Nitartha Digital Library
Tibetan
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ།


   
   
ལམ་འབྲས་བུ་དང་བཅས་པའི་མན་ངག་གི་བྱུང་ཚུལ་གསུང་ངག་བསྟན་པ་རྒྱས་པའི་ཉི་འོད་ཁ་སྐོང་དང་བཅས་པ།
   
   
   
   
   
   
   
   
   
   
   
   
   


 
previousལམ་འབྲས་བུ་དང་བཅས་པའི་མན་ངག་གི་བྱུང་ཚུལ་གསུང་ངག་བསྟན་པ་རྒྱས་པའི་ཉི་འོད་ཁ་སྐོང་དང་བཅས་པ།next

ལམ་འབྲས་བུ་དང་བཅས་པའི་མན་ངག་གི་བྱུང་ཚུལ་གསུང་ངག་བསྟན་པ་རྒྱས་པའི་ཉི་འོད་ཁ་སྐོང་དང་བཅས་པ།

ལམ་འབྲས་བུ་དང་བཅས་པའི་མན་ངག་གི་བྱུང་ཚུལ་གསུང་ངག་བསྟན་པ་རྒྱས་པའི་ཉི་འོད་ཁ་སྐོང་དང་བཅས་པ་བཞུགས་སོ། །ལམ་འབྲས་བུ་དང་བཅས་པའི་མན་ངག་གི་བྱུང་ཚུལ་གསུང་ངག་བསྟན་པ་རྒྱས་པའི་ཉི་འོད་ཅེས་བྱ་བ། བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པས་ཕྱག་འཚལ་ལོ། །དགེ་ལེགས་ཐུགས་རྗེའི་རིན་ཆེན་ཁམས་ལས་གྲུབ། །རྒྱ་ཆེན་མཁྱེན་པའི་དཀྱིལ་འཁོར་རབ་ཏུ་རྒྱས། །རྣམ་དག་ཕྲིན་ལས་འོད་ཟེར་སྟོང་འཕྲོ་བ། །རྗེ་བཙུན་བླ་མ་ནམ་མཁའི་ནོར་བུ་རྒྱལ། །ལམ་མཆོག་མཐར་ཐུག་གསུང་ངག་རིན་པོ་ཆེ། །འཕགས་པའི་ཡུལ་དང་གངས་རིའི་ཁྲོད་དག་ཏུ། །ཇི་ལྟར་བྱུང་དང་བརྒྱུད་པ་སོ་སོའི་སྲོལ། །མ་འདྲེས་གོ་བདེའི་ངག་གིས་བཤད་ཀྱིས་ཉོན། །འདིར་བདེ་བར་གཤེགས་པའི་གསུང་རབ་མདོ་སྡེ་དང་རྒྱུད་སྡེ་མཐའ་དག་གི་ཉམས་ལེན་གྱི་གནད་ཕྱོགས་གཅིག་ཏུ་བསྡུས་ནས། སྐལ་ལྡན་གྱི་འགྲོ་བ་ཐམས་ཅད་མཁྱེན་པའི་ས་ལ་འཁྲིད་པར་བྱེད་པའི་ཐབས་ལམ་དང་འབྲས་བུར་བཅས་པའི་མངོན་པར་རྟོགས་པ་མཐའ་དག་ཚང་ལ་མ་ནོར་བར་སྟོན་པ་ནི། རྗེ་བཙུན་བིརྺ་པས་རྣམ་པར་བཀྲལ་བའི་ལམ་རྒྱས་པ་འདི་ཡིན་ནོ། །འདི་འཆད་པ་ལ་གསུམ་སྟེ། ཐོག་མར་མན་ངག་གི་བྱུང་ཚུལ་དང་། བྱུང་བའི་ཆོས་ལ་བཤད་སྒྲུབ་བྱ་ཚུལ། བསྒྲུབ་པ་མཐར་ཕྱིན་ནས་གཞན་དོན་བྱ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། རྒྱ་གར་དུ་བྱུང་ཚུལ། དེ་བོད་དུ་བྱུང་ཚུལ་ལོ། །དང་པོ་ལ་སྤྱིར་བསྟན་པ་དར་ཚུལ། ཁྱད་པར་ལམ་སྐོར་དགུ་བྱུང་ཚུལ། བྱེ་བྲག་ཏུ་གསུང་ངག་དར་ཚུལ་ལོ། །དང་པོ་ནི། འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འདི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་སངས་རྒྱས་སུ་ཟིན་ཡང་། གདུལ་བྱའི་ངོར་འཛམ་བུའི་གླིང་དུ་ཚེ་ལོ་བརྒྱ་པ་ལ་སངས་རྒྱས་པའི་ཚུལ་བསྟན་ནས། གདུལ་བྱ་ཕར་ཕྱིན་ཐེག་པ་ལ་མོས་པ་རྣམས་ལ། བཀའ་དང་པོ་བདེན་པ་བཞི། གཉིས་པ་མཚན་ཉིད་མེད་པ། གསུམ་པ་དོན་དམ་རྣམ་ངེས་ལས་བརྩམས་ཏེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ཞིང་། གདུལ་བྱ་ཟབ་མོ་རྡོ་རྗེ་ཐེག་པའི་ལམ་ལ་མོས་པ་རྣམས་ལ་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པ་སྟེ། རྒྱུད་སྡེ་བཞིའི་ཆོས་འཁོར་བསྐོར་བས་གདུལ་བྱ་རྣམས་རང་རང་གི་ལམ་དང་འབྲས་བུ་ལ་བཀོད་ནས་མཐར་གྲོང་ཁྱེར་རྩྭ་མཆོག་གི་ཤིང་སཱ་ལ་ཟུང་གཅིག་གི་ཚལ་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས། དེའི་རྗེས་སུ་དེ་ཉིད་ཀྱི་བསྟན་པ་ཡུན་དུ་གནས་ཏེ་སེམས་ཅན་ལ་ཕན་བདེ་འབྱུང་བ་ཡིན་ནོ། །དེ་ཡང་འབྲས་བུའི་དུས་ལྔ་བརྒྱ་པ་ཕྲག་གསུམ། སྒྲུབ་པའི་དུས་ལྔ་བརྒྱ་པ་ཕྲག་གསུམ། ལུང་གི་དུས་ལྔ་བརྒྱ་པ་ཕྲག་གསུམ་སྟེ་ལྔ་བརྒྱ་པ་ཕྲག་དགུ་རྟགས་ཙམ་འཛིན་པའི་ལྔ་བརྒྱ་པ་ཕྲག་གཅིག་སྟེ་ལྔ་བརྒྱ་པ་ཕྲག་བཅུར་གནས་པར་གསུངས་པ་ལས། འབྲས་བུའི་དུས་ལ་དགྲ་བཅོམ། ཕྱིར་མི་འོང་། ཕྱིར་འོང་། རྒྱུན་ཞུགས་ཐོབ་པ་མང་། སྒྲུབ་པའི་དུས་ལ་ཞི་ལྷག་བསྒོམ་པ་དང་ཚུལ་ཁྲིམས་དང་ལྡན་པ་མང་། ལུང་གི་དུས་ལ་སྡེ་སྣོད་གསུམ་སོ་སོར་སྤྱོད་པ་མང་བར་གསུངས། དེ་ལས་སྔོན་སྐྱེ་དགུའི་བདག་མོ་རབ་ཏུ་བྱུང་བས་ལོ་ལྔ་བརྒྱ་པ་ཕྲག་གཅིག་འགྲིབ་ཏེ། དེའི་ལྷག་མ་རྣམས་ཕལ་ཆེར་རྒྱ་གར་དུ་གནས་པས་སངས་རྒྱས་བྱོན། ཆོས་གསུང་། བཀའ་བསྡུས་པས་བསྟན་པ་དར་བའི་ཡུལ་རྒྱ་གར་དབུས་ཡིན་པས་དེས་ན་ཁྲིམས་གཉིས་ཀ་ཤིན་ཏུ་དར་བར་བྱུང་བ་ཡིན་ཞིང་། དགྲ་བཅོམ་པ་དང་། ཕྱིར་མི་འོང་། ཕྱིར་འོང་། རྒྱུན་ཞུགས་ཏེ་འབྲས་བུ་བཞི་ཐོབ་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། རྒྱན་དྲུག་མཆོག་བརྒྱད་དང་། རྒྱལ་པོ་ཨིནྡྲ་བྷཱུ་ཏི། བྲམ་ཟེ་ཆེན་པོ་ས་ར་ཧ། གྲུབ་ཆེན་ཀུ་ཀུ་རི་པ་ལ་སོགས་པ་མདོ་དང་སྔགས་ཀྱི་ཤིང་རྟའི་སྲོལ་འབྱེད་ཀྱི་མཁས་པ་རྣམས་དང་། གཞན་ཡང་མཁས་པ་དང་གྲུབ་པ་བརྙེས་པའི་སྐྱེས་བུ་དུ་མ་བྱོན་ནས་བསྟན་པ་ཡུན་དུ་གནས་པར་མཛད་པ་ཡིན་ནོ། །གཉིས་པ་ནི། འཕགས་པའི་ཡུལ་གྱི་པཎ་གྲུབ་རྣམས་རྣལ་འབྱོར་བླ་མེད་ཀྱི་གདམས་ངག་ལ་མཆོག་ཏུ་འཛིན་ཅིང་། ཉམས་ལེན་ཡང་བསྐྱེད་རྫོགས་གཉིས་ལ་མཛད་པ་ཤ་སྟག་གོ །རྣལ་འབྱོར་བླ་མེད་ཀྱི་གདམས་ངག་ལ་ཟབ་ཅིང་ཁུངས་ཐུབ་པ་ལམ་སྐོར་དགུ་ཞེས་གྲགས་ཏེ། དེའང་བླ་མ་རྡོ་རྗེ་གདན་པས། ཆུ་བོ་ཆེན་པོ་གྱེན་ལ་བཟློག །ཆང་ལ་ཉི་མ་གཏེང་པར་བཅུག །བིརྺ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པའི་སློབ་དཔོན་རྣལ་འབྱོར་དབང་ཕྱུག་གིས་རྩ་རྒྱུད་བརྟག་པ་གཉིས་པ་དང་། སཾ་བུ་ཊི་ལ་སོགས་པའི་རྒྱུད་ལ་བརྟེན་ནས་རྡོ་རྗེ་བདག་མེད་མའི་བཀའ་བཞིན་དུ་ལམ་འབྲས་བུ་དང་བཅས་པའི་མན་ངག་གསལ་བར་མཛད་དོ། །དེ་བཞིན་དུ། ཟླ་བའི་རིགས་ལས་དངོས་གྲུབ་བརྙེས། །པདྨ་ཅན་དང་ལྷན་ཅིག་བཞུགས། །མཚོ་སྐྱེས་རྡོ་རྗེ༞ །བླ་མ་དེ་ལ༞ །ཞེས་བསྟོད་པའི་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་བརྟག་གཉིས་ལ་བརྟེན་ནས་སྒྲུབ་ཐབས་མཚོ་སྐྱེས་དང་། མར་མེའི་རྩེ་མོ་ལྟ་བུའི་རྫོགས་རིམ་བརྩམས། དེའི་མན་ངག་བསྐྱེད་རིམ་ཟབ་པའི་ཚུལ་དགུས་ཟབ་པ། བསྙེན་སྒྲུབ་བཞིའི་ཆོ་གའི་ཡན་ལག་ཆ་དབྲི་བ་དང་བཅས་པ་མཛད་དོ། །ཡང་། དགེ་སློང་ལུས་ལ་དངོས་གྲུབ་བརྙེས། །ནགས་ཀྱི་ལྷ་མོས་བདུད་རྩི་ཕུལ། །ཀླུ་སྒྲུབ་སྙིང་པོ༞ །བླ་མ་དེ་ལ༞ །ཞེས་བསྟོད་པའི་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསང་བ་འདུས་པའི་རྒྱུད་ཀྱི་རྣམ་སྣང་གི་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་བྱང་ཆུབ་སེམས་འགྲེལ་བརྩམས། དེའི་དོན་མཆོད་རྟེན་གྱི་དྲུང་དུ་སེམས་ཐག་གཅོད་པའི་མན་ངག་མཛད་དོ། །ཡང་། གདིང་བ་བཏིང་ནས་གདྒཱ་བརྒལ། །སྟག་ལ་ཞོན་ནས་དངོས་གྲུབ་བརྙེས། །ཌོམྦི་ཧེ་རུ་ཀ༞ །བླ་མ་དེ་ལ༞ །ཞེས་བསྟོད་པའི་ཌོམྦི་ཧེ་རུ་ཀས་བརྟག་གཉིས་ལ་བརྟེན་ནས་ལྷན་ཅིག་སྐྱེས་གྲུབ་བརྩམས། དེའི་དོན་ལྷན་ཅིག་སྐྱེས་པ་གསུམ་གྱིས་ལམ་རྫོགས་པ་མཛད་དོ། །ཡང་། རྒྱལ་རིགས་ཨོ་རྒྱན་གནས་ན་བཞུགས། །ལྕམ་སྲིང་གཉིས་ཀྱིས་དངོས་གྲུབ་བརྙེས། །ཨིནྡྲ་བྷཱུ་ཏི༞ །བླ་མ་དེ་ལ༞ །ཞེས་བསྟོད་པའི་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་ཡེ་ཤེས་ཐིག་ལེའི་རྒྱུད་ལ་བརྟེན་ནས་དབང་ཡོན་ཏན་རིམ་པ་བརྩམས། དེའི་དོན་ཕྱག་རྒྱས་ལམ་རྫོགས་པའི་རིམ་པ་མཛད་དོ། །ཡང་། ཐར་བུའི་ལུས་ལ་ཤིང་མཁན་རིགས། །མུ་དྲ་མ་དང་དངོས་གྲུབ་བརྙེས། །ཏོག་རྩེ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པའི་སློབ་དཔོན་ཏོག་རྩེ་པས་སཾ་བུ་ཊི་ལ་བརྟེན་ནས་བསམ་མི་ཁྱབ་བརྩམས། དེའི་དོན་བསམ་གྱིས་མི་ཁྱབ་པ་ལྔས་ལམ་རྫོགས་པ་མཛད་དོ། །ཡང་། བླ་མའི་བཀའ་བཅག་སྤྱོད་པ་མཛད། །སྲིད་པ་བར་དོར་རྫོགས་སངས་རྒྱས། །ནག་པོ་སྤྱོད་པ་ཞེས་བྱ་བའི། །བླ་མ༞ །ཞེས་བསྟོད་པའི་སློབ་དཔོན་ནག་པོ་སྤྱོད་པས། བདེ་མཆོག་ལ་བརྟེན་ནས་ཨོ་ལ་པ་ཏི་བརྩམས། དེའི་དོན་གཏུམ་མོས་ལམ་རྫོགས་པའི་མན་ངག་མཛད་དོ། །ཡང་། རྒྱལ་རིགས་ཉི་མའི་ཟེར་ལ་གཤེགས། །རིལ་བུ་ས་འོག་མིག་སྨན་སྤྱོད། །ངག་གི་དབང་ཕྱུག༞ །བླ་མ༞ །ཞེས་བསྟོད་པའི་སློབ་དཔོན་ངག་དབང་གྲགས་པས། གསང་འདུས་དང་བརྟག་གཉིས་གཉིས་ཀ་ལ་བརྟེན་ནས། བཞི་པ་སྣང་བ། ཡན་ལག་བདུན་ལྡན། དེ་ཁོ་ན་ཉིད་རིན་པོ་ཆེའི་ཕྲེང་བ་སྟེ་གཞུང་གསུམ་བརྩམས། དེའི་དོན་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་གདམས་ངག་མཛད་དོ། །ཡང་། དཀའ་ཐུབ་བོར་ནས་སྤྱོད་པ་མཛད། །ལྟ་སྟངས་མཛད་ཅིང་དངོས་གྲུབ་བརྙེས། །ནག་པོ་པ་ཞེས་བྱ་བ་ཡི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པའི་རྣལ་འབྱོར་པ་ནག་པོ་ཨུ་ཙི་ཏྲ་འཆི་བ་མེད་པས་མ་རྒྱུད་མཐའ་དག་གི་མན་ངག རླུང་བཙན་ཐབས་སུ་དབུ་མར་འཇུག་པ་ཡོན་པོ་བསྲང་བའི་མན་ངག་མཛད་དོ། །འདི་དང་ཨོ་ལ་པ་ཏི་མཛད་མཁན་གྱི་ནག་པོ་པ་གཉིས་མི་གཅིག་པར་བརྒྱུད་པ་ལས་ཤེས་སོ། །དེ་ལྟར་མཛད་མཁན་བརྒྱད་ཀྱིས་ཟེར་ཡང་། དགུས་མཛད་པའི་གདམས་ངག་དགུ་ལ་ལམ་སྐོར་དགུར་གྲགས་སོ། །གསུམ་པ་ནི་དེ་ལྟར་ལམ་སྐོར་དགུའི་ནང་ནས་སློབ་དཔོན་བིརྺ་པའི་ལམ་འདི་དུས་ཇི་ཙམ་ན་བྱུང་སྙམ་ན། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ན་འཕགས་པ་ཀླུ་སྒྲུབ་བྱོན་ཏེ་ལོ་དྲུག་བརྒྱའི་བར་དུ་བཞུགས་སོ། །འཕགས་པའི་སྐུ་ཚེ་སྨད་ཀྱི་སློབ་མ་ནི། སློབ་དཔོན་ཨཱརྻ་དེ་བ་ཡིན་ལ། དེའི་སློབ་མ་བིརྺ་པ་ཡིན་ནོ་ཞེས་དམ་པ་རྒྱ་གར་གྱི་མན་ངག་ལས་འབྱུང་ཞིང་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་དབུ་མའི་འགྲེལ་པར། སློབ་དཔོན་འཕགས་པ་ལྷའི་དབུ་མ་བཞི་བརྒྱ་པ་ལ། སློབ་དཔོན་འདིས་འགྲེལ་པ་མཛད་པར་བཤད་དོ། །ཡང་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ན་འཕགས་པ་ཐོགས་མེད་བྱོན་པར་ཝན་བརྩེགས་ཀྱིས་བཤད་ལ། ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །ཞེས་འཇམ་དཔལ་རྩ་རྒྱུད་དུ་དགུང་ལོ་ཕྱེད་དང་ཉིས་བརྒྱ་བཞུགས་པར་བཤད། དེའི་སློབ་མ་སློབ་དཔོན་ཆོས་སྐྱོང་ཡིན་པར་མདོ་སྡེ་ས་བཅུ་པའི་བརྒྱུད་པ་ལས་འབྱུང་ངོ་། །དེས་ན་སྟོན་པ་མྱ་ངན་ལས་འདས་ནས་ལོ་སྟོང་དང་ཉི་ཤུ་ཙམ་ལོན་པ་ན་སློབ་དཔོན་འདི་བྱོན་པར་མངོན་ཏེ། དབུ་མ་རང་རྒྱུད་པ་རྣམས་ཀྱི་ལུགས་ལ། ཀླུ་སྒྲུབ་དང་ཡེ་ཤེས་སྙིང་པོ་གཉིས་ཀྱི་བར་ན་ལེགས་ལྡན་བྱེད་དང་། དཔལ་སྦས་གཉིས་ལས་མེད་ལ། ཡེ་ཤེས་སྙིང་པོས་སློབ་དཔོན་འདི་ཕྱོགས་སྔར་བཀོད་པའི་ཕྱིར་ན་སྔར་སྨོས་པའི་དུས་དེ་ཤིན་ཏུ་རིགས་པ་ཡིན་ནོ། །འཇམ་དཔལ་སངས་རྒྱས་ཡེ་ཤེས་དང་། །པདྨ་ཡན་ལག་མེད་པ་དང་། །སྒེག་པ་བཞད་པའི་རྡོ་རྗེ་དང་། །གསུང་གི་མྱུ་གུ་མགྲིན་གསུམ་དང་། །ཨིནྡྲ་བྷུ་ཏི་ལེགས་གསུང་དང་། །ཆོས་སྐྱོང་དང་ནི་དཔལ་སྦས་དང་། །ཡེ་ཤེས་གཤིན་རྗེ་ཡེ་ཤེས་གྲགས། །ཏྲི་པི་ཏྲ་མ་ཆོས་དབང་པོ། །དཔལ་ལྡན་དབང་ཕྱུག་ཟླ་བཟང་དཔལ། །འདི་དག་བརྒྱུད་པའི་རིམ་པ་བས། །བདག་གིས་འགྲེལ་པ་འདི་བརྩམས་པས། །འཇམ་དཔལ་གོ་འཕང་ཐོབ་པར་ཤོག །ཞེས་མཚན་བརྗོད་ཀྱི་འགྲེལ་པ་ཟླ་བ་བཟང་པོ་གྲགས་པའི་དཔལ་གྱིས་མཛད་པ་ལས་སོ། །གཟའ་ཡུམ་གྱི་མདོའི་རྒྱུད་པ་ལས་བིརྺ་པའི་དངོས་སློབ་སློབ་དཔོན་ཞི་བ་འཚོ་ཡིན་པར་བཤད་ལ། དེ་ལྟར་ན་ཞི་བ་འཚོས་ལོ་སྟོང་ལྔ་བརྒྱ་དང་གཅིག་ཐུབ་པར་གྲགས་ལ། སློབ་དཔོན་དེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་ཀྱི་རབ་གནས་ལ་ལུག་གི་ལོར་སྤྱན་དྲངས་ལ། ལོ་དེ་ཉིད་ཀྱི་དཔྱིད་ཟླ་ར་བའི་ཡར་ངོ་ལ་འཁོན་ཀླུའི་དབང་པོ་སྲུང་བ་སོགས་སད་མི་མི་བདུན་རབ་ཏུ་བྱུང་བར་བཤད་པས་དུས་འགྲིགས་པར་སྣང་ངོ་། །དེ་ལྟ་བུའི་སློབ་དཔོན་གནས་བརྟན་ཆོས་སྐྱོང་ཤིང་རྟའི་སྲོལ་འབྱེད་ཆེན་པོ་དེ་ལ། སྤྲུལ་པའི་སྐུ་རྡོ་རྗེ་བདག་མེད་མས་དབང་བསྐུར་ཞིང་། རྒྱུད་སྡེ་རིན་པོ་ཆེ་གདམས་ངག་དང་བཅས་པ་བྱིན་པས་ས་དྲུག་པ་ལ་གནས་པའི་སེམས་དཔའ་ཆེན་པོར་གྱུར་ཏེ། ཕྱིས་སྤྱོད་པ་མཛད་པ་ན་དཔལ་བིརྺ་པར་གྲགས་སོ། །གྲུབ་ཆེན་འདི་ནི་འཕགས་ཡུལ་གྱི་སློབ་དཔོན་ཕྱི་མ་མང་པོས་དཔང་པོ་བྱེད་པ་ཞིག་སྟེ། སློབ་དཔོན་ཐུབ་པས་བྱིན་དང་། གྲུབ་ཐོབ་དཔའ་བོ་འོད་གསལ་དང་། པཎྜི་ཏ་དརྤན་ཨཱ་ཙརྻ་རྣམས་ཀྱིས་འདིའི་མན་ངག་རྣམས་ཁུངས་སུ་དྲངས་ནས་བཤད་པའི་ཕྱིར་རོ། །གྲུབ་ཆེན་དེས་དབང་བསྐུར། རྒྱུད་བཤད། མན་ངག་བྱིན་ཏེ་བྱིན་གྱིས་བརླབས་པ་ནི་ཚེའི་རིག་འཛིན་བརྙེས་པའི་སློབ་དཔོན་ནག་པོ་པ་སྟེ། སློབ་དཔོན་འདིའང་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་མཛད་པའི་ཚེ། ཤར་ཕྱོགས་ཀྱི་རྒྱལ་པོ་ཞིག་བཙུན་མོའི་ཚོགས་བདུན་ཅུ་རྩ་གཉིས་ལ་ཆགས་ནས་དེས་འཁོར་བར་འཆིང་བར་འདུག་པ་ལ། རྐྱེན་དགེ་བའི་བཤེས་གཉེན་ཞིག་དང་འཕྲད་ན་གྲོལ་བར་འདུག་པ་མཁྱེན་ནས། རྒྱལ་པོ་དེའི་བཙུན་མོའི་ཚོགས་སུ་ཞུགས་པ་དང་། དེ་ཉུག་རུམ་པ་དང་བློན་པོའི་ཚོགས་གཅིག་ནས་གཅིག་ཏུ་བསྲིངས་ཏེ་རྒྱལ་པོའི་སྙན་དུ་བྱུང་བ་དང་། རྒྱལ་པོ་ན་རེ། དེ་ལ་ཆད་པས་ཆོད་ཅིག་ཟེར། དེར་རྒྱལ་པོའི་འཁོར་མིས་ཕྱིན་པ་དང་། སློབ་དཔོན་གཟུང་ཡུལ་འགགས་པའི་སྟོབས་ཀྱིས་ནང་དུ་ཕྱིན་ཙ་ན་ཐོགས་པ་མེད་པར་ཕྱིར་སོང་ངོ་། །ཕྱིར་ཕྱིན་ཙ་ན་ནང་དུ་འོང་བ་ལ་ཕྱི་ནང་གཉིས་ཀ་དམག་གིས་བཀང་བས། སློབ་དཔོན་གཅིག་གཉིས་སུ་སོང་བ་ལས། ཐ་མ་བརྒྱ་ཉི་ཤུ་རྩ་བརྒྱད་དུ་སོང་སྟེ། གང་ལ་བརྡེག་ཆ་མེད་པར་སོང་བ་ལས། རྒྱལ་པོས་གསེར་གྱི་ཅོད་པཎ་ཕུད་དེ་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། རྗེས་སུ་གཟུང་བར་ཞུས་པས་ལུས་པོ་རིམ་གྱིས་བསྡུས་ཏེ། རྩ་བའི་སྐུ་ལུས་གཅིག་ཏུ་གྱུར་ནས་རྒྱལ་པོ་དེ་རྗེས་སུ་བཟུང་། རིག་པ་མཁས་པས་སེམས་མ་རྟོགས་པས་ཐ་སྙད་མཁན་ལ་ངོ་མཚར་མེད། །སྲིན་བྱས་རང་གི་གཟུགས་མ་མཐོང་བས་གཞན་མཐོང་བ་ལ་ངོ་མཚར་མེད། །ཨེ་མ་མཁའ་ལ་འགྲོ་བའི་བྱ་དེ་ལམ་དང་རྗེས་ལ་དམིགས་མི་འགྱུར། །བདེ་ཆེན་དེ་བཞིན་ཉིད་འདི་ཐ་སྙད་སྒྲས་མི་མཚོན། །ཨེ་མ་མཁས་པ་སྙིང་རེ་རྗེ། །རང་ལ་ཡོད་ནས་གཞན་དུ་འཚོལ། །བུ་ཤི་བ་ཡི་མྱ་ངན་བཞིན། །དཔག་མེད་བསྒྲུབས་ཀྱང་འགྲུབ་མི་འགྱུར། །ཕྱག་རྒྱ་ཆེན་པོ་རང་ལ་ལྷུན་གྱིས་གྲུབ་པ་སྟེ། །བདེ་ཆེན་མི་བསམ་འབད་མེད་རིག་པ་ངང་ལ་ཞོག །ཆད་པར་མི་འགྱུར་རིག་པ་ངང་གིས་ཉམས་སུ་མྱོང་། །རྟག་པར་མི་འགྱུར་མངོན་ཞེན་མེད་པར་ཟུང་དུ་ཆུད། །ཅེས་ཚིགས་བཅད་དེ་རྣམས་གསུངས་པས་རྒྱལ་པོ་ལ་རྟོགས་པ་ཁྱད་པར་ཅན་སྐྱེས་ནས། འཁོར་དང་བཅས་པ་གྲོལ་བར་བྱས་སོ་ཞེས་ཞ་མ་ལུགས་ཀྱི་གཞུང་བཤད་སྤང་རྗེ་ཉི་མ་གྲགས་ཀྱིས་མཛད་པ་ལས་འབྱུང་ངོ་། །དེས་གྲུབ་ཆེན་ཌཱ་མ་རུ་པ་ལ་བྱིན་གྱིས་བརླབས་ཤིང་གདམས་ཏེ། སློབ་དཔོན་འདིས་ཀྱང་མུ་སྟེགས་འདུལ་བའི་དོན་དུ་སྨྱོན་པའི་བརྟུལ་ཞུགས་མཛད་ནས་ཕྱག་གཡས་པས་སྟག་མི་བཟན་གྱི་མགྲིན་པ་ནས་བཟུང་། གཡོན་པས་མུ་སྟེགས་ཀྱི་རྒྱལ་པོའི་སྐྲ་ནས་བཟུང་སྟེ། ཁུར་དུ་ཁུར་ནས་བྱོན་པས་མུ་སྟེགས་ཀྱི་འཁོར་ལྔ་བརྒྱ་དང་བཅས་པ་ཕྱི་བཞིན་འབྲེང་ཞིང་གུས་འདུད་བྱས་ནས། དེ་ཐམས་ཅད་སངས་རྒྱས་པའི་བསྟན་པ་ལ་བཀོད་དོ་ཞེས་འབྲོམ་ལུགས་ལས་འབྱུང་ངོ་། །སློབ་དཔོན་དེས་གྲུབ་ཆེན་ཨ་ཝ་དྷཱུ་ཏཱི་པ་ལ་གདམས་ཏེ། སློབ་དཔོན་འདི་ཡང་བྷུ་སུ་ཀུ་བའི་སྤྱོད་པ་སྐྱོང་ཞིང་། སྐུ་གཅེར་བུར་བཞུགས་པ་ལ་ཝ་ར་ཎཱ་སཱིའི་བྱིས་པ་ལྔ་བརྒྱས་སྐུ་ལ་ཅོ་འདྲི་ཞིང་རྩེད་མོ་རྩེ་བས་འགྲོ་བ་མང་པོའི་དོན་མཛད་དོ། །དེ་ལྟར་ན་ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏཱི་པ་སྟེ་གསུམ་པོ་འདིས་དེ་ཁོ་ན་ཉིད་རྟོགས་པར་རྗེ་བཙུན་གྱིས་བཤད་པས། ས་དང་པོ་ཡན་ཆད་ལ་གནས་པའི་འཕགས་པར་གྲུབ་བོ། །དེས་གྲུབ་ཆེན་ག་ཡ་དྷ་ར་ལ་གདམས་ཏེ། ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ནས་ནུབ་གསུམ་དུ་དབང་གི་ཡེ་ཤེས་བསྐྱངས་པས་སྦྱོར་ལམ་ཆོས་མཆོག་ཆེན་པོའི་ཏིང་ངེ་འཛིན་སྐྱེས། ཌཱ་མ་རུ་བར་སྣང་ལ་བཞག་པས་རང་འཁྲོལ་དུ་བྱུང་བ་དང་། གདུགས་ཡུ་བ་མེད་པ་ནམ་མཁའ་ལ་བཞག་པས་རང་འཁོར་དུ་བྱུང་བ་སོགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དོ་ཞེས་འབྲོམ་ལུགས་སུ་འབྱུང་ངོ་། །གསང་འདུས་འགོས་ལུགས་པ་རྣམས་སློབ་དཔོན་འདི་དང་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གཉིས་གཅིག་པར་བཞེད་ལ། དེ་ལྟར་ན་བླ་མ་རྡོ་རྗེ་གདན་པས། རྒྱལ་རིགས་རིག་པའི་གནས་ལྔར་མཁས། །ནམ་མཁའི་ལྷ་ལས་ཐེ་ཚོམ་གཅོད། །སྤྲིན་གྱི་ཤུགས་ཅན་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ནང་དུ་བགྲངས་པས་ཕྱིས་ཏིང་ངེ་འཛིན་བསྒོམས་པས་བདེན་པ་མཐོང་བ་ཡན་ཆད་ཀྱི་རྟོགས་པ་སྐྱེས་པར་ཐེ་ཚོམ་མེད་དོ། །དེ་ལྟར་ན་འཕགས་ཡུལ་གྱི་གྲུབ་ཆེན་དེ་དག་གིས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་གསུང་ངག་རིན་པོ་ཆེ་དར་ཞིང་རྒྱས་པར་བྱས་སོ།། །།གཉིས་པ་བོད་དུ་བྱུང་བའི་ཚུལ་ལ་གསུམ་ལས། དང་པོ་བསྟན་པ་སྤྱིའི་བྱོན་ཚུལ་ལ་གསུམ་གྱི། དང་པོ་བསྟན་པ་སྔ་དར་གྱི་ལོ་རྒྱུས་ནི། འོ་ན་བསྟན་པ་དེ་བོད་དུ་ཇི་ཙམ་ན་བྱུང་སྙམ་ན། བོད་མཐའ་འཁོབ་ཡིན་པས་སྔོན་ཁྲིམས་གཉིས་ཀ་མེད་དེ། ཟས་སུ་རི་དྭགས་ཀྱི་ཤ་ཟ། པགས་པ་གོས་སུ་གོན། དགེ་སྡིག་གི་བྱེ་བྲག་གང་ཡང་མི་ཤེས་ཤིང་། རང་དགར་སིལ་བུར་གནས་པས་ཡུན་རིང་པོར་ཆོས་ཀྱི་མིང་ཙམ་ཡང་མ་བྱུང་ངོ་། །བོད་འདིར་གང་ལས་འཕེལ་སྙམ་ན། སྔོན་རྒྱ་གར་དུ་ཁྱབ་འཇུག་དང་འཐབ་དཀའ་འགྲས་ཏེ། ཁྱབ་འཇུག་གིས་སྐྱབས་སེང་གི་ཕྱོགས་བྱས་ཏེ་གཡུལ་བྱས་པ་ན། སྲིད་སྒྲུབ་ཀྱིས་ཁོ་བོས་ཉེ་དུའི་ཚོགས་གསོད་མི་ནུས་ཞེས་སྨྲས་པ་དང་། ཁྱབ་འཇུག་གིས། གང་གིས་མི་ནི་གསད་པ་དང་། །གང་ཞིག་གསོད་པར་བྱེད་པ་དག །དེ་དག་གཉིས་ཀར་མི་རིགས་ཏེ། །གསད་དང་གསོད་པ་ཡོད་མིན་ཏེ། །རིགས་དང་འདུལ་བ་ཕུན་སུམ་ཚོགས། །བྲམ་ཟེ་བ་གླང་གླང་པོ་དང་། །ཁྱི་དང་སྨེ་ཤ་ཅན་དག་དང་། །མཁས་པ་རྣམས་ནི་མཉམ་པར་བལྟ། །ཞེས་སོགས་མེད་ལྟའི་ཚིག་དང་། གཟུགས་སྣ་ཚོགས་པས་བསླུས་ནས། སྲིད་སྒྲུབ་ཀྱི་ཁ་ལོ་ཁྱབ་འཇུག་གིས་བྱས་ཏེ། གཡུལ་བཀྱེ་བས་འཐབ་དཀའ་རིགས་དཔུང་ཚོགས་བཅོ་བརྒྱད་དང་བཅས་པ་བརླག་པར་བྱས་སོ། །དེའི་ཚེ་རུ་པི་ནི་ཞེས་པ་རྒྱལ་པོ་དཔུང་ཚོགས་དང་བཅས་པ་བུད་མེད་ཀྱི་ཆས་སུ་བྱས་ཏེ་བྲོས་ནས། རི་ཁ་བ་ཅན་དུ་གནས་པའི་རིགས་ལ་དེང་སང་ཡང་བོད་ཅེས་གྲགས་པ་ཡིན་ནོ་ཞེས་ལྷ་ལས་ཕུལ་བྱུང་གི་འགྲེལ་བ་ཤེས་རབ་གོ་ཆས་བྱས་པ་ལས་བཤད་དོ། །དེ་ལྟ་བུའི་བོད་འདིར་ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པའི་མདོར། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ་ཞེས་ལུང་བསྟན་པ་ལྟར། ལོ་དེ་ཙམ་ན་བསྟན་པའི་དབུ་བརྙེས་ནས། རྒྱལ་མེས་དབོན་རྣམ་གསུམ་གྱི་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས། སྲོལ་བཏོད། དར་ཞིང་རྒྱས་པར་མཛད་ཅེས་དེང་སང་གི་བར་དུ་གཏམ་དུ་གྲགས་པ་ཡིན་ནོ། །ཚུལ་ཇི་ལྟར་ན། ལྷ་ཐོ་ཐོ་རི་གཉན་བཙན་གྱི་ཕོ་བྲང་གི་སྟེང་དུ་མདོ་ཟ་མ་ཏོག་བཀོད་པ། གསེར་གྱིས་བྲིས་པའི་པང་ཀོང་ཕྱག་བརྒྱ་པ། གསེར་གྱི་མཆོད་རྟེན་ཁྲུ་གང་པ། ཙིནྡྷ་མ་ཎིའི་སྐོས་ཕོར་རྣམས་ཕྱག་ཏུ་བྱུང་བ་ལས་གང་ཡིན་ངོ་མ་ཤེས་ནས་ཡིད་དུ་འོང་བས་མིང་གཉན་པོ་གསང་བ་ཞེས་བཏགས་ཏེ། ཕྱག་མཆོད་བྱས་པས་རྒྱལ་སྲིད་མངའ་ཐང་ཆེར་རྒྱས་ཏེ་འཕེལ་བས་དམ་པའི་ཆོས་ཀྱི་དབུ་བརྙེས་སོ། །དེ་ནས་རྒྱལ་རབས་གཉིས་ན་སྲོང་བཙན་སྒམ་པོའི་རིང་ལ་རྒྱ་གར་གྱི་ཡི་གེ་པ་མཁས་པ་ལི་བྱིན་གདན་དྲངས་ནས། གླང་ཁམ་པ་གོ་ཆ་དང་ཐོན་མི་སཾ་བྷོ་ཊ་གཉིས་ཀྱིས་བོད་ཀྱི་ཡི་གེ་བརྩམས། སྐད་ལ་སྐད་དོད་བཙལ་ཏེ། དམ་པའི་ཆོས་བསྒྱུར་དུ་བཏུབ་མི་བཏུབ་བལྟ་བའི་ཕྱིར་དུ་སྒྲུང་ལ་སོགས་པ་བསྒྱུར་བས་བཏུབ་པར་གོ་ནས། མདོ་ཟ་མ་ཏོག པདྨ་དཀར་པོ། ཙིནྡྷ་མ་ཎི། འདུས་པ་རིན་པོ་ཆེའི་ཏོག་དང་། རྒྱལ་པོ་མདོ་ལྔ་ལ་སོགས་པ་མང་དུ་བསྒྱུར། ལྷ་ཁང་མང་དུ་བཞེངས། ཆོས་དགེ་བ་བཅུ་སྤེལ་ཞིང་གཏན་ཁྲིམས་རྣམ་པ་ལྔ་བཅས། བཤད་ཉན་གྱི་སྲོལ་དང་ཆོས་གྲྭ་མང་དུ་བཙུགས་ནས་དམ་པའི་ཆོས་ཀྱི་སྲོལ་བཏོད། ཕྱིས་གདུང་རབས་ལྔ་ན་ཆོས་དར་བར་ལུང་བསྟན་ཏོ། །དེ་ནས་གདུང་རབས་ལྔ་ལོན་པ་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བྱོན་ནས། དེའི་རིང་ལ་སློབ་དཔོན་ཞི་བ་འཚོ་དང་པདྨ་གདན་དྲངས་ནས། སློབ་དཔོན་པདྨས་བོད་ཀྱི་ལྷ་འདྲེ་གདུག་པ་ཅན་རྣམས་བཏུལ། བསམ་ཡས་བཞེངས་པའི་ས་ཆོག་མཛད། སློབ་དཔོན་ཞི་བ་འཚོས་རབ་གནས་མཛད། གཞན་ཡང་པཎྜི་ཏ་སངས་རྒྱས་གསང་བ་དང་། མཁན་པོ་དཱ་ན་ཤཱི་ལ་དང་། དྷརྨཱ་ཀཱིརྟི། ཀཱ་མ་ལ་ཤཱི་ལ། བི་མ་ལ་མི་ཏྲ་དང་། ཤི་ལེནྡྲ་བོ་དྷི་ལ་སོགས་པ་གདན་དྲངས་ནས། གཞོན་ནུ་བློ་གསལ་བ་རྣམས་ལ་སྒྲ་དང་ལོ་ཙཱ་སློབ་ཏུ་བཅུག་པ་ལས། ཐོག་མར་ལོ་ཙཱ་བ་སད་མི་མི་བདུན་བྱ་བ་བྱུང་སྟེ། དེ་ལས་རྒན་གསུམ་ནི། དབས་རཏྣ་རཀྵི་ཏ་རིན་ཆེན་སྲུང་བ་ཞེས་བྱ་བ་བོད་ཡུལ་དུ་བཙུན་པ་བྱུང་བ་ལ་སྔ་བ། མཁན་པོ་བོ་དྷི་ས་ཏྭ་སྐུ་གཤེགས་ནས་འདིས་མཁན་པོ་བྱས་པ་ཡིན་ནོ། །ཛྙཱ་ནཱིནྡྲ་རཀྵི་ཏ་ཡེ་ཤེས་དབང་པོ་སྲུང་བ་སྟེ། དམ་པའི་ཆོས་འབྱིན་པའི་མཁན་པོ་ཆེན་པོ་བོད་ལ་སྐུ་དྲིན་ཆེ་བ་ཡིན་ཞིང་། སངས་རྒྱས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་རྟ་སྐད་ཅེས་པར་ལུང་བསྟན་པ་ཐོབ་པ་ཡིན་ནོ། །རཏྣཱིནྡྲ་རཀྵི་རིན་ཆེན་དབང་པོ་སྲུང་བ་སྟེ་གསུམ་མོ། །བར་མ་ནི། གླང་ཁམ་པ་སུ་ག་ཏ་ཝརྨ་རཀྵི་ཏ་བདེ་བར་གཤེགས་པའི་གོ་ཆ་སྲུང་བ་ཞེས་བྱའོ། །གཞོན་གསུམ་ནི། དཔའ་གོར་བཻ་རོ་ཙ་ན་རཀྵི་ཏ་རྣམ་པར་སྣང་མཛད་སྲུང་བ་ཞེས་བྱ་བ་དང་། འཁོན་ནཱ་ག་ཨིནྡྲ་རཀྵི་ཏ་ཀླུའི་དབང་པོ་སྲུང་བ་ཞེས་བྱ་བ་དང་། རྩངས་དེ་བཻནྡྲ་རཀྵི་ཏ་ལྷའི་དབང་པོ་སྲུང་བ་གསུམ་མོ། །སད་མི་མི་བདུན་ལ་སྐ་བ་ཤྲཱི་ཀཱུ་དི་རཀྵི་ཏ་དཔལ་བརྩེགས་སྲུང་བ་ལ་སོགས་པ་ལོ་ཙཱ་བ་ཆེ་བ་བརྒྱ་རྩ་བརྒྱད་ཀྱིས་བློ་སྦྱངས་ལ། དེ་དག་ལ་ཅོག་རོ་ཀླུའི་རྒྱལ་མཚན་ལ་སོགས་པ་ལོ་ཙཱ་བ་སྟོང་རྩ་བརྒྱད་ཀྱིས་བློ་སྦྱོང་མཛད་དོ་ཞེས་སྔོན་གྱི་བཀའ་ཆེམས་ཀྱི་ཡི་གེ་རྙིང་པ་ལས་བྱུང་ངོ་། །དེ་རྣམས་ཀྱིས་སྒྲ་སྒྱུར་དང་། ཞུ་ཆེན་དང་། མཆན་བུའི་ལོ་ཙཱ་བྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མདོ་སྡེ་མང་པོ་དང་། རྣམ་སྣང་མངོན་བྱང་ལ་སོགས་པ་བྱ་སྤྱོད་ཀྱི་རྒྱུད་དང་། དེ་ཉིད་འདུས་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་སྔགས་ཅི་རིགས་པ་དང་། སྒྲུབ་ཐབས་མང་དུ་བསྒྱུར། དེ་ནས་བཟུང་སྟེ་དམ་པའི་ཆོས་དར་ཞིང་རྒྱས་པར་མཛད་དོ། །ཁྲི་སྲོང་ལྡེའུ་བཙན་ལ་སྲས་བཞི་བྱུང་བའི་ཆེ་བ་གསུམ་གྲོངས། ཆུང་ཤོས་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་འཇིང་ཡོན་དུ་གྲགས་པ་དེས་དཀར་ཆུང་ལྷ་ཁང་བཞེངས། པཎྜི་ཏ་བི་མ་ལ་མི་ཏྲ། ཀཱ་མ་ལ་ཤཱི་ལ། ཛྙཱ་ན་སེ་ན། བལ་པོ་ཧཱུྃ་ཀ་ར་རྣམས་བཏེག་སྟེ། འཁོན་ཀླུའི་དབང་པོ་སྲུང་བ། རྨ་རིན་ཆེན་མཆོག ཡེ་ཤེས་སྡེ། བྲན་ཁ་ནམ་མཁའ། རྩངས་དེ་བྱིན་རྣམས་ཀྱིས་ལོ་ཙཱ་བྱས་ཏེ་ཆོས་སྔར་མ་བསྒྱུར་བ་མང་པོ་བསྒྱུར། བསྒྱུར་བ་རྣམས་སྐད་གསར་བཅད་ཀྱིས་བཅོས་ཏེ་གཏན་ལ་ཕབ། ཆོས་གྲྭ་དང་སྒོམ་གྲྭ་མང་དུ་བཙུགས། བོད་འབངས་རྣམས་བདེ་བ་ལ་བཀོད་དེ་དམ་པའི་ཆོས་རྒྱས་པར་བྱས་སོ། །དེ་ལ་སྲས་གཙང་མ། དར་མ། རལ་པ་ཅན་གསུམ་བྱུང་བའི་གཙང་མ་རབ་ཏུ་བྱུང་། དར་མ་རང་རྒྱུད་ངན་པས་སེམས་ཅན་ལ་གནོད་ཀྱིས་དོགས་ནས་རྒྱལ་སྲིད་མ་གཏད་པར། ཁྲི་སྡེ་གཙུག་བརྟན་རལ་པ་ཅན་དུ་གྲགས་པ་དེ་ལོ་བཅུ་གཅིག་པ་ལ་ཡབ་འདས་ནས་དེ་ལ་རྒྱལ་སྲིད་གཏད། དེའི་རིང་ལ་འོ་འཇང་རྡོ་བཞེངས། མཁན་པོ་པྲཛྙཱ་ཝརྨ་དང་། ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་ལ་སོགས་པ་མང་པོ་དང་། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན། ཞང་སྣ་ནམ་ཡེ་ཤེས་སྡེ་རྣམས་ཀྱིས་ཆོས་མང་པོ་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་ནས་དམ་པའི་ཆོས་ཤིན་ཏུ་དར་ཞིང་རྒྱས་པར་བྱས་སོ། །གཉིས་པ་བར་དུ་འགྲིབ་པའི་ཚུལ་ནི། རལ་པ་ཅན་གྲོངས་པའི་རྗེས་སུ་དར་མས་རྒྱལ་སྲིད་བཟུང་སྟེ། ཐོག་མར་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པ་ལས་བར་སྐབས་སུ་ཐུགས་སུ་གདོན་གསོལ། ཇོ་བོ་ཤཱཀྱ་མུ་ནེ་བྱེ་ཐེམས་སུ་སྦས། སྔགས་ཀྱི་རྒྱུད་སྡེ་རྣམས་རྒྱ་གར་དུ་བསྐྱལ། པོ་ཏི་མཆོད་ཆ་རྣམས་མུན་ཁུང་དུ་སྦས། པཎྜི་ཏ་རྣམས་རྒྱ་གར་དུ་ལོག རབ་ཏུ་བྱུང་བ་ལ་ལ་བཀྲོངས། ལ་ལ་རྟ་ཞོན་པའི་སྟེགས་བྱས། ལ་ལ་ཕབ་སྟེ་རྔ་གཤང་བསྐུར་ཏེ་རི་དྭགས་རྔོན་པ་ལ་བསྐོས་ནས་དབུས་གཙང་གི་བསྟན་པ་ཉམས་ཤིང་མིང་ཙམ་ཡང་མེད་པར་བྱས། དེའི་དུས་ན་འདུལ་བ་ལ་ལག་ལེན་ནི་ངལ་ཞིང་དུབ་པའི་ཐར་ལྷུང་བ་ཙམ་བྱུང་། བཤད་པའི་བཀའ་ནི་ཤིན་ཏུ་ངན་ཏེ། རྩ་བ་དམར་དམར་འདི་འགྲེལ་པ་ནག་ནག་འདིས་འཆད་པ་འདྲ་ཟེར་བ་ཙམ་ལས་མ་བྱུང་། བྱང་སེམས་ཀྱིའང་སེམས་བསྐྱེད་ཀྱི་བཀའ་ཚོ་ནུབ། གསང་སྔགས་ལའང་ཆགས་ལམ་དང་དྲག་པོ་མངོན་སྤྱོད་ཀྱི་ལག་ལེན་དར་བ་ཞིག་བྱུང་། དེའི་ཚེ་ཡབ་མེས་ཀྱི་ཆོས་ཁྲིམས་དང་རྒྱལ་ཁྲིམས་གཉིས་ཀ་བརླག་པར་བྱས་པས་ལྐོག་ཏུ་གསང་ནས་ཉམས་སུ་ལེན་པ་རེ་ཙམ་མ་ཡིན་པར་དངོས་སུ་ཆོས་བྱ་ས་མེད་ནས། བྲམ་པ་རྒྱང་ནས་བྲོས་པ་ཡིན་ནམ་ཟེར་བའི་གཙང་གཡོ་དམར་གསུམ་གྱིས་རེ་ཞིག་ཆུ་བོ་རིར་གབ་ནས་བཞུགས། དེ་ནས་ཁོང་རྣམས་ཀྱིས་འདུལ་བ་མདོ་རྩ། འོད་ལྡན། ལས་ཀརྨ་ཤ་ཏཾ། མངོན་པ་མཛོད་ལ་སོགས་པའི་དཔེ་དྲེའུའི་ཁལ་གཅིག་བཀལ། བཙུན་ཆས་བསྒྱུར་ཏེ་དྭགས་ཀོང་ནས་བརྒྱུད་དེ་བྲོས་པས་མདོ་སྨད་དུ་ཐར་རོ། །དེ་དུས་ན་ཡེར་པའི་བྲག་ལ་ལྷ་ལུང་དཔལ་གྱི་རྡོ་རྗེ་སྒྲུབ་པ་མཛད་ཅིང་ཡོད་པ་ལ། ཡེར་པའི་རི་ལ་རབ་ཏུ་བྱུང་བའི་གཟུགས་ཀྱིས་རྔ་དང་རོལ་མོ་ཁྱེར་ནས་རི་དྭགས་འདེད་པ་མཐོང་ནས་ཅི་ཡིན་དྲིས་པས་རྒྱུ་མཚན་བཤད་པ་དང་། ཆོས་ཀྱི་བསྟན་པ་ཉམས་པ་མ་བཟོད་ནས་འཕན་ཡུལ་ནས་བསྐོར་ཏེ་སྒོ་ལ་ལ་བྱོན་ནས་ལྷ་སར་སླེབ་པ་དང་། བྲན་མོ་ཆུ་ལེན་ཞིག་ལ་རྒྱལ་པོ་བཞུགས་སམ་མཇལ་བ་ཡིན་བྱས་པས། བཞུགས་ཡོད་དར་ཅིག་ན་གླ་བའི་ཚལ་གསེབ་ཏུ་སྐྱོ་སངས་ལ་འབྱོན་གྱི་ཟེར་བ་དང་། རྟ་དཀར་པོ། བེར་དཀར་པོ། མདུང་དཀར་པོ་ལ་སོལ་བས་བྱུགས་ནས་མི་ནག