཁམས་ལས་འདའ་མི་དགོས་པའི་ཕྱིར། ཕྱིར་མི་འོང་གི་འབྲས་བུ་ལ་ནི་མི་མཚུངས་ཏེ། འདི་ལ་ཁམས་ལས་འདའ་དགོས་པས་འདོད་པའི་ཉོན་མོངས་པའི་རྣམ་པ་གཅིག་གིས་ཀྱང་ཚེ་དེ་ཉིད་ལ་ཕྱིར་མི་འོང་གི་འབྲས་བུ་ཐོབ་པའི་གེགས་བྱེད་ནུས་པའི་ཕྱིར་རོ། །གཉིས་པ་ནི་སྤང་བྱ་གང་དང་གང་སྤངས་པའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་གཅིག་དགོས་ཏེ། གཞན་དུ་ན་དབང་པོའི་ཁྱད་པར་མི་འགྲུབ་པའི་ཕྱིར་རོ། །རྩ་ཚིག་ཏུ་དབང་པོའི་ཁྱད་པར་མ་སྨོས་ཀྱང་། རྒྱུན་དུ་ཞུགས་པ་མཐོང་ལམ་གྱིས་ཕྱིས་ཉོན་མོངས་པ་སྤོང་བར་བྱེད་ན། དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་ནི་དོན་ལ་གྲུབ་པའི་ཕྱིར་རོ། །འདིར་མཁས་པའི་དབང་པོ་དག་ཟག་མེད་ཀྱི་དབང་པོ་མ་ཐོབ་ན་ཟག་བཅས་ཀྱི་སྤངས་པ་ཉམས་སྲིད་པས་སྐྱེ་བའི་ཁྱད་པར་མི་འགྲུབ་པའི་ཕྱིར་ཞེས་པ་ཤེས་བྱེད་དུ་བཀོད་པ་ནི་མཛོད་ཀྱི་འགྲེལ་པར་མི་སྣང་ཞིང་བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱང་མ་ཡིན་ཏེ། དེའི་ལུགས་ལ་ཟག་མེད་ཀྱི་དབང་པོ་ཐོབ་ཀྱང་སྤངས་པ་ཉམས་སྲིད་པས་སྐྱེ་བའི་ཁྱད་པར་མི་འགྲུབ་པར་ཐལ་བའི་ཕྱིར་རོ། །དེས་ན་མཐོང་ལམ་ཐོབ་རྗེས་སུ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལམ་གང་གིས་ཉོན་མོངས་པ་སྤངས་ཀྱང་ཟག་མེད་ཀྱི་དབང་པོ་ཐོབ་པ་འབྱུང་བ་ལ་དགོངས་སོ། །གོ་བོའི་གཤོག་པ་ལ་རྒོད་ཀྱི་གཤོག་རྩལ་ཡོད་དོ། །གསུམ་པ་ནི། རྣམ་གསུམ་རྣམ་བཞི་ལས་གྲོལ་བ། ཚེ་གཉིས་གསུམ་དུ་རིགས་ནས་རིགས་ཞེས་ཏེ། འདོད་ཉོན་གསུམ་པ་སྤངས། བཞི་པ་མ་སྤངས་པས་དེས་འདོད་ཁམས་སུ་རིས་མཐུན་གྱི་སྐྱེ་སྲིད་གསུམ་ལེན་པར་བྱེད་དེ། བཞི་པའི་དབང་གིས་གཅིག ལྔ་པ་དྲུག་པ་བདུན་པ་གསུམ་གྱི་དབང་གིས་གཅིག བརྒྱད་པ་དགུ་པ་གཉིས་ཀྱིས་གཅིག་ལེན་པར་བྱེད་པའི་ཕྱིར་རོ། །དང་པོ་གྲུབ་སྟེ། འདོད་ཉོན་བཞི་པ་སྤངས་ནས་ལྔ་པ་མ་སྤངས་པའི་བར་དུ་འཆི་འཕོ་བ་ཡོད་པའི་ཕྱིར། བར་པ་གསུམ་གྱིས་གཅིག་ལེན་པར་བྱེད་ཀྱི་རེ་རེ་ལེན་པ་ནི་མེད་དེ། ལྔ་པ་སྤངས་ན་དྲུག་པ་ཚེ་དེ་ཉིད་ལ་སྤོང་བས་ཕྱིར་འོང་དུ་འགྱུར་ཞིང་། ཕྱི་མ་འདོད་པར་སྐྱེ་བའི་ཕྱིར་འོང་ཡིན་ན། འདོད་ཉོན་བདུན་པ་སྔར་སྤངས་པའམ། ཕྱིས་སྤོང་བར་འགྱུར་བ་གང་རུང་ཡིན་དགོས་པའི་ཕྱིར་རོ། །ཐ་མ་གཉིས་ཀྱིས་འདོད་པའི་སྐྱེ་སྲིད་ཅིག་ལེན་པར་བྱེད་དེ། བདུན་པ་སྤངས་ནས་བརྒྱད་པ་མ་སྤངས་པའི་བར་དུ་འཆི་འཕོ་བ་ཡོད་པའི་ཕྱིར། འོ་ན་ཐ་མ་གཉིས་པོ་རེ་རེས་ཀྱང་སྐྱེ་སྲིད་རེ་རེ་ལེན་པར་འགྱུར་ཏེ། བརྒྱད་པ་སྤངས་ནས་དགུ་པ་མ་སྤངས་པའི་བར་དུ་འཆི་འཕོ་བ་ཡོད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེའི་ཚེ་ཕྱིར་འོང་གི་འབྲས་བུ་ཐོབ་པའི་ལུས་རྟེན་ལ་བརྒྱད་པ་ངེས་པར་སྤངས་པ་གཅིག་དགོས་པས་ལྔ་པ། དྲུག་པ། བདུན་པ། བརྒྱད་པ་བཞི་ཆར་གྱིས་སྐྱེ་བ་གཅིག་ལེན་པར་སོང་བའི་ཕྱིར་རོ། །འཁྲུལ་པ་མེད་དོ། །འདོད་ཉོན་བཞི་པ་སྤངས་པའི་རིགས་ནས་རིགས་སྐྱེ་དེས་འདོད་པར་སྐྱེ་བ་གཉིས་ལེན་ཏེ། ལྔ་པ། དྲུག་པ། བདུན་པ་རྣམས་ཀྱིས་སྐྱེ་བ་གཅིག ཐ་མ་གཉིས་ཀྱིས་སྐྱེ་བ་གཅིག་ལེན་པའམ་ཡང་ན་བརྒྱད་པ་ཡན་ཆད་ཀྱིས་སྐྱེ་བ་གཅིག་བླངས་ནས་དགུ་པས་སྐྱེ་བ་གཅིག་ལེན་པའི་ཕྱིར་རོ། །གསུམ་པ་མཚན་ཉིད་ལ་ཁ་ཅིག རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་གང་ཞིག འདོད་པར་རིས་མཐུན་གྱིས་སྐྱེ་སྲིད་གཉིས་སམ་གསུམ་བླངས་ནས་མྱང་འདས་མངོན་དུ་བྱེད་པ་ཞེ་ན། སྲིད་པ་ལན་བདུན་པའི་རྟོག་པ་སྔོན་དུ་སོང་ཞིང་འདོད་པར་རིས་མཐུན་གྱིས་སྐྱེ་སྲིད་གཉིས་སམ་གསུམ་ལེན་པར་ངེས་པའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཁ་ཅིག་དེ་བཅད་པའི་ཆེད་དུ་མཐོང་ལམ་ཐོབ་པའི་ལུས་རྟེན་དང་བཅས་པའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་གང་ཞིག དེ་ལྟར་བྱེད་པ་ཞེ་ན། རིགས་ནས་རིགས་སྐྱེར་འགྱུར་ངེས་ཀྱི་འདོད་ཉོན་གསུམ་པ་སྤང་བའི་སྦྱོར་བ་ལ་གནས་བཞིན་པའི་རྒྱུན་ཞུགས་འབྲས་གནས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་མི་ནུས་ཏེ། འདོད་ཉོན་གསུམ་པ་མ་སྤངས་པའི་ཕྱིར། ཡང་ཁ་ཅིག་འདོད་ཉོན་གསུམ་པ་སྤངས་ཤིང་ཞེས་བསྣོན་ཀྱང་། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་གསུམ་པ་སྤངས་ཤིང་རིགས་ནས་རིགས་སྐྱེར་འགྱུར་ངེས་ཀྱི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རང་ལུགས་ནི་འདོད་ཉོན་གསུམ་པ་སྤངས་པའི་གཉེན་པོ་ཟག་མེད་ཀྱི་དབང་པོ་དང་། བཞི་པ་སྤངས་པའི་གཉེན་པོ་ཟག་མེད་ཀྱི་དབང་པོ་གང་རུང་ཐོབ་པའི་མཐོང་ལམ་ཐོབ་པའི་ལུས་རྟེན་དང་བཅས་པའི་རྒྱུན་ཞུགས་འབྲས་གནས་གང་ཞིག འདོད་པར་རིས་མཐུན་གྱི་སྐྱེ་སྲིད་གཉིས་སམ་གསུམ་བླངས་ནས་མྱང་འདས་མངོན་དུ་བྱེད་པའོ། །དབྱེ་ན་ལྷའི་རིས་ནས་རིགས་སྐྱེ་དང་། མིའི་རིགས་ནས་རིགས་སྐྱེ་གཉིས། དང་པོའི་མཚན་ཉིད། ལྷའི་རྟེན་ལ་མཐོང་ལམ་ཐོབ་པའི་རིགས་ནས་རིགས་སྐྱེ་གང་ཞིག ལྷའི་རྟེན་ལ་སྐྱེ་སྲིད་གཉིས་སམ་གསུམ་བླངས་ནས་མྱང་འདས་མངོན་དུ་བྱེད་པར་ངེས་པའོ། །གཉིས་པའི་མཚན་ཉིད། མིའི་རྟེན་ལ་མཐོང་ལམ་ཐོབ་པའི་རྒྱུན་ཞུགས་རིགས་ནས་རིགས་སྐྱེ་གང་ཞིག མིའི་རྟེན་ལ་སྐྱེ་སྲིད་གཉིས་སམ་གསུམ་བླངས་ནས་མྱང་འདས་མངོན་དུ་བྱེད་པར་ངེས་པའོ། །གཉིས་པ་འགྲེལ་བཤད་ལས་ཇི་ལྟར་བཤད་པའི་ཚུལ་ནི། རྣམ་གཅིག་རྣམ་གཉིས་ལས་གྲོལ་བ། །ཚེ་བཞི་ཚེ་ལྔ་རིགས་ནས་རིགས། །ཞེས་པའང་ཐོབ་པས་འདོད་ཉོན་གཅིག་སྤངས་ནས་འདོད་པར་རིགས་མཐུན་གྱི་སྐྱེ་སྲིད་བཞི་བླངས་ནས་མྱང་འདས་མངོན་དུ་བྱེད་པའི་རིགས་ནས་རིགས་སྐྱེ་དང་། འདོད་ཉོན་གཉིས་པ་སྤངས་ནས་འདོད་པར་རིས་མཐུན་གྱི་སྐྱེ་སྲིད་བཞི་བླངས་ནས་མྱང་འདས་མངོན་དུ་བྱེད་པའི་རིགས་ནས་རིགས་སྐྱེ་གཉིས་ཡོད་དེ། དེ་ལས་གཞན་དུ་ན་འདོད་ཉོན་གསུམ་པ་ནས་དགུ་པ་སྤངས་པའི་བར་ལ་རྣམ་པར་གཞག་པ་མཛད་ན་འདོད་ཉོན་དང་པོ་དང་གཉིས་པ་སྤངས་པ་ལ་ཅིའི་ཕྱིར་རྣམ་པར་གཞག་པ་མི་མཛད་དེ་མཛད་དགོས་པའི་ཕྱིར་གསུངས་སོ། །དེའི་དོན་ནི། འདོད་ཉོན་གསུམ་པ་དང་བཞི་པ་སྤངས་པ་ལ་རིགས་ནས་རིགས་སྐྱེ་དང་། ལྔ་པ་སྤངས་པ་ལ་ལོགས་སུ་རྣམ་བཞག་མ་མཛད་ཀྱང་དེ་སྤངས་ན་དྲུག་པ་ཡང་ཚེ་དེ་ཉིད་ལ་སྤངས་པས་ཕྱིར་འོང་དུ་འགྱུར་བས་དེའི་རྣམ་གཞག་མཛད་པ་དང་། བདུན་པ་དང་བརྒྱད་པ་སྤངས་པ་ལ་ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པ་དང་། དགུ་པ་སྤངས་པ་ལ་ཕྱིར་མི་འོང་གི་རྣམ་གཞག་མཛད་ན༷་ཞེས་པའི་དོན་ཏོ། །གཉིས་པ་ལ་རིམ་གྱིས་པའི་ཕྱིར་འོང་གི་སྐོར་ལ་ཞུགས་པ་དང་། འབྲས་གནས་གཉིས། དང་པོ་ལ་བཞི་ལས། དང་པོ་སྤངས་པའི་ཁྱད་པར་ནི་མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་ཤིང་འདོད་པའི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་དང་པོ་ནས་ལྔ་པའི་བར་སྤངས་མ་སྤངས་ཅི་རིགས་སུ་ཡོད་ཅིང་དྲུག་པ་མ་སྤངས་པ་གཅིག་དགོས་སོ། །གཉིས་པ་རྟོགས་པའི་ཁྱད་པར་ནི། བཅུ་དྲུག་པའི་རྟོགས་པ་ཐོབ་ཅིང་འདོད་པའི་སྒོམ་སྤངས་ཉོན་མོངས་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་མ་ཐོབ་པ་གཅིག་དགོས་སོ། །གསུམ་པ་མཚན་ཉིད་ལ་ཁ་ཅིག རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་གང་ཞིག འདོད་ཉོན་དྲུག་པ་མ་སྤངས་པ་ཞེ་ན། འདོད་ཉོན་ལྔ་པ་སྤངས་ཤིང་། འདོད་ཉོན་དྲུག་པ་མ་སྤངས་པའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། ཡང་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་གང་ཞིག འདོད་པའི་སྒོམ་སྤངས་སུ་གྱུར་པའི་ཉོན་མོངས་དྲུག་པ་མ་སྤངས་པ་ཞེ་ན། དེ་དེའི་མཚན་ཉིད་དུ་འཇོག་པ་མི་འཐད་དེ། རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་དང་། རིམ་གྱིས་པའི་ཕྱིར་འོང་ཞུགས་པ་གཉིས་ཡིན་ཁྱབ་མཉམ་ཡིན་པས་གཅིག་གིས་མཚན་ཉིད་ཀྱི་ཟུར་དུ་ཅིག་ཤོས་བཞག་པ་ལ་དགོས་པ་མེད་པའི་ཕྱིར་རོ། །ཡང་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་གང་ཞིག འདོད་པའི་སྒོམ་སྤངས་ཉོན་མོངས་སྤངས་པའི་སྦྱོར་བ་རང་རྒྱུད་ལ་ཐོབ་པ་ཞེ་ན། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་ལྔ་པ་སྤངས་པའི་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཙམ་པོ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། རང་ལུགས་ནི་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་གང་ཞིག མཐོང་ལམ་ཐོབ་རྗེས་སུ་འདོད་པའི་སྒོམ་སྤངས་ཉོན་མོངས་སྤངས་པའི་སྦྱོར་བ་རང་རྒྱུད་ལ་ཐོབ་པའོ། །བཞི་པ་དབྱེ་བ་ལ་སྤངས་པའི་སྒོ་ནས་དབྱེ་བ་སོགས་གསུམ་སྟེ། སྔ་མ་ལ་དཔགས་ཏེ་ཤེས་པར་བྱའོ། །གཉིས་པ་རིམ་གྱིས་པའི་ཕྱིར་འོང་འབྲས་གནས་ལ་སྔར་ལྟར་བཞི་ལས། དང་པོ་སྤངས་པའི་ཁྱད་པར་ནི། འདོད་པའི་སྒོམ་སྤངས་དྲུག་པ་སྤངས་ཤིང་། བདུན་པ་དང་། བརྒྱད་པ་སྤངས་མ་སྤངས་ཅི་རིགས། དགུ་པ་མ་སྤངས་པའོ། །གཉིས་པ་རྟོགས་པའི་ཁྱད་པར་ནི། འདོད་ཉོན་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ཐོབ་ཅིང་། དགུ་པ་སྤངས་པའི་རྣམ་གྲོལ་ལམ་མ་ཐོབ་པའོ། །གསུམ་པ་མཚན་ཉིད་ནི། མཐོང་ལམ་ཐོབ་རྗེས་སུ་འདོད་ཉོན་དྲུག་པ་སྤངས་པའི་ཉན་ཐོས་འབྲས་གནས་གང་ཞིག འདོད་ཉོན་དགུ་པ་དང་བསམ་གཏན་དང་པོའི་ཉོན་མོངས་དང་པོ་སྤང་དགོས་པ་དེ་རིམ་གྱིས་པའི་ཕྱིར་འོང་འབྲས་གནས་ཀྱི་མཚན་ཉིད་དུ་བཞག་པ་ལ། ཁ་ཅིག་ན་རེ། ཕྱིར་མི་འོང་གི་འབྲས་བུ་ལས་ཉམས་པར་ངེས་པའི་རིམ་གྱིས་པའི་ཕྱིར་མི་འོང་འབྲས་གནས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། གཞན་རྣམས་བསྒྲུབ་སླ་ལ། འདོད་ཉོན་དགུ་པ་སྤོང་དགོས་པར་ཐལ། འདོད་ཉོན་དགུ་པ་སྤངས་པའི་སྤངས་པ་ལས་ཉམས་པར་ངེས་པ་གང་ཞིག