Nitartha Digital Library
Tibetan
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ།


   
   
   
   
   
   
ཡང་དག་པར་རྫོགས་པའི་སངས་རྒྱས་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པའི་རྣམ་པར་བཤད་པ་གཞན་ཕན་ཀུན་ཁྱབ།
   
   
   
   
   
   
   
   
   


 
previousཡང་དག་པར་རྫོགས་པའི་སངས་རྒྱས་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པའི་རྣམ་པར་བཤད་པ་གཞན་ཕན་ཀུན་ཁྱབ།next

ཡང་དག་པར་རྫོགས་པའི་སངས་རྒྱས་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པའི་རྣམ་པར་བཤད་པ་གཞན་ཕན་ཀུན་ཁྱབ།

ཡང་དག་པར་རྫོགས་པའི་སངས་རྒྱས་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པའི་རྣམ་པར་བཤད་པ་གཞན་ཕན་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པའི་རྣམ་པར་བཤད་པ་གཞན་ཕན་ཀུན་ཁྱབ་ཅེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཇི་སྙེད་ཆོས་ཀུན་ཇི་ལྟའི་དབྱིངས་ཉིད་དུ། །ཡེ་ཤེས་མིག་གིས་རིག་ནས་ཐུགས་རྗེ་ཡིས། །ལམ་མཆོག་རྣམ་པར་སྣང་བའི་འོད་མཛད་པ། །བླ་མ་འཁོར་ལོའི་དབང་ཕྱུག་ཉིད་ལ་འདུད། །གང་ཐུགས་གཉིས་མེད་དང་པོའི་སངས་རྒྱས་མཆོག །འཁོར་གྱི་ཚུལ་འཛིན་གསང་རྒྱུད་སྡུད་མཛད་པ། །རྡོར་སེམས་ཀུན་བཟང་ཕྱག་ན་རྡོ་རྗེ་སོགས། །མཚན་མཆོག་དུ་མས་སྤྲས་ལ་གུས་བཏུད་ནས། །དཔལ་ལྡན་ངན་སོང་སྦྱོང་བའི་རྒྱུད་ཀྱི་དོན། །རྨད་བྱུང་བརྒྱུད་པའི་ཚུལ་ལུགས་ཇི་བཞིན་དུ། །རང་ཉིད་དྲན་པ་གསོ་ཞིང་གཞན་དག་ལའང་། །ཕན་གདགས་ཆེད་དུ་ཅི་ནུས་དབྱེ་བར་བྱ། །འདི་ལ་དོན་གཉིས་ཏེ། བཤད་པའི་སྔོན་དུ་འགྲོ་བ་དང་། བཤད་པ་དངོས་སོ། །དང་པོ་ལ་ལྔ་སྟེ། ཕྱོགས་གར་གཏོགས་ངོས་བཟུང་བ། དེ་འཇིག་རྟེན་དུ་ཇི་ལྟར་བྱུང་བའི་ཚུལ། དེ་ལ་རྒྱ་བོད་དུ་བཤད་སྲོལ་ཇི་ལྟར་བྱུང་བའི་ཚུལ། དེའི་བརྗོད་བྱ་ངོས་བཟུང་བ། བཤད་ཐབས་ཀྱི་མན་ངག་བསྟན་པའོ། །དང་པོ་ནི། སྔགས་དོན་རྣམ་གཟིགས་ལས། རྣལ་འབྱོར་སྤྱོད་དང་བྱ་བའི་རྒྱུད། །དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ། །ཞེས་གསུངས་པ་ལྟར། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་གསུམ་ལས། ཁ་ཅིག་རྒྱུད་འདི་བདག་གི་རྣལ་འབྱོར་མི་གསལ་ཞིང་། བྲི་བསྐྱེད་ཤིན་ཏུ་གསལ་བས་ན། སྤྱོད་པའི་རྒྱུད་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། ཚེ་དཔག་མེད་ཀྱི་སྐབས་ནས་བདག་གི་རྣལ་འབྱོར་གསལ་བར་གསུངས་ཤིང་། སྤྱོད་རྒྱུད་ལ་ཡང་བདག་གི་རྣལ་འབྱོར་གསལ་བས། བདག་གི་རྣལ་འབྱོར་མི་གསལ་བ་དེ་སྤྱོད་རྒྱུད་ཡིན་པའི་ཤེས་བྱེད་དུ་མི་རུང་བའི་ཕྱིར་རོ། །དེས་བྱ་རྒྱུད་ཡིན་པ་ཡང་ཁེགས་པས་ན་རྣལ་འབྱོར་གྱི་རྒྱུད་ཡིན་ཏེ། ཚེ་དཔག་མེད་ཀྱི་སྐབས་ནས། རྡོ་རྗེ་སེམས་པའི་གནས་འདུག་ནས། །ཐམས་ཅད་ཟོས་ཏེ་ཀུན་བྱས་ཀྱང་། །འགྲུབ་འགྱུར་ཉེས་པས་མི་གོས་ན། །སྙིང་རྗེར་ལྡན་པས་སྨོས་ཅི་དགོས། །ཞེས་བདེ་བས་འགྲུབ་པར་གསུངས་པའི་ཕྱིར། འོ་ན་རྩ་རྒྱུད་དང་། བཤད་རྒྱུད་གང་ཡིན་སྙམ་ན། སྲུ་ལུང་པས་བཤད་རྒྱུད་དམ། ཕྱུང་རྒྱུད་དམ། བསྡུས་རྒྱུད་ལྟ་བུ་མ་ཡིན་ཏེ་རྩ་རྒྱུད་རང་རྐྱང་པ་ཡིན་པས། འདི་ལ་རྩ་རྒྱུད་དམ་རྒྱུད་རྒྱས་པ་གཞན་ལོག་ན་མེད་དོ་ཞེས་ཟེར་བ་ནི་མི་འཐད་དེ། དེ་ཉིད་བསྡུས་པ་ལས་གཞན་པའི་ཡོ་གའི་རྒྱུད་ཡིན་ན། དེ་ཉིད་བསྡུས་པ་རྩ་རྒྱུད་དུ་བྱེད་དགོས་པའི་ཕྱིར་རོ། །བུ་སྟོན་གྱིས། རྣལ་འབྱོར་གྱི་རྒྱུད་ལ། རྩ་བའི་རྒྱུད། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ། བཤད་པའི་རྒྱུད། ཆ་མཐུན་པའི་རྒྱུད། འཕྲོས་པའམ་ཡན་ལག་གི་རྒྱུད་དང་དྲུག་ལས། ཕྱི་མ་ཡིན་ཏེ། དེ་ཉིད་བསྡུས་པའི་དུམ་བུ་གཉིས་པ་ལས། ངན་འགྲོ་དགུག་ཅིང་སྡིག་པ་བྲལ་བ་ལས་འཕྲོས་ནས། ངན་སོང་སྦྱོང་བའི་ཐབས་རྒྱ་ཆེར་བསྟན་པས་འཕྲོས་རྒྱུད་དམ། དེ་ཉིད་ཀྱི་རྩ་བའི་ལྷ་ཕལ་ཆེར་དུམ་བུ་དང་པོའི་ལྷ་དང་ཕལ་ཆེར་འདྲ་ཞིང་། དེའི་ཆ་ཤས་སུ་གྱུར་པས་ཡན་ལག་གི་རྒྱུད་ཅེས་གསུངས་སོ། །བླ་མ་རྣམས་ཀྱི་བཞེད་པ་ལ། སློབ་དཔོན་པདྨ་ལྕགས་ཀྱུས། རྩ་རྒྱུད་ཤིན་ཏུ་ཟབ་ཅིང་རྟོགས་དཀའི་དོན། །བཤད་དང་ཆ་མཐུན་རྒྱུད་ཀྱིས་རྣམ་ཕྱེ་བ། །ཞེས་གསུངས་པ་ལྟར། རྩ་རྒྱུད། བཤད་རྒྱུད། ཆ་མཐུན་གྱི་རྒྱུད་དང་གསུམ་ལས། འདི་ཆ་མཐུན་གྱི་རྒྱུད་ཡིན་པར་བཤད་དོ། །གཉིས་པ་ནི། དཔལ་སྡོམ་པའི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་གནས་གསུམ་དུ་གྲགས་པ་དེ། །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ན། །དཔལ་ཞེས་བྱ་བའི་རི་བོ་ལ། །ཐུགས་རྗེས་མཐུན་པའི་བྱིན་རླབས་ཀྱིས། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །ལག་ན་རྡོ་རྗེས་གནང་བར་བྱེད། །མི་ལ་སྐལ་ལྡན་དམ་པ་རྣམས། །བྱང་ཆུབ་མཆོག་ཏུ་འགྲུབ་འགྱུར་བས། །དེ་ལ་རྟག་ཏུ་གུས་པས་བྱོས། །ཞེས་འབྱུང་བས་སྟོན་པ་མྱང་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་གཉིས་ཏེ། ཉེར་བརྒྱད་ན་རྒྱ་གར་ཤར་ལྷོའི་ཕྱོགས། གྲོང་ཁྱེར་པ་ཏི་ཀིརྟི་ཞེས་བྱ་བར་རྒྱལ་པོ་རབ་གསལ་ཟླ་བ་ཞེས་བྱ་བ་བྱུང་། དེ་ལ་ཕྱག་ན་རྡོ་རྗེས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སྤྲུལ་ནས་དབང་བསྐུར་ཏེ། ལྷ་གནས་གསུམ་དུ་གྲགས་པ་དེ་ཉིད་བསྡུས་པའི་རྒྱུད་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་མཐའ་དག་གནང་ནས། དེ་ནས་མི་ཡུལ་དུ་དར་རོ། །དེ་ཉིད་བསྡུས་པའི་རྒྱུད་ལ་ལྷ་གནས་གསུམ་དུ་གྲགས་པ་ནི། ལྷ་གནས་དང་པོ་འོག་མིན། གཉིས་པ་རི་རབ་ཀྱི་རྩེ། གསུམ་པ་བཀའ་བསྡུ་བའི་གནས་ལྕང་ལོ་ཅན་དང་གསུམ་དུ་གྲགས་པའོ། །གསུམ་པ་ནི། འཕགས་པའི་ཡུལ་དུ་གྲུབ་ཆེན་ཀུན་སྙིང་གིས་མཛད་པའི་འགྲེལ་པ་སྟོང་ཕྲག་བཅུ་གཉིས་པ་ཡོད་པར་གྲགས་ཀྱང་བོད་དུ་མ་འགྱུར་ཞིང་། ཀ་མ་དྷེ་ནུས་མཛད་པའི་འགྲེལ་པ་ནི་བོད་དུ་འགྱུར་ཡང་བླ་མེད་དུ་འགྲེལ་པའི་ལུགས་སོ། །བོད་དུ་རྒྱུད་འདི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་པཎྜི་ཏ་ཞི་བ་སྙིང་པོ་དང་། ལོ་ཙྪ་བ་སད་མི་མི་བདུན་གྱི་དུས་སུ་འགྱུར་ནས། ཕྱིས་རལ་པ་ཅན་གྱི་དུས་སུ་ཨཱ་ཙརྻ་རིན་ཆེན་མཆོག་གིས་སྐད་གསར་བཅད་ཀྱིས་བཅོས་པ་ལས། དུས་ཕྱིས་ལོཙྪ་བ་གཞན་གྱིས་བཅོས་པ་ནི་མེད་དོ། །འདི་ལ་མེ་ལྟར་འབར་བའི་སྐབས་ནས་དྲག་པོའི་སྦྱིན་སྲེག་ཡོད་ཀྱང་སྔོན་གྱི་རྒྱལ་བློན་རྣམས་ཀྱིས། སྔགས་པས་མངོན་སྤྱོད་བྱས་སུ་དོགས་ནས་མ་བསྒྱུར་བ་ཡིན་ནོ། །ཞེས་སྔ་མ་དག་འཆད་པ་ལ། རྗེ་བཙུན་གྱིས་ལོ་ཙྪ་བ་ཕྱི་མ་རྣམས་ཀྱིས་གཞན་ལ་འགྱུར་ཆད་པ་དག་འཇུག་པ་ལྟར་འདི་ལ་ཡང་འཇུག་པར་རིགས་པ་ལས་མ་བཅུག་པའི་ཕྱིར། རྒྱ་དཔེ་ཉིད་ལ་མེད་དོ་སྙམ་དུ་སེམས་པ་ཡིན་ནོ་ཞེས་གསུང་། སྲུ་ལུང་པས་མེ་ལྟར་འབར་བའི་སྦྱིན་སྲེག་གི་སྐབས་ནས། དེ་ནས་ཁུང་བུ་གསུམ་ལས་རྣམ་གཅིག་ནི་ཞེས་བཤད་པས། མངོན་སྤྱོད་མ་གསུངས་པ་སྟེ། དེའི་རྒྱུ་མཚན་ཡང་དེ་ཉིད་ལས། རྡོ་རྗེ་ཁྲོ་བོའི་ལས་དངོས་སུ། །བསད་པ་ཡིན་པར་བཤད་མོད་ཀྱི། །ཞི་དང་རྒྱས་དང་དབང་རྣམས་ཀྱང་། །དེ་དག་བྱེད་འགྱུར་གདོན་མི་ཟ། །ཞེས་ལས་འཇམ་པོ་དངོས་སུ་བསྟན་པས་དྲག་པོ་ཤུགས་ལས་ཤེས་པ་ལ་དགོངས་སོ་ཞེས་བཞེད་པ་ནི་རྨད་དུ་བྱུང་བའི་བཤད་པར་སྣང་ཞིང་། ལུགས་སྔ་མའི་སྒྲུབ་བྱེད་དུ་འགྲོའོ། །འདི་ལ་བོད་ན་འགྲེལ་པར་མིང་བཏགས་པ་བརྒྱད་ཙམ་སྣང་ཡང་། བོད་ཀྱིས་སྦྱར་བ་ལས། རྒྱ་གར་ནས་འགྱུར་བ་ནི་མེད་གསུང་། དེ་ཡང་གཟི་བརྗིད་བཤད་པ་ཞེས་བྱ་བ་འདིས་བྱས་ཆ་མེད་པ་ཅིག་དང་། མཛེས་པའི་རྒྱན་ཞེས་བྱ་བ་འཁྱིན་ལོ་ཙཱ་བ་དགེ་ཚུལ་ཁྱུང་གྲགས་ཀྱིས་བྱས་ནས་ཀུན་སྙིང་ལ་ཁ་འཕངས་པ་དང་། དེ་ཉིད་སྣང་བའི་རྒྱན་ཞེས་བྱ་བ་འབྲིང་མཚམས་ཀྱི་སྤྲག་ལེ་ཆུང་བས་བྱས་ནས་ཀུན་སྙིང་ལ་ཁ་འཕངས་པ་དང་། ཟངས་དཀར་གྱིས་བྱས་པའི་འབྲུ་འབུམ་མམ། ནམ་མཁའ་དྲི་མེད་ཅེས་བྱ་བ་ཁོང་རང་གིས་མཛད་པ་ཁ་བྱང་བཏབ་པ་དང་། རོང་ཟོམ་ཆོས་ཀྱི་བཟང་པོས་བྱས་པའི་འགྲེལ་པ་དང་། གོ་རུ་པ་ལོ་ཙྪ་བས་བྱས་ནས་ཀུན་སྙིང་ལ་ཁ་འཕངས་པ་འདོད་འཇོའི་བ་བྱ་བ་དང་། འབྲུ་འགྲེལ་ཞེས་བྱ་བ་མཆན་དཀྱུས་སུ་བཅུག་པ་ཅིག་དང་། རྨ་རིན་ཆེན་མཆོག་གིས་བྱས་པའི་དྲིས་ལན་རྒོལ་བ་མིག་ཚར་བྱ་བ་དང་བརྒྱད་དོ། །འོ་ན་བཤད་སྲོལ་གང་གི་རྗེས་སུ་འབྲང་སྙམ་ན། རྒྱལ་པོ་རབ་གསལ་ཟླ་བའི་སློབ་མ་རྒྱལ་བུ་སྒྲ་གཅན་འཛིན་བཟང་པོ་དང་། ཡེ་ཤེས་རྡོ་རྗེ་དང་། པྲཛྙཱསིདྡྷི་དང་། རབ་འབྱོར་བསྐྱངས་དང་བཞི་ཡིན་ལ་ཁ་ཅིག་སྭསྟི་ཕ་ལ་དང་བཞི་ཡིན་གྱི་རབ་འབྱོར་བསྐྱངས་ཀུན་སྙིང་གི་སློབ་བརྒྱུད་ཡིན་ཞེས་ཟེར། ཁ་ཅིག་དེ་གཉིས་ཀ་མ་ཡིན་གྱི་ཉི་མའི་སྙིང་པོ་དང་བཞི་ཡིན་ཞེས་ཟེར་རོ། །དེ་བཞི་ཆར་གྱི་སློབ་མ་ཀུན་དགའ་སྙིང་པོ་སྟེ། འདི་ཉིད་འཇམ་དཔལ་རྩ་བའི་རྒྱུད་ལས། ཡི་གེ་ཨཱ་མིང་བདག་ཉིད་ཆེ། །སྟོན་པའི་བསྟན་པ་གཅེས་འཛིན་བྱེད། །བློ་ལྡན་ཡོན་ཏན་ཀུན་གྱིས་བཀུར། །ཞེས་ལུང་བསྟན་ཅིང་། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བསྟོད་པ་ལས་ཀྱང་། སྒྲོལ་མ་དཀར་མོས་བྱིན་གྱིས་བརླབས། །རྣལ་འབྱོར་རྒྱུད་ལ་འགྲེལ་བཤད་མཛད། །ཀུན་དགའ་སྙིང་པོ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པའི་ཡོན་ཏན་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། །དེ་ནས་པྲཛྙཱ་ཝ་ལ་ཏི། པྲཛྙཱ་བོདྡྷི། མུ་ཏིག་ཀ་ཀོ་ཤ། དྷརྨཱ་ཕ་ལ་རྣམས་ལས་རིམ་པ་བཞིན་བརྒྱུད་དེ། དྷརྨཱ་ཕ་ལའི་སློབ་མ་ནི། རྗེ་དཱི་པཾ་ཀ་ར་དང་། ལོ་ཙྪ་བ་རིན་ཆེན་བཟང་པོའོ། །ཡང་ཁ་ཅིག་ན་རེ། སློབ་དཔོན་ཆེན་པོ་བུདྡྷ་གུ་ཧྱ་ཞེས་བྱ་བ་དངོས་གྲུབ་བརྙེས་པའི་སློབ་དཔོན་ཞིག་གིས། དེ་ཉིད་བསྡུས་པ་དང་། རྡོ་རྗེ་རྩེ་མོ་དང་། དཔལ་མཆོག་དང་པོ་དང་། ངན་སོང་སྦྱོང་བའི་རྒྱུད་དང་། རྟོག་པ་ཐམས་ཅད་བསྡུས་པ་དང་ལྔའི་དབང་དང་གདམས་པ་རྣམས་འཇམ་དཔལ་ལས་དངོས་སུ་ཐོས་ནས། ཡན་ལག་མེད་པའི་རྡོ་རྗེ་སོགས་ལས་རིམ་པ་བཞིན་བརྒྱུད་དེ། སློབ་དཔོན་ཤཱཀྱ་བཤེས་གཉེན་ཞེས་བྱ་བས་དེ་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཤླཽ་ཀ་སྟོང་ཕྲག་བཅུ་གཉིས་པ་ཀོ་ས་ལའི་རྒྱན་ཞེས་བྱ་བ་མཛད། ཡང་སྔར་གྱི་སློབ་དཔོན་གྲུབ་པ་ཐོབ་པ་དེ་དང་མིང་མཚུངས་པའི་སློབ་དཔོན་སངས་རྒྱས་གསང་བ་ཞེས་བྱ་བས་དེ་ཉིད་བསྡུས་པའི་འགྲེལ་པ་མཛད་དེ། དེ་ལྟར་ན་དོན་ལ་མཁས་པ་སངས་རྒྱས་གསང་བ། ཚིག་ལ་ཁས་པ་ཤཱཀྱ་བཤེས་གཉེན། ཚིག་དོན་གཉིས་ཀ་ལ་མཁས་པ་ཀུན་དགའ་སྙིང་པོ་སྟེ། རྣལ་འབྱོར་རྒྱུད་ལ་མཁས་པའི་མི་གསུམ་དུ་གྲགས་སོ་ཞེས་བཞེད་དོ། །ཡང་ཀུན་དགའ་སྙིང་པོའི་མཆེད་གྲོགས་སློབ་དཔོན་འཇམ་དཔལ་གྲགས་པ་ཞེས་བྱ་བ་འཇམ་དཔལ་གྱི་གྲུབ་པ་ཐོབ་ཅིང་སྐུ་ཆེ་བའི་ཡོན་ཏན་ལྔ་དང་ལྡན་པ་དེས། དཔལ་སྦས་བཟང་པོ་ལ་བཤད། དེས་བྲམ་ཟེ་ཡེ་ཤེས་རྡོ་རྗེ་ལ་བཤད། དེས་ན་ལེནྟྲའི་ནུབ་སྒོ་བ་ཤེས་རབ་འབྱུང་གནས་བློ་གྲོས་ལ་བཤད། དེས་བྲམ་ཟེ་བཞད་པའི་རྡོ་རྗེ་དང་། པདྨ་ཀ་ར་དང་། ཤྲདྡྷ་ཀ་ར་གསུམ་ལ་བཤད། ཕྱི་མ་གཉིས་ཀྱིས་ལོ་ཆེན་ལ་བཤད་དོ། །ཡང་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཞེས་བྱ་བས། སངས་རྒྱས་ཡེ་ཤེས་ཞབས་དང་། སྒེག་པའི་རྡོ་རྗེ་གཉིས་ལ་བཤད། དེ་ལ་སྒེག་པའི་རྡོ་རྗེ་གསང་མཚན་ཡིན་ལ། མཚན་དངོས་ནི་དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་དང་ལྡན་པ་ཞེས་གྲགས་ཤིང་རིན་པོ་ཆེའི་གླིང་དུ་སྒྲུབ་པ་མཛད་ནས་དངོས་གྲུབ་བརྙེས་པས་ནོར་བུ་གླིང་པ་ཞེས་ཀྱང་གྲགས། མུ་སྟེགས་ཀྱིས་གསོད་པར་བརྩམས་པའི་ཚེ། འཇམ་དཔལ་དུ་སྤྲུལ་ནས་གཟུགས་སྣ་ཚོགས་སུ་སྟོན་པའི་སྣ་ཚོགས་གཟུགས་ཅན་ཞེས་ཀྱང་གྲགས། ཐུགས་རྗེས་གཞན་ལ་ཕན་འདོགས་པས་ཉི་མ་ལྟ་བུའི་སློབ་དཔོན་ཞེས་ཀྱང་གྲགས་སོ། །སློབ་དཔོན་དེས་སཱུརྻ་སིང་ཧ། དེས་དྷརྨཱ་བཛྲ་དང་མུ་དྲྭ་སིདྡྷི། དེས་དེ་ཝ་ཤ་ར་ལ་བཤད། དེ་ལ་ཤཱིནྟི་གརྦྷ་དང་། སྨྲཱྀ་ཏི་ཛྙཱ་ན་སྟེ་སློབ་མ་གཉིས་སོ། །དེ་དག་ལས་བོད་དུ་ཇི་ལྟར་བརྒྱུད་ན། ལོ་ཙྪ་བ་རིན་ཆེན་བཟང་པོ་ཁ་ཆེར་ལན་གསུམ་དུ་བྱོན་པའི་དང་པོ་ལ། ཁ་ཆེའི་མཁན་པོ་ཙནྡྲ་ཧ་རི་ལ་འཇིག་རྟེན་སྣང་བྱེད་ཀྱི་དཀྱིལ་འཁོར་དུ་ཞུགས་ནས་དབང་བསྐུར་ཞུས། ཕྱིས་ཤྲདྡྷ་ཀ་ར་ཝརྨ་ལ། གསང་འདུས་འཇམ་རྡོར་དང་། མི་བསྐྱོད་པ་གཉིས་དང་། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཞུས་ནས་དེ་དག་གི་བཤད་བཀའ་ཡང་གསན་ཅིང་། འགའ་ཞིག་བསྒྱུར། ལན་གཉིས་པ་ལ་པཎྜི་ཏ་པདྨ་ཀ་ར་ཝརྨ་དང་། པྲཛྙཱ་ཀ་ར་ཝརྨ་གཉིས་ལ་གཏུགས་ཏེ་ཡོ་གའི་གཞུང་འགྲེལ་འགའ་ཞིག་བསྒྱུར། དཔལ་མཆོག་གི་ཕྲེང་ཆད་གསོ་བས། དུམ་བུ་དང་པོའི་རྒྱུད་འགྲེལ་གཉིས་ཀ་དག་པར་བཅོས། དེ་ཡན་ཆད་ཀྱི་ལོ་ཆེན་གྱི་སློབ་མ་རྣམས་ནི། ཤྲདྡྷ་ནས་བརྒྱུད་པའི་ཡོ་གའི་སྐོར་འཛིན་པས་ཕྱག་ལེན་ཀུན་དགའ་སྙིང་པོའི་ལུགས་ལ་བྱེད་ཀྱང་དེ་ཉིད་སྣང་བ་མ་འགྱུར་བས། བཤད་པ་ཀོ་ས་ལའི་རྒྱན་གྱི་སྟེང་ནས་མཛད་པས་བསྙེན་པའི་སྐབས་སུ་འཁོར་ལོས་སྒྱུར་བའི་ཆས་སུ་ཞུགས། སྙིང་ཁའི་བདག་འཇུག་ལ་བུམ་པ་འཆའ། རྣམ་སྣང་ལ་མི་བཞི་རྒྱབ་སྤྲོད་ལྟ་བུ་བྱེད་པ་སོགས་བཤད་པ་དང་། ལག་ལེན་ཡང་མི་མཐུན་ཅིང་། བོན་པོ་འདུལ་བའི་ཆེད་དུ་དབྱངས་ལ་སོགས་པའི་སྤྲོས་པ་ཡང་ཆེ་བར་གྲགས་སོ། །ལན་གསུམ་པ་ལ་པཎྜི་ཏ་སངས་རྒྱས་ཞི་བ་ཞེས་བྱ་བ་ནོར་བུ་གླིང་པ་བདེ་བའི་རྡོ་རྗེའི་སློབ་མར་གྲགས་ཤིང་འགའ་ཞིག་དེ་གཉིས་མཚན་དངོས་དང་། གསང་མཚན་གྱི་ཁྱད་པར་མ་གཏོགས་པ་གཅིག་ཡིན་པར་ཡང་འདོད་ལ། པཎྜི་ཏ་དེ་ལ་ཀུན་སྙིང་གི་ལུགས་ཀྱི་ལག་ལེན་དང་བཤད་པ་གཉིས་ཀ་ཞུས་པས་དེ་ཉིད་ལ་ཐུགས་ཆེས་ཤིང་ཐུགས་རྩིས་ཆེ་བར་མཛད། ཅེས་བུ་སྟོན་བཞེད་དོ། །ལོ་ཆེན་གྱི་སྐུ་ཚེའི་མཇུག་ཏུ་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨ་ཕ་ལ་མངའ་རིས་སུ་བྱོན་པ་ལ་རྣལ་འབྱོར་རྒྱུད་ཀྱི་སྐོར་གསན་པས། ཀུན་སྙིང་གི་བརྒྱུད་པ་བཞི་པར་འདུག་ཅིང་དེ་ཡི་གདམས་པ་མ་ནོར་བར་བྱུང་སྟེ་མཉེས་སྐད་དོ། །སྦྱོང་རྒྱུད་ལ་ཡང་རྒྱུད་གོང་འོག་འཁྲུགས་བསྡེབས་ནས་མཛད་པ་མ་གཏོགས་གཞན་ནས་རྒྱས་འགེབས་པ་མི་མཛད། བསྙེན་པའི་དུས་སུ་ཆ་ལུགས་ཇི་བཞིན་པ་བུམ་པ་ལྷག་གནས་ལ་རྣམ་རྒྱལ་གཅིག་པོ་རྡོ་རྗེའི་གླུ་མ་གཏོགས་པ་རྣམས་ལ་དབྱངས་མི་མཛད་དོ། །ལོ་ཆེན་དེ་ལ་སྤྱིར་སློབ་མ་མང་ཡང་ཐུགས་ཀྱི་སྲས་མཆོག་བཞི་སྟེ། ལོ་ཆུང་ལེགས་པའི་ཤེས་རབ། མང་ནང་གི་གུར་ཤིང་བརྩོན་འགྲུས་རྒྱལ་མཚན། གྲྭ་པ་གཞོན་ཤེ། སྐྱི་ནོར་ཛྙཱ་ན་དང་བཞི་ལས། དང་པོས་དྷརྨཱ་ཕ་ལའི་ལུགས་མ་གསན། སྔར་གྱི་ཤྲདྡྷ་དང་། སངས་རྒྱས་ཞི་བ་གཉིས་ཀྱི་ལུགས་འཛིན། གཉིས་པས་དྷརྨཱ་ཕ་ལའི་ལུགས་གཙོ་བོར་འཛིན། གསུམ་པས་གཉིས་ཀའི་གུང་སྲོང་། བཞི་པས་ཕྱིས་ཀྱི་གཞུང་སྲོང་འོ། །ཡང་གཞན་དུ་སྦྱངས་ཤིང་དེར་ཐུག་པའི་པུ་ཧྲངས་པ་ཨན་སྟོན་གྲགས་རིན། རྒྱ་ཡེ་ཚུལ། གུངས་པ་དགེ་བཤེས། མར་ཡུལ་པ་དཀོན་མཆོག་བརྩེགས་ཏེ་བཞིའོ། །དབུས་གཙང་ན་མར་དར་ཚུལ་ནི། ལོ་ཆེན་གྱི་དྲུང་དུ་འགྲོ་བ་ལ་རྒྱང་རོ་དཔེ་དམར་གྱི་རྐྱང་པོ་ཆོས་བློ་སྔ། དེ་ནས་ཤངས་ཀྱི་སུམ་སྟོན་ཡེ་འབར། དེ་ནས་ཉང་སྟོན་ལྕེ་ཞར། དེ་ནས་སྤང་ཁ་འདར་ཆུང་གི་ཕ་གཞོན་ནུ་རྒྱ་མཚོ། ལ་སྟོད་ཀྱི་བྲག་སྟེང་པ། སྣུར་ཕྱི་རུའི་དམར་སྟོན་ཆོས་ཀྱི་རྒྱལ་མཚན། མདོག་གླེ་སྟོན། བལ་ཤཱཀྱ་རྡོ་རྗེ། ཐང་སྟོན་ཀོང་ཀ་བ། མདོག་གོང་ག་བ་རྣམས་ཏེ། དེ་དག་ཕལ་ཆེར་ལོ་ཆེན་ལ་ཐུག་པ་ཙམ་བྱས་ནས་གཙོ་བོར་ལོ་ཆུང་གི་དྲུང་དུ་སྦྱངས་ཏེ། དབུས་གཙང་གི་ས་ཆ་སྨད་ཕྱོགས་སུ་དར་བས་ཡོ་ག་སྨད་ལུགས་སུ་གྲགས། ཡང་ལོ་ཆེན་གྱི་སློབ་མ་བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། དེས་མལ་གྱོ། དེས་རྗེ་ས་སྐྱ་པ་ལ་བརྒྱུད་དེ། ས་ཆ་སྟོད་དུ་དར་བ་རྣམས་ལ་ཡོ་ག་སྟོད་ལུགས་སུ་གྲགས་སོ། །ཡང་པཎྜི་ཏ་དྷརྨཱ་ཕ་ལ་ནས། ཇོ་བོ་རྗེ། གོ་མི་སྒོམ་ཆེན། སྐྱི་ནོར་ཛྙཱ་ན། རྨྱལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་འོད་ཟེར་སོགས་ནས་བརྒྱུད་པ་ལ་ཇོ་བོའི་ལུགས་སམ། རྩ་སྣུར་འཛིམ་གསུམ་ནས་བརྒྱུད་པ་ཞེས་གྲགས་སོ། །བཤད་སྲོལ་དེ་དང་། བྲག་སྟེང་པ་ནས་བརྒྱུད་པ་དེ་དང་། ལོ་ཆུང་ནས་དབུས་པ་དགེ་སེར། གནམ་ཁའུ་པ། ས་ཆེན་རྣམས་ལས་རིམ་པ་བཞིན་བརྒྱུད་པའི་བཤད་པ་རྣམས་ལ། རྩིང་ཞིབ་བག་རེ་དང་ཆོ་ག་གོང་འོག་མི་མཐུན་པ་བག་རེ་མ་གཏོགས། ཕལ་ཆེར་ནི་འདྲ་བ་ཉིད་དུ་སྣང་ཞེས་གསུངས་སོ། །མདོར་ན་པཎྜི་ཏ་དྷརྨཱ་ཕ་ལའི་ལུགས་བྲག་སྟེང་པ་ནས་བརྒྱུད་པ་འདི་ལ་རྗེ་བཙུན་རིན་པོ་ཆེས། རྒྱུད་བཤད་ཐབས་ཀྱི་མན་ངག་གཞན་ཕན་སྤྱི་ཆིངས། རྒྱུད་ཀྱི་ས་བཅད་དང་མཆན་གཉིས། ལག་ཏུ་བླང་བའི་རིམ་པ་གཞན་ཕན་འོད་ཟེར་དང་། གཞན་ཕན་ཉེར་མཁོ་གཉིས་ཏེ། དེ་དག་གི་རྗེས་སུ་འབྲངས་ནས་བཤད་པར་བྱ་བ་ཡིན་ནོ། །བཞི་པ་ལ་གསུམ་སྟེ། བརྗོད་བྱའི་དབྱེ་བ། བསྡུ་བ། གསུངས་པའི་དགོས་པའོ། །དང་པོ་ནི། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གཙོ་བོར་གྱུར་པ་དྲུག དེ་བཞིན་གཤེགས་པ་ལ་འཇིག་རྟེན་པའི་འཁོར་གྱིས་བསྐོར་བའི་དཀྱིལ་འཁོར་དྲུག རོ་སྲེག་པའི་དཀྱིལ་འཁོར་རྒྱས་པ་གཅིག ལས་བཞིའི་སྦྱིན་སྲེག་བཞི་སྟེ། བཅུ་བདུན་ནི་བརྗོད་བྱའི་གཙོ་བོ་ཡིན་ལ། དཀྱིལ་འཁོར་བཅུ་གཉིས་པོ་ལ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཀུན་རིག་དང་ཤཱཀྱ་ཐུབ་པས་དཔཾང་པོ་བྱས་ནས་རས་ལ་བྲི་བ་དང་གསུམ་དུ་ཕྱེ་ན་སོ་དྲུག་དང་། སྡོམ་པས་བཞི་བཅུ་ཞེ་གཅིག་ཏུ་འགྱུར་བ་ཡིན་ནོ། །དེ་ལ་ཀུན་རིག་རྩ་བའི་རྒྱུད་ནས་ཀུན་རིག་གི་དཀྱིལ་འཁོར་དང་། རོ་སྲེག་གི་དཀྱིལ་འཁོར་རྒྱས་པ་དང་། རས་བྲིས་དང་ལས་བཞིའི་སྦྱིན་སྲེག་བསྡུས་པ་ཙམ་བསྟན། རྒྱུད་ཕྱི་མ་ལས་ཤཱཀྱ་ཐུབ་པ་སྐུའི་དཀྱིལ་འཁོར་དང་། ཕྱག་ན་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་གྱི་སྐབས་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གཉིས། ཚེ་དཔག་མེད་གསུང་གི་དཀྱིལ་འཁོར་ནས་དེ་ཉིད་ཀྱི་དཀྱིལ་འཁོར་དང་། རོ་སྦྱོང་བའི་ཐབ་རྒྱས་པ་དང་། ལས་བཞིའི་སྦྱིན་སྲེག་གི་ཅུང་ཟད་གསལ་བ་བྱེད་པ་རྣམས་སྟོན། འཁོར་ལོས་སྒྱུར་བའི་སྐབས་ནས་དེ་ཉིད་ཀྱི་དཀྱིལ་འཁོར་དང་སྔར་གྱི་རོ་སྲེག་གསལ་བར་བྱེད་པ་སྟོན་ནོ། །མེ་ལྟར་འབར་བའི་སྐབས་ནས་དེ་ཉིད་ཀྱི་དཀྱིལ་འཁོར་དང་ལས་གསུམ་གྱི་སྦྱིན་སྲེག་གོང་གི་དེ་རྣམས་གསལ་བར་བྱེད་པའི་ཕྱིར་རྒྱས་པར་སྟོན་ནོ། །གཉིས་པ་ནི། ཡང་དེ་དག་ཐམས་ཅད་ཀྱི་དོན་བསྡུ་ན་ཏིང་ངེ་འཛིན་གྱི་བསྙེན་པ་དང་། རས་བྲིས་ལ་བརྟེན་ཏེ་སྒྲུབ་པ་དང་། རང་དང་གཞན་གྱི་དོན་གྱི་ལས་ལ་སྦྱར་བ་ཞེས་བྱ་བ་གསུམ་དུ་ཡང་གསུངས་པ་ཡིན་ནོ། །ཡང་དེ་དག་གི་དོན་བསྡུ་ན། སྔོན་དུ་སློབ་མ་སྨིན་པར་བྱ་བ་དང་། སྨིན་པ་དེས་དངོས་གྲུབ་ཀྱི་ཡེ་ཤེས་ལ་བསླབ་པར་བྱ་བ་དང་། ཕྱག་རྒྱའི་ཡེ་ཤེས་ལ་བསླབ་པ་དང་། མཚན་མ་ཐོབ་ནས་རང་དང་གཞན་གྱི་དོན་སྒྲུབ་པ་ཞེས་པ་གསུམ་དུའང་བསྡུ་བ་ཡིན་ནོ། །ཡང་དེ་དག་ཐམས་ཅད་ཀྱི་དོན་དགོས་པས་བསྡུ་ན་རང་གི་དོན་དང་གཞན་གྱི་དོན་གཉིས་སུ་འདུ་ལ་གཞན་དོན་ལ་ཚེ་དང་ལྡན་པའི་དོན་བྱ་བ་དང་། ཚེ་འདས་པའི་དོན་བྱ་བ་གཉིས་ཀྱིས་བསྡུས་པ་ཡིན་ནོ། །དེ་དག་ཐམས་ཅད་བསྡུ་ན་འདི་ལྟར་གོ་བར་བྱ་སྟེ། བརྗོད་བྱའི་གཙོ་བོ་ནི་དཀྱིལ་འཁོར་དྲུག་གམ་བཅུ་གཉིས་ཡིན་ལ། རོ་སྲེག་དང་སྦྱིན་སྲེག་གཉིས་ནི་དེའི་ཕྲིན་ལས་ཡིན་ཞིང་། བཟླས་པ་དང་། དངོས་གྲུབ་ཀྱི་ཡེ་ཤེས་དང་། ཕྱག་རྒྱའི་ཡེ་ཤེས་རྣམས་ནི་དེ་དག་གི་གྲོགས་སུ་གྱུར་པ་ཡིན་ནོ། །དེ་དག་ཉམས་སུ་ལེན་ན་ཐོག་མར་སློབ་མ་སྨིན་པར་བྱས་ལ་ཏིང་ངེ་འཛིན་གྱི་བསྙེན་པ་བྱ་ཞིང་རས་བྲིས་ལ་བརྟེན་ནས་བསྒྲུབས་ཏེ། རང་དང་གཞན་གྱི་དོན་བསྒྲུབ་པའི་ཕྲིན་ལས་ལ་སྦྱར་ན་གནས་སྐབས་ཀྱི་འབྲས་བུ་ཇི་ལྟར་འདོད་པ་འགྲུབ་ཅིང་། མཐར་ཐུག་གི་འབྲས་བུ་སངས་རྒྱས་འགྲུབ་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །གསུམ་པ་ནི། ཐུགས་ཆོས་ཉིད་ལས་མ་གཡོས་པའི་རྟགས་སུ་དཀྱིལ་འཁོར་བསྟན་ལ། ཐུགས་རྗེས་འགྲོ་བའི་དོན་མཛད་པའི་རྟགས་སུ་སྦྱིན་སྲེག་བསྟན་ནོ། །དེ་ཡང་བདེན་པ་གཉིས་དང་མི་འགལ་བའི་ཆེད་དུ་དཀྱིལ་འཁོར་ལ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གཉིས་གསུངས། དངོས་པོར་མངོན་པར་ཞེན་པ་བཟློག་པ་དང་། ཐུགས་རྗེས་འགྲོ་བའི་དོན་མཛད་པ་མཚོན་པའི་ཆེད་དུ། རོ་སྲེག་གི་སྦྱིན་སྲེག་དང་། ཕྲིན་ལས་རྣམ་བཞིའི་སྦྱིན་སྲེག་གཉིས་གསུངས། དེ་དག་གི་གོ་རིམ་ཡང་ཐུགས་ཆོས་ཉིད་ལས་མ་གཡོས་ཀྱང་། རྩ་བ་བྱང་ཆུབ་ཀྱི་སེམས་སུ་འདུས་པའི་རྟགས་སུ་རྩ་བའི་དཀྱིལ་འཁོར་གསུངས། དེ་ལྟར་བྱང་ཆུབ་ཀྱི་སེམས་སུ་འདུས་ཀྱང་ཐུགས་རྗེས་ངན་སོང་གི་རྒྱུ་འབྲས་གཞོམ་པའི་ཕྱིར་ཤཱཀྱ་ཐུབ་པའི་དཀྱིལ་འཁོར་གསུངས། དེ་ལྟར་རྒྱུ་འབྲས་བཅོམ་ཡང་གློ་བུར་གྱི་རྐྱེན་གྱིས་འཆི་བས་དེ་བཟློག་པའི་ཆེད་དུ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གསུངས། གློ་བུར་གྱི་རྐྱེན་གྱིས་མི་འཆི་ཡང་སྔོན་གྱི་ལས་ཀྱིས་འཆི་བས་དེ་བཟློག་པའི་ཆེད་དུ་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་གསུངས། འཆི་བདག་བཅོམ་ཡང་ཕྲིན་ལས་རྣམ་བཞིའི་སྒོ་ནས་དོན་མཛད་དགོས་པས་འཁོར་ལོས་བསྒྱུར་བའི་དཀྱིལ་འཁོར་གསུངས། འགྲོ་བའི་དོན་མཛད་ཀྱང་མ་རུངས་པ་འདུལ་དགོས་པས་མེ་ལྟར་འབར་བའི་དཀྱིལ་འཁོར་གསུངས། མ་རུངས་པ་བཏུལ་ཡང་དངོས་པོར་ལྟ་བ་སུན་ཕྱུང་དགོས་པས་རོ་སྲེག་གི་དཀྱིལ་འཁོར་གསུངས། དེ་སུན་ཕྱུང་ཡང་ཐུགས་རྗེས་ཆོས་ཉིད་ལས་མ་གཡོས་པའི་རྟགས་སུ་ཞི་བའི་སྦྱིན་སྲེག་གསུངས། དེ་ལྟར་མ་གཡོས་ཀྱང་འགྲོ་བའི་དོན་མཛད་དགོས་པས་རྒྱས་པའི་སྦྱིན་སྲེག་གསུངས། དེ་ལྟར་དོན་མཛད་ཀྱང་འཁོར་བཾ་དབང་དུ་བསྡུ་དགོས་པས་དབང་གི་དཀྱིལ་འཁོར་གསུངས། དབང་དུ་བསྡུས་ཀྱང་མ་རུངས་པ་ལ་མངོན་སྤྱོད་ཀྱི་ལས་དགོས་པས་དྲག་པོའི་སྦྱིན་སྲེག་གསུངས། འཇིག་རྟེན་པའི་གནོད་པ་རྣམས་ཞི་ཞིང་འཇིག་རྟེན་ཀྱི་ཕུན་སུམ་ཚོགས་པར་བསྒྲུབ་པའི་ཕྱིར་དུ་འཇིག་རྟེན་པའི་དཀྱིལ་འཁོར་དྲུག་གསུངས་ལ་སོ་སོའི་དགོས་པ་ནི་གཞུང་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ། །ལྔ་པ་རྒྱུད་བཤད་ཐབས་ཀྱི་མན་ངག་ནི་སྤྱིར་རྒྱུད་འཆད་ཚུལ་ལ་འགྲེལ་ཆེན་དྲི་མེད་འོད་ཀྱིས་དུས་འཁོར་བསྡུས་རྒྱུད་འཆད་པ་ལྟ་བུ་རྒྱུད་འགྲེལ་པས་འཆད་པ་དང་། གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་གཞུང་ཕྲན་རྣམས་ལ་བརྟེན་ནས་གསང་བ་འདུས་པའི་རྒྱུད་འཆད་པ་ལྟ་བུ་རྒྱུད་གཞུང་ཕྲན་གྱིས་འཆད་པ་དང་། རྒྱུད་རྒྱུད་ཉིད་ཀྱིས་འཆད་པ་དང་གསུམ་ཡོད་པ་ལས། འདི་ནི་ཕྱི་མ་སྟེ་ས་ཆོག་གཞན་དུ་ཁ་འཕངས་པ་དང་། སེམས་དཔའ་བཅུ་དྲུག་འགོད་པར་གསུངས་ཀྱང་། དེའི་ཞལ་ཕྱག་མ་གསུངས་པ་རྣམས་རྒྱུད་གཞན་གྱིས་ཁ་བསྐང་བ་མ་གཏོགས་རྒྱུད་ཀྱི་དངོས་བསྟན་ལ་ཡོད་པ་རྣམས་ནི་བརྟག་པ་གོང་འོག་འཁྲུག་བསྡེབས་ནས་ཉམས་སུ་བླང་བ་ཡིན་གྱིས། རྒྱུད་སྡེ་གཞན་གྱིས་རྒྱས་བཀབ་པ་ལ་སོགས་པ་མི་བྱེད་པའི་ཕྱིར་རོ། །འཁྲུགས་ཇི་ལྟར་སྡེབ་པའི་ཚུལ་ནི་འོག་གཞུང་དོན་གྱི་སྐབས་སུ་རྟོགས་པར་བྱའོ། །གཉིས་པ་བཤད་པ་དངོས་ལ་གཉིས་ཏེ། མཚན་དོན་གྱི་སྒོ་ནས་མདོར་བསྟན། གཞུང་དོན་གྱི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ལས། དང་པོ་མཚན་བསྒྱུར་བ་ནི། རྒྱ་གར་སྐད་དུ། སརྦ་དུརྒ་ཏི་ནི། བོད་སྐད་དུ། ངན་སོང་ཐམས་ཅད། པ་རི་ཤོ་དྷ་ནི་ནི་ཡོངས་སུ་སྦྱོང་བ། ཏེ་ཛོ་རཱ་ཛཱ་ཡ་ནི། གཟི་བརྗིད་ཀྱི་རྒྱལ་པོ། ཏ་ཐཱ་ག་ཏཱ་ཡ་ནི་དེ་བཞིན་གཤེགས་པ། ཨ་ར་ཧ་ཏེ་ནི་དགྲ་བཅོམ་པ། སཾ་མྱཀ་སཾ་བུདྡྷ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས། ནཱ་མ་ནི་ཞེས་བྱ་བ། ཀལ་པ་ནི་བརྟགས་པའོ། །གཉིས་པ་མཚན་བཤད་པ་ནི་རྗེ་བཙུན་གྱིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཆུད་ཅིང་གཞན་ལ་སྟོན་ནུས་པས་བྱང་སེམས་དང་། སྦྱིན་པ་དང་། ཤེས་རབ་དང་། བརྩོན་འགྲུས་བཞི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེས་སྤྱིར་འདོད་ཁམས་ཀྱི་ལྷ། བྱེ་བྲག་ཏུ་ཡུལ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དེ་བཞིན་གཤེགས་པའི་ཞལ་མཐོང་བ་སླབ་པའི་གཞི་བཟུང་། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། ཕྱིར་མི་ལྡོག་པས་ན་རྒྱུ་དང་འབྲས་བུས་བསྡུས་པའི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའོ། །མཛོད་སྤུའི་འོད་ཟེར་གྱིས་ངན་སོང་ཐམས་ཅད་ཟིལ་གྱིས་གནོན་པས་ན་གཟི་བརྗིད་ཀྱི་རྒྱལ་པོ། བརྟག་པ་ནི་ཆོ་ག་ཞིབ་མོའོ་ཞེས་བཞེད་དོ། །འབྲུ་འགྲེལ་ལས་ནི། དེ་བཞིན་གཤེགས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཆོས་ཀྱི་སྐུའོ། །དགྲ་བཅོམ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས། ཡང་དག་པར་རྫོགས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ་དེ་གཉིས་ནི་ལོངས་སྐུ། སངས་རྒྱས་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ་སྤྲུལ་སྐུའོ། །སྐུ་གསུམ་པོ་དེའི་ཕྲིན་ལས་ནི། རྒྱུ་ངན་པ་ལས་དང་ཉོན་མོངས་པའི་དབང་གིས་འབྲས་བུ་ཁམས་གསུམ་དུ་སོང་བས་ན་ངན་སོང་སྟེ། འཁོར་བ་ཐམས་ཅད་ཡོངས་སུ་སྦྱོང་བའོ། །ཇི་ལྟར་ན་རྒྱུ་ཏིང་ངེ་འཛིན་གྱིས་ལས་ཉོན་དང་། འབྲས་བུ་འོད་ཟེར་གྱིས་སྡུག་བསྔལ་སྦྱོང་བས་ན་གཟི་བརྗིད་དོ། །རྒྱལ་པོ་དང་བརྟག་པ་ནི་སྔར་དང་འདྲ་བར་གསུངས་སོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞེས་པ་ནི་ལོ་ཙྪ་བས་བཀོད་པའི་མཆོད་བརྗོད་དོ། །དེས་ན་མཚན་དོན་གྱིས་འོག་ནས་འཆད་པར་འགྱུར་བའི་བརྗོད་བྱ་མཐའ་དག་བསྡུས་པས་ན་དབང་པོ་རྣོན་པོས་མཚན་དོན་ལ་བརྟེན་ནས་ཀྱང་བརྗོད་བྱ་མདོར་བསྡུས་ཏེ་རྟོགས་པར་འགྱུར་རོ། །གཉིས་པ་ལ་བཞི་སྟེ། གླེང་གཞི་དང་། གླེང་བསླང་བ་དང་། རྒྱུད་ཀྱི་གཞུང་དངོས་དང་། རྗེས་སུ་ཡི་རང་བའོ། །དང་པོ་ལ་དྲུག ཆོས་དང་། སྡུད་པ་པོ་དང་། དུས་དང་། སྟོན་པ་དང་། གནས་ཕུན་སུམ་ཚོགས་པ་དང་། འཁོར་དང་སྟོན་པའི་ཆེ་བས་བཞུགས་པའོ། །དང་པོ་ནི། འོག་ནས་འབྱུང་བའི་རྒྱུད་ཀྱི་ཚིག་དོན་འདི་སྐད་ཅེས་པ་སྟེ། སྒྲོ་སྐུར་དང་། དབྲི་བསྣན་མེད་ཅེས་པའི་དོན་ནོ། །གཉིས་པ་ནི། ཕྱག་ན་རྡོ་རྗེ་བདག་གིས་སངས་རྒྱས་ཤཱཀྱ་ཐུབ་པ་ལས་མངོན་སུམ་དུ་ཐོས་ཀྱི། གཞན་ལས་བརྒྱུད་པ་མ་ཡིན་ཞེས་པའོ། །ཐོས་པ་ནི་རྣ་བའི་དབང་པོ་སྐྱོན་མེད་པས་ཐོས་ཀྱི། སྒོམ་བྱུང་གིས་དོན་མངོན་སུམ་དུ་གྱུར་པ་ནི་མ་ཡིན་པའོ། །གསུམ་པ་ནི། དུས་གཅིག་ན་ཞེས་པ་སྟེ། དེ་ལ་སྟོན་པ་སྤྱོད་ལམ་གྱི་དུས། ཡང་དག་འཇོག་གི་དུས། སྙོམས་པར་འཇུག་པའི་དུས། ཆོས་འཆད་པའི་དུས་དང་བཞི་ལས། དུས་གཅིག་ཆོས་འཆད་པའི་དུས་སུ་ཐོས་པའོ། །དེ་ཡང་དུས་མཐའི་སྐད་ཅིག་མ་གཅིག་ལ་གསུངས་པར་ནུས་པས་འཆད་བྱེད་སྟོན་པའི་ཆེ་བ། དེའི་ཚེ་ཕྱག་ན་རྡོ་རྗེས་ཁོང་དུ་ཆུད་པས་སྡུད་བྱེད་འཁོར་གྱི་ཆེ་བ། དུས་གཅིག་གི་ཚེ་འདི་ཐོས་ཀྱི་གཞན་དུ་ནི་གཞན་དག་ཀྱང་ཐོས་སོ་ཞེས་པས། སྡུད་པ་པོ་ཐོས་པ་ཆེ་བ། དུས་གཅིག་གི་ཚེ་ཆོས་འདི་འབྱུང་གི་གཞན་གྱི་ཚེ་ནི་མི་འབྱུང་ཞེས་པས་བཤད་བྱ་ཆོས་ཀྱི་ཆེ་བ་དང་བཞི་བསྟན་པ་ཡིན་ནོ། །འདི་དག་ནི་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང་ཐུན་མོང་དུ་སྟོན་འཁོར་ཐ་དད་ཀྱི་དབང་དུ་བྱས་པ་ཡིན་གྱི་ཡང་དག་པར་ན་ཕུན་སུམ་ཚོགས་པ་ལྔ་ཀ་ཡང་སྟོན་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པ་ཁོ་ན་ཡིན་གྱི་རྒྱུད་ཐ་དད་པ་ནི་ཅུང་ཟད་ཀྱང་མེད་དོ། །བཞི་པ་ནི་བཅོམ་ལྡན་འདས་ཞེས་པ་སྟེ། བདུད་བཞི་བཅོམ་ཞིང་དབང་ཕྱུག་གི་ཡོན་ཏན་དྲུག་དང་ལྡན་པས་ན་བཅོམ་ལྡན་ཏེ། རྡོ་རྗེ་རྩེ་མོ་ལས། ཉོན་མོངས་ལས་དང་དེ་བཞིན་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །མི་མཐུན་ཕྱོགས་ཀྱི་ཆོས་རྣམས་གང་། །དེ་བཅོམ་པས་ན་བཅོམ་ལྡན་བརྗོད། །ཅེས་དང་། སཾ་བུ་ཊི་ལས། འདི་ལྟ་སྟེ། དཔལ་དང་ཕུན་སུམ་ཚོགས་པ་དང་། གྲགས་པ་དང་། ཡེ་ཤེས་དང་། དབང་ཕྱུག་དང་། གཟུགས་བཟང་བ་དང་། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། ཡོན་ཏན་དྲུག་གི་སྐལ་བ་དང་ལྡན་པའོ། །ཞེས་སོ། །འོ་ན་བཅོམ་ལྡན་འདས་ཀྱི་སྒྲ་བཤད་ལ་བཞི་བཅོམ་དྲུག་ལྡན་ནོར་བར་བཤད་པ་དང་འགལ་ལོ་སྙམ་ན། དེ་ནི་བཅོམ་པ་དང་ལྡན་པའི་སྐད་དོད་སོ་སོར་བཤད་པ་དགག་པ་ཡིན་གྱི། བྷ་ག་ཝཱན་ཞེས་པའི་ཚིག་ཉིད་བཅོམ་པ་དང་ལྡན་པ་གཉིས་ཀ་ལ་འཇུག་པས་བདུད་བཞི་བཅོམ་པས་ན་བྷ་ག་ཝཱན། དབང་ཕྱུག་གི་ཡོན་ཏན་དྲུག་དང་ལྡན་པས་ན་བྷ་ག་ཝཱན་ཞེས་པའི་སྒྲ་སྐད། དགག་པ་མ་ཡིན་པས་སྐྱོན་མེད་དོ། །ལྔ་པ་ལ་གནས་དངོས་དང་། དེའི་ཁྱད་པར་གཉིས་ལས། དང་པོ་ནི། རྫུ་འཕྲུལ་ཡོད་ཅིང་རང་འོད་དང་ལྡན་པས་ན་ལྷ། བསམ་གཏན་གྱི་བདེ་བ་དང་ལྡན་པས་ན་མཆོག་སྟེ་སུམ་ཅུ་རྩ་གསུམ་པ་ཐམས་ཅད་ཀྱི་ཚལ་ལོ། །དེ་ཇི་ལྟ་བུ་ཞེ་ན། གནས་དེ་ན་ཤར་དུ་ཤིང་རྟ་སྣ་ཚོགས་ཀྱི་ཚལ། ལྷོ་ན་རྩུབ་འགྱུར་གྱི་ཚལ། ནུབ་ན་འདྲེས་པའི་ཚལ། བྱང་ན་དགའ་བའི་ཚལ་དང་བཞི་ཡོད་པ་ལས་ཕྱི་མའོ། །དེ་ཉིད་ལྷ་རྣམས་ཀྱི་བསོད་ནམས་ལས་གྲུབ་པའམ། སངས་རྒྱས་ཀྱི་ཡེ་ཤེས་ཉིད་དེར་སྣང་བས་ན་ཡིད་དུ་འོང་བའོ། །ན་ཞེས་པ་ནི་ཚིག་ཕྲད་དོ། །གཉིས་པ་ལ་ལྔ་སྟེ། མེ་ཏོག་ལ་སོགས་པའི་ཁྱད་པར། རྒྱན་གྱི་ཁྱད་པར། སྒྲའི་ཁྱད་པར། རྩེ་བའི་ཁྱད་པར། བྱིན་རླབས་ཀྱི་ཁྱད་པར་རོ། །དང་པོ་ནི། ནོར་བུ་དང་ཞེས་སོགས་ཏེ། མེ་ཏོག་འདི་དག་ནི་མི་ཡུལ་ན་མེད་ཅིང་སུམ་ཅུ་རྩ་གསུམ་ན་ཡོད་པ་རྣམས་སོ། །གཉིས་པ་ནི། དཔག་བསམ་གྱི་ཤིང་རྣམས་ཀྱིས་མཛེས་པར་བྱས་ཤིང་གཞལ་ཡས་ཁང་གི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །གསུམ་པ་ནི། དཀོན་མཆོག་བརྩེགས་པ་ནས་བཤད་པ་ལྟ་བུའི་བྱ་མང་པོ་སྣ་ཚོགས་ཞེས་སོགས་ཏེ། ཀ་རེ་ཀོ་ནི་འཁར་རྔའོ། །བཞི་པ་ནི། བརྒྱ་བྱིན་དང་ཞེས་སོགས་ཏེ། བརྒྱ་བྱིན་མིག་བརྒྱ་དང་ལྡན་པའམ། ཡབ་རྒྱལ་པོ་གྷ་ན་པ་ཏིས་ལོངས་སྤྱོད་ཀྱི་རྒྱན་དུ་ནོར་བུ་ཏི་ལ་ཀ་ཁལ་བརྒྱ་དུས་གཅིག་ལ་སྦྱིན་པ་བཏང་བས་ན་བརྒྱ་བྱིན་ནོ། །ཚངས་པ་ནི་ཚད་མེད་བཞིའི་རྣམ་སྨིན་གྱིས་འབྲས་བུའི་གཟུགས་ཁམས་སུ་སྐྱེས་པས་ནའོ། །ལྔ་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་པ་ན་ཞེས་པའོ། །དྲུག་པ་ལ་གཉིས་ཏེ། འཁོར་གྱི་ཆེ་བ་དང་སྟོན་པའི་ཆེ་བས་བཞུགས་པའོ། །དང་པོ་ལ་གཉིས་ཏེ། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའོ། །དང་པོ་ནི། བརྒྱ་བྱིན་དང་། ཞེས་སོགས་ཏེ། བརྒྱ་བྱིན་ནི་སུམ་ཅུ་རྩ་གསུམ་པའི་གཙོ་བོ། ཚངས་པ་ནི་གཟུགས་ཁམས་པའི་གཙོ་བོ། རིག་འཛིན་ནི་རྟེན་མིའི་ལུས་ལ་བསམ་གཏན་གྱི་ཏིང་ངེ་འཛིན་སྐྱེས་པ་འཇིག་རྟེན་པའི་རིག་འཛིན་དང་། རྟེན་ལྷའི་ལུས་ལ་བསམ་གཏན་གྱི་ཏིང་ངེ་འཛིན་སྐྱེས་པས་ཚེ་བསྐལ་པར་ཐུབ། སྤྲུལ་སྐུའི་ཞིང་ཁམས་སུ་འགྲོ་ནུས། ཅི་བསམས་པ་ནམ་མཁའ་ལས་འབྱུང་ཞིང་ནམ་མཁའ་མཛོད་ལ་མངའ་བརྙེས་པ་ནི་འཇིག་རྟེན་ལས་འདས་པའི་རིག་འཛིན་ནོ། །ལྷའི་བུ་བུ་མོ་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ནི་བྱེ་བ་ནི་བགྲངས་པའི་གྲངས་ཀྱི་གནས་གཞན་བརྒྱད་པའོ། །གནོད་སྦྱིན་ནི་གང་བ་བཟང་པོ་ལ་སོགས་པའོ། །སྲིན་པོ་ནི་ལང་ཀ་མགྲིན་བཅུའོ། །ལྷ་མ་ཡིན་ནི་ཐགས་ཟངས་རིས་ལ་སོགས་པའོ། །དྲི་ཟ་ནི་ཟུར་ཕུད་ལྔ་པ་ལ་སོགས་པའོ། །མིའམ་ཅི་ནི་ལྗོན་པ་རྟ་མགོ་ཅན་ལ་སོགས་པའོ། །ལྟོ་འཕྱེ་ཆེན་པོ་ནི་སྦྲུལ་མགོ་བདུན་པའོ། །ཀླུ་ནི་དགའ་བོ་ལ་སོགས་པ་སྟེ། སོགས་ཀྱི་སྒྲས་བསྡུས་པ་ནི་གྲུལ་བུམ་གསུས་པོ་ཆེ་ལ་སོགས་པའོ། །དེ་ལྟར་འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་དུ་མ་དང་བཅས་པ་ནི་བགྲང་དུ་མི་ལང་བའོ། །གཉིས་པ་ནི། བྱང་ཆུབ་སེམས་དཔའ་ཞེས་སོགས་ཏེ། དངོས་སུ་སྨོས་པའི་བྱང་སེམས་དགུ་པོ། རྩ་སྐྱ་པས་ཕྱག་ན་རྡོ་རྗེ། འཇམ་དཔལ། ནམ་མཁའི་སྙིང་པོ། འཇིག་རྟེན་དབང་ཕྱུག ནམ་མཁའ་མཛོད། འཁོར་ལོས་སྒྱུར་བ། རྡོ་རྗེ་ཁུ་ཚུར། རྡོ་རྗེ་གནོད་སྦྱིན། རྡོ་རྗེ་ལས་རྣམས་ལ་སྦྱོར་བར་མཛད་ཅིང་། རྗེ་བཙུན་གྱིས་འདི་རྣམས་ལ་འདི་ཡིན་བྱ་བ་མེད་པས་དེ་དག་ལ་སྦྱོར་བ་མི་འཐད་གསུང་། ཁ་ཅིག་ཕྱོགས་བཅུའི་སངས་རྒྱས་ཀྱི་རང་བཞིན་ཡིན་པར་ཡང་འདོད། ཕྱིར་མི་ལྡོག་པ་ནི་ས་དང་པོའི་བྱང་སེམས་སྔགས་ཐོབ་པའི་བྱིན་རླབས་ཀྱིས་ཕྱིར་མི་ལྡོག ས་བརྒྱད་པའི་བྱང་སེམས་སྒྲིབ་པ་མེད་པའི་གནས་ཐོབ་པས་ཕྱིར་མི་ལྡོག་སྟེ། དེ་ལྟ་བུའི་དགེ་འདུན་གྲངས་ཀྱི་མཐར་ཐུག་པ་མེད་པ་རྣམས་ཀྱིས་བསྟི་སྟང་སྟེ་བསྙེན་བཀུར་དུ་བྱེད། སྟོན་པ་ཤཱཀྱ་ཐུབ་པ་ལ་བླ་མར་བྱེད། མེ་ཏོག་ལ་སོགས་པས་མཆོད་ཅིང་བརྗོད། རང་ལ་ཡང་ཞེན་པ་མེད་པས་རབ་ཏུ་མཆོད་ཅིང་སངས་རྒྱས་ཀྱི་ཡོན་ཏན་སྤེལ་ཏེ། དེ་ལྟ་བུའི་འཁོར་མང་པོའི་དབུས་ན་བཞུགས་ཞེས་པའོ། །གཉིས་པ་སྟོན་པའི་ཆེ་བས་བཞུགས་པ་ནི། སུ་ཞིག་བཞུགས་ན། ཚད་མེད་པ་བཞི་དང་ལྡན་པས་ན་ཚངས་པ། ཆོས་དབྱིངས་རྟོགས་པའི་དོན་གྱིས་ཆེན་པོ་སྟེ། སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་འཁོར་བའི་ཉེས་པས་མ་གོས་པ་མཚོན་པས་པདྨའི་གདན་ལ་བཞུགས་པའོ། །འདིར་ཚངས་པ་ཆེན་པོ་སངས་རྒྱས་ཀྱི་མིང་གི་རྣམ་གྲངས་ཡིན་པའི་དོན་མ་རྟོགས་པར། ཚངས་པ་ཆེན་པོ་ཡིན་ན་ཞལ་བཞི་ཡོད་དགོས་ཞེས་སྨྲ་བ་ནི་རྒྱུད་འགོག་པ་སྟེ། སྟོན་པ་ཤཱཀྱ་ཐུབ་པ་པདྨའི་གདན་ལ་བཞུགས་པ་ལ་ཚངས་པ་ཆེན་པོ་པདྨའི་གདན་ལ་བཞུགས་པར་གསུངས་པའི་ཕྱིར་རོ། །གཉིས་པ་གླེང་བསླང་བ་ལ་གཉིས་ཏེ། སྟོན་པས་གླེང་བསླང་བ་དང་། འཁོར་གྱིས་གླེང་བསླང་བའོ། །དང་པོ་ལ་དྲུག་སྟེ། རྒྱུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། ཐབས་འོད་ཟེར་གྱི་སྤྲོ་བསྡུ་དང་། འབྲས་བུ་ངན་སོང་ལས་གྲོལ་བར་བསྟན་པ་དང་། མཆོད་པ་སྔོན་དུ་སོང་བས་ཆེད་དུ་བརྗོད་པ་དང་། བརྒྱ་བྱིན་ལ་སོགས་པས་ངོ་མཚར་བར་བསྟན་པ་དང་། བཅོམ་ལྡན་འདས་ཀྱིས་ངཾོ་མཚར་བར་བསྟན་པའོ། །དང་པོ་ནི། དེ་ནས་སྟོན་པས་ངན་སོང་གི་རྒྱུད་དེ་རྒྱུ་དང་འབྲས་བུས་བསྡུས་པའི་སྡུག་བསྔལ་དང་འབྲེལ་བའི་ཤེས་པ་སྦྲེང་ཆགས་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །གཉིས་པ་ནི། དེ་ལྟར་སྙོམས་པར་ཞུགས་ནས་ཏིང་ངེ་འཛིན་གྱི་མིང་ངན་སོང་གསུམ་གྱི་རྒྱུད་ལས་རྣམ་པར་གྲོལ་བ་ཞེས་སོགས་ཏེ། གཞན་རྣམས་ནི་གོ་སླ་ལ། བྱང་ཆུབ་སེམས་དཔའ་དང་། སེམས་དཔའ་ཆེན་པོ་ནི་སྙིང་རྗེ་ཆེན་པོ་དང་། ཤེས་རབ་ཆེན་པོའོ། །གསུམ་པ་ནི། ཀུན་དུ་སྣང་བར་བྱས་པས་དེ་སེམས་ཅན་ཐམས་ཅད་ཀྱི་སེམས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་བྱས་པའི་འཆིང་བ་ལས་རྣམ་པར་གྲོལ། ལུས་སེམས་ཀྱི་བདེ་བ་སོ་སོར་ཐོབ་ནས་སྟོན་པའི་བཞུགས་གནས་དགའ་བའི་ཚལ་ཐམས་ཅད་ཀུན་ཏུ་གང་བར་བྱས་ཏེའོ། །བཞི་པ་ནི། མཆོད་པའི་སྤྲིན་ཞེས་སོགས་ཏེ། ནོར་བུ་དྲི་མ་མེད་པ་ནི་ཐུགས་ཡེ་ཤེས་ས་གཞིར་སྣང་བ་སྟེ། འཇམ་དཔལ་རྩ་རྒྱུད་ལས། སེམས་ཉིད་ནོར་བུ་རིན་པོ་ཆེ། །ཇི་ལྟར་དམིགས་ཤིང་བསམ་པར་སྣང་། །འགྲོ་བའི་སེམས་རྒྱུད་གཉིས་མི་འཆད། །དེ་ནི་ཡེ་ཤེས་ཀུན་གྱི་གཞི། །ཞེས་སོ། །ཨེ་མ་ཧོ་ངོ་མཚར་བ། སངས་རྒྱས་གསུམ་ནི་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་ཡིན་ལ། དེ་དག་གི་མཛད་པ་ལེགས་པ་ནི། གང་གི་ཕྱིར་ན་རྒྱུད་དང་འབྲས་བུས་བསྡུས་པའི་ངན་སོང་ལས་བདག་ཅག་རྣམས་སྨིན་མཚམས་ཀྱི་མཛོད་སྤུའི་འོད་ཟེར་གྱིས་སྦྱངས་ནས་ཆོས་ཉན་པའི་སྐལ་བ་ཅན་དུ་བྱས་པས་བྱང་ཆུབ་སྤྱོད་པ་ཉིད་ལ་བཀོད་པའི་ཕྱིར་རོ། །འདི་དག་གིས་སྔོན་བྱུང་ལ་བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུའི་འོད་ཟེར་གྱི་སྤྲོ་བསྡུས་ངན་སོང་སྦྱངས་ནས་དེ་དག་གི་ཆེད་བརྗོད་བྱས་པར་བསྟན་ལ། རྗེས་འཇུག་ལ་བདག་བསྐྱེད་ཀྱི་གཙོ་བོའི་ང་རྒྱལ་གྱིས་ཏིང་ངེ་འཛིན་ལ་འཇུག་དགོས་པར་སྟོན་ནོ། །ལྔ་པ་ནི། དེ་ནས་ལྷའི་དབང་པོ་ཞེས་སོགས་ཏེ་གོ་སླའོ། །དྲུག་པ་ནི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་ཞེས་བོས་ནས་འདི་ནི་ངོ་མཚར་ཆེཾ་སྟེ། དེའི་རྒྱུ་མཚན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྒྱུའི་དུས་ན། ཚད་མེད་གྲངས་མེད་པའི་བསོད་ནམས་ཀྱི་ཚོགས་ཕར་ཕྱིན་དྲུག་གིས་བསྡུས་པ་ཡང་དག་པར་བསགས་པའོ། །འབྲས་བུའི་དུས་ན་རེ་འདོད་ཐམས་ཅད་སྐོང་བར་བྱེད་པས་ཡོན་ཏན་རིན་པོ་ཆེའི་འབྱུང་ཁུངས་སུ་གྱུར་པའོ། །རྒྱུའི་དུས་སུ་ཤེས་རབ་ཆེན་པོའི་སྒོ་ནས་ཚད་མེད་པའི་ཐབས་ཡང་དག་པར་རྫོགས་པའོ། །ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཚད་མེད་པ་བསགས་པའོ། །སྐུ་གསུང་ཐུགས་ཀྱི་སྤྱོད་པ་ནི་ཚད་མེད་པའོ། །འབྲས་བུའི་དུས་སུ་གདུལ་བྱའི་སྐྱེ་བོ་ཚད་མེད་པ་རྣམས་གསང་སྔགས་སྤྱོད་པའི་སྣོད་དུ་གྱུར་པར་མཛད་པའོ། །མི་མཉམ་པ་ནི། སོ་སོ་སྐྱེ་བོ། ཕྱི་རོལ་པ། ཉན་རང་། བྱང་སེམས་རྣམས་དང་མི་མཉམ་པ་ཡིན་ལ། མཉམ་པ་ནི་དུས་གསུམ་གྱི་སངས་རྒྱས་ཀུན་དང་ཆོས་དབྱིངས་མཉམ་པར་རྟོགས་པའོ། །དེ་ལྟ་བུའི་ཡེ་ཤེས་ནི་རྡོ་རྗེ་རྩེ་མོ་ལས། ཡེ་ནས་ཤེས་པས་ཡེ་ཤེས་ཏེ། །སླར་ཡང་ཆོས་སུ་རྟོགས་པ་མིན། །རྟག་དང་ཆད་པ་སྤོང་བྱེད་པ། །འཆི་མེད་དེ་ལ་ཡེ་ཤེས་བརྗོད། །ཅེས་པ་ལྟར་རོ། །རྫུ་འཕྲུལ་ནི་ལུས་ཀྱི་མཐུའོ། །སྨོན་ལམ་གྱི་སྟོབས་ནི་འབད་རྩོལ་ལ་མི་ལྟོས་པས་སྨོན་ལམ་མོ། །རྒྱུ་མཚན་དགུ་པོ་དེ་ལྟ་བས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐུའི་སྒོ་ནས་སྣོད་ཇི་ལྟ་བ་བཞིན་དུ། གསུང་གི་སྒོ་ནས་ཇི་ལྟར་འདུལ་བ་བཞིན་དུ་དང་། ཐུགས་ཀྱི་སྒོ་ནས་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་དོན་མཛད་པ་ཡིན་པར་ཤེས་པར་བྱས་ཏེ་འདི་ལ་ཞེས་སོགས་སོ། །གཉིས་པ་འཁོར་གྱིས་གླེང་བསླང་བ་ལ་བརྒྱད་དེ། བརྒྱ་བྱིན་གྱིས་སྟོན་པ་ལ་སྤོབས་པ་བསྐྱེད་ཅིག་པར་གསོལ་བ་གདབ་པ་དང་། ནོར་བུ་དྲི་མ་མེད་པ་གང་དུ་སྐྱེས་པར་ལུང་བསྟན་པར་གསོལ་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་དུས་ལ་བབ་ན་ཉོན་ཅིག་པར་གདམས་པ་བསྟན་པས་བརྒྱ་བྱིན་གྱིས་དུས་ལ་བབ་པར་ཁས་བླངས་པ་དང་། དྲི་མ་མེད་པའི་སྐྱེ་རྒྱུད་བསྟན་པ་དང་། བརྒྱ་བྱིན་ལ་སོགས་པ་སྐྱོ་བ་སྐྱེས་ཏེ་འགྱེལ་བ་དང་། བཅོམ་ལྡན་འདས་ལ་ནོར་བུ་དྲི་མ་མེད་པ་སྡུག་བསྔལ་ལས་ཐར་པའི་ཐབས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་ཉོན་ཅིག་པར་བསྟན་པ་དང་། ཞུས་པ་དངོས་སོ། །དང་པོ་ནི། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་རང་གི་སྟན་ལས་ལངས་ཏེ་ཞེས་སོགས་ཏེ། སྤྱིར་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་བདེ་བ་དང་བདེ་བའི་རྒྱུ་དང་འཕྲད་པར་འདོད་པའི་ཕན་པ་ཉིད་དུ་བགྱི་བ་དང་། དུད་འགྲོ་ལ་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་བརྩེ་བ་ཉིད་དུ་བགྱི་བ་དང་། ཡི་དྭགས་ལ་སྙིང་རྗེ་ཅན་ཉིད་དུ་བགྱི་བ་དང་། དམྱལ་བ་ལ་སྙིང་བརྩེ་བ་ཅན་ཆེན་པོ་ཉིད་དུ་བགྱི་བ་དང་། ཐུན་མོང་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བདེ་བ་དང་ཡིད་བདེ་བས་བསྡུས་པའི་བསམ་པ་ཐམས་ཅད་ཞེས་སོགས་ཏེ། བདག་སྤོབས་པ་བསྐྱེད་པ་ནི་བློ་ཆེན་པོ་དང་ལྡན་པར་བྱིན་གྱིས་རློབས་ཤིག་པའི་དོན་ནོ། །གཉིས་པ་ནི། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་རིས་འདི་ཉིད་ནས་ཞེས་སོགས་སོ། །གསུམ་པ་ནི། བཀའ་སྩལ་པ། ལྷའི་དབང་པོ་ཅི་སྟེ་ཞེས་སོགས་སོ། །བཞི་པ་ནི། བཀའ་སྩལ་པ། ལྷའི་དབང་པོ་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཞེས་སོགས་སོ། །ལྔ་པ་ནི། དེ་ནས་བརྒྱ་བྱིན་ལ་སོགས་པ་ལྷའི་བུ་ཐམས་ཅད་ཀྱིས་ཐོས་ནས་ཞེས་སོགས་སོ། །དྲུག་པ་ནི། དེ་ནས་ཡང་ལངས་ནས་ཞེས་སོགས་སོ། །བདུན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་སངས་རྒྱས་ཞེས་སོགས་སོ། །བརྒྱད་པ་ལ་གཉིས་ཏེ། བརྒྱ་བྱིན་གྱིས་ཞུས་པ་དང་། ཚངས་པ་ལ་སོགས་པས་ཞུས་པའོ། །དང་པོ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཡང་བཅོམ་ལྡན་འདས་ལ་ཞེས་སོགས་སོ། །གཉིས་པ་ནི། དེ་ནས་ཚངས་པ་ལ་སོགས་ཞེས་སོགས་སོ། །གསུམ་པ་རྒྱུད་ཀྱི་གཞུང་དངོས་ལ་གཉིས་ཏེ། སྟོན་པས་འཁོར་བྱིན་གྱིས་བརླབས་པ་དང་། རྒྱུད་དངོས་སོ། །དང་པོ་ནི། གསོལ་བ་བཏབ་པའི་རྗེས་དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་འཁོར་དུ་འདུས་པའི་ལྷའི་བུ་དེ་དག དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་བསྐུལ་བའི་དོན་གྱིས་སྙིང་པོ་འདིས་འཁོར་རྣམས་སྣོད་རུང་དུ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། འབྲས་བུའི་སྐལ་བ་ཅན་དུ་བྱེད་པས་ན་དོན་ཡོད་པ། སྟོང་ཉིད་རྡོ་རྗེས་བྱིན་གྱིས་བརླབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡང་སྔགས་འདི་ཕྱུང་ནས་ལྷ་དེ་དག་སྔགས་ཀྱི་དམ་ཚིག་ཅན་དུ་བྱིན་གྱིས་བརླབས་སོ། །ཨོཾ་ནི་བཀྲ་ཤིས་པ་སྟེ། རྩེ་མོ་ལས། ཡི་གེ་ཨོཾ་ནི་ཅི་ཡིན་བརྗོད། །མཆོག་དང་ནོར་གཏེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་སོགས་སོ། །ཨ་དྷི་ནི་བདག་པོའོ། །ཏིཥྛ་ནི་བྱིན་རླབས། ཛྙ་ན་ཡེ་ཤེས། ས་མ་ཡ་ནི་དམ་ཚིག ཧཱུྃ་ནི་ཡེ་ཤེས་ལྔ་འདུས་པའོ། །དེ་ལྟར་ཏིང་འཛིན་ལ་སྙོམས་པར་ཞུགས་ནས་ཀྱང་། གདོན་མི་ཟ་བ་སྟེ་ངེས་པར་ཚད་མེད་པའི་དོན་གྱིས་ན་མི་ཆོམས་པས་རྡོ་རྗེས་བྱིན་གྱིས་རླབས་ཀྱིས་བརྒྱ་བྱིན་ལ་སོགས་པ་བྱིན་གྱིས་བརླབས་ཞེས་པའོ། །འདི་དག་གི་དོན་ནི། སྔོན་བྱུང་ལ་སྟོན་པས་འཁོར་རྣམས་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བཅུག་སྟེ། རྒྱུད་ཉན་པའི་སྐལ་བ་ཅན་དུ་མཛད་པ་ཡིན་ལ། རྗེས་འཇུག་གི་གདུལ་བྱས་རྒྱུད་ཉན་པ་ལ་དབང་བསྐུར་སྔོན་དུ་འགྲོ་དགོས་པར་བསྟན་ཅིང་ཆོ་ག་ཉམས་སུ་ལེན་པ་ན། ཚེ་ལྡན་དང་ཚེ་འདས་ལ་སྔགས་འདིས་བྱིན་གྱིས་བརླབ་དགོས་པར་བསྟན་ནོ། །གཉིས་པ་ལ་གཉིས་ཏེ། ཤཱཀྱ་ཐུབ་པས་གསུངས་པའི་ཀུན་རིག་རྩ་བའི་དཀྱིལ་འཁོར་དང་། ཕྱག་ན་རྡོ་རྗེའི་ཞལ་ནས་གསུངས་པའི་བརྟག་པ་ཕྱི་མའོ། །དང་པོ་ལ་དྲུག་སྟེ། སྔགས་ཀྱི་ཕྲེང་བ་ཕན་ཡོན་དང་བཅས་པ་བསྟན་པ་དང་། ནང་གི་དཀྱིལ་འཁོར་སྔོན་དུ་འགྲོ་བས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་དང་། རས་བྲིས་ལ་བརྟེན་པའི་དངོས་གྲུབ་དང་། ངན་སོང་གི་སྡིག་པ་སྦྱོང་བའི་ཐབས་ཀྱི་བྱེ་བྲག་རྣམས་བསྟན་པ་དང་། ནོར་བུ་དྲི་མ་མེད་པ་ངན་སོང་ལས་ཐོན་པ་ཕན་ཡོན་དང་བཅས་ཏེ་བསྟན་པ་དང་། རྒྱུད་ཀྱི་ཆེ་བ་བསྟན་པའོ། །དང་པོ་ལ་གཉིས། སྔགས་ཀྱི་ཕྲེང་བ་དངོས་དང་། ཕན་ཡོན་ནོ། །དང་པོ་ནི། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ཞེས་སོགས་ཏེ། སྔོན་བྱུང་ལས། སྔགས་འདི་དག་སྟོན་པའི་ཐུགས་ཁ་ནས་ཕྱུང་བ་ཕན་ཡོན་དང་བཅས་པ་བསྟན་ལ། རྗེས་འཇུག་ལ། སྔོན་དུ་བསྙེན་པའི་ཆོ་ག་ཉམས་སུ་ལེན་པ་བསྟན་ཏེ། དེ་ལ་ཡང་དཔའ་བོ་གཅིག་པའི་བསྙེན་པ་དང་། དཀྱིལ་འཁོར་ཡོངས་རྫོགས་ཀྱི་བསྙེན་པ་གཉིས་ལས། ཕྱི་མ་བསྟན་ནོ། །ཇི་ལྟར་ན། ཨོཾ་ཤ་ཞེས་པས་སྣོད་བཅུད་སྟོང་ཉིད་དུ་སྦྱང་པ་བསྟན་ལ། ཨོཾ་བྷ་ཞེས་པས་འབྱུང་བ་རིམ་རྩེགས་བསྒོམ་པ་བསྟན་ཅིང་། ཤུགས་ལས་གཞལ་ཡས་ཁང་གདན་བཅས་བསྒོམ་པ་ཡང་བསྟན་ནོ། །དེ་ནས་རིགས་ལྔའི་སྔགས་དང་པོས་ནི་ཟློས་སྔགས་དང་། རིགས་ལྔའི་སྔགས་གཉིས་པས་ནི་བསྐྱེད་སྔགས་དང་། རིགས་ལྔའི་སྔགས་གསུམ་པས་ནི་བུམ་པ་ལ་བཟློས་སྔགས་བསྟན། རྩ་རིག་ནི་ཐུན་མོང་གི་བཟློས་སྔགས་དང་། སྔགས་དངོས་སུ་མ་བསྟན་པ་རྣམས་ཀྱི་བསྐྱེད་སྔགས་བསྟན་ནོ། །ཡང་རོ་ཆས་སུ་གཞུག་པའི་ཚེ། གནས་རྣམས་ལ་གདགས་པའི་ཡི་གེ་ཡང་བསྟན་ནོ། །དེ་ལ་རིགས་ལྔ་སོ་སོ་དང་། གནས་སོ་སོ་ལ་སྦྱོར་ཚུལ་བསྟན་པ་ནི་རིགས་ལྔའི་སྔགས་ཚན་དང་པོས་ནི་རིམ་པ་ལྟར་རྣམ་སྣང་དང་མཛོད་སྤུ། རྒྱ་མཆོག་རིན་ཆེན་དང་རྣ་བ་གཡས། ཤཱཀྱ་རིག་དབང་དང་རྣ་བ་གཡོན། མེ་ཏོག་ཆེར་རྒྱས་དང་གཙུག་ཕུད། སྦྱོང་རྒྱལ་དང་དཔུང་པ་གཡས་རྣམས་སོ། །དེ་ནས་རྩ་རིགས་ནི་ལྷ་ཐམས་ཅད་ཀྱི་ཐུན་མོང་དང་སྙིང་ཁའོ། །རིགས་ལྔའི་སྔགས་ཚན་གཉིས་པ་ནི་རིམ་པ་བཞིན་ཀུན་རིག་དང་སྣ་གོང་། སྦྱོང་རྒྱལ་དང་རྐེད་པ། རྒྱལ་མཆོག་རིན་ཆེན་དང་པུས་མོ་གཡས། ཤཱཀྱ་རིག་དབང་དང་པུས་མོ་གཡོན། མེ་ཏོག་ཆེར་རྒྱས་དང་བོལ་གོང་གཡས་རྣམས་བསྟན་ནོ། །རིགས་ལྔའི་སྔགས་ཚན་གསུམ་པས་ནི་རིམ་པ་བཞིན། ཀུན་རིག་དང་བོལ་གོང་གཡོན། ཤཱཀྱ་རིག་དབང་དང་ལོང་བུ་གཡས། རིན་ཆེན་མེ་ཏོག་དང་ལོང་བུ་གཡོན། སྦྱོང་རྒྱལ་དང་སྣའི་རྩེ་མོ། མེ་ཏོག་ཆེར་རྒྱས་དང་མིག་གཡས་རྣམས་བསྟན་ནོ། །ཨོཾ་ཤ་ནི་མིག་གཡོན། ཨོཾ་བྷ་ནི་གསང་གནས་སོ། །སྔགས་དོན་གཞན་རྣམས་ནི་གོ་སླ་ལ། ཤོ་དྷ་ནི་གཉིས་ནི་སྦྱོང་བ་གཉིས། སརྦ་པཱ་པཾ་ནི་སྡིག་པ་ཐམས་ཅད། བི་ཤོ་དྷ་ནི། རྣམ་པར་སྦྱོང་བ། ཤུདྡྷེ་དག་པ། བི་ཤུདྡྷེ་རྣམ་པར་དག་པ། སརྦ་ཀརྨཱ་ཨཱ་ཝ་ར་ཎ་ནི་ལས་ཀྱི་སྒྲིབ་པ་ཐམས་ཅད། བི་ཤུདྡྷེ་རྣམ་པར་དག་པ། སྭཱ་ཧཱ་ནི་གཞི་ཚུགས་པའོ། །སརྦ་ཨ་བྷ་ཡ་ནི་སྒྲིབ་པ་ཐམས་ཅད། སརྦ་ས་ཏྭ་སེམས་ཅན་ཐམས་ཅད། བི་ཤོ་དྷ་ནི་ཧ་ན་ནི་རྣམ་པར་དག་ཅིང་བསྣུན་པའོ། །ཧཱུྃ་དང་། ཕཊ་དང་། སྭཱ་ཧཱ་གསུམ་ནི་རྡོ་རྗེ་རྩེ་མོ་ལས། ཡི་གེ་ཧཱུྃ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་པར་བྱེད། །སྲིད་པའི་ཞགས་པ་གཅོད་བྱེད་ཅིང་། །གདུག་པ་སྡང་ཞིང་གསོད་བྱེད་པ། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་དང་། ཡི་གེ་ཕཊ་ནི་ཅི་ཡིན་བརྗོད། །གདུག་དང་སྡུག་བསྔལ་འཇོམས་བྱེད་ཅིང་། །བདེ་བ་དག་ནི་འགུགས་པར་བྱེད། །ཕཊ་ནི་འཇོམས་བྱེད་སྒྲ་ཡིན་ཏེ། །གྲོགས་དང་བཅས་ཏེ་འཇོམས་པར་བྱེད། །ཅེས་དང་། སྭཱ་ཧཱ་ཅེས་པ་ཅི་ཡིན་བརྗོད། །སྡིག་པ་ཐམས་ཅད་ཞི་བྱེད་ཅིང་། །དགེ་བའི་ཚོགས་ནི་འཕེལ་བར་བྱེད། །ཉེས་པར་བཅས་པ་འཕྲོག་བྱེད་ཅིང་། །དུ་ཿཁ་ཐམས་ཅད་འཇོམས་པར་བྱེད། །ཅེས་སོ། །གཉིས་པ་ལ་གཉིས་ཏེ། སྔགས་ཐོས་པ་ལ་སོགས་པའི་ཕན་ཡོན། སྔགས་དེ་དང་འབྲེལ་བའི་དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན་ནོ། །དང་པོ་ནི། ལྷའི་དབང་པོ་དེ་བཞིན་གཤེགས་པ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་གསང་བའི་སྙིང་པོ་འདི་ཞེས་སོགས་ཏེ། གཞན་རྣམས་ནི་གོ་སླ་ལ། དུས་མ་ཡིན་པར་འཆི་བ་བརྒྱད་ནི། མཚོན། དུག རྒྱལ་པོའི་ཆད་པ། འབྲུམ་ནད། གཅན་གཟན། ཆོམ་རྐུན། མེར་ཚིག་པ། ཆུར་ཤི་བ་དང་བརྒྱད་དོ། །དེ་དང་འབྲེལ་བའི་རྨི་ལམ་གྱི་རྣམ་པ་ནི་ཐུར་ལ་བབ་པ་གོས་དང་བྲལ་བ་གཅན་གཟན་གྱིས་ཟོས་པ། ཉི་ཟླ་ནུབ་པ། ནམ་སྲོས་པ་ལ་སོགས་པ་ཡིན་པར་རྩ་སྐྱ་པས་བཤད་དོ། །གཉིས་པ་ནི། དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུ་ཞུགས་ལ་ཞེས་སོགས་ཏེ། ངན་སོང་དུ་འགྲོ་བར་ཡང་མི་འགྱུར་རོ་ཞེས་པ་ཡན་ཆད་ཀྱིས་ཚེ་ལྡན་ལ་དབང་བསྐུར་བའི་ཕན་ཡོན་དང་། མྱོང་བར་འགྱུར་རོ་ཞེས་པ་ཡན་ཆད་ཀྱིས་ཚེ་འདས་ལ་དབང་བསྐུར་བའི་ཕན་ཡོན་བསྟན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ཉིད་མངོན་སུམ་དུ་བྱེད་པ་ནི་ས་དང་པོ་ཡན་ཆད། བསྙེན་བསྐུར་ནི་རྫུ་འཕྲུལ་གྱི་སྟོབས་ཀྱིས་ལུས་ཀྱི་བསྙེན་བཀུར་བ། ཕྱིར་མི་ལྡོག་པ་ནི་འཁོར་བ་དང་། ཐེག་དམན་ལམ་དུ་ཕྱིར་མི་ལྡོག་པ། རྒྱུད་ངེས་པ་ཅན་ནི་ཐེག་པ་ཆེན་པོར་རོ། །རིགས་སུ་སྐྱེས་པ་ནི་བྱང་ཆུབ་སེམས་དཔར་རོ། །སྒྲིབ་པ་ཐམས་ཅད་རབ་ཏུ་སྤངས་པ་ནི་སེར་སྣ་ལ་སོགས་པའི་ཉོན་སྒྲིབ་དང་། གཟུང་འཛིན་གྱི་རྟོག་པ་ཤེས་བྱའི་སྒྲིབ་པ་དང་། མཚམས་མེད་ལྔ་པོ་ལས་ཀྱི་སྒྲིབ་པ་དང་། སྒྲིབ་པ་ལྔ་པོ་ཆོས་ཀྱི་སྒྲིབ་པ་སྟེ་བཞི་ཡོད་པར་ཀུན་དགའ་སྙིང་པོས་དེ་ཉིད་སྣང་བར་བཤད་དོ། །གཉིས་པ་ནང་གི་དཀྱིལ་འཁོར་སྔོན་དུ་འགྲོ་བས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་ལ་གསུམ་སྟེ། བརྒྱ་བྱིན་གྱིས་བཤད་པར་གསོལ་བ་གདབ་པ། བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་དུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། བཤད་པ་དངོས་སོ། །དང་པོ་ནི། དེ་ནས་ལྷ་རྣམས་ཀྱི་དབང་པོ་ཞེས་སོགས་སོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་འདས་ཞེས་སོགས་ཏེ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་ཆོས་དབྱིངས་ཤེས་པས་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དོན་བྱེད་པ་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བྱ་བ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བའི་སྙིང་པོའམ་ནང་གི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །གསུམ་པ་ལ་གཉིས་ཏེ། ནང་གི་དཀྱིལ་འཁོར་དང་། ཕྱིའི་དཀྱིལ་འཁོར་རོ། །དང་པོ་ནི། ས་བཅུ་གཅིག་པའི་སས་བསྡུས་པའི་སངས་རྒྱས་ཀུན་གྱི་བྱང་ཆུབ་ཀྱི་སེམས་ལ་དོན་དམ་དང་། ཀུན་རྫོབ་གཉིས་ལས། དང་པོ་ནི། ཆོས་ཉིད་སྤྲོས་པ་དང་བྲལ་བ་དམིགས་པ་མེད་པ་ཡིན་ཏེ། དབུ་མ་ལས། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་པོ་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་བསྒྲིབས་ཤིང་། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །ཅེས་སོ། །དེ་ཉིད་གོང་ན་མེད་ཅིང་ཕུལ་དུ་བྱུང་བས་ན་བླ་ན་མེད་པའོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་དོན་དམ་བྱང་ཆུབ་ཀྱི་སེམས་དེ་རྟོགས་པར་འགྱུར་བའམ་རྟོགས་པའི་ཐབས་སུ་གྱུར་པ་སྟེ། སྨོན་པ་དང་འཇུག་པ་གཉིས་སོ། །དང་པོ་ནི། སེམས་ཅན་གྱི་དོན་དུ་སངས་རྒྱས་འདོད་པའོ། །གཉིས་པ་ནི། ལམ་ལ་འཇུག་པ་སྟེ། བསྙེན་པ་ནས་བརྩམས་ཏེ། རྒྱུད་འདི་ནས་འབྱུང་བའི་རང་དོན་དང་གཞན་དོན་གྱི་ལས་ལ་འཇུག་པའོ། །དེ་ལྟར་གཉིས་ལས། འདས་པའི་རྒྱལ་བ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་གསུངས་པའི་དོན་དམ་པའི་བྱང་ཆུབ་སེམས་ཀྱི་ཡེ་ཤེས་གང་ཡིན་པ་དེ་ནི་རྟོགས་བྱ་མཐར་ཐུག་དང་། བཅུད་དམ་དྭངས་མར་གྱུར་པས་ན་དཀྱིལ་འཁོར་སྙིང་པོར་གསུངས་སོ། །དེ་རྟོགས་པའི་ཐབས་སུ་གྱུར་པ་འདས་པའི་རྒྱལ་བ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་གསུངས་པའི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཡེ་ཤེས་གང་ཡིན་པ་དེ་ནི་འབྱུང་གནས་སུ་འགྱུར་བའམ་གཅེས་པར་འགྱུར་བའི་དོན་གྱིས་ན་དཀྱིལ་འཁོར་སྙིང་པོར་གསུངས་སོ། །འདིར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་གཉིས་ལས། འཇུག་པ་བྱང་ཆུབ་ཀྱི་སེམས་ནི་ལམ་ཉམས་སུ་ལེན་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཡིན་པས་འདིར་མངོན་རྟོགས་ཀྱི་ཐོ་བསྒྲིགས་ཏེ་བཤད་པ་ནི། དཀྱིལ་འཁོར་བཅུ་གཉིས་པོ་ཐམས་ཅད་ལ། སྔོན་དུ་བསྙེན་པ། དཀྱིལ་འཁོར་ལས་རིམ། དངོས་གྲུབ་ཀྱི་ཡེ་ཤེས་ལ་བསླབ་པ་གསུམ་ལས། དང་པོ་ནི། གནས་དབེན་པར་ཁྲུས་བྱས་ཏེ། སྟན་བདེ་བ་ལ་འདུག་ནས་ལྷའི་རྣལ་འབྱོར་ལ་འཇུག་པ་ནི། ཀུན་རིག་ནས། དེ་ནས་ཁྲུས་ལ་སོགས་བྱས་ཏེ། །དྲི་དང་ཕྲེང་མཆོག་ཕྲེང་བ་ཅན། །ཞེས་སོ། །དེ་ནས་སྐྱབས་འགྲོ་ནི། ཐུབ་པའི་སྐབས་ནས། སངས་རྒྱས་ཆོས་དང་དགེ་འདུན་ལ། །ཐོས་ནས་ཀྱང་ནི་སྐྱབས་སུ་སོང་། །ཞེས་དང་། ཚེ་དཔག་མེད་ནས། དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། །བླ་མ་དམ་པ་རྣམས་མི་སྤང་། །ཞེས་སོགས་སོ། །ཆོས་བདག་མེད་པ་དྲན་ཅིང་སེམས་བསྐྱེད་པ་ནི། འཁོར་ལོས་སྒྱུར་བ་ནས། སྟོང་པ་མཚན་མ་མེད་པའི་སེམས། །ཞེས་དང་། ཀུན་རིག་ནས། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །ཞེས་སོ། །སྲུང་འཁོར་བསྒོམ་པ་ལ། ཐོག་མར་ཕྱག་རྡོར་བསྐྱེད་པ་ནི། མེ་ལྟར་འབར་བ་ནས། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཞེས་གསུངས་ལ། དེ་ཉིད་འཇིག་རྟེན་གསུམ་རྒྱལ་དུ་བསྒྱུར་བ་ནི། རང་གི་སྐུ་བོར་ཏེ་རྡོ་རྗེ་སེམས་དཔའི་སྐུར་ཞུགས་ནས་ཞེས་དང་། ཀུན་རིག་ནས། འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱིས། །བདག་བསྲུང་ལ་སོགས་བྱས་ནས་ནི། །ཞེས་སོ། །དེ་ཉིད་ཀྱི་སྐུའི་རྣམ་པ་ནི། མེ་ལྟར་འབར་བ་ནས། མ་རུངས་སྙིང་ཁར་མནན་ནས་བསྡིགས་བྱེད་ཅིང་། །ཞལ་ནི་ཤིན་ཏུ་འཇིགས་འཇིགས་བལྟ། །ཕྱག་ནི་བརྒྱ་ཕྲག་དུ་མར་ལྡན། །སྦྲུལ་དང་མི་སྡུག་མགོས་བརྒྱན་པ། །སྟག་ལྤགས་ཀྱིས་ནི་སྨད་གཡོགས་བགོས། །རྒྱུ་མ་ཐོགས་ཤིང་དབུ་མཐའ་ཡས། །མགོ་ཐོད་ཤས་བཀང་ཕྱག་ན་བསྣམས། །ཞེས་སོ། །བདག་བསྲུང་སོགས་ཀྱི་སྔགས་ནི། དེ་ཉིད་ལས། རྡོ་རྗེ་སེམས་དཔའི་ཁྲོ་བོ་མེ་ཉི་མ་བྱ་བའི་སྙིང་པོ་འདི་ཉིད་ཀྱི་ཐུགས་ཁ་ནས་ཕྱུང་ངོ་། །ཨོཾ་བཛྲ་ས་ཏྭ་ཀྲོ་དྷ་ཞེས་སོགས་གསུངས་སོ། །དེ་དག་ནི་རྒྱུད་ཀྱི་དངོས་བསྟན་གྱི་སྲུང་འཁོར་བསྡུས་པ་ཡིན་ལ། རྒྱས་པ་ནི། སྔར་གྱི་ཚིག་རྐང་གཉིས་པོ་དེ་ལ་བརྟེན་ནས་བླ་མའི་མན་ངག་གི་རྡོ་རྗེ་འབྱུང་བ་བཞིན་མཛད་དོ། །སྲུང་འཁོར་གྱི་རྗེས་ལ་ལག་པ་བྱིན་གྱིས་བརླབ་པ་ནི། འཁོར་ལོས་སྒྱུར་བ་ནས། ལག་པ་གཉིས་མདུན་དུ་བཞག་ལ་ཞེས་པ་ནས་དེ་བཞིན་གཤེགས་པ་རྣམས་ཡིན་པར་མོས་པ་བསྐྱེད་དེ་ཞེས་པའི་བར་གསུངས་ལ། དེ་ནས་ཆོས་ཐམས་ཅད་གཅིག་ལ་གཅིག་འདྲེས་པ་དང་། བདག་དང་ཡང་རྗེས་སུ་དྲན་པར་བྱ་སྟེ། ཞེས་གསུངས་པའི་དོན་གཟུགས་བརྙན་གྱི་སྦྱོར་བ་བྱ་བ་ནི། རྡོ་རྗེ་འབྱུང་བ་ལས། གཟུགས་བརྙན་ལ་སོགས་པའི་སྦྱོར་བས་ཕྱག་རྒྱ་བཅིང་བ་སྔོན་དུ་འགྲོ་བ་དང་། ཆོ་ག་ཐམས་ཅད་རྗེས་སུ་བསྐྱེད་པར་བྱ་སྟེ། ཞེས་དང་། དེ་ཡི་སྔགས་དང་ཕྱག་རྒྱ་ཡང་། ཐལ་མོ་དམ་དུ་བསྡམས་པ་ལས། །སོར་མོ་ཐམས་ཅད་བསྣོལ་བ་ནི། །རྡོ་རྗེ་ཐལ་མོར་བཀའ་སྩལ་ཏེ། །རབ་ཏུ་བསྡམས་ཕྱིར་རྡོ་རྗེ་བསྡམས། །བཛྲ་ཨཉྩ་ལི་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོའི་སྔགས་སོ། །བཛྲ་བནྡྷ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་སྟེ། བཛྲ་བནྡྷ་ཏྲ་ཐ་ཞེས་བྱ་བ་ལན་གསུམ་བརྗོད་ཅིང་སྙིང་ཁར་བཀྲོལ་ལོ་ཞེས་པ་ནས་ཡེ་ཤེས་དབབ་པའི་བར་གསུངས་སོ། །བདག་བསྐྱེད་དངོས་ལ། དཔའ་བོ་གཅིག་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་རྫོགས་བསྒོམ་པ་གཉིས་ལས། དང་པོ་ནི། ཀུན་རིག་ནས། བདག་གིས་དེ་ཉིད་དྲན་བྱེད་ཅིང་། །ཞེས་པས་སྟོན་ལ། ཇི་ལྟར་སྒོམ་པའི་ཚུལ་ནི་ཚེ་དཔག་མེད་ནས། ཆོས་རྣམས་ཐམས་ཅད་དངོས་མེད་པར། །ཞེས་པ་ནས། སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །ཞེས་པའི་བར་གྱིས་བསྟན་ལ། ཟླ་བའི་འོག་ཏུ་པདྨ་བསྒོམ་པ་ནི་གླེང་གཞི་ནས་པདྨའི་གདན་ལ་བཞུགས་ཏེ་ཞེས་པའི་བསྟན། རང་གི་ས་བོན་དང་ཕྱག་རྒྱས་བྱིན་གྱིས་བརླབ་པ་ནི་ཤཱཀྱ་ཐུབ་པ་ནས་གསུངས་ལ། ལྟག་འོག་གོ་རིམ་ཇི་བཞིན་དུ་སངས་རྒྱས་རྣམས་ཀྱིས་དབང་བསྐུར་བའི་སྔགས་ནི་ཕྱག་རྡོར་ནས་གསུངས་སོ། །རྗེ་བཙུན་གྱིས་སྦྱོང་རྒྱུད་ཀྱི་དངོས་བསྟན་བཞིན་མཛད་པས་འདི་ལ་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་མི་མཛད་ལ། རྩ་སྐྱ་བ་ནི་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་ཀྱང་མཛད་དོ། །སྒྲིབ་པ་སྦྱོང་བའི་ཏིང་ངེ་འཛིན་ནི་གླེང་གཞི་ནས་ཚངས་པ་ཆེན་པོ་ཞེས་སོགས་གསུངས། མཆོད་བསྟོད་ནི་མེ་ལྟར་འབར་བ་ནས། རིན་ཆེན་གདུགས་ལ་སོགས་མཆོག་གིས། །མཆོད་པ་སྣ་ཚོགས་བྱས་ནས་ཀྱང་། །ཕྱག་ན་རྡོ་རྗེ་རྒྱས་སྤྱན་ལ། །དགའ་བའི་བསམ་པས་བསྟོད་བྱེད་པ། །སངས་རྒྱས་ཀུན་པས་སྔར་སངས་རྒྱས། །ཞེས་སོགས་གསུངས་སོ། །བཟླས་སྔགས་ནི་གོང་དུ་གསུངས་པའི་རྩ་རིག་ཡིན་ལ། དེའི་དམིགས་པ་ནི་ཕྱག་རྡོར་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ། སྣང་བར་བྱས་ནས་ཀྱང་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཆོས་ཀྱི་ཡི་གེ་དེ་ཉིད་དུ་ཞུགས་པར་གྱུར་ཏོ་ཞེས་སོ། །གཉིས་པ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བསྙེན་པ་ནི། སྔགས་ཀྱི་ཕྲེང་བའི་སྐབས་སུ་བསྟན་པ་སྔར་བཤད་ཟིན་ཅིང་། དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས་ཞེས་པའི་དེ་མ་ཐག་ཏུ་ཕྱིའི་དཀྱིལ་འཁོར་གསུངས་པ་ཞེས་པའི་ཤུགས་ཀྱིས་ཀྱང་ནང་གི་དཀྱིལ་འཁོར་བསྒོམ་པ་བསྟན་ལ། དཀྱིལ་འཁོར་སྔ་མ་བཞིན་བསམས་ལ་ཞེས་པས་ཀྱང་བསྟན་ནོ། །སྒོམ་ཚུལ་སྔར་དཔའ་བོ་གཅིག་པའི་སྐབས་སུ་རྡོ་རྗེ་སེམས་དཔའ་འམ་རང་རང་གི་དཀྱིལ་འཁོར་གྱི་གཙོ་བོ་གང་བསྒོམས་ཀྱང་རུང་སྟེ། འགྲོ་བ་ངན་སོང་ལས་གྲོལ་བའི་ཆེད་དུ་བརྗོད་པའི་བར་བྱས་པའི་རྗེས་ལ་རྩ་སྐྱ་པ་ལྟར་ན་སྔར་གྱི་ཕྱག་རྒྱ་ཆེན་པོ་ནམ་མཁར་བཏེག་སྟེ། སྣོད་བཅུད་སྟོང་པར་སྦྱངས་ནས་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་གཞལ་ཡས་ཁང་གདན་བཅས་བསྐྱེད་དེ། དབུས་ཀྱི་གདན་གྱི་སྟེང་དུ་ཕྱག་རྒྱ་ཆེན་པོ་ཕབ་ནས་དེའི་ཐུགས་ཁ་ནས་འཁོར་སྤྲོ་བར་བཞེད་ལ། རྗེ་བཙུན་གྱིས་ནི་ཕྱག་རྒྱ་ཆེན་པོ་ནམ་མཁར་མི་འདེགས་པར་སྟོང་པར་སྦྱངས་ནས་གཞལ་ཡས་ཁང་གདན་བཅས་བསྐྱེད་པའི་བར་བྱས་ལ། དབུས་ཀྱི་གདན་གྱི་སྟེང་དུ་མཐའ་སྐོར་དུ་རྩ་རིག་དང་། ནང་སྐོར་དུ་རྩ་བའི་སྔགས་བཀོད་པ་ལས་འོད་ཟེར་གྱི་སྤྲོ་བསྡུ་བྱས་ནས་གཙོ་བོ་བསྐྱེད། དེའི་ཐུགས་ཁར་ཟླ་བའི་སྟེང་དུ་མཐའ་སྐོར་དུ་རྩ་རིག་དང་། ནང་སྐོར་དུ་འཁོར་གང་ཡིན་གྱི་སྔགས་བཀོད་པ་ལས་འོད་ཟེར་སྤྲོ་བསྡུ་བྱས་ནས་འཁོར་དེ་དང་དེ་བསྐྱེད་དེ་རང་གནས་སུ་སྤྲོ་བར་མཛད་དོ། །དེ་ནས་ཡེ་ཤེས་པ་སྤྱན་དྲངས་པ་ནས་ཕྱག་རྒྱ་བཞིས་རྒྱས་འདེབས་པའི་བར་མདུན་བསྐྱེད་བཞིན་བྱས་ནས་མཆོད་བསྟོད་སྔ་མ་བཞིན་བྱས་ནས་གཙོ་འཁོར་ཐམས་ཅད་ཀྱི་སྔགས་བཟླས་ཏེ་མཇུག་ཏུ་ཡེ་ཤེས་པ་གཤེགས་སུ་གསོལ་ལོ། །རས་བྲིས་ལ་བརྟེན་པའི་བསྙེན་པ་ནི་འོག་གཞུང་དོན་གྱི་སྐབས་སུ་འབྱུང་ངོ་། །གཉིས་པ་དཀྱིལ་འཁོར་ལས་རིམ་ལ་ས་ཆོག་ནི། ཀུན་རིག་ནས། གཙུག་ལག་ཁང་ངམ་སྐྱེད་མོས་ཚལ། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན། ལྷ་སྟ་གོན་ནི་རྒྱུད་འདིར་དངོས་སུ་མ་གསུངས་པས་མ་བྱས་ཀྱང་རུང་ལ། འོག་ཏུ་སློབ་མ་སྟ་གོན་གསུངས་པའི་ཤུགས་ཀྱིས་བྱེད་པར་སྤྲོ་ན་འགལ་བ་མེད་དོ། །དཀྱིལ་འཁོར་བྲི་བ་ནི། ཀུན་རིག་ནས། གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་པ་ནས། རྩིབས་ནི་ཉིས་འགྱུར་ཉིད