རྟ་ནག མདུང་ནག་ཅན་དུ་བྱས་ཏེ་ཕྱིན་པས། རྒྱལ་པོ་སྡོང་བསིལ་ལ་མིག་མང་རྩེ་ཡིན་ཡོད་པ་ལས་ཡིད་མ་བདེ་ནས་རྡོ་རིངས་ཀྱི་ཡི་གེ་ཀློག་གིན་ཡོད་པ་ལ། མགོན་པོ་ནག་པོ་བྱུང་ཟེར། རྩར་ཕྱིན་ནས་ཞེ་ས་བྱེད་པ་སྐད་བྱས་ཏེ། ལྕགས་མདའ་བརྒྱབས་ཀྱང་ཟེར། མདུང་བསྣུན་ཀྱང་ཟེར་ཏེ། གང་ལྟར་ཡང་མཚོན་བསྣུན་པས། རྒྱལ་པོ་ན་རེ། ཡང་ན་ལོ་གསུམ་གྱིས་སྔས། ཡང་ན་ལོ་གསུམ་གྱིས་འཕྱིས་ཟེར་ལོ། །དེ་ནས་ལྷ་ལུང་དཔལ་གྱི་རྡོ་རྗེས་གཙང་པོ་བརྒལ་ནས་བྱོན་པས་སོལ་བ་དག་སྟེ་མི་དཀར། རྟ་དཀར། མདུང་དཀར་ཞིག་ཏུ་བྱས་ཏེ། ང་གནམ་ཐེལ་དཀར་པོ་ཡིན་ཟེར་ཞིང་བྱོན་ཏེ། འོ་བརྒྱལ་ཐང་ལ་ནུབ་མོ་གཟིམས་ནས་ཐོ་རངས་ཡེར་པར་བྱོན། པེའུ་དམར་སེར་དུ་བྱ་རྒོད་ཀྱི་ཐུལ་པ་གསོལ། ཉེ་འཁོར་རྣམས་སུ་རྡུལ་དང་དུད་པ་གཏོར། དེའི་སྟེང་དུ་མུག་པ་མང་པོ་བཏང་བས་ཕོད་ཐུལ་ལེ། རྡུལ་ཁལ་ལེ། མུག་རྗེས་ལམ་མེ་བཞུགས་པས། མི་རྣམས་ན་རེ། རྒྱལ་པོ་སྡིག་ཅན་ལ་ལྷ་མ་སྲིན་རྣམས་ཀྱིས་ཆད་པ་ཕབ་ནས་བཀྲོངས་ཟེར་ལོ། །བློན་པོ་དང་རྗེས་གཅོད་རྣམས་ཀྱིས་འོངས་ཏེ་མཐོང་བས་རྒྱལ་པོ་བཀྲོངས་མཁན་ལྷ་ལུང་དཔལ་གྱི་རྡོ་རྗེ་བྱ་བའི་མི་མ་འཁྲུལ་འདི་ཡིན་པ་འདྲ་སྟེ་བསྙད་མ་རྙེད་ཟེར་ནས་ལོག་གིན་སོང་སྐད། དེ་ནས་ཁོང་རྒྱ་ནག་ཏུ་བྲོས་པས་ཐར། མདོར་ན་ཁོང་གི་ནུས་པ་དང་གཡོ་ཐབས་ཀྱིས་རྒྱལ་པོ་བཀྲོངས་ཀྱང་བསྟན་པ་ཉམས་ཆེས་པའི་ཤུགས་ཀྱིས་བསྟན་པ་འཕེལ་བ་དང་དར་བ་ནི་ཡུན་རིང་གི་བར་དུ་མ་བྱུང་ངོ་།། ༈ །གསུམ་པ་བསྟན་པ་ཕྱི་དར་གྱི་ལོ་རྒྱུས་ལ། སྟོད་ནས་དང་། སྨད་ནས་བསྟན་པ་ཇི་ལྟར་དར་བའི་ཚུལ་གཉིས་ཀྱི། དང་པོ་ནི། ལྷ་བླ་མ་ཡེ་ཤེས་འོད་དང་། ཇོ་བོ་རིན་ཆེན་བཟང་པོས་བསྟན་པའི་མེ་རོ་སྟོད་ནས་བསླངས་པ་ཡིན་ཏེ། ཚུལ་ཇི་ལྟར་ན། དར་མའི་སྲས་ཁྲི་དར་མ་འོད་སྲུང་དང་། ཁྲི་ལྡེ་ཡུམ་སྟན་གཉིས་བྱུང་། འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན། དེའི་སྲས་བཀྲ་ཤིས་བརྩེགས་པ་དཔལ་དང་། སྐྱེད་ལྡེ་ཉི་མ་མགོན་གཉིས། ཉི་མ་མགོན་མངའ་རིས་སུ་སྤྱུགས་པ་ལ་སྲས་དཔལ་གྱི་མགོན། ལྡེ་གཙུག་མགོན། བཀྲ་ཤིས་མགོན་གསུམ་བྱུང་བ་སྟོད་ཀྱི་མགོན་གསུམ་མོ། །སྨད་དུ་བཀྲ་ཤིས་བརྩེགས་པ་དཔལ་ལ་སྲས་དཔལ་ལྡེ། འོད་ལྡེ། སྐྱིད་ལྡེ་གསུམ་བྱུང་བ་སྨད་ཀྱི་ལྡེ་གསུམ་མོ། །དེ་རྣམས་ཀྱིས་སྟོད་སྨད་སོ་སོར་མངའ་རིས་བཟུང་བས་སྟོད་དུ་རྒྱལ་ཁྲིམས་ཞྭ་ཙམ་ཞིག་ཆགས་པས་མངའ་རིས་སྐོར་གསུམ། སྨད་དུ་རྒྱལ་ཁྲིམས་ལྷྭམ་ཙམ་ཞིག་ཆགས་པས་དབུས་གཙང་རུ་བཞིའོ། །བཀྲ་ཤིས་མགོན་གྱིས་སྐུ་མཁར་ཉི་ཟུང་བཟུང་ནས་པུ་ཧྲངས། ཞང་ཞུང་། གློ་བོ། དོལ་པོ། གུ་གེ ཡ་ཚེ་ལ་སོགས་པ་ལ་མངའ་མཛད། དེའི་སྲས་འོད་ཀྱི་རྒྱལ་མཚན། དེའི་སྲས་སྲོང་ངེ་དང་། འཁོར་རེ་གཉིས། སྲོང་ངེ་རབ་ཏུ་བྱུང་བ་ལྷ་བླ་མ་ཡེ་ཤེས་འོད་ཅེས་བྱ། ཁོང་གིས་ཡབ་མེས་ཀྱི་གདུང་གསོབ་ཅིང་སེམས་ཅན་ལ་ཕན་གདགས་པར་དགོངས་ནས་མངའ་རིས་སྟོད་ཀྱི་བྱིས་པ་ལོ་བཅུ་གསུམ་ལས་མི་གཞོན་མི་རྒན་པ་རྣམས་བསགས་ནས་ཆུ་ཚོད་དང་། དབྱུ་གུ་དང་། གཞུང་འཛིན་པ་དང་། གཞུང་གི་དོན་རྣམས་ལ་བློ་རྟོག་ཏུ་བཅུག་ནས། དེ་རྣམས་ཀྱི་ནང་ནས་བློ་རབ་ཏུ་གྱུར་པའི་ཤེས་རབ་ཅན་བདུན། དེའི་གཡོག་བདུན། ཡང་གཡོག་བློ་དང་གྲོས་ལ་སོགས་པ་ཡོད་པ་བདུན་ཏེ། ཉི་ཤུ་རྩ་གཅིག་ལ་གསེར་མང་པོ་བསྐུར་ནས་རྒྱ་གར་ཁ་ཆེར་སློབ་གཉེར་ལ་བརྫངས་པས་ལས་ཀྱི་དབང་གིས་བཅུ་དགུ་ཤི། བོད་ལ་ཕན་ཐོགས་པ་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། དེའི་གཡོག་ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ལས་མ་བྱུང་། དེ་གཉིས་ཀྱིས་ཆོས་མང་པོ་བསླབས་ནས་འོངས་ཏེ། བོད་དུ་མདོ། བསྟན་བཅོས། སྡེ་སྣོད། མཚན་ཉིད། སྔགས་ཕྱི་ནང་གི་རྒྱུད་འགྲེལ་ལ་སོགས་པའི་ཆོས་མང་པོ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ནས་དམ་པའི་ཆོས་རྣམས་རིམ་གྱིས་འཕེལ་ཞིང་དར་བར་བྱས་སོ། །གཉིས་པ་ནི། དབུས་གཙང་གི་བསྟན་པ་ཉམས་དམས་ནས་ཡུན་རིང་ཞིག་ན་སྔར་དབུས་གཙང་ནས་བྲོས་པའི་གཡོ་དགེ་འབྱུང་གིས་མཁན་པོ། གཙང་རབ་གསལ་གྱིས་སློབ་དཔོན། དམར་ཤཱཀྱ་མུ་ནེས་གསང་སྟོན་པ། རྒྱའི་ཧ་ཤང་ཀོ་ཝཾ་དང་། ཀིཾ་བག་གཉིས་ཀྱིས་ཁ་སྐོང་མཛད་ནས་མདོ་སྨད་ཨན་ཆུང་གི་དགོན་པ་ཡང་ཟེར། དན་དིག་ཤེལ་གྱི་ཡང་དགོན་ཡང་ཟེར་བ་དེར་རབ་ཏུ་བྱུང་བ་ལ་བླ་ཆེན་མུ་ཐུར་དགོངས་པ་རབ་གསལ་བྱ་བ་བྱུང་སྟེ། དེ་ལས་ལོ་སྟོན་རྡོ་རྗེ་དབང་ཕྱུག ཚོང་ཚོ་ཤེས་རབ་སེང་གེ འབྲེ་བཙུན་རྒྱལ་བ་བྱང་ཆུབ་སྟེ་གཙང་པ་གསུམ། དབུས་པ་ཀླུ་མེས་འཕགས་པའི་ཤེས་རབ་སྟེ་བཞིའམ། སུམ་ཡེ་ཤེས་བློ་སྟེ་དབུས་གཙང་གི་མི་ལྔས་རབ་ཏུ་བྱུང་སྟེ་དབུས་གཙང་དུ་བྱོན་ནས་རབ་ཏུ་བྱུང་བ་མང་པོའི་མཁན་པོ་བྱས། དགེ་འདུན་གྱི་སྡེ་བཙུགས་ཏེ་བསྟན་པ་དར་བར་མཛད་དོ། །དེའི་ཚེ་ན་སྔ་མ་གཉིས་ལ་ལོ་ཚོང་གཉིས། ཕྱི་མ་གཉིས་ལ་འབྲིང་སྡེ་རྣམས་བྱུང་སྟེ་དེང་སང་གི་བར་དུ་སྡེ་པ་ཕལ་ཆེ་བ་ལོ་ཚོ། ཚོང་ཚོ། འབྲིང་ཚོ་གསུམ་ལས་གྱེས་པར་གྲགས་སོ། །གཉིས་པ་བྱེ་བྲག་ཏུ་ལམ་སྐོར་དགུ་འཕེལ་ཚུལ་ནི། བསྟན་པ་ཕྱི་དར་གྱི་ཚེ་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་མཁན་བུ་རྒྱ་ཤཱཀྱ་གཞོན་ནུ་དང་། སེ་ཡེ་ཤེས་བརྩོན་འགྲུས་གཉིས་ཀྱི་སློབ་མ་འབྲོག་མི་ལོ་ཙཱ་བ་ཆེན་པོ་ཤཱཀྱ་ཡེ་ཤེས་ཀྱིས་རྒྱ་གར་དུ་བྱོན་ནས་སློབ་དཔོན་ཤཱནྟི་པ་ལ་སོགས་པའི་མཁས་གྲུབ་མང་པོ་ལས་མདོ་སྔགས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཞུས་ཤིང་བསྒྱུར། བྱེ་བྲག་ཏུ་བིརྺ་པའི་ལམ་འབྲས། པདྨའི་ལམ། མཆོད་རྟེན་དྲུང་ཐོབ། གཏུམ་མོ་ལམ་རྫོགས། ཡོན་པོ་བསྲང་བ། བསམ་མི་ཁྱབ་རྣམས་དགེ་སློང་དཔའ་བོ་རྡོ་རྗེ་དང་། རྗེ་ག་ཡ་དྷ་ར་ལས་རྒྱ་གར་ཤར་ཕྱོགས་དང་བོད་དུ་ཞུས་ཤིང་བསྒྱུར། ཡི་གེ་མེད་པ། ཨ་མོ་གྷ་བཛྲ་ལས་བོད་དུ་དར། ཨིནྟྲ་བྷུ་ཏིའི་ལམ་པཎྜི་ཏ་ཤེས་རབ་གསང་བ་ལས་བོད་དུ་ཞུས་ཤིང་བསྒྱུར་ཏེ་དར་བར་མཛད་དོ། །མདོར་ན་ལམ་སྐོར་རེ་རེའི་གཞུང་པ་ཚབ་ལོ་ཙཱ་བ་དང་། འགོས་ལ་སོགས་པ་ལོ་ཙཱ་བ་ཐ་དད་ཀྱིས་བསྒྱུར་བ་དུ་མ་ཡོད་ཀྱང་། ལམ་སྐོར་དགུའི་གཞུང་མན་ངག་དང་བཅས་པ་ཕྱོགས་གཅིག་ཏུ་བསྒྱུར་ནས་བོད་དུ་དར་བར་མཛད་པ་ནི། རྗེ་བཙུན་འབྲོག་མི་ལོ་ཙཱ་བ་ཁོ་ན་ཡིན་ནོ། །གསུམ་པ་སྒོས་སུ་གསུང་ངག་བྱུང་ཚུལ་ལ་གསུམ། དང་པོ་གྲུབ་ཆེན་ག་ཡ་དྷ་རས་སྲོལ་བཏོད་ཚུལ། བར་དུ་འབྲོག་མི་དཔོན་སློབ་ཀྱིས་སྤེལ་ཚུལ། མཐར་རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས་དར་བར་བྱས་ཚུལ་ལོ། །དང་པོ་ནི། གྲུབ་ཆེན་ག་ཡ་དྷ་ར་བོད་དུ་ལན་གསུམ་བྱོན་པའི་དང་པོ་བླ་ཆེན་འབྲོག་མི་ལ། བིརྺ་པའི་ལམ་རྒྱས་པ་ལ་སོགས་པའི་མན་ངག་དང་རྒྱུད་དང་འགྲེལ་པ་དུ་མ་གདམས་ཏེ། འདིའི་ཚུལ་འོག་ཏུ་རྒྱས་པར་འཆད་དོ། །བར་པ་རྗེ་འགོས་ལོ་ཙཱ་བ་ཆེན་པོས་སྤྱན་དྲངས་པའི་ཚེ་ལམ་འབྲས་ནི་མ་གནང་མོད། འོན་ཀྱང་ཀྱཻ་རྡོ་རྗེའི་རྒྱུད་གསུམ་འགྲེལ་པ་དང་སྒྲུབ་ཐབས་ཀྱི་གཞུང་ཆེ་ཕྲ་མང་དུ་བསྒྱུར་ཞིང་བཤད་ནས། ཀྱཻ་རྡོར་འགོས་ལུགས་སུ་གྲགས་པར་དར་པོ་བྱུང་བར་སྣང་མོད། དེང་སང་དེ་ལས་བརྒྱུད་པ་ཆད་ནས་མི་སྣང་ངོ་། །ཐ་མ་གྱི་ཇོ་ལོ་ཙཱ་བས་སྤྱན་དྲངས་མ་རྒྱུད་ཀྱི་རྒྱུད་ཀྱི་འགྲེལ་པ་མང་པོ་བསྒྱུར་ཞིང་བཤད་ནས་དར་བར་བྱས། ལམ་འབྲས་ནི་མ་གསུངས་སོ་ཞེས་འབྲོམ་ལུགས་པ་དང་ཞ་མ་བ་རྣམས་ཟེར་ཡང་། གསུང་ངག་གི་གདམས་ངག་རྫོགས་པ་ཞིག་ཡོད་པར་སྣང་སྟེ། གྱི་ཇོས་བསྒྱུར་བའི་རྩ་བ་རྡོ་རྗེའི་ཚིག་རྐང་དང་། གྱི་ཇོའི་སློབ་བརྒྱུད་རྣམས་ཀྱིས་བྱས་པའི་བརྒྱུད་པའི་ལོ་རྒྱུས། རྡོ་རྗེའི་ཚིག་རྐང་གི་འགྲེལ་པ་རྒྱས་པ། བསྡུས་དོན། བྷ་གའི་ཡི་གེ་བཅུ་བཞིའི་མན་ངག་རྣམས་སྣང་བས། མན་ངག་རྫོགས་པའི་ཡིག་ཆ་ཡོད་པར་སྣང་ངོ་། །དེ་ལྟར་ན་གྱི་ཇོ་ཟླ་བའི་འོད་ཟེར། ཞུ་འཁོར་ལོ། ཞུ་དར་མ་རྒྱལ་མཚན། ཞུ་སྟོན་ཧོར་མོ། འོད་པ་དོན་ནེ། ཚུལ་ཁྲིམས་ཤེས་རབ་ཀྱི་བར་དུ་བརྒྱུད་ནས་མང་དུ་འཕེལ་མོད། དེང་སང་ཡིག་ཆ་ཙམ་ལས་བརྒྱུད་པ་འཛིན་པ་མི་འདུག་གོ །གཉིས་པ་ནི། རྗེ་བཙུན་འབྲོག་མི་ལ། གཞུང་ཚར་བ། མན་ངག་ཚར་བ། གྲུབ་པ་ཐོབ་པའི་སློབ་མ་རྣམས་ཡོད་པ་ལས། མན་ངག་ཚར་བའི་སློབ་མ་ནི། འབྲོམ་དེ་པ་སྟོན་ཆུང་། ལྷ་བཙུན་ཀ་ལི། རྗེ་སེ་མཁར་ཆུང་བ་དང་གསུམ་ལས་མེད་དོ། །དེ་ལ་ལམ་འབྲས་འབྲོམ་ལུགས་སུ་གྲགས་པ་ནི། འབྲོམ་ཙནྟྲ་ཝརྟི་ཞེས་བྱ་བ་མདོ་སྨད་ཀྱི་མི་ཆེན་གཅིག་ཡིན་ཟེར་བ་འབྲོམ་ལུགས་པ་རང་གི་ལོ་རྒྱུས་ན་སྣང་ལ། བླ་མ་དམར་ནི། འཕན་ཡུལ་བ་ཡིན་གསུང་གང་ལྟར་ཡང་རིགས་དང་སྐྱེ་བ་ཤིན་ཏུ་བཟང་། ལོངས་སྤྱོད་ཆེ། གདམས་ངག་མང་ཞིང་ཁྱད་པར་དུ་མ་མོ་སྲོག་ཐིག་ལ་མཁས་པ་གཅིག་ཡིན། ཁོང་གིས་བླ་ཆེན་གྱི་སྙན་པའི་གྲགས་པ་ཐོས་ནས་དད་དེ། ཡུལ་ནས་རྟ་བདུན་གྱི་ཁལ་དུ་ཡོན་མང་པོ་བཀལ་ནས་ཀླགས་པ་ལམ་གྱི་ཕུ་ནས་བསམ་ཡས་ལ་འཐོན་ཏེ་བྱོན་ནས་ལམ་དུ་ལྷ་མོའི་སྒྲུབ་ཐབས་ཞུ་བ་མང་དུ་བྱུང་། ནོར་མང་པོ་བྱུང་བ་ཁྱེར་ཏེ་འོངས་ནས་བླ་ཆེན་དྲུང་དུ་གདམས་ངག་ཞུ་ཚེ་ཆོས་ཐུན་རེ་ལ་གསེར་ཞོ་རེའི་མཎྜལ་ཞབས་དཀྲིས་ཀྱི་དར་ཞིང་ཆེན་ཁ་རེ་ཕུལ་ཏེ། དེ་དུས་ཀྱི་དར་བཟང་ཞིང་དཀོན་པས་ད་ལྟའི་ཟབ་ཆེན་ཡུག་པས་རིན་ཆེ་སྐད། དེ་བཞིན་དུ་གཏོར་མ་མི་གཉིས་ཀྱིས་ཐེག་ཚད་རེའི་ཚོགས་འཁོར་རེ་བྱས། འབྲོག་མིའི་གཡུ་ཞོ་སྤུངས་ཀྱང་ཟེར་བ་ཕུལ་བས་ཤིན་ཏུ་མཉེས། དེ་ལྟར་དུས་ཁྱད་པར་ཅན་དང་། ནར་མའི་བསྙེན་བཀུར་དཔག་ཏུ་མེད་པ་ཡུན་རིང་དུ་མཛད་དེ། ཞབས་ཏོག་ཤིན་ཏུ་ཆེ་བས་གདམས་ངག་རབ་ཏུ་ཐོབ་བོ་ཟེར། ནང་གཅིག་མཎྜལ་གྱི་གསེར་ཡང་ཟད། ཞབས་དཀྲིས་ཡང་མེད་པས། ཁོང་གི་ཇོ་མོའི་དར་ཤམ་ཕོག་ནས་བྱས་པས་ཅུང་ཟད་མ་མཉེས་སྐད། དེ་ལྟར་ལོངས་སྤྱོད་ཆེ་བ་ལ་དར་འབོག་དང་། ཇ་སིགས། མཛོ་རྟ་བསྒྲིགས་ན་མདོ་སྨད་ནས་མུ་གུ་ལུང་གི་བར་མ་ཆད་པ་ཙམ་ཡོད་སྐད། རྡོ་རྗེའི་ཚིག་རྐང་ལ་ཡང་རྒྱ་གར་སྐད་ལ་བསྒྱུར་ཞིང་། འགྲེལ་པ་རྒྱས་པར་བྱས། རྒྱ་བློ་གྲོས་གྲགས་ལ་སོགས་པའི་སློབ་མ་མང་པོ་ལ་བཤད་དོ། །སྐུ་ཚེའི་མཇུག་ཏུ་ལ་སྟོད་ལ་བྱོན་པའི་ལམ་ཀར་མུ་གུ་ལུང་དུ་བླ་ཆེན་ལ་མཇལ། འབུལ་བ་མང་དུ་བྱས་ནས་དཔེ་འགེལ་བའི་རྟ་གཅིག་གཡར་བ་ཞུས་པས་སློབ་དཔོན་གྱིས་སློབ་མ་ལ་འབུལ་བ་བྱེད་པའི་ལུགས་མེད་གསུངས་ནས་མ་གནང་བས། འབྲོམ་ཐུགས་ཆད་དེ་བཞུད་ཀར། མུ་གུ་ལུང་རྡོ་རྗེ་གདན་དུ་སོང་ཀྱང་རུང་། འབྲོག་མི་ཤཱཀྱ་ཐུབ་པར་སོང་ཡང་ད་ཕྱིན་ཆད་འདི་ཀུན་ཏུ་འོང་བཏུབ་པ་མི་འདུག་གསུངས་སྐད། དེ་ནས་ལྷོ་སྟོད་དིང་རི་ཤེད་ན་ཡར་བྱོན་པས་འབྲོག་མིའི་སློབ་མ་མཆོག་ཡིན་ཟེར་བས་བསོད་ནམས་ཆེན་པོ་བྱུང་ནས་ལམ་དུ་སློབ་མ་འགའ་ཞིག་ཡི་གེ་མེད་པའི་བྱིན་རླབས་ཞུ་བ་བྱུང་ནས་བྱས་པས་ཞལ་ནས་ཁྲག་སྐྱུགས་ཏེ་བསྙུན་ནད་ཀྱིས་ཟིན། འབྲོམ་ན་རེ་ངའི་བླ་མ་དེ་སངས་རྒྱས་དངོས་ཡིན་ཅིང་ངའི་སྣོད་བཏགས་པར་འདུག་པ་ལ་ངས་དེ་ལྟར་མ་ཤེས་པས་མ་དད་པ་ཅིག་སྐྱེས་པས་ལེན། འོན་ཀྱང་བླ་མས་རྗེས་སུ་འཛིན་པར་འདུག ངའི་དཔེ་ཆ་དང་ནོར་རྫས་རུས་པ་རྣམས་བླ་མའི་ཕྱག་ཏུ་ཕུལ། ཁྱེད་ཚོ་གདམས་ངག་ཞུ་ན་ངའི་དཀའ་ལས་ཙམ་མི་དགོས་པར་བླ་མས་གནང་བར་འདུག་གི་ཞུས་གསུངས་ནས་འདས། སློབ་མ་ཀུན་གྱིས་སྤུར་བཞུས། གདུང་། དཔེ་ཆ། ནོར་རྫས། རྟ་བདུན་བླ་ཁལ་འོག་ཁལ་ཁྱེར་ཕྱིན་པས་ལམ་ན་བགྲོད་དཀའ་ཡང་བདེ་བར་ཐོན། མུ་གུ་ལུང་གི་མདའ་ནས་ཡར་སླེབ་ཙ་ན་དུང་དཀར་ཅིག་འབུད་གིན་ཕྱིན་པས། བླ་ཆེན་རྒྱུན་གཏོར་མཛད་པས་གསན་ནས་ངའི་སྙིང་བཏོན་པ་སྙམ་བྱེད་ལྟོས་དང་གསུངས་བལྟས་པས་ཁོང་གིས་སླེབས་ནས་དེ་རྣམས་ཕུལ་བས་རུས་པ་པང་དུ་བླངས་ནས་བུ་ཕ་ཅན་སྙེགས་སམ་གསུངས་ནས་བཤུམ་སྐད། དེར་ཁྱེད་ཚོའི་ནང་ནས་གདམས་ངག་འདོད་པ་གང་ཡོད་པ་ལ་དཀའ་ལས་མེད་པར་སྦྱིན་གྱིས་གསུངས་པ་ལ་ཞུ་བ་མང་པོ་མ་བྱུང་། སྒྱེར་སྒོམ་སེ་བོ། གཤེན་སྒོམ་རོག་པོ། འཕགས་པ་ཆོས་སྣང་གསུམ་གྱིས་ཞུས་པས་རྫོགས་པར་གནང་སྟེ་བསྒོམས་པས་ཏིང་ངེ་འཛིན་བཟང་པོ་སྐྱེས། སེ་རོག་གཉིས་ཀྱིས་དངོས་གྲུབ་ཅུང་ཟད་རེ་ཐོབ་སྐད་དོ། །དེ་ནས་འབྲོམ་དེ་བ་སྟོན་ཆུང་། རྒྱ་ལྷོ་བྲག་པ། ཆབ་སྟོན་ཆོས་དཀའ། ཉང་ཁམ་ཁུང་བ། རོག་སྒོམ་པ། བྲག་པ་སྐུ་མཆེད། ཟླ་བ་རྒྱལ་མཚན། རྟོགས་ལྡན་རྣམ་གདིང་པའི་བར་དུ་བརྒྱུད་ནས། རྡོ་རྗེའི་ཚིག་རྐང་ཀྱཻ་རྡོར་མན་ངག་ལུགས་ཀྱི་དབང་ཆུ། མན་ངག་གི་ཡིག་ཆུང་དང་བཅས་པའི་པོ་ཏི་ཆུང་བ་གཅིག་སྣང་ངོ་། །ཡང་འབྲོམ་གྱིས་རྒྱ་བློ་གྲོས་གྲགས་ལ། དེས་རྒྱ་སྟོན་རྡོ་རྗེ་སེང་གེ་ལ། དེས་དར་མ་གྲགས་ལ། དེས་ཁམ་ཁུང་པ་ལ། དེས་སྒྲོ་སྟོན་ཤཱཀྱ་འོད་རྣམས་ལས་བརྒྱུད་ནས་གཞུང་བཤད་ཤིན་ཏུ་རྒྱས་པ་ཞིག་དང་། གསང་བཅུ་ལ་སོགས་པའི་མན་ངག་ཕྲ་མོ་པོ་ཏི་ཤིན་ཏུ་ཆེ་བ་གཅིག་འདུག་གོ །དེས་ན་ཞིབ་མོ་རྡོ་རྗེར། འབྲོམ་ལས་ལམ་འབྲས་འཕེལ་བ་མེད་ཟེར་བ་ནི་ཤིན་དུ་མ་དག་པར་སྣང་ངོ་། །རྗེ་སེ་མཁར་ཆུང་བ་ལ་ལམ་འབྲས་རབ་ཏུ་ཐོབ་པ་ཞང་སྟོན་སྐུ་མཆེད། འབྲིང་དུ་ཐོབ་པ་ཞ་མ་ལྕམ་སྲིང་། ཐ་མར་ཐོབ་པ་སེ་སྒོམ་བྱང་ཡེ་རྣམས་བྱུང་ངོ་། །དེ་ལ་ལམ་འབྲས་ཞང་ལུགས་སུ་གྲགས་པ་ནི་རྗེ་བཙུན་སེ་མཁར་ཆུང་བའི་སློབ་མ་ཞང་དགོན་པ་བ། ཞ་མ་དཀོན་མཆོག སློབ་དཔོན་ཉང་སྟོན། མཁན་པོ་སྨོན་མཁར་པའི་བར་དུ་བརྒྱུད་ཅིང་ཞ་མ་དཀོན་མཆོག་གིས། དགོན་པ་བ་དང་ས་སྐྱ་པ་ཆེན་པོ་གཉིས་ཀ་ལ་ཞུས་སོ། །དེ་ལས་བརྒྱུད་པའི་གཞུང་རྡོ་རྗེ་ཚིག་རྐང་འགྲེལ་པ་དང་བཅས་པ། ཞལ་བཞེས་ཉེར་བཞི་ཕལ་མོ་ཆེ་བརྒྱུད་པའི་ལོ་རྒྱུས་དང་བཅས་པ་སྣང་ངོ་། །ལམ་འབྲས་ཞ་མ་ལུགས་ལ་སྔར་བྱོན་པ་མོ་རྒྱུད་དང་། ཕོ་རྒྱུད་གཉིས་དང་། ཕྱིས་བྱུང་བ་བསྲེས་པའི་ལུགས་དང་གསུམ་ལས། དང་པོ་ལམ་འབྲས་ཞ་ལུགས་མོ་རྒྱུད་དུ་གྲགས་པ་ནི། མ་གཅིག་ཞ་མའི་ཡུལ་ལ་སྟོད་ཕ་དྲུག་གི་ཞ་མ་བརྒྱ་བཞིའི་ནང་ནས་ཞ་མ་མི་རེག་བྱ་བ་ཡིན། ལྕམ་སྲིང་དྲུག་ཡོད་པའི་གཉིས་འོག་ལྷ་རྗེ་ཞ་མ་མཚན་རྒྱལ་མོ་ལྕམ། དེའི་འོག་མ་མིང་པོ་ཞ་མ་ཆོས་ཀྱི་རྒྱལ་པོ་ཡུལ་ལ་སྨོན་ན་རྗེ་ཁུམ་བུ་པ་ཞེས་ཟེར། ལྕམ་མོས་ལོ་བཅུ་བདུན་པ་ལ་འབྲོམ་རམ་ཚ་པུ་ནི་བྱ་བ་ཅན་ཁྱིམ་སོ་ལ་བྱོན་དེ་དང་བྲལ་ནས་ལོ་ཙཱ་བ་རྨ་ཆོས་འབར་གྱི་ཇོ་མོ་མཛད། ཁོང་གྲོངས་ནས་དེས་རྐྱེན་བྱས་ཏེ། སྙིང་རླུང་བྱུང་ནས་མཐོང་སྣང་ལ་སོགས་པ་ཉམས་ཀྱི་མཐོ་དམན་མང་པོ་དང་། རྟག་ཏུ་བྱང་སེམས་འཛག་པའི་གེགས་བྱུང་བ་ལ། ཐམས་ཅད་དུ་གདམས་ངག་གང་ཆེ་དྲིས་པས། དིང་རི་གླང་འཁོར་ན་དམ་པ་རྒྱ་གར་གདམས་ངག་ཆེ་བར་དགོངས་ནས་དམ་པའི་སར་བྱོན་པས། དམ་པའི་ཞལ་ནས་ཁྱོད་ཀྱིས་དང་པོ་བླ་མ་ལ་དབང་བསྐུར་ཞུས་པའི་དུས་སུ་དབང་ཡོན་མ་ཕུལ་བས་ལན་འདུག་གསུངས་པས། ལྷ་རྗེས་ལུས་ལོངས་སྤྱོད་ཐམས་ཅད་ཕུལ། ཟས་ནོར་ཐམས་ཅད་བསྲེས། ང་ཁྱོད་མེད་པར་བྱས་པ་ལགས་མོད་བྱས་པས། དེར་ཁྱོད་ཀྱི་མིང་པོས་རྟ་གཅིག་རིན་དུ་ཟོས་འདུག་གསུངས། དེའང་ལྷ་རྗེ་མ་ལ་རྒྱུས་མེད་པར་མིང་པོ་ཀུན་གྱིས་རྟ་གཅིག་རིན་དུ་བླངས་འདུག དེར་ལྷ་རྗེ་མས་དམ་པ་ལ་བླ་མ་གྲོངས་ནས་མི་བདོག་པ་གང་ལྟར་བགྱི་ཞུས་པའི་དེས་བཞེངས་པའི་རྟེན་རྣམས་ལ་འབྲེལ་པ་མེད་དམ། ཞབས་ཏོག་གྱིས་གསུངས་ནས་མང་མཁར་མདའ་ན་རྨས་བཞེངས་པའི་གནས་གསར་ལྷ་ཁང་བྱ་བ་ཡོད་པ་ལ་རྟ་གཅིག་ཁལ་དང་བཅས་པ་དང་ཁྲབ་གཅིག་ཕུལ། རྨའི་སྲས་མོ་ཇོ་མོ་དཀར་ཡུ་བྱ་བ་ལ་གཡག་གཅིག རེ་ཐུལ་གཅིག རེ་དམར་ཟབ་དར་བཅས་པ་ཅིག་ཕུལ་ཡང་ཟེར། ཕྱི་རྟེན་ལ་བལ་པོ་ནས་གནྫིར་གཅིག་བླངས་ནས་བཙུགས་ཀྱང་ཟེར་ཏེ། དེ་ལྟར་བྱས་པས་ལོ་གཅིག་གི་བར་དུ་ནད་དེ་ཕན། དེ་ནས་སྔར་བས་ཀྱང་ཐུ་རུ་སོང་སྟེ་དམ་པ་ལ་ཞུས་པས། རྒྱལ་ཁམས་འདྲ་བསྐོར། མདོ་རྒྱུད་འདྲ་ལྟོས་གསུངས་ནས་ལོ་བདུན་དུ་མཚམས་བཅད་ནས་མདོ་རྒྱུད་རྙེད་ཚད་གཟིགས་ཀྱང་མ་ཕན་པར། གནུབས་ཡུལ་རང་ན་མར་ཕྱིན་པས་ལྷ་རྗེ་གནུབས་པའི་བན་ཆུང་ཁ་ཅིག་ཆུ་ཁ་ན་ཨེ་མ་ངོ་མཚར་ལ་སོགས་པ་དབྱངས་སུ་གྱེར་ཅིང་འདུག་སྟེ། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལ་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ལ་སྐྱེ་བ་མེད། །ཅེས་ཟེར་བ་ཐོས་ནས་དེ་ལ་ངེས་ཤེས་ཁྱད་པར་ཅན་སྐྱེས་པའི་སྟོབས་ཀྱིས་ཁམས་དྲག་དེ་ནས་ཐུར་སོང་སྟེ་དམ་པ་ལ་ཞུས་པས། རྔ་གཅིག་ལག་ཏུ་གཏད་ནས་བརྡུང་བྱ་བའི་བརྡ་ཅིག་མཛད། བརྡུངས་པས་སྐད་ཆེན་པོ་ཅིག་བྱུང་། གཞན་ཅི་ཡང་མ་བྱུང་སྟེ་གདམས་ངག་ཞུས་པས་སོང་ཅིག་པའི་བརྡ་མཛད་དེ་ཕན་པ་མ་བྱུང་བས་གདམས་ངག་རྡུགས་པར་ཐག་བཅད་གསུངས། དེ་དུས་བླ་མ་སེ་མཁར་ཆུང་བ་མདོ་མང་བཞེངས་ཀྱིན་ཡོད་པ་ཆོས་ཀྱི་གླེགས་ཤིང་བསྒྲུབ་པ་ལ་བྲིན་དུ་བྱོན་པའི་ཚུར་ལམ་དིང་རི་ཤར་ཕྱོགས་ཀྱི་མཁར་ཆུང་བ་ཅན་དུ་བྱོན། མཁར་ཆུང་བའི་སློབ་མ་དིང་རི་སྐྱེ་ཆགས་པ་ཁྱུང་པོ་ཧཱུྃ་ཀ་ར་ན་རེ། འབྲོག་མིའི་སློབ་མ་སེ་ཀུན་རིག་བྱ་བ་ལམ་འབྲས་ཀྱི་བདག་པོ་ཁམས་འདུས་དགྲོལ་བ་ལ་ཤིན་ཏུ་མཁས་པ་གཅིག་བྱོན་བདོག་པས་ཉིད་ཆོས་མི་ཞུའམ་ཟེར་བས། ལྕམ་སྲིང་གཉིས་ཀྱིས་རྟ་གཅིག་ལ་ཡོ་བྱད་མང་པོ་བཀལ་ནས་མཇལ་དུ་བྱོན། དང་པོ་ནས་ཁམས་ཀྱི་སྐྱོན་འདི་ལྟར་བྱུང་གི་ལོ་རྒྱུས་བླ་མའི་སྙན་དུ་ཕུལ་བས་ཁང་ལྷྭམ་འབུར་མ་ལ་ལྕག་གིས་ཏུག་ཏུག་མཛད་ཀྱིན་ཁྱོད་ལ་དང་པོ་འདི་ལྟར་མ་བྱུང་ངམ། དེ་ནས་འདི་ལྟར་མ་བྱུང་ངམ་གསུངས་པས། ཞ་མའི་ཉམས་ལ་བྱུང་བ་ཚོ་དང་མཐུན་ནས་རྗེ་སངས་རྒྱས་སམ་བྱ་བ་དེ་ཁྱེད་ལགས་སམ་ཟེར་ཅིང་ཤིན་ཏུ་ཡིད་ཆེས་ཏེ་ཕྱག་མང་དུ་བཙལ། བླ་མའི་ཞལ་ནས་ཞ་ཆུང་མ་ལ་སྒོམ་འདུག་སྟེ་གདམས་ངག་མི་འདུག སེ་མཁར་ཆུང་བ་ལ་གདམས་ངག་འདུག་སྟེ་སྒོམ་མི་འདུག སྤྲང་པོ་སེ་ཐེའུ་རང་འདིས་བར་ཆད་གཅིག་ཀྱང་བྱེད་དུ་མ་འདོད་གསུངས། དེར་གདམས་ངག་ཞུས་པས་དབང་བསྐུར་དགོས་གསུངས། སྔར་བླ་མ་རྨ་ལ་དབང་ཐོབ་བྱས་པས་ངའི་ཆོས་འདོད་ན་ང་རང་གི་དབང་བསྐུར་དགོས་གསུངས། འོ་ན་ཆ་རྐྱེན་འདྲ་བསྒྲུབས་ནས་བླ་མའི་དྲུང་དུ་འོང་བར་ཞུ། བདག་གི་མིང་པོ་སྟོན་པ་ཅིག་བདོག་པས་དེ་ཁྲིད་ནས་མཆིས་ན་ཞུས་པས་རུང་གསུངས་ནས་རྗེ་ཁུམ་བུ་པ་དང་ལྕམ་སྲིང་གཉིས་ཀྱིས་ནོར་མང་པོ་ཁྱེར་ནས་མཁར་ཆུང་དུ་བྱོན། འབུལ་བ་ལ་འཁོར་གསུམ་ཡང་དག་ལན་གསུམ་བྱས། བླ་མ་ཡང་མཉེས་ནས་དབང་བསྐུར། གེགས་སེལ་གྱི་གདམས་ངག་བསྟན་ནས་བསྒོམ་དུ་བཅུག་པས་ནད་དྲག་སྟེ་ཁྲིད་བཀའ་རྣམས་གནང་། གཞུང་ཚང་བ་ནི་མ་ཉན་གསུངས། ཞ་མ་བས་ནི་གསུང་ངག་རགས་རིམ་ཅིག་མཉན་པས་སེམས་ཚིམས་ནས་ཁོང་ལྕམ་སྲིང་འགྲོ་བར་འདུག་པ་ལ་བླ་མའི་ཞལ་ནས། ཞང་སྟོན་པ་གཉིས་ལ་ཞ་མ་ལྕམ་སྲིང་འདི་པ་མི་ཆེན་དུའང་འདུག གདམས་ངག་གི་སྣོད་དུའང་གདའ། ཁོང་ལ་གདམས་ངག་འདི་རྫོགས་པར་སྦྱིན་བསམ་སྟེ། ཁོང་མི་ཞུ་བར་འགྲོ་བར་འདུག གདམས་ངག་ནི་མ་ཚར་འོ་སྐོལ་གྱི་བརྒྱུད་པ་འདིའི་ལུགས་ལ་སློབ་མས་མ་ཞུས་པར་བླ་མས་མི་བཤད་པ་སྲོལ་དུ་གདའ་བས་ཁྱོད་ཀྱིས་གྲོས་ཐོབ་གསུངས་ཏེ། ཞང་སྟོན་པས་ཁྱོད་ཀྱིས་བླ་མ་ལ་ཞབས་ཏོག་ཀྱང་ཆེར་བྱས། བླ་མས་ཡང་ཐུགས་ལ་འདོགས་པར་འདུག ཁྱེད་ཀྱི་ཞོར་ལ་ངེད་རྣམས་ལ་ཡང་ཐུགས་ལ་བཏགས། ད་དུང་གདམས་ངག་ལྷག་མ་འདྲ་ཡང་ཡོད་པ་འདྲ། བཞུགས་ནས་ལྷག་མ་ཀུན་རྩད་གཅོད་པར་ཞུ་བྱས་པས་ཞ་མ་ལྕམ་སྲིང་ན་རེ། ཇོ་བོ་འདི་ཅི་གསུངས་ན། འབུལ་བ་ཡང་འཁོར་གསུམ་ཡང་དག་ལན་གསུམ་བྱས། བྱང་དང་ར་དང་དང་ཆུང་ཚུན་ཆད་བསྐོར། ཇག་དམར་གྱི་གོས་རྐྱང་པ་རེ་ལས་མེད་པར་གྲང་དྲགས་པས་ལམ་དུ་གནག་གི་སྐྱིབས་འཇོ་ཡིན་ཡང་ཅི་ཡོད་ཕུལ་ནས་ཞུས། མཉེས་ཀྱང་མཉེས། གདམས་ངག་ཀྱང་མ་ལུས་པར་གནང་། ལྷག་མ་མེད་པར་ཐག་ཆོད། དེས་ཚིམ་ཀྱང་ཚིམ་ལྷག་མ་ཡོད་པ་སྐད་གསུང་ཡང་རྗེ་ཞལ་རྫུན་གསུང་བ་ཡིན་གསུངས་ནས་སྡོད་དུ་མ་ཉན་པར་སོང་བས་ཅུང་ཟད་མ་རྫོགས་པས་ན་འབྲིང་དུ་ཐོབ་པ་ཡིན་གསུངས། འོན་ཀྱང་བསྒོམས་པས་ཡོན་ཏན་ཁྱད་པར་ཅན་སྐྱེས་ཏེ་ཡི་དམ་གྱི་ལྷ་དཔག་ཏུ་མེད་པ་ཞལ་གཟིགས། ཁྭ་གདོང་མ་ཆུ་ཆུས། འུག་གདོང་མ་མེ་ཐོང་བྱས་པ་ཙམ་གྱིས་ཐབ་ཏུ་མེ་ལྷབ་འབར། ཕྲུ་བར་ཆུ་མེར་གྱིས་འབྱུང་། ལུས་གཅིག་ལ་དུ་མར་བྱེད་པ་ལ་སོགས་པ་རྫུ་འཕྲུལ་གྱིས་ཞིང་གཞན་དུ་སྐད་ཅིག་གིས་བསྒྲོད་པར་ནུས་པ་ཡིན་ཏེ། རྡོ་རྗེ་གདན་དུ་བདེ་གཤེགས་ཀྱི་མཆོད་པ་ལ་ནམ་མཁའ་ལ་བྱོན་ནས་གྷནྡྷོ་ལི་ལ་བསྐོར་བ་བྱེད་པ་བོད་མོའི་ཆ་ལུགས་སུ་ཡོད་པ་ཁམས་པ་མེ་ཉག་ལོ་ཙཱ་བས་ངོ་ཤེས། འདི་ལ་སྟོད་དིང་རི་ན་ཡོད་པའི་ཇོ་མོ་ཞ་ཆུང་མ་བྱ་བར་འདུག་བྱས་པས། དེ་རྒྱ་གར་གྱི་མི་ཐམས་ཅད་ངོ་མཚར་སྐྱེས། བྲམ་ཟེ་རྣམས་ཀྱིས་ཤིས་པ་བརྗོད་པ་ཡང་བྱས་ཏེ། ཨ་ཙ་ར་གསུམ་བོད་དུ་ཆོས་ཞུར་བྱུང་བས་མ་ཇོའི་ཞལ་ནས་ངེད་མཐའ་འཁོབ་ཀྱི་མི་སྒོས་བུད་མེད་སྐྱེ་བ་དམན་པས་ཁྱེད་ཀྱི་སློབ་དཔོན་མི་འོངས་གསུངས་ནས་གསེར་སྲང་གསུམ་གནང་ནས་ཆོས་མ་གནང་སྐད། ཉིན་གཅིག་ཁོག་སྣ་ན་དགེ་བཤེས་སྟོད་སྟོན་པ་ཆོས་གསུང་གིན་ཡོད་པ་ལ་མ་ཇོ་ཞ་ཆུང་མས་ཕུག་རོན་གཅིག་ཏུ་བརྫུས་ནས་ཆོས་ཉན་པས་བྱིས་པས་རྡོ་བརྒྱབ་པས། དགོང་མོ་ཉེ་གནས་མ་ལ་དགེ་བཤེས་སྟོད་སྟོན་པས་ཆོས་ཟབ་མོ་ཅིག་བཤད་ཀྱིན་འདུག་ནས་མཉན་པས་ཕུང་བྱིས་ཁ་ཅིག་གིས་སོར་རྡོ་བརྡེག་གིས་ཉན་དུ་མ་སྟེར་གསུངས། ཉིན་གཅིག་འུ་ཅག་སང་ནི་སྒོག་པ་ཐུ་རུ་འདོང་ངོ་གསུངས་ནས། ཉེ་གནས་མས་སྔ་དྲོ་གཤེགས་བྱས་པས་ང་འོང་གིས་ཁྱོད་རང་སྔོན་ལ་སོང་ཅིག་གསུངས་ནས་བལྟས་པས་མ་བྱོན། ཉེ་གནས་མ་གར་ཕྱིན་སར་ཕུག་རོན་གཅིག་བྱུང་བས། ཉེ་གནས་མ་གྲོག་པོ་གཅིག་ལ་དེའུ་འགྲིལ་བས་ཁྱིམ་དུ་ལོག་ཙམ་ན་མ་ཇོའི་སྔུན་དུ་སྒོག་པ་སྤར་གང་ཡང་འདུག་གོ །མ་ཇོ་ལ་སུས་དྲངས་ཞུས་པས་ང་རང་གིས་བཏུས་ཁྱོད་གྲོག་པོར་དེའུ་འགྲིལ་བ་ངས་བཟུང་གསུངས་སྟེ། ཕུག་རོན་དུ་སྤྲུལ་ལོ། །གཞན་ཡང་ཕྱི་ནང་གསང་བའི་རྟེན་འབྲེལ་བསམ་གྱིས་མི་ཁྱབ་པ་གཟིགས་ཏེ། ཐབ་ཏུ་ནུབ་མོ་ནས་གཏོར་བ་ནངས་པར་སྲས་སུ་རེད་པ་བྱུང་བ་དང་། རྗེ་བཙུན་དམ་པ་རྒྱ་གར་བའི་ཞལ་ནས། དིང་རི་བའི་སློབ་མ་རྣམས་ལ་ཁྱེད་རྣམས་ཡོ་ལ་གསེར་ར་ཏི་གཅིག་ལས་མི་རི། བུད་མེད་འདི་ལ་གསེར་སྲང་བརྒྱ་རི་བ་ཡིན་གསུངས། རྔ་གཅིག་གཏད་ནས་ཞ་ཆུང་མ་རྔ་དྲག་ཏུ་བརྡུངས་གསུངས་སྐད། དེ་གྲགས་པ་ཆེན་པོ་འབྱུང་བའི་བརྡ་ཡིན། དེ་ལྟ་བུའི་རྗེ་བཙུན་མ་དེ་ལ་བླ་མ་ཉང་སྒོམ་ཆེན་གྱིས་ལོ་བཅུ་གཉིས་བསྟེན་ནས་ཞུས། དེས་བླ་མ་སྨོན་མཁར་བ་ཉང་རྒྱལ་པོ་གྲགས་ལ། དེས་ཁ་རག་གི་གཉོས་ཆོས་ཀྱི་གཟི་བརྗིད། དེས་བླ་མ་ཀོ་བྲག་པ། དེས་བླ་མ་ལྷ་སྲོ་ལུང་པ་སོགས་ལ་བརྒྱུད་དོ། །ཡང་ཉང་སྒོམ་ལ་གཡུང་སྟོན་གྱིས་ཞུས། དེ་ལ་ཞང་སྟོན་སེ་མིག་པས། དེ་ལ་ཀོ་བྲག་པས་སོ། །ཡང་བླ་མ་སྨོན་མཁར་ཇོ་སྲས་སམ། ཞ་མའི་དབོན་པོ་ཤེས་རབ་ཚུལ་ཁྲིམས་སུ་གྲགས་པ་ལ་བཤད། དེ་ལ་ཀོ་བྲག་པས་སོ། །འདི་དག་ནས་བརྒྱུད་པའི་ཡིག་ཆ་ཕྲན་ཚེགས་གང་ཟག་ཐ་དད་ཀྱིས་བྱས་པ་རབ་ཏུ་མང་པོ་སྣང་ལ་འདི་དག་ཕལ་ཆེ་བ་མན་ངག་བཟང་པོ་སྣང་ཞིང་། ཁ་ཅིག་སྦྱང་པ་མ་བྱས་པའི་སྒོམ་ཆེན་འགའ་ཡིས་བྱས་པ་ཅི་རིགས་པར་སྣང་ངོ་། །ལམ་འབྲས་ཀོ་བྲག་པའི་ལུགས་ནི། བླ་མ་དུམ་བུ་ཀོ་བྲག་པ་བསོད་ནམས་རྒྱལ་མཚན་ལམ་འབྲས་དང་། བི་བྷུ་ཏ་ཙིནྡྲའི་ལུགས་ཀྱི་སྦྱོར་དྲུག་བསྒོམ་པ་ལ་བརྟེན་ནས། རྩ་རླུང་གི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་འཁྲུངས་པ་དེ་ཉིད་ཀྱིས། མཁན་པོ་སྨོན་མཁར་བ་ལ་ཞ་མ་མོ་རྒྱུད་ཀྱི་གདམས་ངག བརྒྱུད་པ་གསུམ་ལྡན་གྱི་གདམས་ངག་དང་། རྗེ་བཙུན་ཞང་དགོན་པ་ལ་ཞ་མ་དཀོན་མཆོག་གིས་ཞུས་པ་ལམ་འབྲས་ཞང་ལུགས་སུ་གྲགས་པའི་གདམས་ངག་རྣམས་ཞུས་ཤིང་ཐུགས་སུ་ཚུད་པར་བྱས། དབང་བཞིའི་ལམ་ཁྲིད་དང་གཞུང་བཤད་སོགས་མན་ངག་མང་དུ་ཡི་གེར་བཀོད། ལོ་ཉི་ཤུ་རྩ་བཞིར་ར་ས་ཆུ་ཕུག་ཏུ་ལམ་འབྲས་ཁོ་ན་བསྒོམས་པས་མངོན་ཤེས་དང་རྫུ་འཕྲུལ་མཐའ་ཡས་པ་ཐོབ། རྩ་རླུང་གི་གནད་གཟིགས་པས་གེགས་སེལ་གཞན་ལ་བརྟེན་མི་དགོས་པས་གེགས་སེལ་ཐུགས་ལ་རང་ཤར་དུ་འཁྲུངས་པ་རྣམས་ཡི་གེར་བཀོད་པ་ཧ་དམིགས་རྒྱ་མཚོ་སོགས་ཧ་དམིགས་རྒྱས་འབྲིང་བསྡུས་གསུམ་གྱི་མན་ངག ནད་གདོན་དབྱུང་བའི་མན་ངག ལམ་སྐོར་གྱི་མན་ངག