སྤངས་པ་དེ་སླར་ཡང་སོར་ཆུད་དགོས་པའི་ཕྱིར་ཟེར་རོ། །དེ་ནི་མི་འཐད་དེ། དེ་ཆོས་ཅན། འདོད་ཉོན་དགུ་པ་མ་སྤངས་པར་ཐལ། དེ་སྤང་དགོས་པའི་ཕྱིར། བཞི་པ་དབྱེ་བ་ལ་བདུན་ལས། དང་པོ་སྤངས་པའི་སྒོ་ནས་དབྱེ་ན། འདོད་ཉོན་དྲུག་པ་སྤངས་པ། བདུན་པ་སྤངས་པ། བརྒྱད་པ་སྤངས་པ་དང་གསུམ་མོ། །གཉིས་པ་རྟོགས་པའི་སྒོ་ནས་དབྱེ་ན། འདོད་ཉོན་དྲུག་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པ་དང་། དེའི་རྗེས་ཐོབ་ལ་གནས་པ་གཉིས། བདུན་པ་དང་བརྒྱད་པ་གཉིས་ལ་སྦྱོར་བའི་ལམ་ལ་གནས་པ་སོགས་བཞི་བཞི། དགུ་པ་སྤོང་བའི་སྦྱོར་བའི་ལམ་དང་། བར་ཆད་མེད་ལམ་ལ་གནས་པ་གཉིས་ཏེ་བཅུ་གཉིས་སོ། །གསུམ་པ་དབང་པོའི་སྒོ་ནས་དབྱེ་བ་དང་། བཞི་པ་རིགས་ཀྱི་སྒོ་ནས་དབྱེ་བ་དང་། ལྔ་པ་ལམ་ལ་བརྩོན་མི་བརྩོན་གྱི་སྒོ་ནས་དབྱེ་བ་དང་། དྲུག་པ་རྟེན་གྱི་སྒོ་ནས་དབྱེ་བ་ནི་རྒྱུན་ཞུགས་ཀྱི་སྐབས་སུ་ཤེས་པར་བྱའོ། །བདུན་པ་སྐྱེ་བ་ལེན་ཚུལ་གྱི་སྒོ་ནས་དབྱེ་བ་ལ་སྤྱིར་བསྟན་པ་དང་། སྐབས་སུ་བབ་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ཁམས་གསུམ་གང་དུ་ཡང་སྐྱེ་བ་མི་ལེན་པར་ཚེ་དེ་ཉིད་ལ་མྱང་འདས་མངོན་དུ་བྱེད་པ་དང་། ཕྱི་མ་ཁམས་གོང་དུ་སྐྱེས་ནས་ཁམས་གོང་མའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་དང་། ཕྱི་མ་འདོད་པར་སྐྱེས་ནས་འདོད་པའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་དང་གསུམ་ལས། དང་པོ་ལ་མཐོང་ཆོས་ཞིའི་རིགས་ཅན། གཉིས་པ་ནི་གཟུགས་སུ་ཉེར་འགྲོ་དང་། གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་གི་རིགས་ཅན་ནོ། །གསུམ་པ་ལ་ཚེ་གཅིག་བར་ཆད་གཅིག་པར་འཇོག་གོ །གཉིས་པ་ནི་ཚེ་གཅིག་བར་ཆད་གཅིག་པ་སྟེ། མཛོད་ལས། ཉེས་ཆ་བདུན་ནམ་བརྒྱད་ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང་། །ཞེས་གསུངས་ཏེ། འདི་ལ་སྤངས་པའི་ཁྱད་པར་འདོད་ཉོན་བདུན་པ་སྤངས་ཤིང་། བརྒྱད་པ་ཅི་རིགས། དགུ་པ་ངེས་པར་མ་སྤངས་པའོ། །རྟོག་པའི་ཁྱད་པར་ནི་འདོད་ཉོན་བདུན་པ་སྤངས་པའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པའོ། །དེས་ན་མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་བདུན་པ་དང་བརྒྱད་སྤངས་པའི་ཕྱིར་འོང་འབྲས་གནས་ཀྱང་གཉེན་པོ་ཟག་མེད་ཀྱི་དབང་པོ་མ་ཐོབ་ཀྱི་བར་དུ་ཚེ་གཅིག་བར་ཆད་གཅིག་པ་ནི་མ་ཡིན་ནོ། །མཚན་ཉིད་ལ་ཁ་ཅིག་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་གང་ཞིག འདོད་པར་རིགས་མཐུན་གྱི་སྐྱེ་སྲིད་གཅིག་བླངས་ནས་མྱང་འདས་མངོན་དུ་བྱེད་པ་ཟེར་ན། སྲིད་པ་ལན་བདུན་པའི་རྟོགས་པ་སྔོན་དུ་སོང་བའི་རིས་མཐུན་གྱིས་སྐྱེ་སྲིད་གཅིག་ལེན་པའི་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་གྱིས་མ་ངེས་སོ། ཁ་ཅིག་དེ་བཅད་པའི་ཕྱིར་དུ་སྔར་གྱི་མཚན་ཉིད་ཀྱི་སྟེང་དུ་མཐོང་ལམ་ཐོབ་པའི་ལུས་རྟེན་མ་དོར་བ་ཞེས་བསྣོན་ན། ཚེ་གཅིག་བར་ཆད་གཅིག་པར་འགྱུར་ངེས་ཀྱི་འདོད་ཉོན་བདུན་པ་སྤོང་བའི་སྦྱོར་བ་ལ་གནས་བཞིན་པའི་ཕྱིར་འོང་གིས་མ་ངེས་སོ། །རང་ལུགས་ནི་འདོད་ཉོན་བདུན་པ་སྤངས་པའི་གཉེན་པོ་ཟག་མེད་ཀྱི་དབང་པོ་དང་། བརྒྱད་པ་སྤངས་པའི་གཉེན་པོ་ཟག་མེད་ཀྱི་དབང་པོ་གང་རུང་ཐོབ་ཅིང་མཐོང་ལམ་ཐོབ་པའི་ལུས་རྟེན་དང་བཅས་པའི་ཕྱིར་འོང་འབྲས་གནས་གང་ཞིག འདོད་པར་རིས་མཐུན་གྱི་སྐྱེ་སྲིད་གཅིག་བླངས་ནས་མྱང་འདས་མངོན་དུ་བྱེད་པའོ། །སྐྱེ་བ་ལེན་ཚུལ་ལ་ཉན་ས་ལས། ལྷའི་སྲིད་པ་གཅིག་དང་། མིའི་སྲིད་པ་གཅིག་མངོན་དུ་གྲུབ་པའི་ཚེ་གཅིག་བར་ཆད་གཅིག་པར་བཞག་གོ །ཞེས་རིགས་མི་མཐུན་གྱི་སྐྱེ་སྲིད་གཉིས་ལེན་པར་ངེས་ཀྱང་། རིས་མཐུན་གྱི་སྐྱེ་སྲིད་གཅིག་ལས་མི་ལེན་པས་ཚེ་གཅིག་བར་ཆད་གཅིག་པའི་སྒྲ་དོན་ཡང་མི་འདོར་རོ། །ཡང་ཀུན་བཏུས་ལས་ལྷའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པར་བཤད་པས་དེ་ལྟར་ན་ལྷའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་དགོས་ཏེ། མིའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་དེས་འདོད་པའི་ལྷའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་མེད་པའི་ཕྱིར་རོ། །གསུམ་པ་རིམ་གྱིས་པའི་ཕྱིར་མི་འོང་གི་སྐོར་ལ་ཞུགས་པ་དང་འབྲས་གནས་གཉིས། དང་པོ་ལ་བཞི་ལས། དང་པོ་སྤངས་པའི་ཁྱད་པར་ནི་འདོད་ཉོན་དྲུག་པ་སྤངས་ཤིང་། དགུ་པ་མ་སྤངས་པའོ། །གཉིས་པ་རྟོགས་པའི་ཁྱད་པར་ནི། འདོད་ཉོན་བདུན་པ་སྤངས་པའི་སྦྱོར་བ་ཐོབ་ཅིང་། དགུ་པ་སྤངས་པའི་རྣམ་གྲོལ་ལམ་མ་ཐོབ་པའོ། །གསུམ་པ་མཚན་ཉིད་ལ་ཁ་ཅིག འདིའི་མཚན་ཉིད་ཀྱི་ཟུར་དུ་རིམ་གྱིས་པའི་ཕྱིར་འོང་ཞེས་པ་ནི་མི་འཐད་དེ། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་དེ་ཡང་རིམ་གྱིས་པའི་ཕྱིར་མི་འོང་ཞུགས་པ་ཡིན་པའི་ཕྱིར། ཁ་ཅིག ཕྱིར་འོང་འབྲས་གནས་གང་ཞིག འདོད་ཉོན་དྲུག་པ་སྤངས་རྗེས་སུ་ཕྱིར་མི་འོང་གི་འབྲས་བུ་ཐོབ་དོན་དུ་ལམ་ལ་བརྩོན་པར་བྱས་པ་ཞེ་ན། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་འབྲས་གནས་ཙམ་པོས་མ་ངེས་སོ། །རང་ལུགས་ནི་ཕྱིར་འོང་འབྲས་གནས་གང་ཞིག ཕྱིར་འོང་གི་འབྲས་བུ་ཐོབ་རྗེས་སུ་ཕྱིར་མི་འོང་གི་འབྲས་བུ་ཐོབ་པའི་དོན་དུ་ལམ་ལ་བརྩོན་པར་བྱས་པའོ། །བཞི་པ་དབྱེ་བ་ལ་སྤངས་པའི་སྒོ་ནས་གསུམ། རྟོགས་པའི་སྒོ་ནས་བཅུ། དབང་པོའི་སྒོ་ནས་དད་མོས་མཐོང་ཐོབ་གཉིས་ཏེ། སྔ་མ་ལ་དཔགས་ཏེ་ཤེས་པར་བྱའོ། །གཉིས་པ་རིམ་གྱིས་པའི་ཕྱིར་མི་འོང་འབྲས་གནས་ལ་བཞི་ལས། དང་པོ་སྤངས་པའི་ཁྱད་པར་ནི། འདོད་ཉོན་དགུ་པ་སྤངས་ཤིང་སྲིད་ཉོན་དགུ་པ་མ་སྤངས་པའོ། །གཉིས་པ་རྟོགས་པའི་ཁྱད་པར་ནི་འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ཐོབ་ཅིང་སྲིད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་མ་ཐོབ་པའོ། །གསུམ་པ་མཚན་ཉིད་ནི། མཐོང་ལམ་ཐོབ་རྗེས་སུ་འདོད་ཉོན་དགུ་པ་སྤངས་པའི་ཉན་ཐོས་སློབ་པ་འབྲས་གནས་སོ། །བཞི་པ་དབྱེ་བ་ལ། སྔར་ལྟར་དབྱེ་སྒོ་བདུན་ལས། དང་པོ་སྤངས་པའི་སྒོ་ནས་དབྱེ་ན། འདོད་ཉོན་དགུ་པ་སྤངས་པ་དང་། བསམ་གཏན་དང་པོ་ནས་ཅི་ཡང་མེད་ཀྱི་བར་གྱིས་བདུན་པོ་རེ་རེ་ལའང་དགུ་དགུ། སྲིད་ཉོན་དང་པོ་ནས་བརྒྱད་པའི་བར་སྤངས་པ་སྟེ། ཀུན་བསྡོམས་པས་བདུན་ཅུ་དོན་གཉིས་ཡོད་དོ། །གཉིས་པ་རྟོགས་པའི་སྒོ་ནས་དབྱེ་ན་འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པ་དང་། དེའི་རྗེས་ཐོབ་ལ་གནས་པ་གཉིས་དང་། བསམ་གཏན་དང་པོའི་ཉོན་མོངས་དང་པོ་ནས་སྲིད་ཉོན་བརྒྱད་པའི་བར་རེ་རེ་ལ་ཡང་། སྦྱོར་བའི་ལམ། བར་ཆད་མེད་པའི་ལམ། རྣམ་པར་གྲོལ་བའི་ལམ། དེའི་རྗེས་ཐོབ་ལ་གནས་པ་དང་བཞི་བཞི་སྟེ་ཉིས་བརྒྱ་དང་གྱ་བཞི། སྲིད་ཉོན་དགུ་པ་སྤོང་བའི་སྦྱོར་བའི་ལམ་ལ་གནས་པ་དང་། བར་ཆད་མེད་པའི་ལམ་ལ་གནས་པ་གཉིས་ཏེ་ཀུན་བསྡོམས་པས་ཉིས་བརྒྱ་བརྒྱད་ཅུ་གྱ་བརྒྱད་ཡོད་དོ། །གསུམ་པ་དབང་པོའི་སྒོ་ནས་དབྱེ་བ་དང་། བཞི་པ་རིགས་ཀྱི་སྒོ་ནས་དབྱེ་བ་དང་། ལྔ་པ་ལམ་ལ་བརྩོན་མི་བརྩོན་གྱི་སྒོ་ནས་དབྱེ་བ་ནི་སྔར་ལྟར་རོ། །དྲུག་པ་རྟེན་གྱི་སྒོ་ནས་དབྱེ་ན་འདོད་པའི་རྟེན་ཅན་དགུ། གཟུགས་ཀྱི་བར་སྲིད་ཀྱི་རྟེན་ཅན་བཅུ་བདུན། སྐྱེ་སྲིད་ཀྱི་རྟེན་ཅན་བཅུ་བདུན། གཟུགས་མེད་ཀྱི་རྟེན་ཅན་བཞི་སྟེ་ཞེ་བདུན་ནོ། །གལ་ཏེ་གཟུགས་མེད་ལ་བར་སྲིད་མེད་པས་དེའི་རྟེན་ཅན་མེད་ན་ཡང་འདོད་པའི་བར་སྲིད་ཀྱི་རྟེན་ཅན་གྱི་ཕྱིར་མི་འོང་ཅི་ཕྱིར་མེད་ཅེ་ན། དེའི་རྒྱུ་མཚན་ནི་ཕྱིར་མི་འོང་གི་འབྲས་བུ་ཐོབ་པའི་གང་ཟག་གི་འདོད་པའི་བར་སྲིད་འགྲུབ་བར་མི་བྱེད་ཅིང་། འདོད་པའི་བར་སྲིད་ཀྱི་རྟེན་ལ་ཕྱིར་མི་འོང་གི་འབྲས་བུ་གསར་དུ་ཐོབ་པ་ཡང་མེད་པའི་ཕྱིར་ཏེ། འདོད་པའི་བར་སྲིད་ཀྱི་རྟེན་ལ་ཕྱིར་མི་འོང་གི་འབྲས་བུ་གསར་དུ་ཐོབ་པ་དེ་ཡིན་ན། བར་སྲིད་དེ་སྲིད་དུ་དགྲ་བཅོམ་གྱི་འབྲས་བུ་མངོན་དུ་བྱེད་དགོས་པ་གང་ཞིག འདོད་པའི་བར་སྲིད་ལ་དགྲ་བཅོམ་གྱི་འབྲས་བུ་མངོན་དུ་བྱེད་པ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། ཕྱིར་མི་འོང་གི་འདོད་པའི་སྐྱེ་སྲིད་ལེན་པ་མེད་པའི་ཕྱིར། ཕྱི་མ་གྲུབ་སྟེ། འདོད་པའི་བར་སྲིད་ཀྱི་རྟེན་ལ་དགྲ་བཅོམ་གྱི་འབྲས་བུ་མངོན་དུ་བྱེད་པ་ལ་ཁམས་གསུམ་ཆར་ལས་འདའ་བ་དང་། ཉོན་མོངས་པ་མི་དགེ་བ་དང་ལུང་མ་བསྟན་གཉིས་སྤོང་བ་དང་། དགེ་སྦྱོང་ཚུལ་གྱིས་འབྲས་བུ་གཉིས་སམ་གསུམ་ཐོབ་པར་བྱེད་པ་སྟེ་དེ་ལྟ་བུའི་བྱ་བ་མང་པོ་ཞིག་བྱེད་དགོས་ལ་དེ་ནི་བར་སྲིད་གང་གི་རྟེན་ལའང་འགྲུབ་པ་མི་སྲིད་པའི་ཕྱིར་རོ། །དེ་དག་གི་དོན་ཡང་འདོད་པའི་བར་སྲིད་ཀྱི་རྟེན་ཅན་གྱི་འཕགས་པ་དེ་ཡིན་ན། རྒྱུན་ཞུགས་དང་ཕྱིར་འོང་གང་རུང་ཡིན་དགོས་ཤིང་འཇིག་མཐར་གཉིས་ལུང་མ་བསྟན་ཡིན་ཞིང་དེ་ལས་གཞན་པའི་འདོད་པའི་སས་བསྡུས་ཀྱི་ཉོན་མོངས་རྣམས་མི་དགེ་བ་ཡིན་པས་དེ་དག་སྤོང་དགོས་པ་དང་། རྒྱུན་ཞུགས་ཀྱིས་དགེ་སྦྱོང་ཚུལ་གྱི་འབྲས་བུ་གསུམ་དང་ཕྱིར་འོང་གིས་གཉིས་ཐོབ་པར་བྱེད་དགོས་པའི་དོན་ཏོ། །གཟུགས་ཀྱི་བར་སྲིད་ཀྱི་རྟེན་ཅན་གྱི་ཕྱིར་མི་འོང་ཡོད་པ་ནི་འདོད་པའི་རྟེན་ལ་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་གཟུགས་ཀྱི་ཁམས་སུ་སྐྱེ་བ་ལེན་པ་ཡོད་པ་ཡིན་གྱི་གཟུགས་ཀྱི་བར་སྲིད་ཀྱི་རྟེན་ལ་ཕྱིར་མི་འོང་གི་འབྲས་བུ་གསར་དུ་ཐོབ་པ་ནི་མེད་དེ། འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་གང་ཟག་གཟུགས་སུ་སྐྱེ་བ་ལེན་པ་མེད་པའི་ཕྱིར་རོ། །གཟུགས་ཀྱི་བར་སྲིད་ཀྱི་རྟེན་ལ་དགྲ་བཅོམ་གྱི་འབྲས་བུ་ཐོབ་པ་ནི་ཡོད་དེ། དེའི་རྟེན་ཅན་གྱི་འཕགས་པ་དེ་ཡིན་ན། ཁམས་གསུམ་ཆར་ལས་འདའ་མི་དགོས་པའི་ཕྱིར་དང་། ཉོན་མོངས་པ་མི་དགེ་བ་སྤངས་མི་དགོས་པའི་ཕྱིར་དང་། དགེ་སྦྱོང་ཚུལ་གྱི་འབྲས་བུ་གཅིག་ལས་ཐོབ་པར་བྱར་མེད་པའི་ཕྱིར་རོ། །བདུན་པ་སྐྱེ་བ་ལེན་ཚུལ་གྱི་སྒོ་ནས་དབྱེ་བ་ལ་གསུམ་སྟེ། དབྱེ་བ་སྤྱིར་བསྟན་པ་དང་། སྐབས་སུ་བབ་པ་བྱེ་བྲག་ཏུ་བཤད་པ་དང་། དཀའ་བའི་གནས་ལ་དོགས་པ་བཅད་པའོ། །དང་པོ་ནི། སྤྱིར་ཕྱིར་མི་འོང་འབྲས་གནས་ལ་ཡོན་ཏན་གྱི་སྒོ་ནས་དབྱེ་ན་འགོག་སྙོམས་ཐོབ་པ་དང་། མ་ཐོབ་པ་གཉིས། དང་པོ་ནི་ལུས་མངོན་བྱེད་དེ། འདི་ལ་མཐོང་ལམ་ཐོབ་པའི་ལུས་རྟེན་དོར་མ་དོར་གཉིས་ཡོད་དོ། །འགོག་སྙོམས་མ་ཐོབ་པ་ལ་མཐོང་ལམ་ཐོབ་པའི་ལུས་རྟེན་དོར་བ་དང་། མ་དོར་བ་གཉིས་ལས། དང་པོ་ནི། ཚེ་ཡོངས་གྱུར་གྱི་འཕགས་པར་བཞེད་དོ། །གཉིས་པ་ལ་ཁམས་གསུམ་གང་དུ་ཡང་སྐྱེ་བ་མི་ལེན་པར་ཚེ་དེ་ཉིད་ལ་མྱང་འདས་མངོན་དུ་བྱེད་པ་དང་། ཕྱི་མ་གཟུགས་སུ་སྐྱེ་བ་ལེན་པ་དང་། གཟུགས་སུ་སྐྱེ་བ་མི་ལེན་པར་གཟུགས་མེད་དུ་སྐྱེ་བ་ལེན་པ་དང་གསུམ་ལས། དང་པོ་ནི་མཐོང་ཆོས་ཞི། གཉིས་པ་ནི་གཟུགས་སུ་ཉེར་འགྲོ། གསུམ་པ་ནི་གཟུགས་མེད་ཉེར་འགྲོའོ། །གཟུགས་སུ་ཉེར་འགྲོ་ལ་ཡང་། གཟུགས་སུ་བར་སྲིད་ཁོ་ན་ལེན་པ་དང་། སྐྱེ་སྲིད་ལེན་པ་གཉིས་ལས། དང་པོ་ནི་བར་འདའ་བའོ། །ཕྱི་མ་ལ་སྐྱེ་སྲིད་གཅིག་ཁོ་ན་ལེན་པ་དང་། གཉིས་པ་ཕན་ཆད་ལེན་པ་གཉིས་ལས། དང་པོ་ནི་སྐྱེས་འདའ་བའོ། །གཉིས་པ་ནི་གོང་འཕོ་ཡིན་ལ། དེ་ལ་ཡང་གཟུགས་སུ་སྐྱེ་སྲིད་གཉིས་ཕན་ཆད་བླངས་ནས་གཟུགས་སུ་མྱང་འདས་མངོན་དུ་བྱེད་པ་དང་། དེ་ལྟར་བླངས་ནས་གཟུགས་མེད་དུ་མྱང་འདས་མངོན་དུ་བྱེད་པ་གཉིས་ལས། དང་པོ་ནི། འོག་མིན་མཐར་ཐུག་འགྲོ་དང་། ཕྱི་མ་ནི་སྲིད་རྩེའི་མཐར་ཐུག་འགྲོའོ། །དང་པོ་ལའང་གཟུགས་སུ་སྐྱེ་སྲིད་གཉིས་ཁོ་ན་ལེན་པ་དང་། གསུམ་ཁོ་ན་ལེན་པ་དང་། བཅུ་བདུན་བླངས་ནས་གཟུགས་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་གསུམ་ལ་རིམ་པ་བཞིན་དུ་འཕར་བ་དང་། ཕྱེད་དུ་འཕར་བ་དང་། གནས་ཐམས་ཅད་དུ་འཆི་འཕོ་བ་དང་གསུམ་དུ་འཇོག་གོ །གཟུགས་མེད་ཉེར་འགྲོ་ལ་ཡང་གཟུགས་མེད་དུ་སྐྱེ་སྲིད་གཅིག་ཁོ་ན་ལེན་པ་དང་། གཉིས་པ་ཕན་ཆད་ལེན་པ་གཉིས་ལས། དང་པོ་ནི། གཟུགས་མེད་ཉེར་འགྲོའི་སྐྱེས་འདའ་བ་དང་། ཕྱི་མ་ནི་གཟུགས་མེད་ཉེར་འགྲོའི་གོང་འཕོར་འཇོག་གོ །གཉིས་པ་སྐབས་སུ་བབ་པ་བྱེ་བྲག་ཏུ་བཤད་པ་ལ་ལྔ་སྟེ། གཟུགས་སུ་ཉེར་འགྲོ། གཟུགས་མེད་ཉེར་འགྲོ། མཐོང་ཆོས་ཞི། ཚེ་ཡོངས་གྱུར་གྱི་འཕགས་པ། ལུས་མངོན་བྱེད་བཤད་པའོ། །དང་པོ་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། མཐོང་ལམ་ཐོབ་པའི་ལུས་རྟེན་དང་བཅས་པའི་ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་གང་ཞིག གཟུགས་སུ་སྐྱེ་བ་བླངས་ནས་མྱང་འདས་མངོན་དུ་བྱེད་པའོ། །དབྱེ་བ་ལ་གཉིས་ཏེ། དབྱེ་བ་དངོས་དང་། མདོ་ལས་འབྱུང་བའི་རྣམ་པའི་རབ་དབྱེ་བཤད་པའོ། །དང་པོ་ལ། བར་འདའ་བ་དང་། སྐྱེས་འདའ་བ་དང་། གོང་འཕོ་གསུམ་ལས། དང་པོ་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གང་ཞིག གཟུགས་སུ་བར་སྲིད་གཅིག་ཁོ་ན་བླངས་ནས་བར་སྲིད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །གཉིས་པ་དབྱེ་བ་ལ། མྱུར་བར་འདའ་བ་དང་། མྱུར་བར་མ་ཡིན་པར་འདའ་བ་དང་། དུས་རིང་མོ་ཞིག་ནས་འདའ་བ་དང་གསུམ་ལས། དང་པོ་ནི། བར་སྲིད་གྲུབ་མ་ཐག་མྱ་ངན་ལས་འདའ་བ་སྟེ། དཔེར་ན་སོག་མའི་མེ་སྟག་གནམ་ལ་ཡར་མ་ཁད་ཡལ་བ་ལྟ་བུའོ། །གཉིས་པ་ནི་བར་སྲིད་གྲུབ་ནས་སྐྱེ་སྲིད་དུ་འགྲོ་འདོད་མ་སྐྱེས་ཙམ་དུ་མྱ་ངན་ལས་འདའ་བ་སྟེ། དཔེར་ན་ཞོགས་མའི་མེ་སྟག་གནམ་ལ་ཡར་ནས་ཐུར་དུ་ལྡོག་ལ་ཁད་དུ་ཡལ་བ་ལྟ་བུའོ། །གསུམ་པ་ནི་སྐྱེ་སྲིད་དུ་འཇུག་པར་བརྩམས་ནས་སྐྱེ་སྲིད་མ་ཐོབ་ཙམ་ནས་མྱ་ངན་ལས་འདའ་བ་སྟེ་དཔེར་ན་ལྕགས་ཀྱི་ཚྭ་ཚྭ་ཐུར་དུ་བཟློག་ནས། ས་ལ་མ་ལྷུང་ཙམ་དུ་ཡལ་བ་ལྟ་བུའོ། །ཡང་གང་དུ་མྱང་འདས་མངོན་དུ་བྱེད་པའི་རྟེན་གྱི་སྒོ་ནས་དབྱེ་ན་ཚངས་རིས་ཀྱི་བར་སྲིད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་ནས་འོག་མིན་གྱི་བར་སྲིད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་བར་བཅུ་བདུན་དུ་ཡོད་ཅིང་འདི་དག་ལྷག་མེད་དུ་མྱ་ངན་ལས་འདའ་མི་འདའི་དཔྱད་པ་ནི་སྔར་བསྟན་ཟིན་ཏོ། །གཉིས་པ་སྐྱེས་འདའ་བ་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས་དང་པོ་གཟུགས་སུ་ཉེར་འགྲོའི་སྐྱེས་འདའ་བའི་མཚན་ཉིད། གཟུགས་སུ་སྐྱེས་ནས་མྱོང་གྱུར་གྱི་ལས་ཅན་གྱི་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གང་ཞིག གཟུགས་སུ་སྐྱེ་སྲིད་གཅིག་ཁོ་ན་བླངས་ནས་དེའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །གཉིས་པ་དབྱེ་བ་ལ་སྐྱེས་ཙམ་ནས་འདའ་བ། མངོན་པར་འདུ་བྱེད་མེད་པར་འདའ་བ། མངོན་པར་འདུ་བྱེད་དང་བཅས་ཏེ་འདའ་བ་དང་གསུམ་ལས། མཚན་ཉིད་རིམ་བཞིན། གཟུགས་སུ་ཉེར་འགྲོའི་སྐྱེས་འདའ་བ་གང་ཞིག གཟུགས་སུ་སྐྱེ་སྲིད་གྲུབ་མ་ཐག་ལམ་རང་གི་ངང་གིས་འབྱུང་བའི་སྒོ་ནས་མྱང་འདས་མངོན་དུ་བྱེད་པའོ། །དེ་གང་ཞིག་གཟུགས་སུ་སྐྱེས་སྲིད་གྲུབ་ནས་ཡུན་ཅུང་ཞིག་ལོན་པ་ན་ལམ་རང་གི་ངང་གིས་འབྱུང་བའི་སྒོ་ནས་མྱང་འདས་མངོན་དུ་བྱེད་པ་དང་། དེ་གང་ཞིག གཟུགས་སུ་སྐྱེ་སྲིད་གྲུབ་ནས་ཡུན་རིང་དུ་ལོན་པ་ན་ལམ་ལ་འབད་རྩོལ་གྱིས་མངོན་པར་འདུ་བྱེད་པ་དང་བཅས་པའི་སྒོ་ནས་མྱང་འདས་མངོན་དུ་བྱེད་པ་སྟེ། མཚོན་བྱ་རྣམས་ལའང་གཟུགས་སུ་ཉེར་འགྲོ་སྦྱར་དགོས་སོ། །གོང་དུ་མྱང་འདས་མངོན་དུ་བྱེད་པའི་རྟེན་གྱི་སྒོ་ནས་དབྱེ་ན་ཚངས་རིས་ཀྱི་སྐྱེ་སྲིད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་ནས་འོག་མིན་གྱི་སྐྱེ་སྲིད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་བར་བཅུ་བདུན་ཡོད་ཅིང་། དེ་རེ་རེ་ལ་ཡང་སྔར་བཤད་པ་ལྟར་གསུམ་གསུམ་དུ་ཡོད་དོ། །གསུམ་པ་གཟུགས་སུ་ཉེར་འགྲོའི་གོང་འཕོ་ལ། མཚན་ཉིད། སྒྲ་དོན། དབྱེ་བ། གྲངས་ངེས་པའི་རྒྱུ་དང་བཞི་ལས། དང་པོ་ནི། གཟུགས་ཀྱི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་གྱི་གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གང་ཞིག གཟུགས་སུ་སྐྱེ་བ་བརྒྱུད་མར་བླངས་ནས་ཁམས་གོང་གི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །གཉིས་པ་ནི། ཅིའི་ཕྱིར་གོང་འཕོ་ཞེས་བྱ་ཞེ་ན། ད་ལྟ་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་ཡིན་པ་ལས་ཕྱི་མ་གང་དུ་སྐྱེས་པའི་སྐྱེ་ས་དེ་ཉིད་དུ་མྱ་ངན་ལས་མི་འདའ་བར་དེའི་གོང་དུ་འགྲོ་བས་ན་གོང་འཕོ་ཞེས་བྱའོ། །འདིར་གོང་འོག་མིན་དང་། སྲིད་རྩེ་ལ་བྱས་ནས་དེར་འགྲོ་བས་ན་གོང་འཕོར་འཇོག་པ་ནི་འདིའི་སྒྲ་དོན་མ་ཡིན་ཏེ། བར་འདའ་བ་དང་། སྐྱེས་འདའ་བ་ལ་ཡང་འོག་མིན་དང་སྲིད་རྩེར་འགྲོ་བ་ཡོད་པའི་ཕྱིར། གསུམ་པ་ལ་འོག་མིན་མཐར་ཐུག་འགྲོ་དང་། སྲིད་རྩེའི་མཐར་ཐུག་འགྲོའི་གོང་འཕོ་གཉིས་ལས། དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། གཟུགས་སུ་ཉེར་འགྲོའི་གོང་འཕོ་གང་ཞིག བསམ་གཏན་སྤེལ་སྒོམ་ལས་ཉམས་ཏེ་གཟུགས་སུ་སྐྱེ་བ་བརྒྱུད་མར་བླངས་ནས་འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་ནོ། །གཉིས་པ་དབྱེ་བ་ལ། འཕར་བ་དང་། ཕྱེད་དུ་འཕར་བ་དང་། གནས་ཐམས་ཅད་དུ་འཆི་འཕོ་བ་དང་གསུམ་ལས། མཚན་ཉིད་རིམ་བཞིན་འོག་མིན་མཐར་ཐུག་འགྲོའི་གོང་འཕོ་གང་ཞིག བསམ་གཏན་སྤེལ་སྒོམ་ལས་ཉམས་ཏེ་ཕྱི་མ་ཚངས་རིས་སུ་སྐྱེས་ནས་འཕར་ཐེབས་གཅིག་གིས་འོག་མིན་དུ་སྐྱེས་ནས་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་དང་། དེ་གང་ཞིག བསམ་གཏན་སྤེལ་སྒོམ་ལས་ཉམས་ནས་ཕྱི་མ་ཚངས་རིས་སུ་སྐྱེས་ཏེ། འཕར་ཐེབས་གཉིས་ཀྱིས་འོག་མིན་དུ་སྐྱེས་ནས་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་དང་། དེ་གང་ཞིག བསམ་གཏན་སྤེལ་སྒོམ་ལས་ཉམས་ནས་གཟུགས་ཁམས་གནས་རིས་བཅུ་བདུན་དུ་སྐྱེ་བ་རིམ་གྱིས་བླངས་ནས་འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་ཏེ། ཕྱི་མ་འདིའི་མཚོན་བྱ་ལ་ཡང་འོག་མིན་མཐར་ཐུག་འགྲོ་སྦྱར་དགོས་སོ། །བྱེ་བྲག་ཏུ་སྨྲ་བས་ནི་ཚངས་ཆེན་མ་གཏོགས་པའི་གནས་བཅུ་དྲུག་ཏུ་སྐྱེ་བ་རིམ་གྱིས་ལེན་པ་ཡིན་ལ། ཚངས་ཆེན་དུ་ནི་འཕགས་པ་མི་སྐྱེ་སྟེ། གཙོ་བོ་གཅིག་ཏུ་ཟད་པའི་ཕྱིར་དང་། ལྟ་བ་ངན་པའི་གནས་ཡིན་པའི་ཕྱིར་ཞེས་འདོད་པ་ལ་ནི། རིན་ཆེན་ཕྲེང་བ་ལས། ས་དགུ་པ་ལ་གནས་པའི་བྱང་སེམས་སྟོང་གཉིས་ཀྱི་བདག་པོ་ཚངས་པ་ཆེན་པོར་སྐྱེ་བ་བླངས་པར་གསུངས་པས་གནོད་དོ་ཞེས་བཞེད་དགོས་པ་འདྲའོ། །གཉིས་པ་སྲིད་རྩེ་མཐར་ཐུག་འགྲོའི་གོང་འཕོའི་མཚན་ཉིད་ནི། རྒྱུའི་དུས་སུ་བསམ་གཏན་སྤེལ་སྒོམ་མ་སྤྱད་པས་ཚངས་རིས་ནས་འབྲས་བུ་ཆེ་བའི་བར་དུ་རིམ་གྱིས་སྐྱེས་ཏེ་གནས་གཙང་མར་མི་འགྲོ་བར་གཟུགས་མེད་བཞིར་སྐྱེ་བ་བླངས་ནས་སྲིད་རྩེའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་ནོ། །བཞི་པ་གྲངས་ངེས་པའི་རྒྱུ་ནི། ཅིའི་ཕྱིར་གཟུགས་སུ་ཉེར་འགྲོའི་གོང་འཕོ་ལ། འོག་མིན་མཐར་ཐུག་འགྲོ་དང་། སྲིད་རྩེ་མཐར་ཐུག་འགྲོ་གཉིས་སུ་ངེས་ཅེ་ན། རྒྱུའི་དུས་སུ་བསམ་གཏན་སྤེལ་སྒོམ་བྱས་པ་དང་མ་བྱས་པ་གཉིས་སུ་ངེས་པས་བསམ་གཏན་སྤེལ་སྒོམ་བྱས་པ་ནི་བསམ་གཏན་དང་པོའི་རོ་མྱངས་ནས་བསམ་གཏན་གོང་མ་གསུམ་ལས་ཉམས་ན་ཕྱི་མ་ཚངས་རིས་སུ་སྐྱེས་ནས་སླར་ཡང་དེ་ཉིད་ཀྱི་རྟེན་ལ་བསམ་གཏན་སྤེལ་སྒོམ་བྱས་པས་ཉོན་མོངས་པ་ཆུང་བ་དང་། དབང་པོ་རྣོ་བ་ཡིན་ན། འཕར་ཐེབས་གཅིག་གིས་འོག་མིན་དུ་འགྲོ། ཉོན་མོངས་པ་དང་དབང་པོ་འབྲིང་ཡིན་ན། འཕར་ཐེབས་གཉིས་ཀྱིས་འོག་མིན་དུ་འགྲོ། ཉོན་མོངས་པ་ཆེ་ཞིང་དབང་པོ་རྟུལ་བ་ཡིན་ན། གནས་ཐམས་ཅད་དུ་འཆི་འཕོས་ནས་འོག་མིན་དུ་འགྲོ། བསམ་གཏན་སྤེལ་སྒོམ་མ་བྱས་པ་ནི་བསམ་གཏན་དང་པོའི་རོ་མྱངས་པས་གོང་མ་གསུམ་ལས་ཉམས་ན་ཕྱི་མ་ཚངས་རིས་སུ་སྐྱེས་ནས་སླར་ཡང་བསམ་གཏན་གོང་མ་རྣམས་བསྒོམས་པའི་སྟོབས་ཀྱིས་འབྲས་བུ་ཆེ་བའི་བར་དུ་རིམ་པ་བཞིན་སྐྱེས་ནས་གནས་གཙང་མར་འགྲོ་མི་ནུས་པས་གཟུགས་མེད་དུ་སྐྱེ་བ་བླངས་ཏེ་སྲིད་རྩེའི་བར་དུ་འགྲོ་བ་གཉིས་ཡོད་པའི་ཕྱིར་རོ། །འོ་ན་བསམ་གཏན་སྤེལ་སྒོམ་བྱས་པ་ལས་མ་ཉམས་ན་གོང་དུ་སྐྱེ་བ་ཡིན་སྙམ་ན་བསམ་གཏན་སྤེལ་སྒོམ་ལྔའི་རིམ་གྱིས་ཚངས་རིས་སོགས་སུ་མི་སྐྱེ་བར་དང་པོ་ཉིད་ནས་གནས་གཙང་མ་ལྔ་གང་རུང་དུ་སྐྱེ་བ་ཡིན་པས་བར་འདའ་བ་དང་། སྐྱེས་འདའ་བར་འཇོག་གོ །འདི་ནི་ཁོ་བོའི་ལུགས་ཀྱི་འདའ་བ་དང་པོ་གཉིས་ལ་གང་དུ་མྱང་འདས་མངོན་དུ་བྱེད་པའི་གནས་ཀྱི་སྒོ་ནས་བཅུ་བདུན་དུ་དབྱེ་བ་འདི་ལ་འཐད་པ་ཡིན་གྱི་གཞན་དག་གིས་ནི་བསམ་གཏན་སྤེལ་སྒོམ་བྱས་ན་དེ་ལས་ཉམས་པའི་ཁྱབ་པ་ཁས་ལེན་དགོས་པས་བག་ཡོད་པར་གྱིས་ཤིག འོ་ན་བསམ་གཏན་སྤེལ་སྒོམ་གྱི་ཚུལ་ཇི་ལྟར་སྙམ་ན། འདི་ལ་རྟེན་གང་ལ། གང་ཟག་གང་གིས། གཞི་གང་། ཚུལ་ཇི་ལྟར། དང་པོར་གང་སྤེལ་བ། གྲུབ་པའི་ཚད། དགོས་པ་གང་། འབྲས་བུའི་གྲངས་ངེས་དང་བརྒྱད་ལས། དང་པོ་ནི་མ་སྐྱེས་པ་གསར་དུ་བསྐྱེད་པའི་རྟེན་ནི་གླིང་གསུམ་གྱི་མི་ཡིན་ལ་ཕྱིས་ཉམས་པ་ནི་གཟུགས་ཀྱི་ཁམས་སུ་སྤེལ་ལོ། །གཉིས་པ་ནི་ཕྱིར་མི་འོང་དང་། དགྲ་བཅོམ་པ་གཉིས་ཀྱིས་སྤེལ་ལོ། །གསུམ་པ་ནི་ཟག་བཅས་ཀྱི་བསམ་གཏན་དང་ཟག་མེད་ཀྱི་བསམ་གཏན་ནོ། །བཞི་པ་ནི་ཟག་མེད་གཉིས་ཀྱི་བར་དུ་ཟག་བཅས་གཅིག་སྤེལ་ཞིང་། ཟག་མེད་སྔ་ཕྱིའི་མཚམས་འཛིན་ནི་རྗེས་ཐོབ་ཀྱིས་བྱེད་དོ། །ལྔ་པ་ནི་དང་པོར་བཞི་པ་སྤེལ་བར་བྱེད་དེ། ཏིང་ངེ་འཛིན་དེ་ནི་གཞན་ལས་ལས་སུ་རུང་བ་དང་། ལམ་སླ་བ་རྣམས་ཀྱི་ནང་ནས་མཆོག་ཡིན་པའི་ཕྱིར་རོ། །དྲུག་པ་ལ་བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱི་ཟག་མེད་ཀྱི་བསམ་གཏན་བཞི་པ་རྒྱུན་ལྡན་ལ་སྙོམས་པར་འཇུག་ཅིང་། དེ་ལས་ལངས་ནས་ཟག་བཅས་ཀྱི་བཞི་པ་རྒྱུན་ལྡན་ལ་སྙོམས་པར་འཇུག་ལ། ཡང་ཟག་མེད་ཀྱི་བཞི་པ་རྒྱུན་ལྡན་ལ་སྙོམས་པར་འཇུག་སྟེ་དེ་བཞིན་དུ་རྒྱུན་ཕྲིས་ནས་སྐད་ཅིག་མ་གཉིས་གཉིས་ལ་སྙོམས་པར་འཇུག་པ་ནི་སྤེལ་བའི་སྦྱོར་བ་ཡིན་ལ། སྐད་ཅིག་མ་རེ་རེ་སྤེལ་བའི་ཚེ་གྲུབ་པའི་ཚད་ཡིན་ནོ། །ཞེས་འདོད་དོ། །སློབ་དཔོན་གྱིས་ནི་སངས་རྒྱས་མ་གཏོགས་པས་སྐད་ཅིག་མ་སྤེལ་མི་ནུས་པས་རྒྱུན་ཆགས་གསུམ་ལ་ཇི་ལྟར་འདོད་པར་སྙོམས་པར་འཇུག་པའི་སྒོ་ནས་རྫོགས་པ་ཡིན་ནོ་ཞེས་བཞེད་དོ། །བདུན་པ་ནི། ཕྱིར་མི་འོང་བ་དབང་པོ་རྣོན་པོ་རྣམས་ནི་གནས་གཙང་མར་སྐྱེ་བར་བྱེད་པའི་ཕྱིར་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་འཇུག་ལ། དབང་པོ་རྟུལ་པོ་རྣམས་ནི་གཉིས་པོ་དེ་དང་། ཉོན་མོངས་པས་འཇིགས་པའི་ཕྱིར་ཡང་འཇུག་གོ །དགྲ་བཅོམ་པ་དབང་པོ་རྣོན་པོ་རྣམས་ནི་མཐོང་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་དང་། རྟུལ་པོ་རྣམས་ནི་ཉོན་མོངས་པས་འཇིགས་པའི་ཕྱིར་ཡང་འཇུག་གོ །བརྒྱད་པ་ནི་ཅིའི་ཕྱིར་གནས་གཙང་མའི་སྐྱེ་བ་དེ་ལ་ལྔ་ཁོ་ནར་ངེས་ཞེ་ན། རྒྱུ་བསམ་གཏན་སྤེལ་སྒོམ་དེ་ལ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། ཤིན་ཏུ་ཆེན་པོ་དང་། ཤིན་ཏུ་ཆེས་ཆེ་བ་ལྔར་ངེས་པའི་ཕྱིར་རོ། །དེ་ལ་དང་པོ་ནི་ཟག་མེད་དང་། ཟག་བཅས་དང་། ཟག་མེད་གསུམ་མངོན་དུ་བྱེད་དོ། །གཉིས་པ་ལ་ནི་དྲུག གསུམ་པ་ལ་ནི་དགུ། བཞི་པ་ལ་ནི་བཅུ་གཉིས། ལྔ་པ་ལ་ནི་བཅོ་ལྔ་སྟེ། དེ་ལ་ཟག་པ་དང་བཅས་པ་གང་ཡིན་པའི་དབང་གིས་དེ་དག་ཏུ་སྐྱེ་བའོ། །ཟག་མེད་ཀྱི་སྐྱེ་བ་ནི་མེད་དེ། ཟག་མེད་ཀྱི་ལས་ཀྱིས་ཁམས་གསུམ་གྱི་སྐྱེ་བ་འཕེན་པ་མི་སྲིད་པའི་ཕྱིར་རོ། །འོ་ན་སོ་སོའི་སྐྱེ་བོ་ཡང་སྐྱེ་བར་འགྱུར་རོ་སྙམ་ན་སྐྱོན་མེད་དེ། ཟག་མེད་དང་སྤེལ་བའི་ཟག་བཅས་ཀྱི་དབང་གིས་སྐྱེ་བ་ཡིན་གྱི། ཟག་བཅས་ཁོ་ནའི་དབང་གིས་གནས་གཙང་མར་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །འདི་དང་སྤེལ་སྒོམ་ལས་མ་ཉམས་ན་དང་པོ་ཉིད་ནས་གནས་གཙང་མར་སྐྱེ་བས་བར་འདའ་བ་དང་། སྐྱེས་འདའ་བར་འཇོག་པའི་ཚུལ་སྐབས་འདིར་གནད་དུ་ཆེ་ཞིང་གནས་གཙང་མ་ལ་འཕགས་པའི་གནས་སུ་འཇོག་པའི་ཚུལ་ཡང་རྟོགས་པར་འགྱུར་རོ། །གཉིས་པ་མདོ་ལས་བྱུང་བའི་རྣམ་པའི་རབ་དབྱེ་བཤད་པ་ལ་གཟུགས་སུ་ཉེར་འགྲོ་དགུར་བཞག་པ་དང་། སྐྱེས་བུ་དམ་པའི་འགྲོ་བ་བདུན་དུ་བཞག་པ་ལ་གཉིས་ལས། དང་པོ་ནི། མདོ་ལས། གཟུགས་སུ་ཉེར་འགྲོ་དགུ་ཞེས་བཤད་པ་དེ་གང་ཞེ་ན། གོང་དུ་བཤད་པའི་བར་འདའ་བ་གསུམ་དང་། སྐྱེས་འདའ་བ་གསུམ་དང་། གོང་འཕོ་གསུམ་པོ་དེ་ཉིད་ཡིན་ནོ། །ཅི་ཕྱིར་གསུམ་དང་དགུར་དབྱེ་ཞེ་ན། བར་འདའ་བ་སོགས་གསུམ་དུ་དབྱེ་བ་ནི་ལས་ཀྱི་བྱེ་བྲག་གིས་ཡིན་ཏེ། མངོན་པར་འགྲུབ་པ་དང་། སྐྱེས་ནས་མྱོང་འགྱུར་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཅན་ཡིན་པའི་ཕྱིར་དང་། ཉོན་མོངས་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཡིན་པའི་ཕྱིར་དང་། དབང་པོ་ཆེན་པོ་དང་། འབྲིང་དང་ཆུང་ངུ་ཡིན་པའི་ཕྱིར་རོ། །བར་འདའ་བ་དང་། སྐྱེས་འདའ་བ་ལ་ནང་ཚན་གསུམ་གསུམ་དུ་ཕྱེ་བའི་རྒྱུ་མཚན་ཡང་ཉོན་མོངས་པ་དང་དབང་པོའི་བྱེ་བྲག་གི་སྒོ་ནས་ཕྱེ་བ་སྔ་མ་དང་འདྲ་ཞིང་གོང་འཕོ་ལ་གསུམ་དུ་དབྱེ་བའི་རྒྱུ་མཚན་ཉོན་མོངས་པ་དང་། དབང་པོའི་བྱེ་བྲག་སྔར་དང་འདྲ་བ་ལས་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཉིད་ལ་ཡང་མང་ཉུང་གི་བྱེ་བྲག་གི་སྒོ་ནས་ཕྱེ་བའོ། །གཉིས་པ་ནི། མདོ་ལས། སྐྱེས་བུ་དམ་པའི་འགྲོ་བ་བདུན་གསུང་བ་དེ་གང་ཞེ་ན། དགུ་པོ་དེ་ཉིད་ལས་གོང་འཕོ་གཅིག་ཏུ་བསྡུས་པའོ། །སྔ་མ་ལ་ནི་གཟུགས་སུ་ཉེར་འགྲོས་ཁྱབ་ཅིང་འདི་ལ་ནི་གཟུགས་སུ་ཉེར་འགྲོས་མ་ཁྱབ་ཏེ། གཟུགས་མེད་ཉེར་འགྲོའི་སྐྱེས་འདའ་བ་གསུམ་དང་། གོང་འཕོ་རྣམས་ཀྱང་བསྡུ་བའི་ཆེད་དུ་འདིར་གོང་འཕོ་གཅིག་ཏུ་བཞག་པ་ཡིན་པའི་ཕྱིར་ཏེ། སྔར་བཤད་ཟིན་ཏོ། །གཉིས་པ་གཟུགས་མེད་ཉེར་འགྲོ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། གཟུགས་ལ་འདོད་ཆགས་དང་བྲལ་བའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་གང་ཞིག གཟུགས་མེད་ཁོ་ནར་སྐྱེ་བ་བླངས་ནས་གཟུགས་མེད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའོ། །དེ་ལ་གཟུགས་ལ་འདོད་ཆགས་དང་བྲལ་བ་ཆད་ན་གཟུགས་མེད་ཉེར་འགྲོར་འགྱུར་ངེས་ཀྱི་གཟུགས་ལ་འདོད་ཆགས་དང་བྲལ་བར་བྱེད་བཞིན་པས་མ་ངེས། འདོད་པའི་རྟེན་ཅན་ཆད་ན་ནམ་མཁའ་མཐའ་ཡས་སུ་སྐྱེ་བ་བླངས་ཟིན་ནས་སྲིད་རྩེར་མྱང་འདས་མངོན་དུ་བྱེད་པས་མ་ངེས། ཁྱད་པར་ཅན་ཆད་ན་གཟུགས་མེད་ཉེར་འགྲོར་འགྱུར་ངེས་ཀྱི་ཙམ་པོས་མ་ངེས། ཁོ་ན་ཆད་ན་འགོག་པ་ཐོབ་པའི་ཕྱིར་མི་འོང་། ད་ལྟ་གཟུགས་ལ་འདོད་ཆགས་དང་བྲལ་བ་ཡིན་ཀྱང་ཆགས་བྲལ་ལས་ཉམས་ནས་གཟུགས་དང་གཟུགས་མེད་གཉིས་ཆར་དུ་སྐྱེ་བ་ཡོད་པས་མ་ངེས་པ་སྟེ། དེ་བཞིན་དུ་མཚན་ཉིད་གོང་འོག་ཀུན་ལ་རང་གི་བློས་ཞིབ་ཏུ་དཔྱད་པར་བྱ་ཡི་འདིར་ནི་འབྲི་བར་ག་ལ་ལང་། གཉིས་པ་དབྱེ་བ་ལ། གཟུགས་མེད་ཉེར་འགྲོའི་སྐྱེས་ཙམ་ནས་འདའ་བ། འདུ་བྱེད་མེད་པར་འདའ་བ། འདུ་བྱེད་དང་བཅས་ཏེ་འདའ་བ། གོང་འཕོ་དང་བཞིའི་མཚན་ཉིད་རིམ་བཞིན། གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་གང་ཞིག གཟུགས་མེད་དུ་སྐྱེ་སྲིད་གཅིག་ཁོ་ན་བླངས་ནས་སྐྱེ་སྲིད་གྲུབ་མ་ཐག ལམ་རང་གི་ངང་གིས་འབྱུང་བའི་སྒོ་ནས་མྱང་འདས་མངོན་དུ་བྱེད་པ་དང་། དེ་གང་ཞིག གཟུགས་མེད་དུ་སྐྱེ་སྲིད་གཅིག་ཁོ་ན་བླངས་ནས་ཡུན་ཅུང་ཞིག་ལོན་པ་ན་ལམ་རང་གི་ངང་གིས་འབྱུང་བའི་སྒོ་ནས་མྱང་འདས་མངོན་དུ་བྱེད་པ་དང་། དེ་གང་ཞིག གཟུགས་མེད་དུ་སྐྱེ་སྲིད་གཅིག་ཁོ་ན་བླངས་ནས་ཡུན་རིང་དུ་ལོན་པ་ན་འབད་རྩོལ་གྱི་མངོན་པར་འདུ་བྱེད་དང་བཅས་པའི་སྒོ་ནས་མྱང་འདས་མངོན་དུ་བྱེད་པ་དང་། དེ་གང་ཞིག གཟུགས་མེད་བཞི་ལ་སྐྱེ་བ་རིམ་གྱིས་བླངས་ནས་སྲིད་རྩེར་མྱང་འདས་མངོན་དུ་བྱེད་པའི་རིགས་ཅན་ནོ། །གང་དུ་མྱང་འདས་མངོན་དུ་བྱེད་པའི་རྟེན་གྱི་སྒོ་ནས་དང་པོ་གསུམ་པོ་རེ་རེ་ལ་ཡང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་ནས་སྲིད་རྩེའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་བར་བཞི་བཞི་ཡོད་ཅིང་། ཕྱི་མ་ལ་རྒྱུའི་དུས་སུ་བསམ་གཏན་སྤེལ་སྒོམ་མ་སྤྱད་པས་འཕར་བ་སོགས་བྱེད་མི་ནུས་པའི་ཕྱིར་ན་གནས་ཐམས་ཅད་དུ་འཆི་འཕོ་བ་ཁོ་ནའོ། །གསུམ་པ་མཐོང་ཆོས་ཞིའི་མཚན་ཉིད་ནི། མཐོང་ལམ་ཐོབ་པའི་ལུས་རྟེན་མ་དོར་བའི་ཕྱིར་མི་འོང་འབྲས་གནས་ཁྱད་པར་ཅན་གང་ཞིག རྟེན་དེ་ཉིད་ལ་མྱང་འདས་མངོན་དུ་བྱེད་པའོ། །འབྲས་བུ་དང་པོ་གཉིས་ཀྱི་སྐབས་སུ་ཡང་། འདི་ཡི་དོན་ཡོད་མོད་ཀྱི་དེ་དག་ཀྱང་རྟེན་དེ་ཉིད་ལ་ཕྱིར་མི་འོང་དུ་གྱུར་ནས་འདི་གཞག་དགོས་པས་ན་དེ་དག་གི་སྐབས་སུ་རྣམ་གཞག་མ་བཤད་དེ། གཟུགས་སུ་ཉེར་འགྲོ་སོགས་དང་འདྲའོ། །བཞི་པ་ཚེ་ཡོངས་གྱུར་གྱི་འཕགས་པ་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི་ཕྱིར་མི་འོང་འབྲས་གནས་གང་ཞིག མཐོང་ལམ་ཐོབ་པའི་ལུས་རྟེན་དོར་བའོ། །གཉིས་པ་ལ། འདོད་པའི་རྟེན་ཅན་དང་། གཟུགས་ཀྱི་རྟེན་ཅན་དང་། གཟུགས་མེད་ཀྱི་རྟེན་ཅན་གསུམ་མོ། །དང་པོ་ནི། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གང་ཞིག མཐོང་ལམ་ཐོབ་པའི་ལུས་རྟེན་དོར་བ་སྟེ། གཞན་གཉིས་ལའང་འགྲེའོ། །འདོད་པར་ཚེ་ཡོངས་གྱུར་གྱི་འཕགས་པ་དང་། འདོད་པའི་རྟེན་ཅན་གྱི་ཚེ་ཡོངས་གྱུར་གྱི་འཕགས་པ་གཉིས་དོན་གཅིག་ཀྱང་གཟུགས་སུ་ཚེ་ཡོངས་གྱུར་གྱི་འཕགས་པ་ཡིན་ན། གཟུགས་ཀྱི་རྟེན་ཅན་ཡིན་པས་མ་ཁྱབ་སྟེ། སྲིད་རྩེར་མཐར་ཐུག་འགྲོའི་ཕྱིར་མི་འོང་གཟུགས་དང་གཟུགས་མེད་གཉིས་ཆར་དུ་སྐྱེ་བ་བླངས་པ་ན་གཟུགས་མེད་ཀྱི་རྟེན་ཅན་དེ་གཟུགས་སུ་ཚེ་ཡོངས་གྱུར་གྱི་འཕགས་པར་ཁས་བླང་དགོས་པའི་ཕྱིར་རོ། །དེ་དག་གི་ཁྱད་ཆོས་ལ་འདོད་པའི་རྟེན་ཅན་གྱི་ཚེ་ཡོངས་གྱུར་གྱི་འཕགས་པ་དང་། ཁམས་གོང་མར་སྐྱེས་པའི་འཕགས་པ་ཐམས་ཅད་འབྲས་བུ་ལས་ཉམས་པ་དང་། དབང་པོ་འཕོ་བ་མེད་དེ། འཕགས་པའི་སྐྱེ་བ་བརྒྱུད་མར་བརྟེན་པར་བྱས་པའི་ཕྱིར་རོ། །ཁ་ཅིག མཐོང་ལམ་ཐོབ་པའི་ལུས་རྟེན་དོར་བའི་འཕགས་པ་ཐམས་ཅད་ཚེ་ཡོངས་གྱུར་གྱི་འཕགས་པར་བྱས་ནས། རྒྱུན་ཞུགས་དང་། ཕྱིར་འོང་ལ་ཡང་ཚེ་ཡོངས་གྱུར་གྱི་འཕགས་པར་འཇོག་པ་ནི་རྣམ་གཞག་སྐབས་སུ་བབ་པའི་དོན་མ་རྟོགས་པ་སྟེ། མཛོད་འགྲེལ་ལས། འདོད་པའི་ཁམས་སུ་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ནི་ཁམས་གཞན་དུ་མི་འགྲོ་སྟེ། ཚེ་དེ་ཉིད་ལ་ཕྱིར་མི་འོང་གི་འབྲས་བུ་ཐོབ་ནས། ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་རོ། །ཞེས་གསུངས་པ་དང་འགལ་བའི་ཕྱིར་དང་། གཞན་དུ་ན་རྒྱུན་ཞུགས་དང་། ཕྱིར་འོང་ལ་གཟུགས་སུ་ཉེར་འགྲོ་དང་། གཟུགས་མེད་ཉེར་འགྲོ་ཡང་འཇོག་དགོས་པར་ཐལ་བའི་ཕྱིར་རོ། །ལྔ་པ་ལུས་མངོན་བྱེད་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། དང་པོ་ནི། ཕྱིར་མི་འོང་འབྲས་གནས་གང་ཞིག