་དུ་བྱ། །ཞེས་གསུངས་པའི་བར་གསུངས་ཤིང་། དཀྱིལ་འཁོར་གཞན་རྣམས་ཀྱི་མི་འདྲ་བའི་ཁྱད་པར་ནི་སོ་སོའི་སྐབས་སུ་འབྱུང་ངོ་། །ལྷ་དགོད་ཚུལ་ནི། ཀུན་རིག་ནས། དབུས་ཀྱི་ཕྱོགས་སུ་ཀུན་རིག་ནི། །ཞེས་པ་ནས། ཐིག་ལེ་རྣམས་ཀྱང་བྲི་བར་བྱ། །ཞེས་གསུངས་པའི་བར་གསུངས་ཤིང་། གཞན་རྣམས་ཀྱི་ཁྱད་པར་ཡང་སོ་སོའི་སྐབས་སུ་གསལ་བར་འབྱུང་ངོ་། །མཆོད་གཏོར་དང་བུམ་པ་བཤམ་ཚུལ་ནི། ཀུན་རིག་ནས། དེ་ནས་མཁས་པས་དཀྱིལ་འཁོར་ལ། །ཞེས་པ་ནས། རབ་ཏུ་བཀང་བ་བཞག་པར་བྱ། །ཞེས་གསུང་ཤིང་། སོ་སོའི་སྐབས་སུ་ཅུང་ཟད་འབྱུང་ངོ་། །དཀྱིལ་འཁོར་བསྒྲུབ་པ་ལ། བདག་བསྐྱེད་སྐབས་འདིར་དངོས་སུ་མ་གསུངས་ཀྱང་། རས་བྲིས་ཀྱི་སྐབས་སུ། བདག་གི་དེ་ཉིད་དྲན་བྱེད་ཅིང་། །ཞེས་གསུངས་པས་བསྟན། བུམ་བཟླས་ནི། ཀུན་རིག་ནས། སྔ་མ་བཞིན་དུ་བུམ་པ་ལ། །བརྒྱ་རྩ་བརྒྱད་དུ་བཟླས་ནས་ནི། །ཞེས་གསུངས་ཤིང་དཀྱིལ་འཁོར་གཞན་རྣམས་ལ་ཡང་། ཕྱོགས་སྐྱོང་རང་གི་སྔགས་བཏབ་པའི། །བུམ་པ་རྣམས་ཀྱིས་དབང་བསྐུར་ཏེ། །ཞེས་སོགས་གསུངས་སོ། །མདུན་བསྐྱེད་བསྒྲུབ་པ་ལ། ཐོག་མར་ལུས་ཀྱི་སྤྱོད་ལམ་དང་། དཀྱིལ་འཁོར་ཁང་པར་འཇུག་ཚུལ་ནི། ཀུན་རིག་ནས། དེ་ནས་ཁྲུས་ལ་སོགས་བྱས་ལ། །ཞེས་སོགས་ཚིག་རྐང་ལྔ་གསུངས་དེ་ནས་རྒྱུད་འདིར་མདུན་བསྐྱེད་ལ་དམ་ཚིག་པ་བསྐྱེད་པ་དངོས་སུ་མ་གསུངས་པས་ཡེ་ཤེས་པ་སྤྱན་དྲང་བ་ནི། ཀུན་རིག་ནས། གཙོ་བོ་རྒྱལ་བ་སྲས་ཀྱི་འཁོར། །མང་པོ་རྣམས་ནི་སྤྱན་དྲངས་ཏེ། །ཞེས་གསུངས་ལ། དཀྱིལ་འཁོར་གཞན་རྣམས་ལ་ཡང་འདི་ཁོ་ན་བཞིན་བྱའོ། །དམ་ཚིག་པ་བསྐྱེད་པར་སྤྲོ་ན་རྣལ་འབྱོར་གྱི་རྒྱུད་གཞན་བཞིན་དུ་བྱ་བར་མན་ངག་ལས་འབྱུང་སྟེ། གཞལ་ཡས་ཁང་གདན་བཅས་བསྐྱེད་ནས་འོད་ཟེར་གྱི་སྤྲོ་བསྡུ་ལས་བསྐྱེད་པའམ། སྙིང་པོ་ཚིག་ཙམ་ལས་བསྐྱེད་པ་གང་འགྲུབ་བྱའོ། །དགུག་གཞུག་གི་རྗེས་སུ་ཕྱག་རྒྱ་བཞིས་རྒྱས་འདེབས་པ་ནི་དམ་ཚིག་གི་ཕྱག་རྒྱ་ནི་དངོས་སུ་བཤད་ལ། ལས་ཀྱི་ཕྱག་རྒྱ་ནི་འཁོར་ལོས་སྒྱུར་བའི་སྐབས་ནས་དམ་ཚིག་གི་ཕྱག་རྒྱའི་རྗེས་ལ་དེ་ཉིད་གཉིས་སུ་བྱས་ནས། གར་བྱས་ན་ལས་ཀྱི་འོ་ཞེས་དང་། ཆོས་ཀྱི་ཕྱག་རྒྱ་ཡང་དེ་ཉིད་ལས། སེམས་དཔའ་བཅུ་དྲུག་གི་ས་བོན་ལྟ་བུ་བཤད་ཅིང་། ཕྱག་རྒྱ་ཆེན་པོ་ནི་ཤུགས་ལས་གྲུབ་པ་ཉིད་དོ། །མཆོད་པ། བསྟོད་པ། གཏོར་མ་རྣམས་ནི་ཀུན་རིག་ནས། ཨརྒྷཾ་མཆོག་བཏགས་གསང་ལ་སོགས་པ་ཡི། །ཞེས་པ་ནས། དེ་ཡི་གཏོར་མ་ཇི་ལྟར་མཐུན་པར་བྱ། །ཞེས་པའི་བར་གསུངས་སོ། །སློབ་དཔོན་བདག་ཉིད་འཇུག་ཤིང་དབང་བླང་བ་ནི་ཀུན་རིག་ནས། དངོས་སུ་མ་གསུངས་ཀྱང་ཕྱོགས་སྐྱོང་གི་སྐབས་ནས། དེ་ནས་བདག་ཉིད་ཞུགས་ནས་ཀྱང་། །ཞེས་འཇུག་པ་དང་། ཚེ་དཔག་མེད་ནས། དེ་ནས་བདག་ཉིད་དབང་བསྐུར་ཏེ། །ཞེས་དབང་བླང་བར་གསུངས་ཤིང་། འཁོར་ལོས་སྒྱུར་བ་ནས། སྤྱན་དྲངས་བདག་ཉིད་འཇུག་པར་བྱ། །བདག་ཉིད་ཀྱི་ནི་དབང་ཡང་བསྐུར། །ཞེས་འཇུག་པ་དང་དབང་བླང་བ་གཉིས་ཀྱང་གསུངས་སོ། །མདུན་བསྐྱེད་ལ་དམིགས་པའི་བཟླས་པ་ནི་ཚེ་དཔག་མེད་ནས། སྐྱིལ་ཀྲུང་བཅས་ཏེ་འདུག་ལ་ཞེས་པ་ནས། དེའི་ཚེ་ཡིད་ཀྱི་ལས་ཐམས་ཅད་ནུས་པར་འགྱུར་རོ་ཞེས་པའི་བར་གསུངས། བདག་མདུན་ཐ་མི་དད་དུ་བསྒྲུབ་པ་ནི་ཚེ་དཔག་མེད་ནས། དེ་ནས་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་དྷ་ར་ཞེས་པ་ནས། ང་རྒྱལ་བསྐྱེད་ལ་ཞེས་པའི་བར་གསུངས་སོ། །སློབ་མ་དབང་བསྐུར་ལ་འཇུག་པའི་ཆོས་བཅུ་བདུན་ནི། ཀུན་རིག་ནས། དེ་ནས་སྔགས་པས་བླ་མེད་བྱང་ཆུབ་ཀྱི། །ཞེས་པ་ནས། བདག་གི་དེ་ཉིད་དང་ནི་སྔགས་སོགས་དེ་བཞིན་ནོ། །ཞེས་པའི་བར་གྱིས་གོ་རིམ་བསྟན་ལ། མི་འདྲ་བའི་ཁྱད་པར་རྣམས་ནི་སོ་སོའི་སྐབས་ནས་འབྱུང་ངོ་། །དབང་གི་དངོས་གཞི་ལ་སྔགས་དབང་དང་། བུམ་པ་ལ་སོགས་པའི་དབང་བཅུ་དང་། ཐབས་ཤེས་རབ་ཀྱི་དབང་དང་། རིན་ཆེན་སྣ་བདུན་གྱི་དབང་སྟེ་བཅུ་དགུ་ནི། མོས་པ་བརྟན་དང་ལྡན་པས་དམ་བཅས་ནས། །ཞེས་པ་ནས། སྡིག་པ་གཞོམ་ཕྱིར་དབང་ནི་བསྐུར་བར་བྱ། །ཞེས་པའི་བར་གྱིས་བསྟན་ལ། སྔགས་རྣམས་ནི་ཕྱག་རྡོར་ནས་འབྱུང་ངོ་། །བཀའ་བསྒོ་བ་དང་བླ་མ་ལ་ཡོན་འབུལ་བ་ནི། ཚེ་འདིའི་བདེ་བ་མ་ལུས་དང་། །ཞེས་སོགས་དང་། དེས་ཀྱང་མོས་པས་སྤྱི་བོས་ཕྱག་འཚལ་ཏེ། །ཞེས་སོགས་ཀྱིས་བསྟན་ནོ། །མཇུག་ཆོག་ནི་མེ་ལྟར་འབར་བ་ནས། །དེ་ཡི་ལུས་ལ་དབང་བསྐུར་ཞིང་། །མཉམ་པར་གཞག་པས་བསྲུངས་ནས་ཀྱང་། །མཇུག་དུ་མངོན་པར་མཆོད་ནས་ནི། །ལྷ་རྣམས་ཐམས་ཅད་གཤེགས་པར་གསོལ། །ཞེས་པ་འདི་དངོས་སུ་སྦྱིན་སྲེག་གི་མཇུག་ཆོག་ཏུ་གསུངས་ཀྱང་། མདུན་བསྐྱེད་ཀྱི་མཇུག་ཆོག་ཐམས་ཅད་འདིས་བསྟན་པ་ཡིན་ནོ། །གསུམ་པ་དངོས་གྲུབ་ཀྱི་ཡེ་ཤེས་ལ་བསླབ་པ་ནི་གཞུང་སོ་སོའི་སྟེང་དུ་རྟོགས་པར་བྱའོ། །དེ་ལྟར་ན་རྒྱུད་འདིར་ཁ་འཕངས་པ་ཡོད་ཀྱང་ཆོ་ག་དངོས་སུ་མ་བཤད་པ་རྣམས་དེ་ཉིད་འདུས་པ་སོགས་ནས་ཁ་བསྐང་བ་མ་གཏོགས་རྒྱུད་འདིར་དངོས་སུ་གསུངས་པའི་ཆོ་ག་གོང་འོག་འཁྲུགས་བསྡེབས་ནས། རྒྱུད་ཀྱི་དངོས་བསྟན་བཞིན་དུ་མཛད་པ་འདི་ནི་པཎྜི་ཏ་དྷརྨཱ་ཕ་ལའི་མན་ངག ཇོ་བོ་རིན་ཆེན་བཟང་པོ་ནས་ས་སྐྱ་པ་ལ་བརྒྱུད་པ་དང་། ཇོ་བོ་རྗེ་ནས་རྩ་སྣུར་འཛིམ་གསུམ་ལ་བརྒྱུད་པ་རྣམས་ཕལ་ཆེར་འདྲ་ཞིང་། ཁྱད་པར་དུ་འཕགས་པ་འགའ་ཞིག་ཡོད་པ་འདིའི་རྗེས་སུ་འབྲང་བ་ནི་སྐལ་བ་བཟང་བར་ཤེས་པར་བྱའོ། །གཉིས་པ་ཕྱིའི་དཀྱིལ་འཁོར་ལ་གཉིས་ཏེ། སྡུད་པ་པོའི་མཚམས་སྦྱོར་དང་། གཞུང་ངོ་། །དང་པོ་ནི། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་སོགས་སོ། །གཉིས་པ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང་། སློབ་མ་གཞུག་ཅིང་དབང་བསྐུར་བའི་ཆོ་གའོ། །དང་པོ་ལ་དྲུག་སྟེ། དཀྱིལ་འཁོར་བྲི་བའི་གནས། སའི་ཆོ་ག ཐིག་བཏབ་སྟེ་བྲི་བ། ལྷ་དགོད་པ། མཆོད་པའི་རྫས་དགོད་པ། ཞུགས་ཏེ་སྒྲུབ་པའོ། །དང་པོ་ནི། རིག་པའི་གནས་ལྔ་མཁྱེན་པའི་པཎྜི་ཏའི་གཙུག་ལག་ཁང་དང་། རྒྱལ་པོའི་སྐྱེ་ཤིང་གི་རྭ་བ་སྐྱེད་མོས་ཚལ་དང་། ཕྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་དང་། ནང་གསུང་རབ་བཞུགས་པའི་ལྷ་ཁང་དང་། དགེ་འདུན་མང་པོ་འདུ་བའི་ཀུན་དགའ་རྭ་བ་དང་། སོགས་ཀྱི་སྒྲས་བསྡུས་པ་གྲོང་དང་གྲོང་ཁྱེར་ལ་སོགས་པའོ། །གཉིས་པ་ནི། ས་ཆོག་བྱ་དགོས་པ་རྣམས་ཀྱི་ཕྱོགས་སུ་རྒྱས་པར་བྱེད་ན། རྡོ་རྗེ་རྩེ་མོའམ། གསང་བ་སྤྱི་རྒྱུད་དམ། དེ་དག་གི་དོན་བསྡུས་པ་ཀུན་དགའ་སྙིང་པོས་མཛད་པར་གྲགས་པའི་དཀྱིལ་འཁོར་གྱི་ཆོ་ག་རྣམས་ནས་གསུངས་པའི་ཇི་བཞིན་པ་ཡི་ཆོ་ག་ཡིས་གནས་ནི་བྱིན་གྱིས་བརླབས་པའི་ཆོ་ག་ཙམ་མོ། །དེ་ཙམ་བྱ་བ་མ་གྲུབ་ན་ས་ཕྱོགས་དེར་གཏོར་མ་རྒྱས་པར་བཏང་ལ། ས་ཕྱོགས་དེ་ན་གནས་པའི་མི་མ་ཡིན་པ་ལ་ཞི་བས་བསླང་། ཁྲོ་བོའི་སྔགས་ཟློས་ཤིང་། གུ་གུལ་གྱི་དུད་པ་དང་། ཡུངས་ཀར་གྱིས་བྲབ་ཅིང་དྲག་པོས་བླང་ངོ་། །ལག་པས་མནན་ལ། ས་གཞི་ནམ་མཁར་བསྒོམས་ནས་ཨོཾ་བྷཱུ་ཁཾ་ཞེས་པ་དང་། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཞེས་མང་དུ་བཟླས་ཏེ། དཀྱིལ་འཁོར་ཅི་ཙམ་བྱེད་པའི་ས་གཞི་མཛེས་པར་ག་དར་ལེགས་པར་བྱའོ། །ས་ཆོག་བསྡུས་པ་འདི་ནི་བླ་མའི་གསུང་ངོ་། །གསུམ་པ་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ནོ། །དང་པོ་ནི། སྤྱི་ཆིངས་ལས། སྤྱིར་དཀྱིལ་འཁོར་ཆེན་པོ་ཐམས་ཅད་ལ་ཆ་ཆེན་བཅུ་དྲུག་བཏབ་ལ། དེ་ནས་རྩིག་པ་དང་། འདོད་ཡོན་དང་། ཕ་གུ་དང་། དྲྭ་ཕྱེད་དང་། མདའ་ཡབ་དང་། དེའི་ཤུགས་ལ་འབྱུང་བ་སྒོ་འགྲམ་དང་། ཡ་ཕུབས་དང་། སྒོ་ཁྱུད་དང་། སྒོ་ལོགས་དང་། ཀ་བ་དང་། རྟ་བབ་སྒོའི་སུམ་འགྱུར་རམ། བཞི་འགྱུར་གང་མཛེས་དང་། རྟ་བབ་ནི་གླང་པོ་ཆེའི་རྒྱབ་བམ། མཆོད་རྟེན་གྱི་དབྱིབས་གང་མཛེས་དང་། འཁོར་ལོ་དང་། རི་དྭགས་དང་བཅས་པ་རྣམས་ལ་སྒོ་ནི་ཆ་ཆེན་གྱི་ཚད་ཡིན་ལ། འདོད་ཡོན་དང་། དྲྭ་ཕྱེད་དང་། འཁོར་ལོ་རྣམས་ནི་ཆ་ཆུང་གི་ཚད་ཡིན་ཞིང་། གཞན་རྣམས་ནི་ཆ་ཕྲན་གྱི་ཚད་ཡིན་པར་ཤེས་པར་བྱ་བ་ནི་ཐམས་ཅད་ཀྱི་ཕྱིའི་དཀྱིལ་འཁོར་གྱི་རྣམ་པར་བཞག་པ་ཡིན་ནོ། །ནང་གི་དཀྱིལ་འཁོར་ནི་ལྷ་སྣམ་ཡོད་པའམ། མེད་པར་ཤེས་པར་བྱས་ལ། དེའི་ནང་དུ་འཁོར་ལོའི་རྩིབས་ལྟེ་བ་མུ་ཁྱུད་དང་བཅས་པར་ཤེས་པར་བྱའོ། །ཀུན་རིག་ལ། ཁྱད་པར་དུ་སྒོ་རྐྱང་དང་སྒོ་སྦྲག་གཉིས་ཀྱི་དབྱེ་བ་ཤེས་པར་བྱ་སྟེ། དེའང་སྒོ་རྐྱང་ལ་སྦྱར་ན། སྲད་བུ་བརྒྱད་དང་ལྡན་པ་དང་། །ཞེས་བྱ་བ་ལ་སོགས་པ་ལ། སྲད་བུ་བརྒྱད་ནི་ཚངས་ཐིག་གི་ངོས་རེ་རེ་ནས་ཆ་ཆེན་བརྒྱད་བརྒྱད་དོ། །དེ་བས་ན་ཆ་བཅུ་དྲུག་ཏུ་འགྱུར་ཏེ། འདི་ནི་སྒོ་རྐྱང་སྒོ་སྦྲགས་གཉིས་ཀའི་ཐུན་མོང་ངོ་། །ཕྱི་ཡི་སྒོ་ཁྱུད་རྣམས་ཀྱིས་བརྒྱན། །ཞེས་བྱ་བ་ནི། སྒོ་ཁྱུད་དང་རྟ་བབས་ལ་སོགས་པ་རྒྱན་རྣམས་བྱའོ། །ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །དགུ་ཡི་ཆར་ནི་བགོས་པ་ལས། །ཞེས་པ་ནི། འཁོར་ལོའི་ལྟེ་བ་ལ་ཐིག་གཉིས་བཏབ་པ་ལས་ལེ་ཚེ་དགུར་བྱས་པ་ཡིན་ནོ། །སྒོ་དང་སྒོ་ཁྱུད་སུམ་ཆར་བྱ། །ཞེས་བྱ་བ་ནི་དགུ་ཆའི་ཕྱོགས་གཅིག་ན་འཕར་མ་ལེ་ཚེ་གསུམ་ཡོད་ལ། དེའི་སུམ་ཆ་གཙོ་བོའི་གནས་ལྟ་བུ་གཅིག་དང་། སྒོ་དང་སྒོ་ཁྱུད་མཉམ་པ་ཡིན་ནོ། །དེའང་ཇི་ལྟར་གདབ་ཞེ་ན་སྒོ་རྐྱང་གི་པཎ་རེག་གི་རྩིག་པ་ཕན་ཚུན་ཐད་ཀར་གདུང་གི་ཚུལ་དུ་བཏབ་ལ། དེ་ནས་ལྷ་སྣམ་ཆ་ཆེན་གཅིག་བོར་ལ་ཟླུམ་པོར་བསྐོར། དེ་ནས་པཎ་རེག་གི་ཚད་གཅིག་མུ་ཁྱུད་དུ་བསྐོར། དེ་ནས་ཆ་ཕྲན་སུམ་ཆ་བོར་ལ་ཆ་ཆེན་གཉིས་པའི་ཐིག་ལྔ་བསྐོར་ཏེ་ལྟེ་བ་བྱ། ཆ་ཕྲན་གསུམ་བོར་བ་དེ་ལ་འཁོར་ལོ་རྩིབས་བཅུ་དྲུག་ཕྱོགས་རེ་རེར་བཞི་བཞི་བྱ། དེ་ནས་ནང་གི་ཆ་ཕྲན་གཅིག་ལྟེ་བའི་མུ་ཁྱུད་ལ་བསྐོར་བར་བྱའོ། །ཡང་ལྟེ་བ་ནི་དེ་ཉིད་ཡིན་ལ་འཁོར་ལོ་དང་འཁོར་ལོའི་མུ་ཁྱུད་ལ་ཆ་ཆེན་གཉིས་བཏང་ལ། ལྷ་སྣམ་གྱི་ལྷ་ཚོགས་རྟ་བབས་ཀྱི་གཡས་གཡོན་དུ་འགོད་པ་ཡིན་ཏེ། དེ་ལྟར་ན་འོག་ནས་འབྱུང་བའི་རིམ་པ་གསུམ་དང་ལྡན་པའི་རྩིབས་ནི་ཉིས་འགྱུར་ཉིད་དུ་བྱ། ཞེས་བྱ་བའི་གཞུང་ཡང་གཙོ་བོ་དང་སྦྱོང་བའི་རྒྱལ་པོ་དང་། འཁོར་ལོའི་རྩིབས་ཏེ་རིམ་པ་གསུམ་ཡིན་ལ་ནང་གི་ལྷའི་ས་གཉིས་ལ་ཆ་ཆེན་གཉིས་འཁོར་ལོའི་རྩིབས་ལ་ཆ་ཆེན་གཉིས་ཡིན་པས་ན་རྩིབས་ནི་ཉིས་འགྱུར་ཞེས་བྱའོ། །སྒོ་སྦྲག་གི་དབང་དུ་བྱས་ནས། ཕྱི་ཡི་སྒོ་ཁྱུད་རྣམས་ཀྱི་རྒྱན། །ཞེས་འབྱུང་བས་ན་གོང་དུ་བསྟན་པ་རྣམས་ནང་ནི་དཀྱིལ་འཁོར་ཡིན་པར་མངོན་ནོ། །དེ་ལྟར་ཕྱིའི་ཆ་ཆུང་ནི་ནང་གི་ཆ་ཆེན་དུ་བྱ། ཕྱིའི་ཆ་ཕྲན་ནི་ནང་གི་ཆ་ཆུང་དུ་བྱའོ། །ཕྱིའི་ཆ་ཕྲན་ཕྱེད་ནི་ནང་གི་ཆ་ཕྲན་དུ་བྱས་ལ། ནང་ན་ཆ་ཆེན་བརྒྱད་ཡོད་པ་དེ་ཕྱེད་ཕྱེད་དུ་བགོས་ཏེ་ཆ་ཆེན་བཅུ་དྲུག་དུ་བཏང་ལ། རྟ་བབས་དང་བཅས་པ་ཡོངས་སུ་རྫོགས་པ་ཕྱིའི་དཀྱིལ་འཁོར་བཞིན་བཏབ་ལ། ནང་གི་སྒོ་རྐྱང་གི་ཐིག་པཎ་རེག་གི་ཐིག་རྒྱ་གྲམ་དུ་བཏབ་པས་ལེ་ཚེ་དགུའི་གདུང་གི་ཐིག་བྱས་ལ། ཕྱིའི་དཀྱིལ་འཁོར་བཞིན་ལྷ་སྣམ་ཁོང་རང་གི་ཆ་ཆེན་གཅིག་བོར་བའམ་མ་བོར་ཀྱང་རུང་སྟེ། སྔ་མ་བཞིན་ལྟེ་བ་འཁོར་ལོའི་ཐིག་བསྐོར་བར་བྱའོ། །རྩིབས་ནི་ཉིས་འགྱུར་ཉིད་དུ་བྱ། །ཞེས་བྱ་བ་ནི་ཕྱི་རོལ་ཏུ་ལྷ་སྣམ་བོར་ན་འཁོར་ལོའི་རྩིབས་ཉིས་འགྱུར་གྱིས་ཆུང་བ་ཡིན་ལ། མ་བོར་ན་ཉིས་འགྱུར་གྱིས་ཆེ་བ་ཡིན་ནོ། །གཞུང་ལྷག་མ་ཐམས་ཅད་ནི་སྒོ་རྐྱང་སྦྲག་ཐམས་ཅད་འདྲ་བ་ཉིད་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་གཞུང་དོན་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། བྱིན་གྱིས་བརླབ་པ་སྟེ། ས་ཆོག་བྱས་པའི་གནས་དེར་ནི་ཕྱིའི་དཀྱིལ་འཁོར་བྲི་བར་བྱའོ། །འདི་ལ་དགོངས་ནས་གཉལ་པ་སྟ་གོན་མེད་པར་མཛད་པ་ཡང་འགལ་བ་མེད་དེ་ས་ཆོག་བྱས་མ་ཐག་ཏུ་བྲི་བར་བཤད་པའི་ཕྱིར། ཁའུ་པ་གཞུང་ན་མེད་ཀྱང་ཤུགས་འབྱུང་མཛད་པ་ལྟར་ནའང་འགལ་བ་མེད་དེ། སློབ་མ་ལ་ཆོས་ཟབ་མོ་བཤད་པ་དང་། སྡོམ་པ་འབོགས་པར་བཤད་པའི་སྐབས་དེ་བཀའ་དང་བསྟན་བཅོས་ཕལ་ཆེར་ནས་སྟ་གོན་དུ་བཤད་པའི་ཕྱིར་རོ། །དེ་ལ་བྱེད་པར་འདོད་ན། དཀྱིལ་འཁོར་གྱི་ས་བྱི་དོར་ལེགས་པར་བྱས་པའི་སྟེང་དུ་ལྷའི་གནས་ངོ་ཤེས་པར་བྱ་བའི་ཕྱིར། ཅི་འགྲུབ་པའི་ཐིག་བཏབ་ལ། ལྷའི་གནས་རྣམས་སུ་དྲིའི་ཐིག་ལེ་དང་། མེ་ཏོག་ཚོམ་བུ་བྱས་ལ་མཆོད་གཏོར་རྒྱས་པར་བཤམས་ཏེ། བདག་གི་རྣལ་འབྱོར་རྫོགས་ནས་མདུན་དུ་འོག་ནས་འབྱུང་བ་བཞིན་ལྷ་བསྒྲུབ་ལ། ཇི་ལྟར་འབྱོར་པས་མཆོད་ཅིང་གཏོར་མ་བཏང་ནས་འཆད་པར་འགྱུར་བའི་སློབ་མ་འཇུག་པ་ཡན་ཆད་བྱས་ནས་ཅི་བདེར་གནས་ཏེ། ནངས་པར་སྤྱན་དྲངས་པའི་དཀྱིལ་འཁོར་གཤེགས་སུ་གསོལ་ནས་དཀྱིལ་འཁོར་བྲི་བ་ལ་འཇུག་པར་བྱའོ། །གཉིས་པ་ནི། ཚད་མེད་པ་བཞི་དག་པས་གྲུ་བཞི་པ་ལ་རྣམ་ཐར་བཞི་དག་པས་སྒོ་བཞི་པ། བསམ་གཏན་བཞི་དག་པས་རྟ་བབས་བཞི་དང་ལྡན་པ་དང་། སྒོ་ཁང་བཞི་ལ་ཐེམ་སྐས་བཞི་ཡི་ཕྲེང་བ་དང་། རྟ་བབས་ཀྱི་ཀ་བ་ལ་སེང་གེ་དང་། ཕན་གླང་ཆེན་པོ་རྣམས་ཀྱིས་བརྒྱན་པ་དང་། ཁོར་ཡུག་ཏུ་དར་སྣ་ལྔའི་ལྡ་ལྡི་དང་། དོ་ཤལ་དང་། དོ་ཤལ་ཕྱེད་པའི་ཕྲེང་བ་དང་། དྲིལ་བུ་དང་ནི་རྔ་མས་བརྒྱན་ནོ། །སྒོའི་སྟེང་གི་པདྨ་ལ་ཤར་དུ་རྡོ་རྗེ། ལྷོར་རིན་ཆེན། ནུབ་ཏུ་པདྨ་དང་། བྱང་དུ་རྒྱ་གྲམ་པ་ཡི་ཕྱག་རྒྱས་བརྒྱན་ནོ། །སྲད་བུ་བརྒྱད་དང་ལྡན་པ་ནི། རྗེ་བཙུན་གྱིས་ཚངས་ཐིག་གི་གཡས་གཡོན་དུ་ཆ་ཆེན་བརྒྱད་བརྒྱད་ཡོད་པ་ལ་གསུངས་ཤིང་། རྩ་སྐྱ་པས་རེ་མིག་དབུས་མ་ཁྱབ་བྱེད་དུ་བཏང་བའི་རེ་མིག་བརྒྱད་ལ་འཆད། གཉན་སྟོན་གྱིས་ཐིག་ཆེན་བརྒྱད་ལ་འཆད་དོ། །ཕྱིའི་སྒོ་ཁྱུད་རྣམས་ཀྱིས་བརྒྱན་པ་ནི་སྒོ་ཁྱུད་དང་རྟ་བབས་ལ་སོགས་པའི་རྒྱན་རྣམས་རྫོགས་པར་བྱ་བའོ། །དགུའི་ཆར་ནི་བགོས་པ་ནི། ཁའུ་པ་སྤྱིར་འཁོར་ལོའི་ལྟེ་བ་ལ་ལེ་ཚེ་དགུར་བསྒོས་ནས་ཕྱོགས་རེ་ལ་གསུམ་གསུམ་ཡོད་པའི་སུམ་ཆ་གཙོ་བོའི་གནས་ལྟ་བུ་དང་། སྒོ་དང་སྒོ་ཁྱུད་མཉམ་པ་ལ་འཆད་ཅིང་། རྗེ་བཙུན་ཡང་འདི་ཉིད་འཆད་དོ། །གཉལ་པ་ཕྱི་རོལ་གྱི་ཁོར་ཡུག་ལ་ཆ་ཆེན་གཅིག་དང་། ཆ་བཅོ་བརྒྱད་དུ་བྱས་པ་ལ་ཟེར་ལ་སྒོ་དང་སྒོ་ཁྱུད་སུམ་ཆ་ཞེས་བྱ་བ་ནི་དགུ་ཆར་བསྒྱུར་ལ་ཆ་ཆེན་གཅིག་ཡིན་ནོ་ཞེས་ཟེར་བ་འདི་ནི་ནོར་ཏེ། ཁོར་ཡུག་ནི་ཐམས་ཅད་ལ་དགོས་ཀྱང་ཐིག་གི་ཁོངས་སུ་གཏོགས་པ་མ་ཡིན་པས་ཆ་དགུ་པ་ཡང་མ་ཡིན་ལ། སུམ་ཆ་དགུ་ཆར་བསྒྱུར་བ་འདི་བདེ་བར་གཤེགས་པའི་བཀའ་འགོམས་པར་མི་རིགས་སོ། །རྡོ་རྗེའི་སྲད་བུ་ནི་སྲད་བུ་ལ་ཡེ་ཤེས་ལྔའི་ཁམས་ཐིམ་པ་ཡིན་ལ་དེ་ཐིག་གདབ་བོ། །གྲུ་བཞི་པ་དེའི་ནང་དུ་དབུས་ཀྱི་དཀྱིལ་འཁོར་ཟླུམ་པོའི་ཐིག་གདབ་པ་ནི་ཆོས་ཀྱི་འཁོར་ལོ་དང་འདྲ་བར་རྩིབས་རྣམས་ཟླུམ་པོར་བྱས་པ་ལ་ལྟེ་བར་བཅས་ཤིང་རྩིབས་ཀྱི་གྲངས་བཅུ་དྲུག་ལ་མུ་ཁྱུད་ཀྱིས་བསྐོར་བའོ། །རྩིབས་ཀྱི་ཁ་དོག་འདིར་དངོས་སུ་མ་གསུངས་ཀྱང་དམ་པ་གོང་མ་རྣམས་སྔོན་པོར་བཞེད་ལ། རྩ་སྐྱ་པས་ཤེས་རབ་ཀྱི་བསླབ་པ་མཚོན་པས་སྔོན་པོ་ཡིན་ཞེས་གསུངས་ཀྱང་སེམས་དཔའ་བཅུ་དྲུག་པོ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་རིགས་ཡིན་པ་ཀུན་དགའ་སྙིང་པོས་བཤད་པས་དེ་མཚོན་བྱེད་དུ་སྔོན་པོ་མཛད་པར་མངོན་ཏེ། བདེ་མཆོག་གི་སྐབས་སུ་ཐུགས་ཀྱི་འཁོར་ལོ་སྔོན་པོར་མཛད་པ་དང་དོན་གཅིག་གོ་སྙམ་དུ་སེམས་སོ། །རང་བཟོ་མཁན་དག་ཞི་བའི་ལས་བསྒྲུབ་པའི་སྐབས་ཡིན་པས་དཀར་པོ་ཡིན་ནོ་ཞེས་ཟེར་བ་ནི་གཞན་ཕན་གནོད་འཇོམས་སུ་བཀག་ཟིན་ཏོ། །དེ་ལྟར་ན་གཙོ་བོ་དང་། སྦྱོང་རྒྱལ་དང་། སེམས་དཔའ་བཅུ་དྲུག་གི་གནས་ཏེ། རིམ་པ་གསུམ་དུ་ལྡན་པ་ལ། རྩིབས་ནི་ཉིས་འགྱུར་ཉིད་དུ་བྱ་སྟེ་ལྷ་སྣམ་ཆ་ཆེན་གཅིག་བཞག་ན་ཉིས་འགྱུར་གྱིས་ཆུང་བ་དང་། མ་བཞག་ན་ཉིས་འགྱུར་གྱིས་ཆེ་བའི་དོན་དུ་རྗེ་བཙུན་གྱིས་བཞེད་དོ། །བཞི་པ་ལྷ་དགོད་པ་ནི། ལེའུ་དགུའི་དབུས་ཀྱི་ཕྱོགས་སུ་ཀུན་རིག་ནི་ཁ་དོག་དུང་དང་། ཀུནྡ་དང་ཟླ་བ་དང་འདྲ་བར་དཀར་ལ། རྒྱུའི་དུས་སུ་བྱང་ཆུབ་ཀྱི་སེམས། སྦྱིན་པ། ཤེས་རབ། བརྩོན་འགྲུས་བཞི་སྤྱོད་ཅིང་རྫོགས་པས་ཞལ་བཞི་པ་ལ་འབྲུ་འགྲེལ་ལྟར་ན། ཕྱག་མཚན་རྡོ་རྗེ་འཛིན་པ་དང་། རྩ་སྐྱ་པས་རྡོ་རྗེ་སྐྱིལ་ཀྲུང་གིས་སེང་གེའི་གདན་ལ་བཞུགས་པ་ཞེས་འཆད་ཀྱང་འདིར་བྱེད་ཚིག་མེད་པས་རྡོ་རྗེས་མཚན་པའི་སེང་གེའི་གདན་ལ་བཞུགས་པའི་དོན་དུ་མངོན་ནོ། །ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱར་ལྡན་པ། དང་ནི་སྡུད་པའི་ཚིག་ཡིན་པས་མགྲིན་པ་བག་ཙམ་དགུག མིག་སྣ་རྩེར་ཕབ། ལྕེ་རྐན་ལ་སྦྱར་བའོ་ཞེས་རྩ་སྐྱ་པ་བཞེད་དེ། དབུ་རྒྱན་ལ་སོགས་པ་རྒྱན་རྣམས་ཀུན་གྱིས་བརྒྱན་པར་བྲིའོ། །དེའི་སྤྱན་སྔ་སྟེ་ཤར་ཕྱོགས་སུ་ངན་སོང་ཀུན་སྦྱོང་བའི་རྒྱལ་པོ་བྲི་བར་བྱ་སྟེ། གདན་དང་ཞལ་མ་གཏོགས་ཀུན་རིག་དང་འདྲ་ཞིང་། རྒྱལ་མཆོག་སྐྱེས་བུ་ནི་སྦྱོང་རྒྱལ་གྱི་མིང་གཉིས་པ་ཡིན་པར་རྗེ་བཙུན་བཞེད་ཅིང་། གང་བ་ནི་མཚན་དཔེས་སྤྲས་པར་རྩ་སྐྱ་པ་བཞེད་དོ། །ཀུན་རིག་གི་རྒྱབ་ཏུ་སྟེ་ནུབ་ཏུ་ཤཱཀྱའི་རིགས་ཀྱི་དབང་པོ་གཙོ་བོ་འཁོར་ལོས་སྒྱུར་བའི་ཆ་བྱད་ཅན་གྱི་ཐུབ་པ་སེར་པོ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་བྲི་བར་བྱའོ། །ཀུན་རིག་གི་གཡས་ཀྱི་ཕྱོགས་ལྷོའི་ཆར་ནི་རྒྱལ་མཆོག་རིན་ཆེན་སྔོན་པོ་མཆོག་སྦྱིན་དང་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་དང་། གཡོན་གྱི་ཕྱོགས་བྱང་གི་ཆར་ནི་མེ་ཏོག་ཆེར་རྒྱས་ལྗང་གུ་སྐྱབས་སྦྱིན་དང་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་གཉིས་བྲི་བར་བྱའོ། །འདིར་ཇོ་བོ་རྗེའི་གསུང་གིས་སྐུ་མདོག་དམིགས་བསལ་མེད་པ་རྣམས་དཀར་པོ་ཡིན་ནོ་ཞེས་གསུང་ཞིང་། རྗེ་བཙུན་གྱིས་ཀྱང་ཀུན་རིག་དང་སྦྱོང་རྒྱལ་གཉིས་དཀར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་དུ་དངོས་སུ་གསུངས་པའི་ཤུགས་ཀྱིས་རིགས་གཞན་གསུམ་པོ་ཡང་དེ་ལྟར་དུ་གྲུབ་པ་རྒྱུད་ཀྱི་དགོངས་པར་བཞེད་དོ། །ལོ་ཙ་ན་དང་། མཱ་མ་ཀཱི་དང་། དེ་བཞིན་དུ་གོས་དཀར་མོ་དང་། སྒྲོལ་མ་རྣམས་ནི་རང་གི་རིགས་ཀྱི་མཚན་མ་སྤྱན། རྡོ་རྗེ། པདྨ། ཨུཏྤལ་བཞི་སྟེ། དེའི་རྣམ་པར་ཤར་ལྷོ་ལ་སོགས་པའི་གྲྭ་ཡི་ཕྱོགས་སུ་ནི་ཀུན་ཏུ་བྲིའོ། །འདི་ནི་ཡུམ་བཞི་པོ་མཚན་མའི་གཟུགས་སུ་སྦས་པར་དེ་ཉིད་འདུས་པའི་རྒྱུད་ལས་གསུངས་ཤིང་། ལོ་ཆེན་དང་། སྨྲྀ་ཏིས་བཞེངས་པའི་གཙུག་ལག་ཁང་རྣམས་ན་ཡང་དེ་ལྟར་དུ་ཡོད་པ་དང་དོན་གཅིག་པར་མངོན་ནོ། །འཁོར་ལོའི་རྩིབས་ཀྱི་ནང་ནི་ཐམས་ཅད་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་ཐུགས་ཀྱི་རིགས་ཡིན་པས་ན་མཆོག སྐུ་མདོག་དང་ཕྱག་མཚན་སྣ་ཚོགས་སུ་སྤྲུལ་པས་ན་རྫུ་འཕྲུལ་ཆེ་བའི་སེམས་དཔའ་རྣམས་བྱང་ཤར་གྱི་ཕྱོགས་ནས་བརྩམས་སྟེ་གཡས་སྐོར་དུ་གོ་རིམ་བཞིན་དུ་བྲི་བར་བྱའོ། །བྲི་བ་ལ་མཁས་པས་ལཱ་སྱེ་ལ་སོགས་པའི་མཆོད་པའི་ལྷ་མོ་བརྒྱད་རྩིབས་ཀྱི་ཕྱི་རོལ་གྱི་གྲྭའི་ཕྱོགས་སུ་བྲིའོ། །ནང་གི་སྒོ་ཡི་ཕྱོགས་ནི་བཞི་པོ་ཐམས་ཅད་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྒོ་བ་བཞི་པོ་བྲི་བར་བྱའོ། །རྟ་བབས་ཀྱི་ཁྱམས་ཏེ་སྒོ་ཉིས་སྦྲག་ཏུ་བྱེད་ན་དཀྱིལ་འཁོར་ནང་མའི་རྟ་བབས་ཀྱི་ཁྱམས་དང་། གཅིག་རྐྱང་དུ་བྱེད་ན། དཀྱིལ་འཁོར་གྱི་རྟ་བབས་ཀྱི་གཡས་གཡོན་ཐམས་ཅད་དུ་བྱམས་པ་ལ་སོགས་པའི་བྱང་སེམས་བཅུ་དྲུག་བྲི་བར་བྱ་ཞིང་། དེ་བཞིན་དུ་ཉན་ཐོས་རྒྱལ་བ་བཅུ་དྲུག་པོ་ཐམས་ཅད་དང་། རང་རྒྱལ་གཙོ་བོ་བཅུ་གཉིས་པོ་རྣམས་དང་། ཁྲོ་བོ་མངགས་པ་ཕོ་ཉ་ལ་སོགས་པ་བཅུ་དྲུག་པོ་རྣམས་སྐུ་ཡོངས་སུ་རྫོགས་པ་བྲི་བར་བྱ་བའམ་ཡང་ན་མིང་ཙམ་ཡང་རུང་ངོ་། །གཞན་ཕན་ཉེར་མཁོ་ལས་བྱང་སེམས་བཅུ་དྲུག་སོགས་སྒོ་ཉིས་བརྩེགས་སུ་བྱེད་ན་ནང་མའི་ཁྱམས་སུ་དགོད་ལ། སྒོ་རྐྱང་དུ་བྱེད་ན་ཡང་ལྷ་སྣམ་ཆེ་བར་བྱེད་ལ་རིམ་པ་གཉིས་སུ་བྱ། ནང་མ་ལ་རྩ་བའི་ལྷ་སོ་བདུན། ཕྱི་མ་ལ་མགྲོན་ཐབས་ཀྱི་ལྷ་དྲུག་ཅུ་དགོད་ཅེས་གསུང་ངོ་། །ཡང་ཅེས་པའི་སྒྲས་ནི། སྤྱི་ཆིངས་ལས་ཡང་ལྟེ་བ་ནི་དེ་ཉིད་ཡིན་ལ། འཁོར་ལོ་དང་འཁོར་ལོའི་མུ་ཁྱུད་ལ་ཆ་ཆེན་གཉིས་བཏང་ལ། ལྷ་སྣམ་གྱི་ལྷ་ཚོགས་རྟ་བབས་ཀྱི་གཡས་གཡོན་དུ་དགོད་པ་ཡིན་ཏེ་ཞེས་གསུངས་པ་སྡུད་དེ། ལུགས་གཉིས་འདམ་ཁ་ཅན་དུ་བཞེད་པར་མངོན་ནོ། །ཕྱིའི་དཀྱིལ་འཁོར་གྱི་ཕྱི་རོལ་ཁོར་ཡུག་ཏུ་གླིང་བཞི་པོ་ནི་བྲི་བར་བྱའོ། །ལྷོར་འཛམ་བུ་གླིང་དུ་ཚངས་པ་སེར་པོ་པདྨ་ཐོགས་པ། ཆུང་མ་ཚངས་མ་དབྱངས་ཅན་གཉིས་འཁོར་ཚངས་པ་བརྒྱད་དང་བཅས་པ་བྲིའོ། །བྱང་སྒྲ་མི་སྙན་དུ་ནི་དབང་ཕྱུག་ཆེན་པོ་མདུང་རྩེ་གསུམ་ཐོགས་པ། འཁོར་ཆུང་མ་བརྒྱད་དེ་ཨུ་མ་སྔོ། གྷ་གྷ་དཀར། ཡ་མ་ན་ལྗང་། དམར་མོ་སེར། འཇིགས་བྱེད་མ་དཀར། ལྗང་གི་ལྷ་མོ་དམར། སྟོབས་བཟང་མ་དཀར། ཀུ་མཱ་རི་དམར་སྐྱ་བདེ་བའི་ལག་ཆ་འཛིན་པ་བྲིའོ། །ཤར་གྱི་ལུས་འཕགས་གླིང་དུ་ནི། བརྒྱ་བྱིན་སེར་པོ་གླང་པོ་ཆེ་ལ་ཞོན་པ་རྡོ་རྗེ་འཛིན་པ། ཐིག་ལེ་འཛིན་ཤ་རྩི་དང་། ཐིག་ལེ་མཆོག་གཉིས་དཀར་མོའོ། །ནུབ་བ་གླང་སྤྱོད་དུ་ནི། གཏོགས་འདོད་སྟེ་ཁྱབ་འཇུག་སྔོན་པོ་བཙུན་མོ་ནོར་རྒྱུན་མ་དང་། དབྱངས་ཅན་གཉིས་དཀར་སེར་ཏེ་ཐམས་ཅད་ཀྱང་འཁོར་དང་བཅས་ཏེ་བྲི་བར་བྱ་བའི་དོན་ནི་བཤད་ཟིན་ཏོ། །བཞི་པོ་ལས་གཞན་དག་ཀྱང་ནི་དེ་བཞིན་དུ་ཁོར་ཡུག་ཏུ་བྲི་བར་བྱ་སྟེ། ནུབ་ཕྱོགས་སུ་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟངས་རིས་སྔོན་པོ་འཁོར་དང་བཅས་པ། ཤར་ཕྱོགས་སུ་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཆུང་མ་གཉིས། ཕོ་ཉ་གཉིས་ཏེ་བཞི། བྱང་སྟོད་དུ་ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་ཆུང་མ་དང་བཅས་པ་ཕྱག་བཞི་གཡས་གཉིས་ན་གནྡྷེ་དང་བགྲང་ཕྲེང་། གཡོན་གཉིས་པདྨ་དང་མཆོག་སྦྱིན། བྱང་ཕྱོགས་སུ་གནོད་སྦྱིན་ནོར་བུ་བཟང་པོ་ལ་རྒྱལ་བ་ཁྱུ་མཆོག་དང་། ཡང་དག་ཤེས་དང་། ལྔས་རྩེན་གྱིས་བསྐོར་བ་ནེའུ་ལེ་དང་བི་ཛ་པུ་ར་འཛིན་པ་སེར་པོའོ། །ལྟོ་འཕྱེ་ནི་ནུབ་ཏུ་ཀླུའི་རྒྱལ་པོ་སྦྲུལ་མགོ་བདུན་པ་དང་། མིའམ་ཅིའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་ནོ། །སྲིན་པོ་ཆེ་ནི་ལྷོ་ནུབ་ཏུ་སྲིན་པོ་ནག་པོ་མི་ལ་ཞོན་པའོ། །འབྱུང་པོ་ནི་བྱང་ཤར་དུ་དབང་ཕྱུག་དཀར་པོ་གླང་ལ་ཞོན་པ་རྩེ་གསུམ་འཛིན་པའོ། །ཡི་དྭགས་ནི་འཆི་བདག་ནག་པོ་སྟེ་མ་ཧེ་ལ་ཞོན་པ་དབྱིག་པ་ཅན་ནོ། །ཀླུ་ནི་ཀླུ་ཆེན་བརྒྱད་དེ་ཁོར་ཡུག་གི་ནུབ་ཕྱོགས་སུ་བྲི་ཞིང་ཁ་དོག་དང་ལག་ཆ་ནི་འོག་འཇིག་རྟེན་པའི་སྐབས་སུ་འབྱུང་ངོ་། །གྲུལ་བུམ་རླིག་པོ་ཆེ་ཕོ་ཉ་མོ་དང་བཅས་པ་ནག་པོ་དང་། རི་རྣམས་དང་ཞེས་པའི་ནི་རི་བརྒྱད་སྟོན་ནོ། །ཕྱོགས་བཞིར་རྒྱལ་པོ་བཞི་བྲི་བར་བྱ་ཞིང་གཟའ་བརྒྱད་དང་སྐར་མ་གཞན་རྣམས་དང་། རྒྱུ་སྐར་ཉེར་བརྒྱད་ཕྱོགས་རེར་བདུན་བདུན་ཏེ་དེ་དག་གི་ཕྱག་མཚན་ཡང་འོག་ཏུ་འབྱུང་ངོ་། །ཁྲོ་བོ་ནི་ཤར་དུ་གདོན་གྱི་བདག་པོ་སྔོ་སྐྱ། མ་རུངས་འཚེ་བ་ནི། ལྷོར་རྡོ་རྗེ་མཆུ་དང་། རྡོ་རྗེ་སྤྲིན་གཉིས་སྨུག་པོ། ནུབ་ཏུ་སྤྲིན་གྱི་སྒྲོལ་མ་དམར་མོ་རྡོ་རྗེ་རྩེ་གསུམ་དང་སྡིགས་མཛུབ་མཛད་པའོ། །བགེགས་ཀྱི་རྒྱལ་པོ་བྱི་ན་ཡ་ག་ནི་གླང་སྣ་དཀར་པོ་གཡས་བགྲང་ཕྲེང་དང་ལ་ཕུག གཡོན་དགྲ་སཏྭ་དང་ལ་དུའི་སྣོད་འཛིན་པའོ། །གོང་དུ་བཤད་པ་དེ་རྣམས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་ཉིད་གདུལ་བྱའི་དོན་དུ་དེ་དང་དེའི་སྐུར་སྟོན་པས་ན་སེམས་ཅན་ཀུན་ལ་ཕན་པར་བྱེད་པ་སྟེ། འདིས་ནི་འཇིག་རྟེན་པ་རང་རྒྱུད་པར་འདོད་པ་བཀག་གོ །དྲང་སྲོང་སྐལ་བ་ཆེན་པོ་རྣམས་ཀྱི་གཟུགས་ནི་ཤར་ལྷོར་རྒྱས་པ་དང་། གར་མཁན་གྱི་བུ་ལ་སོགས་པ་ཅི་རིགས་པར་བྲི་བར་བྱ་སྟེ། སྐུ་མདོག་དང་ལག་ཆ་ལ་ངེས་པ་མེད་དོ། །ཕྲ་མེན་མ་ནི། ལྷོ་ནུབ་ཏུ་གཽ་རཱི་དང་ཙཽ་རཱི་དང་། མ་ཏཾ་ཀི་ལ་སོགས་པ་ཅི་རིགས་པར་བྲིས་ཏེ། ཁ་དོག་དང་ལག་ཆ་ལ་ངེས་པ་མེད་དོ། །བུད་མེད་ནི་ཙ་མུནྟི་དང་། རིའུ་ཏི་མ་ལ་སོགས་པ་གཞུང་གང་ཡང་རུང་བ་ནས་འབྱུང་བ་བཞིན་བྲིའོ། །དེ་བཞིན་དུ་ནུབ་བྱང་དུ་སྲིང་མོ་བཞི་ནི་འདོད་པ་མ་ནག་མོ། ཕག་མོ་དཀར་མོ་རྡོ་རྗེ་ཐོད་པ་འཛིན་པའོ། །ཐོད་པ་མོ་དམར་མོ་ལྕགས་ཀྱུ་འཛིན་པ། གྲུབ་མ་ལྗང་ཁུ་བགྲང་ཕྲེང་འཛིན་པ། དེའི་རྩར་མིང་པོ་གསུམ་རྒྱལ་བར་བྱེད་པ་ལྗང་ཁུ་དྲིལ་བུ་འཛིན་པ། སྦྲང་རྩིར་བྱེད་པ་དཀར་པོ་ལྕགས་ཀྱུ་འཛིན་པ། དོན་ཀུན་གྲུབ་པར་བྱེད་པ་དམར་པོ་ལྕགས་སྒྲོགས་འཛིན་པའོ། །བྱང་ཤར་དུ་རྣལ་འབྱོར་མ་བཞི་ནི་སྲིན་མོ་ནག་མོ་ཐོད་པ་འཛིན་པ། བེ་ཅོན་མ་དཀར་མོ་བེ་ཅོན་འཛིན་པ། མཚན་མོ་ནག་མོ་དགྲ་སཏྭ་འཛིན་པ། གནོད་སྦྱིན་མ་ནག་མོ་མཆེ་བ་འཛིན་པའོ། །འབྱུང་བ་བཞིའི་ལྷ་ཆེན་པོ་ནི། སའི་ལྷ་མོ་སེར་མོ་བུམ་པ་འཛིན་པ། ཆུ་ལྷ་དཀར་པོ་ཞགས་པ་འཛིན་པ། མེ་ལྷ་དམར་པོ་ར་ལ་ཞོན་པ། རླུང་ལྷ་ལྗང་ཁུ་ཤ་བ་ལ་ཞོན་པའོ། །ཁྱིམ་གྱི་ལྷ་ནི། ཕྱུག་ལྷ་གླང་ཞོན་དཀར། ལམ་གྱི་ལྷ་རྟ་ཞོན་ཁྲམ་ཐོགས་སྔོ། ཁྱིམ་ལ་བརྟེན་པ་དམར་སྐྱའོ། །རི་ལ་གནས་པ་ནི་རིའི་ལྷའོ། །ཤིང་ལྷ་ནི་ཤིང་གསེབ་ན་ལྗང་། ཀུན་དགའི་ལྷ་ནི་སྐྱེད་ཤིང་གསེབ་ན་དམར། ལྗོངས་ཀྱི་ལྷ་ནི་ལྗོངས་ཆེན་པོ་ལ་བརྟེན་པ་ནི་སོགས་ཀྱིས་བསྡུས་པའོ། །དུར་ཁྲོད་ན་གནས་པ་ནི་འདྲེ་ནག་པོའོ། །གྲོང་ཁྱེར་ན་གནས་པ་ནི་གྲོང་ན་གནས་པའོ། །དེ་རྣམས་ཀྱི་སྐུ་ཕྱག་རྒྱ་ཆེན་པོའམ། མིང་ངམ། བརྡ་སྟེ་ཚོམ་བུའམ། ཡང་ན་ནི་ཐིག་ལེ་རྣམས་ཀྱང་བྲི་བར་བྱའོ། །ལྔ་པ་མཆོད་པའི་རྫས་དགོད་པ་ནི། དེ་ནས་མཁས་པས་དཀྱིལ་འཁོར་ལ། །ཞེས་སོགས་སོ། །གཞན་རྣམས་ནི་གོ་སླ་ལ། བརྒྱད་དམ་བཅུ་དྲུག་ལྷག་ཀྱང་རུང་། །ཅེས་པས་མཆོད་བུམ་དང་། བུམ་པ་ལྔ་ནི་བཞག་པར་བྱ། །ཞེས་པས་དབང་བུམ་དང་། མར་མེ་གཏོར་མ་བུམ་པ་དང་། །ཞེས་པའི་བུམ་པས་ནི་ཉེ་བར་མཁོ་བའི་བུམ་པ་བསྟན་ནོ། །གནོད་སྦྱིན་སྲིན་པོའི་ཁ་ཟས་སུ། །གཏོར་མ་རྣམ་པ་སྣ་ཚོགས་བཞག །ཅེས་པས་བགེགས་གཏོར་དང་། འབྱུང་པོ་དག་དང་ཞེས་པས་ནི་ཕྱོགས་སྐྱོང་སོགས་སྤྱིར་བསྟན་ལ། ཀླུ་དག་དང་ཞེས་སོགས་ཀྱིས་འབྱུང་པོའི་གཏོར་མ་བསྟན། རྣམ་རྒྱལ་བུམ་པ་ནི་གོ་སླའོ། །དྲུག་པ་ཞུགས་ཏེ་བསྒྲུབ་པ་ལ་བཞི་སྟེ། སློབ་དཔོན་བདག་ཉིད་དཀྱིལ་འཁོར་གྱི་སྒོ་དྲུང་དུ་འདུག་པ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་བསྒྲུབ་པ། མཆོད་པ་དང་བསྟོད་པ། གཏོར་མ་གཏོང་བའོ། །དང་པོ་ནི། མཆོད་གཏོར་སོགས་བཤམས་ཟིན་པའི་རྗེས་དེ་ནས། ཁྲུས་དང་ལ་སོགས་པས་ཆས་གོས་ཀྱིས་བརྒྱན་པར་བྱས་ལ་དྲི་ཞིམ་པོས་བྱུགས་པ་དང་། མེ་ཏོག་གི་ཕྲེང་བ་མཆོག་གི་ཕྲེང་བ་ཅན་དུ་བྱས་པ་དང་། དྲི་ཞིམ་པོའི་ཆུས་ཁ་བཀང་སྟེ་མཆོག་ཏུ་མཛེས་པར་བྱས་ནས་རྡོ་རྗེ་འཛིན་མའི་སྔགས་དང་ཕྱག་རྒྱས་དཀྱིལ་འཁོར་གྱི་ཁང་པར་བཞུགས་ནས་ཀྱང་མེ་ཏོག་ཐོགས་ཏེ། དཀྱིལ་འཁོར་གྱི་ཤར་སྒོའི་ཕྱོགས་སུ་འདུག་གོ །འདིར་སྣུར་པ་བྲིས་པའི་རྗེས་དེ་ཉིད་ལ། དཀྱིལ་འཁོར་མ་བསྒྲུབས་པར་འཇུག་པའི་ཆོས་རྣམས་ལེན་ནོ་ཞེས་ཟེར་དེ་ནི་མི་འཐད་དེ། དཀྱིལ་འཁོར་མ་བསྒྲུབ་པར་འཇུག་པ་ལ་དོན་མེད་པའི་ཕྱིར་དང་། འཁོར་ལོས་སྒྱུར་བའི་སྐབས་ནས་ཀྱང་། །དེ་ནས་སྔགས་མཁན་བདག་ཉིད་ཀྱིས། །སྤྱན་དྲངས་བདག་ཉིད་འཇུག་པར་བྱ། །བདག་ཉིད་ལ་ནི་དབང་ཡང་བསྐུར། །ཞེས་འབྱུང་བ་དང་འགལ་བའི་ཕྱིར་རོ། །དེས་ན་ཁའུ་པ། སྒྲུབ་མཆོད་བྱས་ནས་འཇུག་པ་ལེན། །འོ་ན་འདིར་རྡོ་རྗེ་འཛིན་མས་ཞུགས་ཅེས་པ་དང་མི་འགལ་ལམ་ཞེ་ན། དེ་ནི་དཀྱིལ་འཁོར་གྱི་སྒོ་དྲུང་དུ་ཕྱག་རྒྱ་བཅས་ཏེ་འདུག་པ་ཙམ་ལ་དགོངས་ཞེས་གསུངས་པ་འདི་ཉིད་འཐད་པའི་ཕྱོགས་ཡིན་ནོ། །གཉིས་པ་ནི། གཙོ་བོ་རྒྱ་བ་སྲས་ཀྱི་འཁོར། །ཞེས་སོགས་ཏེ། རྒྱུད་འདིར་མདུན་བསྐྱེད་བསྒྲུབ་པའི་གོང་དུ་བདག་བསྐྱེད་དངོས་སུ་མ་གསུངས་ཀྱང་། འོག་རས་བྲིས་ཀྱི་སྐབས་སུ། བདག་གི་དེ་ཉིད་དྲན་བྱེད་ཅིང་། །ཞེས་པས་བདག་བསྐྱེད་ཟིན་ལ། འོག་ནས་སྔགས་མཁན་ཞེས་པས་ཀྱང་བདག་བསྐྱེད་བསྟན་པས་མཆོད་པ་བྱིན་དབབ་སྔོན་དུ་སོང་ནས། བདག་བསྐྱེད་རྒྱས་བསྡུས་གང་རུང་བསྒོམས་ཏེ། སྟ་གོན་མ་བྱས་ན་སྐབས་འདིར་བུམ་པའི་བཟླས་པ་ཡང་བྱས་ལ་མདུན་བསྐྱེད་བསྒྲུབ་པ་ལ་འཇུག་གོ །འདིར་རྒྱས་བསྡུས་གཉིས་ལས། རྒྱས་པར་བྱེད་ན་ཤཱུ་ནྱ་ཏཱའི་སྔགས་ཀྱིས་དཀྱིལ་འཁོར་སྟོང་པར་བསམས། ཨོཾ་བྷ་ཞེས་པས་འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ་གཞལ་ཡས་ཁང་གདན་བཅས་བསྐྱེད་ནས་བརྟེན་པ་ལྷ་རྣམས་སྙིང་པོ་ཚིག་ཙམ་གྱིས་བསྐྱེད་པའམ་སྤྲོ་བསྡུ་ལས་བསྐྱེད་པ་གང་རུང་བྱའོ། །བསྡུས་པ་ནི་བྲིས་པའི་དཀྱིལ་འཁོར་ཉིད་ལ་ཡེ་ཤེས་པ་སྤྱན་འདྲེན་པ་སྟེ་རྒྱུད་ཀྱི་དངོས་བསྟན་ལ་འདི་ཉིད་གསལ་ལོ། །གང་ལྟར་ཡང་འདི་མན་ཆད་འདྲ་བ་ཉིད་ཡིན་པས་སྤྱན་དྲང་ཞེས་པ་བཤད་པའི་གཞིར་བཞག་ནས་གང་ན་གཙོ་བོ་ནི་རྩ་བའི་ལྷ་སོ་བདུན། སྲས་ནི། མགྲོན་ཐབས་ཀྱི་ལྷ། འཁོར་ནི་འཇིག་རྟེན་པའོ། །རྩ་སྐྱ་པས་ནི་གཙོ་བོ་ནི་ཀུན་རིག རྒྱལ་བ་དེ་བཞིན་གཤེགས་པ་བཞི། སྲས་ནི་ཡུམ་བཞི་ནས་སྒོ་བཞིའི་བར། འཁོར་ནི་བསྐལ་བཟང་ཉན་རང་། མང་པོ་རྣམས་ནི་ཁོར་ཡུག་གི་འཇིག་རྟེན་པའི་ལྷ་གྲངས་མང་བའོ་ཞེས་བཤད་དེ་སྤྱན་དྲང་བའོ། །རྣལ་འབྱོར་གང་གིས་ན་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་། སྔགས་དང་སྒྲུབ་པ་པོ་འདི་ཉིད་ལྡན་ཞིང་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྤྲོ་བའི་རྣལ་འབྱོར་གྱིས་སོ། །རྡོ་རྗེ་བསྡུ་བའི་སྔགས་ནི། ཛཿཧཱུྃ་བཾ་ཧོཿས་ཐུགས་རྗེའི་བདག །ཚུར་གཤེགས་ཞེས་ནི་བརྗོད་ནས་ཀྱང་། །ཞེས་པ་སྟེ། ཤཱཀ་ཐུབ་ཀྱི་སྐབས་ནས་འབྱུང་བའི་སྔགས་དེ་ཉིད་དོ། །ལྕགས་ཀྱུ་སོགས་ཀྱི་ཕྱག་རྒྱ་གང་ཞེ་ན། གསང་བའི་བཅིང་བ་བཅིངས་ནས་ནི། །ཞེས་སོགས་ཏེ། དགུག གཞུག བཅིང་། དབང་དུ་བྱས་ནས་རིགས་གསུམ་སྤྱིའི་ཕྱག་རྒྱས་བྱིན་གྱིས་བརླབ། ཕྱག་རྒྱ་བཞིས་རྒྱས་གདབ་པ་ནི། དཀྱིལ་འཁོར་བསྒྲུབ་པ་སྟེ། དམ་ཚིག་པ་ལ་ཡེ་ཤེས་པ་འཇུག་པ་དེ་ནས་རས་བྲིས་ཀྱི་སྐབས་ནས་བསྟན་པའི་མཚན་མ་སྐྱེས་ནས་ནི། ཆོས་ཀྱི་དབྱིངས་ཐོག་མར་མཐོང་བ་ནས། ཐ་མ་རྫོགས་ཀྱི་བར་མངོན་སུམ་དུ་མཐོང་བར་འགྱུར་རོ། །གསུམ་པ་ནི། ཨརྒྷཾ་ནི། མཆོད་ཡོན་ཏེ། དེས་མཚོན་པའི་མེ་ཏོག་ལ་སོགས་པ་ལྔ་མི་རྟོག་པས་ཟིན་པས་མཆོག་ཏུ་བརྟགས་པའོ། །གསང་བ་ནི་ལྷ་མོ་བརྒྱད། སོགས་ཀྱི་སྒྲས་བསྡུས་པ་ནི། རྡོ་རྗེ་རྩེ་མོ་བཞིན་ངོ་མཚར་བའི་མཆོད་པ་བཅོ་བརྒྱད་དང་། འདི་ཉིད་ནས་འབྱུང་བའི་མཆོད་པ་ཉི་ཤུ་རྩ་ལྔའོ། །དབྱངས་སྙན་པའི་བསྟོད་པ་ནི་མཚན་བརྒྱ་རྩ་བརྒྱད་པའམ། དཀྱིལ་ཆོག་རྣམས་ནས་འབྱུང་བའི་ལྷ་སོ་སོའི་མཆོད་བསྟོད་ཅི་ནུས་པའོ། །ལྷ་རྫས་མཆོག་གི་དམ་པ་ནི། རིན་ཆེན་སྣ་བདུན་དང་། འདོད་ཡོན་ལྔའོ། །བཞི་པ་ནི། ཕྱོགས་ན་གནས་པ་རྣམས་ལ་རྣམ་པར་བརྟག་ཅེས་པ་ཡར་དྲངས་ཏེ་ཕྱོགས་སྐྱོང་གི་གཏོར་མ་དང་། དེ་ནས་འབྱུང་པོ་ཀུན་གྱི་གཏོར་མ་བྱ། །ཞེས་པས་འབྱུང་པོའི་གཏོར་མ་སྔར་བཤད་པའི་བགེགས་གཏོར་དང་གསུམ་པོ་དེའི་གཏོར་མ་དཔུང་བཟངས་ལ་སོགས་པ་ནས་བཤད་པ་ལྟར་མཐུན་པར་བྱའོ། །སེམས་ཅན་བཀྲེས་ཤིང་སྐོམས་ལ་བཏུང་བ་དང་། །ཞེས་པ་ནི་རིགས་དྲུག་དང་། ཡི་དྭགས་ཀྱི་གཏོར་མའོ། །གཉིས་པ་སློབ་མ་མཇུག་ཅིང་དབང་བསྐུར་བ་ལ་གཉིས་ཏེ། མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །དང་པོ་ནི། སྐབས་འདིར་སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བླང་བ་མ་གསུངས་ཀྱང་། འོག་ཕྱོགས་སྐྱོང་དང་། ཚེ་དཔག་མེད་དང་། འཁོར་ལོས་སྒྱུར་བའི་སྐབས་ནས་འབྱུང་བ་ལྟར་བདག་ཉིད་འཇུག་ཅིང་དབང་བླང་། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་དང་། བདག་མདུན་ཐ་མི་དད་དུ་བསྒྲུབ་པའི་རྗེས་དེ་ནས་སྔགས་པ་རྡོ་རྗེ་སློབ་དཔོན་གྱིས་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ས་བཅུ་གཅིག་པ་འབྱུང་བའི་གནས། དཀྱིལ་འཁོར་དུ་སློབ་མ་རྣམས་ཡོངས་སུ་སྨིན་པར་བྱའོ། །གཉིས་པ་ལ་གཉིས་ཏེ། འཇུག་པ་དང་། དབང་ངོ་། །དང་པོ་ལ་སློབ་མ་ལྷག་པར་གནས་པ། སེམས་བསྐྱེད་པ། སློབ་མ་འཇུག་པ། དམ་ཚིག་བསྒྲག་པ་སྔོན་དུ་སོང་ནས་སྡོམ་པ་འབོགས་པ་གསུམ་དུ་གསུངས་ཀྱང་། གཞན་ཕན་འོད་ཟེར་ལས་འཇུག་པའི་ཆོས་བཅུ་བདུན་གསུངས་པ་ལྟར་བཤད་ན། སེམས་བསྐྱེད་གཙོ་བོར་གྱུར་པའི་རྒྱུན་བཤགས་བྱ་བ་དང་། བྱིན་གྱིས་བརླབ་པ་དང་། སྨོན་ལམ་གདབ་པ་དང་། ཟབ་མོའི་ཆོས་བཤད་པ་དང་། བསྲུང་བ་བྱ་བ་དང་། གདོང་གཡོགས་བཅིང་བ་དང་། ཕྱག་རྒྱ་བཅིངས་ནས་འཇུག་པ་དང་། ཡེ་ཤེས་དབབ་པ་དང་། དམ་ལ་བཞག་པ་དང་། མེ་ཏོག་དོར་བ་དང་། མགོ་ལ་བཅིང་བ་དང་། གདོང་གཡོགས་དབྱེ་བ་དང་། དཀྱིལ་འཁོར་བསྟན་པ་དང་། དམ་ཚིག་བསྐྱེད་པ་དང་། དམ་ཚིག་བརྟན་པར་བྱ་བ་དང་། དམ་ཚིག་བསྒྲག་པ་དང་། སྡོམ་པ་སྦྱིན་པ་དང་བཅུ་བདུན་ལས། དང་པོ་ནི། འགྲོ་ལ་ཕན་ཕྱིར་མྱུར་དུ་བྱང་ཆུབ་བར་ཞེས་པ་སྟེ་རྡོ་རྗེ་འབྱུང་བ་ལྟར་རྒྱུན་བཤགས་སྔོན་དུ་འགྲོ་བའི་སེམས་བསྐྱེད་པ་དང་ནང་གི་སེམས་བསྐྱེད་པ་དང་། རིགས་ལྔའི་སྡོམ་པ་གཟུང་བ་རྣམས་སོ། །གཉིས་པ་ནི། དེ་རྣམས་བྱིན་བརླབ་ཞེས་པ་སྟེ། རིགས་གསུམ་སྤྱིའི་ཕྱག་རྒྱས་བྱིན་གྱིས་བརླབ་པ་དང་། ཨོཾ་བཛྲ་ཨ་དྷི་ཏིཥྛ་ཞེས་སོགས་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གནས་ཉི་ཤུ་རྩ་གཉིས་སུ་བྱིན་གྱིས་བརླབ་པའོ། །གསུམ་པ་ནི། བྱང་ཆུབ་སྨོན་ལམ་གདབ་ཅེས་པ་སྟེ། བདག་གི་དགེ་བའི་རྩ་བ་འདིས་ཞེས་སོགས་སོ། །བཞི་པ་ནི། ཟབ་ཅིང་རྒྱ་ཆེ་བའི་ཆོས་བསྒྲགས་ལ་ཞེས་པ་སྟེ། རྣམ་སྣང་མངོན་བྱང་ལས་འབྱུང་བ་བཞིན། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཞེས་སོགས་སོ། །ལྔ་པ་ནི། བསྲུང་བ་བྱས་ནས་ཞེས་པ་སྟེ། །མེ་ལྟར་འབར་བའི་སྔགས་དང་། ཕྱག་རྒྱས་ལན་གསུམ་བསྲུང་བའོ། །ས་ཆོག་གི་རྗེས་སུ་བྲི་བ་མ་གྲུབ་ན་སྟ་གོན་བྱེད་པར་གསུངས་པ་ལྟར་ན་ནུབ་སྔ་མ་ལ་བྱེད་དགོས་པས། སོ་ཤིང་། ཀུ་ཤ། སྲུང་སྐུད་གསུམ་འདིས་ཟིན་ཏོ། །དྲུག་པ་ནི། སློབ་མ་མི་དགེ་བ་བཅུ་སྤངས་པའི་བརྟུལ་ཞུགས་ཀྱི་སྡོམ་པ་ལ་གནས་པ་སེམས་བསྐྱེད་པས་རབ་ཏུ་ཞི་བ་དེ་རང་གི་ཁ་ནས་སྔགས་བརྗོད་པའི་སྒོ་ནས་དཀྱིལ་འཁོར་དུ་གཞུག་པར་བྱ་ཞེས་མདོར་བསྟན་ནས། ཐོག་མར་དར་རམ། རས་ལ་སོགས་པའི་མིག་གཉིས་གཡོགས་ནས་ནི་ཞེས་པའོ། །བདུན་པ་ནི། རྡོ་རྗེ་འཛིན་པ་དཔལ་གྱི་ལག་གཉིས་བྱ། །ཞེས་པ་སྟེ། དེའི་སྔགས་ནི། ཨོཾ་བཛྲ་ཨ་དྷི་ཏིཥྛ་ཧཱུྃ། ཞེས་པའོ། །མེ་ཏོག་རིན་ཆེན་ལ་སོགས་པས་སློབ་མའི་ལུས་དེ་བརྒྱན་ལ། བླ་མ་ལ་འབུལ་བའི་ཡོན་གྱིས་ལག་པ་བཀང་སྟེ་གཞུག་པར་བྱ། དེའི་སྔགས་ནི། ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཞེས་པའོ། །བརྒྱད་པ་ནི། ཨོཾ་བཛྲ་པྲ་བྷེ་ཤ་ཡ་ཧཱུྃ་ཞེས་པ་སྟེ། རྡོ་རྗེ་ཕོབ་ཤིག་ཅེས་པའི་དོན་ནོ། །དགུ་པ་ནི། ཨ་ས་མེ་ནི་སྐྱེ་བ་མེད་པ། ཏྲི་ས་མེ་ནི་སྐུ་གསུང་ཐུགས། མཧཱ་ས་མ་ཡེ་ནི་དམ་ཚིག་ཆེན་པོ། ཧཱུྃ་ནི་སྡུས་ཤིག་པའོ། །བཅུ་པ་ནི། དེ་ནས་སྔགས་འདིས་ཞེས་སོགས་ཏེ་གོ་སླའོ། །བཅུ་གཅིག་པ་ནི། ཨོཾ་བཛྲ་པྲ་ཏཱིཙྪ་བཛྲ་ས་མ་ཡ་སཏྭཾ་ཞེས་པའོ། །བཅུ་གཉིས་པ་ནི། ཕྱག་ན་རྡོ་རྗེའི་སྐབས་ནས། ཨོཾ་བཛྲ་ཧ་སེ་ཨུད་ག་ཊ་ཡ་ཧཱུྃ་ཞེས་པའོ། །བཅུ་གསུམ་པ་ནི། ཕྱག་རྡོར་ནས། ཨོཾ་བཛྲ་པ་ཤྱཱ་ཧོ་ཞེས་པས་དཀྱིལ་འཁོར་བསྟན་ནས། མེ་ཏོག་རིན་ཆེན་ལ་སོགས་པ་ཞེས་སོགས་ཏེ་གོ་སླའོ། །བཅུ་བཞི་པ་ནི། དེ་ནས་སྔགས་ལ་མཁས་པ་ཡིས། །ཞེས་སོགས་སོ། །བཅོ་ལྔ་པ་ནི། །ཨོཾ་ནི་བཤད་ཟིན་བཛྲ་ས་མ་ཡ་ནི་རྡོ་རྗེ་དམ་ཚིག་ཧྲྀ་ད་ཡ་མི་ནི་སྙིང་ལ། པྲ་བྷེ་ཤཱ་ནི་ཕབ་ནས་ཌིཌྷ་ཏིཥྛ་ནི་གནས་ཤིང་བརྟན་པའོ། །བཅུ་དྲུག་པ་ནི། དེ་ནས་འདིས་ཞེས་སོགས་ཏེ། བདུན་བརྒྱུད་རིགས་ནི་ཁའུ་པ་མར་གྱི་རྒྱུད་བུ་ཚ་ལ་སོགས་པ་ལ་བྱེད། སྣུར་པ་སྒྲུབ་པ་པོ་མ་གཏོགས་པ་ཡར་གྱི་བདུན་བརྒྱུད་དེ་ཕ་མེས་ལ་སོགས་པ་བདུན་བརྒྱུད་ལ་བྱེད་དོ། །བཅུ་བདུན་པ་ནི། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །ཞེས་སོགས་སོ། །འདིར་དགེ་བསྙེན་གྱི་བསླབ་གཞི་ལྔ་བསྲུང་དགོས་པར་གསུངས་ཤིང་། རྡོ་རྗེ་རྩེ་མོ་ལས་ཀྱང་དེ་ལྟར་གསུངས་པས་སྔགས་པ་ཁྱིམ་པ་ཡིན་ན་ཡང་དགེ་བསྙེན་གྱི་བསླབ་གཞི་ལྔ་ངེས་པར་བསྲུང་དགོས་ཞེས་བླ་མ་མུས་པ་ཆེན་པོ་གསུངས་ཤིང་། རྩ་ལྟུང་འཁྲུལ་སྤོང་དང་མངོན་རྟོགས་ལྗོན་ཤིང་གི་དགོངས་པ་ཡང་འདི་ཉིད་དུ་སྣང་ངོ་། །གདོན་གྱི་ལས་སོགས་བྱ་བ་མིན་ནི་རང་གི་དངོས་གྲུབ་ལ་བར་ཆད་མི་བྱེད་ན། གཞན་གྱི་འདྲེ་རྒོད་གཟིར་བ་དང་། ཕུར་བུས་གདབ་པ་སོགས་མི་བྱའོ། །མུ་སྟེགས་ཅན་ལ་ཡང་སྨད་པར་མི་བྱ་སྟེ། རྣམ་སྣང་མངོན་བྱང་ལས། རྣམ་པར་སྣང་མཛད་རིང་བའི་རྒྱུར་གསུངས་པའི་ཕྱིར་རོ། །མདོར་ན་སྤང་བླང་གི་དམ་ཚིག་ལ་ཡིད་གཉིས་དང་སོམ་ཉི་དང་ཐེ་ཚོམ་མི་བྱ་སྟེ། དེར་མ་ཟད་བདག་གི་དེ་ཁོ་ན་ཉིད་དང་། སྔགས་ཀྱི་དེ་ཁོ་ན་ཉིད་དང་། སོགས་ཀྱིས་སྒྲས་བསྡུས་པ་དེ་དག་སྟོན་པའི་བླ་མ་ལ་ཡང་དེ་བཞིན་དུ་ཡིད་གཉིས་སོགས་མི་བྱའོ། །གཉིས་པ་དབང་ལ་གཉིས་ཏེ། དབང་བསྐུར་བ་དང་། རྗེས་བླ་མ་ལ་མཆོད་པ་ཕན་ཡོན་དང་བཅས་པ་བསྟན་པའོ། །དང་པོ་ནི། སློབ་མ་སྔར་གྱི་དམ་ཚིག་དེ་དག་ལ་མོས་པ་བརྟན་པོ་དང་ལྡན་པས་དམ་ཚིག་བསྲུང་བར་དམ་བཅས་ནས། དབང་གི་དངོས་གཞི་བསྐུར་བར་བྱའི། དམ་ཚིག་བསྲུང་མི་ནུས་པ་ནི་འཇུག་པ་ཙམ་བྱས་ནས་བཏང་ངོ་། །དེའང་ཚེ་ལྡན་གྱི་དབང་དུ་བྱས་ཀྱིས། ཚེ་འདས་ལ་ནི་དབང་མཐའ་དག་བསྐུར་བར་གསུངས་སོ། །འདིས་ཚེ་འདས་ལ་དབང་བསྐུར་བ་ནི་སྡིག་པ་སྦྱོང་བའི་ཐབས་ཙམ་ཡིན་གྱིས་སྡོམ་པ་སྐྱེ་བ་མ་ཡིན་པར་གསལ་ལོ། །དབང་གི་དངོས་གཞི་ཇི་ལྟར་བསྐུར་ན། འདི་ལ་སྔགས་ཀྱི་དབང་བུམ་པ་ལ་སོགས་ཀྱི་དབང་བཅུ། ཐབས་ཤེས་རབ་ཀྱི་དབང་། རིན་ཆེན་སྣ་བདུན་གྱི་དབང་སྟེ་བཅུ་དགུ་ཡོད་པ་ལས། དང་པོ་ནི། སརྦ་བིད་ཀྱིས་སྔར་སྔགས་ཀྱི་ཕྲེང་བའི་སྐབས་སུ་བཤད་པ་ཅི་བཞིན་གྱི་དབང་བསྐུར་སྟེ། རྩ་རིག་ལ་སོགས་པ་སྔགས་བཅུ་གསུམ་མོ། །དེ་ནས་བུམ་པ་ལ་སོགས་པའི་དབང་རྫས་ཇི་སྙེད་པ་མང་པོ་སྟེ་བཅུ་ཐོགས་པས་བུམ་པ་ལ་སོགས་པ་བཅུ་པོ་རྣམས་ཀྱི་དབང་བཅུ་ཅི་དགར་བསྐུར་ཏེ། སྔགས་རྣམས་ནི་ཕྱག་རྡོར་ནས་འབྱུང་ངོ་། །དེ་ནས་ལག་ཏུ་རྡོ་རྗེ་དང་དྲིལ་བུ་བྱིན་ནས་ཐབས་དང་ཤེས་རབ་ཀྱི་དབང་བསྐུར་རོ། །དེ་ནས་འཁོར་ལོ་ལ་སོགས་པའི་རིན་ཆེན་སྣ་བདུན་ཐོགས་ལ་གནས་སྐབས་སུ་མི་དབང་དབང་ཕྱུག་འཁོར་ལོས་སྒྱུར་བའི་གོ་འཕང་ཐོབ་པ་དང་། མཐར་ཐུག་སྡིག་པ་གཞོམ་པའི་ཕྱིར་དབང་བདུན་ནི་བསྐུར་བར་བྱའོ། །འདི་ལ་བུམ་པ་དངོས་སུ་སྨོས་པས་རིན་པོ་ཆེའི་ཅོད་པཎ་དང་། དར་གྱི་ཅོད་པཎ་སོ་སོར་བྱས་ཏེ་སོགས་ཁོངས་ནས་བཅུ་བསྡུས་ནས་སྔགས་དབང་མ་གཏོགས་པའི་དབང་བཅུ་དགུ་གསུངས་པའང་ཡོད་མོད་ཀྱི། འཁོར་ལོ་ལ་སོགས་རིན་ཆེན་བདུན་ཐོགས་ལ། །ཞེས་པའི་ཚིག་འགྲོས་དང་བསྟུན་ན། སྔ་མ་ཉིད་འཐད་པའི་ཕྱོགས་སུ་སྣང་ངོ་། །བུམ་པ། རིགས་ལྔའི་ཅོད་པཎ། རིན་པོ་ཆེའི་ཅོད་པཎ་དང་དར་དཔྱངས། ཕྱག་རྒྱ་ལྔ། མིང་། ཕྲིན་ལས། ཆོས་ཀྱི་འཁོར་ལོ། བདག་པོ། གཟུངས། གསང་བའི་དབང་རྣམས་ནི་བུམ་པ་ལ་སོགས་པའི་དབང་བཅུའོ། །གཉིས་པ་ནི། སྔགས་བསྒྲུབ་ཕྱིར་ན་མོས་ལྡན་སློབ་མ་ལ་ཞེས་སོགས་ཏེ། ཚེ་འདིའི་བདེ་བ་མ་ལུས་དང་། །ཞེས་སོགས་ཀྱི་བཀའ་བསྒོས་ནས་སློབ་མས་བླ་མ་ལ་ཕྱག་འཚལ་ནས་ཡོན་ཕུལ་བ་སྟེ་གོ་སླའོ། །སྐབས་འདིར་རྩ་སྐྱ་པས་ཆོས་བཤད་པའི་རྗེས་གནང་། དངོས་གྲུབ་བསྒྲུབ་པ་སྔགས་ཀྱི་རྗེས་གནང་། ཕྲིན་ལས་ཐམས་ཅད་བསྒྲུབ་པ་བཀའི་རྗེས་གནང་དང་གསུམ་མཛད་པར་སྣང་ཡང་འདིར་མི་གསལ་ཞིང་། ཁ་ཅིག ཚེ་དཔག་མེད་ཀྱི་སྐབས་ནས་བཤད་པའི་བཀའི་དབང་བསྐུར་བ་འདིར་བྱེད་པ་ནི་མི་འཐད་དེ། སྐབས་དེར་དམ་ཚིག་དང་བཀའི་དབང་བསྐུར་བ་གཉིས་གསུངས་པའི་དམ་ཚིག་གི་དབང་དང་འདིར་བསྟན་པའི་བཀའ་བསྒོ་བ་གཉིས་དོན་གཅིག་ཏུ་སྣང་བས་བཀའ་བསྒོ་བ་དང་། བཀའི་དབང་བསྐུར་བ་གཉིས་དོན་མི་གཅིག་པའི་ཕྱིར་རོ། །གསུམ་པ་རས་བྲིས་ལ་བརྟེན་པའི་དངོས་གྲུབ་ལ་གཉིས་ཏེ། སྡུད་པ་པོའི་མཚམས་སྦྱོར་དང་། གཞུང་དངོས་སོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་སོགས་སོ། །གཉིས་པ་ལ་གསུམ་སྟེ། རྟེན་རས་བྲིས་བྲི་བ། རྟེན་རྫོགས་པ་ལ་རབ་གནས་བྱ་བ། དེ་ལ་སྒྲུབ་པའོ། །དང་པོ་ནི། རས་ལ་བཅོམ་ལྡན་འདས་ཞེས་སོགས་ཏེ། ཤཱཀ་ཐུབ་སེར་པོ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། སྤྱན་རས་གཟིགས་ནི་གཡས་མཆོག་སྦྱིན་དང་། གཡོན་པདྨ་བསྣམས་པ། ཕྱག་ན་རྡོ་རྗེ་ནི། སྔོ་སྐྱ་གཡས་རྡོ་རྗེ་ཐུགས་ཁར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པའོ། །རང་གི་ལྷ་ལ་བརྟེན་པར་བྲི་བ་ནི། སྤྱན་རས་གཟིགས་ཀྱི་འོག་ཏུ་རྟ་མགྲིན་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱི་བོར་རྟ་མགོ་ལྗང་གུས་བརྒྱན་པ། གཡས་རྡོ་རྗེས་མཚན་པའི་བེ་ཅོན་ཐུགས་ཀར་འཛིན་ཅིང་གཡོན་སྡིག་མཛུབ་དཀུར་བསྒྲེང་བའོ། །ཕྱག་རྡོར་གྱི་འོག་ཏུ་འཇིག་རྟེན་གསུམ་རྒྱལ་སྔོ་ནག་ཤིན་ཏུ་ཁྲོས་པ་ཕྱག་གཉིས་ཀྱིས་རང་གི་སྙིང་ཁར་ཧཱུྃ་མཛད་ཀྱི་ཕྱག་རྒྱས་རྡོ་རྗེ་དང་དྲིལ་བུ་འཛིན་པའོ། །དེ་བཞིན་གཤེགས་པ་བཞི་ནི་རྡོ་རྗེའི་སྐྱིལ་ཀྲུང་། སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་ནི་ཕྱེད་ཀྲུང་། རྟ་མགྲིན་དང་གསུམ་རྒྱལ་ནི་གཡོན་བརྐྱང་གཡས་བསྐུམ་དུ་བཞུགས་པའོ། །གཞན་རྣམས་ནི་གོ་སླའོ། །གཉིས་པ་ནི། བྲིས་ཟིན་པའི་རྗེས་དེ་ནས། ཡོ་བྱད་ཚོགས་པར་བྱས་ཏེ་རབ་གནས་ཀྱི་ཆོ་ག་ཚང་བར་བྱས་ལ་དངོས་གཞིའི་སྐབས་སུ་རི་མོའི་སྐུ་གཟུགས་དེ་ལ་དམ་ཚིག་པ་བསྐྱེད། ཡེ་ཤེས་པ་བཅུག་ནས་མཆོད་པ་ཅི་འབྱོར་པས་མཆོད་དེ། ཨོཾ་ཙཀྵུ་ཞེས་སོགས་ཀྱིས་བདག་ཉིད་ཀྱི་སྤྱན་དབྱེ་བར་བྱ་ཞིང་། མཆོད་བསྟོད་རྫོགས་པར་བྱས་ལ། བདེན་པའི་བྱིན་གྱིས་བརླབ་པར་དམིགས་པར་བྱ་བ་ནི། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་གྱིས་རླབས་ཀྱིས་འཇིག་རྟེན་གྱི་ཁམས་མ་ཞིག་གི་བར་དུ། བདག་ཅག་གི་རྟེན་ལ་གནས་པར་གྱུར་ཅིག དངོས་གྲུབ་ཐམས་ཅད་སྩོལ་ཅིག བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག ཅེས་བརྗོད་ཅིང་མེ་ཏོག་དོར་བའོ། །དེ་ནས་སྐུ་གཟུགས་དེའི་ཐུགས་ཁར་སྔགས་བཀོད་ལ། རྩ་རིག་དང་ལས་ཐམས་ཅད་པའི་སྔགས་བཟླས་པས་མཚན་མ་ཞིག་མཐོང་ན་ནི་ཞེས་སོགས་ནི་གོ་སླའོ། །གསུམ་པ་ལ་བཞི་སྟེ། བསྙེན་པ། ཉེ་བསྙེན། སྒྲུབ་པ། སྒྲུབ་པ་ཆེན་པོའོ། །དང་པོ་ནི། སྒྲུབ་པ་པོ་རྟག་ཏུ་རས་བྲིས་ཀྱི་མངོན་སུམ་དུ་འདུག་ནས་ཀྱང་། འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱིས། བདག་བསྲུང་བ་ལ་སོགས་པའི་སྲུང་འཁོར་བསྡུས་པ་བྱས་ནས་ཀྱང་། བདག་གི་དེ་ཉིད་ལྷའི་རྣལ་འབྱོར་རྫོགས་པར་དྲན་པར་བྱས་ཤིང་རས་བྲིས་དམིགས་ཡུལ་དུ་བཞག་ནས་ཕྱག་རྒྱ་སྟོན་ཅིང་། དངོས་གྲུབ་ཀྱི་མཚན་མ་མ་བྱུང་གི་བར་དུའམ། གྲངས་ཀྱི་བསྙེན་པ་འབུམ་ཕྲག་གསུམ་མམ། ཡང་ན་འབུམ་ཕྲག་དྲུག་རྩ་རིག་བཟླས་པར་བྱའོ། །གཉིས་པ་ནི། དེ་ནས་དབེན་པའི་གནས་སུ་ཞེས་སོགས་སོ། །གསུམ་པ་ནི། དེ་ནས་བཟླས་པའི་མཇུག་ཏུ་ནི། རས་བྲིས་ཀྱི་དཀྱིལ་འཁོར་སྔ་མ་བཞིན་དུ་བསམས་ལ་ཞེས་པའམ། ཡང་ན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྔ་མ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞིན་དུ་བསམས་ལ། རས་བྲིས་ལ་མཆོད་པ་རྒྱ་ཆེན་བྱས་ནས་ཀྱང་ཞེས་སོགས་སོ། །བཞི་པ་ནི། ཕྱག་མཚན་དངོས་གྲུབ་ལ་སོགས་བླང་། །ཞེས་སོགས་ཏེ་གོ་སླའོ། །བཞི་པ་ངན་སོང་གི་སྡིག་པ་སྦྱོང་བའི་ཐབས་ཀྱི་བྱེ་བྲག་བསྟན་པ་ལ་བཞི་སྟེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀས་གནང་བ་དང་། ངན་སོང་གི་སྡིག་པ་སྦྱོང་བའི་ཐབས་བཤད་པའི་གཞུང་དངོས་དང་། དེའི་ཕན་ཡོན་བསྟན་པའོ། །དང་པོ་ནི། དེ་ནས་ལྷ་ཐམས་ཅད་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཞེས་སོགས་སོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་ཞེས་སོགས་སོ། །གསུམ་པ་ལ་དགུ་སྟེ། ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་སྡིག་པ་སྦྱང་བ་དང་། ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་མཆོད་རྟེན་གྱི་དབུས་སུ་བཞག་སྟེ་སྡིག་པ་སྦྱང་བ་དང་། དབང་བསྐུར་ཏེ་དྲི་གཙང་ཁང་དུ་བཞག་པས་སྡིག་པ་སྦྱང་བ་དང་། མཆོད་རྟེན་བྱ་བས་སྦྱང་བ་དང་། བཟླས་པ་བྱ་བས་སྦྱང་བ་དང་། སྦྱིན་སྲེག་བྱ་བས་སྦྱང་བ་དང་། རོ་བསྲེགས་ཏེ་སྡིག་པ་སྦྱང་བ་དང་། རྟེན་མེད་པ་ལ་སྡིག་པ་སྦྱང་བ་དང་། ཕྱིར་བཟློག་གིས་སྡིག་པ་སྦྱང་བའོ། །དང་པོ་ལ་གཉིས་ཏེ། རྟེན་རོ་ཡོད་པ་ལ་སྦྱང་བ་དང་། རྟེན་མེད་ན་གཟུགས་བརྙན་ལ་དབང་བསྐུར་ཏེ་སྡིག་པ་སྦྱང་བའོ། །དང་པོ་ནི། དེ་ནས་དཀྱིལ་འཁོར་བྲིས་ནས་ནི། །ཞེས་སོགས་ཏེ། ས་ཆོག་ནས་བརྩམས་ཏེ། དཀྱིལ་འཁོར་བྲི་བ་དང་། བདག་གི་རྣལ་འབྱོར་དང་། བུམ་པ་ལ་བཟླས་པ་དང་། མདུན་བསྐྱེད་ལ་བདག་མདུན་ཐ་མི་དད་དུ་བསྒྲུབ་པའི་བར་རྫོགས་པར་བྱས་ལ། རྟེན་རོ་དེ་བགེགས་སྦྱོང་བ། རྟེན་བསྐྱེད་པ། རྟེན་དགུག་པ། སྡིག་པ་བྲལ་བ་དང་བཞི་བྱས་ནས། སྔ་མ་བཞིན་དུ་འཇུག་པ་དང་། དབང་རྫོགས་པར་བསྐུར་ཏེ། དེའི་ཕན་ཡོན་ནི། དེ་ནས་སྡིག་པ་ཀུན་སྦྱངས་ཏེ། །ཞེས་སོགས་སོ། །གཉིས་པ་ནི། དེ་ཡི་གཟུགས་བརྙན་བྲི་བའམ། །ཞེས་སོགས་ཏེ་གོ་སླའོ། །གཉིས་པ་ནི། དེ་ནས་རྣལ་འབྱོར་ཅན་གྱིས་ནི། །ཞེས་སོགས་ཏེ། རྟེན་རོ་ཡོད་པ་ལ་སྦྱང་བར་མི་འདོད་པའམ། རོ་མེད་ན་སཱཙྪ་འདེབས་པར་མི་འདོད་པའི་དབང་དུ་བྱས་པ་སྟེ། སྔ་མ་བཞིན་དུ་དབང་ཐམས་ཅད་བསྐུར་ལ། ཁྱད་པར་རྟེན་དེ་ལྷ་དཔའ་བོ་གཅིག་པའམ་དཀྱིལ་འཁོར་རྫོགས་པར་བསྐྱེད་ནས། དེ་ལ་ཡེ་ཤེས་པ་སྤྱན་དྲངས་ནས་མཆོད་པས་མཆོད་དེ་མཆོད་རྟེན་གྱི་དབུས་སུ་བཞག་པར་བྱའོ། །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །གསུམ་པ་ནི། རང་གི་ལྷའམ་ལྷ་གཞན་གྱི་ཞེས་སོགས་ཏེ། རོ་ཡོད་པའམ། མེད་ཀྱང་གཟུགས་སུ་བྲིས་པ་ནི་ཅིས་ཀྱང་དགོས་ཏེ། དེ་སྦྱང་བ་དང་། མཆོད་རྟེན་དུ་འཇོག་པ་དང་། སཱཙྪ་བྱེད་པ་ཡང་མི་འདོད་ཅིང་། རང་གི་ཁྱིམ་དུ་འཇོག་པར་འདོད་པའི་དབང་དུ་བྱས་པ་སྟེ་དེ་ལ་སྔར་བཞིན་དབང་བསྐུར་ལ། ཁྱད་པར་རྒྱུད་འདི་དང་། རྒྱུད་གཞན་ནས་འབྱུང་བའི་སྔགས་མང་པོ་གསེར་རམ། དངུལ་ལམ། གུར་གུམ་གྱིས་བྲིས་པ་དེའི་སྙིང་ཁར་གདགས་ཏེ། རྟེན་དེ་གོས་དང་། དྲི་ལ་སོགས་པས་བརྒྱན་ཏེ་ལྷར་བསྐྱེད། ཡེ་ཤེས་པ་བཀུག་ལ་ཇི་ལྟར་གྲུབ་པས་མཆོད་ནས་བསྟོད་དེ། རང་གི་ཁྱིམ་གྱི་ཕྱོགས་ཅིག་དབེན་པའམ་དྲི་གཙང་ཁང་དྲིས་བྱུགས་པར་བཞག་ལ་དུས་ནར་མར་ལྷ་བསྐྱེད་པའི་རྟེན་དེ་ལ་མཆོད་བསྟོད་བྱེད་ཅིང་བཞག་གོ །ལྷག་མ་ཐམས་ཅད་ནི་སྔ་མ་བཞིན་ནོ། །བཞི་པ་ནི། དེ་ཡི་མིང་ནས་སྨོས་ནས་ནི། །ཞེས་སོགས་ཏེ། སྔགས་ལ་མིང་སྤེལ་ཚིག་ཏུ་བྱས་པའི་གཟུངས་སྙིང་དུ་བཅུག་སྟེ། མཆོད་རྟེན་བཏབ་པའོ། །ལྔ་པ་ནི། དེ་ཡི་མིང་ནས་བརྗོད་ནས་ནི། །ཞེས་སོགས་ཏེ། བདག་གི་རྣལ་འབྱོར་དང་ལྡན་པའི་སྙིང་ཁར་ཟླ་བ་ལ་མཐའ་སྐོར་དུ་རྩ་རིག ནང་དུ་གཙོ་བོ་གང་ཡིན་གྱི་སྔགས་བཀོད་ལ་ཕྱག་ན་རྡོ་རྗེའི་སྐབས་ནས་བཤད་པ་བཞིན་དེ་ལས་འོད་ཟེར་འཕྲོས་པས་ཚེ་ལས་འདས་པས་གཙོར་བྱས་པའི་ངན་སོང་ཐམས་ཅད་རབ་ཏུ་ཞི་སྟེ། སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དྭགས་སུ་སྐྱེས་པའི་སེམས་ཅན་ཐམས་ཅད་གྲོལ་བར་བདག་ཉིད་ཀྱིས་རབ་ཏུ་ཤེས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཏེ། སྣང་བར་བྱས་ནས་ཀྱང་། སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཆོས་ཀྱི་ཡི་གེ་དེ་ཉིད་དུ་ཞུགས་པར་གྱུར་ཏོ་ཞེས་བསམ་ཞིང་། རྒྱུད་ནས་འབྱུང་བའི་སྔགས་ཐམས་ཅད་དང་། གཙོ་བོར་རྩ་བའི་རིགས་པ་བཟླས་པར་བྱའོ། །དྲུག་པ་ནི། དེ་ཡི་མིང་ནས་བརྗོད་ནས་ཀྱང་། །ཞེས་སོགས་ཚིགས་སུ་བཅད་པ་བརྒྱད་དེ། འདི་དང་ཚེ་དཔག་མེད་ནས་ཚིགས་སུ་བཅད་པ་བཅུ་གསུམ་གྱིས་ཚེ་འདས་ཀྱི་ལས་གཙོ་བོར་བསྟན་ཅིང་། ཚེ་ལྡན་ལ་ཞར་ལ་སྦྱར་བར་བསྟན་ལ། འཁོར་ལོས་སྒྱུར་བ་དང་མེ་ལྟར་འབར་བ་གཉིས་ནས་ཚེ་ལྡན་གྱི་བྱ་བ་བསྟན་ཏེ། ཆོ་ག་ནི་ཁྱད་པར་མེད་དོ། །དེ་ལ་བཞི་སྟེ། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོའོ། །དེ་དག་ཀྱང་དཀྱིལ་འཁོར་དང་མ་འབྲེལ་ན་ནི་ཕྱོགས་ཤར་དུ་ཞི་བ། བྱང་དུ་རྒྱས་པ། ནུབ་ཏུ་དབང་། ལྷོར་དྲག་པོའི་ཐབ་བརྩིགས་ལ་སྒྲུབ་པ་པོའི་ཁ་ཡང་ཞི་བ་ལ་ཤར་དུ་སྟེ། དེ་བཞིན་དུ་དེ་དག་གི་ཕྱོགས་སུ་བལྟའོ། །དཀྱིལ་འཁོར་དང་འབྲེལ་ན་དཀྱིལ་འཁོར་གྱི་ནུབ་ཏུ་ཞི་བའི་ཐབ་བཅས་ལ་ཁ་ཤར་དུ་བལྟ། དེ་བཞིན་དུ་ཐམས་ཅད་སྒྲུབ་པ་པོ་དཀྱིལ་འཁོར་ལ་ཕྱོགས་ཏེ་བལྟ་བས་ལྷོར་རྒྱས་པ་ཁ་བྱང་དུ་བལྟ། ཤར་དུ་དབང་ཁ་ནུབ་ཏུ། བྱང་དུ་དྲག་པོའི་ཐབ་བཅས་ལ་ཁ་ལྷོར་བལྟའོ། །དེ་ལ་ཞི་བའི་སྦྱིན་སྲེག་ནི་གཙོ་བོ་ཡིན་ལ། ལྷག་མ་གསུམ་ནི། ཅི་གྲུབ་པ་ཉམས་སུ་བླང་ངོ་། །དེའང་ཞི་བ་རྟོགས་ན་འོག་མ་གསུམ་ཞར་ལ་རྟོགས་པར་འགྱུར་རོ། །དེ་ལ་དགུ་སྟེ། ཐབ་བཅའ་བ་དང་། བུད་ཤིང་བཤམ་པ་དང་། མཆོད་པ་ལ་སོགས་པ་རྒྱན་དགྲམ་པ་དང་། བསྲེག་རྫས་དང་། སྒྲུབ་པ་པོའི་ཡན་ལག་དང་། མེ་སྦར་བ་དང་། འཇིག་རྟེན་པའི་མེ་ལྷ་དང་། འདས་པའི་ལྷ་སྤྱན་དྲངས་ཞིང་མཆོད་བསྟོད་སོགས་སྦྱང་བ་དང་། མཇུག་གི་བྱ་བ་དང་། ཕན་ཡོན་ནོ། །དང་པོ་ནི། ཚེ་དཔག་མེད་ནས་འབྱུང་བ། མདོར་ན་ཐིག་ནི་བཏབ་ནས་ཀྱང་། །ཆོ་ག་བཞིན་དུ་བྲི་བར་བྱ། །དེ་ནི་མཐོང་བ་བརྒྱུད་པས་ཤེས་སོ། །ལྷ་ཡི་བུ་རྣམས་ཞི་བ་ཡི། །ཧོམ་ཁུང་བར་མ་ཐ་མ་མཆོག །ཁྲུ་གང་ཁྲུ་དོ་ཁྲུ་བཞི་པའི། །ཟླུམ་པོ་ཉིད་དུ་བྱས་ནས་ནི། །དེ་ནི་དབྱིབས་སོ། །དེ་ཡི་དབུས་སུ་འཁོར་ལོ་ནི། །རྩིབས་བརྒྱད་འོད་ཟེར་དཀའ་པོ་བྲི། །དེ་ནས་རོ་སྲེག་སྐབས་ནས་འབྱུང་བ་ལྟེ་བར་རིགས་ལྔའི་མཚན་མ་དང་། སེམས་དཔའ་བཅུ་དྲུག་བྲི། དེ་ནས་སོར་བཞི་སྐྱེད་པ་ལ་ཁོར་ཡུག་གི་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་དཀར་པོ་དང་ལྡན་པ་བྲི། དེ་ནས་རྡོ་རྗེ་རྒྱ་གྲམ་དང་། དེ་ནས་སོར་གཉིས་སྨད་པ་དང་། ཡང་སོར་གཉིས་པོ་སྨད་པ་ལ། རྡོ་རྗེ་རིན་ཆེན་ཆུ་སྐྱེས་མཆོག །དེའི་ཕྱི་རོལ་གྱི་ལྷ་སྣམ་ལ། དེ་ནས་སྡིག་པ་གཞོམ་པའི་ཕྱིར། །ཕྱག་རྒྱ་སྣ་ཚོགས་བཞག་པར་བྱ། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་རྒྱལ་རྣམས་ཀྱི་མཚན་མ་བྲི། སྒོ་བཞིར། ཕྱིའི་རྡོ་རྗེའི་རིགས་རྣམས་ནི། །ཕྱག་རྒྱ་རྣམས་ནི་ཕྱི་རིམ་བྲི། །དེ་ནས་སྒོ་བྱ་བའམ་ཡང་ན། །ཟླུམ་པོ་ཉིད་ལ་འཁོར་ཡུག་ལ། །གཟའ་དང་སྐར་མའི་མཚན་མ་ལ། །དེ་ལྟར་འཇིག་རྟེན་སྐྱོང་བ་རྣམས། །ཞེས་པས་བསྟན་ཏེ། ཁོར་ཡུག་ལ་ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་བརྒྱད། ཕྱོགས་སྐྱོང་བ་བཅུ། འཇིགས་བྱེད་དགུ། རྒྱལ་ཆེན་བཞི། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རྣམས་མིང་ངམ། བརྡའམ། ཐིག་ལེར་བྲི་བར་བྱའོ། །དེ་ནས་མེ་ལྟར་འབར་བ་ནས། །བུད་ཤིང་ཞོ་དང་ལྡན་པ་ལ། །དྲི་ཆུས་བཀུས་པས་ཤེས་པར་བྱ། །ཞེས་པ་སྟེ། བུད་ཤིང་མཛེས་པར་བཤམ་པར་བྱ། དེ་ནས་རྒྱན་དགྲམ་པ་ནི་གཙོ་བོ་རི་མོ་ལུགས་མའང་རུང་། རྡོ་རྗེ་ཅན་དང་ལྷན་ཅིག་བཞག །བྱ་དང་བུམ་པ་བཀང་བ་དང་། །གཏོར་མ་ལྷ་བཤོས་རབ་བཀང་བཞག །ཞེས་པ་སྟེ་དེ་དག་ཀྱང་མེ་ལྟར་འབར་བ་ནས་ཀྱང་། བདུག་སྤོས་མེ་ཏོག་མར་མེ་རྣམས་ཀྱང་བཞག །མཆོད་པ་བྱ་བའི་ཕྱིར་ནི་བླ་རེ་དང་། །གདུགས་དང་རྒྱལ་མཚན་རྔ་ཡབ་ལ་སོགས་བཞག །ནངས་རེ་ག་བུར་བཅས་པའི་དྲི་ཞིམ་དང་། །ཙན་དན་ལ་སོགས་པ་ཡི་བྱུག་པས་བྱུག །ཅེས་པས་རྒྱན་དགྲམ་པའོ། །བསྲེག་རྫས་ནི་ཀུན་རིག་ནས། ཏིལ་དང་ཡུངས་ཀར་འབྲས་རྣམས་དང་། །ར་ཡི་འོ་མ་ལྡན་པ་དང་། །དྲི་ཡིས་བཀུས་པའི་ཡམ་ཤིང་གིས། །ཆོ་ག་བཞིན་དུ་སྦྱིན་སྲེག་བྱ། །ཞེས་པ་དང་། །ཚེ་དཔག་མེད་ཉིད་ཀྱིས། དེ་ཡི་མིང་དང་ཡུངས་ཀར་གྱིས། །བརྒྱ་ཕྲག་སྟོང་དུ་བསྲེགས་བྱས་ན། །ངན་སོང་ཀུན་ལས་ཐར་བར་འགྱུར། །དེ་ཡི་ཤ་དང་རུས་པ་དང་། །སྐྲ་དང་ཐལ་བ་ལ་སོགས་པས། །ཆོ་ག་དེ་དང་འདྲ་བར་ནི། །སྦྱིན་སྲེག་བྱས་ན་ངན་སོང་ཡང་། །ཀུན་ལས་རྣམ་པར་ཐར་བར་འགྱུར། །མར་དང་འོ་མ་སྦྲང་རྩི་ཅན། །འབྲས་ཡོས་ཡུངས་མར་བསྲེས་པ་དང་། །དེ་ཡི་རུས་པ་ཤ་ལ་སོགས། །མེད་ན་མིང་ནས་སྨོས་ཏེ་བྱ། །ཞེས་པས་བསྲེག་རྫས་བསྟན་ནོ། །དེ་ནས་སྒྲུབ་པ་པོའི་ཡན་ལག་ནི། དཀར་པོའི་གོས་ནི་གྱོན་ནས་ཀྱང་། །སངས་རྒྱས་གཟུགས་ཅན་མི་འཇིགས་པས། །ངན་སོང་རྒྱུད་ན་གནས་པ་ཡི། །སེམས་ཅན་རྗེས་སུ་དྲན་བྱེད་ཅིང་། །ཞེས་བྱ་བ་དང་། འཁོར་ལོས་སྒྱུར་བ་དང་། མེ་ལྟར་འབར་བ་ནས་ཀྱང་བསྟན་པ་བཞིན་ཏེ། རྒྱན་ལ་སོགས་པ་དཀར་པོར་བྱས་བྱང་ཆུབ་ཀྱི་སེམས་དང་ལྡན་པས་རྡོ་རྗེ་སྐྱིལ་ཀྲུང་ངམ། སེམས་དཔའི་འདུག་སྟངས་ཀྱིས་གནས་པ་བདག་གི་རྣལ་འབྱོར་དཔའ་བོ་གཅིག་པ་བསྙེན་པ་བཞིན་བསྒོམ་པར་བྱའོ། །དེ་ནས་མེ་སྦར་བ་ནི། ཡམ་ཤིང་གིས་མེ་སྦར་ཏེ། མེ་ལྟར་འབར་བ་ནས། འདབ་བདུན་མེ་ཏོག་འབྲས་བུ་རྣམས། །ཞོ་དང་ལྡན་པའི་ཡམ་ཤིང་གིས། །དེ་དག་ཐབ་ཁུང་ཁྱད་པར་ལས། །རང་གི་སོར་གྱི་གཞལ་བྱ་ཞིང་། །ཉི་ཤུ་རྩ་བརྒྱད་མན་ཆད་མཆོག །བཅུ་བདུན་སོར་ནི་བར་མ་སྟེ། །ཐ་མ་བཅུ་གཉིས་ཉིད་དུ་ཤེས། །ཤིན་ཏུ་ཆུང་ན་སོར་བརྒྱད་དོ། །བུད་ཤིང་ཞོ་དང་ལྡན་པ་ལ། །དྲི་ཆུས་བཀུས་པས་ཤེས་པར་བྱ། །བསྲེག་ཤིང་དེ་ལས་བྱུང་བའི་མེ། །སྦར་ནས་དྲི་ཆུས་གཏོར་ནས་ནི། །ཞེས་པའི་དོན་ཡམ་ཤིང་གིས་མེ་སྦར་ལ་དེ་ནས་བདུད་རྩི་འཁྱིལ་པའི་སྔགས་ཟློས་ཤིང་། ཐབ་དང་རྫས་ཐམས་ཅད་ལ་ཀུ་ཤའི་རྩེ་མོས་དྲི་ཆུས་གཏོར་ཞིང་བསངས་ལ། མཆོད་རྫས་ཐམས་ཅད་བདུད་རྩི་མཆོག་ཏུ་བསམ་པར་བྱའོ། །དེ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་མཆོད་པ་ནི། མེ་ལྟར་འབར་བ་ནས། པདྨ་དཀར་པོ་ཞལ་འདྲ་དགེ །པདྨ་ནོར་བུའི་རིལ་བ་ཐོགས། །ལག་ན་དབྱུགས་པ་མཆོག་ཐོགས་པ། །པདྨ་དཀར་པོའི་འདབ་སྟེང་འདུག །དེ་ལྟའི་མེ་ལྷ་བཀུག་ནས་ཀྱང་། །མཆོད་ཡོན་བླངས་ཏེ་དབུལ་བར་བྱ། །དེ་ནས་ཟླ་བ་དཀར་པོ་ལ། །བཞུགས་པའི་འགྲོ་ཕན་སྤྱན་དྲངས་ཏེ། །པདྨ་དཀར་པོ་ཤར་ཕྱོགས་སུ། །བསམ་སྟེ་སྟེང་དུ་བཞག་པར་བྱ། །དེ་ནས་དེ་ལྟར་བསམས་ནས་ཀྱང་། །བསྒྲུབ་བྱ་རྟག་དུ་མདུན་བཞག་སྟེ། །དེ་ཡི་ཉེས་པ་དྲངས་ནས་ནི། །ཤིན་ཏུ་དཀྲིས་ཏེ་སྦར་བར་བྱ། །ནངས་པར་སྔར་ནི་བརྩང་འགྱུར་ཅིང་། །ཤིན་ཏུ་དྲི་ཞིམ་ལུས་བྱུགས་ལ། །བདུད་རྩི་བཞིན་བསམ་སྦྱིན་སྲེག་བྱ། །དམ་ཚིག་འདི་ནི་འདའ་བར་དཀའ། །ལྷ་རྫས་བདུད་རྩི་བྲོ་ལྔ་ནི། །དང་པོ་མེ་ལྷ་བརྟགས་བྱས་ལ། །ཁྲོ་བོ་དེ་ནི་དེ་ལུས་ལ། །སྤྱན་དྲངས་ནས་ནི་གཞུག་པར་བསམ། །དེ་ནས་དང་པོ་ཁྲོ་བོ་ལ། །བསྲེག་བྱ་ལན་གསུམ་དབུལ་བར་བྱ། །དེ་ནས་དཀོན་མཆོག་གསུམ་ལ་དབུལ། །དེ་ནས་མེ་ལྷ་ཉིད་ལ་གསུམ། །དེ་ནས་རྡོ་རྗེ་སེམས་དཔའ་ལ། །དེ་ནས་ལྷ་རྣམས་རེ་རེ་ལ། །དེ་ནས་བགེགས་ལ་སོགས་ལ་འབུལ། །ཡིད་དུ་འོང་བའི་ལྷ་ཡང་རུང་། །དེ་ལ་དང་པོ་ཁྲོ་བོ་ཡི། །སྔགས་ཀྱིས་ཡམ་ཤིང་སྦྱིན་སྲེག་བྱ། །དེ་ནས་གཅིག་ཏུ་བསྲེས་ནས་ཀྱང་། །བདུད་རྩིའི་སྔགས་ཀྱིས་བཏབ་ནས་ནི། །དེ་བཞིན་སྦྱིན་སྲེག་བྱས་འོག་ཏུ། །བརྒྱ་སྟོང་ཉིད་དམ་ཡང་ན་ཡང་། །བརྒྱ་རྩ་བརྒྱད་ཀྱི་བར་དུ་ནི། །ཁྲོ་བོ་ཉིད་ལ་དབུལ་བར་བྱ། །ཞེས་བཤད་དོ། །དེ་དག་གི་དོན་ནི་འདི་ཡིན་ཏེ། སྔར་བསྟན་པ་བཞིན་དུ་ཐབ་ཁུང་ལེགས་པར་བྱས་ནས་བུད་ཤིང་མཛེས་པར་བརྩིགས་ཏེ། མཆོད་པ་དང་གཏོར་མ་ལ་སོགས་པ་ལེགས་པར་བཤམས་ལ། མར་དང་ཏིལ་གཙོ་བོར་གྱུར་པའི་བསྲེག་རྫས་རྣམས་དྲུང་དུ་ཉེ་བར་བསགས་ཏེ། བདག་སྔ་དྲོའི་དུས་སུ་ཁ་ཤར་དུ་བལྟས་གོས་དང་རྒྱན་དཀར་པོས་བརྒྱན་ཏེ། དཔའ་བོ་གཅིག་པའི་རྣལ་འབྱོར་བསྙེན་པ་བཞིན་རྫོགས་པར་བྱས་ནས་ཅི་འབྱོར་གྱིས་བདག་ཉིད་ལ་མཆོད་ལ་ཡམ་ཤིང་ལ་མེ་སྦར་ཏེ། ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ་ཞེས་བརྗོད་པས་ཐབ་ཏུ་མེ་སྦར་ལ། ཀུ་ཤའི་ཆུན་པོས་དྲི་ཞིམ་པོའི་ཆུས་ཐབ་དང་། ཡོ་བྱད་ལ་གཏོར་ཞིང་ཨོཾ་བཛྲ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཞེས་པས་བསངས་ལ། ཐབ་ཨོཾ་ཤས་སྟོང་པར་བསམས། ཨོཾ་བྷ་ཞེས་པས་ཐབ་དྭངས་ཤིང་ཐོགས་པ་མེད་པ་དཀར་པོ་རྒྱ་དང་ཚད་ཡོངས་སུ་མ་ཆད་པ་བསྐྱེད་ལ། ཨོཾ་ཨགྣེ་ཡེ་ཛཿཧཱུྃ་བཾ་ཧོཿཞེས་བྱ་བ་ཙམ་མམ། ཚིགས་བཅད་ལ་སོགས་པ་རྒྱས་པ་བྱས་ཀྱང་རུང་སྟེ། ཤར་ལྷོ་ནས་མེ་ལྷ་དཀར་པོ་ར་སྐྱེས་དང་པདྨ་དཀར་པོའི་གདན་ཅན་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ་ཕྱག་དང་པོ་གཉིས་གཡས་རིན་པོ་ཆེ་དང་། གཡོན་པདྨ། འོག་མ་གཉིས་ཀྱིས་གཡོན་རིལ་བ་དང་། གཡས་དབྱུག་པ་འཛིན་པ་སྤྱན་དྲངས་ཏེ་ཐབ་ཏུ་བཞུགས་པ་ལ་མཆོད་ཡོན་དང་ཞབས་བསིལ་དབུལ། མེ་ལྷའི་སྦྱིན་སྲེག་འདིར་འབུལ་བའམ། འོག་དུ་འབུལ་བ་གང་རུང་བྱས་ཏེ། གཞུང་ནས་འོག་ཏུ་བྱ་བར་བཤད་དོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པ་གོང་དུ་བཤད་པའི་ཚིགས་བཅད་ལ་སོགས་པས་སྤྱན་དྲངས་ལ། ཐབ་ཀྱི་ཤར་དུ་པདྨའི་སྟེང་དུ་སྤྱན་དྲངས་ལ་ཡང་ཅི་འབྱོར་གྱིས་མཆོད། མེ་ལྷའི་ལྟོ་བ་ཡངས་པར་སྤྱན་དྲངས་ལ། དེའི་ཐུགས་ཀའི་འོད་དང་། བདག་གི་ཐུགས་ཀའི་འོད་ཀྱིས་བསྒྲུབ་བྱའི་སྡིག་པ་རྣམས་བཀུག་ཏེ་མེ་ལ་ཐིམ་པས་སྡིག་པ་ཐམས་ཅད་བསྲེགས་པར་བསམས་ནས་བསྲེག་རྫས་རྣམས་སོ་སོར་བྱ་བའམ་ཐམས་ཅད་བསྲེས་ནས་བྱས་ཀྱང་བཏུབ་སྟེ། བདུད་རྩི་འཁྱིལ་པའི་སྔགས་བཏབ་པས་ཐམས་ཅད་བདུད་རྩིར་བསམས་ལ། ཨོཾ་ཨགྣེ་ཡེ་ཆེ་གེ་མོའི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བྱ་བས་མེ་ལྷ་ལ་ལན་གསུམ་དབུལ་བར་བྱའོ། །དེ་ནས་མེ་ལྷའི་ལྟོ་བ་ལ་བཞུགས་པའི་ཁམས་གསུམ་རྣམ་རྒྱལ་ལ། ཨོཾ་བཛྲ་སཏྭ་ཀྲོ་དྷ་ཨ་ན་ལརྐ་མཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ་བི་ཏྲ་བ་བི་ཏྲ་བ་སརྦ་ཨ་པ་ཡ་ན་ཤ་ཡ་ན་ཤ་ཡ་ཧ་ར་ཧ་ར་པྲ་ནན་ཧཱུྃ་ཕཊ། ཆེ་གེ་མོའི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་བྱ་བས་སྡིག་པ་ཐམས་ཅད་ཞི་བར་བྱ་བའི་དོན་དུ་ཁྲོ་བོ་ལ་ལན་གསུམ་ལ་སོགས་པ་ཅི་རིགས་པ་ཞིག་དབུལ་བར་བྱའོ། །དེ་ནས། ན་མོ་རཏྣ་ཏྲ་ཡཱ་ཡ། བུདྡྷ་དྷརྨཱ་སཾ་ག་ཡ་བྷྱཿ ཆེ་གེ་མོའི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་བྱ་བས་དཀོན་མཆོག་གསུམ་ལ་ལན་ཅི་རིགས་པར་དབུལ་བར་བྱའོ། །དེ་ནས་ཡང་མེ་ལྷ་ལ་ལན་གསུམ་དབུལ་བར་བྱའོ། །དེ་ནས་རིགས་སྔགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་ཁྲོ་བོའི་ལྟོ་བར་བསམས་ལ། ཨོཾ་བཛྲ་སཏྭ་ཧཱུྃ་ཆེ་གེ་མོའི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱཧཱ། ཞེས་པས་ལན་ཅི་རིགས་པར་དབུལ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རྡོ་རྗེ་སེམས་དཔའི་ལྟོ་བར་སྤྱན་དྲངས་ལ་རང་རང་གི་སྔགས་སམ། རྩ་བའི་རིག་པས་ཅི་འབྱོར་པ་དབུལ་བར་བྱའོ། །དེ་ནས་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ལ། བགེགས་ཉེ་བར་ཞི་བར་བྱ་བའི་ཕྱིར་ལན་མང་དུ་དབུལ་བར་བྱའོ། །དེ་ནས་ཕྱོགས་སྐྱོང་དང་བགེགས་ལ་སོགས་པ་ཐབ་ཀྱི་ཕྱོགས་གཅིག་ཏུ་བཀུག་ལ་རང་རང་གི་སྔགས་ཀྱིས་ཅི་རིགས་པ་དབུལ་ལོ། །དེ་ནས་ཡང་རང་གི་ཕྱོགས་སྐྱོང་བ་དང་དཔལ་མགོན་པོ་ལ་སོགས་པ་ཐབ་ཀྱི་ཕྱོགས་གཅིག་ཏུ་བཀུག་ལ་རང་སྔགས་ཀྱིས་ཅི་རིགས་པ་དབུལ་ལོ། །དེ་ནས་རྩ་བའི་རིག་པས་རིགས་དྲུག་བཀུག་ལ་ཅི་རིགས་པར་སྦྱིན་ནོ། །དེ་ནས་ཡང་མེ་ལྷ་ཉིད་ལ་ཅི་རིགས་པར་སྦྱིན་པར་བྱའོ། །མཇུག་གི་བྱ་བ་ནི་མེ་ལྟར་འབར་བ་ལས། དེ་ཡི་ལུས་ལ་དབང་བསྐུར་ཞིང་། །མཉམ་པར་བཞག་པས་བསྲུངས་ནས་ཀྱང་། །མཇུག་ཏུ་མངོན་པར་མཆོད་ནས་ནི། །ལྷ་རྣམས་ཐམས་ཅད་གཤེགས་སུ་གསོལ། །ཞེས་འབྱུང་བ་སྟེ་དེའི་དོན་ནི་འདི་ཡིན་ཏེ། སྦྱིན་སྲེག་རྫོགས་པ་དང་། བསྒྲུབ་བྱ་ལ་ཅི་རིགས་པར་དབང་བསྐུར་ལ། མེ་ལྟར་འབར་བའི་སྔགས་ཀྱི་བསྲུང་བ་བྱས་ལ་ལྷ་ཐམས་ཅད་ལ་ཅི་འབྱོར་པས་མཆོད་དེ། ཡི་གེ་བརྒྱ་པ་བརྗོད་དེ་ཆོ་ག་ལྷག་ཆད་ཁ་བསྐང་ཏེ་གཤེགས་སུ་གསོལ་བར་བྱའོ། །དེ་ལྟར་ན་སྦྱིན་སྲེག་དབང་དང་འབྲེལ་བར་བྱེད་ན། ལྷ་བསྒྲུབས་ནས་མཆོད་པའི་སྐབས་སུ་སྦྱིན་སྲེག་བྱས་ལ་གདོད་དབང་བསྐུར་བ་དང་། བཟླས་པ་དང་ཕྱིར་ཟློག་ལ་སོགས་པ་བྱ་བའམ། མཇུག་ཏུ་སྦྱིན་སྲེག་བྱས་ལ་མཇུག་གི་བྱ་བ་གང་རུང་ཡིན་ནོ། །དགོས་པ་ནི་ཀུན་རིག་ནས། དེ་ཡི་མིང་ནས་བརྗོད་ནས་ཀྱང་། །མཁས་པས་འབུམ་ཕྲག་བརྒྱའམ་ནི། །ཡང་ན་བརྒྱ་ཕྲག་སྟོང་རྙེད་དུ། །སྦྱིན་སྲེག་བྱས་པར་གྱུར་པ་ནི། །དམྱལ་བ་ཆེན་པོར་གྱུར་པ་འདི། །སྡིག་པ་དེ་ལས་ཐར་བར་འགྱུར། །ཞེས་བྱ་བ་དང་། སྡིག་པ་བྱང་བའི་རྟགས་ཀྱང་། ཡང་ན་ཧོཾ་ཁུང་ནང་དུ་ནི། །མེ་ཡིས་ལྟས་ནི་སྟོན་པར་འགྱུར། །དཀར་པོ་ཉིད་དང་གཡས་སུ་འཁྱིལ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྤོགས་ཆོག་ནི་བདག་མེད་བསྒོམ་པའོ། །ཞི་བའི་སྦྱིན་སྲེག་གོ །ལས་འོག་མ་གསུམ་པོ་ལ་མི་འདྲ་བའི་ཁྱད་པར་བག་ཙམ་རེ་བཤད་པས་རྟོགས་པར་འགྱུར་བས་དེ་བརྗོད་པར་བྱའོ། །དེ་ལ་རྒྱས་པའི་ཐབ་ཀྱི་ཁྱད་པར་ནི། ཁྲུ་དོ་པ་ནས་བརྒྱད་པའི་བར་སེར་པོ། དབུས་རིན་པོ་ཆེས་མཚན་པ་གྲུ་བཞི་པའོ། །བུད་ཤིང་དང་མཆོད་རྫས་ཐམས་ཅད་སེར་པོའོ། །ཡམ་ཤིང་ནི་མཛུབ་གང་པ་ནས་ཁྲུ་བཞི་པའི་བར་རོ། །བསྲེག་རྫས་ནི་འབྲུ་སྣ་ཚོགས་པ་དང་། །མེ་ཏོག་སེར་པོ་སྣ་ཚོགས་པ་དང་། མར་དང་། སྦྲང་རྩི་དང་དཔལ་འབྲས་རྣམས་སོ། །སྒྲུབ་པ་པོའི་གོས་དང་རྒྱན་སེར་པོ་དང་། ཉི་མའི་གུང་ལ་ཁ་བྱང་དུ་ལྟས་ལ་རྒྱས་པའི་བསམ་པས་བྱའོ། །སྤྱན་དྲང་ཞིང་མཆོད་བསྟོད་ནི་འཇིག་རྟེན་པ་དང་། འདས་པ་ཐམས་ཅད་སེར་པོ་རིན་པོ་ཆེའི་རྒྱན་ཅན་ཡིན་ལ། ཁྱད་པར་དུ་མཇུག་ཏུ་རྣམ་ཐོས་སྲས་ལ་སོགས་པ་གནོད་སྦྱིན་རྣམས་ལ་མང་དུ་མཆོད་ལ་བདག་གཞན་གྱི་བསམ་པ་ཐམས་ཅད་ཚིམ་ཞིང་རྒྱས་པར་བྱས་པར་བསམ་མོ། །དགོས་པ་ནི། དེ་ནི་བདེ་འགྲོར་སྐྱེས་ནས་ཀྱང་། །མཁས་པས་རྒྱས་པར་བྱ་དགོས་ཏེ། །ཞེས་པ་དང་། ལུས་ཅན་དེ་ཡི་ཚེ་དང་དཔལ། །གཟི་བརྗིད་བདེ་བའི་ལོངས་སྤྱོད་འཕེལ། །ཞེས་བཤད་དོ། །སྔགས་ཀྱི་སྤེལ་ཚིག་མ་གཏོགས་པ་ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །རྒྱས་པའི་སྦྱིན་སྲེག་གོ །དབང་ནི། དེ་ནས་ཕན་ཕྱིར་ངེས་པར་ཡང་། །དབང་དུ་བྱ་བའི་ལས་བྱ་སྟེ། །ཞེས་བྱ་བ་ལ་སོགས་པའི་དོན་ནི། ཐབ་ཀྱི་ཁྱད་པར་ནི་ཁྲུ་གང་པ་ནས་བཞི་པའི་བར་ཅི་རིགས་པར་དམར་པོ་གཞུའི་དབྱིབས་ལྟ་བུ་དབུས་སུ་པདྨ་བྲིས་པའོ། །འདི་ལ་ཁོར་ཡུག་ལ་ཁྱད་པར་དུ་མདའ་གཞུའོ། །བུད་ཤིང་དང་མཆོད་རྫས་ཐམས་ཅད་ནི་དམར་པོའོ། །བུད་ཤིང་ནི་ཞི་བ་དང་ཚད་མཉམ་པ་ལས་རྒྱུ་དམར་པོའམ། ཙག་ལ་སོགས་པས་དམར་པོར་བཀུས་པའོ། །བསྲེག་རྫས་ནི་པདྨ་ལ་སོགས་པ་མེ་ཏོག་དང་འབྲས་བུ་དམར་པོ་ཉིད་དོ། །དམར་པོ་མ་ཡིན་པ་རྣམས་ཀྱང་དམར་པོར་བཀུས་པ་དང་། མར་དང་། གུར་གུམ་དང་། ཙན་དན་དམར་པོ་དང་། ཡུངས་དམར་དང་། ཙག མཚལ། ཟངས་ཕྱེ། ཀེ་ཚེ། ལན་ཚ། ཏིལ། ཞིམ་ཚེ། ལ་ཕུག ཁྲག་རྔུལ་ཆེན་པོ་རྣམས་ཡིན་ནོ། །སྒྲུབ་པ་པོའི་གོས་དང་རྒྱན་དམར་པོ་དང་། ཆགས་པའི་ཡིད་ཀྱིས་ཕྱི་དྲོ་ཁ་ནུབ་ཏུ་བལྟས་པར་བྱའོ། །འཇིག་རྟེན་དང་དེ་ལས་འདས་པའི་ལྷ་རྣམས་དམར་པོར་སྤྱན་དྲངས་ཤིང་མཆོད་པ་ནི། སྦྱིན་སྲེག་བྱས་ནས་ལྷ་ལ་སོགས། །ཐམས་ཅད་དེ་ཡི་དབང་དུ་འགྱུར། །ཞེས་སོ། །སྔགས་རྣམས་ཀྱི་སྤེལ་ཚིག་མ་གཏོགས་ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །དབང་གི་སྦྱིན་སྲེག་གོ །དྲག་པོ་ནི། དེ་ལ་གདོན་རྣམས་རྣམ་གཞོམ་ཕྱིར། །མངོན་སྤྱོད་ཀྱང་ནི་བརྩམས་བྱ་སྟེ། །ཞེས་བྱ་བ་ལ་སོགས་པའི་དོན་ནི། ཐབ་ཀྱི་ཁྱད་པར་ནི་ཁྲུ་ཕྱེད་དང་གསུམ་པ་ནས་དགུ་པའི་བར་ནག་པོ་གྲུ་གསུམ་པ། དབུས་སུ་རྡོ་རྗེ་རྩེ་དགུ་པ་དང་། རྩེ་གསུམ་པ་དང་། རྡོ་རྗེ་རྒྱ་གྲམ་དང་། རྡོ་རྗེ་དབྱུག་པ་དང་། རྡོ་རྗེ་རྩེ་གསུམ་པའི་དབྱུག་པ་དང་ལྔས་བརྒྱན་ལ་དགྲ་སཏྭས་མཐའ་བསྐོར་བའོ། །མཆོད་རྫས་རྣམས་ཀྱང་ནག་པོ་སྟེ་ཤ་དང་ཁྲག་གི་གང་བའི་ཐོད་པའོ། །བསྲེག་རྫས་ནི་ཁྲག་དང་། དུག་དང་། ཡུངས་ཀར་དང་། སྒྲུབ་པ་པོའི་གོས་དང་རྒྱན་ནག་པོ་དང་། བགེགས་ཚར་གཅད་པའི་ཡིད་ཀྱིས་སྲོད་དམ་ནམ་གྱི་གུང་ལ་ཁ་ལྷོར་བལྟས་ལ་བྱའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ནག་པོའི་རྣམ་པས་སྤྱན་དྲངས་ལ་མཆོད་པར་བྱའོ། །དགོས་པ་ནི། དེ་ནས་དེ་ཡི་སྡིག་འཇོམས་ལུས། །བགེགས་དང་བྲལ་ཏེ་ཅི་བདེ་བར། །མཐོ་རིས་འཇིག་རྟེན་མི་ཡི་ནང་། །ཁམས་གསུམ་ན་ནི་ཅི་བདེར་སྤྱོད། །ཅེས་བཤད་དོ། །སྔགས་རྣམས་ཀྱི་སྤེལ་ཚིག་མ་གཏོགས་པ་ལྷག་མ་རྣམས་ནི་སྔ་མ་བཞིན་ཉམས་སུ་བླང་བར་བྱའོ། །དྲག་པོའི་སྦྱིན་སྲེག་གོ །དེ་ལྟ་བུའི་སྦྱིན་སྲེག་རྣམས་ཚེ་དང་ལྡན་པ་རྣམས་ཀྱི་དོན་དུའང་བྱ་སྟེ། ཚེ་དཔག་མེད་ཉིད་ལས། གོ་རིམ་འདི་དག་ཉིད་ཀྱིས་ནི། །ཚེ་ལྡན་རྣམས་ལའང་བྱ་བ་སྟེ། །དེ་ནས་གང་གི་ཕྱིར་བྱས་ལ། །དེ་ཡི་ཕྱིར་ཡང་དེ་བཞིན་འགྱུར། །གཞན་དག་ཀྱང་ནི་ལས་རྣམས་ཀྱང་། །སྔ་མ་ཇི་བཞིན་དེ་ལྟར་བྱ། །དེ་ནས་སེམས་ཅན་ཐམས་ཅད་ལའང་། །མྱུར་དུ་བདེ་སྐྱིད་འཐོབ་པར་འགྱུར། །ཞེས་བཤད་པས་སོ། །སྦྱིན་སྲེག་གི་སྤྱིའི་དོན་འདི་དག་ནི་འོག་ཚེ་དཔག་མེད་དང་། འཁོར་ལོས་སྒྱུར་བའི་སྐབས་སུའང་སྦྱར་བར་བྱའོ། །གཞུང་གི་དོན་ནི་གོ་སླའོ། །བདུན་པ་རོ་བསྲེགས་ཏེ་སྡིག་པ་སྦྱོང་བ་ལ་བརྒྱད་དེ། ཐབ་ཁུང་གི་དཀྱིལ་འཁོར་བྲི་བ་དང་། མཆོད་པའི་རྫས་དགོད་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཏེ་མཆོད་པ་དང་། རང་ལྷའི་རྣལ་འབྱོར་དང་ལྡན་པས་བསྲེག་རྫས་བྱིན་གྱིས་བརླབ་པ་དང་། རོ་བྱིན་གྱིས་བརླབས་ཏེ་ཆས་སུ་གཞུག་པ་དང་། སྦྱིན་སྲེག་བྱ་བའི་རིམ་པ་དངོས་དང་། མཆོད་རྟེན་གདབ་པ་དང་། རྟགས་དང་ཕན་ཡོན་འབྱུང་བར་བསྟན་པའོ། །དང་པོ་ནི། གྲུ་བཞི་པ་ཡི་ཚད་དུ་ནི། །ཞེས་སོགས་ཏེ། ཕྱི་དྲོའི་དུས་སུ་མཐོང་བ་བརྒྱུད་པ་བཞིན་ཐིག་གདབ། རོ་ནར་མོར་བསྲེག་ན་ཁྲུ་བཞི་པ་ཙོག་པུར་བསྲེག་ན་ཁྲུ་གང་པ་ལ་ཤོང་བས་ཁྲུ་ཕྱེད་མར་བྲུས་པའམ། མ་བྲུས་ཀྱང་རུང་སྟེ། ཁྲུ་གང་པ་ཟླུམ་པོ་དཔངས་ཅི་རིགས་བརྩིགས་པ་དེའི་ཁ་ལ་རྡོ་རྗེ་ཕྲེང་བ་བྲི་བར་བྱ། ནང་དུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ལ་རྡོ་རྗེ། ཕྱོགས་བཞིར་འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་དང་། མཚམས་སུ་ལྷ་མོ་བཞིའི་མཚན་མ་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་རྒྱ་དང་དཔངས་སོར་བཞི་པ་གཞི་དཀར་པོ་ལ་སྣ་ཚོགས་རྡོ་རྗེ་ལྗང་ཁུ། དེའི་ཕྱི་རོལ་དུ་རྒྱ་དང་དཔངས་སོར་གཉིས་པ་ལྗང་ཁུ་ལ་རིན་པོ་ཆེ་སེར་པོ། དེའི་ཕྱི་རོལ་ཏུ་རྒྱ་དང་དཔངས་སོར་གཅིག་པ་སེར་པོ་ལ་པདྨ་དམར་པོ་བྲི། ཡང་ན་དཔངས་སུ་མ་བྱས་པར་གཞི་མཉམ་པོར་བྲིའོ། །དེའི་ཕྱི་རོལ་ཏུ་ལྷ་སྣམ་ལ་སེམས་དཔའ་བཅུ་དྲུག་དང་། ཉན་ཐོས་དང་། རང་རྒྱལ་དང་། ཁྲོ་བོ་རྣམས་བྲི། སྒོ་བྱེད་ན་སྒོ་བ་རྣམས་བྲིས་བར་བྱའོ། །དེའི་ཕྱི་རོལ་ཏུ་ཁོར་ཡུག་ལ་འཇིག་རྟེན་པ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད་རྒྱུ་སྐར་དང་བཅས་པ། འཇིགས་བྱེད་དགུ། ཕྱོགས་སྐྱོང་བཅུ་དང་། རྒྱལ་པོ་ཆེན་པོ་བཞི་རྣམས་མིང་ངམ། བརྡའམ། ཐིག་ལེར་བྲི་བར་བྱའོ། །གཉིས་པ་ནི། བྱ་དང་བུམ་པ་གང་བ་དང་། །ཞེས་སོགས་ཏེ་བྱ་ནི་མཆོད་པའི་བུམ་པ་དང་། བུམ་པ་གང་བ་ནི་ཁྲུས་ཀྱི་བུམ་པའོ། །གཏོར་མས་སྣོད་རྣམས་བཀང་བ་ནི། གཏོར་མ་གསུམ། གཞི་བདག་ལ་གཅིག རིགས་དྲུག་ལ་གཅིག ཡི་དྭགས་ལ་གཅིག་སྟེ་དྲུག་ནི་ཅིས་ཀྱང་བཤམ་མོ། །ལྷག་མ་རྣམས་ནི་གོ་སླའོ། །གསུམ་པ་ནི། ལྷ་རྣམས་མང་པོ་སྤྱན་དྲངས་ལ། །ཞེས་སོགས་ཏེ། འོག་སྦྱིན་སྲེག་བྱ་བའི་རིམ་པ་དང་དངོས་ཀྱི་སྐབས་སུ་ཕྱོགས་གཅིག་ཏུ་བཤད་པར་བྱའོ། །བཞི་པ་ནི། ལྷ་ཡི་སྦྱོར་བ་རབ་གནས་ལ། །ཞེས་སོགས་ཏེ། གོང་དུ་སྨོས་པའི་བསྲེག་རྫས་རྣམས་ཅི་འབྱོར་པར་སྟ་གོན་བྱས་ལ་བུད་ཤིང་ལ་རྩ་བའི་རིག་པ་བཟླས་ཤིང་། དྲི་ཞིམ་པོ་གཏོར་ལ་ཁུང་བུར་ལེགས་པར་བརྩིགས་སྒྱེད་བུ་གཟུགས་སོ། །དེ་ནས་རོའི་དྲུང་དུ་ཅི་འབྱོར་པའི་མཆོད་པ་བཤམས་ལ་བདག་གི་རྣལ་འབྱོར་དཔའ་བོ་གཅིག་པ་བཟླས་པ་དང་བཅས་པ་བྱས་ནས་རོའི་བྱ་བ་ལ་འཇུག་པར་བྱའོ། །དེ་དག་གིས་ནི་བསྲེག་རྫས་བཤམ་པ་དང་། བུད་ཤིང་བརྩིག་པ་དང་། བདག་གི་རྣལ་འབྱོར་རྣམས་བསྟན་ཏོ། །ལྔ་པ་ནི། རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང་། །ཞེས་སོགས་ཏེ། བདག་གི་རྣལ་འབྱོར་རྫོགས་པ་དང་། ཆང་བུས་བགེགས་ཞི་བས་སྦྱང་ངོ་། །བགེགས་དྲག་པོས་ཉེ་བར་ཞི་བར་བྱ་བའི་དོན་དུ་ཁམས་གསུམ་རྣམ་རྒྱལ་གྱི་སྔགས་ལན་ཅི་རིགས་པ་བཟླས་པས་བགེགས་སྦྱང་བའོ། །བུམ་པ་ལ་རྩ་བའི་རིག་པ་བཟླས་པའི་ཆུས་བཀྲུ་བར་བྱའོ། །རྩ་རིག་བཟླས་པའི་དྲིས་ཉེ་བར་བྱུག་པར་བྱའོ། །རྩ་རིག་བཟླས་ཏེ་སྟོད་གཡོགས་དང་། སྨད་གཡོགས་དང་། ཅི་རིགས་པའི་རྒྱན་གྱིས་བཀླུབས་ཏེ་མཛེས་པར་བྱའོ། །གུ་གུལ་ལ་སོགས་པའི་བདུག་པས་བདུག་ཅིང་ཁྲོ་བོ་གང་ཡིན་པའི་སྔགས་བཟླ་བར་བྱས་ནས། རོ་དེ་ཉིད་ལྷ་ཡིན་པ་སྙམ་དུ་བསམས་ལ་ཅི་འབྱོར་པའི་མཆོད་པས་མཆོད་དེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་སྙིང་ག་དང་། ཀློག་མ་དང་། སྤྱི་གཙུག་དང་། རྣ་བ་རྣམས་སུ་གཏུག་ཅིང་། ཨོཾ་སརྦ་བིད་ཨ་དྷི་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུྃ་ཞེས་པས་བྱིན་གྱིས་བརླབ་པའོ། །ཉིན་མོ་ཤོག་བུ་ལ་བྲིས་ཏེ་སྟ་གོན་བྱས་པའི་ཡི་གེ་རྣམས་གནས་བཅོ་བརྒྱད་པོ་རྣམས་སུ་གདགས་པར་བྱའོ། །དེ་ཙམ་མ་གྲུབ་ན་གཞུང་ནས། གཙུག་ཕུད་དཔུང་པར་དེ་བཞིན་དུ། །སྔགས་བྲིས་པས་ནི་གདགས་པར་བྱ། །ཞེས་འབྱུང་བ་སྔགས་རྣམས་རྫོགས་པར་ཚར་གསུམ་བྱས་ལ་མགོ་དང་དཔུང་པ་གཉིས་ཀྱི་ཕྱོགས་སུ་བཏགས་ལ་གཞན་གནས་བཅོ་བརྒྱད་པོ་རྣམས་སུ། དེ་ལྟར་གཞན་དུ་ཡི་གེ་སྔགས། །མཆོག་དུ་དགེ་བ་རྣམས་གཞག་གོ །ཞེས་པས་གནས་བཅོ་བརྒྱད་པོར་སྔགས་བྲིས་ནས་གློན་པ་བཞིན་བསམ་ཡང་འགལ་བ་མེད་དོ་ཞེས་མཆན་རྙིང་པའི་བཤད་པ་ལས་འབྱུང་སྟེ། དེ་ནི་ལེགས་པར་རྟོགས་སོ། །དེ་ནས་རས་ཁྲུ་གང་པ་ལ་སོགས་པའི་སྟན་དང་བཅས་ཏེ། རོལ་མོ་དང་བགེགས་བསྐྲད་པ་དང་བཅས་པས་ཐབ་ཀྱི་དབུས་སུ་བཅུག་ལ་ཡང་རྩ་བའི་རིག་པ་བཟླའོ། །གཞན་དུ་ཅི་རིགས་པའི་གོས་གཡོགས་པར་བྱའོ། །དྲུག་པ་ནི། དེ་ནས་བྱིན་ཟ་དགེ་བ་རབ་སྦར་ལ། །ཞེས་སོགས་ཚིགས་བཅད་ཕྱེད་གཉིས་དང་། དེ་ནས་བྱིན་ཟ་ལ་ནི་བརྟགས་བྱ་བ། །ཞེས་སོགས་ཚིག་རྐང་གཉིས་ཀྱི་དོན་ནི། མེ་སྦར་ཏེ་ཐབ་དང་ཡོ་བྱད་ཐམས་ཅད་ལ་བདུད་རྩི་འཁྱིལ་བའི་སྔགས་བཟླས་ཤིང་ཀུ་ཤའི་ཆུན་པོས་དྲིའི་ཆུས་རོ་ལ་བགེགས་དང་མི་གཙང་བ་ཐམས་ཅད་བསངས་ལ། ལས་ཁ་ཚར་བ་སྔོན་དུ་སོང་བས། བདག་གི་རྣལ་འབྱོར་དཔའ་བོ་གཅིག་པ་བསྙེན་པ་བཞིན་རྫོགས་པར་བསྒོམ་བཟླས་པ་ཅི་རིགས་པར་བྱས་ལ་མཆོད་པ་ལ་འཇུག་པར་བྱ་སྟེ། རྡོ་རྗེ་དྲིལ་བུ་འཛིན་པའི་སྔགས་པས་ཚིགས་བཅད་ཅི་ཤེས་པ་དབྱངས་དང་བཅས་པས། ཨོཾ་ཨགྣེ་ཡ་མ་ཧཱ་ཏེ་ཛ་བཛྲ་སརྦ་ཀརྨཱ་པྲ་སཱ་དྷ་ཀ་ཀཱ་རུ་ཎ་ཡ་ཀྲྀ་ཏ་མ་ཧཱ་ཏེ་ཛ་པ་ཏ་ཀཾ་ཨསྨིན་ས་ནི་ཧི་ཏོ་བྷ་ཝ། ཞེས་བྱ་བས་མེའི་ཕྱོགས་ནས་མེ་ལྷ་དཀར་པོ། ཞལ་གཅིག་ཕྱག་བཞི་པ་པདྨ་དང་ར་དཀར་པོའི་གདན་ལ་བཞུགས་པ། གཡས་རིན་པོ་ཆེའི་དབྱུག་པ། གཡོན་པདྨ་སྤྱི་བླུགས་འཛིན་པ་སྤྱན་དྲངས་ལ་ཐབ་ཏུ་བཞུགས་སུ་གསོལ་ཏེ་མཆོད་ཡོན་སྔོན་དུ་སོང་བའི་མཆོད་པས་བསྲེག་རྫས་རྣམས་བདུད་རྩིར་བསམས་ཏེ་ཐམས་ཅད་བསྲེས་པའམ་སོ་སོར་བྱས་ཀྱང་རུང་སྟེ། ཨོཾ་ཨགྣེ་ཡེ་སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་བྱ་བས་སྦྱིན་སྲེག་ལན་ཅི་རིགས་པ་ཕུལ་ལ་བསྟོད་པར་བྱའོ། །དེ་ནས་མེ་ལྟར་འབར་བ་ནས་འབྱུང་བ་བཞིན་ཁྲོ་བོ་མེ་ལྟར་འབར་བ་སྤྱན་དྲངས་ལ་ལན་གསུམ་དབུལ་ལོ། །དེ་ནས་དཀོན་མཆོག་གསུམ་ལ་ལན་གསུམ་དབུལ་བར་བྱའོ། །དེ་ནས་ཡང་། ཇི་ལྟར་གསུངས་བཞིན་འདོད་པ་ཡིས། །ཞེས་སོགས་ཚིགས་བཅད་གཅིག་དང་། དེ་ནས་བསྲེག་བྱས་བཀང་སྟེ་རིམ་གྱིས་ནི། །ཞེས་སོགས་ཚིགས་བཅད་ཕྱེད་དང་གཉིས་ཀྱི་དོན་ནི་སྔར་དཀྱིལ་འཁོར་གྱི་སྐབས་སུ་བཤད་པའི་ཚིགས་བཅད་དབྱངས་དང་བཅས་པས་དཀྱིལ་འཁོར་གྱི་འཁོར་ལོ་འཁོར་དང་བཅས་པ་མེ་ལྷའི་ལྟོ་བར་སྤྱན་དྲངས་ལ་སྔར་དཀྱིལ་འཁོར་དུ་བཤད་པའི་མཆོད་པ་དང་བསྟོད་པ་ཅི་རིགས་པས་བསྟོད་དེ། བསྲེག་རྫས་གཞན་རྣམས་དང་རོའི་ཤ་ཁྲག་རུས་པ་དང་བཅས་པ་རྣམས་བདུད་རྩིར་བསམས་ཏེ། རྩ་བའི་རིག་པའི་མཇུག་ཏུ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་བཏགས་ལ་གཙོ་བོ་ལ་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །དེ་ནས་གཙོ་བོའི་ཤར་ཕྱོགས་ན་བཞུགས་པའི་སྦྱོང་བའི་རྒྱལ་པོ་ལ་རང་གི་སྔགས་ཀྱིས་ཉི་ཤུ་རྩ་གཅིག་དབུལ་བར་བྱའོ། །དེ་ནས་འཁོར་གཞན་རྣམས་ལའང་རང་སྔགས་ཀྱིས་ལན་གསུམ་གསུམ་ཕུལ་ལ་མཆོད་དེ་བསྟོད་པར་བྱའོ། །དེ་ནས་ཡང་། ཕྱག་ན་རྡོ་རྗེ་པདྨ་ཞགས་པ་བསྣམས། །ཞེས་སོགས་ཚིག་རྐང་བཅུ་གཅིག་གི་དོན་ནི། དེ་ལྟར་དཀྱིལ་འཁོར་མཆོད་ནས་མ་གཤེགས་པར་ཕྱག་ན་རྡོ་རྗེ་འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱི་གཟུགས་སུ་བཞུགས་པ་སྤྱན་དྲངས་ལ་ཀུན་རིག་གི་སྤྱན་སྔར་བཞུགས་སུ་གསོལ་ལ་ཅི་འབྱོར་གྱིས་མཆོད་དེ། སྦྱིན་སྲེག་བྱ་བ་ནི་བསྲེག་རྫས་རྣམས་དང་། རོའི་ཤ་དང་ཁྲག་དང་རུས་པ་རྣམས་བདུད་རྩིར་བསམས་ལ་དབུལ་ཏེ། ཨོཾ་བཛྲ་སཏྭ་ཀྲོ་དྷ་ཨ་ན་ལརྐ་མ་ཧཱ་བཛྲ་ཀྲོ་དྷ་དྲ་བ་དྲ་བ་བི་དྲ་བ་བི་དྲ་བ་སརྦ་ཨ་པ་ཡ་ནཱ་ཤ་ཡ་ནཱ་ཤ་ཡ་ཧ་ར་ཧ་ར་པྲ་ནན་ཧཱུྃ་ཕཊ། ཆེ་གེ་མོའི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་བྱ་བ་བརྒྱ་ནས་བྱེ་བའི་བར་ཅི་རིགས་པས་ཕུལ་ལ་སྦྱིན་སྲེག་བྱའོ། །དེས་ནི་མེའི་དབུས་སུ་མཚན་མ་སྟོན་པ་ལ་སོགས་པའི་སྡིག་པ་དག་པའི་རྟགས་རྣམས་ཞི་བའི་སྦྱིན་སྲེག་དང་མཐུན་པར་སྟོན་པར་འགྱུར་རོ། །དེ་ནས་དཀྱིལ་འཁོར་གྱི་གཙོ་བོ་དང་ཕྱག་ན་རྡོ་རྗེ་འཁོར་དང་བཅས་པ་དཀྱིལ་འཁོར་གྱི་སྐབས་བཞིན་མཆོད་ཅིང་བསྟོད་དེ་ལྷག་ཆད་ཁ་བསྐང་བའི་ཕྱིར་ཡེ་གེ་བརྒྱ་པ་བརྗོད་ཅིང་བཟོད་པར་གསོལ་ལ། འདོད་པའི་དོན་ལ་གསོལ་བ་བཏབ་ལ་ཅུང་ཟད་མཆོད་དེ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་ཡང་མེ་ལྟར་འབར་བའི་སྐབས་ནས་འབྱུང་བ་བཞིན་རང་གི་ལྷ་དང་། ཀླུ་དང་། ཕྱོགས་སྐྱོང་བ་དང་། གཟའ་དང་། རྒྱུ་སྐར་དང་། འཇིགས་བྱེད་དང་། རྒྱལ་ཆེན་བཞི་རྣམས་སྤྱན་དྲངས་ལ་རང་སྔགས་ཀྱིས་ཕུལ་ལ་མཆོད་དེ་རང་སར་གཏང་བར་བྱའོ། །དེ་ནས་ཡང་བགེགས་ལ་སོགས་པ་འཇིག་རྟེན་པ་རང་གིས་ཡིད་ལ་འདོད་པ་གང་ཡིན་པ་བཀུག་ལ་མཆོད་ལ་གཏང་བར་བྱའོ། །དེ་ནས་ཡང་མེ་ལྷ་མཆོད་དེ་བསྟོད་ལ་འདོད་པའི་དོན་ལ་གསོལ་བ་བཏབ་ལ། ལྷག་ཆད་བཟོད་པར་གསོལ་ཏེ་མཉེས་པར་བྱས་ལ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་མཇུག་གི་བྱ་བ་ནི་གཏོར་མ་རྣམས་གཏང་། ཆོས་ཀྱི་སྦྱིན་པ་རྒྱས་པར་བྱ། དགེ་བའི་རྩ་བ་བསྔོ་བ་རྒྱས་པར་བྱ། གསོན་པོ་རྣམས་ལ་བཀྲ་ཤིས་པའི་སྨོན་ལམ་ཡང་གདབ། བཀྲ་ཤིས་བྱ། ཡོན་བདག་གིས་དཔོན་སློབ་འཁོར་དང་བཅས་པ་ལ་སྟོན་མོ་དང་ཡོན་དབུལ་བ་དང་། བསྔོ་བ་རྒྱས་པར་བྱའོ། །དེ་དག་ནུབ་གཅིག་ལ་བྱས་ཀྱང་རུང་། ནུབ་གཉིས་པར་བྱས་ན་རོ་ཆས་སུ་གཞུག་པ་ཡན་ཆད་ནུབ་གཅིག མེ་སྦར་བ་མན་ཆད་ནུབ་གཉིས་པ་ལ་བྱེད་པ་ཡིན་ཏེ། གང་ལྟར་ཡང་འགལ་བ་མེད་དོ། །བདུན་པ་ནི། དེ་ནས་ཐལ་བར་གྱུར་པ་དང་། །ཞེས་པ་སྟེ། འདི་ལ་རུས་པའི་ཆོ་ག་དང་། འཇིམ་པའི་ཆོ་ག་དང་། མཆོད་རྟེན་གདབ་པ་དང་། རབ་ཏུ་གནས་པར་བྱས་ཏེ་བསྒྲུབ་པ་དང་བཞི་ལས། དང་པོ་ནི། བསྲེག་ཁང་གི་དྲུང་དུ་ཕྱིན་ལ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་ཅིང་ལག་པ་བསྣོལ་བ་སེལ་གོལ་མང་དུ་བརྡབ་པར་གསུངས་ལ། རུས་པ་བསྡུ་བར་བྱའོ། །དེ་ནས་བ་བྱུང་ལྔ་དང་དྲི་ཞིམ་པོའི་ཆུ་བསྲེས་ལ་བུམ་པར་བླུགས་པ་ལྷར་བསྐྱེད་ཅིང་མཆོད་ཀྱང་རུང་། མ་མཆོད་ཀྱང་རུང་སྟེ་རྩ་བའི་རིག་པ་མང་དུ་བཟླས་པས་ཆུ་བྱིན་རླབས་ཅན་དུ་བྱས་པ་དེས། རྩ་རིག་གི་རྗེས་སུ་སྦྱོང་བའི་རྒྱལ་པོའི་སྔགས་བཟླས་པ་དང་བཅས་པས་བཀྲུས་ལ་ཞིབ་ཏུ་བརྫི་ཞིང་བརྡུང་བར་བྱའོ། །གཉིས་པ་ནི། རུས་བུ་དང་། དྲི་བཟང་པོ་དང་། འཇིམ་པ་གཙང་མར་བསྲེས་ལ་འཇིམ་པའི་གོང་བུ་ལ་ཡང་རྩ་རིགས་མང་དུ་བཟླས་ཏེ་བྱིན་གྱིས་བརླབ་པར་བྱའོ། །གསུམ་པ་ནི། མདོར་བསྡུས་པའི་སྐབས་ནས་འབྱུང་བ། དེ་ཡི་མིང་ནས་སྨོས་ནས་ནི། །གུར་གུམ་བཟང་པོས་སྔགས་བྲིས་ལ། །ཞེས་འབྱུང་བས་རྩ་བའི་རིག་པའི་མཇུག་ཏུ་ཆེ་གེ་མོ་ཞེས་བྱ་བའི་སྡིག་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། ཞེས་བྱ་བའི་མིང་གུར་གུམ་གྱིས་བྲིས་ལ་འབི་འབིའི་དབུས་སུ་བཅུག་སྟེ། ལྷའི་སྐུའམ་མཆོད་རྟེན་དུ་རྩ་བའི་རིག་པ་ཟློས་ཤིང་གདབ་བོ། །བཞི་པ་ནི། མཆོད་རྟེན་ཐེབས་པ་དང་། སྟོང་པའི་ངང་ལས་མཆོད་རྟེན་ཉིད་ཆེན་པོ་མང་པོར་བསམས་ལ་བུམ་པའི་ནང་དུ་ཀུན་རིག་རིགས་ལྔའམ། སུམ་ཅུ་སོ་བདུན་གྱི་བར་དུ་སྐད་ཅིག་གིས་བསྐྱེད་ལ། དཀྱིལ་འཁོར་གྱི་སྐབས་ནས་འབྱུང་བ་བཞིན་ཡེ་ཤེས་པ་སྤྱན་དྲངས་ནས་རྩ་བའི་རིག་པ་ཉིས་འབུམ་གྱི་བར་ཅི་རིགས་པ་བཟླས་པས་བྱིན་གྱིས་བརླབས་ལ། ཅི་གྲུབ་པས་མཆོད་དེ་གཏོར་མ་གཏང་བར་བྱའོ། །དེ་ནས་ཡང་མཆོད་རྟེན་རྣམས་ཞུ་བ་ལས་སླར་བཏབ་པའི་མཆོད་རྟེན་གྱི་རྣམ་པར་བསམས་ལ་ཕྱག་བྱས་ལ་ཅི་འབྱོར་པས་མཆོད་དེ་བསྟོད་ལ་སྨོན་ལམ་རྒྱས་པར་གདབ་བོ། །བརྒྱད་པ་ལ་གསུམ་སྟེ་རྟགས་དངོས་དང་། རྟགས་མ་བྱུང་ན་བསྐྱར་བའི་ཆོ་ག་དང་། བསྐྱར་ཆོག་བྱས་པས་རྟགས་འབྱུང་བར་བསྟན་པའོ། །དང་པོ་ནི། དེ་ནས་མཆོད་རྟེན་འབར་གྱུར་ཏམ། །ཞེས་སོགས་ཚིགས་བཅད་ཕྱེད་དང་གསུམ་སྟེ། གོང་དུ་བཤད་པ་ལྟར་གྱི་མཆོད་རྟེན་ལ་སྒྲུབ་པ་བྱས་པས་སྡིག་པ་དག་པའི་རྟགས་འདི་དག་འབྱུང་བའི་དོན་ཏོ། །གཉིས་པ་ནི། ཅི་སྟེ་མཚན་མ་དེ་དག་ནི། །ཞེས་སོགས་ཚིགས་བཅད་གཉིས་ཏེ་གོ་སླའོ། །གསུམ་པ་ནི། དེ་ནས་དེ་ཡི་སྡིག་པ་ནི། །ཞེས་སོགས་ཚིགས་བཅད་གཉིས་ཏེ་བསྐྱར་ཆོག་བྱས་པས་ཚེ་འདས་དེའི་སྡིག་པ་དག་པའི་མཚན་མ་ངེས་པར་མཐོང་ཞིང་ཕྱི་མར་ལྷའི་ལུས་ཀྱི་གཟུགས་སུ་འགྱུར་ལ། དེའི་ཚེ་སྔར་འདིར་སྐྱེས་པ་དང་། འདི་ནས་ཤི་ནས་འདིར་སྐྱེས་ཞེས་དྲན་པའི་སྒོ་ནས་རང་གི་རྒྱུད་དུ་ངོ་ཤེས་པར་འགྱུར་རོ། །དེ་ལྟར་ན་ཚེ་སྔ་ཕྱིའི། མཚན་མ་འདི་དག་ཤེས་ནས་ནི། །ཞེས་སོགས་སོ། །བརྒྱད་པ་རྟེན་མེད་པ་ལ་སྡིག་པ་སྦྱང་བ་ནི། ཡང་ན་མེད་པར་གྱུར་ན་ནི། །ཞེས་སོགས་ཏེ་ཤཱཀ་ཐུབ་ནས་ཀྱང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་ལ་སོགས་པ་ངན་སོང་གི་རྒྱུད་ཀྱི་དབང་དུ་གྱུར་པ་རྣམས་ཀྱི་ཤི་བའི་རོའམ་ཞེས་སོགས་དང་། ཚེ་དཔག་མེད་ནས་ཀྱེ་ལྷའི་བུ་རྣམས་ངན་སོང་གི་རྒྱུད་དུ་སྐྱེས་ཟིན་པ་གང་ཡིན་པ་དེ་དག་གི་མིང་ལ་ཡང་དབང་བསྐུར་ཅིག་ཅེས་སོགས་འབྱུང་བའི་དོན་ནི་སྔར་བསྟན་པ་རྣམས་ལས་རོ་བསྲེག་མ་ཡིན་པ་རྣམས་མིང་ལ་སོགས་པ་ཐམས་ཅད་ལ་བྱ་བར་ནུས་སོ། །དགུ་པ་ཕྱིར་བཟློག་གི་སྒོ་ནས་སྡིག་པ་སྦྱང་བ་ནི། ཐལ་བ་ཡུངས་ཀར་བྱེ་མ་སོགས། །ཞེས་སོགས་ཚིགས་བཅད་གཅིག་སྟེ། འདིའི་མངོན་པར་རྟོགས་པ་བསྡུས་ཏེ་བྱེད་ན། བསྙེན་པ་ནས་མཆོད་གཏོར་གྱི་བར་དང་། རྟེན་བསྐྱེད་པའི་བར་དུ་རྒྱས་བསྡུས་གང་བྱེད་པ་སྔ་མ་བཞིན་དུ་ཉམས་སུ་བླངས་ལ། རྟེན་དེ་ལ་བྱེད་མའམ་ཡུངས་ཀར་ཐོགས་པས་རྒྱུད་ནས་འབྱུང་བའི་སྔགས་རྣམས་ཟློས་ཤིང་བྲབས་ནས། ནུབ་དུ་བྱེད་པ་རྫོགས་པའི་མཇུག་ཏུ་བྱེ་མ་ལ་སོགས་པའི་དམན་པ་རྣམས་རྒྱ་མཚོ་ལ་འབབ་པའི་ཆུ་བོར་དོར་བར་བྱའོ། །རྒྱུད་ན་ནི་དེ་ཉིད་བཞུགས་སོ། །ཇོ་བོ་རིན་ཆེན་བཟང་པོའི་ཕྱག་ལེན་རྒྱས་པ་བརྗོད་ན། ཡ་མཐའ་བསྙེན་པ་ནས་བཟུང་སྟེ་མ་མཐའ་མཆོད་པ་དང་གཏོར་མའི་བར་རྣམས་རྒྱས་བསྡུས་གང་བྱེད་པ་སྔ་མ་བཞིན་བྱས་ལ། དེ་ནས་རྟེན་ལ་བྱ་བའི་བགེགས་སྦྱང་བ་དང་། རྟེན་བསྐྱེད་པ་དང་། རྣམ་པར་ཤེས་པ་དགུག་པ་དང་། སྡིག་པ་དང་བྲལ་བ་དང་བཞི་ཡང་སྔ་མ་བཞིན་བྱས་ལ། ཡང་བགེགས་ཞི་བའི་སྦྱང་བ་སྤྲོས་པའི་བྱེ་བྲག་གིས་རྒྱས་བསྡུས་གང་རུང་ཅིག་འདིར་ཡང་བྱ་སྟེ། དེའང་ཞི་བས་སྦྱང་བ་ནི་སྔར་བྱས་ལ། འདིར་དྲག་པོས་སྦྱང་བ་བྱས་ན་མཛེས་སོ། །དེ་ནས་བརྡེག་པ་ནི་རྒྱུད་འདི་ནས་ཀྱང་གསུངས་ལ། གཙུག་དགུ་ནས་ཀྱང་། ཡུངས་ཀར་མེ་ཏོག་དང་ལྡན་པས། །གསང་སྔགས་ཟློས་ཤིང་བརྡེག་པར་བྱ། །ཞེས་འབྱུང་བས། བྱེ་མའམ་ཡུངས་ཀར་གྱིས་རྟེན་ལ་བྲབ་ཅིང་། རྩ་རིག་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷའི་སྔགས་ཅི་ཙམ་ནུས་པ་བཟླས་པའི་རྗེས་ལ་ཤཱཀ་ཐུབ་ནས་འབྱུང་བའི་བརྡེག་སྔགས་བཅོ་ལྔ་དང་། གཞན་ཡང་རིག་སྔགས་མཐུ་དང་གཟི་བརྗིད་ཆེན་པོ་རྣམས་ཟློས་ཤིང་རྟེན་ལ་བྲབ་བོ། །དེ་ནས་རྒྱུད་འདི་ཉིད་ནས་ཀྱང་། དེ་ནས་ཁྲུས་ལ་སོགས་བྱས་ལ། །ཞེས་པས་དངོས་སུ་སློབ་དཔོན་གྱི་ལས་བསྟན་ཀྱང་ཁྲུས་ཅུང་ཟད་ཟིན་ལ་གཙུག་དགུ་ནས་རུས་པའམ་གོས་སམ་མིང་ལ་ནི། རྡོ་རྗེ་ཆུ་ཡིས་བཀྲུ་བར་བྱ། །ཞེས་དང་། །སླར་ཡང་བཀྲ་ཤིས་ཚིགས་བཅད་ཀྱིས། །དུས་གསུམ་དུ་ནི་ཁྲུས་བྱའོ། །ཞེས་གསུངས་པས་ན། རྣམ་རྒྱལ་བུམ་པའི་ཆུས་ལུགས་མའམ། རས་བྲིས་ལ་སོགས་པའི་རྟེན་རྙིང་པ་ལ་ཚིགས་བཅད་དང་སྔགས་ཅི་རིགས་པས་བཀྲུས་ཏེ་སླར་བུམ་པར་བླུགས། དེ་ནས་བུམ་པ་ཐོགས་ལ་ནུབ་གོང་མ་ལ་ནི་མེ་ལོང་ལ་གཟུགས་བརྙན་འཆར་བ་ལ་བཀྲུ། ནུབ་ཐ་མ་ལ་མིང་བྱང་ལ་སོགས་པའི་རྟེན་ལ་དངོས་སུ་བཀྲུ་སྟེ། ཕར་ཕྱིན་དྲུག་གི་ཚིགས་བཅད་དང་། ཆུ་བོ་དྲུག་གི་ཁྲུས་བྱས་པས། །ཞེས་སོགས་ཚིགས་བཅད་ཕྱེད་དང་གསུམ་ལ་རྩ་རིག་རེ་རེ་སྤེལ་ཞིང་བཀྲུའོ། །དེ་ནས། གང་ལ་སེར་སྣ་རྣམ་ཆགས་པ། །ཞེས་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་དང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །ཞེས་སོགས་དང་། ས་ནི་དུག་གི་ཕ་ཡིན་ཏེ། །ཞེས་སོགས་ཀྱིས་ཀྱང་བཀྲུའོ། །དེ་ནས་བུ་ལ་སོགས་པས་མིང་བྱང་འཛིན་ལ་ཡིད་ཀྱིས་ཚེ་འདས་དེས་ཕྱག་བྱེད་ཅིང་འོག་ནས་འབྱུང་བ་རྣམས་ངག་ཏུ་བརྗོད་པས་སྐྱབས་སུ་འགྲོ་བར་བསམ་ཤིང་། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །ཞེས་སོགས་ཀྱིས་ཕྱག་བྱེད་དུ་བཅུག་གོ །དེ་ལ་གོང་དུ་བསྟན་པ་རྣམས་རིམ་པ་ཇི་ལྟར་ཉམས་སུ་བླང་ཞེ་ན། རོ་སྦྱོང་བ་ནི་ཐམས་ཅད་ཀྱི་ཐོགས་མ་དང་མཇུག་ཏུ་བྱས་ཀྱང་འདྲ་ལ། གཞན་བཟླས་པའི་རྗེས་ལ་ཕྱིར་བཟློག དེ་ནས་དབང་བྱའོ། །སྦྱིན་སྲེག་ནི་མཆོད་པའི་སྐབས་སམ་མཇུག་ཏུ་བྱ་བ་གང་རུང་ཡིན་ནོ། །སཱཙྪ་ནི་རོ་ཡོད་ན་སྦྱང་བའི་རྗེས་ལ་བྱ་སྟེ། རོ་མེད་ན་གོང་དུ་བྱས་ཀྱང་འགལ་བ་མེད་དོ། །བཞི་པ་དེའི་ཕན་ཡོན་ལ་གཉིས་ཏེ། ཕན་ཡོན་དངོས་དང་། དགེ་བའི་རྩ་བ་མ་བསྐྱེད་པའི་རྟེན་ལ་ཐབས་སྔགས་དང་། ཕྱག་རྒྱ་མེད་ན་མི་འབྱོངས་པར་བསྟན་པའོ། །དང་པོ་ནི། དེ་ལྟར་བྱས་ན་སྡིག་ཅན་ཡང་། །ཞེས་སོགས་ཏེ་གོང་དུ་བསྟན་པའི་སྡིག་པ་སྦྱོང་བའི་ཐབས་གང་རུང་རེ་རེའམ་ཐམས་ཅད་བྱས་ན། སྡིག་པ་སྟོབས་ཆེན་པོ་དང་ལྡན་པ་ཡང་ངན་སོང་ལས་ཐར་བར་འགྱུར་ན། དགེ་བའི་མཆོག་བསྐྱེད་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གོམས་པའི་སོ་སོ་སྐྱེ་བོ་རེ་ཞིག་ལས་ཀྱི་དབང་གིས་ངན་སོང་དུ་སྐྱེས་པ་རྣམས་གྲོལ་བ་ལྟ་སྨོས་ཀྱང་ཅི་དགོས་སོ། །གཉིས་པ་ནི། དགེ་བའི་རྩ་བ་མ་བསྐྱེད་ལ། །ཞེས་སོགས་གོ་སླའོ། །ལྔ་པ་ནོར་བུ་དྲི་མ་མེད་པ་ངན་སོང་ལས་ཐོན་པའི་ཐབས་ཕན་ཡོན་དང་བཅས་ཏེ་བསྟན་པ་ལ་བདུན་ཏེ། བརྒྱ་བྱིན་ལ་སོགས་པས་ཆོ་ག་ཇི་ལྟ་བ་བཞིན་བྱས་པས་དྲི་མ་མེད་པ་སྡུག་བསྔལ་ལས་ཐར་ཏེ་དགའ་ལྡན་དུ་སྐྱེས་པ་དང་། ནོར་བུ་དྲི་མ་མེད་པ་ལ་སོགས་པས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ་ངོ་མཚར་བར་བསྟན་པ་དང་། བརྒྱ་བྱིན་ལ་སོགས་པས་ཆེད་དུ་བརྗོད་པ་བསྟན་པ་དང་། དགའ་ལྡན་པས་ངོ་མཚར་ཏེ་ཆེད་དུ་བརྗོད་པ་དང་། སུམ་ཅུ་རྩ་གསུམ་པ་རྣམས་ཀྱིས་ཡ་མཚན་སྐྱེས་ཏེ་ཆེད་དུ་བརྗོད་པ་དང་། ཡང་དགའ་ལྡན་པས་ངོ་མཚར་སྐྱེས་ཏེ་ཆེད་དུ་བརྗོད་པ་དང་། ནོར་བུ་དྲི་མ་མེད་པ་ལ་སོགས་པས་མཆོད་པ་བྱས་ཏེ། སླར་དོང་བར་བསྟན་པའོ། །དང་པོ་ནི། དེ་ནས་བརྒྱ་བྱིན་ལ་སོགས་ལྷ། །ཞེས་སོགས་ཏེ་སྔར་བཤད་པའི་སྡིག་སྦྱོང་གི་སྒོ་དེ་རྣམས་ནོར་བུ་དྲི་མ་མེད་པའི་ཆེད་དུ་བརྒྱ་བྱིན་གྱིས་བྱས་པས་ནོར་བུ་དྲི་མ་མེད་པ་དགའ་ལྡན་དུ་སྐྱེས་ཏེ། སྐྱེས་མ་ཐག་ཏུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་ན། སེམས་ཅན་ཀུན་ལ་ཕན་ཕྱིར་བདེར་གཤེགས་འདྲ་བར་སྐྱེས། །ཞེས་སོ། །གཉིས་པ་ནི། དེ་ནས་དབང་པོར་བཅས་པ་ཡིས། །ཞེས་སོགས་ཏེ། དགའ་ལྡན་གྱི་ལྷ་རྣམས་ལ་དབང་བས་ན་དབང་པོ་ཞེས་བྱ་ཡི་བརྒྱ་བྱིན་ནི་མ་ཡིན་ནོ། །གསུམ་པ་ནི། དེ་ནས་བརྒྱ་བྱིན་ལ་སོགས་པའི་ལྷའི་བུ་ཐམས་ཅད་ཀྱིས་ཞེས་སོགས་སོ། །བཞི་པ་ནི་དེ་ནས་ལྷའི་བུ་དེ་དག་གིས་ཞེས་སོགས་ཀྱིས་སྔར་དགའ་བའི་ཚལ་ནི་གང་བར་བྱས་ཞེས་པ་ནི། དབང་པོར་བཅས་པའི་དྲག་ཆེན་ལྷ་རྣམས་དགའ་ལྡན་ཉིད་དུ་གནས་ནས་མཆོད་པའི་སྤྲིན་གྱིས་གང་བར་བྱས་པ་ཡིན་ལ། འདིར་འོད་ཟེར་གྱིས་བསྐུལ་བའི་རྗེས་སུ་ནོར་བུ་དྲི་མ་མེད་པའི་འོད་དེ་ཉིད་ལྷའི་འཁོར་དང་བཅས་ཏེ་དགའ་ལྡན་དུ་མི་སྣང་བར་བྱས་ཏེ། དགའ་བའི་ཚལ་དུ་འོངས་ནས་བཅོམ་ལྡན་འདས་ཀྱི་འོད་ཟིལ་གྱིས་གནོན་མི་ནུས་ལ། བརྒྱ་བྱིན་དྲིན་ཆེ་བས་དེ་ལས་གཞན་པའི་ལྷ་རྣམས་ཀྱི་འོད་ཟིལ་གྱིས་མནན་ནས་བཅོམ་ལྡན་འདས་ལ་ཆེད་དུ་བརྗོད་པའོ། །ལྔ་པ་ནི། དེ་ནས་སྐད་ཅིག་མ་དེ་ཉིད་ཀྱི་ཚེ་ཞེས་སོགས་སོ། །དྲུག་པ་ནི། དེ་ནས་ལྷའི་བུ་དེ་དག་དེ་ལྟ་བར་འདོད་ནས་ཞེས་སོགས་ཏེ། སུམ་ཅུ་རྩ་གསུམ་པའི་ལྷའི་བུ་རྣམས་ཀྱིས་དྲི་མ་མེད་པའི་འོད་ལྟ་བར་འདོད་ནས་བཅོམ་ལྡན་འདས་ལ་ཞུས་པས། བཅོམ་ལྡན་འདས་ཀྱིས་འོད་ཟེར་གྱིས་བསྐུལ་ནས་སྣང་བར་བྱས་སོ། །དེ་ནས་དྲི་མ་མེད་པའི་འོད་འཁོར་དང་བཅས་པ་རྣམས་ཀྱིས་རྫུ་འཕྲུལ་བསྟན་ནས་བསྐོར་བ་བྱས་ཏེ་ཆེད་དུ་བརྗོད་པའོ། །བདུན་པ་ནི། དེ་ནས་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་ནོར་བུ་དང་ཞེས་སོགས་ཏེ་རྗེས་འཇུག་གི་ཉམས་ལེན་ལ་མཆོད་པ་ཉེར་ལྔ་པ་བསྟན་ནོ། །དྲུག་པ་རྒྱུད་ཀྱི་ཆེ་བ་བསྟན་པ་ལ་བཞི་སྟེ། བརྒྱ་བྱིན་ལ་སོགས་པས་བཤད་པར་གསོལ་བ་གདབ་པ་དང་། བཅོམ་ལྡན་འདས་ཀྱི་ཉོན་ཅིག་པར་གདམས་པ་བསྟན་པ་དང་། བཤད་པ་དངོས་དང་། བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་ལ་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་རྒྱུད་དེ་འཛམ་བུ་གླིང་པ་རྣམས་ཀྱི་དོན་དུ་བག་ཡོད་པར་སྒྲུབས་ཤིག་པར་བཀའ་གནང་བའོ། །དང་པོ་ནི། དེ་ནས་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པའི་ལྷ་རྣམས་མཆོག་ཏུ་ཡ་མཚན་དུ་གྱུར་ནས་ཞེས་སོགས་སོ། །གཉིས་པ་ནི། བརྒྱ་བྱིན་དང་ཞེས་སོགས་སོ། །གསུམ་པ་ལ་ལྔ་སྟེ། སྣོད་དང་ལྡན་པས་ཐོས་པར་བསྟན་པ་དང་། ལྷ་རྣམས་ཀྱིས་སྣོད་དང་ལྡན་པར་ཁས་བླངས་པ་དང་། གཞན་གྱི་དོན་བྱས་པའི་ཕན་ཡོན་བསྟན་པ་དང་། བརྒྱ་བྱིན་ལ་སོགས་པས་བསྟན་པ་བསྲུང་བར་དམ་བཅས་པ་དང་། རྒྱུད་བཅང་བ་ལ་སོགས་པའི་ཕན་ཡོན་བསྟན་པའོ། །དང་པོ་ནི། ལྷའི་བུ་རྣམས་དགེ་བ་དང་ལྡན་པའི་སེམས་རྣམས་ཀྱིས་ཞེས་སོགས་ཏེ་མ་རབས་དང་པོ་ནི་མི་དགེ་བ་བཅུ་དང་ལྡན་པ། གཉིས་པ་ནི་དགེ་སྡིག་གང་ཡང་མེད་པ་སྟེ་ཕལ་པ་ཞེས་ཀྱང་ཟེར་རོ། །བསམ་པ་ངེས་པ་ནི། ཐེག་ཆེན་དུ་རིགས་ངེས་པ། ཕྱིར་མི་ལྡོག་པའི་གནས་མངོན་པར་འདོད་པ་ནི་ས་དང་པོ་ཡན་ཆད་ཀྱི་ཡོན་ཏན་འདོད་པའོ། །གཉིས་པ་ནི། དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷའི་བུ་དེ་དག་ཞེས་སོགས་སོ། །གསུམ་པ་ལ་གཉིས་ཏེ། དྲི་བ་དང་། ལན་ནོ། །དང་པོ་ནི། བཅོམ་ལྡན་འདས་བརྟག་པའི་རྒྱལ་པོ་འདིས་ཞེས་སོགས་སོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ་ཞེས་སོགས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དུ་བལྟ་བ་ནི། གཞན་དོན་བྱས་པས་སངས་རྒྱས་དང་མཛད་པ་འདྲ་བའི་དོན་ཏེ། འོག་ཏུ་ལྷའི་དབང་པོ་དཔེར་ན་ཞེས་སོགས་གསུངས་པ་ལས་ཤེས་སོ། །བཞི་པ་ནི། དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པའི་ལྷའི་བུ་རྣམས་དང་རྒྱལ་པོ་བཞི་དང་ཞེས་སོགས་ཏེ་འཇིག་རྟེན་སྐྱོང་བ་བརྒྱད་ནི་ཕྱོགས་སྐྱོང་བ་བརྒྱད་དོ། །གནོད་སྦྱིན་གྱི་སྡེ་དཔོན་ཉེར་བརྒྱད་ནི་གཟུངས་གྲྭ་ལྔ་ལས་ཕྱོགས་བཞིར་སྲུང་བ་བཞི་བཞི། མཚམས་བཞིར་སྲུང་བ་རེ་རེ། སྟེང་འོག་གི་སྲུང་བ་བཞི་བཞི་སྟེ་ཉེར་བརྒྱད་དོ། །ཞེས་གསུངས་སོ། །འཕྲོག་མ་བུ་ལྔ་བརྒྱས་བསྐོར་བ་རྣམས་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་གཟི་བརྗིད་དང་སྲོག་འཕྲོག་པར་བྱེད་ཅིང་། ཟ་མ་རེ་རེ་ལ་སེམས་ཅན་ལྔ་བརྒྱའི་དབུགས་ལེན་པ་སེམས་ཅན་ལ་ཤིན་ཏུ་གནོད་ཅིང་གདུག་པ་ཅན་ཏེ་དེ་འདུལ་བའི་ཕྱིར། སངས་རྒྱས་ཐུགས་རྗེ་ཆེ་ལ་ཐབས་མཁས་པས་ཆང་ཟན་བྱིན་གྱིས་བརླབས་ཏེ་ཁ་ཟས་སུ་བྱིན་པས་ཚིམ་པར་བྱས་ཤིང་། འཕྲོག་མ་འཁོར་དང་བཅས་པ་བཅོམ་ལྡན་འདས་ཀྱི་བཀའ་འབངས་སུ་བཀོད་པ་ཡིན་ནོ། །ལྔ་པ་ནི། བཅོམ་ལྡན་འདས་གང་དུ་བརྟག་པའི་རྒྱལ་པོ་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པས་འཆང་ངམ་ཞེས་སོགས་སོ། །བཞི་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་ཁྱོད་ཀྱིས་ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ་ཞེས་སོགས་སོ། །དེ་དག་གིས་ནི་བརྟག་པ་དང་པོའི་དོན་རྗེ་བཙུན་ས་སྐྱ་པའི་དགོངས་པ་ཇི་ལྟ་བ་བཞིན་དུ་བཤད་ཟིན་ཏོ། །གཉིས་པ་ཕྱག་ན་རྡོ་རྗེའི་ཞལ་ནས་གསུངས་པའི་བརྟག་པ་ཕྱི་མ་ལ་གཉིས་ཏེ། སྤྱི་དོན་དང་གཞུང་གི་དོན་ནོ། །དང་པོ་ནི། དཀྱིལ་འཁོར་ཕྱི་མ་བཅུ་གཅིག་པོ་འདི་དག་ལ་རྗེ་བཙུན་ས་སྐྱ་པའི་བཞེད་པས་ཆོ་གའི་ཆིངས་ཀུན་རིག་དང་འདྲ་བ་ལས། མི་འདྲ་བའི་ཁྱད་པར་གཞུང་ལས་དངོས་སུ་བཤད་པ་རྣམས་སོ་སོར་སྦྱར་བར་བཞེད་དོ། །དེ་ཡང་བདག་བསྐྱེད་ཀྱི་སྐབས་སུ་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པ་རྡོ་རྗེ་སེམས་དཔའ་བསྐྱེད་པ་ལ་ནི་ཁྱད་པར་མེད་ལ། རང་རང་གི་དཀྱིལ་འཁོར་གྱི་གཙོ་བོ་བསྐྱེད་པ་ལ་ཞལ་ཕྱག་དང་སྔགས་སོ་སོར་བྱའོ། །བསྐྱེད་པ་རྒྱས་པ་ལ་ནི་རང་རང་གི་དཀྱིལ་འཁོར་ཡོངས་རྫོགས་བསྒོམས་ནས་སྔགས་དང་ཕྱག་རྒྱ་བཞིའི་རྒྱས་འདེབས་རྣམས་ཀྱང་དེ་བཞིན་དུ་སྦྱར་བར་བྱའོ། །མདུན་བསྐྱེད་བསྒྲུབ་ཚུལ་ཡང་དེ་དང་འདྲ་ཞིང་། དབང་གི་འཇུག་པའི་སྐབས་དང་དངོས་གཞིའི་སྐབས་སུ་མི་འདྲ་བའི་ཁྱད་པར་ཡོད་པ་རྣམས་སོ་སོར་སྦྱར་ཞིང་། ཆོ་ག་གཞན་རྣམས་ནི་ཁྱད་པར་མེད་པར་བཞེད་དོ། །འོན་ཀྱང་ད་ལྟ་དབང་བསྐུར་གྱི་ཕྱག་ལེན་ཡོད་པ་ནི་རྩ་སྐྱ་པ་ནས་བརྒྱུད་པ་ཡིན་པས་དེའི་ལུགས་ལྟར་བརྗོད་ན། རང་རང་གི་དཀྱིལ་འཁོར་དུ་དབང་བསྐུར་ལེགས་པར་ཐོབ་པའི་རྣལ་འབྱོར་པས་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་ཏེ་སངས་རྒྱས་ཐོབ་པར་བྱེད་པ་ལ་བཞི་སྟེ། སློབ་དཔོན་ལས་ཀྱི་ཆོ་ག་དང་། སློབ་མ་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར། དངོས་གྲུབ་ཀྱི་ཡེ་ཤེས་ལ་བསླབ་པ། སྡིག་པ་སྦྱོང་ཐབས་ཕན་ཡོན་དང་བཅས་པ་བསྟན་པའོ། །དང་པོ་ལ་ལྔ་སྟེ། དང་པོ་བསྙེན་པ་ནི་གནས་མཚན་ཉིད་དང་ལྡན་པར་དུས་ཁྱད་པར་ཅན་གྱི་ཚེ། ཡོ་བྱད་དང་ལྡན་པས། སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱིས་མཆིང་བ་ཡང་ཀུན་རིག་བཞིན་དུ་ཤེས་པར་བྱ་ཞིང་། འདིར་ཡིག་ཐོ་ཙམ་བསྟན་པར་བྱའོ། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི། །མི་རྟོག་སྟོང་ཉིད་དྲན་པར་བྱ། །ཚོགས་གཉིས་གསག་པའི་ལམ་དང་གཅིག །དེ་ཡི་ངང་ལས་བདག་དང་གནས། །རྣལ་འབྱོར་བསྲུང་སྟེ་གཉིས་པའོ། །ལག་པ་བྱིན་བརླབ་གཟུགས་སྦྱོར་བསྒོམ། །སྡིག་པ་བྲལ་ཞིང་ཡེ་ཤེས་དབབ། །དེ་ཉིད་བརྟན་པ་བྱེད་པ་གསུམ། །སྟོང་པ་ཉིད་དང་ཟླ་བར་བསྒོམ། །དེ་སྟེང་ཐུན་མང་རིག་པ་དང་། །ཁྱད་པར་ས་བོན་སྤྲོ་བསྡུ་ཡིས། །རང་རང་ཕྱག་མཚན་དེ་གྱུར་ལ། །ས་བོན་བརྗོད་ཅིང་རང་ལྷར་བསྐྱེད། །དམ་ཚིག་ལྡན་དང་རིགས་གསུམ་གྱིས། །བརྟན་པར་བྱ་བའི་བྱིན་བརླབ་གསུམ། །དེ་ལ་རིགས་ལྔའི་དབང་བསྐུར་ནས། །ཏིང་འཛིན་རྩེ་གཅིག་བཞི་པའོ། །སེམས་ཅན་སྒྲིབ་སྦྱངས་སླར་འདུས་པས། །བསང་སྦྱང་བྱིན་བརླབ་མཆོད་པ་དང་། །བདག་ལ་བསྟོད་དེ་ལྔ་པའོ། །རང་ལྷ་རྐྱང་པའི་བསྙེན་བྱེད་ན། །སྐབས་འདིར་བཟླས་བརྗོད་ཤེས་བྱ་སྟེ། །འདས་པ་རྣམས་ལའང་ཉན་མོད་ཀྱི། །དེ་ལོག་དྲུག་ལ་རབ་ཏུ་བསྔགས། །ལྷ་ཚངས་བསྙེན་པའི་སྔོན་འགྲོའོ། །དངོས་གཞི་ལ་ཡང་རྣམ་གཉིས་ཏེ། །ཏིང་འཛིན་དཀྱིལ་འཁོར་བསྐྱེད་པ་དང་། །ནུས་དང་ལྡན་ཕྱིར་བསྒྲུབ་པའོ། །དང་པོ་ལ་ཡང་རྣམ་གསུམ་སྟེ། །མ་དག་པ་ཡི་ཁམས་སྦྱང་དང་། །འབྱུང་བཞི་རི་རབ་གཞལ་ཡས་ཁང་། །གསུམ་གྱིས་བརྟེན་པ་བསྐྱེད་པ་ཡང་། །ཀུན་རིག་བཞིན་ལས་ཁྱད་པར་ནི། །བྷྲུྃ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ཤར་ཤེལ་དཀར་པོ། ལྷོ་བཻཌཱུརྻ་སྔོན་པོ། ནུབ་པདྨ་ར་ག་དམར་པོ། བྱང་ཨིནྡྲ་ནཱི་ལ་ལྗང་གུ། དབུས་གསེར་གྱི་རང་བཞིན་ལ་ལྷའི་གཙོ་བོའི་འོད་ཟེར་གྱི་མདངས་ཀྱིས་ཁྱབ་པའོ། །དེ་རྣམས་ལ་ཐུན་མོང་དུ་པད་ཟླའི་གདན་ཅན། དབུས་ཀྱི་གཙོ་བོ་རྣམས་ལ་སེང་གེ་ལ་སོགས་པའི་གདན་བསམ་པའོ། །དེ་ནས་དབུས་ཀྱི་གདན་གྱི་སྟེང་དུ་སྔར་གྱི་ཕྱག་རྒྱ་ཆེན་པོ་གཙོ་བོའི་ང་རྒྱལ་གྱིས་གནས་ནས། དེའི་ཐུགས་ཀར་ཟླ་བའི་སྟེང་དུ། མཐའ་སྐོར་དུ་རྩ་རིག་དང་ནང་སྐོར་དུ་གཙོ་བོའི་སྔགས་བཀོད་པ་ལས་འོད་ཟེར་སྤྲོ་བསྡུས་བྱས་པས་གཙོ་བོ་བསྐྱེད་དེ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་མཐའ་སྐོར་དུ་རྩ་རིགས་ནང་སྐོར་དུ་རང་གི་སྔགས་བཀོད་པ་ལས་འཁོར་བསྐྱེད་ནས་སོ་སོའི་གནས་སུ་བཀོད་དེ། འདི་དག་གི་སྔགས་དང་ཕྱོགས་གང་དུ་དགོད་པ་དང་། སྐུ་མདོག་དང་ཕྱག་མཚན་རྣམས་ནི་འོག་གཞུང་དོན་གྱི་སྐབས་སུ་འབྱུང་ངོ་། །དེ་ལྟར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་ནས་དེ་ཉིད་བསྒྲུབ་པ་ལ་ཆོས་ལྔ་ལས། དང་པོ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་པ་ནི་ཀུན་རིག་ཏུ་བསྟན་པའི་སྔགས་དང་། ཕྱག་རྒྱ་དེ་བཞིན་གཤེགས་པ་རང་རང་གི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་ཏེ་མཆོད་ནས། འཇིག་རྟེན་པ་རྣམས་ནི་རང་རྒྱུད་པར་རང་སྔགས་ལ་ཛཿཧཱུྃ་བཾ་ཧོཿབཏགས་ཏེ་སྤྱན་འདྲེན་པའོ། །གཉིས་པ་དགུག་གཞུག་བྱ་བ་ནི་ཀུན་རིག་བཞིན་ནོ། །གསུམ་པ་བྱིན་གྱིས་བརླབ་ཅིང་རྒྱས་གདབ་པའི་དང་པོ་བྱིན་གྱིས་བརླབ་པ་ནི་ཐམས་ཅད་ཀུན་རིག་བཞིན་དུ་ཤེས་པ་བྱའོ། །དེ་ལ་ཕྱག་རྒྱ་བཞིས་རྒྱས་གདབ་པ་ལ་བཞི་ལས། དམ་ཚིག་གི་ཕྱག་རྒྱ་ནི། ལུས་ཀྱི་ལས་སུ་ལག་པའི་ཕྱག་རྒྱ་བཅའ་བ་རྣམས་རིམ་པ་བཞིན་དུ་བསྟན་པར་བྱ་བ་ནི། ཤཱཀ་ཐུབ་ཀྱི་ལ། ལག་གཉིས་ཏིང་ངེ་འཛིན་དུ་བཞག །བསྡམས་པའི་གུང་མོ་མཐའ་སྦྱར་དང་། །ཁུ་ཚུར་གཉིས་ལས་མཛུབ་གཉིས་དང་། །མཐེའུ་ཆུང་འདུ་བྱེད་གྱེན་དུ་བསྐོར། །བསྡམས་པའི་གུང་སྒྲེང་ཧཱུྃ་གཉིས་བཅག །བསྡམས་པ་ཧཱུྃ་སྒྲེང་རྣམ་རྒྱལ་གྱིའོ། །སོར་མོ་ཐམས་ཅད་འབར་བ་དང་། །བསྡམས་པ་སྤྱི་བོར་འཇོག་པ་དང་། །བཅིང་བའི་གུང་སྒྲེང་གཞན་རྣམས་བརྐྱང་། །དེ་ལས་མཐའ་གཉིས་བསྣོལ་ནང་བཀུག །མཆོད་བཞི་སྒོ་བ་ཀུན་རིག་བཞིན། །འདིར་ཡང་འཆིང་བར་ཤེས་པར་བྱོས། །ཚེ་དཔག་མེད་ཀྱི་ལ། ཐལ་མོའི་ཨོཾ་བརྐྱང་ཨཱཿནང་གཞུག །ཏྲྃ་གཞིབ་ཧཱུྃཿཧྲཱི་པད་འདབ་ཚུལ། །དེ་ཉིད་མདུན་དུ་འདེབས་པ་དང་། །དེ་ཉིད་གཡས་སུ་བསྐོར་བ་དང་། །དེ་ལས་ཁ་སྦྱར་སྤྱི་བོར་སྦྱར། །ཕྱག་ན་རྡོ་རྗེའི་གཞི་ཐལ་མོ། །ཧཱུྃ་བརྐྱང་ཏྲཱཾ་གཞིབ་ཧཱུྃ་པདྨ། །སྲིན་ལག་ནང་གཞུག་ཨཱཿསྒྲེང་བ། །བསྡམས་པའི་ཧཱུྃ་ཚིགས་བར་མ་བཅག །ཧཱུྃ་བཅིང་ཧྲཱིཿནི་པདྨོར་བྱ། །དེ་ཉིད་ཧཱུྃ་ཧྲཱིཿནང་དུ་གཞུག །མཆོད་དང་སྒོ་སྲུང་སྔར་བཞིན་ནོ། །འཁོར་ལོས་སྒྱུར་བའི་དཀྱིལ་འཁོར་ལ། །བསྡམས་པའི་ཧཱུྃ་གཉིས་གཤིབས་པ་དང་། །དེ་ཉིད་པདྨོའི་ཚུལ་སྦྱོར་དང་། །འོད་ཟེར་འབར་བའི་ཚུལ་དུ་བྱ། །ལྷག་མ་རྣམས་ནི་སྔ་མ་བཞིན། །མེ་ལྟར་འབར་བའི་དཀྱིལ་འཁོར་ལ། །རྡོ་རྗེ་ཁུ་ཚུར་མཁྲིག་གཉིས་བསྣོལ། །ཨཱཿསྦྲེལ་ཧཱུྃ་གཉིས་སྒྲེང་བའོ། །བསྡམས་པ་ཧཱུྃ་ཨཱཿགཉིས་གཤིབས་སྒྲེང་། ཨོཾ་སྒྲེང་འཇིག་རྟེན་སྣང་བྱེད་ཅིང་། །དེ་ལས་ཨཱ་བཅིང་ཨོཾ་ནང་གཞུག །ཨོཾ་ཨཱཿསྔར་བཞིན་བརྐྱང་བ་དང་། །དེ་ལས་ཏྲཱཾ་གཞིབ་གསུམ་འཆིང་གི །ཨཱཿཨོཾ་ནང་དུ་ལུ་གུ་རྒྱུད། །ལྷག་གཤིབས་བདུད་རྩི་འཁྱིལ་པའོ། །ཧྲཱིཿཧཱུྃ་སྒྲེང་བ་མི་གཡོ་མགོན། །ཧཱུྃ་སྒྲེང་ལྷག་མ་འབར་བར་བྱ། །ཐལ་མོའི་ཧཱུྃ་ཧྲཱིཿཨཱཿསྦྱར་སྒྲེང་། །ཨོཾ་བརྐྱང་ཕྱེ་ལ་ཾཧྲཱིཿབསྣོལ་བའོ། །འཇིག་རྟེན་པ་རྣམས་ཀྱི་ལ་རིམ་པར། །ཐལ་མོའི་ཨོཾ་སྦྲེལ་ཨ་བསྣོལ་དང་། །པི་ཝཾ་གཡོན་ཐོགས་ཡུལ་འཁོར་སྲུང་། །བསྡམས་པ་ཨཱཿསྒྲེང་འཕགས་སྐྱེས་པོ། །དེ་ལ་ཧཱུྃ་སྦྱར་མིག་མི་བཟང་། །རྣོ་ལ་ཁྲོ་དང་དབང་སྦྱར་བྱ། །དབུས་མ་གསུམ་ནི་རྡོ་རྗེ་ཅན། །ལག་པ་གཉིས་འབར་མེ་འབར་བ། །གུང་མོ་དབྱུགས་འདྲ་གཤིན་རྗེ་ཡི། །སྲིན་པོ་ཡི་ནི་ཁྲག་འཕྲོག་པ། །དེ་ཉིད་བསྡུས་བཏུད་སྦྲུལ་མགོར་འགྱུར། །ཐལ་མོ་བསྐོར་བ་རླུང་གི་ལྷ། །དབྱུག་པར་ལྡན་པ་གནོད་སྦྱིན་མོ། །བུམ་པར་བཞག་པ་ས་ཡི་ལྷ། །ལག་པ་གཡོན་ནས་འཁོར་ལོ་ཡིས། །འདི་ནི་ཉི་མ་ཟླ་བའི་ཞལ། །ཐལ་མོ་དམ་སྦྱར་མིག་མི་བཟང་། །གཟའ་ལྷག་ལ་ནི་སེ་གོལ་ཏོག །གཡས་ཀྱི་མཛུབ་མོ་ཁ་ནང་ནས། །ཚིག་དབྱུང་ཕུར་བུར་ཤེས་པར་བྱ། །པ་ཝ་སངས་ནི་གཉིས་སྙོམས་སྦྱོར། །སྤེན་པ་དབྱུག་པ་འཛིན་པར་བྱ། །རཱ་ཧུ་ལ་ནི་ཆུ་སྲིན་འདྲ། །ཤེས་བྱ་རྒྱུ་སྐར་མེ་སྟག་བཞིན། །དེ་ཉིད་བསྐོར་ནས་གློག་ཕྲེང་གི །བླ་འོག་བཞག་པ་གླུ་ཡི་རྒྱ། །མགོ་བོ་ཐོད་པ་ནག་པོ་སྟེ། །གཡོན་པ་མགོ་ཐོད་ཐོགས་འདྲ་དང་། །གཡས་པས་མདུང་རྩེ་རྩེ་གསུམ་པ། །གཡོན་པས་པདྨ་ཁ་འཛུམ་དང་། །གཡས་པས་ཨོཾ་ཞེས་བྱ་བར་བཞག །གཡོན་པས་འཁོར་ལོ་དབྱུག་ཐོ་གསུམ། །ཨཱཿདང་ཨོཾ་གཉིས་རྩེ་སྤྲད་ལ། །ལྷག་མ་གསུམ་ནི་བརྒྱ་བྱིན་གྱིས། །ཧཱུྃ་དང་ཨོཾ་གཉིས་གཞུར་བྱས་ལ། །ལྷག་མ་མདར་བྱས་ཀ་མ་ལའི། །བ་གླང་སྣ་ཡི་ཆུ་སྲིན་ཚུལ། །རྩེ་གསུམ་པ་ནི་ཀརྟི་ཀ །བྷྲྀཾ་གི་རི་ཏི་ལག་བརྐྱང་བ། །སྒོ་བ་ཐམས་ཅད་ཀུན་རིག་བཞིན། །མཁས་པས་རིམ་བཞིན་བཅིང་བར་བྱ། །ངག་ཏུ་རང་རང་གི་འབྱིན་སྔགས་ལན་གསུམ་གླུར་ལེན་ཅིང་། སེམས་ཀྱི་རང་རང་གི་ཐུགས་ཀར་ཧཱུྃ་ལས་དང་པོའི་རྡོ་རྗེ་རྩེ་ལྔ་པ་རེ་རེ་བསྒོམ་པར་བྱ་བ་ནི་དམ་རྒྱའོ། །ཆོས་ཀྱི་ཕྱག་རྒྱའི་ལུས་ཀྱི་བཅའ་བ་རྣམ་སྣང་གི་ཆོས་བདུན་སྔར་བཞིན་བྱས་ལ། ངག་སེམས་ཀྱི་ཧྲཱིཿལས་ལྷཾག་མ་དམིགས་པ་དེའི་མགྲིན་པར་པདྨའི་སྟེང་གི་ཟླ་བ་རྡོ་རྗེ་ཕྲ་མོ་བསམ་པའི་ལྟེ་བར་རང་རང་གི་འབྱིན་སྔགས་ལན་རེ་དགོད་པའོ། །རྡོ་རྗེ་ལས་ཀྱི་ཕྱག་རྒྱ་བཅའ་བ་ནི། ཐལ་མོ་གཉིས་སུ་ཕྱེ་བའི་གར་སྔོན་དུ་སོང་བའི་འཆིང་བ་སྟེ། དེ་ཉིད་གཉིས་སུ་བྱས་ནས་ལན་གཉིས་ཀྱིས་བསྐོར་བ་ནི་ལས་ཀྱི་ཕྱག་རྒྱའོ་ཞེས་སོ། །དེ་ཡང་གར་སྔོན་དུ་འགྲོ་བས་རང་རང་གི་དཀྱིལ་འཁོར་དུ་བཞུགས་པའི་ཚུལ་དུ་འདས་པ་རྣམས་ལ་བཅིང་ཞིང་། འཇིག་རྟེན་པ་རྣམས་ཀྱི་དམ་རྒྱ་བཞིན་ཏེ། འདི་དག་སྙིང་པོའི་ཕྱག་རྒྱ་སྟེ། །ལས་ཀྱི་ཕྱག་རྒྱའང་དེ་བཞིན་ནོ། །ཞེས་སོ། །ངག་གིས་རང་རང་གི་སྔགས་ལན་རེ་རེ་གླུ་རུ་བླངས་ནས་ཡིད་ཀྱིས་རང་རང་གི་ཐུགས་ཀར་ཨཱཿལས་སྣ་ཚོགས་རྡོ་རྗེ་བསྐྱེད་པའོ། །ཕྱག་རྒྱ་ཆེན་པོ་ནི། རང་རང་གི་གནས་ཚུལ་ཇི་ལྟ་བར་བཅིང་ཞིང་དེར་མོས་ལ་རང་རང་གི་སྔགས་ལན་རེ་བརྗོད། རང་རང་གི་ཐུགས་ཀར་དང་པོའི་རྡོ་རྗེ་ཧཱུྃ་གིས་མཚན་པ་གསལ་གདབ་པའོ། །བཞི་པ་དེ་ལ་མཆོད་ཅིང་བསྟོད་པ་བྱ་བ་ནི། ཨརྒྷ་མཆོག་བརྟག་ལ་སོགས་པའི་ལུང་གིས་མཚོན་ནས་མཆོད་པ་བྱིན་གྱིས་བརླབ་པ་སྔོན་དུ་སོང་བས། མཆོད་ཡོན་རང་རང་གི་དཀྱིལ་འཁོར་གྱི་གཙོ་བོའི་སྔགས་ཀྱིས་དབུལ་བ་ནི་ཁྱད་པར་གྱི་ཕྱག་ལེན་ནོ། །གཞན་དངོས་འབྱོར་གྱི་ལྔ་དང་། གསང་བ་ལྷ་མོ་བརྒྱད་ཀྱི་མཆོད་པ་དང་། པཱུ་ཙ་ཉི་ཤུ་རྩ་ལྔ་པ་དང་། ཕྱག་ན་རྡོ་རྗེའི་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་རྣམས་ནི་ཀུན་རིག་བཞིན་དུ་འདིར་ཡང་མཆོད་ཅིང་བསྟོད་ནས། སྤྲོས་པ་ལ་དགའ་ན་སྐབས་དང་སྦྱར་བའི་མཆོད་བསྟོད་ཅི་རིགས་པར་སྦྱར་ཏེ་ཤེས་པར་བྱའོ། །ལྔ་པ་ཕྲིན་ལས་གཞོལ་ཞིང་བཟླས་པ་བྱེད་པ་ནི། དང་པོ་ལ་ལྷ་རང་རང་གི་ཕྱག་རྒྱ་འཆིང་ཞིང་རང་རང་གི་མཚན་མ་བརྗོད་པ་སྔོན་དུ་སོང་བས། སེམས་ཅན་ཐམས་ཅད་ངན་སོང་ལས་བཏོན་ནས་མངོན་པར་རྫོགས་པར་སངས་རྒྱས་པར་མཛོད་ཅིག་ཅེས་པ་དང་། འཇིག་རྟེན་པ་རྣམས་ལ་མངོན་པར་སངས་རྒྱ་བའི་གྲོགས་མཛོད་ཅིག་ཅེས་བསྐུལ་བར་བྱའོ། །དེའི་རྗེས་སུ་རང་རང་གི་དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་གྱིས་རང་རང་གི་ལྷ་ཐམས་ཅད་གསུངཾ་བར་དམིགས་པའི་ཐུགས་ཀར་ཟླ་བ་ལ་མཐར་རྩ་རིག དེའི་དབུས་སུ་རང་རང་གི་སྔགས་བཀོད་ནས་ཕྱིར་དྲིལ་ཅིག་ཆར་གྱིས་བཟླས་པའམ། རྐྱང་དོན་རིམ་གྱིས་བཟླས་པ་གཉིས་ཀྱི་བྱེ་བྲག་སྔར་བཞིན་ཤེས་པར་བྱས་ལ་འོད་ཟེར་སྤྲོས། དོན་གཉིས་བྱས་ཚུར་འདུས་སྔགས་ལ་ཐིམ་པར་བསམ་ཞིང་། ཐུན་བཞིའི་དང་པོ་ཐོ་རངས་ཐམས་ཅད་བསྐྱེད་ལ་བཟླའོ། །གསུམ་པ་རྗེས་ནི། བཟླས་པས་སྐྱོ་ན་ཐུན་མཚམས་སུ་ཡི་གེ་བརྒྱ་པས་ནུས་པ་བརྟན་པར་བྱས་ལ་མཆོད་ཅིང་བསྟོད་དེ་སྤྱོད་ལམ་བྱའོ། །ཐུན་གཉིས་པ་དང་གསུམ་པ་ལ་རང་བྱུང་རང་ཞུགས་སོ། །ཐུན་བཞི་པ་བཟླས་པས་སྐྱོ་ན་མཆོད་ཅིང་བསྟོད་པ་རྩ་རིག་གིས་ཕྱག་རྒྱ་དགྲོལ་ཞིང་ཡི་གེ་བརྒྱ་པ་བརྗོད། དགེ་བ་བསྔོ། བཟོད་པར་གསོལ། མཆོད་ཡོན་ཕུལ་ལ། སྤྱན་དྲངས་པའི་ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་བསྡུས་ཏེ། བདག་ཉིད་བསྲུངས་ལ་ཀུན་སྤྱོད་དགེ་བའི་ལས་འབའ་ཞིག་བྱ་སྟེ། ལྷའི་མཚན་མ་ཐོབ་པར་བྱེད་པ་ནི་བསྙེན་པའོ། །གཉིས་པ་སའི་ཆོ་ག་ལ་ནི་གསུམ། །ས་གཞི་གཟུང་དང་སྦྱང་བ་གཉིས། །ལྷ་ཡི་རྣལ་འབྱོར་སྔོན་སོང་ནས། །བགེགས་བསྐྲད་བསྲུང་པ་གསུམ་ཡིན་ཏེ། །གཟུང་བདེའི་ཕྱིར་དུ་ཀུན་རིག་བཞིན། །ཉམས་ལེན་ཐམས་ཅད་ཐུན་མོང་དུ། །གནས་ཀྱི་བྱེ་བྲག་བརྟགས་བྱས་ལ། །མཁས་པས་རིམ་བཞིན་སྦྱང་བར་བྱ། །གསུམ་པ་ཐིག་ལ་གསུམ་ཡིན་ཏེ། །བྱིན་གྱིས་བརླབ་པ་ཀུན་རིག་བཞིན། །གདབ་པ་དང་ནི་ཆ་དབྱེ་བ། །སྒོ་རྐྱང་མཐོང་བ་བརྒྱུད་བཞིན་གདབ། །བཞི་པ་སྟ་གོན་དག་ལ་གསུམ། །ལྷ་དང་བུམ་པ་སློབ་མའོ། །དང་པོ་རང་གི་འབྱིན་སྔགས་ཀྱིས། །ཐིག་ལེ་དང་ནི་ཚོམ་བུ་ལས། །ལྷ་རྣམས་བསྐྱེད་པ་སྤྱན་དྲངས་བསྒྲུབ། །མཆོད་བསྟོད་མཉེས་བྱས་སླར་བསྡུའོ། །བུམ་པ་མཚན་ཉིད་ལྡན་པ་ལ། །རྫས་དང་རྒྱན་གྱིས་མཛེས་པ་ཡིས། །སྦྱངས་ཏེ་ཐུན་མོང་ཁྱད་པར་སྔགས། །བཟླས་བྱས་མཆོད་དེ་བདུད་རྩིར་བསམ། །སློབ་མས་ཡོན་དབུལ་གསོལ་བ་གདབ། །ཉན་པར་བསྐུལ་ཞིང་སྡིག་པ་བཤགས། །རྗེས་སུ་ཡི་རང་སྐྱབས་སུ་འགྲོ། །སེམས་བསྐྱེད་ལམ་གནས་སྨོན་པ་བརྒྱད། །ཁྱད་པར་སེམས་བསྐྱེད་བྱིན་བརླབ་མཆོད། །སོ་ཤིང་དོར་དང་ཀུ་ཤ་སྦྱིན། །སྲུང་སྐུད་སྨོན་ལམ་གདབ་པ་ལྔ། །ཟབ་མོའི་ཆོས་བཤད་ངན་པ་བཟློག །རྣམ་པར་ཕྱེ་ན་བཅོ་ལྔ་ཡང་། །སྦྱར་བ་དངོས་གཞི་རྗེས་ཀྱིས་བསྡུ། །དེ་རྣམས་ཚིག་གིས་བྱེད་པ་རྣམས། །ཀུན་རིག་བཞིན་དུ་ཤེས་པར་བྱའོ། །ལྔ་པ་བྲི་ཞིང་བསྒྲུབ་པ་གཉིས། །བྲི་ལ་བྱིན་བརླབ་ཕུར་བུ་དབྱུང་། །ཀུན་རིག་བཞིན་དུ་ཀུན་ལ་སྦྱར། །ཚོན་རིམ་དཀར་སྔོ་དམར་ལྗང་ནི། །ཤིང་སོགས་ཕྱོགས་བཞི་མཚམས་བརྒྱད་མཚོན། །དབུས་ནི་གཙོ་བོའི་ཁ་དོག་བཞིན། །ཀ་གདུང་རྩིབས་བརྟེན་འཁོར་ལོ་སྔོ། །གོང་རས་མཛེས་ཚོན་སྣམ་བུ་དམར། །པདྨ་ཟླ་བའི་གདན་དག་ལ། །རང་རང་སྔགས་ཀྱིས་ལྷ་བསྐྱེད་པ། །བསྙེན་པའི་སྐབས་བཞིན་རང་གནས་སུ། །ཅི་རིགས་པ་ཡི་མཚན་མ་དགོད། །དེ་རྗེས་མཆོད་པའི་རྫས་དགོད་པ། །འཇིག་རྟེན་པ་ལ་རང་རིགས་ཀྱི། །མཚན་མའི་ལྷ་བུམ་དང་བཅས་པ། །ཐམས་ཅད་ཀུན་རིག་བཞིན་དུ་བཤམ། །བསྒྲུབ་པ་ལ་ནི་རྣམ་ལྔ་སྟེ། །དང་པོ་བདག་བསྐྱེད་རྣལ་འབྱོར་ནི། །བསྙེན་པའི་སྐབས་སུ་བསྟན་པ་བཞིན། །རང་རང་གཙོ་བོར་བསྐྱེད་ནས་ཀྱང་། །ཅུང་ཞིག་བཟླས་པ་བྱེད་པའོ། །གཉིས་པ་བུམ་པར་བཟླས་པ་ནི། །ཐུན་མོང་རྩ་བའི་རིག་པ་དང་། །ཁྱད་པར་རང་གི་སྔགས་ཉིད་ཀྱིས། །བདུད་རྩིར་བསྐྱེད་ནས་དབུལ་བའོ། །གསུམ་པ་སློབ་དཔོན་འཇུག་པ་ནི། །རྣམ་པ་བརྒྱད་ཀྱིས་ཤེས་བྱ་སྟེ། །ཀུན་རིག་བཞིན་ལས་ཁྱད་པར་དག །སློབ་འཇུག་སྐབས་བཞིན་འདིར་ཤེས་བྱ། །བཞི་པ་དངོས་ཀྱི་བྱ་བ་ནི། །སྟོང་པའི་ངང་ལས་རྟེན་དང་ལྷ། །བསྐྱེད་ལ་སྤྱན་དྲངས་གཅིག་ཏུ་བསྒྲུབ། །བྱིན་གྱིས་བརླབ་ཅིང་རྒྱས་གདབ་སྟེ། །མཆོད་དང་བསྟོད་པས་མཉེས་བྱས་ནས། །ལས་གཞོལ་བཟླས་པ་བྱེད་པའོ། །ལྔ་པ་གཏོར་མའི་ཆོ་ག་ནི། །འབྱུང་པོ་ཐམས་ཅད་ཚིམ་བྱས་ཏེ། །སློབ་མའི་སྐབས་བཞིན་བདག་ཉིད་ཀྱིས། །དབང་བསྐུར་ལ་ནི་སཾར་བྱེད་པའོ། །རྡོ་རྗེ་སློབ་དཔོན་གྱི་ལས་ཀྱི་རིམ་པའོ། །དོན་གཉིས་པ་སློབ་མ་འཇུག་ཅིང་དབང་བསྐུར་བ་ལ་གཉིས་ལས། འཇུག་པ་ལ་ནི་ཆོས་བརྒྱད་ཀྱི། །དང་པོ་ཆས་སུ་གཞུག་པ་ནི། །ཁྲུས་དང་ཕྱག་ཡོན་སྔོན་སོང་ནས། །གོས་བྱིན་མིག་དར་བཅིང་བྱས་ལ། །སྔགས་ཀྱི་སྡོམ་པ་ལེགས་གནས་པའོ། །གཉིས་པ་འཇུག་པ་དངོས་ཉིད་ནི། ཤཱཀ་ཐུབ་ལ་ནི་ཀུན་རིག་བཞིན། །ཐུགས་ལ་ཏི་རིའི་ཕྱག་རྒྱ་འོ། །གསུང་ལ་ཁྱད་པར། ཨོཾ་བཛྲ་དྷ་ར་རཏྣ་དྷ་ར། སོགས་ཀྱིས་སློབ་མ་རིགས་ལྔར་བསྐྱེད་པའོ། །འཁོར་ལོས་སྒྱུར་བར། ཨོཾ་བཛྲ་ཧཱུྃ་ཛཿཡིས་སྒོ་བཞི་ནས་འཇུག་པའོ། །མེ་ལྟར་འབར་བར་ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ་གིས་སོ། །ཕྱོགས་སྐྱོང་བཅུའི་དཀྱིལ་འཁོར་དུ། རྡོ་རྗེ་ཐལ་མོའི་མཛུབ་མོ་བརྐྱང་བ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་སོ། །གཟའ་ཆེན་གྱི་ལ། ཨོཾ་བཛྲ་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་སོ། །ཀླུའི་ལ་ཐལ་མོའི་ཧཱུྃ་གཉིས་རྩེ་སྤྲད་དེ། ཨོཾ་གཉིས་བསྣོལ་ལྷག་མ་རྣམས་བརྐྱང་བ་སྦྲུལ་མགོའི་ཕྱག་རྒྱས་སོ། །འཇིག་རྟེན་དུ་སྙིམ་པ་བཟེད་པ་མགོ་ཐོད་ཕྱག་རྒྱའོ། །གསུམ་པ་ཡེ་ཤེས་ཕབ་བརྟན་བྱ་བ་ནི། ཡོན་ཏན་གྱི་ལ། ཨོཾ་བཛྲ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ་གིས་འབེབས་པའོ། །ཕྲིན་ལས་ཀྱི་ལ། ཨོཾ་བཛྲ་ནཾཾ་ཤཾཾ་བཾཾ་ཧཱུྃ་ཕཊ། ཀྱིས་བརྟེན་པར་བྱེད་པའོ། །བཞི་པ་མེ་ཏོག་དོར་ལ་བཅིང་བ་ནི། ཐུགས་སུ། ཨོཾ་པྲ་ཏཱི་ཙ་བཛྲ་ཧཱུྃ་གིས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཏཱིཙྪ་ཧོཿས་མ་ཡ་སཏྭཾ་གྱིས་འདོར་འཆིང་གཉིས་ཀའོ། །ཨོཾ་བཛྲ་པཱ་ཎི་པྲ་ཏཱིཙྪ་བཛྲ་ས་ཏྭ་མ་ཧཱ་སུ་ཁ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿས་མ་ཡ་སཏྭཾ་གྱིས་དོར་ནས་བབ་པའི་ལྷ་དེའི་སྔགས་ཀྱིས་འཆིང་བའོ། །ཨོཾ་བཛྲ་ཀྲོ་དྷ་ཨ་ན་ལ་སྤུ་ཏྲ་པྲ་ཏཱིཙྪ་ཧཱུྃ་གིས་སོ། །རྒྱལ་པོའི་ལ། ཨོཾ་པྲ་ཏཱིཙྪ་དྷི་མ་ཧོ་ཏ་མ་ཡིས་སོ། །ཨོཾ་གྲ་ཧ་ས་མ་ཡེ་ཧཱུྃ་གིས་དོར། ཨོཾ་བཛྲ་གྲ་ཧ་པྲ་ཏཱིཙྪ་ས་མ་ཡ་ཧཱུྃ་གིས་འཆིང་བའོ། །པྲ་ཏཱིཙྪ་དྷཾ་མ་ཧཱ་ས་ཏྭ་བཛྲ་དྷ་ར་ཨཱཏྨ་ཡ་ཧ་ཧ་ཧ་ཧ་ཧོཿཡིས་དོར་བའོ། །ལྔ་པ་མིག་དབྱེ་ཞིང་དཀྱིལ་འཁོར་བསྟན་པ་ནི། ཨོཾ་བཛྲ་ཙཀྵུ་པ་ཤ་ཧོ་ཨཱཏྨ་ས་མ་ཡ་ན་ཏ་མནྟྲ་ཀྵེ་ཧཱུྃ་གིས་ཕྱེ་ལ། ཨོཾ་བཛྲ་ཀྲོ་དྷ་ན་ནི་རཀྵ་ཧཱུྃ་པ་ཤེ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡེ་ན་བྷིཾ་རཾ་བྷཾ་ཧུ་ཧཱུྃ་ཕཊ་ཀྱིས་ཕྱེ་ཞིང་བསྟན་པའོ། །དྲུག་པ་དམ་ཚིག་བསྐྱེད་ཅིང་བརྟན་པ་ནི། ཨོཾ་ཅི་སྟེ་ཁྱོད་ཀྱིས་སུ་ཡང་རུང་བ་ལ་སྨྲས་ན་ནི། ཕྱག་ན་རྡོ་རྗེ་ཉིད་ཀྱིས་རྡོ་རྗེ་འབར་བ་རབ་ཏུ་འབར་བས་ཁྱོད་ཀྱི་མགོ་བོ་བཀས་པར་འགྱུར་རོ། །ཨོཾ་བཛྲ་ས་མ་ཡ་ཌི་ཏ་ཏིཥྛ་ཧཱུྃ་ཨཱཿཡིས་སོ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་མ་ཏི་ཀྲ་མ་ཧཱུྃ་ཕཊ་ཀྱིས་སོ། །བདུན་པ་དམ་ཚིག་བསྒྲག་པ་ཀུན་རིག་བཞིན་ནོ། །བརྒྱད་པ་སྡོམ་པ་འབོགས་པ་ནི་ཀུན་རིག་བཞིན་ནོ། །དེ་ལྟར་འཇུག་པའི་ཆོས་བརྒྱད་ནི་དམིགས་བསལ་མེད་པ་རྣམས་ནི་ཀུན་རིག་བཞིན་དུ་ཤེས་པར་བྱའོ། །འཇུག་པའི་ཆོས་བསྟན་ཏེ། དབང་བསྐུར་བ་ལ་ནི་རྣམ་པ་གཉིས་ཏེ། བསྐུར་བ་དངོས་དང་། མཇུག་གི་ཆོས། དངོས་གཞི་ལ་རིམ་པ་ཉི་ཤུ་སྟེ། ཀུན་རིག་བཞིན་ལས་ཁྱད་པར་ནི། ཚེ་དཔག་མེད་ཀྱི་དཀྱིལ་འཁོར་དུ་བུམ་དབང་གི་ཁྱད་པར། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་བཛྲ་དྷ་ར་ཡ་ཛྙཱ་ཡ་ཧཱུྃ་ཧཱུྃ་སོགས་སོ། །འཁོར་ལོས་སྒྱུར་བ་ཡོན་ཏན་གྱི་དཀྱིལ་འཁོར་དུ་བུམ་དབང་གི་ཁྱད་པར། ཨོཾ་བཛྲ་པཱ་ནི་སྭོ་ཡཾན་ཏེ་ཨ་ནུ་རཀྟོ་ཨ་བྷི་ཥིཉྩ་ཏྲཱཾ་ཞེས་སོགས་སོ། །མེ་ལྟར་འབར་བའི་དཀྱིལ་འཁོར་དུ་བུམ་དབང་གི་ཁྱད་པར། ཨོཾ་བཛྲ་ཀྲོ་དྷ་ར་ཀྲི་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ་ཕཊ་ཀྱིས་སོ། །འཇིག་རྟེན་པ་རྣམས་ཀྱིས་ལ་རང་རང་གི་ས་བོན་ལ་ཨ་བྷི་ཥིཉྩ་ཧཱུྃ་བཏགས་ལ་བུམ་པའི་དབང་བསྐུར་བ་ནི་ཁྱད་པར་རོ། །དེ་རྗེས་ཆུ་དང་ཅོད་པཎ་དར་དཔྱངས་དང་། །ཕྱག་མཚན་བདག་པོ་མིང་དབང་དང་། །འཁོར་ལོ་ཕྲིན་ལས་གཟུངས་དང་ནི། །གསང་དབང་ཤེས་རབ་ཡེ་ཤེས་ནི། །ཀུན་རིག་བཞིན་ལས་ཁྱད་པར་དུ། །རང་རིགས་དང་པོར་སྨོས་པས་སོ། །འཁོར་ལོ་གླང་པོ་རྟ་མཆོག་དང་། །ནོར་བུ་བཙུན་མོ་བློན་པོ་དང་། །དམག་དཔོན་རིན་ཆེན་བདུན་གྱི་དབང་། །ཆོས་ཀྱི་རྗེས་གནང་ཀུན་རིག་བཞིན། །རང་རང་སྔགས་ཀྱི་གནང་བ་སྦྱིན། །འདས་པ་ལྔ་ལ་བཀའ་དབང་བསྐུར། །དམ་ཚིག་སྦྱིན་ཞིང་བཀའ་བསྒོ་བ། །ཀུན་རིག་བཞིན་དུ་ཐམས་ཅད་ལའོ། །མཆོད་ཡོན་སྔོན་སོང་ཡོན་དབུལ་ཞིང་། །སྟོན་མོས་ཚིམ་བྱས་ཤིས་པ་བརྗོད། །སློབ་མ་བསྲུང་བ་དག་རྗེས་སོ། །གཏོར་མ་དབུལ་ཞིང་མཆོད་དང་བསྟོད། །ཡི་གེ་བརྒྱ་པས་བརྟན་བྱ་ཞིང་། །བཟོད་གསོལ་དགེ་བ་བསྔོ་བ་དང་། །མཆོད་ཅིང་ཡེ་ཤེས་གཤེགས་སུ་གསོལ། །སྤྲུལ་པ་བསྡུས་དེ་དམིགས་མེད་བསྒོམ། །རྡུལ་ཚོན་ཕྱགས་ལ་ཆུ་བོར་དོར། །ལས་རྗེས་བསྡུས་ཤིང་བདག་བསྲུངས་ནས། །སྤྱོད་ལམ་དགེ་ལ་བརྩོན་བྱེད་པ། །དཀྱིལ་འཁོར་རྗེས་ཀྱི་བྱ་བའོ། །སོ་སོའི་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་བའི་རིམ་པའོ། །གསུམ་པ་དངོས་གྲུབ་ཀྱི་ཡེ་ཤེས་ལ་བསླབ་པ་ནི། རང་རང་དཀྱིལ་འཁོར་དུ་རང་རང་གི་སྔགས་ཀྱི་གནང་བ་ཐོབ་པའི་རྣལ་འབྱོར་པས་གནས་ཁྱད་པར་ཅན་དུ་དུས་བཟང་པོ་ལ་ཡོ་བྱད་འཚོགས་པར་བྱས་ནས། ལྷའི་མཚན་མ་ཐོབ་པས་སྤྱིར་བསྒྲུབ་པར་ཤེས་པར་བྱའོ། །ཤཱཀ་ཐུབ་ཀྱི་ལ་བརྟེན་རས་རིས་རང་གི་ཚུལ་དུ་བྲིས་ལ། བསྒྲུབ་པ་ཀུན་རིག་བཞིན་ནོ། །ཐུགས་ཀྱི་དང་། གསུང་གི་བསྒྲུབ་ཚུལ་ནི་གཞུང་དུ་འབྱུང་ངོ་། །ཡོན་ཏན་གྱི་དང་། ཕྲིན་ལས་ཀྱིའང་རང་རང་གི་རྣལ་འབྱོར་གྱིས་མཚན་མའི་བསྙེན་པ་ཐོབ་པར་བྱས་ནས་བསྒྲུབ་པའི་ཚེ། དཀྱིལ་འཁོར་གྱི་དབུས་སུ་ལས་གང་བསྒྲུབ་ཀྱི་ཐུགས་ཀར་སྔགས་ཕྲེང་བཀོད་དེ། བཟླས་བརྗོད་ཀྱིས་རང་ཉིད་དངོས་གྲུབ་ཐོབ་པར་བྱས་ནས་གཞན་དོན་ཕྲིན་ལས་སྣ་ཚོགས་བྱེད་པའོ། །འཇིག་རྟེན་པའི་དཀྱིལ་འཁོར་རྣམས་ལ་གཙོ་བོ་ཕྱག་ན་རྡོ་རྗེ་ཞི་ཁྲོ་གཉིས་ཀྱི་རྣལ་འབྱོར་གྱིས་མཚན་མ་ཐོབ་པས་སྒྲུབ་པའི་ཚུལ་ནི་རང་རང་འཇིག་རྟེན་པ་གང་རུང་མདུན་དུ་བསྐྱེད་པ་དང་། རང་རྒྱུད་པ་སྤྱན་དྲངས་པ་གཉིས་གཅིག་ཏུ་བསྒྲུབས་ནས། བཟླས་བརྗོད་ཀྱིས་ཐུན་མོང་གི་དངོས་གྲུབ་ཅི་རིགས་པ་ཐོབ་པར་བྱེད་པའོ། །བཞི་པ་སྡིག་པ་སྦྱོང་བའི་ཐབས་ཀྱི་བྱེ་བྲག་ནི། ཀུན་རིག་ལས་འབྱུང་བ་བཞིན། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ལྔ་རྣམས་སུ་ཤེས་པར་བྱ་བ་ནི། རྟེན་གྱི་བྱེ་བྲག་ཕྱེ་བ་ཡིས། །དབང་བསྐུར་གཉིས་ཀྱི་སྦྱོར་བ་དང་། །མཆོད་རྟེན་དྲི་གཙང་ཁང་ནང་དུ། །བཞག་པར་བྱ་སྟེ་དབང་བསྐུར་རོ། །མཆོད་རྟེན་བཟླས་བརྗོད་བྱེ་བ་སྟོང་། །སྦྱིན་སྲེག་རོ་སྲེག་རྣམ་གཉིས་དང་། །ཕྱིར་བཟློག་སྦྱང་བའི་ཐབས་དགུ་ནི། །ཀུན་རིག་བཞིན་དུ་ཤེས་བྱའོ། །ཞེས་ངན་སོང་སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་སྒྲོན་མ་ལས་འབྱུང་ངོ་། །འདི་ལ་ཐོག་མར་ཚད་མེད་བཞི་བསྒོམ་པ་ནི་མི་དགོས་ཤིང་། གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ཤར་ཤེལ་དཀར་པོ་ལ་སོགས་པ་ནི། རྩིག་པའི་ཁ་དོག་དང་ལྷ་རྣམས་གང་ལ་སྦྱར་ནའང་། འདིའི་ལུགས་ལ་མེད་པས་ལུགས་གཞན་ཞིག་གིས་འཁྲུལ་གཞི་བྱས་པའོ། །ཕྱག་རྒྱ་འགའ་ཞིག་ཀྱང་རྒྱུད་དང་བསྟུན་ནས་དག་པར་བྱ་དགོས་པར་སྣང་ཞིང་། དཀྱིལ་འཁོར་མ་བསྒྲུབ་པའི་གོང་དུ་འཇུག་པ་སྔར་བཀག་ཟིན། འདས་པ་ལྔ་ལ་བཀའི་དབང་བསྐུར་ཞེས་པ་ཡང་བཀའི་དབང་བསྐུར་བ་ཚེ་དཔག་མེད་ལ་དགོས་ཀྱི་གཞན་ལ་མི་དགོས་སོ། །འཇིག་རྟེན་པ་རྣམས་རང་རྒྱུད་པར་འདོད་པ་ནི་འོག་ཏུ་འགོག་པར་འགྱུར་རོ། །གཞན་རྣམས་ནི་ལུགས་འདི་ལ་ཆོ་ག་འདི་བཞིན་དུ་བྱེད་དགོས་པ་འདྲའོ། །ཡང་འཛིན་པ་བློ་ཆེན་གྱིས་བདག་བསྐྱེད་དཔའ་བོ་གཅིག་པའི་སྐབས་སུ་སྲུང་འཁོར་དང་གཟུགས་བརྙན་གྱི་སྦྱོར་བ་སོགས་མི་བྱེད་པར་ཚོགས་གཉིས་བསགས་པ་སྔོན་དུ་སོང་ནས་རྡོ་རྗེ་ཆོ་ག་གསུམ་ལས་རྡོ་རྗེ་སེམས་དཔའ་བསྐྱེད་ནས། སྐུ་གསུང་ཐུགས་བྱིན་བརླབ་དང་། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་དང་། དབང་བསྐུར་རིགས་བདག་གིས་རྒྱས་གདབ་རྣམས་བླ་མེད་ལྟར་བྱེད་པ་དང་། བསྙེན་པ་རྒྱས་པའི་སྐབས་དང་། མདུན་བསྐྱེད་རྣམས་ལའང་དེ་བཞིན་དུ་བྱེད་པ་དང་། བུམ་བསྐྱེད་ཀྱི་སྐབས་སུ་ལས་བུམ་དང་། གཏོར་མའི་སྐབས་སུ་འདས་གཏོར་དང་། འཇུག་པའི་སྐབས་སུ་དམ་གཞག་བཞི་བྱེད་པ་དང་། དབང་གི་དངོས་གཞིའི་སྐབས་སུ་སྔགས་དབང་རྣམས་ཆུ་དབང་གི་སྐབས་སུ་བྱེད་པ་དང་། འདིར་དབང་པོ་རབ་ཀྱི་དབང་དུ་བྱས་ནས་སྐད་ཅིག་གིས་བསྐྱེད་པའི་རིམ་པ་གསུངས་པའི་ཤེས་བྱེད་དུ། རྣམ་སྣང་མངོན་བྱང་དང་། མཚན་བརྗོད་ཀྱི་ལུང་དྲངས་པ་རྣམས་ནི་ཕན་ཚུན་ནང་འགལ་ཞིང་། བླ་མེད་ཀྱི་ཆོ་ག་བསྲེས་ནས་རྒྱུད་འདི་ནས་འབྱུང་བའི་ཆོ་ག་རྣམས་དོར་བར་སྣང་བས་ཤེས་ལྡན་དག་གིས་སྤང་བ་བྱའོ། །གཉིས་པ་གཞུང་དོན་ལ་གསུམ་སྟེ། སྡུད་པ་པོའི་མཚམས་སྦྱོར་དང་། སྟོན་པ་གདན་ལས་བཞེངས་ཏེ་ཕྱག་བྱས་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། རྒྱུད་ཀྱི་གཞུང་ངོ་། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཞེས་སོགས་སོ། །གཉིས་པ་ནི། བདུད་བཞི་འཇོམས་པས་ན་དཔའ་བོ་སྟེ། འཁོར་གྱི་ཚུལ་སྟོན་པའི་ཕྱག་ན་རྡོ་རྗེ་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་གདན་ལས་བཞེངས་ནས་ནི་ཞེས་སོགས་སོ། །གསུམ་པ་ལ་ལྔ་སྟེ། ཤཱཀྱ་ཐུབ་པ་སྐུའི་དཀྱིལ་འཁོར་དང་། ཕྱག་ན་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་དང་། ཚེ་དཔག་མེད་གསུང་གི་དཀྱིལ་འཁོར་དང་། འཁོར་ལོས་སྒྱུར་བ་ཡོན་ཏན་གྱི་དཀྱིལ་འཁོར་དང་། མེ་ལྟར་འབར་བ་ཕྲིན་ལས་ཀྱི་དཀྱིལ་འཁོར་རོ། །དང་པོ་ལ་ལྔ་སྟེ། སྔགས་ཀྱི་ཕྲེང་བ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་ཕན་ཡོན་དང་བཅས་ཏེ་བསྟན་པ་དང་། ཕྱག་རྒྱའི་ཡེ་ཤེས་དང་། དངོས་གྲུབ་ཀྱི་ཡེ་ཤེས་དང་། ནོར་བུ་དྲི་མ་མེད་པའི་འོད་ཀྱི་སྐྱེ་རྒྱུད་བསྟན་པའོ། །དང་པོ་ནི། ངན་སོང་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་སོགས་ཏེ། འདི་མན་ཆད་དུ་སྔགས་ཕྲེང་རྣམས་ནི་བསྙེན་པ་རྒྱས་པ་ལ་བསྐྱེད་སྔགས་དང་། བཟླས་སྔགས་དང་། མདུན་བསྐྱེད་ལ་བཀོད་པའི་སྔགས་དང་ཕྱག་རྒྱ་སྟོན་པ་དང་། བུམ་པ་ལ་བཟླས་པ་ཐམས་ཅད་དུ་དགོས་པར་ཤེས་པར་བྱའོ། །སྐབས་འདིར་སྔགས་གང་ལས་ལྷ་གང་བསྐྱེད་པ་དང་ཕྱོགས་གང་དུ་དགོད་པ་དང་། སྐུ་མདོག་དང་ཕྱག་མཚན་ཙམ་ཞིག་བརྗོད་པ་ཡིན་ལ། ཆོ་གའི་ཆིངས་ནི་སྔར་བཤད་པ་ལྟར་ཤེས་པར་བྱའོ། །དེ་ལ་འདིར་གཞལ་ཡས་ཁང་སྒོ་རྐྱང་སྤྱི་དང་མཐུན་པའི་ལྷ་སྣམ་གྱི་དབུས་སུ་འཁོར་ལོ་རྩིབས་བརྒྱད་ལྟེ་བ་དང་བཅས་ཤིང་རྩིབས་རྟེན་རྡོ་རྗེའི་ཕྲེང་བས་བསྐོར་བའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུྃ་ཕཊ་ལས་ཤཱཀྱ་ཐུབ་པ་སེར་པོ་གཡས་མཆོག་སྦྱིན་གཡོན་མི་འཇིགས་པ་སྦྱིན་པའམ། ཡང་ན་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་དུ་རྩ་སྐྱ་པ་བཞེད་ལ། འཛིམ་པ་རིན་ཤེས་ནི། གཡས་གསེག་ཤང་། གཡོན་སྤར་བུ་འཛིན་པར་བཞེད་དོ། །ཤར་དུ་ཨོཾ་སརྦ་པཱ་པཾ་བི་ཤོ་དྷ་ན་བཛྲ་ཧཱུྃ་ཕཊ། ལས་ཕྱག་རྡོར་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའོ། །ལྷོར་ཨོཾ་སརྦ་ཀརྨཱ་ཨཱ་ཝ་ར་ཎ་བྷསྨི་ཀུ་རུ་ཧཱུྃ་ཕཊ། ལས་རྒྱལ་བའི་གཙུག་ཏོར་སྔོན་པོ་མཆོག་སྦྱིན་གྱི་རིན་པོ་ཆེ་འཛིན་པའོ། །ནུབ་ཏུ་ཨོཾ་བྷྲཱུྃ་བི་ཤ་ན་ཡ་ཨཱ་བ་ར་ཎ་ནི་ཧཱུྃ་ཕཊ། ལས་འཁོར་ལོས་སྒྱུར་བ་དམར་སྐྱ་ཆོས་འཆད་དམ་ཏིང་ངེ་འཛིན་གྱི་ཕྱག་རྒྱས་འཁོར་ལོ་རྩིབས་བརྒྱད་པ་འཛིན་པའོ། །བྱང་དུ་ཨོཾ་བྷྲཱུྃ་བི་ཤོ་དྷ་ཡ་ཨཱ་ཝ་ར་ཎ་ནི་ཧཱུྃ་ཕཊ། ལས་རྣམ་པར་རྒྱལ་བ་ལྗང་གུ་མི་འཇིགས་པ་སྦྱིན་པས་སྣ་ཚོགས་རྡོ་རྗེ་འཛིན་པའོ། །ཤར་ལྷོར་ཨོཾ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་ཝ་ར་ཎ་ནི་ཧཱུྃ་ཕཊ། ལས་གཟི་བརྗིད་ཕུང་པོ་དཀར་དམར་ཕྱག་གཉིས་གཡས་ཉི་མ་གཡོན་དཀུར་བརྟེན་པའོ། །བྱང་ཤར་དུ་ཨོཾ་སྲུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་ཨཱ་ཝ་ར་ཎ་ནི་ཧཱུྃ་ཕཊ། ལས་གདུགས་དཀར་པོ་ཅན་ཕྱག་གཡས་ཀྱིས་གདུགས་འཛིན་པའོ། །ནུབ་བྱང་དུ་ཨོཾ་ཧཱུྃ་ཧ་ར་ཧ་ར་ཨཱ་ཝ་ར་ཎ་ནི་ཧཱུྃ་ཕཊ། ལས་རྣམ་པར་འཐོར་བ་སྔོན་པོ་གཡས་རལ་གྲི། གཡོན་པོ་ཏི་འཛིན་པའོ། །ལྷོ་ནུབ་ཏུ་ཨོཾ་ཧཱུྃ་ཕཊ་སརྦ་ཨཱ་ཝ་ར་ཎ་ནི་ཧཱུྃ་ཕཊ། ལས་གདུགས་དཀར་པོ་ཅན་ཕྱག་གཡས་ཀྱིས་གདུགས་འཛིན་པའོ། །དེ་ཉིད་ཀྱི་གྲྭ་བཞིར་བདུག་སྤོས་མ་ལ་སོགས་པ་བཞི་ནི། ཨོཾ་སརྦ་ཨ་པ་ཡ་བི་ཤོ་དྷ་ནི་དྷ་མ་དྷ་མ་དྷུ་པ་ཡ་ཨ་པཱ་ཡ་ག་ཏི་གནྡྷ་ནི་གནྡྷ་པ་ཏཾ་ཧཱུྃ་ཕཊ། ལས་བྱང་ཤར་དུ་དྲི་ཆབ་མ་དང་། ཨོཾ་སརྦ་ན་ར་ཀ་ག་ཏི་ཨཱ་ཀརྵ་ནི་ཧཱུྃ་ཕཊ། ལས་ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་དང་། ཨོཾ་སརྦ་ན་ར་ཀ་བྷི་དྷ་ཏི་ར་ཎི་ཧཱུྃ་ཕཊ། ལས་ལྷོ་སྒོར་རྡོ་རྗེ་ཞགས་པ་དང་། ཨོཾ་སརྦ་ཨ་བྷ་ཡ་བནྡྷ་ནི་མོ་ཙ་ནི་ཧཱུྃ་ཕཊ། ལས་ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་དང་། ཨོཾ་སརྦ་ཨ་བྷ་ག་ཏི་ག་ཧ་ན་བི་ན་ཤ་ནི་ཧཱུྃ་ཕཊ། ལས་བྱང་སྒོར་རྡོ་རྗེ་དྲིལ་བུའོ། །ཨོཾ་བྷྲི་ཏ་སོགས་གསུམ་ནི། ལུས་ངག་ཡིད་གསུམ་གྱི་སྡིག་པ་སྦྱང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་འོག་གི་ཕྱག་རྒྱ་དང་སྦྱར་ཏེ་དཀྱིལ་འཁོར་ཐམས་ཅད་ལ་དགོས་སོ། །ཨོཾ་ད་ཧ་སོགས་ནི། ཕྲེང་སྔགས་ཀྱི་མཇུག་ལ་བཏགས་ལ་བཟླས་ཏེ་ཕྱིར་བཟློག་དང་འབྲེལ་ལོ། །གཉིས་པ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང་། སློབ་མ་དབང་བསྐུར་བ་ཕན་ཡོན་དང་བཅས་པའོ། །དང་པོ་ལ་གཉིས་ཏེ། བྲི་ཞིང་ལྷ་དགོད་པ་དང་། དཀྱིལ་འཁོར་དུ་ཞུགས་ཏེ་བདག་བསྐྱེད་ལ། མདུན་བསྐྱེད་བསྒྲུབ་པའོ། །དང་པོ་ནི། དེ་ནས་དེའི་དཀྱིལ་འཁོར་བཤད་དེ། །ཞེས་སོགས་སོ། །གཉིས་པ་ནི། དེ་ནས་དྲི་ཞིམ་ལ་སོགས་པ་ཞེས་སོགས་ཏེ། སྤྱན་འདྲེན་གྱི་སྔགས་འདི་ནི་གོང་འོག་ཀུན་ཏུ་དགོས་སོ། །གཉིས་པ་ནི། དེ་བཞིན་དུ་བཅུག་སྟེ་དབང་བསྐུར་ཞེས་སོགས་སོ། །གསུམ་པ་ཕྱག་རྒྱའི་ཡེ་ཤེས་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་སེང་གེའི་ལྟ་སྟངས་ཀྱིས་ཞེས་སོགས་ཏེ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཕྱག་རྒྱ་ནི། སྔར་གྱི་སྔགས་དང་སྦྱར་ཏེ་གོང་འོག་ཀུན་ཏུ་དགོས་སོ། །རིགས་ལྔའི་ཕྱག་རྒྱ་དང་བདུག་པ་མ་སོགས་བཞིའི་ཕྱག་རྒྱ་ནི་ཀུན་རིག་གི་སྐབས་སུ་ཡང་དགོས་ཤིང་འོག་ཏུ་ཡང་དགོས་སོ། །སེམས་དཔའ་བཅུ་དྲུག་གི་ཕྱག་རྒྱ་ནི་ཀུན་རིག་གི་སྐབས་སུ་དགོས་སོ། །སྒོ་བ་བཞིའི་ཕྱག་རྒྱ་ནི་གོང་འོག་ཀུན་ཏུ་དགོས་སོ། །བདུག་པ་མ་སོགས་བཞིའི་ཕྱག་རྒྱ་གོང་མ་ནི་མཆོད་པའི་ཕྱག་རྒྱ་ཡིན་ལ། འོག་མ་ནི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །བཞི་པ་དངོས་གྲུབ་ཀྱི་ཡེ་ཤེས་ནི། སྐུ་གཟུགས་ཀྱི་ཆོ་ག་ནི་འདིར་དེ་བཞིན་དུ་བྱ་སྟེ་ཞེས་སོགས་ཏེ། ཀུན་རིག་གི་སྐབས་དང་བསྒྲུབ་ཚུལ་འདྲ་ཞིང་། བྲི་ཚུལ་ནི་གཞུང་དུ་གསལ་ལ། ཡང་ན་སྐུ་གཟུགས་ནི་དཀྱིལ་འཁོར་གྱི་ཚུལ་དུ་བྲིས་ལ་ཞེས་པས་རས་བྲིས་ཀྱི་དཀྱིལ་འཁོར་ལ་གསལ་བར་བསྟན་ནོ། །ལྔ་པ་ནོར་བུ་དྲི་མ་མེད་པའི་སྐྱེས་རྒྱུད་བསྟན་པ་ལ་གཉིས་ཏེ། དྲི་བ་དང་། ལན་ནོ། །དང་པོ་ནི། དེ་ནས་ཚངས་པ་ལ་སོགས་པའི་ལྷ་ཚོགས་རྣམས་ཀྱིས་ཞེས་སོགས་སོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ཞེས་སོགས་ཏེ། མཚམས་མེད་པ་བྱས་པའི་གང་ཟག་འགྲོ་བ་གཞན་གྱིས་བར་མ་ཆོད་པར་དམྱལ་བར་སྐྱེ་བས་ཁྱབ་པ་ནི་ཕ་རོལ་དུ་ཕྱིན་པའི་ལུགས་ཡིན་ལ། འདིར་ལྷར་སྐྱེས་པར་བཤད་པ་ནི་རྡོ་རྗེ་ཐེག་པའི་ལུགས་ཡིན་ཞིང་། ཀྱེ་རྡོ་རྗེའི་རྒྱུད་ལས་ཀྱང་འདི་ཉིད་འབྱུང་ངོ་། །ཕྱག་ན་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་ལ་གཉིས་ཏེ། ཕྱག་ན་རྡོ་རྗེ་ལ་འཁོར་དེ་བཞིན་གཤེགས་པས་བསྐོར་བའི་དཀྱིལ་འཁོར་དང་། འཇིག་རྟེན་པས་བསྐོར་བའི་དཀྱིལ་འཁོར་རོ། །དང་པོ་ལ་གཉིས་ཏེ། གླེང་བསླང་བ་དང་། གཞུང་ངོ་། །དང་པོ་ལ་གཉིས་ཏེ། འཁོར་གྱིས་བསླང་བ་དང་། སྟོན་པས་བསླང་བའོ། །དང་པོ་ནི། དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷའི་བུ་རྣམས་ཞེས་སོགས་ཏེ། ཀོ་ཊ་ཀྵ་ལ་སོགས་པ་བཅུ་ནི་སྒྲ་ཇི་བཞིན་མ་ཡིན་པས་སྒྲ་དྲང་ཐད་དུ་བསྒྱུར་དུ་མི་བཏུབ་སྟེ། སྒྲོན་གསལ་ལས། ཀོ་ཊ་ཀྵ་ལ་སོགས་པའི་སྒྲ། །འཇིག་རྟེན་བསྟན་བཅོས་ལ་མེད་ཅིང་། །དེ་བཞིན་གཤེགས་པའི་བརྡར་གྱུར་པ། །དེ་ནི་ཇི་བཞིན་མིན་པར་བསྒྲགས། །ཞེས་སོ། །དོན་མང་པོ་ལ་འཇུག་སྟེ། སངས་རྒྱས་མཉམ་སྦྱོར་ལས། ཁྱོད་ནི་གླང་པོའི་རྣ་བ་ཅན། །ཁྱོད་ནི་སེང་གེའི་ལྟ་སྟངས་ཅན། །ཁྱོད་ནི་མེ་ལྕེ་འབར་བ་ཅན། །ཁྱོད་ནི་བདེན་པའི་སྤྲིན་ཡིན་ཏེ། །ཁྱོད་ནི་ཕ་ལྟར་སློབ་པ་ཡིན། །ཁྱོད་ནི་མ་ལྟར་སློབ་པ་ཡིན། །ཁྱོད་ནི་བརྟན་པའི་ས་ཡང་ཡིན། །ཁྱོད་ནི་ཆུ་བོའི་གཞུང་ཡང་ཡིན། །ཁྱོད་ནི་འཐོར་བྱེད་རླུང་ཡང་ཡིན། །ཁྱོད་ནི་རིན་ཆེན་འབྱུང་གནས་མཛོད། །ཞེས་གསུངས་ཤིང་། །ཡང་ཁྱོད་ནི་ཕ་ལྟར་བྱམས་པ་སྟེ་ཞེས་སོགས་བཤད་པ་ཡང་སྣང་ལ། གཞན་ཡང་ས་བཅུ་དང་། ཕར་ཕྱིན་བཅུ་དང་། སྟོབས་བཅུ་ལ་འཇུག་གོ །དེ་ན་ཕྱག་ན་རྡོ་རྗེ་ནི། གསང་བའི་མཛོད་ལས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་གནས་སྐབས་ཀྱི་སྐྱེ་བ་ཐ་དད་པ་ལེན་པར་སྨོན་ལམ་བཏབ་སྟེ་འོག་མིན་གྱི་གནས་སུ་རྡོ་རྗེ་སེམས་དཔའོ། །གཞི་དང་མེ་ཏོག་གིས་བརྒྱན་པར་ནི་ཀུན་ཏུ་བཟང་པོའོ། །གནོད་སྦྱིན་འདུལ་བའི་དབང་ཉེ་བར་བཟུང་ནས་གནོད་སྦྱིན་གྱི་སྡེ་དཔོན་འབྲོག་གནས་བུའི་གནས་སུ་གནས་སོ། །མི་རྣམས་ཀྱི་ཕྱིར་ནི་གནས་བརྟན་ཀུན་དགའ་བོ་ཡིན་ནོ་ཞེས་གསུང་ཤིང་ཐུན་མོང་མ་ཡིན་པའི་གསང་བ་ནས་ཀྱང་འདི་བཞིན་དུ་གསུངས་པས་ཐུགས་རྒྱུད་ཡེ་ཤེས་སུ་སྣང་བའི་ཕྱག་ན་རྡོ་རྗེ་དེ་ཉིད་འཁོར་གྱི་ཚུལ་སྟོན་པའོ། །གཉིས་པ་ནི། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཞེས་སོགས་སོ། །གཉིས་པ་གཞུང་ལ་གསུམ་སྟེ། སྔགས་ཀྱི་ཕྲེང་བ་ཕན་ཡོན་དང་བཅས་ཏེ་བསྟན་པ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་དང་། དངོས་གྲུབ་ཀྱི་ཡེ་ཤེས་བསྟན་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཐམས་ཅད་ཀྱི་ཚེ་དཔག་དུ་མེད་པས་ཁྱབ་པར་འབྱུང་བའི་རྡོ་རྗེ་ཞེས་སོགས་ཏེ། དཀྱིལ་འཁོར་གྱི་ནང་དུ་སྣམ་བུའི་དབུས་སུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་པདྨ་ལ། ཨོཾ་པུནྱ་པུནྱ་མ་ཧཱ་པུནྱ་ཨ་པ་ར་མི་ཏ་ཨཱ་ཡུར་པུནྱ་ཛྙ་ན་སཾ་བ་རོ་པཱ་ཙི་ཡ་ཀ་རི་སྭཱཧཱ། ལས་ཕྱག་ན་རྡོ་རྗེ། ནུབ་ཏུ་ཨོཾ་ཨ་མྲི་ཏེ་ཨ་མྲི་ཏེ་ཨ་མི་ཏོ་བྷ་ཝ། ཨ་མི་ཏ་བི་ཀྲཱན་ཏེ། ཨ་མི་ཏ་བི་ཀྲཱན་ཏ་ག་མི་ནི་སརྦ་ཀརྨཱ་ཀླེ་ཤཀྵ་ཡཾ་ཀ་རི་ནི་སྭཱཧཱ་ལས་འོད་དཔག་མེད། ཤར་དུ་ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཏ་ནི་ཏྲོ་ཏ་ནི། ཏྲ་ས་ནི་ཏྲ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན་སརྦ་ཨཱ་བ་ར་ཎ་བི་ཎ་ཤ་ནི་ཧ་ར་ཧ་ར་ཀརྨ་པ་རཾ། པ་ར་ནི་མེ་སརྦ་སཏྭ་ནན་སྭཱ་ཧཱ་ལས་མི་བསྐྱོད་པ། ལྷོར་ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་སཾ་བྷ་ཝེ། རཏྣ་ཀེ་རཏྣེ། རཏྣ་མ་ལ་བི་ཤུདྡྷེ་ཤོདྷ་ཡ་སརྦ་པཱ་པཾ་ཧཱུྃ་ཏྲ་ཐ། ལས་རིན་ཆེན་འབྱུང་ལྡན། བྱང་དུ་ཨོཾ་ཨ་མོ་གྷ་ཨ་པྲ་ཏི་ཧ་ཏ་སརྦ་ཨཱ་ཝ་ར་ཎ་བི་ན་ཤ་ནི་ཧ་ར་ཧ་ར་ཧཱུྃ་ཕཊ། ལས་དོན་ཡོད་གྲུབ་པ་སྟེ་ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། གཙོ་བོ་ནི་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཞན་རྣམས་གཡས་མཆོག་སྦྱིན། གཡོན་མི་འཇིགས་པ་སྦྱིན་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའོ། །གྲྭ་བཞིར་བདུག་སོགས་བཞི་དང་། སྒོ་བཞིར་སྒོ་བ་བཞི་ནི། སྔར་དང་འདྲ་བ་ལས་འདིར་སྒོ་བ་རྣམས་ཁྲོ་བོའི་ཆ་ལུགས་ཀྱིས་བཞུགས་པའོ། །གཞན་ཕན་འོད་ཟེར་ལས་སྒོ་བ་བཞི་བཞེངས་པའི་ཁྲོ་བོ་ཡིན་པ་དགག་པ་ནི་བཞེངས་པ་དགག་པ་ཡིན་གྱི་ཁྲོ་བོ་ཡིན་པ་དགག་པ་མ་ཡིན་ནོ། །གཉིས་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང་། སློབ་མ་ལ་དབང་བསྐུར་བའོ། །དང་པོ་ལ་གཉིས་ཏེ། བྲི་ཞིང་ལྷ་དགོད་པ་དང་། དཀྱིལ་འཁོར་བསྒྲུབ་པའོ། །དང་པོ་ནི། དེ་ནས་དཀྱིལ་འཁོར་ནི་འདི་ཡིན་ཏེ་ཞེས་སོགས་ཏེ་ལྷ་བཅུ་གསུམ་བྲིའོ། །གཉིས་པ་ནི། དེ་ནས་རྣལ་འབྱོར་ཅན་ཉིད་ཞུགས། །ཞེས་སོགས་སོ། །གཉིས་པ་སློབ་མ་ལ་དབང་བསྐུར་བ་ནི། འཆི་བདག་སྦྲུལ་གྱིས་འཇིགས་ལྡན་རྣམས། །ཞེས་སོགས་ཏེ་འཇུག་པའི་སྔགས་ནི་ཀུན་རིག་དང་ཐུན་མོང་བ་ཡིན་ཅིང་། ཕྱག་རྒྱ་དང་། དམ་ཚིག་སྦྱིན་པ་ནི་འདིའི་ཐུན་མོང་མ་ཡིན་པ་ཡིན་ལ། གཞན་རྣམས་ནི་གོང་འོག་ཀུན་ཏུ་དགོས་སོ། །གསུམ་པ་དངོས་གྲུབ་ཀྱི་ཡེ་ཤེས་བསྟན་པ་ནི། དེ་ལྟར་དབང་བསྐུར་ནས་ཚེ་བསྲིང་བའི་རིག་པ་འདི་སྦྱིན་པར་བྱའོ་ཞེས་སོགས་ཏེ་རས་རིས་གཞུང་བཞིན་དུ་བྲིས་ནས་མདུན་དུ་བཀྲམ། རང་ལྷའི་རྣལ་འབྱོར་གྱིས་རང་གི་སྔགས་ལ། ཨོཾ་བཛྲ་ཨཱ་ཡུ་ཤེ་ཧཱུྃ་ཨཱཿབཏགས་ལ་བསྙེན་པ་འབུམ་ཕྲག་གཅིག་གིས་མཚན་མ་ཐོབ་པར་བྱས་ལ། སྒྲུབ་པའི་རྟེན་རིན་པོ་ཆེའི་སྣོད་དུ་བ་དམར་སེར་གྱི་མར་བཟང་པོ་བཅུག་ལ། མཆོད་པ་རྒྱ་ཆེན་པོ་བཤམས་ཏེ། རང་གི་ལག་པ་གཡོན་རྡོ་རྗེ་དང་བཅས་པས་རྫས་དེ་མནན་ལ་བཟླས་བརྗོད་བྱས་པས། བཅོམ་ལྡན་འདས་ཀྱི་ནུས་པ་བསྐུལ་བདུད་རྩི་སྣོད་དུ་བབ་པར་བསམ་ཞིང་། མཚན་ཐོག་ཐག་བཟླས་པས་དྲི་ངད་ཀྱི་རྟགས་འབྱུང་། དེ་བྱུང་བ་དང་བཟའ་བཏུང་གང་ཡང་རུང་བ་ལ་སྦྱར་ཏེ། རང་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་འཐུང་ངམ། ཟོས་ན་རིག་འཛིན་ཚེའི་དངོས་གྲུབ་ཐོབ། འབྲིང་གི་རྫུ་འཕྲུལ་གྱི། ཐ་མས་ཞི་སོགས་དམན་པའི་དངོས་གྲུབ་འགྲུབ་པར་འགྱུར་བའོ། །དེ་དག་ལ་བརྟེན་ནས་མཆོག་གི་དངོས་གྲུབ་སངས་རྒྱས་ཀྱང་ཐོབ་པར་བྱེད་པའོ། །གཉིས་པ་ཕྱག་ན་རྡོ་རྗེ་ལ་འཇིག་རྟེན་པས་བསྐོར་བའི་དཀྱིལ་འཁོར་ལ་གཉིས་ཏེ། སྤྱིའི་དོན་དང་གཞུང་གི་དོན་ནོ། །དང་པོ་ནི། ཁ་ཅིག་འཇིག་རྟེན་པ་འདི་རྣམས་རང་རྒྱུད་པ་ཡིན་པས། མེ་ཏོག་དོར་བའི་ཚེ། གཙོ་བོ་ལ་དོར་གྱིས་འཁོར་ལ་མི་དོར་བ་དང་། དབང་ལེན་པའི་ཚེ་གཙོ་བོ་ལ་ལེན་གྱིས་འཁོར་ལ་མི་ལེན་པ་དང་། ཆུ་དབང་གི་ཚེ་གཙོ་བོའི་ཆུ་དབང་བསྐུར་གྱི་འཁོར་གྱི་ཆུ་དབང་མི་བསྐུར་བ་དང་། བསྙེན་པའི་ཚེ་ཡང་གཙོ་བོའི་བསྙེན་པ་བྱེད་ཀྱིས་འཁོར་གྱི་བསྙེན་པ་མི་བྱེད་ཞེས་ཟེར་བར་གྲག་གོ །དེ་ལ་འཇིག་རྟེན་པ་རང་རྒྱུད་པར་འདོད་པ་ནི་མི་འཐད་དེ། སྒོ་བ་བཞི་པོ་འདས་པ་ཡིན་པས་འཇིག་རྟེན་པ་རང་རྒྱུད་པས་དཀྱིལ་འཁོར་གྱི་རྩ་བའི་ལྷ་བྱས་ནས་འདས་པས་སྒོ་སྲུང་བྱེད་པ་ནི་བཞད་གད་ཀྱི་གནས་ཡིན་པའི་ཕྱིར་དང་། དཀྱིལ་འཁོར་ལ་བཀོད་པའི་ལྷ་ཚོགས་ཐམས་ཅད་དཀྱིལ་འཁོར་གྱི་གཙོ་བོའི་རྣམ་འཕྲུལ་ཡིན་པ་རྡོ་རྗེ་ཐེག་པའི་ལུགས་ཡིན་པའི་ཕྱིར། རྒྱུད་ལས་ཀྱང་། རྒྱལ་པོ་བཞིས་བཅོམ་ལྡན་འདས་ལ་ཞུས་པའི་སྐབས་སུ། དེ་ལ་རྡོ་རྗེ་འཛིན་བདག་རྒྱལ། །བུ་སྡུག་བཞིན་དུ་བསྐྱང་བར་བྱ། །རྡོ་རྗེ་ཞེས་རྡོ་རྗེ་འཛིན་པའི་བདག་ཉིད་ཡིན་པར་ཁས་བླངས་པའི་ཕྱིར་རོ། །རྒྱལ་པོ་མ་ཡིན་རྒྱལ་པོར་འགྱུར། །རྒྱལ་པོ་ཡིན་ན་ཆེན་པོར་འགྱུར། །ཞེས་པ་ཤེས་བྱེད་དུ་དྲངས་པ་ཡང་མི་འཐད་དེ། ཕན་ཡོན་དེ་ཡོད་པར་གསུངས་པས་གཞན་མེད་པར་མི་འགྲུབ་པའི་ཕྱིར་རོ། །འདི་དག་འཇིག་རྟེན་པ་རང་རྒྱུད་པ་ཡིན་ན་ཀུན་རིག་གི་ཁོར་ཡུག་ཏུ་བཀོད་པ་རྣམས་ཀྱང་དེ་ལྟར་དུ་འདོད་དགོས་ཤིང་། དེའང་འདོད་ན་ཁྱམས་ལ་བཀོད་པའི་ཉན་ཐོས་དང་རང་རྒྱལ་རྣམས་ཀྱང་རང་རྒྱུད་པར་འདོད་དགོས་པས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་གྱི་ལྷ་ལ་ཐེག་དམན་གྱི་གང་ཟག་བཀོད་པ་ནི། གསང་སྔགས་རང་བཟོར་བྱེད་པ་མ་གཏོགས་པ་གཞན་སུ་ཞིག་གིས་སྨྲ་བར་ནུས། འཁོར་ལ་མེ་ཏོག་མི་འདོར་བར་ནི་མི་འཐད་དེ། དེ་ནས་མེ་ཏོག་གམ་རིན་པོ་ཆེ་འདིས་དོར་བར་བྱའོ། །ཨོཾ་བཛྲ་པྲ་ཏཱིཙྪ་དྷཾ་མ་ཧོ་དྷ་མ། གང་ལ་བབ་པའི་རྒྱལ་པོ་ནི། །དེས་ནི་འདི་འགྲུབ་གཞན་དུ་མིན། །ཞེས་གསུངས་པའི་ཕྱིར་རོ། །འཁོར་ལ་དབང་མི་ལེན་པ་ཡང་མི་འཐད་དེ། ལན་བཞིར་དབང་ནི་བསྐུར་བ་དང་། །ལན་བཞིར་འཇུག་པ་བྱས་ནས་ནི། །ཞེས་གསུངས་པའི་ཕྱིར་རོ། །འཁོར་གྱི་ཆུ་དབང་མི་བྱེད་པ་ཡང་མི་འཐད་དེ། ཕྱོགས་སྐྱོང་རང་གི་སྔགས་བཏབ་པའི། །བུམ་པ་རྣམས་ཀྱིས་དབང་བསྐུར་ཏེ། །ཞེས་དང་། དེ་ནས་གཟའ་བརྒྱད་སྔགས་བཏབ་པའི། །བུམ་པ་བརྒྱད་ཀྱིས་དབང་བསྐུར་རོ། །ཞེས་དང་། བུམ་པའམ་མགོ་ཡི་ཐོད་པ་ནི། །དེ་ལྟར་བརྒྱད་ཀྱིས་དབང་བསྐུར་རོ། །ཞེས་གསུངས་པའི་ཕྱིར་རོ། །འཁོར་གྱི་བསྙེན་པ་མི་བྱེད་པ་ཡང་མི་འཐད་དེ། འདིར་སྔགས་ཕྲེང་གསུངས་པ་རྣམས་བསྙེན་པ་རྒྱས་པའི་སྐབས་ཡིན་པའི་ཕྱིར་རོ། །ཡང་བླ་མ་མཁས་པ་དག དེ་བཞིན་གྲུ་བཞིར་བྲིས་ནས་ནི། །སྒོ་ཁྱུད་ལ་སོགས་རྣམ་པར་སྤང་། །ཞེས་ཤེས་བྱེད་དུ་དྲངས་ནས། འཇིག་རྟེན་པའི་དཀྱིལ་འཁོར་རྣམས་ལ་སྒོ་ཁྱུད་སོགས་མེད་པར་བཞེད་ལ། རྗེ་བཙུན་གྱིས་ཀླུ་ཆེན་བརྒྱད་མ་གཏོགས་པར་གཞན་རྣམས་ལ་རྟ་བབས་སོགས་རྫོགས་པར་བྱེད་པ་གསུངས་སོ། །སྤྱན་འདྲེན་པའི་ཚེ་དང་པོ་གཙོ་བོ་སྤྱན་དྲངས་ནས་དེའི་རྗེས་སུ་འཁོར་སྤྱན་འདྲེན་པ་འཇིག་རྟེན་པའི་ཁྱད་པར་ཡིན་ནམ་སྙཾམ་ཏེ། འདས་པའི་སྐབས་སུ། གཙོ་བོ་རྒྱལ་བ་སྲས་ཀྱི་འཁོར། །མང་པོ་རྣམས་ཀྱི་སྤྱན་དྲངས་ཏེ། །ཞེས་དང་། བདེ་བར་གཤེགས་པ་སྲས་དང་འབངས་སུ་བཅས་ཤིང་འཁོར་གྱིས་བསྐོར་བའི་རིག་པ་ལྷན་ཅིག་སྤྱན་དྲངས་ཞེས་དང་། རྒྱལ་པོ་བཞིའི་སྐབས་སུ། སྔགས་མཁན་ཉིད་ནི་ཞུགས་ནས་ཀྱང་། །བཅོམ་ལྡན་འདས་ནི་སྤྱན་དྲངས་ཏེ། །དེ་ནས་རྒྱལ་པོ་སྤྱན་དྲང་ང་ོ། །ཞེས་གསུངས་པའི་ཕྱིར་རོ། །འདིར་རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་བདག་བསྐྱེད་ཀྱི་སྐབས་སུ། དཀྱིལ་འཁོར་གྱི་གཙོ་བོའམ་རྡོ་རྗེ་སེམས་དཔའ་བསྐྱེད་པ་ཆོས་སྐུའི་ཉམས་ལེན། དེ་ནས་གཞལ་ཡས་ཁང་གི་དབུས་སུ་གཙོ་བོ་བསྐྱེད་པ་ལོངས་སྐུའི་ཉམས་ལེན། དེའི་ཐུགས་ཀར་རིགས་བཞི་ནས་ཁོར་ཡུག་པའི་བར་རྣམས་བསྐྱེད་ནས་རང་གི་གནས་སུ་དགོད་པ་སྤྲུལ་སྐུའི་ཉམས་ལེན་དུ་མཛད་ནས། དེའི་དོན་ཡང་ལོངས་སྤྱོད་རྫོགས་པའི་སྐུ་ཉིད། སངས་རྒྱས། བྱང་སེམས། ཉན་ཐོས། རང་རྒྱལ། འཇིག་རྟེན་པའི་གཟུགས་ཀྱིས་འདུལ་བ་རྣམས་ལ་དེ་དང་དེའི་སྐུར་སྟོན་པར་གསུངས་པ་འདི་སྙིང་གི་དཀྱིལ་དུ་ཞོག་ཅིག གཉིས་པ་གཞུང་གི་དོན་ལ་དྲུག་སྟེ། རྒྱལ་པོ་ཆེན་པོ་བཞིའི་དཀྱིལ་འཁོར་དང་། ཕྱོགས་སྐྱོང་བཅུའི་དཀྱིལ་འཁོར་དང་། གཟའ་ཆེན་པོ་བརྒྱད་འཁོར་རྒྱུ་སྐར་དང་བཅས་པའི་དཀྱིལ་འཁོར་དང་། ཀླུ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དང་། འཇིགས་བྱེད་བརྒྱད་ཆུང་མ་དང་བཅས་པའི་དཀྱིལ་འཁོར་དང་། ལྷ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་བསྟན་པའོ། །དང་པོ་ལ་གསུམ། སྔགས་ཀྱི་ཕྲེང་བ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་དང་། དབང་བསྐུར་བའི་ཕན་ཡོན་བསྟན་པའོ། །དང་པོ་ནི། དེ་ནས་རྒྱལ་པོ་ཆེན་པོ་བཞིས་ཞེས་སོགས་ཏེ། དཀྱིལ་འཁོར་གྱི་དབུས་སུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་པད་ཟླའི་སྟེང་དུ་སྔར་གྱི་པུཎྱ་ལས་ཕྱག་ན་རྡོ་རྗེ་སྐུ་མདོག་དཀར་པོ་འགྱིང་བག་ཅན་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཤར་དུ་ཨོཾ་དྷི་ལས་ཡུལ་འཁོར་སྲུང་ལྗང་གུ་པི་ཝཾ་འཛིན་པ། ལྷོར་ཨོཾ་བྷི་ལས་འཕགས་སྐྱེས་པོ་སྐུ་མདོག་སྔོན་པོ་རལ་གྲི་འཛིན་པ། ནུབ་དུ་ཨོཾ་ཀྵཾཾ་ལས་མིག་མི་བཟང་དམར་སྐྱ་སྦྲུལ་མགོ་བདུན་གྱིས་བསྐོར་བ་རྡོ་རྗེ་ཞགས་པ་འཛིན་པ། བྱང་དུ་ཨོཾ་བྷེ་ལས་རྣམ་ཐོས་སྲས་སེར་པོ་བེ་ཅོན་འཛིན་པ། གཡོན་ནེའུ་ལེ་ཐོགས་པའོ། །སྒོ་བཞིར་སྒོ་བ་བཞི་ཁྲོས་པའོ། །གཉིས་པ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང་། སློབ་མ་འཇུག་ཅིང་དབང་བསྐུར་བའི་ཆོ་གའོ། །དང་པོ་ལ་གཉིས་ཏེ། བྲི་ཞིང་ལྷ་དགོད་པ་དང་། སློབ་དཔོན་ཞུགས་ཏེ་བསྒྲུབ་པའོ། །དང་པོ་ནི། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་སོགས་སོ། །གཉིས་པ་ནི། དེ་ནས་རྡོ་རྗེའི་ཕྱག་རྒྱ་ཞེས་བྱ་བས་ཞེས་སོགས་སོ། །གཉིས་པ་སློབ་མ་འཇུག་ཅིང་དབང་བསྐུར་བའི་ཆོ་ག་ནི། དེ་ནས་སྔགས་མཁན་སྔགས་འདི་དང་། །ཞེས་སོགས་ཏེ། མེ་ཏོག་དོར་བའི་སྔགས་ནི་ཁྱད་པར་གྱི་ཆོས་སོ། །གསུམ་པ་དབང་བསྐུར་བའི་ཕན་ཡོན་ནི། རྒྱལ་པོ་མ་ཡིན་རྒྱལ་པོར་འགྱུར། །ཞེས་སོགས་སོ། །གཉིས་པ་ཕྱག་ན་རྡོ་རྗེ་ལ་ཕྱོགས་སྐྱོང་བཅུས་བསྐོར་བའི་དཀྱིལ་འཁོར་ལ་བཞི་སྟེ། སྔགས་ཀྱི་ཕྲེང་བ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་དང་། སྙིང་པོ་རྗེས་སུ་གནང་བ་བྱིན་ཏེ་བསྒྲུབ་པར་བསྟན་པ་དང་། ཕྱོགས་སྐྱོང་རྣམས་ཀྱིས་བསྟན་པ་བསྲུང་བར་ཁས་བླངས་པའོ། །དང་པོ་ནི། དེ་ནས་ཕྱོགས་སྐྱོང་བཅུ་རྣམས་ཀྱི། །ཞེས་སོགས་ཏེ་གཞལ་ཡས་ཁང་གི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཕྱག་རྡོར་སྔར་བཞིན་བསྐྱེད། ཤར་དུ་ཨོཾ་ཨི་ལས་བརྒྱ་བྱིན་སེར་པོ་གླང་པོ་ཆེ་ལ་ཞོན་པ་རྡོ་རྗེ་འཛིན་པ། ཐིག་ལེ་འཛིན་ཤ་རྩི་དང་། ཐིག་ལེ་མཆོག་གཉིས་དཀར་པོའོ། །ལྷོར་ཨོཾ་ཡ་ལས་གཤིན་རྗེ་སྔོན་པོ་མ་ཧེ་ལ་ཞོན་པ་དབྱུག་པ་ཐོགས་པ། རེ་མ་ཏི་ལག་ཆ་སྣ་ཚོགས་པ་ནག་པོ། ནུབ་ཏུ་ཨོཾ་བཾ་ལས་ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོན་པ་སྦྲུལ་ཞགས་འཛིན་པ། བྱང་དུ་ཨོཾ་ཀུ་ལས་གནོད་སྦྱིན་སེར་པོ་རྟ་ལ་ཞོན་པ་རིན་པོ་ཆེ་འཛིན་པ། བྱང་ཤར་དུ་ཨོཾ་ཨི་ལས་དབང་ཕྱུག་དཀར་པོ་གླང་ལ་ཞོན་པ་རྩེ་གསུམ་འཛིན་པ། ཤར་ལྷོར་ཨོཾ་ཨ་ལས་མེ་ལྷ་དམར་པོ་ར་ལ་ཞོན་པ་དབྱུག་གུ་འཛིན་པ། ལྷོ་ནུབ་ཏུ་ཨོཾ་རི་ལས་སྲིན་པོ་ནག་པོ་མི་ལ་ཞོན་པ་རལ་གྲི་འཛིན་པ། ནུབ་བྱང་དུ་ཨོཾ། ཨཾ་ལས་རླུང་ལྷ་ལྗང་ཁུ་ཤྭ་བ་ལ་ཞོན་པ་བ་དན་འཛིན་པ། ལྷོར་ཨོཾ་ཨ་ལས་ཉི་མ་དམར་པོ་རྟ་ལ་ཞོན་པ་ཉི་མ་འཛིན་པ། བྱང་དུ་ཨོཾ་སྭ་ལས་ཟླ་བ་དཀར་པོ་ངང་པ་ལ་ཞོན་པ་ཟླ་བ་འཛིན་པ། བྱང་ཤར་དུ་ཨོཾ་བྲ་ལས་ས་བདག་ཕག་མགོ་ཅན་སེར་པོ་ཕག་ལ་ཞོན་པ་པི་ཝཾ་འཛིན་པའོ་ཞེས་རྗེ་བཙུན་བཞེད་ལ། རྩ་སྐྱ་པས་གཞན་འདྲ་བ་ལས། ཨོཾ་ཨ་ལས། གཙོ་བོའི་མདུན་དུ་ཚངས་པ་དཀར་པོ་ཕྱག་བཞི་པ་གཡས་གཉིས་ན་གླེགས་བམ་དང་ཕྲེང་བ། གཡོན་མཆོག་སྦྱིན་དང་བུམ་པ་འཛིན་ཅིང་ངང་པ་ཆིབས་ནས། གཡས་སུ་ཉི་མ་དམར་པོ་པདྨ་ཉི་མས་བརྒྱན་པ་འཛིན་པ་དང་། གཡོན་དུ་ཟླ་བ་དཀར་པོ་ཀུ་མུ་ཏ་བསྣམས་པའོ། །ཨོཾ་བྲི་ལས་གཙོ་བོའི་རྒྱབ་ཏུ་སའི་ལྷ་མོ་སེར་མོ་བུམ་པ་འཛིན་ཅིང་ཕག་ལ་ཆིབས་ནས། གཡས་སུ་ལྷ་མ་ཡིན་ནག་པོ་གོ་ཆ་འཛིན་པ། གཡོན་དུ་ཀླུ་དཀར་པོ་སྦྲུལ་ཐོགས་པ་ཅན་བསྐྱེད་དོ། །ཞེས་བཞེད་དོ། །གཉིས་པ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང་། སློབ་མ་འཇུག་ཅིག་དབང་བསྐུར་བའི་ཆོ་གའོ། །དང་པོ་ལ་གཉིས་ཏེ། བྲི་ཞིང་ལྷ་དགོད་པ་དང་། ཞུགས་ཏེ་བསྒྲུབ་པའོ། །དང་པོ་ནི། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། ཞེས་སོགས་སོ། །གཉིས་པ་ནི། དེ་ནས་སྤྱན་དྲངས་ཏེ་ཀུན་ལ། །ཞེས་སོགས་སོ། །གཉིས་པ་ནི། སློབ་མ་རྣམས་ནི་གཞུག་པའི་ཕྱིར། །ཞེས་སོགས་སོ། །གསུམ་པ་ནི། དེ་ལ་ཕན་པར་འདོད་པ་ཡིས། །ཞེས་སོགས་སོ། །བཞི་པ་ལ་གཉིས་ཏེ། སྤྱིར་ཁས་བླངས་པ་དང་། བྱེ་བྲག་ཏུ་ཁས་བླངས་པའོ། །དང་པོ་ནི། དེ་ནས། དེ་དག་མགུ་ནས་འདི་སྐད་ཅེས་གསོལ་ཏེ་ཞེས་སོགས་སོ། །གཉིས་པ་ནི། དེ་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེས་ཞེས་སོགས་ཏེ། བརྒྱ་བྱིན་དང་མེ་ལྷ་གཉིས་ཀྱིས་ཁས་བླངས་པ་མི་སྣང་ངོ་། །གསུམ་པ་གཟའ་བརྒྱད་རྒྱུ་སྐར་དང་བཅས་པའི་དཀྱིལ་འཁོར་ལ་བཞི་སྟེ། སྔགས་ཀྱི་ཕྲེང་བ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། སྒྲུབ་པ་དང་། བསྟན་པ་བསྲུང་བར་ཁས་བླངས་པའོ། །དང་པོ་ནི། དེ་ནས་གཟའ་ཆེན་པོ་བརྒྱད་དང་འཁོར་རྒྱུ་སྐར་དང་བཅས་པ་རྣམས་ཀྱིས་ཀྱང་ཞེས་སོགས་ཏེ། རྩ་སྐྱ་པས་ཕྱིའི་དཀྱིལ་འཁོར་གྱི་ནང་དུ་ཟླུམ་པོར་ཆ་ཆེན་གཅིག་གི་ཚད་བསྐོར་བའི་དབུས་ལེ་ཚེ་དགུར་ཕྱེ་བའི་དབུས་ཀྱི་པད་ཉི་ལ་རྩ་རིག་དང་། མེ་ཉི་མའི་སྔགས་ཀྱིས་ཁམས་གསུམ་རྣམ་རྒྱལ་བསྐྱེད་པར་བཞེད་ལ། རྗེ་བཙུན་གྱིས། ཤར་དུ་ཨོཾ་ཤཱུ་ལས་པ་ཝ་སངས་དཀར་པོ་སྟན་ནང་ཚངས་ཅན་ལ་འདུག་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཤིང་ཐོག་ཐོགས་པ། ལྷོར་ཨོཾ་བྲི་ལས་ཕུར་བུ་དཀར་པོ་ཟླ་བ་ལ་གནས་པ་གཡས་པོ་ཏི་གཡོན་ཆོས་འཆད་པའི་ཚིག་འདྲེན་པའི་ཚུལ། སྟོད་གཡོགས་སེར་པོ་ཅན་ནོ། །ནུབ་ཏུ་ཨོཾ་སྭ་ལས་ཟླ་བ་དཀར་པོ་ཨུཏྤ་ལ་ཐོགས་པ་ངང་པ་ལ་ཞོན་པ། བྱང་དུ་ཨོཾ་ཕུ་ལས་གཟའ་ལྷག་སེར་པོ་གཡས་མཆོག་སྦྱིན་གཡོན་ཨུཏྤ་ལ་འཛིན་ལ། སྟན་ནང་ཚངས་ཅན་ནོ། །རླུང་དུ་ཨོཾ་ཨ་ལས་ཉི་མ་དམར་པོ་རྟ་ལ་ཞོན་པ་ཡ་ལད་གྱོན་པ་ལག་ན་པདྨ་འཛིན་པའོ། །དབང་ལྡན་དུ་ཨོཾ་སྭ་ལས་སྤེན་པ་མདོག་ནག་པོ་རྒྱན་མེད་པ། སྐྲ་བཤིག་པ། དབྱུག་ཐོ་ཐོགས་པ་སྟན་ནང་ཚངས་ཅན་ནོ། །ཤར་ལྷོར་ཨོཾ་ཨཾ་ལས་མིག་དམར་མདོག་དམར་པོ་གཡས་བུམ་པ་ཆུས་གང་བ། གཡོན་མགལ་མེ་འཛིན་པ་སྟན་ནང་ཚངས་ཅན་ནོ། །སྲིན་པོར་ཨོཾ་ཨ་ར་ལས་སྒྲ་གཅན་མདོག་དུད་ཁ་བཞིན་ཁྲོས་པ་མཆེ་བ་གཙིགས་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ། རྐེད་པ་མན་ཆད་སྦྲུལ་སྤྲིན་གསེབ་ན་འདུག་པ་དེ་དག་ནི་ལེ་དགུའི་ཕྱོགས་མཚམས་བརྒྱད་དོ། །དེའི་ཕྱི་རོལ་གྱི་ལྷ་སྣམ་ལ་ཕྱོགས་རེ་རེར་རྒྱུ་སྐར་བདུན་བདུན་གནས་པ་ནི། ཤར་དུ་སྨིན་དྲུག་དམར་པོ་བུམ་པ་ལ་གནས་པ། སྣར་མ་ལྗང་ཁུ་བ་དཀར་མོ་ལ་ཞོན་པ། མགོ་སེར་པོ་ཤྭ་བ་ལ་ཞོན་པ། ལག་དམར་པོ་སྦྲུལ་ལ་ཞོན་པ། ནམས་སོ་དམར་པོ་པདྨ་ལ་འདུག་པ། རྒྱལ་ལྗང་ཁུ་བུམ་པ་ལ་འདུག་པ། སྐག་ལྗང་ཁུ་བྱ་རོག་ལ་ཞོན་པ། ལྷོ་རུ་མཆུ་སེར་པོ་མེ་ཏོག་ལ་འདུག་པ། བྲེ་དཀར་པོ་པདྨོ་ལ་འདུག་པ། དབོ་ལྗང་ཁུ་ཁྲི་ལ་འདུག་པ། མེ་བཞི་སེར་པོ་གླང་ལ་ཞོན་པ། ནག་པ་ལྗང་ཁུ་རྨ་བྱ་ལ་ཞོན་པ། ས་རི་དམར་པོ་སྤྱང་མོ་ལ་ཞོན་པ། ས་ག་ལྗང་ཁུ་ར་དཀར་པོ་ལ་ཞོན་པ། ནུབ་ཏུ་ལྷ་མཚམས་སེར་པོ་བྱ་རོག་ལ་ཞོན་པ། སྣྲོན་དམར་པོ་སྟན་ནང་ཚངས་ཅན་ལ་འདུག་པ། སྣྲུབས་ལྗང་ཁུ་རུས་སྦལ་ལ་ཞོན་པ། ཆུ་སྟོད་སེར་པོ་སྟན་ནང་ཚངས་ཅན་ལ་འདུག་པ། ཆུ་སྨད་ལྗང་ཁུ་མིའི་སྙིང་ལ་འདུག་པ། བྱི་བཞིན་དཀར་པོ་སྟན་ནང་ཚངས་ཅན་ལ་འདུག་པ། གྲོ་ཞུན་སེར་པོ་མོན་སྐུད་ལ་འདུག་པ། བྱང་དུ་མོན་གྲུ་དམར་པོ་སྟན་ནང་ཚངས་ཅན་ལ་འདུག་པ། མོན་གྲེ་ལྗང་ཁུ་བ་ལ་ཞོན་པ། ཁྲུམས་སྟོད་ལྗང་ཁུ་གསེར་ཁྲི་ལ་འདུག་པ། ཁྲུམས་སྨད་སེར་པོ་གསེར་ཁྲི་ལ་འདུག་པ། ནམ་གྲུ་དམར་པོ་རྟ་ལ་ཞོན་པ། ཐ་སྐར་ལྗང་ཁུ་མིའི་སྙིང་ལ་འདུག་པ། བྲ་ཉེ་སེར་པོ་འཁོར་ལོ་ལ་འདུག་པའོ། །སྒོ་བཞིར་སྒོ་བ་བཞི་ཁྲོས་པའོ། །གཉིས་པ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང་། སློབ་མ་འཇུག་ཅིང་དབང་བསྐུར་བའི་ལས་སོ། །དང་པོ་ལ་གཉིས་ཏེ། བྲི་ཞིང་ལྷ་དགོད་པ་དང་། ཞུགས་ཏེ་སྒྲུབ་པའོ། །དང་པོ་ནི། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་སོགས་སོ། །གཉིས་པ་ནི། རྡོ་རྗེ་འཛིན་མས་ཞུགས་ནས་ནི། །ཞེས་སོགས་སོ། །གཉིས་པ་ནི། དེ་ནས་སློབ་མ་རྣམས་གཞུག་སྟེ། །ཞེས་སོགས་སོ། །དཀྱིལ་འཁོར་དུ་འཇུག་པ་དང་དམ་ཚིག་པ་བསྐྱེད་པ་དང་། མེ་ཏོག་དོར་བའི་སྔགས་གསུམ་ནི་ཁྱད་པར་རོ། །གསུམ་པ་ནི། གཟའ་ཐམས་ཅད་སྒྲུབ་པར་བྱའོ་ཞེས་པ་སྟེ་གཙོ་བོའི་སྔགས་ལ་བཏགས་ནས་བསྒྲུབ་པའོ། །བཞི་པ་ནི། དེ་ནས་གཟའ་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། ཞེས་སོགས་སོ། །བཞི་པ་ཀླུ་ཆེན་བརྒྱད་ཀྱི་དཀྱིལ་འཁོར་ལ་གསུམ་སྟེ། སྔགས་ཀྱི་ཕྲེང་བ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་ཕན་ཡོན་དང་བཅས་པ་དང་། དངོས་གྲུབ་ཀྱི་ཡེ་ཤེས་ལ་བསླབ་པའོ། །དང་པོ་ནི། དེ་ནས་ཀླུ་ཆེན་པོ་བརྒྱད་ཀྱི་ཕུཿཊ་ཅེས་བྱ་བའི་སྒྲས་ཞེས་སོགས་ཏེ། པདྨ་འདབ་བརྒྱད་ཀྱི་ལྟེ་བར་པུཎྱའི་སྔགས་ལ་ཕྱག་ན་རྡོ་རྗེ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པར་རྩ་སྐྱ་པས་བཤད་ལ། རྗེ་བཙུན་གྱིས་སྔོ་ལྗང་དུ་བཞེད་དོ། །འདབ་མ་བརྒྱད་ལ་ཤར་དུ་ཨོཾ་ཕུ་ལས་མཐའ་ཡས་སྔོན་པོ། ལྷོར་ཨོཾ་ཕ་ལས་འཇོག་པོ་དམར་པོ། ནུབ་ཏུ་ཨོཾ་ཕུཾ་ལས་སྟོབས་ཀྱི་རྒྱུ་ལྗང་ཁུ། བྱང་དུ་ཨོཾ་ཕ་ལས་རིགས་ལྡན་ཁྲ་བོ། ཤར་ལྷོར་ཨོཾ་ཕིཾ་ལས་ནོར་རྒྱས་དཀར་པོ། ལྷོ་ནུབ་ཏུ་ཨོཾ་ཕཱཾ་ལས་དུང་སྐྱོང་སེར་པོ། ནུབ་བྱང་དུ་ཨོཾ་ཕེཾ་ལས་པདྨ་དམར་པོ། བྱང་ཤར་དུ་ཨོཾ་ཕཱོུ་ལས་ཆུ་ལྷ་དཀར་པོ། སྦྲུལ་མགོ་བདུན་བདུན་གྱིས་བསྐོར་བ་ཆུང་མའི་མགུལ་ནས་འཁྱུད་པའོ། །ཆུང་མ་རྣམས་སྐུ་མདོག་ཡབ་དང་འདྲ་བ་ལ་ཨུཏྤ་ལ་འཛིན་པ། སྦྲུལ་མགོ་གསུམ་གསུམ་གྱིས་བསྐོར་བ་ཡབ་ལ་འཁྱུད་པའོ། །སྒོ་བ་བཞི་ནི་མ་བཤད་དོ། །གཉིས་པ་ལ་གཉིས་ཏེ། དབང་བསྐུར་བ་དང་། ཕན་ཡོན་ནོ། །དང་པོ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང་། སློབ་མ་གཞུག་ཅིང་དབང་བསྐུར་བའོ། །དང་པོ་ལ་གཉིས་ཏེ། བྲི་ཞིང་ལྷ་དགོད་པ་དང་། ཞུགས་ཏེ་སྒྲུབ་པའོ། །དང་པོ་ནི། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་སོགས་སོ། །གཉིས་པ་ནི། དེ་ནས་རྡོ་རྗེའི་བདག་ཉིད་ཞུགས། །ཞེས་སོགས་སོ། །གཉིས་པ་ནི། དེ་ནས་བུ་ནི་རྒྱལ་པོ་དང་། །ཞེས་སོགས་སོ། །གཉིས་པ་ཕན་ཡོན་ནི། དེ་ནས་མིང་ཙམ་བརྗོད་པས་ཀྱང་། །ཞེས་སོགས་སོ། །གསུམ་པ་དངོས་གྲུབ་ཀྱི་ཡེ་ཤེས་བསྟན་པ་ནི། དེ་ནས་སྒྲུབ་པ་བཤད་དེ། ཞེས་སོགས་སོ། །ལྔ་པ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ལ་གསུམ་སྟེ། སྔགས་ཀྱི་ཕྲེང་བ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མར་དབང་བསྐུར་བ་དང་། དངོས་གྲུབ་ཀྱི་ཡེ་ཤེས་ལ་བསླབ་པའོ། །དང་པོ་ནི། དེ་ནས་ལྷ་ཆེན་པོ་རྣམས་ཀྱི་བདག་པོ་འཇིགས་པར་བྱེད་པ་ཆེན་པོ་ཞེས་སོགས་ཏེ། གཞལ་ཡས་ཁང་གི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་པད་ཉི་ལ་མེ་ཉི་མའི་སྔགས་ཀྱིས་ཁམས་གསུམ་རྣམ་རྒྱལ། ཤར་དུ་ཨོཾ་བྷཻ་ར་ལས་འཇིག་བྱེད་ཆེན་པོ་སྐུ་མདོག་སྔོ་ནག་གཡས་གྲི་གུག་གཡོན་ཐོད་པ། སྤྱན་གསུམ་པ། མཆེ་བ་གཙིགས་པ། གླང་པོ་ཆེའི་ཀོ་རློན་གྱོན་པ། དབུ་ལ་ཐོད་པ་ཟླ་ཚེས་ཀྱིས་བརྒྱན་པ་མཚན་མ་བཙུན་མོ་ལ་བསྟན་པ། ཡུམ་དབུ་མ་ཨོཾ་བྷཻ་ར་བྷེ་སྭཱཧཱ་ལས་དཀའ་ཐུབ་བཟློག་པའི་ཚུལ་སྐུ་མདོག་ཕྱག་མཚན་གཙོ་བོ་དང་འདྲ། གྷ་ག་དཀར། ཡ་མི་ནི་ལྗང་། དཔལ་མོ་སེར། འཇིགས་བྱེད་དཀར། རྫོང་གི་ལྷ་མོ་དམར། སྟོབས་བཟང་མ་དཀར། ཀུ་མཱ་རི་དམར་སྐྱ་ཅི་བདེ་བའི་ལག་ཆ་འཛིན་པའོ། །ཡང་ཤར་དུ་ཨོཾ་ཕུ་སྭཱཧཱ། ལས་ལྷ་ཆེན་ཁྲོས་པ་དཀར་པོ་ཡུམ་དང་བཅས་པའོ། །ལྷོར་ཨོཾ་བྷཻ་སྭཱཧཱ་ལས་བརྒྱ་བྱིན་ཁྲོས་པ་སེར་པོ་ཡུམ་ཐིག་ལེ་འཛིན་ཤ་རྩི་དང་། ཐིག་ལེ་མཆོག་གཉིས་དཀར་མོའོ། །ནུབ་ཏུ་ཨོཾ་བྷཻ་སྭཱཧཱ་ལས་ཚངས་པ་ཁྲོས་པ་དམར་པོ། ཡུམ་ཚངས་མ་དང་དབྱངས་ཅན་གཉིས་འཁོར་ཚངས་མ་བརྒྱད་དང་བཅས་པ། བྱང་དུ་ཨོཾ་བྷི་སྭཱཧཱ་ལས་ཁྱབ་འཇུག་ཁྲོས་པ་སྔོན་པོ། ཡུམ་ནོར་རྒྱུན་མ་དང་དབྱངས་ཅན་གཉིས་སེར་དང་དཀར་བའོ། །ཤར་ལྷོར་ཨོཾ་བྷཻ་སྭཱཧཱ་ལས་འདོད་པའི་རྒྱལ་པོ་ཁྲོས་པ་དམར་པོ་ཡུམ་དང་བཅས་པ། ལྷོ་ནུབ་ཏུ་ཨོཾ་བྷཽ་སྭཱཧཱ་ལས་ཚོགས་བདག་ཁྲོས་པ་དུད་ཁ་ཡུམ་དང་བཅས་པ། ནུབ་བྱང་དུ་ཨོཾ་བྷྲྀ་སྭཱཧཱ་ལས་བྷྲྀཾ་གི་རི་ཏི་ཁྲོས་པ་སྔོ་སྐྱ་ཆུང་མ་དང་བཅས་པ། བྱང་ཤར་དུ་ཨོཾ་བྷ་སྭཱཧཱ་ལས་སྨིན་དྲུག་ཁྲོས་པ་ཆུང་མ་དང་བཅས་པའོ། །སྒོ་བཞིར་སྒོ་བ་བཞི་ཁྲོས་པ་ནི་སྔར་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང་། སློབ་མ་གཞུག་ཅིང་དབང་བསྐུར་བའོ། །དང་པོ་ལ་གཉིས་ཏེ། བྲི་ཞིང་ལྷ་དགོད་པ་དང་། ཞུགས་ཏེ་བསྒྲུབ་པའོ། །དང་པོ་ནི། དེ་དག་གི་དཀྱིལ་འཁོར་བཤད་དེ། ཞེས་སོགས་སོ། །གཉིས་པ་ནི། དེ་ནས་ལྕགས་ཀྱུ་ལ་སོགས་པས། །ཞེས་སོགས་སོ། །གཉིས་པ་ནི། དེ་ནས་འཇིག་རྟེན་གསུམ་རྒྱལ་གྱིས། །ཞེས་སོགས་སོ། །གསུམ་པ་ནི། དེ་ནས་ལས་རྣམས་སྦྱིན་བྱ་སྟེ། །ཞེས་སོགས་སོ། །དྲུག་པ་ལྷ་ཆེན་བརྒྱད་ཀྱི་དཀྱིལ་འཁོར་ལ། སྔགས་ཀྱི་ཕྲེང་བ་དང་། རྡུལ་མཚོན་གྱི་དཀྱིལ་འཁོར་དུ་སློབ་མ་ལ་དབང་བསྐུར་བ་དང་། དངོས་གྲུབ་ཀྱི་ཡེ་ཤེས་ལ་བསླབ་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དུ་ཞུགས་པ་ལས་དངོས་གྲུབ་གསོལ་བར་བསྟན་པའོ། །དང་པོ་ནི། དེ་ནས་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་རྣམས་ཀྱིས། ཞེས་སོགས་ཏེ། དཀྱིལ་འཁོར་གྱི་ནང་དུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་པད་ཉི་ལ་འཇིག་རྟེན་གསུམ་རྒྱལ་སྔར་བཞིན། ཤར་དུ་ཨོཾ་རུ་ལས་དབང་ཕྱུག་ཆེན་པོ་སྔོ་སྐྱ་གླང་ལ་ཞོན་ཅིང་ཟླ་བ་ཕྱེད་པའི་ཅོད་པཎ་ཅན། ཕྱག་བཞིའི་གཡས་དང་པོས་ཨུ་མ་ལ་འཁྱུད་ཅིང་། གཉིས་པ་རྡོ་རྗེ་རྩེ་གསུམ་དང་ལྡན་པའི་མཆོག་སྦྱིན། གཡོན་དང་པོས་མདུང་རྩེ་གསུམ་པ། གཉིས་པས་རལ་གྲི་འཛིན་པའོ། །ནུབ་ཏུ་ཨོཾ་ཨོཾ་ལས་ངང་པའི་སྟེང་དུ་ཚངས་པ་སེར་པོ་གདོང་བཞི་པ་དང་། རྡོ་རྗེ་ཞི་བ་མ་ནི་གཡས་གཉིས་ཀྱིས་རྡོ་རྗེ་དང་བགྲང་ཕྲེང་། གཡོན་གཉིས་ཀྱིས་དབྱུག་པ་དང་སྤྱི་བླུགས་འཛིན་པ། བྱང་དུ་ཨོཾ་བྷི་ལས་ཁྱབ་འཇུག་ནག་པོ་དང་། ཡུམ་རྡོ་རྗེ་གསེར་ནི་སེར་མོ་ནམ་མཁའ་ལྡིང་གི་སྟེང་ན་ཕྱག་བཞིའི་གཡས་གཉིས་ཀྱིས་དབྱུག་པ་དང་རྡོ་རྗེ་འཛིན་པ། གཡོན་གཉིས་དུང་དང་འཁོར་ལོ་འཛིན་པའོ། །ལྷོར་ཨོཾ་ཨི་ལས་བརྒྱ་བྱིན་དང་། ཁུ་ཚུར་མ་ནི་སེར་སྐྱ་གླང་ཆེན་ལ་ཞོན་པ་གཡས་རྡོ་རྗེ་རྩེ་ལྔ་པ། གཡོན་རྡོ་རྗེ་རྩེ་གསུམ་པ་འཛིན་པའོ། །ཤར་ལྷོར་ཨོཾ་ཀཾ་ལས་འདོད་པའི་དབང་ཕྱུག་དཀར་པོ་ཕྱག་གཉིས་རལ་གྲི་དང་གཤོལ་མདའ་འཛིན་པའོ། །ལྷོ་ནུབ་ཏུ་ཨོཾ་ག་ལས་ཚོགས་བདག་དཀར་པོ་གླང་པོ་ཆེའི་ཞལ་ཅན་ཕྱག་གཡས་གཉིས་ཀྱིས་རྩེ་གསུམ་དང་ལ་དུ། གཡོན་གཉིས་ཀྱིས་དགྲ་སཏྭ་དང་ལ་ཕུག་འཛིན་པ་ནི་བྱི་བའི་གདན་ལའོ། །བྱང་ཤར་དུ་ཨོཾ་བྷྲི་ལས་རྡོ་རྗེ་གཞོན་ནུ་དང་། ཡུམ་ནི་དམར་མོ་ཞལ་དྲུག་པ་ཕྱག་གཡས་གཉིས་ཀྱིས་མདུང་དང་རྡོ་རྗེ་འཛིན་པ། གཡོན་གཉིས་ཀྱིས་ཁྱིམ་བྱ་ཅན་རྨ་བྱའི་གདན་ལ་བཞུགས་པའོ། །ནུབ་བྱང་དུ་ཨོཾ་ཀ་ལས། བྷྲིང་གི་རི་ཏི་ནག་པོ་རྔ་ལ་ཞོན་ཅིང་ཕྱག་གཉིས་ཀྱིས་རྔ་བརྡུང་བའོ། །སྒོ་བ་བཞི་ཁྲོས་པ་སྔར་གྱི་ས་བོན་ལས་བསྐྱེད་པ་སྟེ་ལྷ་བཅུ་གསུམ་མོ། །གཉིས་པ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང་། སློབ་མ་གཞུག་ཅིག་དབང་བསྐུར་བའོ། །དང་པོ་ལ་གཉིས་ཏེ། བྲི་ཞིང་ལྷ་དགོད་པ་དང་། ཞུགས་ཏེ་བསྒྲུབ་པའོ། །དང་པོ་ནི། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་སོགས་སོ། །གཉིས་པ་ནི། དེ་ནས་ཞུགས་ནས་ལྷ་རྣམས་ནི། །ཞེས་སོགས་སོ། །གཉིས་པ་ནི། དེ་ནས་རྡོ་རྗེ་འཛིན་མའི་ཞེས་སོགས་ཏེ། མེ་ཏོག་དོར་བའི་སྔགས་ནི་འདིའི་ཁྱད་པར་རོ། །གསུམ་པ་ནི། དེ་ནས་ལྷ་རྣམས་གང་དགའ་བའི། །ཞེས་སོགས་ཏེ། གང་ཕྱིར་མཆོག་ནི་ཁྱོད་ལ་སྦྱིན། །ཞེས་པས་མཆོག་གི་དངོས་གྲུབ་སྦྱིན་ནུས་པར་བསྟན་ལ། གལ་ཏེ་དེ་ནི་ཐུན་མོང་གི་དངོས་གྲུབ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ལ་དགོངས་སོ་སྙམ་ན་མ་ཡིན་ཏེ། ལྷ་ལ་མཆོག་ནི་གསོལ་བ་གདབ། །ཅེས་པ་ལ་སོགས་པ་དང་། ལྷ་རྫས་ཁུ་བ་བྲོ་བརྡུང་དང་། །མི་སྣང་བ་དང་མཁའ་འགྲོ་དང་། །རིལ་བུ་རྫས་དང་རྒྱལ་ལ་སོགས། །ཡིད་འདོད་ཚད་མེད་གསོལ་བ་གདབ། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ནི། དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པས་ཞེས་སོགས་ཏེ། འདིར་ཡང་སྒྲིབ་པ་མ་མཆིས་པའི་ལམ་བསྟན་པར་བགྱིའོ་ཞེས་པ་ནས་རྡོ་རྗེ་འཛིན་པ་ཉིད་དུ་འགྲུབ་པའི་ལམ་བསྟན་པར་བགྱིའོ་ཞེས་པའི་བར་གྱིས་འདི་དག་འཇིག་རྟེན་པ་རང་རྒྱུད་པ་ཡིན་པ་བཀག་སྟེ། འཇིག་རྟེན་པ་རང་རྒྱུད་པ་ལ་འདི་དག་བསྟན་པའི་ནུས་པ་ག་ལ་ཡོད། གསུམ་པ་ཚེ་དཔག་མེད་གསུང་གི་དཀྱིལ་འཁོར་ལ་གཉིས་ཏེ། གླེང་བསླང་བ་དང་རྒྱུད་ཀྱི་གཞུང་བསྟན་པའོ། །དང་པོ་ལ་གཉིས་ཏེ། སྟོན་པས་གླེང་བསླང་བ་དང་། འཁོར་གྱི་གླེང་བསླང་བའོ། །དང་པོ་ནི་དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་ཀྱིས་དཀྱིལ་འཁོར་ཀུན་ཏུ་གཟིགས་ནས་ཞེས་སོགས་སོ། །གཉིས་པ་ནི། དེ་ནས་ཞེས་སོགས་སོ། །གཉིས་པ་རྒྱུད་ཀྱི་གཞུང་ལ་བཞི་སྟེ། སྔགས་ཀྱི་ཕྲེང་བ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་ལ་དབང་བསྐུར་བ་དང་། ངན་སོང་དུ་སྐྱེ་བ་དང་སྐྱེས་ཟིན་པའི་སྡིག་པ་སྦྱོང་བ་དང་། རྒྱུད་ཀྱི་ཆེ་བ་བསྟན་པའོ། །དང་པོ་ནི། དེ་ནས་ཚངས་པ་ལ་སོགས་པ་ལྷ་རྣམས་ཤིན་ཏུ་མང་བར་གྱུར་ནས་ཞེས་སོགས་ཏེ། གཞལ་ཡས་ཁང་གི་ནང་དུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་པད་ཟླ་ལ། ཨོཾ་བྷྲཱུྃ་སྭཱཧཱ་ལས་ཚེ་དཔག་མེད་དཀར་དམར་གཡོན་ཏིང་ངེ་འཛིན་ཅན་གཡས་སྐྱབས་སྦྱིན་གྱིས་བུམ་པ་འཛིན་པའོ། །ཤར་དུ་ཨོཾ་དྷྲཱིཾ་སྭཱཧཱ་ལས་ཕྱག་རྡོར་དཀར་ལྗང་རྡོ་རྗེ་དང་དྲིལ་བུ་འཛིན་པ། བྱང་དུ་ཨོཾ་ཀྲུཾ་སྭཱཧཱ་ལས་ཁམས་གསུམ་རྣམ་རྒྱལ་སྔོ་སྐྱ་གཡས་རྡོ་རྗེ་དབྱུག་པ། གཡོན་སྡིག་མཛུབ་ཅན། ལྷོར་ཨོཾ་ཏྲཾ་སྭཱཧཱ་ལས་ནམ་སྙིང་སྔོ་སྐྱ་གཡས་རིན་པོ་ཆེ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ནུབ་ཏུ་ཨོཾ་ཧྲཱིཿསྭཱཧཱ། ལས་སྤྱན་རས་གཟིགས་དམར་སྐྱ་གཡས་པདྨ། གཡོན་མི་འཇིགས་པ་སྦྱིན་པ། བདུག་སོགས་བཞི་དང་། སྒོ་བ་བཞི་ནི་ཀུན་རིག་བཞིན་ཏེ་ལྷ་བཅུ་གསུམ་མོ། །གཉིས་པ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང་། སློབ་མ་གཞུག་ཅིང་དབང་བསྐུར་བ་ཡན་ལག་དང་བཅས་པའོ། །དང་པོ་ལ་གཉིས་ཏེ། བྲི་ཞིང་ལྷ་དགོད་པ་ལ་སོགས་པ་དང་། ཞུགས་ཏེ་སྒྲུབ་པ་ལ་སོགས་པའོ། །དང་པོ་ནི། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ། ཞེས་སོགས་ཏེ། བུམ་པ་ལྔ་དང་བརྒྱད་ནི་དབང་བུམ་དང་མཆོད་བུམ་ཡིན་ལ། བདུག་པ་ལ་སོགས་ནི་མཆོད་རྫས་ཏེ། ལས་ཐམས་ཅད་པའི་སྔགས་ཀྱིས་བཏབ་པ་ནི་ཁམས་གསུམ་རྣམ་རྒྱལ་གྱི་སྔགས་སོ། །མཆོད་པ་ལ་སོགས་པ་བཞག་སྟེ་ཞེས་པ་ནི་བདུག་སོགས་བཞི་གྲྭ་བཞིར་དགོད་པའོ། །གཉིས་པ་ནི། དེ་ནས་སྔགས་མཁན་བདག་ཉིད་ཞུགས་ལ་ཞེས་སོགས་ཏེ། སྔགས་མཁན་ཞེས་པ་གོང་འོག་ཏུ་མང་དུ་འབྱུང་བ་རྣམས་ཀྱིས་ནི། མདུན་བསྐྱེད་མ་བསྒྲུབ་པའི་གོང་དུ་བདག་བསྐྱེད་བསྒོམ་པ་བསྟན་སྙམ་མོ། །འདིར་མདུན་བསྐྱེད་བསྒྲུབས་པའི་རྗེས་སུ་བདག་ཉིད་དབང་བསྐུར་ཞིང་། མདུན་བསྐྱེད་ལ་དམིགས་པའི་བཟླས་པ་བྱ་བར་གསུངས་པ་ནི་གོང་འོག་ཀུན་ལ་སྦྱར་བར་བྱའོ། །གཉིས་པ་ལ་བཞི་སྟེ། སློབ་མ་གཞུག་ཅིང་དབང་བསྐུར་བ་དང་། བླ་མ་ལ་ཡོན་དབུལ་བ་དང་། དངོས་གྲུབ་ཀྱི་ཡེ་ཤེས་དང་། དབང་བསྐུར་བའི་ཕན་ཡོན་བསྟན་པའོ། །དང་པོ་ནི། དེ་ནས་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ་ཞེས་སོགས་ཏེ། བདག་འཇུག་གི་རྗེས་སུ་བདག་མདུན་ཐ་མི་དད་དུ་བསྒྲུབ་ཚུལ་འདི་ནི་འདས་པའི་དཀྱིལ་འཁོར་ཀུན་ལ་སྦྱར་བར་བྱའོ། །འདིར་ཨོཾ་བཛྲ་དྷ་ར་ཞེས་སོགས་ནི་འཇུག་པའི་ཚེ་མེ་ཏོག་གཟུང་བའི་སྔགས་ཀྱང་ཡིན་ལ། ཨོཾ་ཏ་ཐཱ་ག་ཏ་ཞེས་སོགས་ནི་མེ་ཏོག་འདོར་འཆིང་གཉིས་ཀའི་སྔགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཞེས་སོགས་ནི་ཆུ་དབང་གི་སྔགས་སོ། །དེ་དག་དང་། དམ་ཚིག་དང་། བཀའི་དབང་བསྐུར་བ་དང་། ལས་ཀྱི་དབང་བསྐུར་བ་རྣམས་ནི་འདིའི་ཁྱད་ཆོས་སོ། །གཉིས་པ་ནི། དེ་ནས་བླ་མ་བླ་མའི་ཕྱིར། །ཞེས་སོགས་སོ། །གསུམ་པ་ནི། དེ་ནས་བྱང་ཆུབ་བར་དུ་ནི། །ཞེས་སོགས་ཏེ། ཆོས་རྣམས་ཐམས་ཅད་དངོས་མེད་པ། །སེམས་ཀྱིས་བསྒོམས་པ་བྱས་ནས་ཀྱང་། །ཞེས་པས་སྣོད་བཅུད་སྟོང་ཉིད་དུ་བསྒོམ་པ་བསྟན། ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །ཞེས་པས་ནི་གདན་གྱི་ཟླ་བ་བསྟན་ལ། དེའི་འོག་ཏུ་པདྨ་ནི་གླེང་བཞིར་བསྟན་ཟིན་ཏོ། །རང་གི་ས་བོན་དེ་དབུས་སུ། །བསམས་ནས་ཞེས་དང་། དམ་ཚིག་གི་ཕྱག་རྒྱ་ཡང་། བསམ་ཞིང་ཞེས་པས་ནི་རྡོ་རྗེ་སེམས་དཔའ་དང་། དཀྱིལ་འཁོར་གྱི་གཙོ་བོ་གང་བསྐྱེད་པ་དེའི་ས་བོན་དང་། དེ་ལས་ཕྱག་མཚན་དུ་གྱུར་པ་བསྟན། དེ་བཞིན་དེ་ཉིད་དུ་ཞེས་པས་ནི་ཕྱག་མཚན་ལ་ས་བོན་གྱིས་མཚན་པ་བསྟན། སྒྲུབ་པ་པོས་ནི་བསྒྱུར་བར་བྱ། །ལྷ་ཡི་རྣལ་འབྱོར་ཚུལ་དུ་བསྒྱུར། །ཞེས་པས་ནི་དེ་ལས་ལྷའི་སྐུར་བསྒོམ་པ་བསྟན། དེ་ནས་རང་གི་ས་བོན་དང་། །ཕྱག་རྒྱས་ཕྱག་རྒྱ་དེ་བྱིན་བརླབ། །ཅེས་པས་ནི། ཤཱཀ་ཐུབ་ནས་འབྱུང་བའི་སྔགས་དང་ཕྱག་རྒྱས། གནས་གསུམ་བྱིན་གྱིས་བརླབ་པ་བསྟན། ལྟག་འོག་གོ་རིམ་ཇི་བཞིན་དུ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །ཞེས་པས་གནས་ལྔར་དབང་བསྐུར་བ་བསྟན་ནོ། །འདི་བདག་བསྐྱེད་ཡིན་པ་ནི། །དེ་ནས་ང་རྒྱལ་བསྐྱེད་པ་དང་། །ཞེས་པས་ཤེས་སོ། །བཞི་པ་ནི། དེ་ནས་ཚངས་པ་ལ་སོགས་པའི་ལྷ་ཆེན་པོ་རྣམས་ཀྱིས་ཞེས་སོགས་སོ། །གསུམ་པ་ངན་སོང་དུ་སྐྱེ་བ་དང་སྐྱེས་ཟིན་པའི་སྡིག་པ་སྦྱོང་བ་ལ་གཉིས་ཏེ། ལྷ་རྣམས་ཀྱིས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དང་པོ་ནི། དེ་ནས་ལྷ་དེ་དག་གིས་དེ་བཞིན་དུ་ཕྱག་འཚལ་ནས། ཞེས་སོགས་སོ། །གཉིས་པ་ལ་གཉིས་ཏེ། ཚེ་འདས་ལ་སྦྱང་བ་དང་། ཚེ་ལྡན་ལ་སྦྱང་བའོ། །དང་པོ་ལ་གསུམ་སྟེ། དབང་བསྐུར་བས་སྡིག་པ་སྦྱོང་བ་དང་། བཟླས་པས་སྦྱང་བ་དང་། སྦྱིན་སྲེག་གིས་སྦྱང་བའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ཀྱེ་ལྷ་ཡི་བུ་རྣམས་དེ་དག་ནི། །ཞེས་སོགས་སོ། །གཉིས་པ་ནི། ཀྱེ་ལྷའི་བུ་རྣམས་ངན་སོང་དུ་སྐྱེས་ཟིན་པ་ཞེས་སོགས་ཏེ། མཆོད་རྟེན་དང་རང་གི་ལྷའི་སྐུ་ནི་རུས་པ་ལ་བཏབ་པ་སྟེ། རྟེན་བསྐྱེད་ནས་དབང་བསྐུར་བའོ། །རིགས་མཐུན་པ་དང་བུ་ལ་སོགས་པ་ནི་རྟེན་བསྐྱེད་དུ་མི་རུང་གི ཚེ་འདས་དེའི་ཆེད་དུ་དེ་དག་ལ་དབང་བསྐུར་བའོ། །གཉིས་པ་ནི། ལྷའི་བུ་རྣམས་དེའི་མིང་ནས་སྨོས་ཏེ། ཞེས་སོགས་སོ། །གསུམ་པ་ལ་བཞི་སྟེ། ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་དོ། །དང་པོ་ནི། ལྷ་ཡི་བུ་རྣམས་ཞི་བ་ཡི། །ཞེས་སོགས་སོ། །གཉིས་པ་ནི། དེ་ནི་བདེ་འགྲོར་སྐྱེས་ནས་ཀྱང་། །ཞེས་སོགས་སོ། །གསུམ་པ་ནི། དེ་ནས་ཕན་ཕྱིར་ངེས་པར་ཡང་། །ཞེས་སོགས་སོ། །བཞི་པ་ནི། དེ་ལ་གདོན་རྣམས་གཞོམ་པ་ནི། །ཞེས་སོགས་ཏེ། མངོན་པར་རྟོགས་པ་རྣམས་ཀུན་རིག་གི་སྐབས་སུ་བསྟན་ཟིན་ནོ། །གཉིས་པ་ཚེ་ལྡན་ལ་སྦྱང་བ་ནི། གོ་རིམ་འདི་དག་ཉིད་ཀྱིས་ནི། །ཞེས་སོགས་ཏེ། རོ་བསྲེག་པ་དང་། རུས་བུའི་སཱཙྪ་མ་གཏོགས་པ་སྡིག་སྦྱོང་གི་སྒོ་ཐམས་ཅད་གསོན་པོ་ལ་ཡང་འཇུག་པར་ཤེས་པར་བྱའོ། །བཞི་པ་རྒྱུད་ཀྱི་ཆེ་བ་བསྟན་པ་ལ་བཞི་སྟེ། རྒྱུད་བྲིས་པའི་ཕན་ཡོན། མངའ་གསོལ་བའི་ཕན་ཡོན། རྒྱུད་བཤད་པའི་ཕན་ཡོན། དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན་ནོ། །དང་པོ་ནི། དེ་ནས་ཚངས་པ་ལ་སོགས་པའི་ལྷའི་བུ་རྣམས་ཡིད་མགུ་ནས་ཞེས་སོགས་སོ། །གཉིས་པ་ནི། གང་གིས་བརྟགས་པའི་རྒྱལ་པོ་འདི་དད་པས་ཞེས་སོགས་སོ། །གསུམ་པ་ནི། བདག་ཅག་ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱིས་ཞེས་སོགས་སོ། །བཞི་པ་ནི། བཅོམ་ལྡན་འདས་དཀྱིལ་འཁོར་དུ་ཞུགས་ཏེ། དབང་བསྐུར་བ་གང་ལགས་པ་དེ་དག་ཀྱང་ཞེས་སོགས་སོ། །བཞི་པ་འཁོར་ལོས་སྒྱུར་བ་ཡོན་ཏན་གྱི་དཀྱིལ་འཁོར་ལ་བཞི་སྟེ། སྔགས་ཀྱི་ཕྲེང་བ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མར་དབང་བསྐུར་བ་དང་། དངོས་གྲུབ་ཀྱི་ཡེ་ཤེས་དང་། ཕྱག་རྒྱའི་ཡེ་ཤེས་སོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསང་སྔགས་དང་། རིག་པ་དང་། ཞེས་སོགས་ཏེ། གཞལ་ཡས་ཁང་གི་ནང་དུ་འཁོར་ལོ་རྩིབས་བཞི་པ་སྔོན་པོའི་ཕྱིར་ལྷ་སྣམ་རིམ་པ་བརྒྱད་བྱས་པའི་དབུས་ཀྱི་པད་ཟླ་ལ། ཨོཾ་བྷྲཱུྃ་དྷྲུྃ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའམ། ཨོཾ་བཛྲ་པཱ་ཎི་ཧྲཱིཿཏ་ཏིཥྚ་ཧཱུྃ་ལས་ཀུན་བཟང་སེར་པོ་རིན་པོ་ཆེའི་སྙེ་མ་འཛིན་པའམ། ཨོཾ་ཧཱུྃ་ཨ་ལས་བདེ་བ་ཆེན་པོ་དམར་པོ་མདའ་གཞུ་འཛིན་པ་གང་མོས་སུ་བསྐྱེད། ཤར་དུ་ཨོཾ་བཛྲ་ཧཱུྃ་ཕཊ་ལས་ཕྱག་ན་རྡོ་རྗེ་དཀར་སེར་རྡོ་རྗེ་དྲིལ་བུ་འཛིན་པ། ལྷོར་ཨོཾ་དྷྲི་ཌ་བཛྲ་ཧཱུྃ་ཕཊ་ལས་རྡོ་རྗེ་རིན་ཆེན་སེར་པོ་རཏྣ་འཛིན་པ། ནུབ་རྩིབས་ལ་ཨོཾ་བཛྲ་ཧཱུྃ་ཧྲཱིཿལས་རྡོ་རྗེ་ཆོས་དམར་སྐྱ་པད་སྡོང་འཛིན་པ། བྱང་དུ་ཨོཾ་བཛྲ་ཧཱུྃ་ཨ་ལས་རྡོ་རྗེ་ལས་ལྗང་སེར་ཕྱག་གཡས་སྣ་ཚོགས་རྡོ་རྗེ་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ལྷ་སྣམ་གཉིས་པའི་ཕྱོགས་བཞིར་སེམས་དཔའ་བཅུ་དྲུག་ཀུན་རིག་བཞིན་བསྐྱེད། སྒོ་བ་བཞི་ཡང་བསྐྱེད་དེ་རྩ་བའི་ལྷ་ཉེར་ལྔར་རྩ་སྐྱ་པ་བཞེད་ལ། འཛིམ་པ་རིན་ཤེར་ནི་སྒེག་སོགས་བརྒྱད་ཀྱང་འདོད་པ་ནི་གཞུང་ན་མི་གསལ་ལོ། །མགྲོན་ཐབས་ཀྱི་ལྷ་ནི། ལྷ་སྣམ་དང་པོ་ལ་སངས་རྒྱས་རབ་བདུན། ཤཱཀ་ཐུབ་དང་བརྒྱད་བྲི་གསུང་ཡང་། ཤཱཀྱ་ཐུབ་པ་ཉིད་བདུན་གྱི་ཁོངས་སུ་གཏོགས་པས་དཔེ་མ་དག་པ་འདྲའོ། །རྩ་སྐྱ་པ་དང་། འཛིམ་པས་སངས་རྒྱས་རབ་བདུན། རིགས་ལྔ་དང་བཅུ་གཉིས་ཕྱོགས་རེ་རེར་བཀོད། ཤར་དུ་རྣམ་སྣང་མི་བསྐྱོད་པ། རྣམ་གཟིགས་དེས་འགྲེའོ། །གསུམ་པ་ལ་བསྐལ་བཟང་བཅུ་དྲུག བཞི་པ་ལ་ཉན་ཐོས་བཅུ་དྲུག རང་རྒྱལ་བཅུ་གཉིས། ལྔ་པ་ལ་ལྷ་ཆེན་བརྒྱད། དྲུག་པ་ལ་གཟའ་བརྒྱད་རྒྱུ་སྐར་དང་བཅས་པའོ། །བདུན་པ་ལ་རྒྱལ་པོ་བཞི་དང་ཀླུ་ཆེན་པོ་བརྒྱད་བྲི། བརྒྱད་པ་ལ་ཕྱོགས་སྐྱོང་བཅུ། གྲྭ་བཞིའི་ཤར་ལྷོ་དམྱལ་བ། སྲིན་པོར་བྱ། རླུང་དུ་ཕག འབྱུང་པོར་རྩངས་པ་རྣམས་སོ། །གཉིས་པ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང་། སློབ་མ་གཞུག་ཅིང་དབང་བསྐུར་བའོ། །དང་པོ་ལ་གཉིས་ཏེ། བྲི་ཞིང་ལྷ་དགོད་པ་ལ་སོགས་པ་དང་། ཞུགས་ཏེ་སྒྲུབ་པའོ། །དང་པོ་ནི། དེ་ནས་དེ་དག་གི་དཀྱིལ་འཁོར་བཤད་དེ་ཞེས་སོགས་སོ། །གཉིས་པ་ནི། དེ་ནས་སྔགས་མཁན་ཉིད་ཀྱིས་ནི། །ཞེས་སོགས་ཏེ། འདིར་སྤྱན་དྲངས་པའི་རྗེས་སུ་སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བླང་བ་གསལ་ལོ། །གཉིས་པ་ལ་གསུམ་སྟེ། སློབ་མའི་མཚན་ཉིད་དང་། གཞུག་ཅིང་དབང་བསྐུར་བ་དངོས་དང་། བླ་མ་ལ་ཡོན་དབུལ་ཞིང་བཀའ་ནོད་པའོ། །དང་པོ་ནི། སྡོམ་གནས་དམ་ཚིག་ལྡན་པ་དང་། །ཞེས་སོགས་ཏེ། སློབ་མའི་མཚན་ཉིད་འདི་ནི་གོང་འོག་ཀུན་ཏུ་ཤེས་པར་བྱའོ། །གཉིས་པ་ནི། སྔགས་འདི་ཡིས། བྱང་ཆུབ་ཏུ་སེམས་བསྐྱེད་ལ། ཞེས་སོགས་ཏེ། ཡེ་ཤེས་དབབ་པའི་སྔགས་ནི་གཞན་དང་ཐུན་མོང་བ་ཡིན་ལ། གཞན་རྣམས་ནི་འདིའི་ཁྱད་ཆོས་སོ། །གསུམ་པ་ནི། དེ་ནས་བདག་གི་ལུས་ལ་སོགས་པ། །ཞེས་སོགས་སོ། །གསུམ་པ་དངོས་གྲུབ་ཀྱི་ཡེ་ཤེས་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་ལས་ཐམས་ཅད་བྱེད་དུ་གཞུག་ཅིང་ཞེས་སོགས་སོ། །གཉིས་པ་ལ་གཉིས་ཏེ། རང་དོན་དང་གཞན་དོན་བསྟན་པའོ། །དང་པོ་ནི། བདེ་བས་བདེ་བ་བསྐྱེད་ན་ནི། །ཞེས་སོགས་སོ། །གཉིས་པ་ལ་ལྔ་སྟེ། ཕྲིན་ལས་བཞི་མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། སེམས་དཔའ་བཅུ་དྲུག་གི་ལས་ཚོགས་དང་། ཕྲིན་ལས་བཞིའི་མཇུག་སྡུད་བསྟན་པ་དང་། འཁོར་གྱིས་ལེགས་སོ་བྱིན་པའོ། །དང་པོ་ནི། དེ་ནས་ལས་རྣམས་བཤད་བྱ་སྟེ། །ཞེས་སོགས་སོ། །གཉིས་པ་ནི། རྡོ་རྗེ་སེམས་དཔའ་བདག་སྒྱུར་ལ། །ཞེས་སོགས་སོ། །གསུམ་པ་ནི། འདྲེན་པ་ཀུན་ཏུ་བཟང་པོ་ཡིས། །ཞེས་སོགས་སོ། །བཞི་པ་ནི། བཟླས་དང་སྦྱིན་སྲེག་ལས་རྣམས་ཀྱིས། །ཞེས་སོགས་སོ། །ལྔ་པ་ནི། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ནས་ཞེས་སོགས་སོ། །བཞི་པ་ཕྱག་རྒྱའི་ཡེ་ཤེས་ལ་བསླབ་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཞེས་སོགས་སོ། །གཉིས་པ་ལ་གསུམ་སྟེ། ལག་པ་བྱིན་གྱིས་བརླབ་པ་དང་། ཕྱག་རྒྱ་བཅིང་ཐབས་དངོས་དང་། ཞར་ལས་བྱུང་བ་སྔགས་བསྟན་པའོ། །དང་པོ་ནི། ལག་པ་གཉིས་མདུན་དུ་བཞག་ལ་ཞེས་སོགས་ཏེ། དེ་བཞིན་གཤེགས་པ་རྣམས་ཡིན་པར་མོས་པ་བསྐྱེད་དེ་ཞེས་པ་ཡན་ཆད་ཀྱིས་ལག་པ་བྱིན་གྱིས་བརླབ་པ་བསྟན། ཆོས་ཐམས་ཅད་གཅིག་ལ་གཅིག་འདྲེས་པ་དང་། ཞེས་པས་གཟུགས་བརྙན་གྱི་སྦྱོར་བ་བསྟན་ཏེ། ཨ་ནུ་ནྱ། ཞེས་པ་བོད་སྐད་དུ་བསྒྱུར་བ་ལ་ཆོས་ཐམས་ཅད་གཅིག་ལ་གཅིག་འདྲེས་པ་ཞེས་འབྱུང་བའི་ཕྱིར་རོ། །བདག་དང་ཡང་རྗེས་སུ་མཐུན་པར་བྱ་སྟེ། ཞེས་པས་ནི་བདག་བསྐྱེད་དངོས་བསྟན་ནམ་སྙམ། རྩ་སྐྱ་པས་ནི་དེ་གཉིས་ཆར་གྱིས་གཟུགས་བརྙན་གྱི་སྦྱོར་བ་དང་། རྡོ་རྗེ་རྩེ་མོ་ནས་བཤད་པའི་སྡིག་པ་དྲལ་བ་དང་། ཡེ་ཤེས་དབབ་ཅིང་བརྟན་པ་རྣམས་གསུངས་སོ། །གཉིས་པ་ནི། ལག་པ་གཉིས་པདྨ་འདྲ་བར་སྦྱར་བར་བྱས་ནས། ཞེས་སོགས་སོ། །གསུམ་པ་ནི། ས་བཅུ་དྲུག བ་བཅུ་དྲུག ཛ་བཅུ་དྲུག ཏྭ་བཅུ་དྲུག་རྣམས་སོ་སོར་སྦྱར་ན་བཛྲ་སཏྭ་འབྱུང་ལ། ཧཱུྃ་ལ་སོགས་པའི་ས་བོན་བཅུ་དྲུག་དང་སྦྱར་བའི་ཚེ། བཛྲ་ས་ཏྭ་ཧཱུྃ་བཛྲ་ས་ཏྭ་ཛཿལ་སོགས་པ་བཅུ་དྲུག་ཏུ་འགྱུར་བ་ནི་སེམས་དཔའ་བཅུ་དྲུག་གི་སྙིང་པོ་དང་། འབྱིན་སྔགས་སུ་རྩ་སྐྱ་པ་བཞེད་ལ། རྗེ་བཙུན་གྱིས་སེམས་དཔའ་བཅུ་དྲུག་གི་ཞལ་ཕྱག་དེ་ཉིད་འདུས་པ་ལྟར་བྱ་དགོས་པས། སྔགས་ཀྱང་དེ་ཉིད་འདུས་པ་ལྟར་བྱ་དགོས་པར་དགོངས་ནས་གཞན་ཕན་འོད་ཟེར་དུ་དེ་ལྟར་གསུངས་ལ། འདིར་བཛྲ་སཏྭ་ཧཱུྃ་ཞེས་པ་ལ་སོགས་པ་ཡི་གེ་ལྔའི་མཐའ་བརྟེན་དུ་ཤམ་ཊ་དང་། གྷུ་དང་། ཧོཿཏཾ་དང་། ཁ་ཊཱཾ་རྣམས་སྦྱར་བའི་ཚེ་ལས་བཞིའི་རོལ་མོ་བརྡུང་བའི་སྔགས་སུ་བཞེད་དོ། །ཡུམ་བཞིའི་སྔགས་ཀུན་རིག་གི་གནས་སྐབས་སུ་སྦྱར་དགོས་པ་ལ་བལྟས་ན་སྔ་མ་རྣམས་སེམས་དཔའ་བཅུ་དྲུག་གི་བཟླས་སྔགས་སུ་བྱས་ཀྱང་ཉེས་པ་མེད་དམ་སྙམ་མོ། །ལྔ་པ་མེ་ལྟར་འབར་བའི་ཕྲིན་ལས་ཀྱི་དཀྱིལ་འཁོར་ལ་གཉིས་ཏེ། ལྷ་རྣམས་ཀྱིས་ཞུས་པ་དང་། ཕྱག་ན་རྡོ་རྗེས་བཤད་པའོ། །དང་པོ་ནི། དེ་ནས་ལྷ་རྣམས་ཀུན་མགུ་ནས། །ཞེས་སོགས་སོ། །གཉིས་པ་ལ་བཞི་སྟེ། སྔགས་ཀྱི་ཕྲེང་བ་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མར་དབང་བསྐུར་བ་དང་། སྒྲུབ་པ་དང་། ཕྲིན་ལས་བསྟན་པའོ། །དང་པོ་ནི། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས། རང་གི་སྐུ་ཞི་བ་དེ་བོར་ཏེ་རྡོ་རྗེ་སེམས་དཔའ་ཁྲོ་བོ་མེ་ཉི་མ་ཞེས་བྱ་བའི་སྐུར་ཞུགས་ནས་ཞེས་སོགས་སོ། །འདིས་ཕྱག་ན་རྡོ་རྗེ་འཇིག་རྟེན་གསུམ་རྒྱལ་དུ་བསྒྱུར་ནས། ཨོཾ་བཛྲ་སཏྭ་ཀྲོ་དྷ་སོགས་ཀྱི་སྔགས་ཕྱུང་བར་གསུངས་པས་སྲུང་འཁོར་བསྡུས་པའི་སྐབས་སུ་འདི་ལྟར་ཉམས་སུ་ལེན་པ་ནི་རྒྱུད་ཀྱི་དགོངས་པ་བླ་ན་མེད་པའོ། །དཀྱིལ་འཁོར་སྒྲུབ་ཚུལ་ནི། འཁོར་ལོ་རྩིབས་བཅུ་གཉིས་པ་རྩིབས་རྟེན་དང་བཅས་པའི་དབུས་ཀྱི་པད་ཉི་ལ། བཛྲ་སཏྭ་ཀྲོ་དྷ་སོགས་ཀྱིས་འཇིག་རྟེན་གསུམ་རྒྱལ་བསྐྱེད་དེ། ཤར་རྩིབས་སུ་ཨོཾ་ཏྲཻ་ལོ་ཀ་ཀ་ར་ཧཱུྃ་ཕཊ་ལས་འཇིག་རྟེན་གསུམ་སྣང་། ལྷོར་ཨོཾ་ཏྲཻ་ལོ་ཀ་ད་མ་ཀ་ཧཱུྃ་ཕཊ་ལས་གསུམ་འདུལ། ནུབ་ཏུ་ཨོཾ་ཏྲཻ་ལོ་ཀ་ན་ཤཱ་ཡ་ཧཱུྃ་ཕཊ་ལས་གསུམ་འཇིག བྱང་དུ་ཨོཾ་ཏྲཻ་ལོ་ཀ་བན་དྷ་ཧཱུྃ་ཕཊ་ལས་གསུམ་འཆིང་། དེ་བཞིའི་གཡས་རྩིབས་ལ་རིམ་པར་ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ལས་དབང་ལྡན་དུ་བདུད་རྩི་འཁྱིལ་པ། ཨོཾ་ཀ་ལ་དཎྜ་ཧཱུྃ་ཕཊ་ལས་མེ་རུ་དབྱུག་སྔོན་ཅན། ཨོཾ་ཀ་ནི་དུ་ནི་ཧཱུྃ་ཕཊ་ལས་སྲིན་པོར་མི་གཡོ་བ། ཨོཾ་ཧྲཱིཿཏྲི་ཧཱུྃ་ཕཊ་ལས་རླུང་དུ་རྟ་མགྲིན། གཡོན་རྩིབས་ལ་རིམ་པར་ཨོཾ་ཀ་ལ་རཀྵ་སཱི་ཧཱུྃ་ཕཊ་ལས་དུས་ཀྱི་བདུག་པ་མ། ཨོཾ་ཀ་ལ་དན་ཏི་དུན་ཏི་ཧཱུྃ་ཕཊ་ལས་སྲིན་པོར་མེ་ཏོག་མ། ཨོཾ་ཀ་ལ་རཀྵི་ཧཱུྃ་ཕཊ་ལས་རླུང་དུ་མར་མེ་མ། ཨོཾ་ཀ་ལ་ཡཀྵ་ཧཱུྃ་ཕཊ་ལས་བྱང་ཤར་དུ་དུས་ཀྱི་གནོད་སྦྱིན་མོའོ། །ཞེས་རྩ་སྐྱ་པས་བཞེད་ལ། རྗེ་བཙུན་གྱིས་དེ་བཞི་རིམ་པ་བཞིན། དུས་ཀྱི་སྲིན་མོ། དུས་ཀྱི་དབྱུག་པ་མ། དུས་ཀྱི་མཚན་མོ། དུས་ཀྱི་གནོད་སྦྱིན་མོར་བཞེད་དེ་སྔགས་དོན་ལ་དེ་ཉིད་གསལ་ལོ། །ཨོཾ་ཀ་ལ་ཨཾ་ཀུ་ཤ་ཧཱུྃ་ཕཊ་ལས་ཤར་སྒོར་ལྕགས་ཀྱུ། ཨོཾ་ཀ་ལ་པཱ་ཤ་ཧཱུྃ་ཕཊ་ལས་ལྷོ་སྒོར་ཞགས་པ། ཨོཾ་ཀ་ལ་བན་དྷ་ཧཱུྃ་ཕཊ་ལས་ནུབ་སྒོར་ལྕགས་སྒྲོག ཨོཾ་ཀ་ལ་རཀྵ་ཧཱུྃ་ཕཊ་ལས་བྱང་སྒོར་དུས་ཀྱི་འབེབས་པ་སྟེ། དེ་རྣམས་ཐམས་ཅད་སྐུ་མདོག་སྔོ་ནག་ཞལ་ཕྱག་མཐའ་ཡས་པ་ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་རོའི་གདན་ལ་ཞབས་གཡོན་བརྐྱང་ཞིང་གཡས་བསྐུམ་སྟེ། གྲི་གུག་དང་ཐོད་པ་ལ་སོགས་པའི་མཚོན་ཆས་རྒྱུ་མ་དྲངས་ནས་ཞལ་དུ་གསོལ་བའོ། །གཉིས་པ་ལ་གཉིས་ཏེ། སློབ་དཔོན་གྱི་ལས་དང་། སློབ་མ་གཞུག་ཅིང་དབང་བསྐུར་བའོ། །དང་པོ་ལ་གཉིས་ཏེ། བྲི་ཞིང་ལྷ་དགོད་པ་ལ་སོགས་པ་དང་། ཞུགས་ཏེ་སྒྲུབ་པའོ། །དང་པོ་ནི། དེ་ནས་དཀྱིལ་འཁོར་མི་བཟད་པ། །ཞེས་སོགས་ཏེ་སྔར་གྱི་རྡོ་རྗེ་སེམས་དཔའི་སྐུར་ཞུགས་ནས་ཞེས་པ་ཁྲོ་བོ་ཡིན་པ་གཞུང་འདིས་ཤེས་སོ། །གཉིས་པ་ནི། དེ་ནས་སློབ་དཔོན་བདག་ཉིད་ཅེས་སོགས་སོ། །གཉིས་པ་ནི། དེ་ནས་སློབ་མ་བསྡུས་ནས་ཞེས་སོགས་ཏེ། སྔགས་བརྒྱཾད་ནི་རིམ་པ་ལྟར་དཀྱིལ་འཁོར་དུ་འཇུག་པ་དང་། དམ་ལ་གཞག་པ་དང་། ཕྲེང་བ་དོར་བ་དང་། མིག་དབྱེ་བ་དང་། དཀྱིལ་འཁོར་བསྟན་པ་དང་། དམ་ཚིག་བརྟན་པར་བྱེད་པ་དང་། ཆུའི་དབང་བསྐུར་བའི་སྔགས་ཡིན་ལ། དེ་བཞིན་དུ་དབང་བསྐུར་བར་བྱའོ། །ཞེས་པས་ནི་དབང་བསྐུར་ལྷག་མ་རྣམས་བསྟན་ནོ། །གསུམ་པ་ནི། དེ་ནས་དེ་དག་གི་སྒྲུབ་པ་བཤད་དེ་ཞེས་སོགས་སོ། །བཞི་པ་ལ་གསུམ་སྟེ། ཞི་བ་དང་། རྒྱས་པ་དང་། དབང་ངོ་། །དང་པོ་ལ་བཅུ་སྟེ། ཐབ་ཁུང་དང་བཅས་པའི་དཀྱིལ་འཁོར་བྲི་བ་དང་། མཆོད་པའི་རྫས་དགོད་པ་དང་། ཕྱོགས་ཀྱི་ཤིས་པ་སྔོན་དུ་སོང་ནས་ལྷའི་རྣལ་འབྱོར་དང་། སྒྲུབ་པ་པོའི་ཆས་དང་བསྲེག་རྫས་ཀྱི་ཁྱད་པར་དང་། ཡམ་ཤིང་དང་བུ་ཤིང་གི་ཁྱད་པར་དང་། བུ་ཤིང་ལ་མེ་སྦར་བ་སྔོན་དུ་སོང་ནས་མེ་ལྷའི་ཁྱད་པར་བསྟན་པ་དང་། མེ་ལྷ་དང་། ཡེ་ཤེས་ཀྱི་ལྷ་ལ་སྦྱིན་སྲེག་བྱ་བ་དངོས་དང་། བསྒྲུབ་བྱ་ལ་བསྲུང་བ་དང་། གཤེགས་སུ་གསོལ་བའི་ཆོ་ག་དང་། མ་གྲུབ་ན་བསྐྱར་བའི་ཆོ་ག་བསྟན་པའོ། །དང་པོ་ནི། དེ་ནས་ཁུང་བུ་གསུམ་ལ་རྣམ་གཅིག་ནི། །ཞེས་སོགས་སོ། །གཉིས་པ་ནི། དྲི་ཞིམ་ཆུས་བཀང་མདོག་འོད་དཀར་གྱུར་ལ། །ཞེས་སོགས་སོ། །གསུམ་པ་ནི། ཁ་ནི་ཤར་ཕྱོགས་བལྟས་ཏེ་སྦྱིན་སྲེག་བྱ། །ཞེས་སོགས་སོ། །བཞི་པ་ནི། གོས་ལ་སོགས་པ་ཕྲེང་བ་དཀར་གྱིས་བརྒྱན། །ཞེས་སོགས་སོ། །ལྔ་པ་ནི། འདབ་བདུན་འབྲས་བུ་མེ་ཏོག་རྣམས། །ཞེས་སོགས་སོ། །དྲུག་པ་ནི། བུད་ཤིང་དེ་ལས་བྱུང་བའི་མེ། །ཞེས་སོགས་སོ། །བདུན་པ་ནི། དེ་ནས་དེ་ལྟར་བསམས་ནས་ཀྱང་། །ཞེས་སོགས་སོ། །བརྒྱད་པ་ནི། དེ་ཡི་ལུས་ལ་དབང་བསྐུར་ཞིང་། །ཞེས་སོགས་སོ། །དགུ་པ་ནི། མཇུག་ཏུ་མངོན་པར་མཆོད་ནས་ནི། །ཞེས་སོགས་སོ། །བཅུ་པ་ནི། ཅི་སྟེ་དེ་ནི་སྡིག་ཅན་ནམ། །ཞེས་སོགས་སོ། །གཉིས་པ་རྒྱས་པ་ལ་བཅུ་གཅིག་སྟེ། སྦྱིན་སྲེག་གི་གནས་དང་། ཐབ་དང་དཀྱིལ་འཁོར་བྲི་བ་དང་། མཆོད་པའི་རྫས་དགོད་པ་དང་། སྒྲུབ་པའི་ཆོས་དང་ཕྱོགས་ཀྱི་ཤིས་པ་སྔོན་དུ་སོང་བས་ལྷའི་རྣལ་འབྱོར་བྱ་བ་དང་། ཏིང་ངེ་འཛིན་དང་བཟླས་བརྗོད་ཀྱི་ཁྱད་པར་དང་། མཆོད་པ་དང་། ཡམ་ཤིང་དང་བུད་ཤིང་གི་ཁྱད་པར་དང་། བསྲེག་རྫས་ཀྱི་ཁྱད་པར་དང་། མེ་ལྷ་ལ་སྦྱིན་སྲེག་བྱ་བ་དང་། ཡེ་ཤེས་ཀྱི་ལྷ་ལ་སྦྱིན་སྲེག་བྱ་བ་དང་དབང་བསྐུར་བ་དང་། བསྲུང་བའོ། །དང་པོ་ནི། ད་ནི་རྒྱས་པའི་ལས་བཤད་དེ། །ཞེས་སོགས་སོ། །གཉིས་པ་ནི། ཁྲུ་དོའམ་ཡང་ན་ཁྲུ་བཞི་པའམ། །ཞེས་སོགས་སོ། །གསུམ་པ་ནི། བུམ་པ་ཁ་དོག་གསེར་འདྲ་ཞིང་། །ཞེས་སོགས་སོ། །བཞི་པ་ནི། བདག་ཉིད་གོས་དང་རྒྱན་རྣམས་དང་། །ཞེས་སོགས་སོ། །ལྔ་པ་ནི། ལྷ་ཡི་ཡིད་བཞིན་ནོར་རྒྱལ་མཚན། །ཞེས་སོགས་སོ། །དྲུག་པ་ནི། དུང་དང་པི་ཝཾ་ཅང་ཏེའུ་དང་། །ཞེས་སོགས་སོ། །བདུན་པ་ནི། ཐབ་ཁུང་ཁྱད་པར་ཉིད་ལས་ཀྱང་། །ཞེས་སོགས་སོ། །བརྒྱད་པ་ནི། འབྲུ་རྣམས་ཐམས་ཅད་འབྱོར་པ་དང་། །ཞེས་སོགས་སོ། །དགུ་པ་ནི། མེ་ལྷ་གསེར་དང་འདྲ་བ་ལ། །ཞེས་སོགས་སོ། །བཅུ་པ་ནི། དེ་ཡི་ལུས་ལ་ཁྲོ་རྒྱལ་པོ། །ཞེས་སོགས་སོ། །བཅུ་གཅིག་པ་ནི། དེ་ནས་མཇུག་ཏུ་འོད་ཟེར་གྱིས། །ཞེས་སོགས་སོ། །གསུམ་པ་དབང་ལ་བཅུ་གསུམ་སྟེ། ལྷ་དང་བསམ་པ་བསྟན་པ་དང་། གནས་དང་ཐབ་ཁུང་གི་ཁྱད་པར་དང་། ཡམ་ཤིང་དང་བུད་ཤིང་བསྟན་པ་དང་། བསྲེག་པའི་རྫས་དང་། ཐབ་ཁུང་ལ་བྱུག་པ་བྱ་ཞིང་མཚན་མ་དྲི་བ་དང་། མཆོད་པ་དང་། སྒྲུབ་པ་པོའི་ཆས་གོས་སྔོན་དུ་སོང་ནས་ཕྱོགས་དང་དུས་ཀྱི་ཤིས་པ་དང་། ཏིང་ངེ་འཛིན་གྱི་ཁྱད་པར་དང་། སྦྱིན་སྲེག་གི་མེ་ལྷའི་ཁྱད་པར་དང་། སྦྱིན་སྲེག་གི་མེ་ལྷའི་ཕན་ཡོན་དང་། བསྲུང་བ་དང་། གཤེགས་སུ་གསོལ་ཞིང་རང་ལ་བསྲུང་བའོ། །དང་པོ་ནི། དབང་ནི་ཞེས་སོགས་སོ། །གཉིས་པ་ནི། ཕྱོགས་དང་མཐུན་པའི་ས་ཕྱོགས་སམ། །ཞེས་སོགས་སོ། །གསུམ་པ་ནི། དེར་ནི་སྟེགས་བུ་ཁྲུ་བརྒྱད་པ། །ཞེས་སོགས་སོ། །བཞི་པ་ནི། ཐ་མ་མཆོག་གི་ཁྱད་པར་ལས། །ཞེས་སོགས་སོ། །ལྔ་པ་ནི། མེ་ཏོག་འབྲས་བུ་དམར་པོའམ། །ཞེས་སོགས་སོ། །དྲུག་པ་ནི། དེ་ནས་ཐབ་ཁུང་དམར་པོ་ལ། །ཞེས་སོགས་སོ། །བདུན་པ་ནི། མེ་ཏོག་དམར་པོ་ལ་སོགས་པས། །ཞེས་སོགས་སོ། །བརྒྱད་པ་ནི། དཔལ་ལྡན་གོས་དང་ཕྲེང་བ་དང་། །ཞེས་སོགས་སོ། །དགུ་པ་ནི། པདྨ་དམར་པོའི་གདན་བསམས་ལ། །ཞེས་སོགས་སོ། །བཅུ་པ་ནི། མདའ་དང་གཞུ་ཐོགས་དེ་བཞིན་དུ། །ཞེས་སོགས་སོ། །བཅུ་གཅིག་པ་ནི། ལས་བྱེད་པ་ནི་གང་ཡིན་པ། །ཞེས་སོགས་སོ། །བཅུ་གཉིས་པ་ནི། ལས་རྣམས་ཟིན་པར་གྱུར་པ་དང་། །ཞེས་སོགས་སོ། །བཅུ་གསུམ་པ་ནི། དེ་ནས་རྡོ་རྗེ་འདོད་པ་ཡིས། །ཞེས་སོགས་སོ། །བཞི་པ་རྗེས་སུ་ཡི་རང་བ་ལ་བདུན་ཏེ། གང་གིས་བསྟོད་པ་དང་། མཆོད་པ་དང་། བསྟོད་པའི་ཡུལ་དང་། བསམ་པ་དང་། བསྟོད་པའི་ཚིག་དང་། བསྟོད་པའི་ཕན་ཡོན་དང་། རྗེས་སུ་ཡི་རང་བ་དངོས་སོ། །དང་པོ་ནི། དེ་ནས་བརྒྱ་བྱིན་ཚངས་སོགས་ལྷ། །ཞེས་སོགས་སོ། །གཉིས་པ་ནི། ཡང་དང་ཡང་དུ་སྟེ་ཞེས་སོགས་སོ། །གསུམ་པ་ནི། ཕྱག་ན་རྡོ་རྗེ་རྒྱལ་སྤྱན་ལ། །ཞེས་པའོ། །བཞི་པ་ནི། དགའ་བའི་བསམ་པས་བསྟོད་བྱེད་པ། །ཞེས་སོགས་སོ། །ལྔ་པ་ནི། སེམས་དཔའ་བཅུ་དྲུག་གི་སྒོ་ནས་མཚན་བརྒྱ་རྩ་བརྒྱད་དུ་སྦྱར་བ་ལ། དང་པོ་རྡོ་རྗེ་སེམས་དཔའི་སྒོ་ནས་མཚན་བཅུ་ནི། སངས་རྒྱས་ཀུན་པས་སྔར་སངས་རྒྱས། །ཞེས་སོགས་སོ། །རྡོ་རྗེ་རྒྱལ་པོའི་སྒོ་ནས་མཚན་བརྒྱད་ནི། རྡོ་རྗེ་ཡན་ལག་སོགས་སོ། །རྡོ་རྗེ་ཆགས་པའི་སྒོ་ནས་མཚན་བརྒྱད་ནི། ཕྱག་ན་རྡོ་རྗེ་སོགས་སོ། །རྡོ་རྗེ་ལེགས་པའི་སྒོ་ནས་མཚན་བརྒྱད་ནི། རྡོ་རྗེ་པདྨ་སོགས་སོ། །རྡོ་རྗེ་ལས་ཀྱི་སྒོ་ནས་མཚན་དྲུག་ནི། རྡོ་རྗེ་རྒྱུ་སོགས་སོ། །རྡོ་རྗེ་སྲུང་བའི་སྒོ་ནས་མཚན་བརྒྱད་ནི། རྡོ་རྗེ་འཇིགས་པ་སོགས་སོ། །རྡོ་རྗེ་གནོད་སྦྱིན་གྱི་སྒོ་ནས་མཚན་དགུ་ནི། རྡོ་རྗེ་གནོད་སྦྱིན་སོགས་སོ། །རྡོ་རྗེ་ཁུ་ཚུར་གྱི་སྒོ་ནས་མཚན་བདུན་ནི། བསྒྲུབ་དཀའ་སོགས་སོ། །རྡོ་རྗེ་རིན་ཆེན་གྱི་སྒོ་ནས་མཚན་དྲུག་ནི། འོད་སྟུག་པ་ནི་ཞེས་སོགས་སོ། །རྡོ་རྗེ་རྒྱལ་མཚན་གྱི་སྒོ་ནས་མཚན་དྲུག་ནི། རྡོ་རྗེ་རྒྱལ་མཚན་སོགས་སོ། །རྡོ་རྗེ་གཟི་བརྗིད་ཀྱི་སྒོ་ནས་མཚན་དྲུག་ནི། སྒྲ་ཆེན་ཞིང་ནི་སོགས་སོ། །རྡོ་རྗེ་བཞད་པའི་སྒོ་ནས་མཚན་དྲུག་ནི། གློག་བཞིན་སོགས་སོ། །རྡོ་རྗེ་ཆོས་ཀྱི་སྒོ་ནས་མཚན་བདུན་ནི། སྤྱན་དམར་སོགས་སོ། །རྡོ་རྗེ་རྣོན་པོའི་སྒོ་ནས་མཚན་ལྔ་ནི། འཁྱིལ་ཞིང་སོགས་སོ། །རྡོ་རྗེ་འཁོར་ལོའི་སྒོ་ནས་མཚན་བཞི་ནི། འདོད་ཆགས་ཞེ་སྡང་སྲིད་མཐར་མཛད། །སོགས་སོ། །རྡོ་རྗེ་སྨྲ་བའི་སྒོ་ནས་མཚན་བཞི་ནི། སྲིད་དང་སྲིད་མིན་རྣམ་སྦྱོང་བ། །སོགས་སོ། །དེ་ལྟར་མཚན་བརྒྱ་རྩ་བརྒྱད་པོ་སུ་ལ་ལྡན་ན། རྡོ་རྗེ་རབ་སྐྱེས་རྡོ་རྗེ་སེམས། །སོགས་སོ། །དྲུག་པ་ནི། གང་གིས་འདི་བྲིས་བཀླགས་གྱུར་ཏམ། །སོགས་སོ། །བདུན་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སོགས་སོ། །བརྟག་པ་ཕྱི་མའི་ཚིག་དོན་རྒྱས་པར་གཞན་དུ་འཆད་པར་འགྱུར་རོ། །རྫོགས་སངས་རྒྱས་དང་མཛད་པ་མཚུངས་པའི་རྒྱུད་རྒྱལ་འདི། །རིན་ཆེན་བཟང་པོའི་གསུང་གི་རྗེས་འབྲང་ས་སྐྱ་པའི། །བཞེད་པ་ཇི་བཞིན་དམ་པའི་གསུང་ལ་བརྟེན་ནས་ནི། །བདག་དང་སྐལ་བ་མཉམ་པ་གཞན་ལའང་ཕན་ཕྱིར་བཤད། །བྱིས་བློས་རྒྱུད་དོན་རང་དགར་འགྲེལ་བར་མི་ནུས་ཤིང་། །སྔོན་མེད་གཏམ་གྱིས་གདུལ་བྱ་བསླུ་བར་འདོད་མིན་ཡང་། །འཁྲུལ་ཟད་གོང་མའི་གསུང་གི་ཆ་ཤས་གོ་རིམ་བཞིན། །ལེགས་པར་བཀོད་ལ་ཉེས་པར་འགྱུར་བ་མེད་སྙམ་སེམས། །འདི་སྦྱར་དགེ་ཚོགས་མཛོད་སྤུའི་འོད་ལྟར་དཀར་བ་ཡིས། །རྒྱུ་དང་འབྲས་བུས་བསྡུས་པའི་ངན་སོང་ཀུན་ཞི་ནས། །ཐེག་ཆེན་ལུས་བཟང་ཐོབ་སྟེ་དཔག་མེད་སྤྲུལ་པ་ཡིས། །སངས་རྒྱས་ཞིང་གི་དགའ་ཚལ་ཀུན་ཏུ་གང་བར་ཤོག །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་བརྟག་པའི་རྒྱལ་པོའི་རྣམ་པར་བཤད་པ་གཞན་ཕན་ཀུན་ཁྱབ་ཅེས་བྱ་བ་འདི་ནི། བདེ་བར་གཤེགས་པའི་རིང་ལུགས་པ་མཐའ་དག་གི་གཙུག་གི་ནོར་བུར་གྱུར་པ་རྗེ་བཙུན་མཁས་པའི་དབང་པོ་ཀུན་དགའ་བཟང་པོ་དང་། ངེས་དོན་གྱི་ཟབ་མོའི་གནད་ཕྱིན་ཅི་མ་ལོག་པར་སྟོན་པ་ལ་འགྲན་ཟླ་ཐམས་ཅད་དང་བྲལ་བ་མཚུངས་མེད་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོ་ལ་སོགས་པ་ཡོངས་འཛིན་དུ་མའི་ཞབས་རྡུལ་སྤྱི་བོས་བླངས་པ་ལ་བརྟེན་ནས་སྡེ་སྣོད་དང་རྒྱུད་སྡེའི་དོན་ལ་བློ་ཁ་ཅུང་ཟད་ཕྱོགས་པ་ཤཱཀྱའི་དགེ་སློང་བསོད་ནམས་སེང་གེས་མཁས་གྲུབ་ཆེན་པོ་གཡག་གི་དངོས་སློབ་མཁན་ཆེན་བློ་གྲོས་དཔལ་བཟང་པོའི་གསུང་གིས་བསྐུལ་ཞིང་། རང་གི་སློབ་མ་དུ་མས་ཉེ་བར་བསྐུལ་བའི་ངོར། ས་མོ་གླང་གི་ལོ་སྨིན་དྲུག་ཟླ་བའི་ཡར་གྱི་ངོ་ལ་དཔལ་ཨེ་ཝཾ་ཆོས་ལྡན་དུ་སྦྱར་བའི་ཡི་གེ་པ་ནི་མདོ་ཁམས་པ་འོད་ཟེར་བཟང་པོ་དང་། ལ་སྟོད་པ་གཞོན་ནུ་བཟང་པོས་བགྱིས་སོ། །དགེ་བ་འདི་ཡིས་དུས་གསུམ་གྱི། །རྒྱལ་བ་ཀུན་གྱི་གསང་ཆེན་མཛོད། །བླ་མེད་མཆོག་གི་བསྟན་པ་ནི། །དར་རྒྱས་ཡུན་དུ་འབར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།


previousཡང་དག་པར་རྫོགས་པའི་སངས་རྒྱས་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པའི་རྣམ་པར་བཤད་པ་གཞན་ཕན་ཀུན་ཁྱབ།next