བོགས་འབྱིན་གནད་དྲུག་གི་མན་ངག་སོགས་ལམ་འབྲས་གོང་མ་རྣམས་ལ་མ་གྲགས་པའི་གེགས་སེལ་གྱི་གདམས་ངག་མང་དུ་མཛད། དེ་ལ་ལྷ་སྲུ་ལུང་པ། མཁའ་འགྲོ་རྒྱ་གར་ཡེ་ཤེས། གཉོས་རྡོ་རྗེ་སེང་གེ་གསུམ་གྱིས་ཞུས་ནས་མང་དུ་འཕེལ་བ་ཡིན་ནོ། །གཉོས་ཆེན་རྡོ་རྗེ་སེང་གེས་ཀྱཻ་རྡོར་མན་ངག་ལུགས་ཀྱི་དབང་ཆུ་སོགས་ལམ་འབྲས་ཀྱི་ཡིག་ཆ་མང་དུ་བྱས་སོ། །གཉིས་པ་ཞ་མ་ཕོ་རྒྱུད་དུ་གྲགས་པ་ལ་ལམ་འབྲས་སྤང་རྗེ་ལུགས་ནི། རྗེ་བཙུན་སེ་མཁར་ཆུང་བ་ལ་མ་གཅིག་ཞ་མའི་མིང་པོ་རྗེ་ཁུམ་བུ་པ་ཞ་མ་ཆོས་ཀྱི་རྒྱལ་པོས་ཞུས། དེས་སེ་སྒོམ་བྲག་སྐྱབས་དང་། སྲས་ཞ་མ་ཙིནྟྲ་གཉིས་ལ་བཤད། དེ་གཉིས་ལ་སྤང་རྗེ་ཉི་མ་གྲགས་དང་། རྗེ་མ་གྲོ་བ་གཉིས་ཀྱིས་ཞུས། སྤང་རྗེས་བླ་མ་བརྒྱུད་པའི་རྣམ་ཐར། སྒྲུབ་ཐབས་མཚོ་སྐྱེས་ཀྱི་འགྲེལ་པ་དང་། མན་ངག་ལུགས་ཀྱི་དབང་ཆུ་བསྡུས་པ་སོགས་མཛད་ནས་བཤད་སྒྲུབ་ཀྱིས་གཏན་ལ་ཕབས་སོ། །དེ་ལྟར་ན་ལམ་འབྲས་གྱི་ཇོ་ལུགས། འབྲོམ་ལུགས། ཞ་མ་ལྕམ་སྲིང་གི་ལུགས་རྣམས་ལས་ཞ་མ་དང་ཀོ་བྲག་པའི་མན་ངག་ཕྲན་ཚེགས་རེ་རེ་ཙམ་གྱི་ལུང་མ་གཏོགས་གཞན་རྣམས་ཀྱི་ལུང་ཙམ་ཡང་ཆད་ནས་མི་སྣང་མོད། འོན་ཀྱང་ཞ་མ་ཕོ་རྒྱུད་པ་རྣམས་ལ་ལམ་འབྲས་ཀྱི་ཡིག་ཆ་བཟང་ལ་མང་བ་ཅིག་བྱུང་སྣང་ངོ་། །གསུམ་པ་མན་ངག་མང་པོ་བསྲེས་པའི་ལུགས་ལ་ལམ་འབྲས་བཀའ་རྒྱ་མར་གྲགས་པ་ནི། བླ་མ་ཆ་གན་དབང་ཕྱུག་རྒྱལ་མཚན་གྲུབ་ཐོབ་དཀར་པོར་གྲགས་པ་དེས་མཛད་པ་སྟེ། དེ་ཡང་ཆོས་རྗེ་ས་སྐྱ་པཎྜི་ཏ། ཀུན་མཁྱེན་པུ་ཧྲངས་པ་སངས་རྒྱས་གྲགས། དེ་ལ་ཆ་གན་གྱིས་ལམ་འབྲས་ས་ལུགས་རྣམས་ཞུས། སྤང་རྗེ། མ་གཅིག་ཞ་མ། ཕུ་དམར་མ། ཞང་རས། མང་ལམ་ཞིག་པོ། ཆོས་ལྡིང་པ་ཉང་རས། མ་གཅིག་ཉི་ཁྲི། དེ་ལ་ཆ་གན་གྱིས་ཞ་ལུགས་ཀྱི་ཆོས་སྐོར་ཐམས་ཅད་རྫོགས་པར་ཞུས་ནས། ག་ར་གོ་མང་གི་དགོན་པར་ལོ་མང་པོ་སྒྲུབ་པ་མཛད་པས་ཉམས་རྟོགས་བསམ་གྱིས་མི་ཁྱབ་པ་འཁྲུངས་ཤིང་། སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་སྐུ་དམར་མདངས་ཤས་ཆེ་བ་ཅིག་ཞལ་གཟིགས་ཅེས་གྲགས་ལ། ཕྲིན་ལས་དཔག་ཏུ་མེད་པ་བྱུང་ངོ་། །བླ་མ་དེས་རིན་ཆེན་སྒང་བླ་བྲང་གོང་མར་བཞུགས་ནས་ལམ་འབྲས་བརྒྱུད་པའི་རྣམ་ཐར་རྒྱས་པ། གོང་འོག་མང་པོ་བཅོས་པའི་རྩ་བ་རྡོ་རྗེའི་ཚིང་རྐང་། དེ་དང་བསྟུན་པའི་གཞུང་བཤད་རྒྱས་པ། ཚིག་རྐང་གི་ས་བཅད། སྣང་བ་གསུམ། གཞུང་ཇི་ལྟ་བ་བཞིན་དཀྲི་བ། གནད་དྲུག གནད་བཅུ་གཅིག དབང་པོ་རབ་འབྲིང་གསུམ་རྣམས་ལ་ཁྲིད་ཡིག་རེ་རེ། ལམ་ཟབ་བླ་མའི་རྣལ་འབྱོར། མངོན་རྟོགས་ལག་ལེན། ཚོམས་ཀྱི་ཉམས་མྱོང་། དོན་ཁྲིད་ལམ་རིམ། དབང་བཞི་དོན་དགྲོལ་བའི་མན་ངག ཡང་གསང་གཅེས་པ་ལྔ་ལྡན་པ། སྨིན་གྲོལ་ཚོམས་ཀྱི་སྤྱི་ཆིངས། ཟབ་ལམ་གྱི་བརྗེད་བྱང་། ཉམས་ཁྲིད་ཆེན་མོ། རྣལ་འབྱོར་དབང་ཕྱུག་གི་སྒྲུབ་ཐབས་རྗེས་གནང་དང་བཅས་པ། ཡི་གེ་མེད་པའི་བྱིན་རླབས་སོགས་ལམ་འབྲས་ཀྱི་པོ་ཏི་ཆུང་ངུ་གཅིག་མཛད། དེ་ཉིད་ལ་བླ་མ་མཉམ་མེད་གྲགས་པ་རྒྱལ་མཚན་ལ་སོགས་པ་མང་པོས་ཞུས་ནས་དར་བར་བྱས་སོ། །འདི་དང་ཆ་གན་གཉིས་ཀྱིས་རྡོ་རྗེའི་ཚིག་རྐང་རྒྱ་དཔེ་ལ་མ་གཏུགས་པར་འགྱུར་བཅོས་མཛད་པ་སོགས་རང་བཟོ་ཆེ་བར་མཛད་སྣང་ཞིང་། ཞ་མའི་ལུགས་ལྟར་འཆད་པའི་ངེས་པ་མི་སྣང་ཡང་། ཞ་ལུགས་ཤས་ཆེ་བས་དེའི་ཁོངས་སུ་བསྡུས་སོ། །ལམ་འབྲས་དབང་རྒྱལ་ལུགས་ནི། ཇོ་ནང་ཀུན་སྤང་ཆེན་པོའི་སློབ་མ་ལ་སྟོད་དབང་རྒྱལ་ལམ། གཉོས་དབང་རྒྱལ་དུ་གྲགས་པ་སྦྱོར་དྲུག་གི་གོ་མྱོང་བཟང་པོ་ཡོད་པའི་གང་ཟག་དེས་ལམ་འབྲས་ཀྱི་ཁྲིད་ཡིག་ཟབ་ལམ་ཁྱད་འཕགས་དང་། ལམ་བཞི་སྤྱིའི་རྣམ་པར་གཞག་པ་རྣམས་མཛད་ནས། འདི་ཉིད་གང་ཟག་སུས་རྙེད་པ། །ཚེ་གཅིག་སངས་རྒྱས་དེ་ཡིས་ཐོབ། །མི་རྟོག་ཏིང་འཛིན་བསྒོམ་པ་ཡིས། །སྣང་བ་ལྷ་རུ་འཆར་བ་ལ། །བསྐྱེད་རིམ་རྟོག་བསྒོམ་དགོས་རྒྱུ་ཆུང་། །རླུང་སེམས་དབུ་མར་འཇུག་པ་ལ། །སྔགས་ཀྱི་དམ་པར་བཤད་པ་ལ། །བསྙེན་པ་འདི་ཡིས་དགོས་རྒྱུ་ཆུང་། །རྩ་མདུད་རླུང་དང་མེ་དང་ནི། །བྱང་ཆུབ་སེམས་ཀྱིས་འགྲིམས་པ་ལ། །འཁྲུལ་འཁོར་འདི་ཡིས་དགོས་རྒྱུ་ཆུང་། །ཐོད་རྒལ་འཇུག་པས་མེ་འབར་ཕྱིར། །གཏུམ་མོ་དམིགས་པས་དགོས་རྒྱུ་ཆུང་། །བྱང་སེམས་མེ་ཡིས་འཇུ་བ་ལ། །ལས་ཀྱི་ཕྱག་རྒྱས་དགོས་རྒྱུ་ཆུང་། །བྱང་ཆུབ་སེམས་ཀྱི་དབང་བསྐུར་ལ། །བདག་འཇུག་འདི་ཡིས་དགོས་རྒྱུ་ཆུང་། །བྱང་སེམས་གསང་གནས་བརྟན་འགེངས་ལ། །བཟློག་འགྲེམས་འདི་ཡིས་དགོས་རྒྱུ་ཆུང་། །དགོས་པ་བདུན་དང་མི་དགོས་བདུན། །དགོས་པ་བདུན་གྱིས་སངས་རྒྱས་བསྒྲུབ། །མི་དགོས་བདུན་པོ་འདི་དག་ནི། །རྨོངས་པའི་ལྟོ་ཟོང་ཟོག་པོའི་ཆོས། །རང་ཕུང་གཞན་བསླུ་བྱེད་པར་གསུངས། །ཅེས་ལམ་འབྲས་པ་སྔ་མ་ཐམས་ཅད་བཀག་ནས་རང་ལུགས་ལ་ཐོག་མར་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ཁྲིད་བྱེད་དགོས་ལ། དེ་ཉིད་སྦྱོར་དྲུག་གི་སོར་སྡུད་དང་དོན་གཅིག་པས་མུན་ཁང་། ལུས་གནད། བྱེད་བཅིངས་སོགས་སྦྱོར་དྲུག་ལྟར་ཉམས་སུ་བླངས་པས་སྟོང་གཟུགས་ཀྱི་སྣང་བ་དཔག་ཏུ་མེད་པ་དང་ཉམས་མྱོང་འཆར་ལ། དེ་ཉིད་ལ་དཀྱིལ་འཁོར་དང་། ལྷ་དང་སྔགས་ཚང་བས་གཞན་ཟུར་པ་ཉམས་སུ་ལེན་པ་རྣམས་རྟོག་བསྒོམ་འབའ་ཞིག་ལམ་དུ་བྱེད་པ་ཡིན་པས་སངས་རྒྱས་ཀྱི་ལམ་དུ་མི་འགྱུར་རོ་ཞེས་འཆད་དོ། །འདི་ནི་ཏིང་ངེ་འཛིན་གཅིག་བསྒོམས་པས་དེ་ལ་ཡོན་ཏན་གཞན་མང་པོ་དང་ལྡན་པའི་ཕྱིར། གཞན་ཐབས་ཀྱི་ཆ་རྣམས་ཉམས་སུ་ལེན་མི་དགོས་ཞེས་རྒྱ་ནག་གི་མཁན་པོ་ཧ་ཤང་གི་འདོད་པ་ཇི་ལྟ་བ་བཞིན་དུ་སྣང་བས། དེ་ཉིད་མི་འཐད་པའི་ཚུལ་སློབ་དཔོན་བདག་ཉིད་ཆེན་པོ་ཀཱ་མ་ལ་ཤཱི་ལས་བསྒོམ་རིམ་ཐ་མར་ལེགས་པར་སུན་ཕྱུང་བ་ཉིད་ཀྱིས་ཤེས་སོ། །ལུགས་འདི་སྔར་གྱི་ལམ་འབྲས་པ་སུ་དང་ཡང་མི་མཐུན་མོད། འོན་ཀྱང་བརྒྱུད་པ་ཞ་མ་ལ་འདེད་པར་སྣང་བས་ཞ་ལུགས་ཀྱི་ཁོངས་སུ་གཞུག་གོ །ལམ་འབྲས་ཇོ་ནང་ལུགས་སུ་གྲགས་པ་ནི། སྦྱོར་བ་ཡན་ལག་དྲུག་པ་ལ་སོགས་པ་རྒྱུད་སྡེའི་མན་ངག་ཟབ་མོ་རྣམས་ལ་ཉམས་མྱོང་དང་མཁྱེན་པ་ཕྱོགས་མེད་དུ་རྒྱས་པ་ཀུན་སྤང་ཀུན་ཏུ་བཟང་པོ་དཔལ་མི་བསྐྱོད་རྡོ་རྗེར་གྲགས་པ་དེ་ཉིད་ཀྱིས་འཇམ་དབྱངས་གཞི་ཐོག་པ་ཆེན་པོ་ལ་ལམ་འབྲས་ས་ལུགས་ཀྱི་མན་ངག་རྣམས་ཞུས་ཤིང་། བླ་མ་ལྷ་སྲུ་ལུང་པའི་དངོས་སློབ་རབ་ཕྱར་བ་རིན་ཆེན་འོད་ལ་ཞ་ལུགས་ཕོ་རྒྱུད་མོ་རྒྱུད་གཉིས་ཀའི་མན་ངག་རྣམས་ཞུས་ནས་ཉམས་ལེན་མང་དུ་མཛད་པས་རྡོ་རྗེའི་ཚིག་རྐང་གི་གོ་རིམ་སྔར་དང་མི་འདྲ་བ་ཞིག་བྲིས་ན་གོ་བདེ་བ་ཅིག་འོང་བ་འདུག་སྙམ་དུ་དགོངས་ནས། བླ་མ་དང་མཁའ་འགྲོ་ལ་གསོལ་བ་བཏབ་པས་མནལ་ལམ་དུ་གྲུབ་པའི་དབང་ཕྱུག་སེ་སྟོན་ཀུན་རིག་གི་རྣམ་འཕྲུལ་བསྟན་ནས་གཞུང་རྩོམས་ཤིག་པའི་གནང་བ་ཐོབ་པ་ལ་བརྟེན་ནས། ཞ་ལུགས། འབྲོམ་ལུགས། ས་ལུགས་གསུམ་གྱི་རྡོ་རྗེའི་ཚིག་རྐང་ཐམས་ཅད་ཕྱོགས་གཅིག་ཏུ་བྲིས། གོ་རིམ་མང་པོ་བསྒྱུར་བའི་རྡོ་རྗེའི་ཚིག་རྐང་ཞིག་ཀྱང་མཛད། དེའི་འགྲེལ་པ་དཔལ་ས་སྐྱ་པ་ཆེན་པོ་དང་། ཞ་མ་ལྕམ་སྲིང་དབོན་སྲས་རྣམས་ཀྱི་འགྲེལ་པ་དང་། བཀའ་བརྒྱུད་གཉིས་ཀྱི་འགྲེལ་པའི་བཅུད་བསྡུས་ནས་རྡོ་རྗེའི་ཚིག་རྐང་དཀྲུགས་པ་སྡེབ་གབ་པ་མངོན་དུ་ཕྱུང་བའི་འགྲེལ་པ་ཚིག་དོན་གསལ་བྱེད་སྒྲོན་མ་དང་། དེའི་བསྡུས་དོན་བརྒྱུད་པའི་ལོ་རྒྱུས་རྣམས་མཛད་ནས། ལམ་འབྲས་རྩ་བ་རྡོ་རྗེའི་ཚིག་རྐང་འདི། དཀྲུགས་ཤིང་བཤད་དམ་གང་འགྲིགས་སྡེབས་བཤད་ཀུན། །མཐའ་དྲུག་བཤད་བཞིས་འཁྲིད་ཚུལ་ཡིན་ལགས་མོད། །ཚིག་དོན་འགྲིགས་བསྡེབས་རྩ་འགྲེལ་ངོ་མཚར་ཧེ། །དེ་ལྟར་ཚིག་དོན་བསྡེབས་ལེགས་རྩ་འགྲེལ་འདི། །སྣོད་ལྡན་ལ་བྱིན་སྣོད་མིན་བསྟན་མི་བྱ། །ཞེས་གདམས་སོ། །དེ་ལ་བྲག་ཁ་བ་གྲགས་པ་སེང་གེ བྱང་སེམས་རྒྱལ་ཡོ། ཀུན་མཁྱེན་འཕགས་འོད། སྐལ་ལྡན་སྒོམ་བཟང་སོགས་མང་པོས་ཞུས་ནས་ཤིན་ཏུ་དར་བར་བྱས་སོ། །ལམ་འབྲས་ལྕེ་སྒོམ་ལུགས་ནི། རྗེ་ས་སྐྱ་པ་ཆེན་པོའི་སློབ་མ་དཔལ་ཏལ་ཕུག་པ་ལ་ལྕེ་སྒོམ་གྱིས་ཞུས་སོ། །ཡང་རྗེ་ས་ཆེན་ལ། ཁམས་སྒོམ་ཆོས་ཀྱི་བླ་མས་ཞུས། དེ་ལ་སློབ་དཔོན་ཇོ་བོ། དེ་ལ་ལྕེ་སྒོམ་རིན་པོ་ཆེས་ཞུས་ནས་ཏིང་ངེ་འཛིན་བསྒོམས་ནས་ཉམས་མྱོང་བསམ་གྱིས་མི་ཁྱབ་པ་འཁྲུངས་ཏེ་རྒྱས་པར་དེ་ཉིད་ཀྱི་རྣམ་ཐར་ལས་ཤེས་སོ། །བླ་མ་དེ་ལ་ལམ་འབྲས་ཀྱི་གདམས་ངག་རྫོགས་པ་ཞིག་ཡོད་པར་སྣང་མོད། འོན་ཀྱང་དངོས་སུ་ཡི་གེར་བཀོད་པ་ལམ་འབྲིང་པོའི་ཡིག་ཆ་ཞིག་མཛད། འདི་ལ་ཆོས་ལྔའི་ཆོས་བཞིའི་སྐབས་སུ་བག་ཙམ་མི་འདྲ་བ་མ་གཏོགས་གཞན་རྗེ་བཙུན་ཆེན་པོའི་བཤད་པ་ཇི་ལྟ་བ་བཞིན་དུ་སྣང་ངོ་། །བླ་མ་ལྕེ་སྒོམ་གྱིས་སྤྲུལ་སྐུ་བརྩོན་འགྲུས་ལ་སྙན་བརྒྱུད་བཞིས་གདམས་ནས་ཅུང་ཟད་འཕེལ་ལོ། །ལམ་འབྲས་ཕག་གྲུ་ལུགས་ནི་རྗེ་ས་སྐྱ་པ་ཆེན་པོ་ལ་བདེ་གཤེགས་ཕག་མོ་གྲུབ་པ། རྗེ་ཁམས་པ་རྡོ་རྒྱལ། དཔལ་མཐར་རྩ་བ་སྟེ་མཚན་གྱི་རྣམ་གྲགས་གསུམ་དང་ལྡན་པའི་སྐྱེས་བུ་ཆེན་པོ་དེས་ཞུས་ཤིང་། ས་སྐྱར་ལོ་བཅུ་གཉིས་བཞུགས། དཀའ་བ་དཔག་ཏུ་མེད་པས་བླ་མ་མཉེས་པར་བྱས་ནས་མན་ངག་ཐོབ་པ་རྣམས་ཡི་གེར་བཀོད་པ་ལམ་འབྲས་བཤད་མཛོད་མ་ཅེས་པའི་གཞུང་བཤད་ཆེན་མོ་མཛད། ཁ་ཅིག་དཔེ་མཛོད་མ་ཟེར་བ་ནི་མ་དག་པར་སྣང་ངོ་། །དེའི་སློབ་མ་པྲཛྙཱ་ཀཱིརྟིས་བཤད་མཛོད་མའི་སྟེང་དུ་མཐར་རྩ་བའི་གསུང་སྒྲོས་རྣམས་བསྣན་ནས་ཅུང་ཟད་རྒྱས་སུ་བཏང་བ་ཞིག་བྱས་ཏེ་གཏན་ལ་ཕབས་སོ། །མདོར་ན་རྩོད་པའི་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་འབྲོག་མི་ལོ་ཙཱ་བ་ཆེན་པོ་རྗེས་འབྲང་དང་བཅས་པས་མན་ངག་འདི་སྤེལ་ཞིང་དར་བར་བྱས་པ་ཡིན་ནོ། །གསུམ་པ་རྗེ་བཙུན་ས་སྐྱ་པ་རྣམས་ཀྱིས་དར་བར་བྱས་ཚུལ་ནི། འདི་ཡན་ཆད་རྗེ་བླ་མས་མཛད། བླ་ཆེན་གྱི་ལོ་རྒྱུས་ནི། སྐྱེ་བ་མཉེས་པའི་ཁྱད་པར། ལུང་རྟོགས་ཀྱི་ཡོན་ཏན་ཇི་ལྟར་མངའ་བ། ཁྱད་པར་དུ་གསུང་ངག་གསན་པའི་ཚུལ། དེ་ལས་ཇི་ལྟར་དར་བའི་ཚུལ་དང་བཞིས་རྟོགས་པར་བྱའོ། །དང་པོ་ནི། བླ་མ་དཀོན་མཆོག་རྒྱལ་པོས་དགུང་ལོ་ལྔ་བཅུ་རྩ་དགུ་བཞེས་པ་ཆུ་ཕོ་སྤྲེའུའི་ལོ་ལ་གུར་བའི་སྲིང་མོ་ཇོ་མོ་ཞང་མོ་ལ་སྲས་གཅིག་འཁྲུངས་པའི་མཚན་ནི་ཀུན་དགའ་སྙིང་པོ་ཞེས་བྱ་སྟེ། དེ་ཡང་འགྲོ་བ་ཀུན་གྱི་ཡིད་དུ་འོང་ཞིང་མཛེས་ལ་སྐྱོན་མེད་པས་དགེ་བའི་བཤེས་གཉེན་གྱི་རིགས་སུ་གྱུར་པའོ། །དེ་དུས་རེ་ཤིག་ན་ཆེན་མོ་རྡོ་རྗེ་ཕྱུག་མོས་ཉིད་ཀྱི་གདུང་རྒྱུད་འདི་ཆད་དུ་འཕངས་པ་ཡིན། དེ་ཉིད་ལ་སྲས་ཡོད་པས་ཆོག་གསུངས་ནས་ས་སྐྱའི་མདུན་གྱི་མཆོད་ཞིང་མ་གཏོགས་པ་གཞན་ཚོ་ཞང་མོ་ཡུམ་སྲས་ལ་གཏད་དོ། །དེ་ནས་བཟུང་སྟེ་རིམ་གྱིས་ལོངས་སྤྱོད་དང་དབང་ཕྱུག་ཕུན་སུམ་ཚོགས་པར་གྱུར་ནས་མཐོ་རིས་ཀྱི་ཡོན་ཏན་བདུན་ལ་མངའ་མཛད་པ་ཡིན་ནོ། །གཉིས་པ་ནི། དང་པོ་ཉིད་ནས་ཀློག་ཡིག་དང་རྩིས་ལ་བྱང་ཞིང་། ལུགས་ཀྱི་བསྟན་བཅོས་རྣམས་དང་། སྐྱེས་པ་དང་། བུད་མེད་དང་། ནོར་བུ་བརྟག་པ་སོགས་ཐུན་མོང་བའི་ཡོན་ཏན་རྣམས་ལ་དབང་འབྱོར་ནས་ཐུན་མོང་མ་ཡིན་པའི་ཡོན་ཏན་ལ་ཐོག་མ་ཁོ་ནར་ཡབ་ལ་ཀྱཻ་རྡོ་རྗེའི་དབང་ཞུས་ཏེ། དེའི་ཐུགས་སུ་ཆུད་པའི་ཆོས་རྣམས་ཅི་རིགས་པར་གསན། དེ་ནས་དགུང་ལོ་བཅུ་གཅིག་ཙམ་བཞེས་པ་ན་ཡབ་སྐུ་གཤེགས་ཏེ་གདན་ས་བླ་མ་བ་རི་བ་ལ་གཏད་ནས་བ་རི་བས་གདན་ས་ལོ་བརྒྱད་བསྐྱངས། བླ་མའི་ཞལ་ནས་ཁྱོད་ཕ་ཇོ་སྲས་ཀྱི་བུ་བྱ་བ་སློབ་གཉེར་བྱ་དགོས། དེའི་ལྷ་འཕགས་པ་འཇམ་དཔལ་ཡིན་ཞིང་། ཨ་ར་པ་ཙ་ན་འདི་བསྒྲུབ་གསུངས་ནས་བསྒྲུབས་པས། ཟླ་བ་དྲུག་ན་འགྲུབ་སྟེ། འཇམ་པའི་དབྱངས་ཀྱི་ཞལ་ནས་ཞེན་པ་བཞི་བྲལ་གྱི་གདམས་པ་གནང་། མི་བརྗེད་པའི་གཟུངས་དང་གནས་ལུགས་རྟོགས་པའི་བློ་གྲོས་ཐོགས་པ་མེད་པར་གྱུར་ཏོ། །དེ་ནས་དགུང་ལོ་བཅུ་གཉིས་པའི་དུས་སུ་རོང་ངུར་སྨྲིག་ཏུ་མངོན་པ་སློབ་པ་ལ་བྱོན་པས། བྲང་ཏིའི་གྲྭ་པ་རྣམས་རྫོགས་ནས་སྒོ་ཁང་གི་སྲང་ཁ་ཕུག་རྡུགས་ཅིག་ཏུ་ཕྱར་བའི་ཡོལ་བས་བཅད་ནས་བཞུགས། དེའི་ཚེ་ཁང་ཚོའི་ཡར་འབྲོག་ཁོག་ལེ་བའི་གྲྭ་པ་གཅིག་ལ་འབྲུམ་བུ་རྨེ་བ་ནག་པོ་བྱུང་བ་ལ་ཐུགས་རྗེས་མ་བཟོད་ནས་ནད་གཡོག་མཛད་པས་དེ་ཕན། བླ་མ་ལ་འགོས་ནས་བསྙུང་བ་ན། ས་སྐྱ་ན་ཨ་ཕོ་ཕག་སྟོན་བྱ་བའི་མིག་མཐོང་མཁན་ཅིག་ཡོད་པས། སྔ་དྲོ་ཉི་མ་ལ་འཐོན་ནས་བསྡད་ཙ་ན། ཤར་ཕྱོགས་བྲ་ཆུང་ཁ་ན་ཚུར་རྟ་བྲ་བོ་ཞོན། ཞ་ཐང་ཞུ་ཕྱལ་ལྟབ་ཅན་ཕོད་ཁ་ཆེན་པོ་གྱོན་པ་ཅིག ལྕག་གཡོབ་གིན་ས་སྐྱའི་ཐད་ཀར་རྟ་ཁ་བསྒྱུར་ནས་ཀུན་དགའ་སྙིང་པོ་ན་ཡིན་ཡོད་ཁྱེད་ས་སྐྱ་པ་ཅི་མནོ་བ་ཡིན་ཟེར་བ་ཅིག་བྱུང་སྟེ། ཨ་ཕོ་ཟེར་བ་བཞིན་བདེན་ལས་ཆེ་ཟེར་དེའི་དགོང་མོ་བང་ཆེན་པས་སླེབ། མ་གཅིག་གིས་བཙལ་འཕྲུལ་འདྲ་བྱས་ཏེ་གསེར་ལ་སོགས་པའི་ཡོ་བྱད་མང་པོ་ཁྱེར་ནས་བྱོན་མཇལ་བ་ན། སྐུ་གཞོན་པ་དང་ཐག་རིངས་སུ་བསྙུང་བས་བཤུམ་པ་ལ། ཡུམ་ན་རེ་ཕ་ཇོ་སྲས་ཀྱི་བུའི་སྙིང་རུས་ཀྱི་ཚུགས་ཁའམ་ཁྱོད་དགེ་འདུན་རྒྱ་མཚོ་འདུས་པ་འདི་ལྟ་བུའི་གསེབ་ན་ཤི་ན་རང་ལེགས་པ་ཡིན་ཏེ་ཟེར་ནས་ཤ་བཅད་སྐད། དེ་དྭངས་ནས་ངུར་སྨྲིག་པ་བྲང་ཏི་དར་མ་སྙིང་པོ་ལ་མངོན་པ་ཚར་གཅིག་གསན་པས་ཐུགས་སུ་ཚུད། དེ་ནས་བྲང་ཏི་སྐུ་གཤེགས་ཏེ། ཟུར་ཆོས་པ་བྱམས་འཆད་པ་ཁྱུང་ལ་ས་སྡེ་དང་། སྡོམ་རྣམ་གཉིས་ལ་སོགས་པ་གསན། ཉང་སྟོད་དུ་ཁྱུང་རིན་ཆེན་གྲགས་ལ་རྣམ་ངེས་དང་རིག་ཐིག་ལ་སོགས་པ་གསན། ཟུར་ཆོས་པ་མེ་དིག་པ་ཡིན། དེ་ཙམ་ན་ས་སྐྱའི་གཞི་པས་ཕྲིན་བསྐུར་ཏེ་ཚད་མ་ཕྱིས་གསན་པས་ཆོག བླ་མ་བ་རི་བ་བསྒྲེས་ཕྱིས་གསན་པ་མི་ཡོང་ཡར་འབྱོན་པ་ཞུས་པས་ཡར་བྱོན་ནས་བླ་མ་བ་རི་བའི་ཆོས་སྐོར་ཐམས་ཅད་ཐུགས་སུ་ཆུད་པར་མཛད་དོ། །དེ་ནས་གྲོམ་པ་གཡུ་རྩེ་འབྱིང་ཕུར་མེ་ལྷང་ཚེ་བ་ལ་རྣམ་ངེས། རིག་ཐིག