འགོག་པའི་སྙོམས་འཇུག་ཐོབ་པའོ། །གཉིས་པ་དབྱེ་བ་ལ། མཐོང་ལམ་ཐོབ་པའི་ལུས་རྟེན་མ་དོར་བ་དང་། དོར་བ་གཉིས། དང་པོ་ནི། འདོད་པའི་རྟེན་དུ་ངེས་སོ། །ཕྱི་མ་ལ་གཟུགས་ཀྱི་རྟེན་ཅན་དང་། གཟུགས་མེད་ཀྱི་རྟེན་ཅན་གཉིས་ཡོད་དེ། འདོད་པའི་རྟེན་ལ་འགོག་སྙོམས་ཐོབ་པ་གཟུགས་ཀྱི་ཆགས་བྲལ་ལས་ཉམས་ནས་གཟུགས་སུ་སྐྱེ་བ་ལེན་པ་ཡོད་པར་འགོག་སྙོམས་ཀྱི་སྐབས་སུ་བཤད་ཅིང་། དེ་ཉིད་སླར་ཡང་གཟུགས་མེད་དུ་སྐྱེ་བ་གཅིག་ཀྱང་ཁས་ལེན་དགོས་པ་འདྲའོ། །དེ་མིན་པའི་དབང་དུ་བྱས་ན་ཡང་གཟུགས་མེད་ཀྱི་རྟེན་ཅན་ནི་ངེས་པར་ཡོད་དེ། འདོད་པའི་རྟེན་ཅན་གྱི་ལུས་མངོན་བྱེད་དེས་ཅི་ཡང་མེད་མན་ཆད་ཀྱི་ཆགས་བྲལ་ལས་མ་ཉམས་བཞིན་དུ་འཆི་འཕོ་བ་སྲིད་རྩེར་སྐྱེ་བ་ལས་འོས་མེད་པའི་ཕྱིར་རོ། །དེས་ན་མཛོད་ལས། གཟུགས་སུ་ཉེར་འགྲོ་དང་། གཟུགས་མེད་ཉེར་འགྲོ་དང་། མཐོང་ཆོས་ཞི་དང་། ཚེ་ཡོངས་གྱུར་དང་། ལུས་མངོན་བྱེད་རྣམས་གོ་རིམ་བཞིན་དུ་བཤད་པ་ནི་དང་པོ་གསུམ་མཐོང་ལམ་ཐོབ་པའི་ལུས་རྟེན་མ་དོར་བ་དང་། བཞི་པ་མཐོང་ལམ་ཐོབ་པའི་ལུས་རྟེན་དོར་བ་དང་། ལྔ་པ་ལ་གཉིས་ཀ་ཡོད་པའི་དབང་དུ་བྱས་ནས་གསུངས་པ་ཡིན་པས་བསྟན་བཅོས་ཆེན་པོའི་གོང་འོག་གི་བབ་འདི་བཞིན་དུ་སྨྲ་བའི་རྗེས་སུ་འབྲང་བར་རིགས་ཀྱི་དེང་སང་གི་བྱིས་པ་རྣ་ལས་མིག་དབུགས་མང་བ་དག་གི་ཁ་ནས་ལེགས་བཤད་མི་འབྱུང་ངོ་། །གསུམ་པ་དཀའ་བའི་གནས་ལ་དོགས་པ་དཔྱད་པ་ལ། དབྱེ་བའི་ཚུལ་ལ་དོགས་པ་དཔྱད་པ། ཕྱིར་མི་འོང་གི་སྒྲ་དོན་ལ་དོགས་པ་དཔྱད་པ། སྤང་བྱའི་ཉོན་མོངས་ལ་དོགས་པ་དཔྱད་པ་དང་གསུམ་ལས། དང་པོ་ནི། ཆོས་མངོན་པའི་མདོ། མངོན་རྟོགས་རྒྱན། མངོན་པ་གོང་འོག་རྣམས་ལས་གཟུགས་སུ་ཉེར་འགྲོའི་སྐབས་སུ་སྐྱེས་འདའ་བ་གསུམ་རྩ་བའི་དབྱེ་བར་བཀོད་ཅིང་། བར་འདའ་བ་དང་། གོང་འཕོ་རེ་རེར་བགྲངས་ནས་ལྔར་དབྱེ་བའི་ཚུལ་ལ་དོགས་པ་དཔྱད་དགོས་པ་ནི་སྔར་འགྲེལ་པའི་དོགས་གཅོད་ཀྱི་སྐབས་སུ་བཤད་ཟིན་ཏོ། །གཉིས་པ་ནི། འདིར་ཁ་ཅིག འདོད་པའི་ཁམས་སུ་ཕྱིར་མི་འོང་བས་ན་ཕྱིར་མི་འོང་ཡིན་ཞེས་པའི་སྒྲ་བཤད་བྱེད་པ་ནི་བློ་དོགས་པའི་སྐྱོན་ཡིན་ཏེ། གོང་དུ་སྐྱེ་བའི་གནས་དེ་ཉིད་དང་། དེའི་འོག་ཏུ་ཕྱིར་མི་འོང་བས་ན་ཕྱིར་མི་འོང་བ་ཞེས་པའི་སྒྲ་བཤད་དགོས་པའི་ཕྱིར་ཏེ། མཛོད་འགྲེལ་ལས། ཕྱིར་མི་འོང་བ་ནི། ནམ་ཡང་སྐྱེ་བའི་སྐྱེ་མཆེད་དེ་ཉིད་དུ་ཚེ་གཉིས་པ་མངོན་པར་འགྲུབ་པར་མི་བྱེད་དེ་ཁྱད་པར་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །འདི་ལྟར་ན་འདིའི་ཕྱིར་མི་འོང་བ་ཉིད་ཡོངས་སུ་རྫོགས་པ་ཡིན་ཏེ། གང་དུ་སྐྱེས་པ་དེའི་འོག་ཏུ་མི་འོང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། ཁ་ཅིག་ན་རེ། ཕྱིར་མི་འོང་ཡིན་ན། འདོད་པའི་སས་བསྡུས་ཀྱི་ཉོན་མོངས་མ་ལུས་པར་སྤངས་པས་ཁྱབ་པ་མངོན་པ་གོང་འོག་གཉིས་ཀའི་ལུགས་ལ་ཁས་བླངས་ནས་གཞན་གྱིས་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གིས་འདོད་པའི་སས་བསྡུས་ཀྱི་ཉོན་མོངས་མ་ལུས་པར་མ་སྤངས་ཏེ། འདོད་པའི་སས་བསྡུས་ཀྱི་ཉོན་ཡིད་མ་སྤངས་པའི་ཕྱིར་ཏེ། སུམ་ཅུ་པ་ལས། གང་དུ་སྐྱེས་པ་དེ་ཡིའོ། །ཞེས་སྨྲ་བ་ལ་ལུང་དེའི་དོན་ནི་འདོད་པའི་རྟེན་ཅན་གྱི་གང་ཟག་གི་རྒྱུད་ཀྱི་ཉོན་ཡིད་འདོད་པའི་སར་གཏོགས་པའི་ལུང་མ་ཡིན་གྱི། ཉོན་ཡིད་དེ་རང་གི་འཁོར་དང་ཁམས་དང་ས་མཚུངས་པའི་ལུང་ཡིན་པའི་ཕྱིར། དེའི་འགྲེལ་པར་བློ་བརྟན་གྱིས་ཅི་རང་གི་ས་པ་ཉིད་དང་མཚུངས་པར་ལྡན་ནམ། འོན་ཏེ་གཞན་གྱི་ས་པ་དག་དང་མཚུངས་པར་ལྡན་པ་མི་ཤེས་སོ་ཞེ་ན། དེའི་ཕྱིར་གང་དུ་སྐྱེས་པ་དེ་ཡིའོ་ཞེས་བྱ་བ་སྨོས་ཏེ། གང་དུ་སྐྱེས་པ་དེ་ནི་གང་དུ་བྱུང་བའོ། །དེ་ཡིའོ་ཞེས་བྱ་བ་ནི་ཁམས་དང་ས་གང་དུ་སྐྱེས་པའི་ཁམས་དེ་དང་ས་དེ་ཉིད་དང་མཚུངས་པར་ལྡན་ཏེ། ཁམས་གཞན་དག་དང་ས་གཞན་དག་ནི་མ་ཡིན་ནོ། །ཞེས་བཤད་པའི་ཕྱིར་རོ། །གཞན་དུ་ན་འདོད་པའི་རྟེན་ཅན་གྱི་ཅི་ཡང་མེད་མན་ཆད་ལ་འདོད་ཆགས་དང་བྲལ་བའི་ཕྱིར་མི་འོང་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་འདོད་ཉོན་མངོན་གྱུར་དུ་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་འདོད་པའི་ཉོན་ཡིད་མངོན་གྱུར་དུ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ཅི་ཡང་མེད་མན་ཆད་ལ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །གཞན་ཡང་ཕྱིར་མི་འོང་ཡིན་ན། འདོད་ཉོན་དགུ་པ་སྤངས་པས་ཁྱབ་ན་ནི་འདོད་པའི་ཉོན་ཡིད་མ་སྤངས་པ་འགལ་ཞིང་། མ་ཁྱབ་ན་འདོད་ཉོན་ལ་དགུར་གྲངས་མ་ངེས་པར་ཐལ་ལོ། །ཕྱིར་མི་འོང་ཡིན་ན། འདོད་པའི་སས་དུས་ཀྱི་ཉོན་མོངས་ཐམས་ཅད་སྤངས་པས་མ་ཁྱབ་པ་མངོན་པ་གོང་འོག་གི་ལུགས་ཀྱང་མ་ཡིན་ཏེ། ཀུན་བཏུས་སུ། ཕྱིར་མི་འོང་བའི་གང་ཟག་གང་ཞེ་ན། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམ་པ་དགུ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ །གང་གི་ཚེ་འདོད་པ་ན་སྤྱོད་པའི་སྒོམ་པས་སྤང་བར་བྱ་བ་ཐམས་ཅད་སྤངས་པས་ཕྱིར་མི་འོང་བར་འགྱུར་ན་ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་ཕྱིར་མི་འོང་གི་རྒྱུད་ལ་འདོད་ཉོན་དགུ་སྤང་བའི་བར་ཆད་མེད་ལམ་དགུ་ཁས་ལེན་པ་འདི་འདྲ་བ་ནི་ཞུགས་གནས་ཀྱི་རྣམ་གཞག་ལ་ཧ་ཅང་གནོད་ཚབས་ཆེའོ་ཞེས་སྨྲའོ། །འདི་དག་ནི་གསུང་རབ་ཀྱི་དོན་ལ་རྟོག་དཔྱོད་ཞུགས་ནས་སྨྲ་བ་ཡིན་པར་སྣང་ཡང་། ཕུགས་རྩད་མ་ཆོད་པར་སྣང་སྟེ། འདི་ལྟར་སེམས་ཙམ་པའི་ལུགས་ལ་སྐྱེ་བ་སྔ་མའི་ལས་ཀྱི་རྣམ་སྨིན་གྱི་ཕུང་པོའི་གཙོ་བོ་ནི་ཀུན་གཞིའི་རྣམ་ཤེས་འཁོར་བཅས་ལ་འཇོག་པས་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གི་རྒྱུད་ཀྱི་ཀུན་གཞིའི་རྣམ་ཤེས་དེ་འདོད་པར་འཕེན་བྱེད་ཀྱི་ལས་ཀྱི་རྣམ་སྨིན་འབྲས་བུ་ཡིན་པས་འདོད་པའི་སས་བསྡུས་སུ་ཁས་བླངས་དགོས་ཏེ། ས་གཞན་གྱི་ལས་ཀྱིས་ས་གཞན་གྱི་རྣམ་སྨིན་གྱི་ཕུང་པོ་འཕེན་པར་མི་བྱེད་པའི་ཕྱིར་རོ། །དེས་ན་དེ་ལྟ་བུའི་རྒྱུད་ཀྱི་ཉོན་ཡིད་དེ་ཡང་འདོད་པའི་སས་བསྡུས་སུ་ཁས་བླངས་དགོས་ཏེ། ས་གཞན་གྱི་རྣམ་སྨིན་གྱི་ཕུང་པོ་ལས་གཞན་གྱི་ཉོན་ཡིད་ཀྱིས་ངར་འཛིན་པ་མི་སྲིད་པའི་ཕྱིར་རོ། །ལེགས་པར་དཔྱོད་ཅིག ཁྱོད་ཀྱི་ལུགས་ལྟར་ན་འདོད་པའི་སས་བསྡུས་ཀྱི་ཉོན་ཡིད་དེ་ལ་ཡང་དགུར་ཕྱེ་ནས་འདོད་ཉོན་དགུ་པོ་སྤོང་བའི་བར་ཆད་མེད་ལམ་རྣམས་ཀྱིས་རིམ་པ་བཞིན་དུ་སྤོང་བར་ཁས་ལེན་པར་སྣང་བས། དེ་ནི་ཐོགས་མེད་ཀྱི་གཞུང་དང་འགལ་ཏེ། གཏན་ལ་དབབ་པ་བསྡུ་བར། དེ་དག་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་ཁོ་ནས་ཅིག་ཆར་སྤོང་བ་རིག་པར་བྱའོ། །འདི་ལྟ་སྟེ་དཔེར་ན། དེ་ལས་གཞན་པའི་ཉོན་མོངས་པ་དག་ལྟར་རིམ་གྱིས་སྤོང་བ་ནི་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །དེས་ན་འདོད་ཉོན་དགུ་པ་སྤངས་ན་འདོད་པའི་སས་བསྡུས་ཀྱི་ཉོན་ཡིད་སྤངས་པས་ཁྱབ་པར་སྨྲ་བ་དང་། འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གི་རྒྱུད་ལ་འདོད་པའི་སས་བསྡུས་ཀྱི་ཉོན་ཡིད་ཡོད་ན། ཕྱིར་མི་འོང་གི་རྒྱུད་ལ་འདོད་ཉོན་དགུ་པ་སྤོང་བའི་བར་ཆད་མེད་ལམ་དགུ་ཁས་ལེན་དགོས་པར་འགྱུར་རོ་ཞེས་སྨྲ་བ་ཐམས་ཅད་འབྲེལ་མེད་པར་གོ་བར་བྱའོ། །འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གི་རྒྱུད་ལ་ཉོན་ཡིད་ཡོད་དམ་མེད། ཡོད་ན་དེ་ཁམས་གོང་གི་སས་བསྡུས་སུ་ཁས་ལེན་དགོས་པས། བསྡུ་བར། ཉོན་མོངས་པ་དེ་དག་ནི་གང་དུ་ལུས་སྐྱེས་པར་གྱུར་པ་དེའི་ས་པ་ཉིད་དེ་ཞེས་གསུངས་པ་དང་འགལ་ལོ། །མེད་ན་དེ་ཉིད་ལས། སློབ་པ་བཞི་མཐོང་བ་ལ་ནི་འཇིག་རྟེན་ལས་འདས་པའི་ལམ་མངོན་དུ་གྱུར་ན་མི་འབྱུང་ངོ་། །དེ་ལས་ལངས་པ་ལ་ནི་ཀུན་ཏུ་འབྱུང་སྟེ། ཤིན་ཏུ་རྟོག་པའི་ཕྱིར་དང་། མ་སྤངས་པའི་ཕྱིར་རོ། །ཞེས་གསུངས་པ་དང་འགལ་ལོ། །སུམ་ཅུ་པ་རྩ་འགྲེལ་གྱི་ལུང་གི་དོན་ཉོན་ཡིད་དེ་རང་གི་འཁོར་དང་ཁམས་དང་། ས་མཚུངས་པར་སྟོན་པ་ཡིན་ཡང་། ལུང་དེ་ཉིད་ཀྱིས་ལུས་གང་དུ་སྐྱེས་པའི་སར་གཏོགས་པར་གྲུབ་སྟེ། རང་གི་འཁོར་ཐུན་མོང་མ་ཡིན་པ་བཞི་པོ་དེས་དམིགས་པ་ཀུན་གཞིའི་རྣམ་ཤེས་ལ་དམིགས་ནས་རྣམ་པ་བདག་ལ་ལྟ་བ་དང་། ངའོ་སྙམ་པ་དང་། བདག་ལ་ཆགས་པ་དང་། བདག་ཏུ་རྨོངས་པའི་རྣམ་པ་ཅན་ཡིན་ཞིང་། དེའི་ཚེ་ཀུན་གཞིའི་རྣམ་ཤེས་ནི་ལུས་གང་དུ་སྐྱེས་པ་དེའི་ས་པ་ཡིན་པ་སེམས་ཙམ་པའི་ལུགས་ཡིན་པའི་ཕྱིར་རོ། །གཞན་དུ་ན་ཁམས་གོང་མའི་སས་བསྡུས་ཀྱི་འཇིག་ཚོགས་ལ་ལྟ་བས་འདོད་པའི་སས་བསྡུས་ཀྱི་ཕུང་པོ་ལ་དམིགས་པར་ཁས་བླང་དགོས་པས་མངོན་པའི་གཞུང་ལུགས་དང་འགལ་ལོ། །གནད་ཀྱི་དོན་ནི་འདི་ཡིན་ཏེ། ཉོན་ཡིད་ཁས་མི་ལེན་པའི་ཚེ་ཕྱིར་མི་འོང་ཡིན་ན། འདོད་པའི་སས་བསྡུས་ཀྱི་ཉོན་མོངས་སྤངས་པས་ཁྱབ་པར་ཁས་བླངས་པ་ལ་འགལ་བ་མེད་ཀྱང་ཁས་ལེན་པའི་ཚེ་འདོད་ཉོན་དགུ་པ་སྤངས་པ་དང་། འདོད་པ་ལ་འདོད་ཆགས་དང་བྲལ་བས་ཁྱབ་པ་ཁས་བླངས་ཀྱི་འདོད་པའི་སས་བསྡུས་ཀྱི་ཉོན་མོངས་མ་ལུས་པར་སྤངས་པས་ཁྱབ་པ་ནི་ཁས་ལེན་དུ་མི་རུང་སྟེ། གཏན་ལ་དབབ་པ་བསྡུ་བ་ལས། ཡིད་ནི་དུས་རྟག་ཏུ་ཡེ་ཡོད་པའི་ཉོན་མོངས་པ་བཞི་པོ་འདི་ལྟ་སྟེ། ངར་འཛིན་པ་དང་། ང་ཡིར་འཛིན་པ་རྣམས་འཇིག་ཚོགས་ལ་ལྟ་བ་དང་། ངའོ་སྙམ་པའི་ང་རྒྱལ་དང་། བདག་ལ་ཆགས་པ་དང་། མ་འདྲེས་པའི་མ་རིག་པ་དང་ལྷན་ཅིག་གི་དངོས་པོ་མཚུངས་པར་ལྡན་ཏེ། ཉོན་མོངས་པ་དེ་དག་ཀྱང་། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་རྣམ་པར་ཤེས་པ་ལ་འགལ་བ་མེད་པ་དང་། སྒྲིབ་ལ་ལུང་དུ་མ་བསྟན་པ་དང་ཡེ་ཡོད་པ་ཡིན་ནོ། །དེ་ལས་གཞན་པ་རྣམ་པར་བརྟགས་པ་རྣམས་ལ་ནི་རྐྱེན་ཇི་ལྟ་བ་བཞིན་དུ་འཇུག་པ་ཡིན་པར་རིག་པར་བྱའོ། །འཇིག་རྟེན་པའི་ལམ་ནི་ཡེ་ཡོད་པའི་ཉོན་མོངས་པ་བཞི་པོ་ཀུན་ཏུ་འགྲོ་བ་དེ་དག་ཉམས་པར་བྱེད་པའི་གཉེན་པོ་མ་ཡིན་ཏེ། འདི་ལྟར་དེ་དག་ནི་འདོད་ཆགས་དང་བྲལ་བ་རྣམས་ལ་ཡང་ཀུན་ཏུ་འབྱུང་བའི་ཕྱིར་རོ། །ཉོན་མོངས་པ་དེ་དག་ནི་གང་དུ་ལུས་སྐྱེས་པར་གྱུར་པའི་ས་དེ་པ་ཉིད་དེ། འདོད་ཆགས་དང་བྲལ་བ་ལ་ཡང་དེ་དག་ཉིད་ཀུན་ཏུ་འབྱུང་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ཀུན་གཞིའི་རྣམ་པར་ཤེས་པའི་ས་བོན་ལས་བྱུང་བ་ཁོ་ན་ཡིན་པས་དུས་རྟག་ཏུ་ཡོད་པ་དང་། མི་མཐུན་ཕྱོགས་དང་། གཉེན་པོའི་ཕྱོགས་ཀྱི་ཡུལ་གྱི་རྐྱེན་ཅན་མ་ཡིན་པའི་ཕྱིར་རོ། །དེ་དག་ནི་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ལ་ནི་ལམ་མངོན་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་ཀུན་ཏུ་འབྱུང་ངོ་། །སློབ་པ་བཞི་མཐོང་བ་ལ་ནི་འཇིག་རྟེན་པའི་ལམ་མངོན་དུ་གྱུར་ན་མི་འབྱུང་ངོ་། །དེ་ལས་ལངས་པ་ལ་ནི་ཀུན་ཏུ་འབྱུང་སྟེ། ཤིན་ཏུ་རྟོག་པའི་ཕྱིར་དང་། མ་སྤངས་པའི་ཕྱིར་རོ། །མི་སློབ་པ་ལ་ནི། རྣམ་པ་ཐམས་ཅད་དུ་ཀུན་ཏུ་མི་འབྱུང་ངོ་། །དེ་དག་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་ཁོ་ནས་ཅིག་ཆར་སྤོང་བར་རིག་པར་བྱའོ། །འདི་ལྟ་སྟེ། དཔེར་ན་དེ་ལས་གཞན་པའི་ཉོན་མོངས་པ་དག་ལྟར་རིམ་གྱིས་སྤངས་པ་ནི་མ་ཡིན་ཏེ། དེ་ལྟར་ན་དེ་ལྟ་བུ་དང་མཐུན་པ་དག་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་འཇུག་པ་རྣམ་པར་བཞག་པ་ཡིན་པར་རིག་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ལུང་འདི་ལས་ཉོན་ཡིད་རྟེན་གང་དུ་སྐྱེས་པའི་སར་གཏོགས་པ་དང་། གནས་སྐབས་གོང་དུ་མངོན་དུ་འགྱུར་བ་དང་། སྲིད་ཉོན་དགུ་པ་སྤོང་བའི་བར་ཆད་མེད་ལམ་གྱིས་ཅིག་ཅར་དུ་སྤོང་བ་དང་། ཆེ་འབྲིང་དགུའི་རྣམ་བཞག་མེད་པ་རྣམས་བསྟན་ཅིང་། ཅིག་ཆར་བ་ལ་འདོད་ཉོན་དགུ་པ་སྤངས་པ་དང་དུས་མཉམ་དུ་སྤངས་པ་ཡིན་ཀྱང་རིམ་གྱིས་པ་ལ་འདོད་ཉོན་དགུ་པ་སྤངས་པ་དང་། འདོད་པའི་སས་བསྡུས་ཀྱི་ཉོན་ཡིད་ཅིག་ཅར་དུ་སྤངས་པ་མི་སྲིད་པ་རྣམས་བསྟན་པ་ནི་གསུང་རབ་ཀྱི་གནད་དོ། །འདོད་པ་ལ་འདོད་ཆགས་དང་བྲལ་ཞེས་པའི་འདོད་པ་ནི་འདོད་པའི་ཡོན་ཏན་ལྔ་ཡིན་གྱི་ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་པས་གནད་མ་འཆུག་པ་གལ་ཆེའོ། །བཞི་པ་རིམ་གྱིས་པའི་དགྲ་བཅོམ་གྱི་སྐོར་ལ། ཞུགས་པ་དང་། འབྲས་གནས་གཉིས་ལས། དང་པོ་ལ་སྤངས་པའི་ཁྱད་པར་ནི། འདོད་ཉོན་དགུ་པ་སྤངས་སྲིད་ཉོན་དགུ་པ་མ་སྤངས་པའོ། །རྟོགས་པའི་ཁྱད་པར་ནི། འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ཐོབ་ཅིང་། སྲིད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་མ་ཐོབ་པའོ། །མཚན་ཉིད་ནི་ཕྱིར་མི་འོང་འབྲས་གནས་གང་ཞིག