རང་རྒྱུད་ཤར་གསུམ་ལ་སོགས་པ་གསན་ནོ། །དེ་ནས་བླ་མ་བ་རི་ལོཙྪ་བས་གདན་ས་གཏད་དེ་ཡུན་མི་རིང་བ་ན་བར་ཕུག་ཏུ་སྐུ་གཤེགས་སོ། །དེ་རྗེས་བླ་མ་གནམ་ཁའུ་པའི་དྲུང་དུ་བྱོན་ནས་བྱ་སྤྱོད་ཡོ་གའི་སྐོར་ཕལ་ཆེ་བ་དང་། གསང་འདུས་འཕགས་སྐོར་དང་། ཡེ་ཤེས་ཞབས་ལུགས་གཞུང་ཕྲན་དང་བཅས་པ། མངོན་རྟོགས་རྒྱན་མ་གཏོགས་པའི་བྱམས་ཆོས་བཞི། བསླབ་བཏུས་སྤྱོད་འཇུག མདོ་ཀུན་ལས་བཏུས་དང་། སྤྱོད་ཕྱོགས་ཕྲ་མོ་མང་དུ་གསན་ནོ། །དེ་ནས་བགྲེས་པོ་རྣམས་གྲོས་བྱས་ཏེ། ང་ཕ་ཆོས་ཅིག་རྩད་བཅད་པ་འཐད་པར་འདུག་པ་ལ། པུ་ཧྲང་པ་གསལ་བའི་སྙིང་པོ་མཁས་ཏེ་ནི་གཤེགས། དེའི་སློབ་མ་འཁོན་སྒྱི་ཆུ་བ་མཁས་ཀྱང་ཟེར་གདུང་རུས་ཀྱང་གཅིག་པས་ཁོང་ཅན་འབྱོན་པ་དྲག་ཟེར་ནས་བྱོན། དབང་བསྐུར་ཞུས་པས་སྟ་གོན་གྱི་ནུབ་མོ་མནལ་ལམ་དུ་སྲིད་པའི་རྒྱ་མཚོ་ཡིན་ཟེར་བའི་ཆུ་བོ་ཆེན་པོ་དམར་མེར་བ་གཅིག་ལ་ཟམ་པ་གསུམ་འདུག་པའི་ཆུ་འགྲམས་ན་བསྒྲལ་རྒྱུའི་མི་མང་པོ་འདུག་པས་ང་སྒྲོལ་བར་ཞུ་ང་སྒྲོལ་བར་ཞུ་ཟེར་ནས་བསྒྲལ་བས་ཟམ་པ་ཕྱི་མ་ལ་གསུམ། བར་པ་ལ་བདུན། ཉེ་ཤོས་ལ་མང་པོ་གཅིག་བསྒྲལ་བ་རྨིས་ཅུང་ཟད་མཉེལ་ཏེ། ཉི་མ་གཅིག་ལ་བསྙེལ་གསོ་བ་སྙམ་བྱེད་ཙ་ན་མནལ་སད། ནངས་པར་རྨི་ལམ་དྲིས་པ་ན་འདི་ལྟར་བྱུང་ཞུས་པས། བླ་མའི་ཞལ་ནས་ཁྱེད་ཀྱི་མཁོས་ཀྱིས་མི་གསུམ་ལས་ག་ལ་སྒྲོལ་ཞེས་ཞལ་ཀྱལ་ཡང་གསུངས། དེ་ནས་ཀྱཻ་རྡོ་རྗེ་ཌོམ་བྷི་པ་དང་བྲམ་ཟེ་ནག་པོ་པའི་སྐོར། གྲུབ་པ་སྡེ་བཅོ་བརྒྱད་སྙིང་པོ་སྐོར། ཕྲ་མོ་ཉི་ཤུ་རྩ་ལྔ་ཡན་ལག་དང་བཅས་པ། འབྲོག་མི་ལུགས་ཀྱི་མ་ཧཱ་མཱ་ཡཱ། ཟླ་གསང་ཐིག་ལེ། སངས་རྒྱས་ཐོད་པ་འགྲེལ་པ་དང་བཅས་པ། མར་ལུགས་ཀྱི་གུར་བརྟག གདན་གཞི། མ་ཧཱ་མཱ་ཡཱ། དབུ་མ་རང་རྒྱུད་ཤར་གསུམ། བསླབ་བཏུས་སྤྱོད་འཇུག་རྣམས་གསན་ནོ། །དེ་ཡང་ཁོང་པ་ལ་གྲྭ་པ་བརྒྱད་ཅུ་ཙམ་ཡོད་པའི་ནང་ནས་ས་ཆེན་གྱིས་ལུང་རིགས་མཁྱེན་པ་དང་། འཇམ་དབྱངས་ཀྱིས་རྗེས་སུ་བཟུང་བས་ཚར་རེ་ལ་མཁྱེན་ཏེ། བླ་མས་ཀྱང་ཐུགས་རྩིས་ཆེ་སྐད། དེ་ཙ་ན་མདོག་སྟོད་དུ་ཆོས་འཁོར་གཅིག་ལ་བླ་མ་སེ་བྱོན་ཟེར་བླ་ཆེན་ལྟད་མོ་ལ་མི་དགེས་ཀྱང་། བླ་མ་སེ་བཟང་པོ་ཡིན་ཟེར་བ་དང་། ཆོས་བར་ཡིན་པས་སྒྱི་ཆུ་བའི་སློབ་མ་བན་ཆུང་འགའ་དང་འགྲོགས་ཏེ་བྱོན་པས། བླ་མ་གྲལ་མགོ་ན་བཞུགས་འུད་མང་པོ་གསུང་གིན་གདའ་འོ། །ཁོང་གིས་གྲོགས་པོ་ཚོ་ལ་རེ་རེ་ནས་ཇོ་སྲས་ཉིད་ཡུལ་གང་བ་ཡིན། ཡོན་ཏན་ཅི་ཤེས། ད་བཤད་པ་བྱ་མནོའམ། སྒྲུབ་པར་བྱ་མནོ་གསུངས། བླ་ཆེན་ལ་ཇོ་སྲས་ཉིད་གང་བ་ཡིན་གསུངས་པ་ལ་བདག་གྲོམ་ཕུག་ཕ་གི་བ་གཅིག་ལགས་ཞུས་པས། དེ་གང་ན་ཡོད་གསུངས། ས་སྐྱ་ན་བདོག་ཞུས་པས་འོ་ན་དེ་ན་ངའི་བླ་མ་ཅིག་ཡོད་པ་ཡིན་ཏེ་སྐུ་ནི་གཤེགས་འདུག ང་ལ་ཁྲལ་འདོད་པ་གཅིག་ཀྱང་མ་བྱུང་། དེ་ན་བ་རི་བའམ་བྱ་བ་གཅིག་གིས་གཟུང་འདུག་ཟེར་བས་འགྲོ་སྙིང་ཡང་མ་འདོད། ད་དེའི་ཤུལ་ན་ཅི་ལྟར་ཡོད་གསུང་བ་ལ་དེའི་བུའི་དོད་ཅིག་ཀ་བདག་ལགས་ཞུས་པས། བླ་མ་ན་རེ། ཉིད་བརྫུན་མ་ཟེར། ངའི་བླ་མ་ལ་སྲས་མི་མངའ་བ་ཡིན་གསུངས། རྡོ་རྗེ་ཕྱུག་མོ་ལ་མེད་པས་བླ་ཆེན་གྱིས་ལན་འདེབས་མ་ནུས་པ་ལ། གྲོགས་ཅིག་གིས་ལོགས་སུ་ཞང་མོ་བྱ་བ་ལ་འདི་ལྟར་བྱོན་པའི་རྒྱུ་མཚན་ཞུས་པ་ལ། བླ་མའི་ཞལ་ནས་མི་ཤི་གསོན་མི་འཕྲད་ཟེར་ཏེ་འཕྲད་པའི་དུས་བྱུང་ཟེར་ནས་བླ་ཆེན་པང་དུ་བཞེས་སྤྱན་ཆབ་ཕྱུང་ནས་རྒས་པོ་གོགས་པོ་འདིའི་ནང་ན་ཆོས་ཡོད་པས་ཁྱོད་ལ་སྟེར་བ་ཡིན་མྱུར་དུ་ཤོག ག་ལེ་ཡོང་སྙམ་ན་སང་ཕོད་ནི་ང་འཆི་བ་ཡིན་གསུངས་ནས་བླ་ཆེན་དེར་ཞག་གཅིག་བཞུགས་ཏེ། དེའི་བར་ལ་བླ་མས་ལམ་འབྲས་བུ་དང་བཅས་པ་འདི་ལ་དཀྱུས་སུ་གསུངས་པ་འདི་ཙམ་ཅིག་གི་རྐང་གྲངས་དང་བཅས་པ་ལམ་མེ་བ་གཅིག་གསུངས། དེ་ནས་ཡར་བྱོན་ནས་མཁར་ཆུང་དུ་བཞུད་དགོངས་ཏེ། བླ་མ་སྒྱི་ཆུ་བ་ལ་ཞུས་པས་མ་གནང་། སང་ཕོད་འགྲོ་སྙམ་ཙ་ན་སེས་གསུང་བ་ལྟར་བདེན་ཏེ། རང་གནོང་འགྱོད་ཀྱང་ཕན་པ་ནི་མེད། དེ་ནས་དུས་རིང་ཞིག་ནས་བླ་མ་སྒྱི་ཆུ་བ་ས་སྐྱར་གདན་དྲངས་ནས་ཆོས་འཁོར་བྱ་དགོངས་ནས་ཆ་རྐྱེན་མང་དུ་བསྒྲུབས་སློབ་མ་འགའ་ཡང་བསྡུས་ནས་ཡོད་ཙ་ན། བླ་མ་སྒྱི་ཆུ་བ་བསྙུང་ནས་བླ་ཆེན་ལ་ཤོག་གསུང་བ་བྱུང་ནས་བྱོན་པས་མ་སླེབ། ཁྱོད་རབ་ཏུ་བྱུང་ལ་འཁོན་ཚོའི་སྡེ་འདི་སྐྱོངས་གསུངས་པའི་ཞལ་ཆེམས་བཞག་ནས་སྐུ་གཤེགས་ཏེ། སྒྱི་ཆུ་བའི་གདན་ས་བླ་ཆེན་ལ་གཏད། དེའི་རྗེས་ཀྱི་བྱ་བ་རྣམས་ཚར་ནས་ས་སྐྱར་བྱོན་ཏེ། བླ་མའི་གསུང་བཞིན་དུ་རབ་ཏུ་བྱུང་དགོངས་ཏེ། ན་བཟའ་སེར་ཆས་བསྒྲུབ་པ་བླ་མ་གནམ་ཁའུ་པས་གསན་ཏེ། རབ་ཏུ་བྱུང་བ་མ་བྱེད། བླ་མ་མཉམ་པོ་ལ་ཁོང་གཤིན་པོའི་ཁ་ཆེམས་བས་ང་གསོན་པོའི་ངག་ལ་ཉོན། རབ་ཏུ་མ་བྱུང་ན་ཕན་ཆེ་བར་འོང་གསུངས་ནས་རབ་ཏུ་བྱུང་བར་མ་གནང་། འོན་ཀྱང་འཁོན་ཚོའི་དཔོན་ནི་མཛད། དེ་ནས་བླ་མ་སྒྱི་ཆུ་བ་བླ་མ་མལ་གྱི་སློབ་མ་ཡིན་པས་སྒྱི་ཆུ་བའི་བདེ་མཆོག་གི་ཕྱག་དཔེ་རྣམས་བསྣམས་ནས། གུང་ཐང་ན་ལ་རྩེ་གནས་གསར་དུ་བྱོན་ཏེ། བླ་མ་མལ་ལ་བདེ་མཆོག་གི་རྩ་བའི་རྒྱུད་ཆ་ལག་དང་བཅས་པ་ཕ་ན་ཕིཾ་གུ་པ་དང་། ལོ་ཆེན་རིན་བཟང་། ཇོ་བོ་རྗེ། མ་ཧཱ་ཛཱ་ན་དང་། པ་ར་ཧེ་ཏ་རྣམས་ནས་བརྒྱུད་པ་དང་། སེམས་འགྲེལ་སྐོར་གསུམ་དགྲ་ནག་འཇིགས་བྱེད་གདོང་དྲུག ནཱ་རོ་ཏ་པའི་གུར། རིགས་ཚོགས་བསྟོད་ཚོགས་རྣམས་གསན། དེ་ནས་ས་ཆེན་མར་འབྱོན་ཁར་བླ་མ་ན་རེ། ངའི་ཆོས་འདི་ངེས་པར་སངས་རྒྱ་བའི་ཆོས་ཡིན་པས། མི་ཉིད་ཀྱིས་རིགས་ཀྱི་དབང་བསྐུར་ཅིག་བྱེད་ཟེར་ནས་ར་ཚང་གཅིག་ཏུ་ཕུབ་ཁོག་གཅིག་གི་སྟེང་དུ་པདྨ་འདབ་བརྒྱད་ཅིག་བྱས། བླུག་གུ་གཅིག་གི་རྐེ་ལ་བལ་གཅིག་དཀྲིས་ཏེ་བྱེད་པའི་ཉན་ཡོད་པས་དེ་འདྲ་མ་བྱེད་གསུངས་པས། བླ་མའི་ཆོས་ལ་དེ་འདྲ་ག་ལ་བྱེད་གསུངས་ནས་མར་བྱོན། གཡས་རུ་ན་མར་བྱོན་དབང་བསྐུར་སེམས་བསྐྱེད་འདྲ་མཛད་པས། གསེར་སྲང་བཅུ་བདུན་ཙམ་འབུལ་བ་བྱུང་། དེ་རྣམས་སྔགས་པ་གཅིག་ལ་བསྐུར་ནས་བླ་མ་ལ་འབུལ་དུ་བཏང་བས། བླ་མ་སྟོན་མོ་ཅིག་བྱེད་པ་གཅིག་གི་གྲལ་མགོ་ན་བཞུགས་པ་ལ། ས་སྐྱ་ནས་འོངས་པ་ཅིག་མཇལ་ཁ་ཞུ་ཡིན་གདའ་འོ་བྱས་ཏེ་ཞུས་པས་བཟའ་བཏུང་འདོད་པ་ཡིན་ནམ་བྱིན་གསུངས་ནས་མ་མཇལ། ཡར་ལན་མར་ལན་མང་པོ་གཅིག་བྱས་ཏེ་ས་སྐྱ་ནས་འོངས་པའི་འབུལ་བ་ཅིག་བདོག་པས་མཇལ་བྱས་འཕྲལ་ཐུགས་ཅོལ་ཆུང་བ་འདྲ་ཅིག་ཡོད་པས་ཁོང་རང་བྱོན་ནས་འབུལ་བ་ཅི་ཡོད་གསུངས་གསེར་ཅིག་བདོག་བྱས་པས། ཞོ་དུ་ཡོད་གསུངས། སྲང་བཅུ་བདུན་ཙམ་བདོག་བྱས་པས་མཉེས་ནས་ཁོང་རང་གི་ཁུག་མ་ནས་སྲང་གང་བཏོན་འདི་ཡང་དེའི་སྟེང་དུ་བསྣོན་ལ། སྲང་བཅོ་བརྒྱད་ཡོད་གྱིས་ལ་ང་ལ་ཚོགས་སུ་ཕུལ་གསུངས། དེ་ལྟར་བྱས་པས་ཁོང་དམ་ཚིག་པ་བསམ་གྱིས་མི་ཁྱབ་པ་འདུག་པ་ལ་ངས་དེ་ལྟར་ཅུང་མ་ཤེས། ད་ངའི་གམ་དུ་ཤོག ཆོས་ཀྱི་ལྷག་མ་ད་དུང་ཡོད་པས་ཁྱོད་ལ་སྟེར་བ་ཡིན་གྱིས་གསུངས། དེར་བནྡེ་མར་འོངས་ནས་བླ་མ་ལ་ཕྲིན་བྱས་བླ་ཆེན་གྱིས་ཀྱང་ཡར་བྱོན་ཏེ། སྦྱོང་རྒྱུད། རབ་གནས་ཀྱི་རྒྱུད། ཡན་ལག་བརྒྱད་པ་ལ་སོགས་པའི་ཆོས་ལྷག་མ་རྣམས་གསན། ཁྱད་པར་དུ་མགོན་པོའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་གནང་ནས། དེའི་རྟེན་དར་ནག་དང་། ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་གཅིག་དང་བཅས་ཏེ། མགོན་པོ་ལ་མི་ལ་ཟེར་བ་ལྟར་ད་ང་རྒས་པས་ཁྱོད་མི་དགོས། ཁྱེད་རང་འཁོན་ས་སྐྱ་པའི་རྗེས་ལ་སོང་ཅིག་ཟེར་ནས་སྐུ་འབག་ཀྱང་བརྫངས་སོ། །དེ་རྣམས་བསྣམས་ནས་མར་བྱོན། ལྷོ་སྟོད་དུ་པུ་ཧྲངས་ལོ་ཆུང་ལ་བདེ་མཆོག གསང་འདུས། དུས་འཁོར་ལ་སོགས་པ་གསན། གཞན་ཡང་སྐྱུ་ར་ཨ་སྐྱབས། བལ་པོ་པད་མ་ཤྲཱི། རྒྱ་གར་གྱི་རྣལ་འབྱོར་པ་བྷོ་ཊ་ར་ཧུ་ལ། བལ་པོ་ཛྙཱ་ན་བཛྲ་རྣམས་ལས་ཆོས་མང་དུ་གསན་ཏེ་ལུང་གི་ཡོན་ཏན་གྱིས་ཕྱུག་ནས་རྟོགས་པའི་ཡོན་ཏན་ནི་སྡོམ་པ་གསུམ་དང་འགལ་བའི་ཉེས་པ་ཕྲ་ཞིང་ཕྲ་བས་ཀྱང་མ་གོས་ཤིང་བྱམས་པ་དང་ཐུགས་རྗེས་རྒྱུད་བརླན། དངོས་པོ་གང་ལ་ཡང་མི་ཆགས་ལ་དད་པ་དང་སྒྲུབ་པའི་སྒོ་ནས་བླ་མ་རྣམས་མཉེས་པར་མཛད། ནང་དུ་རྟེན་འབྲེལ་འགྲིགས་པས་ཡི་དམ་གྱི་ལྷ་ཞལ་གཟིགས། སྐུའི་བཀོད་པ་དྲུག་གཅིག་ཆར་དུ་སྟོན་པ་སོགས་ཀྱི་རྫུ་འཕྲུལ་དང་མངོན་ཤེས་ལ་ཐོགས་པ་མི་མངའ་བ་ཡིན་ནོ། །གསུམ་པ་ཁྱད་པར་དུ་གསུང་ངག་གསན་པའི་ཚུལ་ནི། གུང་ཐང་ནས་ཆགས་ཕེབས་པ་དང་སེའི་སློབ་མ་སུ་དྲག་དྲིས་པས་ཞང་དགོན་པ་བ་རྩད་ཆོད་ནས་སག་ཐང་དུ་ཕེབས། ཐག་མཁན་ཚོ་གཅིག་འདུག་པ་ལ་ཞང་དགོན་པ་དང་མཇལ་གྱིས་དང་བྱས་པས་ཕ་ཀི་ཀ་ཡིན་ཟེར་བལྟས་པས་མི་མང་པོ་ཞིག་གི་གསེབ་ན་ཤམ་ཐབས་གཅིག་གསོལ། ཤ་འགག་མེད་པར་ར་ཐུལ་ཅིག་ཕྱིར་གློག་ཏུ་གྱོན་ནས་ཡོ་ག་བྱེད་ཀྱིན་གཏམ་མང་པོ་ཅལ་ཅོལ་གསུང་གིན་འདུག དེར་དྲུང་དུ་ཕྱིན་ནས་ཕྱག་བྱས་པ་ན་ཁྱེད་ནི་ག་ཤེད་ཀྱི་མི་ཆེན་ཅིག་འདྲ། དེའི་ནང་ནས་ཀྱང་གསར་མ་བ་ཅིག་འདྲ་ན་ནོར་བ་མིན་ནམ་གསུངས། མ་ནོར་ལགས་གསུང་ངག་རིན་པོ་ཆེ་ཞུ་བ་ལགས་བྱས་ཏེ། ཁྲབ་ཅིག་ཕྱག་རྟེན་དུ་ཕུལ་བས་ད་ཅི་ནས་ནོར་བྱས་ཏེ། ངས་དེ་འདྲ་ཚོ་མི་ཤེས་དེའི་མིང་ཡང་ད་རེས་ལས་མ་ཐོས། ང་ནི་རྫོགས་ཆེན་ཙ་མུནྟྲི་དང་། བྲམ་ཟེའི་ཆོས་སྐོར་འདྲ་འཆད་པ་ཡིན། དེ་ཀུན་ཉན་པ་ལ་ཁྱེད་གསར་མ་བ་བྱ་བ་རྟོག་པ་མི་བྱེད་དམ་གསུངས། བསྐྱར་ནས་ཞུས་ཀྱང་དེའི་གདམས་ངག་མེད་གསུངས། འོ་ན་སྤྱོད་ལམ་གྱི་ལུགས་འདི་ལ་དཔག་ན་ང་རང་ནོར་བ་ཀ་ཡིན་ནམ་སྙམ་ནས་ལོག་པ་དང་། ཇོ་སྲས་འོད་མཆོག་གི་ཕན་རེ་བླ་མ་ཞང་པ་ལ། འོ་སྐོལ་མཁར་ཆུང་ན་ཡོད་དུས་སྒྱི་ཆུ་བའི་གྲྭ་པ་གཅིག་ལ་ངའི་བླ་མའི་སྲས་པོ་ཡིན་གསུངས་ནས་པང་དུ་ལེན་པ་དེ་འདྲ་ན། བཟློག་པས་ཀྱང་མཆིའམ་ཞུས་པས། འོ་ན་དམ་ཚིག་གི་ཉེས་པར་འགྲོ་ཉེན་ཡོད་བོས་གསུངས་ནས་ཡར་བཟློག་སྟེ་ལོ་རྒྱུས་ཞིབ་ཏུ་མཛད་པས་ས་སྐྱ་པའི་སྲས་ཡིན་པར་ཐུགས་ཆེས་ནས། ངས་ད་ཅི་ངོ་མ་ཤེས་པར་བརྫུན་བྱས་མན་ངག་ཡོད་དེ་སྔར་མ་བཤད་པས་བསམ་མནོ་འདྲའང་བྱ་དགོས། སྤྱིར་ཡང་ད་ལྟ་དོར་ཀ་མདོ་བྱ་བའི་སྨད་འདི་ན་སེ་སྟོན་རྡོར་འབྱུང་གིས་པཎ་ཆེན་དང་། པཎ་ཆུང་། ལོ་པཎ་དཔོན་སློབ་མང་པོ་ལ་ཆོས་འཁོར་བྱེད་པའི་རྩར་རྣལ་འབྱོར་པ་རྒད་པོ་ཅིག་གིས་བཤད་པ་བྱས་ཀྱང་མི་མཛེས་པས་དཔྱིད་ཀ་འདིར་བྱོན། ཆོས་ཚོ་ཚར་བར་བགྱི་གསུངས། དཔྱིད་ཀ་བྱོན་ནས་སླེབ་པའི་ནུབ་མོ་ཆོས་ཀྱི་གླེང་བསླང་མཛད་པས་མཉེས་སྐད། དེ་ནས་སྔོན་འགྲོའི་ཁྲིད་ཚར་ནས་ནངས་པར་ཆོས་གསུང་བའི་ནུབ་མོ་ནས་རྗེའི་ལྗགས་སྐྲངས་ནས་བསྙུང་སྟེ་ཆོས་གསུང་བ་མ་བྱུང་བས་འོ་སྐོལ་གཉིས་ཀྱི་བར་ན་དམ་ཚིག་གི་ཉེས་པ་ཡོད་པར་འདུག་པས་མཎྜལ་ཕུལ། ཡི་གེ་བརྒྱ་པ་བགྲོངས་ཤིག་གསུངས་ནས་གཞན་ཡོང་ས་མེད། ཁ་སིང་གདམས་ངག་རང་མེད་པ་ཀ་ཡིན་ནམ་སྙམ་པ་ཅིག་བྱུང་བ་དེ་ཡིན་ནམ་སྙམ་ནས་དེ་ལ་དམིགས་ཏེ་མཎྜལ་ཕུལ་ཡི་གེ་བརྒྱ་པ་མང་དུ་གསུངས་པས་ཕན་གསུངས་ནས། དེ་ནས་གསུང་ངག་ཞུ་བའི་དུས་སུ་དཀའ་བའི་གནས་འགའ་ལ་ཕྱག་ལ་རྡེའུའི་རྩེ་མོས་ཟིན་བྲིས་བཏབ་པས་རྗེའི་ཞལ་ནས་དེ་ཙུག་མ་མཛད་རྗེའི་ཐུགས་དམ་ལ་གནོད་པ་ལགས་གསུངས་ནས་འབྲིར་མ་གནང་། མན་ངག་ཀྱང་ཁད་ཀྱིས་གནང་བ་ལ། ཇོ་མོས་ཁོང་ལ་གདམས་ངག་མྱུར་དུ་བྱིན་མཛོད་ཞུས་པས་ཅི་ཟེར་གདམས་ངག་ཟབ་མོ་ལ་ཁྱི་དང་གློ་བ་འཕྲད་པ་བཞིན་ཅི་ཐོད་ཐོད་དུ་བཏང་ངམ་གསུངས་ནས་རིམ་གྱིས་གནང་། དེ་ནས་དབྱར་དགུན་བཞི་ལྷག་ཙམ་བཞུགས་ནས་གདམས་ངག་རྣམས་རིམ་གྱིས་ཞུས་པས། བླ་མ་དཀོན་མཆོག་རྒྱལ་པོ་བླ་མ་སེའི་སློབ་དཔོན་ཡིན་པས་བརྒྱུད་པའི་དམ་ཚིག་ལ་དགོངས་ནས་གསུང་ངག་རིན་པོ་ཆེ་མ་ལུས་པར་གནང་ངོ་། །མདོར་ན་ལམ་སྐོར་དགུ་ཀྱཻ་རྡོ་རྗེའི་རྒྱུད་གསུམ་གྱི་བཤད་པ། གསང་བ་འདུས་པ། སངས་རྒྱས་མཉམ་སྦྱོར་ལ་སོགས་པ་རྒྱུད་སྡེ་དང་གདམས་ངག་མང་པོ་ལོ་བཞི་བཞུགས་ཏེ་ཞུས་སོ། །གདམས་ངག་རྫོགས་ཏེ་སྒྲུབ་པ་ལུང་སྦྱིན་པའི་སྐབས་སུ། ལོ་བཅོ་བརྒྱད་ཀྱི་བར་དུ་ཆོས་འདི་གཞན་ལ་སྟོན་པ་ལྟ་ཞོག་འདི་འདྲ་ཡོད་པ་དང་། ཤེས་པའི་མིང་ཙམ་ཡང་མ་འདོན། ཡི་གེར་ཡང་མ་འབྲི། དེ་ནས་གཞན་ལ་འཆད་དམ། ཡི་གེར་འབྲིའམ། གང་བྱེད་ཀྱང་ཉིད་རང་ཆོས་ཀྱི་བདག་པོར་འགྱུར་བ་ཡིན་གསུངས་ནས་བཀའ་རྒྱས་བཏབ། སྤྱིར་ཁྱེད་ཀྱིས་སྒྲུབ་པ་གཙོ་བོར་བྱས་ན་ཚེ་འདི་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། བཤད་ཉན་བྱས་ན་གདུལ་བྱ་དཔག་ཏུ་མེད་པའི་དོན་དུ་འགྱུར་ཞིང་། ཁྱད་པར་དུ་ལུས་མ་སྤངས་པར་ཕྱག་རྒྱ་ཆེན་པོ་འགྲུབ་པའི་སློབ་མ་གསུམ། བཟོད་པ་ཐོབ་པའི་རྣལ་འབྱོར་པ་བདུན། རྟོགས་པ་དང་ལྡན་པའི་རྣལ་འབྱོར་པ་བརྒྱད་ཅུ་ཙམ་འབྱུང་ཞེས་ལུང་བསྟན་ནོ། །དེར་ལོ་བཅོ་བརྒྱད་ཀྱི་བར་དུ་བསྙེལ་གྱིས་དོགས་ནས། ཟླ་རེ་ལ་གསུང་ངག་མ་ལུས་པ་བཤད་པའི་བསམ་མནོ་ཚར་རེ། ཉིན་ཞག་རེ་ལ་རྡོ་རྗེའི་ཚིག་རྐང་བདུན་རེ་འདོན་པའི་དམ་བཅའ་མཛད་ནས་བྱོན། དེ་ནས་ས་སྐྱར་བཞུགས་ཙ་ན། རྗེ་དགོན་པ་བ་བསྙུང་ནས་ཤོག་གསུངས་པའི་འཕྲིན་བྱུང་བས་བླ་ཆེན་གྱིས་ཀྱང་རིངས་པར་བྱོན་ཏེ། དིངས་ཀྱི་ཕུར་སླེབ་ཙ་ན་སྤང་དུག་གིས་དབུ་བསྙུང་བ་དང་། ས་འཕྱིས་པས་མ་ཐོན་པར་ནུབ་མོ་དེ་ཀར་གཟིམས། ནངས་པར་བྱོན་པས་ནུབ་མོ་སྐུ་གཤེགས་འདུག་ནས་མ་མཇལ། དེར་སྤུར་བཞུ་བ་ལ་སོགས་པ་རྗེས་ཀྱི་བྱ་བ་ཀུན་ཚར་ནས། ཇོ་མོ་ན་རེ། ཇོ་ཇོ་རང་དཔེ་ཆ་འདི་ཚོ་ལྟོས་ལ་དགོས་པ་འདུག་ན་ཚག་གྱིས་གསུངས་ནས། ཤོག་རིལ་རྐྱལ་པ་གང་བྱིན་པས་འདི་ཚོ་མི་འཁུམས་པར་ཞུ་བྱས་ནས་ཕྱི་རྟེན་གྱི་ནང་དུ་བཞུགས། རྗེའི་ཞལ་ནས་ཡི་གེ་མེད་གསུང་བ་ལ་ཡི་གེ་བྱུང་ནའང་མི་དགའ། རང་ལ་སྔར་མ་བྱུང་བའི་གདམས་ངག་འདྲ་བྱུང་ནའང་མི་དགའ་སྙམ་ནས་ཚགས་མ་མཛད། རེ་རེ་ཙམ་མཐོང་བ་ལ། ཡི་གེའི་གཟུགས་སམ། གདན་ནམ། འཁྲུལ་འཁོར་རེ་དང་། སྔགས་ཀྱི་ཡིག་འབྲུ་འདྲ་ལས་མི་འདུག་གསུངས། དེ་ལྟར་བླ་ཆེན་གྱི་སྐུ་ཚེའི་སྟོད་ཡན་ཆད་དུ་བཀའ་རྒྱ་མ་ཐེམས་པའི་སྟོབས་ཀྱིས་ཡི་གེ་ཡང་མེད་པས་སྙན་བརྒྱུད་འབའ་ཞིག་ཏུ་བཞུགས་པ་ཡིན་ནོ། །དེ་དག་ནི་རིང་བརྒྱུད་གསན་ཚུལ་ཡིན་ལ། ཉེ་བརྒྱུད་ཀྱི་གསན་ཚུལ་ནི་བླ་ཆེན་མལ་སྐུ་གཤེགས་པའི་ཚེ་གུང་ཐང་དུ་བྱོན་ནས་མར་ལམ་གཡས་རུའི་བྲང་ཆུང་དགོན་པར་བྱོན་པ་ན་དུག་རོ་ལངས་ཏེ་ཟླ་བ་གཉིས་ཙམ་བསྙུང་ནས་ཆོས་ཐམས་ཅད་བརྗེད་དེ་གཅིག་ཀྱང་མེད་པར་སོང་སྟེ་གྲོགས་གཅིག་ལ་དྲི་ས་ཡང་མེད། རྒྱ་གར་དུ་ཕྱིན་ཡང་ཅི་འདྲ་ཡོད་ཆ་མེད་སྙམ་ནས། ཐུགས་མ་བདེ་སྟེ་ས་སྐྱར་བྱོན་ནས་བྲང་ཁང་རྙིང་པར་སྐུ་མཚམས་བཅད་དེ་བླ་མ་དང་དཀོན་མཆོག་ལ་གསོལ་བ་བཏབ་པས་ཅུང་ཟད་རེ་དྲན་པ་བྱུང་། དེ་ནས་དགོན་པ་བ་མནལ་ལམ་དུ་བྱོན་ནས་ཆོས་གསུངས། དེ་ནས་དངོས་སུ་ཆོས་གསུངས་པས་མ་ལུས་པ་དྲན་པར་བྱུང་གསུངས། ཡང་དུས་གཞན་ཞིག་གི་ཚེ་ས་སྐྱར་བཞུགས་ཙ་ན། རྣལ་འབྱོར་དབང་ཕྱུག་བྱོན་ནས་ས་དཀར་པོ་རྒྱབ་ཡོལ་གྱི་ཚུལ་དུ་བྱས། མ་གི་འབལ་གྲོག་ནས། ཡ་གི་མོན་གྲོག་མན་ཆད་སྐྱིལ་ཀྲུང་གཅིག་གིས་ཁེབས་པར་མཛད་ནས་འདི་ཐམས་ཅད་ང་དབང་གསུངས་ད་ལྟར་གྱི་མཁར་ལས་ལ་ལྟ་གསུངས། དེ་དུས་རྒྱུད་སྡེ་བདུན་ཅུ་རྩ་གཉིས་དང་། སྒྲུབ་ཐབས། ལམ་སྦས་བཤད། བླ་མའི་རྣལ་འབྱོར། གེགས་སེལ་གྱི་གནད། གྲུབ་ཆེན་བཅུ། ཕྲ་མོ་བརྒྱད། རྣམ་འཇོམས། ཀྱཻ་རྡོ་རྗེའི་ལུས་དཀྱིལ། བིརྺ་པ་ཉིད་ཀྱི་སྒྲུབ་སྐོར་ལ་སོགས་པ་ཆོས་མང་དུ་གསུངས་ཤིང་བྱིན་གྱིས་བརླབས་པ་ཡིན་ནོ། །བཞི་པ་དེ་ལས་ཇི་ལྟར་དར་བའི་ཚུལ་ལ་བཞི་སྟེ། གསུང་ངག་ཇི་ལྟར་གསུངས་པའི་ཚུལ། རྣམ་འགྲེལ་ཇི་ལྟར་མཛད་པའི་ཚུལ། ལུང་བསྟན་པའི་སློབ་མ་ཇི་ལྟར་བྱུང་བའི་ཚུལ། བརྒྱུད་འཛིན་གྱི་གཙོ་བོ་ཇི་ལྟར་བྱུང་བའི་ཚུལ་ལོ། །དང་པོ་ནི། དེ་ནས་བཀའ་རྒྱ་ལོ་བཅོ་བརྒྱད་ཐེམ་པ་དང་། བླ་མ་ཨ་སེང་གིས་ལམ་འབྲས་ཁུངས་ཆོད་ནས་ཉིད་ལ་གསུང་ངག་རིན་པོ་ཆེ་མངའ་བར་གདའ་བ་ལ་ང་ལ་ཡོད་ཀྱང་མི་གསུང་བར་འདུག ད་ལན་ཚར་གཅིག་གསུང་བ་དང་། ཡི་གེ་ཞིབ་པ་ཅིག་ཀྱང་མཛད་པར་ཞུ་གསུངས་པས། དེར་བཀའ་རྒྱ་ཐིམ་པ་དང་། ཁོང་གིས་ཞུས་པ་འཛོམས་ནས་བླ་མས་རྟེན་འབྲེལ་འགྲིགས་པ་ཡིན་དགོངས་ནས་ཚར་གཅིག་གསུངས། དེ་ནས་ལོ་བཞིརཾ་གཾསུངས་པས་ཕྱིས་འགའ་ཞིག་གིས་གསོལ་བ་བཏབ་ནས་ལམ་རྒྱས་པ་འདི་མི་རེ་རེ་ཙམ་ལ་གསུངས། དེ་ནས་རིམ་གྱིས་གསུམ་དང་། བདུན་དང་དགུ་དང་ཉེར་ལྔ་དང་། སོ་བདུན་དང་། སྐུ་ཚེའི་མཇུག་ལ་མ་ངེས་པར་གསུངས། དེ་དུས་ཐོག་མར་རྡོ་རྗེའི་ཚིག་རྐང་གི་དབུ་ཞབས་སུ་ཚོགས་འཁོར་གཉིས་དང་། བར་དུ་གཉིས་ཏེ་བཞི་མཛད། ཕྱིས་དབུ་ཞབས་གཉིས་དང་། དམ་ཚིག་གི་ཉམས་ཆགས་བསྐང་བའི་སྐབས་དང་གསུམ་དུ་མཛད། ཕྱིས་གཉིས་དང་གཅིག་ཏུ་ཡང་མཛད་དོ། །གཉིས་པ་ནི། བླ་མ་ཨ་སེང་གི་དོན་དུ་གཞུང་བཤད་དོན་བསྡུས་མ་མཛད། དེ་ནས་ཞུ་བ་པོ་སོ་སོའི་ངོར། ཞུ་བྱས་མ་དང་། ཀློག་སྐྱ་མ་དང་། ཡུམ་དོན་མ། སྲས་དོན་མ་དང་། ཟླ་རྒྱལ་མ་དང་། ཟངས་རི་ཕུག་མ་དང་། མང་ཆུང་མ་དང་། རྒ་ཐེང་མ་དང་། འ་འུ་མའི་དོན་དུ་མཛད་པ་དང་། ཕྱིས་དགེ་བའི་བཤེས་གཉེན་གཉག་གིས་ཞུས་ནས་གཉག་མ་སྟེ་རྣམ་འགྲེལ་བཅུ་གཅིག་དང་། གཞན་ཡང་ལམ་རྒྱས་པའི་སྐོར་གྱི་ཡིག་ཆ་མང་དུ་མཛད་དོ། །གསུམ་པ་ནི་སྒྱི་ཆུ་བ་ལ་དབང་ཞུས་པའི་སྟ་གོན་གྱི་ནུབ་མོའི་མནལ་ལམ་དང་རྗེ་དགོན་པ་བས་ལུང་བསྟན་པ་དང་མཐུན་པར། ཟམ་པ་གསུམ་གྱི་དང་པོ་ལ་མི་གསུམ་བསྒྲལ་བ་ནི། ལུས་མ་སྤངས་པར་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་འགྲུབ་པ་གསུམ་སྟེ། སིང་ག་ལའི་གླིང་ཕྲན་ནས་འོངས་པའི་ཨ་ཙ་ར་གཅིག བྱང་ཆུབ་སེམས་དཔའ་སྟག སྒོམ་པ་སྐྱི་འབར་དང་གསུམ་མོ། །དང་པོ་ནི། སིང་ག་ལའི་གླིང་ནས་མཁན་པོ་ཉན་ཐོས་དགྲ་བཅོམ་པ་གཅིག་གིས་བོད་ན་རྣལ་འབྱོར་དབང་ཕྱུག་གི་སྤྲུལ་པ་ས་སྐྱ་པ་བྱ་བ་ཡོད་ཀྱི་དེ་ཙ་ན་སོང་གསུངས་ནས་ཨ་ཙ་ར་གཉིས་འོངས་པའི་གཅིག་བལ་པོ་ནས་ལོག གཅིག་གིས་བླ་ཆེན་གུང་ཐང་ན་ལ་རྩེར་བཞུགས་པའི་དུས་སུ་དབང་ཞུས། ག་གུ་ལི་ཞེས་པ་ཟབ་ཆེན་གྱི་བླ་རེ་བཟང་པོ་གཅིག་ཕུལ། ཁྲིད་ཕོག་ནས་བསྒོམས་པས་ཟླ་བ་གཅིག་ཙམ་ནས་མངོན་ཤེས་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་སྐྱེས་བདེན་པ་མཐོང་སྟེ་དཔལ་གྱི་རི་ལ་སོང་སྐད་དོ། །སྟག་ནི་བསྒོམས་པས་ཉམས་སྐྱོན་མེད་འབའ་ཞིག་སྐྱེས་པ་ཐོད་རྒལ་བའི་ལམ་བགྲོད་ནས་རེ་ཤིག་ལུས་བོར་བ་ལས་ཕྱིས་ལུས་དེ་ཉིད་ལ་ཞུགས་ནས་གྲུབ་པ་ཐོབ་ཅེས་གྲགས་སོ། །སྒོམ་པ་སྐྱི་འབར་ནི་ཡུལ་འཕྲང་འོག་པ་སྟེ། ཁོང་གིས་དབང་བསྐུར་གདམས་ངག་ཞུས་ནས་བསྒོམས་པས་ཏིང་ངེ་འཛིན་མང་པོ་སྐྱེས། མངོན་ཤེས་བརྟན་པོ་དང་རྫུ་འཕྲུལ་ཅི་རིགས་པ་ཡོད་པ་ལ། བླ་ཆེན་སྐུ་གཤེགས་ནས་ཁྲིད་འཕྲོ་དགེ་བཤེས་ཕུལ་བྱུང་བ་ལས་བསྐྱངས། ཕྱིས་ལྷོ་ཕྱོགས་དཔལ་གྱི་རི་ལ་སོང་སྐད་དོ། །ཟམ་པ་བར་པ་ལ་མི་བདུན་བསྒྲལ་བ་ནི་བཟོད་པ་ཐོབ་པ་བདུན་ཏེ། རྗེ་པ། ཞུ་བྱས། རྒ་སྟོན། ནགས་སྒོམ་བསོད་ནམས་རྒྱལ་མཚན། ཚར་ཁའི་རྣལ་འབྱོར་པ། སྒོམ་པ་འོད་གྲགས། མང་ཆུང་མའོ། །དང་པོའི་ལོ་རྒྱུས་ནི་འོག་ཏུ་སྟོན་ལ། གཉིས་པ་ནི། ཡུལ་ལ་སྟོད་ལྷོ་པ་ཞུ་སྟོན་རོག་པོ་བྱ་བ་ཕར་ཕྱིན་བཤད་ཤེས་པ་གཅིག་གི་དབོན་པོ་ཡིན། ཁོང་གིས་ས་སྐྱར་འོང་བླ་ཆེན་ལ་དབང་ཞུས་གདམས་ངག་གནང་སྟེ་བསྒོམས་པས་རྐང་མགྱོགས་དང་ལུས་ཀྱི་བཀོད་པ་ལ་སོགས་པ་དང་། ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་མངའ་མཉེས། ཁོང་བོད་འདི་སོ་མི་བསོད་ཟེར་ནས་རྒྱ་གར་དུ་གཤེགས། ལན་གཅིག་རྗེ་བཙུན་སྐུ་མཆེད་ནང་མཆོད་གཅིག་མཛད་པའི་ནུབ་མོ་བྱོན་ནས། ནམ་ཟླ་དགུན་ཡིན་པ་ལ་འོལ་མ་སེའི་ཕྲེང་བ་རློན་པ་ཚན་གཅིག་དང་འབྲས་ཀྱི་སྙེ་མ་ཚན་གཅིག་གིས་ཕྱག་རྟེན་བྱས། ད་ནངས་གང་ནས་འོངས་གསུངས་པས་ད་ཅི་ཉི་མ་ཟེར་བ་ན་རྡོ་རྗེ་གདན་ནས་འོངས་ཟེར་དེར་མཆོད་པ་མཛད་ནས། ཨ་ཕོ་ཞུ་བྱས་དོ་ནུབ་མི་ཉུང་རྫུ་འཕྲུལ་ཅིག་སྟོན་གསུངས་པས་དེ་སྐད་མི་གསུང་བར་ཞུ་ཟེར་ཙབ་ཙོབ་ལངས་པས། མི་སྟོ་ཡི་སྟོན་གསུངས་པས་མཆོད་ཁང་གཅིག་གི་ནང་དུ་སོང་ནས་དར་ཅིག་ན་ཞུ་བྱས་གཅིག་འཐོན་ནས་ཕྱག་གསུམ་བྱས་འདུད་པ་གཅིག་བྱས་ནས་གྲལ་ལ་བསྡད། དེ་བཞིན་དུ་བདུན་ཆ་གཅིག་འོངས་ནས་སྔར་བཞིན་ཕྱག་བྱས་གྲལ་ལ་བསྡད། དེ་ནས་ཡང་རིམ་པ་བཞིན་ལངས་ནས་སོང་ནས་དེ་ཙམ་དུ་གདའ་འོ་ཟེར་སྐད། རྒ་སྟོན་ནི་རྟེན་དགེ་སློང་། རུས་པ་རྒ་ཡིན་ལ། འདིས་ཀྱང་བླ་མ་ས་ཆེན་དང་། རྗེ་བཙུན་གཉིས་ཀ་ལ་དབང་དང་གསུང་ངག་རྣམས་ཞུས་ནས་ཡོན་ཏན་མང་པོ་བརྙེས་པ་ཡིན་པར་གསལ་ལོ། །ནགས་སྒོམ་ནི་རྟ་ནག་པ་སྟེ། བླ་ཆེན་ལ་དབང་དང་གདམས་ངག་ཞུས་ཏེ་བསྒོམས་པས་བྲལ་བའི་འབྲས་བུ་ཐོབ་པ་གཅིག་ཡོད་སྐད་དོ། །ཚར་ཁའི་རྣལ་འབྱོར་པ་ནི་དགེ་བཤེས་གཉག་གིས་བཟང་རྒྱུད་འབྲོག་པའི་གསེབ་ཏུ་བྱོན་ཙ་ན་མགྲིན་པ་མན་ཆད་ཐིག་ལེ་བརྟན་པའི་རྟགས་ཤར་བ་ཅིག་མཐོང་ནས། སུའི་སློབ་མ་ཡིན་དྲིས་པས་བླ་ཆེན་ཚར་ཁར་བྱོན་དུས་ཁྲིད་བསྐྱངས་ཟེར། བླ་ཆེན་གྱིས་ཚར་ཁར་ནམ་བྱོན་དྲིས་པས་གུང་ཐང་ཡན་ཆད་དུ་བྱོན་པ་ཡེ་མེད་ཟེར་ཏེ་སྐུའི་བཀོད་པ་བསྟན་པ་ཡིན་པར་འདུག་གོ །སྒོམ་པ་འོད་གྲགས་ནི་བླ་ཆེན་ལ་དབང་ཞུས་ཏེ་བསྒོམས་པས། མཐོང་སྣང་བརྟེན་པ་དང་། ཏིང་ངེ་འཛིན་གྱི་ཡོན་ཏན་མང་པོ་མངའ་བ་ཡིན་སྐད་དོ། །མང་ཆུང་མ་ནི་བླ་ཆེན་ལ་དབང་ཞུས་གདམས་ངག་བསྟན་ནས་བསྒོམས་པས་དུད་འགྲོའི་གནས་སྦྱོང་ཁོ་ན་བྱུང་བ་མང་གསུངས། ཕྱིས་ཡུན་རིང་དུ་བསྒོམས་པས་སྡུག་བསྔལ་གྱི་རྐྱེན་གྱིས་ཀྱང་བདེ་བ་སྐྱེས་ནས་ན་བཟའ་རེ་བ་གོན་ཀྱང་ལྷག་པར་བདེ་བའི་གྲོགས་བྱེད་པས་རྒྱུ་མཐུན་གྱི་འབྲས་བུ་ཐོབ་པ་ཡིན་སྐད་དོ། །བཞི་པ་བརྒྱུད་འཛིན་གྱི་གཙོ་བོ་ཇི་ལྟར་བྱུང་བའི་ཚུལ་ནི་རྗེ་བཙུན་སྐུ་མཆེད་གཉིས་ཏེ། འདི་དག་གི་ལོ་རྒྱུས་ལ་བླ་ཆེན་དེ་ལ་སྲས་བཞི་འཁྲུངས་པ་ལས། ཆེ་བ་ཀུན་དགའ་འབར་ཞེས་བྱ་བ། མ་ག་དྷར་སློབ་གཉེར་མཛད་རིག་པའི་གནས་ལྔ་ལ་མཁས་པར་གྱུར་ནས་བོད་དུ་འབྱོན་གྲབས་བྱས་པའི་ཐོག་ཏུ་དགུང་ལོ་ཉེར་གཉིས་པ་ལ་མ་ག་དྷ་དེ་ཉིད་དུ་སྐུ་འདས་སོ། །གཉིས་པ་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་ནི་གཞོན་ནུའི་ས་ལ་གནས་པ་སྟེ། སྐུ་བལྟམས་མ་ཐག་ཏུ་སྐྱིལ་ཀྲུང་བཅས་ནས་བདག་ནི་བྱིས་པའི་སྤྱོད་པ་ལས་འདས་པའོ་ཞེས་ལན་གསུམ་གསུངས། དེ་ནས་ཡབ་ལ་རྡོ་རྗེ་ཐེག་པས་བསྡུས་པའི་རྒྱུད་འགྲེལ། དཀྱིལ་ཆོག སྒྲུབ་ཐབས། དབང་བྱིན་རླབས། གདམས་ངག་ཕྱག་བཞེས། ཁྲིད་དང་བཅས་པ་ལེགས་པར་ཞུས། རྗེ་པ་ལོ་བཅུ་གསུམ་པ་ལ་ངས་དབུས་སུ་ཕྱིན་ལ་ཕར་ཕྱིན་དང་དབུ་ཚད་ལ་སོགས་པ་ཉན་ལ་འོང་། ཁྱེད་ས་སྐྱར་སྡོད་ལ་བཤད་པ་གྱིས་གསུངས་ཏེ། གདན་ས་གཏད་ནས་གསང་ཕུར་ཕྱྭ་པ་ཆེན་པོ་ལ་ཆོས་གསན་པ་ལ་སྔ་ཕྱིར་ལོ་བཅུ་གཅིག་ཙམ་བཞུགས། མཁས་པ་ཆེན་པོར་གྱུར་ཏེ། སླར་ཡང་ས་སྐྱར་བྱོན། གཙོ་ཆེར་དབེན་པའི་གནས་སུ་བཞུགས་ནས་རྗེ་པ་སོགས་ལ་ཆོས་གསུངས་པ་དང་། བསྟན་བཅོས་རྩོམ་པ་ལ་སོགས་པས་དུས་འདའ། རྒྱ་གར་དུ་མི་ཐུབ་ཟླ་བ་ལ་སོགས་པའི་པཎྜི་ཏ་བཅུ་གཅིག་ཏུ་སྐྱེ་བ་བཞེས་པ་དྲན། དབུ་རྩེ་རྙིང་མར་གསུང་ངག་གི་ལྟ་བའི་སྐབས་སུ་རྗེ་པ། ཞུ་བྱས། རྨོག་སྟོན་གསུམ་ལ་འཇམ་དཔལ། བིརྺ་པ། སྤྱན་རས་གཟིགས་ཀྱི་མཐོང་སྣང་གསུམ་བསྟན་ནས་ཆོས་ཉན་པ་རྣམས་དག་པའི་སྣང་བ་ལ་བཀོད་པ་སོགས་ཡོན་ཏན་དཔག་ཏུ་མེད་པར་བརྙེས་པར་མཛད་ནས་དགུང་ལོ་ཞེ་གཅིག་པ་ཆུ་ཕོ་སྟག་གི་ལོ་སྨལ་པོ་ཟླ་བའི་ཚེས་བཅུ་གཅིག་ལ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་མངོན་པར་གཤེགས་པར་གྱུར་ཏོ། །གསུམ་པ་ནི། རྗེ་བཙུན་གྲགས་པ་རྒྱལ་མཚན་ཏེ། འདི་ལ་བསླབ་པ་གསུམ་གྱི་ཡོན་ཏན་བརྙེས་པའི་ཚུལ། ལུང་བསྟན་པ་དང་སྐྱེ་བ་དྲན་པའི་ཚུལ། སློབ་མའི་མཆོག་ཇི་ལྟར་བྱུང་བའི་ཚུལ་དང་གསུམ་ལས། དང་པོ་ནི། ཡུམ་ལ་བལྟམས་པ་ན་བཀྲ་ཤིས་པའི་ལྟས་དང་བཅས་པ་བལྟམས་ཏེ། སྨྲ་ཤེས་པ་ན་བརྐམ་ཆགས་མེད་པ། ཡོན་ཏན་བསྒྲུབ་པ་ལ་མངོན་པར་བརྩོན་པ། བྱིས་པའི་སྤྱོད་པ་ལས་འདས་པ་ཞིག་སྟེ། དགུང་ལོ་བརྒྱད་ལོན་པ་ན་བྱང་སེམས་ཟླ་བ་རྒྱལ་མཚན་ལས་ཚངས་སྤྱོད་ཀྱི་དགེ་བསྙེན་མནོས་ཏེ། དེ་ཕྱིན་ཆད་རབ་དུ་བྱུང་བ་བས་ཀྱང་བཙུན་པ་མཛད་ཅིང་། དགུང་ལོ་བཅུ་པ་ལ་སྡོམ་པ་ཉི་ཤུ་པ་དང་སྒྲུབ་ཐབས་མཚོ་སྐྱེས་གསན་ནས། བཅུ་གཅིག་པ་ལ་གསུངས་པས་ཚོགས་པ་ཐམས་ཅད་ངོ་མཚར་སྐྱེས་ཏེ་བློ་གྲོས་ཆེན་པོ་ཞེས་བྱ་བར་བཏགས་སོ། །བཅུ་གཉིས་པ་ལ་ཀྱེ་རྡོར་རྒྱུད་གསུམ་གྱི་པོ་ཏི་གསོལ་བའི་མནལ་ལམ་བྱུང་བ་དང་། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་དོ། །དེའི་ཚེ་ས་ཆེན་གཤེགས་ནས་ཆོས་འཁོར་ཆེན་པོ་མཛད་དེ། རང་གི་སློབ་མ་ལ་བརྟག་གཉིས་གསུངས་པས་ངོ་མཚར་བར་གྱུར་ཏོ། །དེ་ནས་གཅེན་དབུས་སུ་གཤེགས་པའི་ཚེ་གདན་ས་གཏད་པ་ནས་བཟུང་སྟེ། བདུན་ཅུའི་བར་ལ་སྔགས་ཀྱི་བཤད་པ་མཛད་ཅིང་གསུང་ངག་ཀྱང་བླ་མའི་བཀའ་རྒྱ་ལོ་དགུ་མཛད་པ་ལ་བཅུ་གསུམ་གྱི་བར་དུ་མ་གསུངས་ཤིང་། དེ་དག་གི་བར་ལ་སློབ་དཔོན་རིན་པོ་ཆེ་གཉན་གཙུག་ཏོར་རྒྱལ་པོ། ཞང་ཚུལ་ཁྲིམས་གྲགས་པ། གཉག་དབང་རྒྱལ། བལ་པོ་ཛ་ཡ་སེ་ན། ལོཙྪ་བ་དཔལ་མཆོག་དང་པོའི་རྡོ་རྗེ་རྣམས་ལས་རྒྱུད་སྡེ་བཞི་དང་། ཕར་ཕྱིན་ལ་སོགས་པའི་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་གསན། ཐུགས་དམ་ལ་བརྩོན་པ་ནི་ནམ་ཕྱེད་བར་ཐུགས་དམ་གྱིས་དུས་འདའ། དེ་ནས་ཐོ་རངས་སྔ་མོར་ན་བཟའི་ཚགས་མཛད། དགུན་ཡིན་ཀྱང་སྐུ་རེག་ལ་བུམ་པ་དྲིལ་ནས་ཐོ་རངས་ཁྲུས་མཛད་དེ་ཐུགས་དམ་ལ་འཇུག