ཕྱིར་མི་འོང་གི་འབྲས་བུ་ཐོབ་རྗེས་སུ་ཁམས་གོང་གི་ཉོན་མོངས་སྤོང་བའི་སྦྱོར་བ་རང་རྒྱུད་ལ་ཐོབ་པའོ། །དབྱེ་བ་ལ་སྤངས་པའི་སྒོ་ནས་དབྱེ་བ་ནི་ཕྱིར་མི་འོང་འབྲས་གནས་ཀྱི་སྐབས་དང་ཁྱད་པར་མེད་ཅིང་། རྟོགས་པའི་སྒོ་ནས་དབྱེ་བ་ནི། དེ་ཉིད་ལས་འདོད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་དང་། རྗེས་ཐོབ་ལ་གནས་པ་གཉིས་ཕྲི་བས་ཉིས་བརྒྱ་བརྒྱད་ཅུ་གྱ་དྲུག་ཏུ་འགྱུར་རོ། །དབང་པོའི་སྒོ་ནས་དབྱེ་བ་ནི་སྔར་ལྟར་རོ། །གཉིས་པ་འབྲས་གནས་ལ་བཞི་ལས། སྤངས་པའི་ཁྱད་པར་ནི། ཁམས་གསུམ་གྱི་ཉོན་མོངས་མ་ལུས་པར་སྤངས་པའོ། །རྟོགས་པའི་ཁྱད་པར་ནི། སྲིད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ཐོབ་པའོ། །མཚན་ཉིད་ལ་སྤྱིར་དགྲ་བཅོམ་འབྲས་གནས་ཀྱི་མཚན་ཉིད་ཁམས་གསུམ་གྱི་ཉོན་མོངས་མ་ལུས་པར་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་ཉན་ཐོས། རིམ་གྱིས་པའི་དགྲ་བཅོམ་འབྲས་གནས་དང་། ཅིག་ཆར་བའི་དགྲ་བཅོམ་འབྲས་གནས་གཉིས་ལ་ནི་ཁམས་གསུམ་གྱི་ཉོན་མོངས་རྣམ་པས་རིམ་གྱིས་སྤངས་པའི་ཞེས་དང་། རྣམ་པས་ཅིག་ཆར་སྤངས་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་ཉན་ཐོས་ཞེས་སྦྱར་རོ། །བཞི་པ་དབྱེ་བ་ལ་སྤངས་པའི་སྒོ་ནས་དབྱེ་བ་དང་། སྐྱེ་བ་ལེན་ཚུལ་གྱི་སྒོ་ནས་དབྱེ་བ་དང་། ལམ་ལ་བརྩོན་མི་བརྩོན་གྱི་སྒོ་ནས་དབྱེ་བ་ནི་མེད་ཅིང་། རྟོགས་པའི་སྒོ་ནས་དབྱེ་ན་སྲིད་ཉོན་དགུ་པ་སྤངས་པའི་རྣམ་གྲོལ་ལམ་ལ་གནས་པའི་དང་། དེའི་རྗེས་ཐོབ་ལ་གནས་པ་དང་། མཐོང་ཆོས་བདེར་གནས་ལ་གནས་པ་གསུམ་དུ་དབྱེར་རུང་ངོ་། །རྟེན་གྱི་སྒོ་ནས་དབྱེ་ན་འདོད་པའི་རྟེན་ཅན་དགུ། གཟུགས་ཀྱི་རྟེན་ཅན་བཅུ་བདུན། གཟུགས་མེད་ཀྱི་རྟེན་ཅན་བཞི་སྟེ་སུམ་ཅུ་ཡོད་ལ། གཟུགས་ཀྱི་བར་སྲིད་ཀྱི་རྟེན་ཅན་མེད་པའི་རྒྱུ་མཚན་ནི་སྔར་བཤད་ཟིན་ཏོ། །དབང་པོའི་སྒོ་ནས་དབྱེ་ན། དུས་སྦྱོར་དང་། དུས་མི་སྦྱོར་གཉིས་སོ། །རིགས་ཀྱི་སྒོ་ནས་དབྱེ་ན། ཡོངས་སུ་ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པའི་ཆོས་ཅན་དང་། རྗེས་སུ་བསྲུང་བའི་ཆོས་ཅན་དང་། གནས་པ་ལས་མི་སྐྱོད་པ་དང་། རྟོགས་པའི་སྐལ་བ་ཅན་དང་། མི་གཡོ་བའི་ཆོས་ཅན་ཏེ་དྲུག་གོ །དེ་ལ་དང་པོ་ལྔ་ནི་དད་མོས་ཀྱི་རྒྱུ་ལས་བྱུང་བ་ཡིན་ཞིང་། དུས་སྦྱོར་ཞེས་བྱ་སྟེ། ཏིང་ངེ་འཛིན་མངོན་དུ་འགྱུར་བ་ཡོ་བྱད་དང་། ནད་མེད་པ་དང་། ཡུལ་གྱི་བྱེ་བྲག་ལ་ལྟོས་པའི་ཕྱིར་རོ། །དྲུག་པ་ནི་མཐོང་ཐོབ་ཀྱི་རྒྱུ་ལས་བྱུང་ཞིང་དུས་མི་སྦྱོར་ཞེས་བྱ་སྟེ་ཏིང་ངེ་འཛིན་འདོད་རྒུར་མངོན་དུ་འགྱུར་བའི་ཕྱིར་རོ། །དྲུག་པོ་དེ་དག་གི་མཚན་ཉིད་རིམ་བཞིན། དབང་པོ་རྟུལ་པོ་སྔོན་སྦྱོར་བ་གཉིས་དང་མི་ལྡན་པས་འདོད་ཡོན་གྱིས་སེམས་གཡེངས་པའམ་མ་གཡེངས་ཀྱང་རུང་རང་གི་ངང་གིས་མཐོང་ཆོས་ཀྱི་བདེར་གནས་ཀྱི་བསམ་གཏན་ལས་ཉམས་པར་འགྱུར་བའི་རིགས་ཅན་དང་། དབང་པོ་རྟུལ་པོ་སྔོན་སྦྱོར་བ་གཉིས་དང་མི་ལྡན་པས་སྐུ་ཚེའི་འདུ་བྱེད་མི་གཏོང་ན་ཉམས་ཤིང་། བཏང་ན་མི་ཉམས་པའི་རིགས་ཅན་དང་། དབང་པོ་སྔོན་རྒྱུན་དུ་སྦྱོར་བ་དང་ལྡན་པས་འདོད་ཡོན་ལས་སེམས་བསྲུངས་ན་ཉམས་པར་མི་འགྱུར་ཞིང་། མ་བསྲུངས་ན་ཉམས་པར་འགྱུར་བའི་རིགས་ཅན་དང་། དབང་པོ་རྟུལ་པོ་སྔོན་གུས་པར་སྦྱོར་བ་དང་ལྡན་པས་འདོད་ཡོན་ལས་རྣམ་པར་གཡེངས་སམ་མ་གཡེངས་ཀྱང་རུང་ཉམས་པར་མི་འགྱུར་ལ་དབང་པོ་རྣོན་པོར་ཡོངས་སུ་སྦྱོང་མི་ནུས་པའི་རིགས་ཅན་དང་། དབང་པོ་རྟུལ་པོ་འདོད་ཡོན་གྱིས་གཡེངས་སམ་མ་གཡེངས་ཀྱང་རུང་ཉམས་པར་མི་འགྱུར་ལ་དབང་པོ་རྣོན་པོར་སྦྱོང་ནུས་པའོ། །དབང་པོ་རྣོན་པོ་སྦྱོར་བ་གཉིས་ཀ་དང་ལྡན་པས་འདོད་ཡོན་གྱིས་ནམ་ཡང་མི་ཉམས་ཤིང་དབང་པོ་སྦྱོང་མི་དགོས་པའོ། །འདི་དག་དེའི་རིགས་ཅན་ཙམ་ལ་འཇོག་ན་ཁམས་གསུམ་ཆར་ན་ཡང་དགྲ་བཅོམ་པ་དྲུག་ཆར་ཡོད་ལ། ངེས་པའི་དབང་དུ་བྱས་ན་འདོད་པའི་ཁམས་ན་དྲུག་ཀ་ཡོད་ཅིང་། ཁམས་གོང་མ་གཉིས་ན་གནས་པ་ལས་མི་བསྐྱོད་པ་དང་། མི་གཡོ་བའི་ཆོས་ཅན་གཉིས་ཡོད་ཀྱི་གཞན་བཞི་པོ་མེད་པར་བཤད་དོ། །མཐོང་ཆོས་ལ་བདེར་གནས་ལས་ཉམས་མི་ཉམས་ཀྱི་སྒོ་ནས་འཇོག་པ་འདི་ནི་མདོ་སྡེ་པའི་ལུགས་ཡིན་གྱི་བྱེ་བྲག་ཏུ་སྨྲ་བས་ནི་འབྲས་བུ་ལས་ཉམས་མི་ཉམས་ཀྱི་སྒོ་ནས་འཇོག་པར་འདོད་དོ། །དེ་ལ་མདོ་སྡེ་པ་ན་རེ། འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་འབྲས་བུ་བར་པ་གཉིས་ལས་ཉམས་པ་སྲིད་ཀྱི་འབྲས་བུ་ཐོག་མཐའ་གཉིས་དང་། འདས་ལམ་གྱིས་ཐོབ་པའི་འབྲས་བུ་བར་པ་གཉིས་ལས་ཉམས་པ་ནི་མེད་དེ། འདི་ལ་ལུང་དང་རིགས་པ་གཉིས་ལས། ལུང་ནི་དགེ་སློང་དག་འཕགས་པའི་ཤེས་རབ་ཀྱིས་སྤངས་པ་གང་ཡིན་པ་དེ་ནི་སྤངས་པ་ཡིན་ནོ་ཞེས་གསུངས་པ་དང་། སློབ་པ་ལ་བག་ཡོད་པ་ལ་བག་ཡོད་པར་བྱའོ། །ཞེས་ང་སྨྲའོ་ཞེས་གསུངས་ཀྱི་དགྲ་བཅོམ་པ་ལ་ནི་མ་ཡིན་ནོ། །ཀུན་དགའ་བོ་དགྲ་བཅོམ་པ་ལ་ཡང་རྙེད་པ་དང་བཀུར་སྟིའི་བར་ཆད་བྱེད་པ་ཡིན་པར་ང་སྨྲའོ་ཞེས་གསུངས་པའི་མདོ་དེ་ལས་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པ་ཙམ་ཁོ་ན་ལས་ཡོངས་སུ་ཉམས་པར་འགྱུར་བར་གསུངས་པར་ཟད་དེ། འདིས་སེམས་རྣམ་པར་གྲོལ་བ་མི་གཡོ་བ་ལུས་ཀྱིས་མངོན་སུམ་དུ་བྱས་པ་གང་ཡིན་པ་དེ་ལས་ནི་རྣམ་གྲངས་གང་གིས་ཀྱང་ཡོངས་སུ་ཉམས་པར་འགྱུར་བ་ང་མི་སྨྲའོ་ཞེས་ཀྱང་གསུངས་སོ་ཞེས་གསུངས་པའི་ཕྱིར། གཉིས་པ་རིགས་པ་ལས་ཇི་ལྟ་བུ་ཞེ་ན། རེ་ཞིག་གལ་ཏེ་དགྲ་བཅོམ་པ་ལ་གང་གིས་ན་ཉོན་མོངས་པ་རྣམས་གཏན་དུ་མི་སྐྱེ་བའི་ཆོས་ཉིད་དུ་འགྱུར་བ་དེ་ལྟ་བུའི་གཉེན་པོ་གང་ཞིག་སྐྱེས་ན་ནི། ཇི་ལྟར་ན་ཡང་ཡོངས་སུ་ཉམས་པར་འགྱུར། འོན་ཏེ་མ་སྐྱེས་ཏེ་དེའི་ས་བོན་གྱི་ཆོས་ཅན་ཉིད་གཏན་དུ་རྩད་ནས་མ་བཏོན་ན་ནི་ཇི་ལྟར་ཟག་པ་ཟད་པ་ཡིན། ཟག་པ་མ་ཟད་ནའང་ཇི་ལྟར་དགྲ་བཅོམ་པ་ཉིད་ཡིན་ཏེ། རིགས་པ་ལས་ནི་དེ་ལྟ་བུ་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་ཅིག་ཅར་བ་ལ་གཉིས་ཏེ། གཞུང་ལས་ཇི་ལྟར་བཤད་པའི་ཚུལ། དེའི་དོན་བཤད་པའོ། །དང་པོ་ནི། མཛོད་ལས་ཅིག་ཅར་བའི་རྣམ་གཞག་མ་གསུངས་ཤིང་། ཀུན་ལས་བཏུས་ལས། རྒྱུན་དུ་ཞུགས་པའི་གང་ཟག་ཅེས་གང་གསུངས་པ་ལ། རྒྱུན་དུ་ཞུགས་པ་ནི་གཉིས་ཏེ། རིམ་གྱིས་པ་དང་ཅིག་ཅར་ངེས་པར་འབྱིན་པའོ། །རིམ་གྱིས་པ་ནི་ཇི་སྐད་བསྟན་པ་ཡིན་ནོ། །ཅིག་ཅར་ངེས་པར་འབྱིན་པ་ནི། གང་བདེན་པ་རྣམས་མངོན་པར་རྟོག་པར་བྱས་ནས་མི་ལྕོགས་པ་མེད་པ་ལ་བརྟེན་ཏེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་རྣམ་པས་ཅིག་ཅར་སྤོང་སྟེ། འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་སྟེ། འབྲས་བུ་གཉིས་ལ་གདགས་སོ། །ཕལ་ཆེར་ནི་མཐོང་བའི་ཆོས་སམ་འཆི་བའི་དུས་ཀྱི་ཚེ་ཀུན་ཤེས་པ་ཐོབ་པར་བྱེད་དོ། །གལ་ཏེ་མི་བྱེད་ནའང་དེ་སྨོན་ལམ་གྱི་སྟོབས་ཅན་ཡིན་ཏེ། སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་ཉིད་དུ་སྐྱེས་ཏེ་སངས་རྒྱས་འབྱུང་བ་མེད་པ་ན་རང་རྒྱལ་བར་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་ལ་ཉོན་མོངས་སྤོང་བའི་ཚུལ། འབྲས་བུ་གང་ལ་གདགས་པ། མྱང་འདས་མངོན་དུ་བྱེད་པའི་ཚུལ་དང་གསུམ་ལས། དང་པོ་ལ་ཡང་བཞི་སྟེ། གནས་སྐབས་གང་དུ་སྤོང་བ། ས་གང་ལ་བརྟེན་པ། ལམ་གང་གིས་སྤོང་བ། ཚུལ་ཇི་ལྟར་སྤོང་བའོ། །དང་པོ་ནི། བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་ཞེས་པ་སྟེ་མཐོང་ལམ་གྱི་རྗེས་སུ་སྤོང་བ་ཡིན་གྱི་སྔ་རོལ་དུ་ནི་མ་ཡིན་ཏེ། སོ་སོའི་སྐྱེ་བོའི་གནས་སྐབས་སུ་ས་གོང་འོག་གི་ཉོན་མོངས་ཅིག་ཅར་དུ་སྤོང་བའི་གཉེན་པོ་མེད་པའི་ཕྱིར་རོ། །གཉིས་པ་ནི། མི་ལྕོགས་པ་མེད་པ་ལ་བརྟེན་ཏེ་ཞེས་པ་སྟེ། བསམ་གཏན་གྱི་དངོས་གཞི་ལ་བརྟེན་པ་ནི་མེད་དེ། འདོད་པ་ལ་འདོད་ཆགས་དང་མ་བྲལ་བས་བསམ་གཏན་གྱི་དངོས་གཞི་མ་ཐོབ་པའི་ཕྱིར་རོ། །གསུམ་པ་ནི། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཞེས་པ་སྟེ། འཇིག་རྟེན་པའི་ལམ་གྱིས་ས་གོང་འོག་གི་ཉོན་མོངས་ཅིག་ཅར་དུ་སྤོང་མི་ནུས་པའི་ཕྱིར་རོ། །བཞི་པ་ནི་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་རྣམ་པས་ཅིག་ཅར་སྤོང་སྟེ་ཞེས་པ་སྟེ། འདོད་པའི་སས་བསྡུས་ཀྱི་ཉོན་མོངས་ཆེན་པོའི་ཆེན་པོ་ནས་སྲིད་རྩེའི་ཉོན་མོངས་ཆེན་པོའི་ཆེན་པོའི་བར་ཆེན་པོའི་ཆེན་པོ་དགུ་ཅིག་ཅར་དུ་སྤོང་བ་ནས་ཆུང་ངུའི་ཆུང་ངུ་དགུ་ཅིག་ཅར་དུ་སྤོང་བར་བྱེད་པ་ནི་རྣམ་པས་ཞེས་པའི་དོན་ཏོ། །གཞན་དུ་ན་ས་དགུ་ཆར་གྱི་སྒོམ་སྤང་ཐམས་ཅད་ཅིག་ཅར་དུ་སྤོང་བར་འགྱུར་རོ། །གཉིས་པ་འབྲས་བུ་གང་ལ་གདགས་པ་ནི། འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་སྟེ། འབྲས་བུ་གཉིས་ལ་གདགས་སོ་ཞེས་པ་སྟེ་འབྲས་བུ་བར་པ་གཉིས་ལ་ནི་བཞག་དུ་མེད་དེ། འདིས་འདོད་ཉོན་དྲུག་པ་སྤངས་པའི་ཚེ་གོང་མ་རྣམས་ཀྱི་དྲུག་པ་ཡང་སྤངས་པས་ཕྱིར་འོང་དུ་འགལ་བའི་ཕྱིར་དང་། འདོད་ཉོན་དགུ་པ་སྤངས་པའི་ཚེ་ཁམས་གོང་གི་ཉོན་མོངས་མ་ལུས་པར་སྤངས་པས་ཕྱིར་མི་འོང་དུ་འགལ་བའི་ཕྱིར་རོ། །གསུམ་པ་མྱང་འདས་མངོན་དུ་བྱེད་པའི་ཚུལ་ནི་ཕལ་ཆེར་ནི་མཐོང་བའི་ཆོས་སམ་ཞེས་སོགས་ཏེ། འདི་ནི་དབང་པོ་རྣོ་ཞིང་ང་རྒྱལ་ཤས་ཆེ་བ་རང་སངས་རྒྱས་ཀྱི་རིགས་དང་འདྲ་བ་ཡིན་པས་ཕལ་ཆེར་མཐོང་བའི་ཆོས་ལ་མྱང་འདས་མངོན་དུ་བྱེད་ཅིང་གལ་ཏེ་ཉོན་མོངས་ལྷག་མ་སྤོང་བར་མ་ནུས་ན་འདོད་ཉོན་མ་སྤངས་པས་འདོད་པ་ཁམས་སུ་སྐྱེ་བ་ལས་འོས་མེད་ཅིང་སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་ཁམས་སུ་སྐྱེས་ནས་རང་བྱུང་གི་བྱང་ཆུབ་མངོན་དུ་བྱེད་པར་གྱུར་ཅིག་ཅེས་པའི་སྨོན་ལམ་གྱི་མཐུས་ཞིང་དེ་འདྲར་སྐྱེས་ནས་རང་བྱང་ཆུབ་མངོན་དུ་བྱེད་པའོ། །འདི་ནི་བཟུང་དོན་རྟོག་པ་སྤོང་ཕྱིར་དང་ཞེས་པའི་སྐབས་ཀྱི་སྤངས་རྟོགས་ཀྱི་ཁྱད་པར་དང་མི་ལྡན་ཡང་འདོད་པ་ཁམས་ཀྱི་སྲིད་པ་ཐ་མ་པའི་རྟེན་ལ་སློབ་དཔོན་མེད་པར་རང་བྱུང་གི་བྱང་ཆུབ་མངོན་དུ་བྱས་པའི་ཕྱིར་ན་རང་སངས་རྒྱས་སུ་བཞག་པ་ཡིན་གྱི་ཉན་ཐོས་དང་སྤང་རྟོགས་ཁྱད་པར་མེད་དོ། །འདིར་ཁ་ཅིག་སངས་རྒྱས་འབྱུང་བ་དང་འཕྲད་ན། ཉན་ཐོས་ཀྱི་དགྲ་བཅོམ་དུ་འགྱུར་ཡང་སངས་རྒྱས་འབྱུང་བ་མེད་ན་རང་རྒྱལ་དུ་འགྱུར་ཞེས་པ་དང་། གཞན་དག་སངས་རྒྱས་འབྱུང་བ་དང་ཕྲད་ན་བྱང་ཆུབ་སེམས་དཔར་འགྱུར་ཀྱང་སངས་རྒྱས་འབྱུང་བ་མེད་ན་རང་རྒྱལ་དུ་འགྱུར་རོ་ཞེས་སྨྲ་བ་ནི་བྱིས་པའི་གཏམ་སྟེ། སྔ་མ་ལྟར་ན་སངས་རྒྱས་འབྱུང་བ་དང་ཕྲད་མ་ཕྲད་གཉིས་ཀྱི་ནང་ནས་མ་ཕྲད་པ་བཟང་བར་ཐལ་བའི་ཕྱིར་དང་། ཕྱི་མ་ལྟར་ན་ཐེག་ཆེན་སེམས་བསྐྱེད་མ་སྐྱེས་ན་སངས་རྒྱས་འབྱུང་བ་དང་ཕྲད་ཀྱང་། བྱང་ཆུབ་སེམས་དཔར་མི་འགྱུར་བའི་ཕྱིར་དང་། སྐྱེས་ན་མ་འཕྲད་ཀྱང་བྱང་ཆུབ་སེམས་དཔར་འགྱུར་བའི་ཕྱིར་ཏེ། རྒྱན་ལས། དོན་བྱས་མ་ཡིན་དེ་སངས་རྒྱས། །མེད་པར་སྐྱེས་ནས་སྤྲུལ་དོན་གཉེར། །བསམ་གཏན་དོན་བརྩོན་དེར་བསྟེན་ནས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཅིག་ཆར་བའི་རྒྱུན་ཞུགས་འབྲས་གནས་མཐོང་བའི་ཆོས་ལ་མྱང་འདས་མ་ཐོབ་པ་དེ་ང་རྒྱལ་ཤས་ཆེ་བའི་རིགས་ཅན་ཡིན་པས་སངས་རྒྱས་འབྱུང་བ་མེད་པའི་ཞིང་ཁམས་སུ་སྐྱེ་བར་སྨོན་ལམ་འདེབས་པར་འདྲ་ཡང་། དེར་སྐྱེས་ནས་རང་བྱང་ཆུབ་མངོན་དུ་བྱེད་པ་དང་། ཐེག་ཆེན་ལམ་དུ་ཞུགས་པ་གཉིས་ཡོད་པ་ལས། སྔ་མ་ནི་གཞུང་འདི་ནས་བཤད་པ་དེ་ཉིད་ཡིན་ཅིང་། ཕྱི་མ་ནི་རྒྱན་ལས་འབྱུང་བ་དེ་ཉིད་ཡིན་ནོ། །ཁ་ཅིག་འདོད་ཁམས་སུ་སྐྱེ་བ་ཡང་སྨོན་ལམ་གྱི་སྟོབས་ཀྱིས་ཡིན་པར་འདོད་པ་ནི་གཞུང་གི་གཅོད་མཚམས་མ་ཤེས་པས་རང་དགར་སྨྲ་བ་སྟེ། སྨོན་ལམ་མ་བཏབ་ན་དེ་གང་དུ་སྐྱེ་སྨྲོས་ཤིག དེས་ན་སྤྱིར་འདོད་ཁམས་སུ་སྐྱེ་བ་ཙམ་སྨོན་ལམ་གྱི་སྟོབས་ཀྱིས་མ་ཡིན་ཡང་། སངས་རྒྱས་འབྱུང་བ་མེད་པར་ན་འདོད་ཁམས་སུ་སྐྱེ་བ་ནི་སྨོན་ལམ་གྱི་སྟོབས་ཀྱིས་ཡིན་པ་ཁྱད་པར་ཕྱེད་པར་བྱའོ། །དེ་དག་གི་དོན་བསྡུས་པའི་རྣམ་གཞག་ལ་ཅིག་ཆར་བའི་རྒྱུན་ཞུགས་ཞུགས་གནས་དང་། ཅིག་ཆར་བའི་དགྲ་བཅོམ་ཞུགས་གནས་གཉིས་ལས། དང་པོའི་མཚན་ཉིད་རྒྱུན་ཞུགས་ཞུགས་པ་གང་ཞིག འདོད་ཉོན་དང་པོ་དང་སྲིད་ཉོན་དང་པོ་ཅིག་ཅར་དུ་སྤོང་བར་འགྱུར་བའོ། །གཉིས་པའི་མཚན་ཉིད་རྒྱུན་ཞུགས་འབྲས་གནས་གང་ཞིག འདོད་ཉོན་དགུ་པ་དང་སྲིད་ཉོན་དགུ་པ་ཅིག་ཆར་དུ་སྤང་བར་འགྱུར་བའོ། །གསུམ་པའི་མཚན་ཉིད། རྒྱུན་ཞུགས་འབྲས་གནས་གང་ཞིག འདོད་ཉོན་དང་པོ་དང་། སྲིད་ཉོན་དང་པོ་ཅིག་ཆར་དུ་སྤོང་བའི་སྦྱོར་བ་རང་རྒྱུད་ལ་ཐོབ་པའོ། །བཞི་པའི་མཚན་ཉིད་ནི་སྔར་བསྟན་ཟིན་ཏོ། །མངོན་པ་ནས་བཤད་པའི་མཚོན་བྱེད་དཔེའི་དགེ་འདུན་བཤད་ཟིན་ཏོ།། །།གསུམ་པ་མཚོན་བྱེད་དེས་མཚོན་བྱ་ཇི་ལྟར་མཚོན་པའི་ཚུལ་ལ་གསུམ་ཏེ། གཞུང་གི་དངོས་བསྟན་ཐེག་པ་གསུམ་གྱི་གང་ཟག་གང་ཡིན་དཔྱད་པ། དེ་དག་གི་ས་མཚམས་རྣམ་པར་བཞག་པ། ཇི་ལྟར་མཚོན་པའི་ཚུལ་དངོས་སོ། །དང་པོ་ནི། དབང་པོ་རྟུལ་དང་རྣོན་པོ་ལ་སོགས་པའི་གང་ཟག་ཉི་ཤུ་པོ་འདི་དག་བྱང་ཆུབ་སེམས་དཔའ་ཡིན་ནམ། དང་པོ་བཅུ་དགུ་ཉན་ཐོས་དང་། ཕྱི་མ་རང་སངས་རྒྱས་མཚན་ཉིད་པ་ཡིན། དང་པོ་ལྟར་ན་བྱང་ཆུབ་སེམས་དཔའ་ལ་རྒྱུན་ཞུགས་དང་། ཕྱིར་འོང་སོགས་ཡོད་པར་འགྱུར་ཞིང་། ཕྱི་མ་ལྟར་ན། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །ཞེས་པའི་དགེ་འདུན་དཀོན་མཆོག་གི་རྒྱས་བཤད་མིན་པར་འགྱུར་རོ་ཞེ་ན། ཕྱི་མ་ཁས་མི་ལེན་ཅིང་། དང་པོ་ཁས་བླངས་ཀྱང་། སྐྱོན་དེ་ཉིད་མི་གནས་ཏེ། དབང་པོ་རྟུལ་པོ་ལ་སོགས་པའི་མིང་གིས་འདོགས་པའི་ཕྱིར་རོ། །འོ་ན་འདོགས་པའི་རྒྱུ་མཚན། བཏགས་པའི་དགོས་པ། དངོས་ལ་གནོད་བྱེད་ཇི་ལྟར་ཞེ་ན། དང་པོ་ནི་འོག་མཚོན་ཚུལ་གྱི་སྐབས་སུ་འབྱུང་ཞིང་། གཉིས་པ་ནི་ཉན་ཐོས་པ་འགའ་ཞིག དགེ་འདུན་དཀོན་མཆོག་ནི་ཟུང་བཞི་ཡ་བརྒྱད་དང་། རང་སངས་རྒྱས་ཁོ་ན་ཡིན་གྱི་བྱང་ཆུབ་སེམས་དཔའ་ནི་ཚོགས་ལམ་ཁོ་ནར་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ་ཡིན་པས་དགེ་འདུན་དཀོན་མཆོག་གི་རྣམ་པར་བཞག་པ་བྱར་མེད་ཅིང་། དྲོད་ནས་ཟད་མི་སྐྱེ་ཤེས་ཀྱི་བར་མཉམ་གཞག་ཐུན་ཅིག་ལ་བསྐྱེད་པས་ས་བཅུའི་རྣམ་པར་གཞག་པ་ཡང་བྱར་མེད་དོ། །ཞེས་འདོད་པ་ལས་ལོག་རྟོག་དང་པོ་བཟློག་པའི་ཆེད་དུ་ཤེར་ཕྱིན་གྱི་མདོའི་དོན་བསྟན་བཅོས་འདིར་བྱང་ཆུབ་སེམས་དཔའ་ལ་དབང་པོ་རྟུལ་དང་རྣོན་པོ་ནས་རང་སངས་རྒྱས་ཀྱི་བར་ཉི་ཤུར་བཏགས་པའི་ཕྱིར་དང་། ཕྱི་མ་བཟློག་པའི་ཆེད་དུ་མདོ་གཞན་གྱི་དགོངས་པ་རིན་ཆེན་ཕྲེང་བ་ལས། ཇི་ལྟར་ཉན་ཐོས་ཐེག་པ་ལ། །ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལ། །བྱང་ཆུབ་སེམས་དཔའི་ས་བཅུའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་འདོགས་པའི་རྒྱུ་མཚན་ཡང་། བྱེ་བྲག་ཏུ་སྨྲ་བས་བྱང་ཆུབ་སེམས་དཔའ་འཁོར་བར་སྐྱེ་བ་ལེན་པ་ཐམས་ཅད་ཚོགས་ལམ་ཁོ་ནར་ལེན་པ་ཡིན་གྱི། དྲོད་ཡན་ཆད་ནས་འཁོར་བར་སྐྱེ་བ་ལེན་པ་མི་སྲིད་པའི་ཕྱིར་ཏེ། དྲོད་ཐོབ་པའི་རྟེན་དེ་ཉིད་ལ་མངོན་པར་རྫོགས་པར་སངས་རྒྱ་བ་ཡིན་པའི་ཕྱིར། འཁོར་བར་སྐྱེ་བ་ལེན་པའི་འཕགས་པ་ཡིན་ན། ཉན་ཐོས་ཡིན་པས་ཁྱབ་སྟེ། རྒྱུན་ཞུགས་དང་། ཕྱིར་འོང་དང་། ཕྱིར་མི་འོང་གསུམ་ལས་གཞན་པའི་འཕགས་པ་འཁོར་བར་སྐྱེ་བ་ལེན་པ་མི་སྲིད་པའི་ཕྱིར་རོ། །དེས་ན་འཁོར་བར་སྐྱེ་བ་ལེན་པའི་འཕགས་པ་ཡིན་ན། སྲིད་པ་ལན་བདུན་པ་སོགས་མངོན་པ་ནས་བཤད་པ་རྣམས་ཡིན་དགོས་ཤིང་། དེ་དག་བྱང་སེམས་ལ་མེད་པའི་ཕྱིར་ན། བྱང་སེམས་འཕགས་པ་གཞན་དོན་དུ་འཁོར་བར་སྐྱེ་བ་ལེན་པ་ཉིད་མི་འཐད་དོ་ཞེས་མཐའ་གཅིག་ཏུ་དམ་བཅའོ། །དེ་བཟློག་པའི་ཆེད་དུ་ཤེར་ཕྱིན་གྱི་མདོར། བྱང་ཆུབ་སེམས་དཔའ་ལའང་སྐྱེ་བ་ལེན་ཚུལ་འདི་དང་འདི་ལྟ་བུ་ཡོད་པས། རྒྱུན་ཞུགས་དང་ཕྱིར་འོང་ལ་སོགས་པའི་མིང་གིས་གདགས་སུ་རུང་བས་ན་ཉན་ཐོས་འཕགས་པ་ལ་སྐྱེ་བ་ལེན་ཚུལ་གྱི་སྒོ་ནས་གང་ཟག་བཅུ་དགུའི་རྣམ་གཞག་བྱེད་པ་ཇི་ལྟ་བ་བཞིན་དུ་བྱང་སེམས་འཕགས་པ་ལ་ཡང་ཡོད་པར་ཤེས་པར་གྱིས་ཤིག ཅེས་འདོམས་པ་ཡིན་ནོ། །བྱེ་བྲག་ཏུ་སྨྲ་བས་སངས་རྒྱས་དང་ཉན་ཐོས་མི་བཞུགས་པའི་འཇིག་རྟེན་གྱི་ཁམས་སུ་སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱིས་ཆོས་སྟོན་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་དེ་ཡིན་ན། རང་སངས་རྒྱས་ཡིན་པས་ཁྱབ་པར་སྨྲ་བ་དེ་བཟློག་པའི་ཆེད་དུ། ཤེར་མདོར། དོན་བྱེད་ཚུལ་དེ་བྱང་ཆུབ་སེམས་དཔའ་ལ་ཡང་ཡོད་པས་བྱང་ཆུབ་སེམས་དཔའ་ལ་ཡང་རང་སངས་རྒྱས་ཀྱི་མིང་གིས་གདགས་སུ་རུང་བར་བསྟན་ཏོ། །ཡང་བྱེ་བྲག་ཏུ་སྨྲ་བས། རིགས་ཀྱི་ས་དང་། བརྒྱད་པའི་ས་ལ་སོགས་པ་རྗེས་ཐོབ་ཀྱིས་བར་དུ་ཆོད་པའི་ས་སོ་སོའི་རྣམ་པར་བཞག་པ་ཉན་ཐོས་ཀྱི་སྦྱོར་ལམ་ཡན་ཆད་དུ་ཡོད་པ་ཡིན་གྱི་བྱང་ཆུབ་སེམས་དཔའ་ལ་ནི་དྲོད་ནས་བཟུང་སྟེ་མི་སློབ་ལམ་གྱི་བར་མཉམ་བཞག་ཐུན་གཅིག་ཡིན་པས་རྗེས་ཐོབ་ཀྱིས་བར་དུ་ཆོད་པའི་ས་སོ་སོའི་རྣམ་པར་བཞག་པ་མེད་པར་སྨྲ་བ་དེ་དགག་པའི་ཆེད་དུ། རིན་ཆེན་ཕྲེང་བ་ལས་སྔར་གྱི་གཞུང་དེ་བཤད་པ་ཡིན་ནོ། །དེ་ལྟར་ཤེར་ཕྱིན་གྱི་མདོར། བྱང་ཆུབ་སེམས་དཔའ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་དགེ་འདུན་གྱི་མིང་གིས་བཏགས་ནས་གསུངས་པ་ལ་དེ་དག་ཉན་ཐོས་དང་རང་སངས་རྒྱས་མཚན་ཉིད་པ་ཡིན་པར་བཟུང་བའི་དགེ་སློང་འགའ་ཞིག་བྱུང་བས་དེ་དག་གི་འདུ་ཤེས་བཟློག་པའི་ཆེད་དུ་ཕྱིར་མི་ལྡོག་པ་འཁོར་ལོའི་མདོར། སྔར་གྱི་དེ་དག་ནི་བྱང་ཆུབ་སེམས་དཔའ་ལ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་དགེ་འདུན་གྱི་མིང་གིས་བཏགས་པ་ཡིན་གྱི་བརྒྱད་པ་ལ་སོགས་པ་མཚན་ཉིད་པ་མ་ཡིན་ནོ་ཞེས་བསྟན་ཏེ། མདོ་དེ་ཉིད་དུ། ཀུན་དགའ་བོ་དགེ་སློང་དེ་དག་ནི་ཆུ་མིན་པ་ལ་ཆུར་འདུ་ཤེས་པ་བཞིན་དུ་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་མ་ཡིན་པ་ལ་དེ་དག་ཏུ་འདུ་ཤེས་པ་དང་། ཕུང་པོ་མ་ཡིན་པ་ལ་ཕུང་པོར་འདུ་ཤེས་པ་དག་སྟེ། དེ་དག་གི་འདུ་ཤེས་རྣམ་པར་གྲོལ་བའི་དོན་དུ་ང་ལ་ཆོས་བསྟན་དུ་ཡོད་པས་ཁྱོད་ཀྱི་ཕྱོགས་དང་ཕྱོགས་ཐམས་ཅད་དང་རིའི་གསེབ་ན་འདུག་པའི་དགེ་སློང་དག་བོས་ཤིག་འོང་བར་འགྱུར་རོ། །ཞེས་གསུངས་པས། ཀུན་དགའ་བོས་དེ་བཞིན་དུ་བསྒྲུབ་པ་དང་། དེར་དགེ་སློང་རྣམས་འདུས་པ་ན་ཀུན་དགའ་བོས་བཅོམ་ལྡན་འདས་འཁོར་འདི་ན་འཁོར་བཞི་པོ་དག་ཀྱང་མང་། ལྷ་བརྒྱད་སྟོང་དག་ཀྱང་མང་ངོ་། །དེ་མ་ལགས་པ་རྒྱུན་དུ་ཞུགས་པའི་འབྲས་བུར་འདུ་ཤེས་པ་ལ་སོགས་པ་ཡང་མང་དུ་མཆིས་པས་ཞེས་སྔ་མ་རྣམས་བརྗོད་དེ། བཅོམ་ལྡན་འདས་ལ་ཆོས་བསྟན་པར་ཞུས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དད་པས་རྗེས་སུ་འབྲང་བར་བསྟན་ནོ་ཞེས་པས་རང་སངས་རྒྱས་ཀྱི་བར་དུ་བསྟན་ནོ་ཞེས་གསུངས་སོ། །དེས་ན་བསྟན་བཅོས་འདིར་བྱང་ཆུབ་སེམས་དཔའ་ལ་དབང་རྟུལ་དང་དབང་པོ་རྣོན་པོ་ལ་སོགས་པའི་རྣམ་གཞག་མེད་དམ་སྙམ་པའི་ལོག་རྟོག་དགག་པའི་ཆེད་དུ་དེ་དག་གི་མིང་གིས་འདོག་པར་གསུངས་པས་ན་འདོགས་པའི་རྒྱུ་མཚན་ཁོ་ན་གསུངས་ཤིང་། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས་ནི་བྱང་ཆུབ་སེམས་དཔའ་ལ་བརྒྱད་པ་ལ་སོགས་པ་མཚན་ཉིད་པར་འཛིན་པའི་ལོག་རྟོག་བཟློག་པའི་ཆེད་དུ་དངོས་ལ་གནོད་བྱེད་དང་། འདོགས་པའི་རྒྱུ་མཚན་གཉིས་ཀ་གསུངས་ཏེ། ཆུ་མ་ཡིན་པ་ལ་ཆུར་འདུ་ཤེས་པ་བཞིན་དུ་རྒྱུན་དུ་ཞུགས་པ་ནས་རང་སངས་རྒྱས་ཀྱི་བར་མ་ཡིན་པ་ལ་དེ་དག་ཏུ་འདུ་ཤེས་པ་ཞེས་པས་ནི་དངོས་ལ་གནོད་བྱེད་བསྟན་ཅིང་། ལོག་པ་བརྒྱད་ལས་ཤིན་ཏུ་འདས། །རྣམ་པར་ཐར་བ་བརྒྱད་ལ་རེག །ཡང་དག་བརྒྱད་ལ་ཞེན་པ་མེད། །དེ་ཕྱིར་བརྒྱད་པ་ཞེས་བྱ་བའོ། །སངས་རྒྱས་མཐོང་བས་ཆགས་མེད་ལ། །སེམས་ཅན་དཔག་མེད་དད་པར་བྱེད། །དེ་ནི་དེ་ལ་ཆགས་པ་མེད། །དེ་ཕྱིར་བློ་ལྡན་དད་པས་འབྲང་། །སངས་རྒྱས་ཆོས་ལས་རྣམ་ཀུན་ཏུ། །ཆོས་ལས་ལྡོག་པར་མི་བྱེད་ཅིང་། །ཆོས་ཉིད་འདི་དག་འཛིན་བྱེད་དེ། །དེ་ཕྱིར་ཆོས་རྗེས་འབྲང་ཞེས་བྱ། །ལམ་ལ་རྒྱུན་ཞེས་ངས་བརྗོད་དེ། །བསམ་དུ་མེད་པས་སངས་རྒྱས་ལམ། །གང་དག་ལ་ལ་འདིར་གནས་པ། །དེ་དང་དེ་ནི་རྒྱུན་ལ་གཞོལ། །གང་གི་བྱང་ཆུབ་འགྲུབ་འགྱུར་བ། །རྐྱེན་རྣམས་མང་པོ་རབ་གསུངས་པ། །རྐྱེན་འདི་ཤེས་པར་བྱའོ་ཞེས། །དེ་དག་ཚོལ་ཞིང་འོངས་པ་ཡིན། །འགྲོ་བ་རྣམ་གསུམ་གང་དུ་ཡང་། །དེ་ནི་ཕྱིར་ཞིང་མི་འགྲོ་སྟེ། །སངས་རྒྱས་ཆོས་རྣམས་ཐོབ་པས་ན། །དེ་ནི་ཕྱིར་མི་འོང་ཞེས་བརྗོད། །ཉི་ཚེའི་སྤྱོད་པ་གང་ཡིན་པ། །སྤྱོད་པ་ཐམས་ཅད་དེ་ཡིས་ཤེས། །དེས་དེ་དགྲ་བཅོམ་ཞེས་བྱ་བ། །ཞེས་དང་། ཀུན་དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟེན་འབྲེལ་བཅུ་གཉིས་ཀྱི་རང་བཞིན་མངོན་དུ་གྱུར་པ་ཡིན་ཏེ། དེ་ལྟ་བས་ན་རང་སངས་རྒྱས་ཞེས་བྱའོ། །ཞེས་པ་རྣམས་ཀྱིས་ནི་འདོགས་པའི་རྒྱུ་མཚན་བསྟན་པའི་ཕྱིར་རོ། །གཉིས་པ་དེ་དག་གི་ས་མཚམས་རྣམ་པར་གཞག་པ་ནི། འདིར་བསྟན་གྱི་དགེ་འདུན་ཉི་ཤུ་པོ་དེ་དག་ལམ་གྱི་ས་མཚམས་གང་ནས་བཞག་ཅེ་ན། གཞོན་ནུ་ཚུལ་ཁྲིམས་ཀྱིས། རཏྣ་ཀིརྟིའི་ལུགས་ལ་ཚོགས་ལམ་ནས་བཞག་པ་ཡིན་ཟེར་ཀྱང་དེའི་ལུགས་ལ་སྤྱིར་བྱང་ཆུབ་སེམས་དཔའི་དགེ་འདུན་ཙམ་ཚོགས་ལམ་ནས་བཞག་པར་སྣང་ཡང་འདིར་བསྟན་གྱི་དགེ་འདུན་ཚོགས་ལམ་ནས་བཞག་པ་མི་སྣང་སྟེ། ད་ནི་འཕགས་པའི་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་ཐུན་མོང་གི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་གསུངས་པ། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་སོགས་གསུངས་པའི་ཕྱིར་རོ། །ཤཱནྟི་པས། སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །ཞེས་པའི་རྗེས་སུ་འབྲངས་ནས་བྱང་སེམས་ཀྱི་སྦྱོར་ལམ་དྲོད་ནས་འཇོག་པར་མཛད་དོ། །འཕགས་སེང་གཉིས་ཀྱིས་རྒྱུད་བླ་མར། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ། །ཞེས་པའི་རྗེས་སུ་འབྲངས་ནས་ས་དང་པོ་ཡན་ཆད་དུ་འཇོག་པར་མཛད་དོ། །ལོ་ཆེན་གྱིས་དེ་དག་ཀྱང་། རྒྱུན་ཞུགས་ཀྱི་སྐོར་རྣམས་འཇིག་རྟེན་ལས་འདས་པའི་སེམས་དང་པོ་བསྐྱེད་པ་དང་། ཕྱིར་འོང་གི་སྐོར་དང་། ཕྱིར་མི་འོང་ཞུགས་པ་ནི་སྤྱོད་པ་ལ་ཞུགས་པ་དང་། ཕྱིར་མི་འོང་འབྲས་གནས་རྣམས་ནི་ཕྱིར་མི་ལྡོག་པ་དང་། དགྲ་བཅོམ་ཞུགས་པ་ནི་སྐྱེ་བ་གཅིག་གིས་ཐོགས་པ་ལ་འཇོག་པར་མཛད་དོ། །འོན་ཀྱང་ས་མཚམས་འདི་བཞིན་དུ་འཇོག་པ་དང་། མཚོན་ཚུལ་སྤངས་རྟོགས་ཀྱི་སྒོ་ནས་མཚོན་པ་གཉིས་མི་འགྲིག་སྟེ། སྤང་བྱའི་ཉོན་མོངས་དེ་དག་ཉོན་སྒྲིབ་ལ་འཇོག་ན་ནི་ས་དང་པོ་ནས་སྤངས་ཟིན་པའི་ཕྱིར་དང་། ཉོན་སྒྲིབ་ཀྱི་བག་ཆགས་ལ་འཇོག་ན་ནི་ཕྱིར་མི་འོང་དུ་བཞག་པའི་ཚེ་འདོད་པའི་སས་བསྡུས་ཀྱི་ཉོན་སྒྲིབ་ཀྱི་བག་ཆགས་སྤངས་ཟིན་པར་ཐལ་བའི་ཕྱིར་རོ། །གཞན་ཡང་བྱང་ཆུབ་སེམས་དཔས་ཤེས་སྒྲིབ་སྤོང་ཚུལ་ཅིག་ཆར་བའི་སྤོང་ཚུལ་ལྟར་འཐད་པའི་ཕྱོགས་ཡིན་པས་ཉོན་སྒྲིབ་ཀྱི་བག་ཆགས་སྤོང་ཚུལ་གྱི་སྒོ་ནས་འདི་ལྟ་བུའི་རྣམ་གཞག་འཇོག་པ་དཀའོ། །དེས་ན་སྔོན་གྱི་མཁས་པ་གཞོན་ནུ་ཚུལ་ཁྲིམས། མཁས་གྲུབ་གཡག་པ་ལ་སོགས་པ་མང་པོས་སྐྱེ་བ་ལེན་ཚུལ་གང་དང་གང་ཡོད་པའི་བྱང་སེམས་དེ་དང་དེ་ལ་དབང་པོ་རྟུལ་དང་རྣོན་པོ་ལ་སོགས་པའི་མིང་གིས་འདོགས་པ་ཡིན་གྱི་ས་མཚམས་འདི་ན་ཡོད་ཀྱི་ངེས་པ་མེད་པར་བཞེད་པ་ཉིད་ལེགས་སོ། །གསུམ་པ་ཇི་ལྟར་མཚོན་པའི་ཚུལ་དངོས་ནི་འཕགས་སེང་གཉིས་ཀྱིས་ནི་སྤངས་རྟོགས་ཆ་འདྲ་བའི་སྒོ་ནས་མཚོན་པར་བཞེད་དེ། ཉི་ཁྲི་སྣང་བ་ལས། དེ་ལ་ལམ་ཤེས་པ་ཉིད་ལ་ས་དགུ་པོ་རྣམས་ཀྱི་ཉོན་མོངས་པ་ཆེན་པོའི་ཆེན་པོ་ལ་སོགས་པ་སྤངས་པའི་དོན་དུ་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་སྒོམ་པའི་ལམ་རྣམ་པ་དགུ་འཆད་པར་འགྱུར་བ་གང་ཡིན་པ་དེ་ལས་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བ་གང་ཡིན་པའི་གང་ཟག་གིས་གལ་ཏེ་རྣམ་པ་དྲུག་པའམ་བདུན་པ་དང་། བརྒྱད་པ་སྔར་སྤངས་པར་འགྱུར་ན་ནི་དེ་ལས་དེ་དག་འབྲས་བུ་གཉིས་པ་ལ་ཞུགས་པར་འགྱུར་རོ། །གལ་ཏེ་རྣམ་པ་དགུ་པ་སྤངས་པའི་ཕྱིར་འདོད་པའི་ཁམས་སམ་གོང་མ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ལ་འདོད་ཆགས་དང་བྲལ་བར་འགྱུར་ན་ནི། དེ་ལས་འབྲས་བུ་གསུམ་པ་ལ་ཞུགས་པ་ཡིན་ནོ། །ཞེས་དང་། སློབ་དཔོན་གྱི་འགྲེལ་ཆེན་ལས། མཐོང་བའི་ལམ་སོ་སོར་མངོན་པར་རྟོགས་པ་ལས་ཀྱང་སྐད་ཅིག་མ་གཅིག་ཡིན་ན་ཞུགས་གནས་ཀྱི་རྣམ་གཞག་མི་རུང་བར་ཐལ་བས་སུན་ཕྱུང་བས་ཀྱང་རྟོགས་པའི་སྒོ་ནས་མཚོན་པར་གསལ་བའི་ཕྱིར་རོ། །འོན་ཀྱང་ཉན་རང་གི་སྤངས་རྟོགས་ས་དང་པོ་ནས་རྫོགས་པ་ཤེར་ཕྱིན་གྱི་མདོ་དང་། མངོན་རྟོགས་རྒྱན་དང་། རྒྱུད་བླ་མ་དང་། འཕགས་སེང་གཉིས་ཆར་གྱི་བཞེད་པར་གྲུབ་ཅིང་། དེ་ཡི་ཚེ་སྤངས་རྟོགས་ཀྱི་སྒོ་ནས་མཚོན་པར་མི་རུང་སྟེ། བྱང་སེམས་འཕགས་པ་ཉན་རང་དགྲ་བཅོམ་དང་། ཉོན་སྒྲིབ་སྤངས་པ་དང་། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཆ་ནས་སྤངས་རྟོགས་མཉམ་ཤིང་། ཐེག་ཆེན་རང་གི་སྤངས་རྟོགས་ཐུན་མོང་མ་ཡིན་པའི་སྒོ་ནས་ཁྱད་པར་དུ་འཕགས་པར་གྲུབ་བཞིན་དུ་ཡང་ཉན་ཐོས་སློབ་པ་དང་། སྤངས་རྟོགས་འདྲ་བསྒྲིགས་པ་འདི་ནི་ཤིན་ཏུ་འགྲུབ་པར་དཀའ་བའི་ཕྱིར་རོ། །གལ་ཏེ་ཉན་ཐོས་ཀྱི་ཉོན་སྒྲིབ་སྤོང་ཚུལ་གྱི་རྣམ་གཞག་དེས་བྱང་སེམས་ཀྱི་ཤེས་སྒྲིབ་སྤོང་ཚུལ་མཚོན་ནུས་པ་ཡིན་ནོ་སྙམ་ན། དེ་ལྟར་ན་ཤེས་སྒྲིབ་ཅིག་ཅར་བའི་ལུགས་ལྟར་སྤོང་བ་ལ་ནི་གཏན་མི་འགྲིག་ཅིང་། རིམ་གྱིས་སྤོང་བའི་ལུགས་ལ་ཡང་གཏན་མི་འགྲིག་སྟེ། ས་ལྔ་པ་ལ་གནས་པའི་བྱང་སེམས་ཀྱིས་འདོད་པའི་སས་བསྡུས་ཀྱི་ཤེས་སྒྲིབ་སྤངས་པར་ཁས་ལེན་དགོས་པས་ཕྱིར་མི་འོང་དུ་བཞག་དགོས་པར་ཐལ་བའི་ཕྱིར་རོ། །དེས་ན་མདོ་དང་། བསྟན་བཅོས་ཀྱི་དགོངས་པ་ནི་འདི་ལྟར་ཡིན་ཏེ། ཉན་ཐོས་ཀྱི་དགེ་འདུན་རྣམས་ཀྱིས་ནི་སྐྱེ་བ་ལེན་ཚུལ་གྱི་སྒོ་ནས་མཚོན་ཏེ། མདོ་ལས་སྐྱེ་བ་ལེན་ཚུལ་གྱི་སྒོ་ནས་མཚོན་པ་ཁོ་ན་བཤད་ཀྱི། སྤངས་རྟོགས་ཀྱི་སྒོ་ནས་མཚོན་ཚུལ་ཅུང་ཟད་ཀྱང་མ་གསུངས་པའི་ཕྱིར་དང་། སྐྱེ་བ་ལེན་ཚུལ་གྱི་སྒོ་ནས་མཚོན་པའི་ཚེ་ཉན་ཐོས་དགྲ་བཅོམ་གྱིས་བྱང་སེམས་འཕགས་པ་མཚོན་མི་ནུས་པས་སྐབས་འདིར་དགྲ་བཅོམ་མ་བཤད་པ་ཡང་འདི་ལ་འགྲིག་པའི་ཕྱིར་དང་། སྤངས་རྟོགས་ཀྱི་སྒོ་ནས་མཚོན་ན། ཉན་ཐོས་དགྲ་བཅོམ་གྱིས་ཀྱང་བྱང་སེམས་འཕགས་པ་མཚོན་ནུས་པས། དགྲ་བཅོམ་འབྲས་གནས་ཀྱང་བཤད་རིགས་པར་ཐལ་བའི་ཕྱིར་རོ། །འོ་ན་མདོ་ལས། ལྷ་ཚེ་རིང་པོར་སྐྱེ་བའི་བྱང་སེམས་དང་། གཟུགས་མེད་དུ་སྐྱེ་བ་ལེན་པའི་བྱང་སེམས་བཤད་པས་སྐྱེ་བ་ལེན་ཚུལ་འདི་དག་བྱང་སེམས་འཕགས་པ་ལ་མེད་དོ་སྙམ་ན། རྩོད་པ་འདི་ནི་གཉིས་ཀ་ལ་ཡང་ཡོད་མོད་ཀྱི། དེ་ཡི་ནུས་པ་ཡོད་པ་ཙམ་ལ་དགོངས་པ་ལས། ལན་གཞན་མེད་དོ། །འབྲེས་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ལྷ་ཚེ་རིང་པོར་སྐྱེ་བར་བཤད་པ་ནི་འབྱུང་བའི་འདུ་ཤེས་སྔོན་དུ་མ་བཏང་བས། ཕྱིས་ལོག་ལྟ་མི་སྐྱེ་བས་ན་དེར་སྐྱེས་ཀྱང་མི་ཁོམ་པའི་གནས་མ་ཡིན་གྱི་སྐྱེ་བ་བཟློག་མི་ཤེས་པ་དབང་མེད་དུ་སྐྱེ་བར་ཟད་དོ། །ཞེས་གསུངས་པ་ནི་མི་འཐད་དེ། བྱང་སེམས་འཕགས་པ་དབང་མེད་དུ་སྐྱེ་བ་ལེན་པ་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ལས་མ་བཤད་པའི་ཕྱིར་རོ། །རང་སངས་རྒྱས་ཀྱི་དགེ་འདུན་གྱི་གཞན་དོན་ཕྲིན་ལས་བྱེད་ཚུལ་གྱི་སྒོ་ནས་མཚོན་ཏེ། མདོ་ལས་ཀྱང་འདི་ཉིད་འབྱུང་བའི་ཕྱིར་དང་། སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་ཁམས་སུ་རང་སངས་རྒྱས་སུ་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པ་ནི་བྱང་ཆུབ་སེམས་དཔའ་ལ་ཡོད་པའི་ཕྱིར་རོ། །མདོར་ན་མདོ་ལས་བཤད་པ་ལྟར་གྱི་སྐྱེ་བ་ལེན་ཚུལ་དང་། གཞན་དོན་ཕྲིན་ལས་བྱེད་ཚུལ་གང་ལ་ཡོད་པའི་བྱང་སེམས་འཕགས་པ་དེ་མཚན་གཞི་བཟུང་ནས་གང་ཟག་ཉི་ཤུ་པོ་དེ་དང་དེའི་མིང་གི་འདོགས་པའི་རྒྱུ་མཚན་ཡོད་དེ། སྐྱེ་བ་ལེན་ཚུལ་འདི་དང་གཞན་དོན་ཕྲིན་ལས་བྱེད་ཚུལ་འདི་ཚང་བའི་ཕྱིར། ཞེས་བཀོད་པར་བྱ་བ་ཡིན་ནོ།། །།བདེ་གཤེགས་སྙིང་པོ་ཇི་བཞིན་གཟིགས་པ་ཡིས། །ལས་ཉོན་དབང་གིས་སྐྱེ་འཆི་རབ་སྤངས་ཀྱང་། །གཞན་གྱི་དོན་དུ་སྐྱེ་འཆིའི་ཚུལ་སྟོན་ཅིང་། །སྒྲ་མེད་ལུས་ཀྱིས་ཆོས་སྟོན་མཚོན་བྱ་ཡིན། །རྗེས་འབྲང་གཉིས་ནས་ལུས་མངོན་བྱེད་ཀྱི་བར། །ལས་ཉོན་དབང་གི་སྐྱེ་འཆི་ལེན་ཚུལ་དང་། །བསེ་རུ་ལྟ་བུ་སངས་རྒྱས་མེད་ཞིང་དུ། །སྒྲ་མེད་ལུས་ཀྱིས་ཆོས་སྟོན་མཚོན་བྱེད་ཡིན། །མི་ལྡོག་འཁོར་ལོའི་མདོ་ལས་མཚོན་ཚུལ་ནི། །གཞན་དུ་བཤད་ཀྱང་མདོ་ལས་གསུངས་པ་ཡི། །མཚོན་ཚུལ་སྐྱེ་བ་ལེན་དང་ཆོས་སྟོན་པ། །མདོ་ལས་གསུངས་ཤིང་རིགས་པས་ལེགས་པར་གྲུབ། །འདི་འདྲའི་ཆོས་ཚུལ་གང་གིས་སྨྲ་བ་ནི། །མདོ་སྔགས་གཞུང་ལ་བློ་གྲོས་རབ་སྦྱངས་པ། །མདོ་ཁམས་འབུམ་གྱི་ཡུལ་དུ་སྐྱེས་པ་ཡི། །བསོད་ནམས་སེང་གེ་ཡིན་ཞེས་གསང་མཐོར་སྒྲོགས། །འདི་སྦྱར་དགེ་བ་ཉིན་མོར་བྱེད་པ་དེས། །མཁའ་མཉམ་འགྲོ་བའི་བློ་མུན་ཀུན་བསལ་ནས། །ཤེར་ཕྱིན་གཞུང་གི་པད་ཚལ་ཁ་ཕྱེ་སྟེ། །ངེས་དོན་སྦྲང་རྩིའི་དཔལ་ལ་རོལ་བར་ཤོག། །།དགེ་འདུན་དཀོན་མཆོག་གི་རྣམ་གཞག་སྐྱེས་བུ་མཆོག་གི་གསལ་བྱེད་ཅེས་བྱ་བ་འདི་ནི། སྡེ་སྣོད་འཛིན་པ་དུ་མས་ཡང་ཡང་བསྐུལ་ཞིང་། ལ་སྟོད་པ་གཞོན་ནུ་བཟང་པོས་འཕྲལ་དུ་བསྐུལ་ཏེ་ཡི་གེའི་རྐྱེན་སྦྱར་བ་ལ་བརྟེན་ནས། སྨྲ་བའི་ཁྱུ་མཆོག་སངས་རྒྱས་འཕེལ་གྱི་ཞབས་རྡུལ་ལ་རེག་པ་ཤཱཀྱའི་དགེ་སློང་བསོད་ནམས་སེང་གེས་ལྕགས་ཕོ་སྟག་གི་ལོ་ཆོ་འཕྲུལ་ཆེན་པོའི་སྐར་མ་རྒྱལ་ལ་བབ་པའི་ཚེ་རྟ་ནག་གསེར་གླིང་གི་དགོན་པར་སྦྱར་བའོ།། །།འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག། །དགེའོ། །དགེའོ། །དགེའོ།། །།


previousཞུགས་གནས་ཀྱི་རྣམ་གཞག་སྐྱེས་བུ་མཆོག་གི་གསལ་བྱེད།next