ཆོས་གསུང་བ་ལ་འབྱོན་པའི་དུས་སུ་ཀྱཻ་རྡོར་བསྒོམ་བཞིན་བྱོན་ནས་ཁྲི་ཐོག་ཏུ་སླེབས་པ་དང་དབུ་རྒྱན་ལ་རིགས་བདག་ཚར་ཡོང་། ཆོས་གཏོར་ལ་ཐུན་གཏོར་གྱི་དོད་མཛད། ཆོས་གསུངས་པ་ལ་བཟླས་པའི་དོད་མཛད། ཆོས་ཐོན་པ་དང་ཡང་བདེ་མཆོག་བསྒོམ་གྱིན་གཤེགས། མདོར་ན་ཉིན་ཞག་ཕྲུག་རེ་ལ་དཀྱིལ་འཁོར་མི་འདྲ་བ་བདུན་ཅུ་རེ་བསྒོམ། གཞན་ཡང་། ཡང་ན་ཐུགས་དམ། ཡང་ན་གཟིགས་རྟོག ཡང་ན་ཆོས་གསུང་བ་མ་གཏོགས་པ་སྐུ་གསུང་ཐུགས་ཐ་མལ་དུ་བཞུགས་པ་སུས་ཀྱང་མ་མཐོང་སྐད་དོ། །གཉིས་པ་ནི། དགུང་ལོ་ཉི་ཤུ་པ་དང་། ཉེར་གཉིས་པའི་དུས་སུ་མནལ་ལམ་དུ་མཚན་བརྗོད་སྐྱེ་བ་སྔ་མ་ལ་བཟུང་བ་ཡིན་བྱས་ནས་བཏོན་པ་དང་། ཉེར་གཉིས་པའི་དུས་སུ་རྒྱ་གར་དུ་སྒོ་མཐའ་ཡས་པའི་བློ་གྲོས་ནས་བོད་དུ་མེ་ལྷང་ཚེར་བའི་བར་སྐྱེ་བ་དྲུག་དྲན་པ་དང་། སློབ་དཔོན་རིན་པོ་ཆེ་སྐུ་གཤེགས་ནས་རིང་པོར་མ་ལོན་པའི་ཚེ་བྱང་ཕྱོགས་གསེར་མདོག་ཅན་གྱི་འཇིག་རྟེན་གྱི་ཁམས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡོན་ཏན་མཐའ་ཡས་སུ་སྐྱེ་བའི་ལུང་བསྟན་ཐོབ་པ་དང་། ཞེ་དགུ་པའི་དུས་སུ་མནལ་ལམ་དུ་ཞུ་བྱས་དང་རྟོགས་པ་མཉམ་པའི་སློབ་མ་དྲུག དེ་ལས་རྟོགས་པ་ཅུང་ཟད་དམའ་བ་སུམ་ཅུ་ཙམ། ཅུང་ཟད་རྟོགས་པ་རྙེད་པ་བརྒྱ་ཙམ། ལམ་ཅུང་ཟད་བསྒོམ་པ་རབ་ཏུ་མང་པོ་སྒྲོལ་བ་དང་། དགུང་ལོ་ང་དྲུག་པའི་མནལ་ལམ་ན་བླ་ཆེན་གྱིས་སྔར་གྱི་མན་ངག་གི་བརྗེད་ཐོ་བརྡའ་དོན་གསལ་བ་གནང་བ་སོགས་ལུང་བསྟན་པ་དང་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་བརྙེས་ཏེ། དགུང་ལོ་བདུན་ཅུ་པ་མེ་ཕོ་བྱི་བའི་ལོ་ཁྲའི་ཟླ་བའི་ཚེས་བཅུ་གཉིས་ལ་བདེ་བ་ཅན་དུ་གཤེགས་སོ། །ས་ཆེན་གྱི་སྲས་བཞི་པ་ནི་དཔལ་ཆེན་འོད་པོ་སྟེ་དེས་ཀྱང་ཡབ་མེས་ཀྱི་ཆོས་ལ་སྦྱངས་ཤིང་མན་ངག་མང་པོ་དང་། གསོ་བ་རིག་པ་ལ་སྦྱངས་ཏེ། བརྩེ་བའི་ཐུགས་རྗེས་འགྲོ་བ་མང་པོའི་དོན་མཛད་ནས་ལྕགས་ཕོ་རྟའི་ལོ་ལ་འཁྲུངས་ནས་ཆུ་མོ་ཕག་གི་ལོ་དགུང་ལོ་ང་བཞི་བཞེས་པའི་དུས་སུ་ཟླ་བ་ལྔ་པའི་ཉེར་བཞི་ལ་ཞི་བར་གཤེགས་སོ། །གསུམ་པ་དེ་ལ་སློབ་མའི་མཆོག་ཇི་ལྟར་བྱུང་བའི་ཚུལ་ནི་རྗེ་བཙུན་རིན་པོ་ཆེ་དེ་ཉིད་ཀྱིས་དགུང་ལོ་བརྒྱད་པ་ནས་བདུན་ཅུའི་བར་དུ་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་བ་ལས་སྤྱིར་སློབ་མ། ཇོ་སྲས་ལྕགས་ཀྱི་རྡོ་རྗེ། བྲ་སྟོན་བློ་གྲོས། གུར་རྒྱན་ཞུས་པའི་མི་བཞི། གྲགས་པའི་མཐའ་ཅན་གྱི་བུ་ཆེན་བཞི་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བྱུང་བའི་ནང་ནས་དམ་པའི་ཆོས་ཀྱི་བརྒྱུད་པ་འཛིན་པའི་གཙོ་བོ་ནི། ཆོས་རྗེ་ས་སྐྱ་པཎྜི་ཏ་སྟེ། དེའི་རྣམ་པར་ཐར་པ་རྒྱས་པར་ནི་རྣམ་ཐར་གྱི་ཡི་གེ་བཞིན་ཤེས་པར་བྱ་ཞིང་། མདོར་བསྡུས་ན། ཆུ་ཕོ་སྟག་གི་ལོ་ལ་དཔལ་ལྡན་ས་སྐྱར་སྐུ་བལྟམས་པ་ནས་བཟུང་སྟེ་བྱིས་པའི་དུས་སུ་ཡང་རྒྱ་ཀློག་བོད་ཀློག་སོགས་མ་བསླབས་པར་མཁྱེན། དེ་ནས་གཙོ་ཆེར་རྗེ་བཙུན་རིན་པོ་ཆེའི་དྲུང་དུ་ས་སྐྱ་པའི་ཆོས་སྐོར་མཐའ་དག་གསན། བར་སྐབས་སུ་བརྩེགས་སྟོན་དབང་ཕྱུག་སེང་གེ་སོགས་ལ་ཚད་མ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་མང་དུ་གསན། དེ་ནས་ཁ་ཆེ་པཎ་ཆེན་བོད་དུ་བྱོན་པའི་ཚེ་དཔོན་སློབ་བཞི་ལ་རིག་པའི་གནས་ལྔས་བསྡུས་པའི་གཙུག་ལག་ཐམས་ཅད་གསན་ནས་ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོར་གྱུར་ཏོ། །དགུང་ལོ་སོ་ལྔ་བཞེས་པ་ན། རྗེ་བཙུན་རིན་པོ་ཆེ་སྐུ་གཤེགས་པ་ནས་དགུང་ལོ་རེ་གསུམ་པའི་བར་གཙོ་ཆེར་དཔལ་ལྡན་ས་སྐྱ་དང་། གཞན་ཡང་དབུས་གཙང་གི་ཕྱོགས་འདིར་སངས་རྒྱས་ཀྱི་བསྟན་པ་སྤེལ། དེ་ནས་དགུང་ལོ་རེ་གསུམ་པ་ལ་སྐུའི་དབོན་པོ་འཕགས་པ་སྐུ་མཆེད་གཉིས་དང་བཅས་ཏེ། རྒྱལ་པོ་གོ་དན་གྱིས་གདན་དྲངས་ནས་ཧོར་གྱི་རྒྱལ་ཁམས་སུ་ཕེབས། དགུང་ལོ་བདུན་ཅུའི་བར་བཞུགས་ནས། ཧོར་གྱི་རྒྱལ་ཁམས་སངས་རྒྱས་ཀྱི་བསྟན་པ་ལ་བཀོད། དགུང་ལོ་བདུན་ཅུ་པ་ལྕགས་མོ་ཕག་གི་ཐ་སྐར་ཟླ་བའི་ཉི་ཤུ་དགུའི་ནམ་ཕྱེད་ན་དེ་བཞིན་གཤེགས་པ་སྒྲ་དབྱངས་མི་ཟད་པ་དང་། ཐོ་རངས་སྤྱན་རས་གཟིགས་མངོན་སུམ་དུ་ཞལ་གཟིགས་སྨིན་དྲུག་ཟླ་བའི་བཅུ་གསུམ་གྱི་ཉིན་པར་ཐུབ་པ་ཉན་ཐོས་བརྒྱད་ཀྱིས་བསྐོར་བ་གཟིགས། བཅུ་བཞི་པ་ལ་ཀྱཻ་རྡོ་རྗེ་དང་། བཅོ་ལྔ་པ་ལ་འཇམ་དབྱངས་ལན་གསུམ་དང་སྒྲོལ་མ་ཡང་གཟིགས། དེའི་མར་ངོ་ལ་བབས་པའི་ཚེ་བདེ་མཆོག་ལ་སོགས་པའི་དཀྱིལ་འཁོར་མང་དུ་གཟིགས། ཐོ་རངས་ཀྱི་ཆ་ལ་རྗེ་བཙུན་པ། བིརྺ་པ། ནག་པོ་པ་གསུམ་མངོན་སུམ་དུ་བྱོན་ནས་ཁྱོད་སྐྱེ་བ་ཐོག་མ་མེད་པ་ནས་ལམ་ལ་སྦྱངས་ཤིང་ཁྱད་པར་དུ་སྐྱེ་བ་ཉི་ཤུ་རྩ་ལྔར་མི་ནས་མིར་གྱུར་ཏེ། འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་ནས་རིག་པའི་གནས་ལྔ་ལ་སྦྱངས་པ་ཡིན། ཚེ་འདི་ཉིད་ཀྱི་འོག་ཏུ་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་དུ་མ་བརྒལ་བའི་ཕ་རོལ་ན་མཁའ་ལ་གནས་པའི་རིག་པ་འཛིན་པར་གྱུར་ནས་དེ་བཞིན་གཤེགས་པ་དུ་མ་མཉེས་པར་བྱས་ཏེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་སྨིན་པར་བྱས་ནས་ས་དང་ལམ་རྣམས་ཕལ་ཆེར་བགྲོད་དེ། སྐྱེ་བ་གསུམ་པ་ལ་འཛམ་བུའི་གླིང་འདི་ཉིད་ཀྱི་ཤར་ཕྱོགས་ཀྱི་ལྷོ་ལ་ཉེ་བ་ན། མུ་མུ་ནི་ཞེས་བྱ་བར་རྒྱལ་པོ་ཉི་མའི་སྟོབས་འཕེལ་ཞེས་བྱ་བར་གྱུར་ནས་བདེ་བར་གཤེགས་པའི་བསྟན་པ་རྒྱས་པར་བྱས་ཏེ། སྐྱེ་བ་བཞི་པ་ལ་མངོན་པར་དགའ་བ་ཞེས་བྱ་བའི་ཞིང་དུ་དྲི་མ་མེད་པའི་དཔལ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཅིང་དབུགས་དབྱུང་བར་མཛད་དོ། །དེ་ལྟ་བུའི་བླ་མ་དེ་དགུང་ལོ་བདུན་ཅུ་བཞེས་པ་ལྕགས་མོ་ཕག་གི་ལོ་སྨལ་པོ་ཟླ་བའི་ཚེས་བཅུ་བཞིའི་དུས་སུ། ལྷ་དང་། རིག་པ་འཛིན་པ་དང་། དཔའ་བོ་དང་། མཁའ་འགྲོ་མའི་བསུ་བ་དང་། ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་དང་བཅས་ཏེ་བདེ་བར་གཤེགས་པར་གྱུར་ཏོ། །དེ་ཉིད་ལ་སློབ་མའི་མཆོག་ཇི་ལྟ་བུ་ཞིག་བྱུང་ན་སྤྱིར་བསམ་གྱིས་མི་ཁྱབ་ཀྱང་། བཤད་པའི་སྲོལ་འཛིན་ཤར་ནུབ་གུང་གསུམ་དང་། ཁང་གཉན་ཞང་གསུམ་དུ་གྲགས་པ་རྣམས་དང་། མན་ངག་གི་བརྒྱུད་འཛིན་དམར་ཆོས་ཀྱི་རྒྱལ་པོ་དང་། ལྷོ་པ་ཀུན་མཁྱེན་རིན་ཆེན་དཔལ་ཏེ་ལྷོ་དམར་གཉིས་སུ་གྲགས་པ་དང་། སྒྲུབ་པའི་བརྒྱུད་འཛིན་གྲུབ་ཐོབ་ཡོན་ཏན་དཔལ་དང་། ཚོགས་སྒོམ་ཀུན་དགའ་དཔལ་ཏེ་གྲུབ་ཚོགས་གཉིས་སུ་གྲགས་པ་དང་། བཤད་པ་དང་། སྒྲུབ་པ་དང་། བཀའ་ལུང་མཐའ་དག་གི་བརྒྱུད་པ་འཛིན་པའི་སྐུའི་དབོན་པོ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའོ། །འདི་ཉིད་དགུང་ལོ་བཅུའི་བར་དཔལ་ལྡན་ས་སྐྱར་བཞུགས། ཆོས་རྗེ་པ་ལ་བཀའ་ལུང་མན་ངག་ལུང་དང་རིགས་པ་མང་དུ་གསན། དགུང་ལོ་བཅུ་པ་ལ་ཆོས་རྗེ་པའི་ཆགས་ཕྱིར་ཧོར་ཡུལ་ལ་བཏེགས་ཏེ་དགུང་ལོ་བཅུ་བདུན་པའི་བར་དུ་ཆོས་རྗེ་པ་ལ་མངའ་བའི་ཡོན་ཏན་ཕལ་ཆེར་གསན་ཅིང་རྫོགས་པར་མཛད། བཅུ་བདུན་པའི་ཚེ། ཆོས་རྗེ་པས་ཆོས་ཀྱི་དུང་དང་། སློབ་མའི་ཚོགས་རྣམས་གཏད་དེ་བསྟན་པའི་ཁུར་ཕོག་ནས་ཆོས་རྗེ་པ་གཤེགས་རྗེས། དགུང་ལོ་བཅུ་དགུ་པ་ལ་སེ་ཆེན་གན་གྱིས་གདན་དྲངས་ནས་རྒྱལ་པོ་ཉིད་ཀྱིས་ཐོགས་དྲངས་མི་ཉི་ཤུ་རྩ་ལྔ་ལ་ཀྱེ་རྡོ་རྗེའི་དབང་བསྐུར་མཛད་ནས་ཧོར་གྱི་རྒྱལ་ཁམས་སུ་རྡོ་རྗེ་ཐེག་པའི་དབུ་བརྙེས་སོ། །དེ་ནས་བར་སྐབས་སུ་ལྡོང་སྟོན་ཤེས་རབ་དཔལ་གདན་དྲངས་ནས་རི་བོ་རྩེ་ལྔར་མདོ་སྔགས་ཀྱིས་བསྡུས་པའི་ཆོས་མང་དུ་གསན། དགུང་ལོ་སོ་གཅིག་ལ་དབུས་གཙང་དུ་ཕེབས་ནས་གཉེན་འོད་སྲུང་། གྲུབ་ཐོབ་ཡོན་ཏན་དཔལ་ལ་སོགས་པའི་མཁས་གྲུབ་ཉི་ཤུ་ལྷག་པ་ལ་བཀའ་བསྟན་བཅོས། ལུང་མན་ངག རིག་པའི་གནས་ལྔ་ལ་སོགས་པ་བོད་དུ་བཤད་སྲོལ་ཡོད་པ་མཐའ་དག་གསན། ཆོས་འཁོར་རྒྱ་ཆེན་པོ་མཛད་དེ་བསྟན་པ་དར་རྒྱས་སུ་མཛད། སླར་སོ་གསུམ་པ་ལ་ཧོར་ཡུལ་དུ་ཕེབས་ཞེ་གཅིག་པའི་བར་བཞུགས་ནས་ཧོར་གྱི་རྒྱལ་ཁམས་སུ་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་མཛད། དགུང་ལོ་ཞེ་གཅིག་པ་ལ་གདན་སར་ཆགས་ཕེབས་ཏེ། བོད་ན་ཡོད་པར་གྱུར་པའི་མདོ་རྒྱུད་མན་ངག་གི་སྐོར་ཕྲ་ཞིང་ཕྲ་བ་དང་བཅས་པ་ཐམས་ཅད་ང་ལ་ཡོད་པས་ཁྱོད་རང་སོ་སོ་གང་ལ་མོས་པའི་ཆོས་ང་ལ་ཞུས་ཤིག་གསུངས་ནས། ཤིན་ཏུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་སྒོ་གྲངས་ལས་འདས་པ་དཔེ་མཁྱུད་མེད་པར་གནང་བའི་སྒོ་ནས་གདུལ་བྱ་སྨིན་གྲོལ་ལ་བཀོད་པར་མཛད་དོ། །བླ་མ་དེ་ཉིད་ཀྱིས་ཞང་དཀོན་མཆོག་དཔལ་ལ་སྙན་བརྒྱུད་བཞིས་གདམས། དེས་རྗེ་བཙུན་རྒྱལ་བ་བྲག་ཕུག་པ་ལ། དེས་རི་ཁྲོད་པ་བློ་གྲོས་བརྟན་པ་དང་། ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གཉིས་ལ་གདམས། ཡང་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས་ཚོགས་སྒོམ་ཀུན་དགའ་དཔལ་ལ། དེས་ཉན་ཆེན་པ་བསོད་ནམས་བརྟན་པ་ལ། དེས་ཤངས་ཀྱི་དཀར་པོ་བྲག་པ་རིན་ཆེན་སེང་གེ་ལ་གདམས། རི་ཁྲོད་པ་དང་། བླ་མ་དམ་པ་དང་། དཀར་པོ་བྲག་པ་གསུམ་ཆར་ལ་བླ་མ་དམ་པ་དཔལ་ལྡན་ཚུལ་ཁྲིམས་པས་གསན་ནས་སྙན་བརྒྱུད་ཐམས་ཅད་ཀྱི་བདག་པོར་གྱུར་ཏོ། །དེའི་སློབ་མའི་མཆོག་ཏུ་གྱུར་པ་མི་ཉག་རིན་ཆེན་རྡོ་རྗེ། ཤར་པ་ཡེ་ཤེས་རྒྱལ་མཚན། གྲུབ་ཆེན་བུདྡྷ་ཤྲཱི་གསུམ་ལས། རྗེ་བཙུན་ཐམས་ཅད་མཁྱེན་པ་ཀུན་དགའ་བཟང་པོའི་ཞལ་སྔ་ནས་དགུང་ལོ་ཉི་ཤུ་རྩ་ལྔའི་བར་དུ་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པའི་ཞབས་དྲུང་དུ་རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་ལུང་མན་ངག་རྒྱུད་ཀྱི་བཤད་བཀའ་རྣམས་གསན་ནས་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་སྐུ་གཤེགས། དེ་རྗེས་གསུང་ངག་གསན་པར་བཞེད་ནས། ཆོས་འཁོར་སྒང་དུ་ལོ་ཙཱ་བ་སྐྱབས་མཆོག་དཔལ་བའི་དྲུང་དུ་བྱོན་ནས་ཆོས་འགའ་ཞིག་གསན་པའི་ཚེ། གསུང་ངག་ཆོས་རྗེ་བུདྡྷ་བ་ལ་གསན་པའི་མནལ་ལྟས་ཁྱད་པར་ཅན་བྱུང་། དེ་རྗེས་ཆོས་རྗེ་བུདྡྷ་བའི་དྲུང་དུ་ལན་གཉིས་བྱོན། ས་སྐྱ་དང་ས་བཟང་གཉིས་སུ་ཡང་གདན་དྲངས་ནས་ལམ་འབྲས་ལམ་སྐོར་དང་བཅས་པ་དང་། གཞན་ཡང་བཀའ་ལུང་མང་དུ་གསན་ནས་སྙན་བརྒྱུད་བཞིས་གདམས་པར་མཛད་དོ། །དེའི་དྲུང་དུ་མཚན་བརྗོད་པར་དཀའ་བ་མཚུངས་མེད་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོས་དགུང་ལོ་སོ་བདུན་པ་ལ་ས་སྐྱར་བྱོན་ལོ་གཉིས་བཞུགས། བདེ་མཆོག་ལཱུ་ནག་དྲིལ་གསུམ་གྱི་དབང་རྒྱུད་མན་ངག་ཚང་མ་དང་། ཀྱཻ་རྡོར་རྒྱུད་གསུམ། གསང་བ་འདུས་པའི་རྒྱུད་ཀྱི་བཤད་བཀའ་སོགས་མང་དུ་གསན་ནས། འཁོར་ལོ་བདེ་མཆོག་གི་སྒྲུབ་པ་ལ་དྲིལ་བར་བཞེད་པའི་ཚེ། ཆོས་རྗེའི་ཞལ་ནས་ད་དུང་གསུང་ངག་ཞུས་གསུངས་ནས་གསུང་ངག་རིན་པོ་ཆེ་ཉམས་ཁྲིད་དུ་མཛད། ཆོས་རྗེ་བུདྡྷ་བ་ལ་གསན་པའི་ལམ་འབྲས། ལམ་སྐོར་ཞར་བྱུང་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་མཛད་དོ། །དེ་ནས་དགུང་ལོ་དྲུག་ཅུ་རེ་དགུའི་བར་དུ་གཙོ་བོར་སྒྲུབ་པ་ལ་གཞོལ། བར་སྐབས་སུ་གདུལ་བྱ་སྐལ་ལྡན་རྣམས་ལ་ཟབ་མོའི་ལམ་བསྟན། རེ་དགུ་པ་ཨེ་ཝཾ་ཆོས་ལྡན་གྱི་གདན་སར་ཕེབས་པ་ནས། དགུང་ལོ་བརྒྱད་ཅུ་གྱ་གསུམ་པའི་བར་དུ་ཐོས་བསམ་དང་བསྒྲུབ་པའི་འབྲས་བུས་བསྟན་པ་དང་སེམས་ཅན་ལ་ཕན་པ་ཉི་མ་དང་ཟླ་བ་ལྟར་གསལ་བ་འདི་ཉིད་དོ།། །།གཉིས་པ་བྱུང་བའི་ཆོས་ལ་བཤད་སྒྲུབ་བྱ་བའི་ཚུལ་ནི། ས་ཆེན་གྱིས། ཚད་མ་སྙན་བརྒྱུད་བཞི་ཡིས་སྤྲོས་པ་བཅད། །ཞེས་གསུངས་པ་ལྟར། གདམས་ངག་གི་སྤྲོས་པ་ཐམས་ཅད་ཚད་མ་བཞི་དང་། སྙན་བརྒྱུད་བཞིས་བཅད་དགོས་པས་འདི་ལ་གཉིས་ཏེ། སྤྲོས་པ་བཅད་བྱ་དང་། སྤྲོས་པ་གཅོད་བྱེད་དོ། །དང་པོ་ནི་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཡིན་ལ། ཅིའི་ཕྱིར་དེ་སྐད་བརྗོད་ཅེ་ན། འདི་ལ་རྗོད་བྱེད་གཞུང་གིས་བསྟན་ཚུལ་གྱི་དབང་དུ་བྱས་པ་དང་། བརྗོད་བྱ་ཉིད་ལ་གནས་ཚུལ་གྱི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི། དམིགས་པར་བྱ་བའི་འབྲས་བུ་སྐུ་བཞིའམ་ལྔས་བསྡུས་པའི་སངས་རྒྱས་དང་། དེ་ཐོབ་པར་བྱེད་པའི་ལམ་གཉིས་ཀ་ཚང་བར་སྟོན་པས་ན་ལམ་འབྲས་བུ་དང་བཅས་པའམ། འབྲས་བུ་ལམ་དང་བཅས་པ་ཞེས་བྱའོ། །སེམས་ཀུན་གཞི་ལམ་ཟབ་མོས་འབྲས་བུ་སངས་རྒྱས་ཀྱི་སར་འཁྲིད་པར་བྱེད་པས་ན་ཁྲིད་ཅེས་ཀྱང་བྱའོ། །དེས་ན་དུས་འཁོར་གྱི་སྦྱོར་དྲུག་དང་། གསང་འདུས་དང་བདེ་མཆོག་གི་རིམ་ལྔ་སོགས་ནི་རྫོགས་རིམ་ཟབ་མོའི་ཁྲིད་ཡིན་གྱི། ལམ་འབྲས་ཀྱི་ཐ་སྙད་ནི་མི་འཐོབ་བོ། །འོ་ན་བཀའ་དང་བསྟན་བཅོས་གཞན་ལ་ཡང་ལམ་དང་འབྲས་བུ་ཚང་བར་བསྟན་པ་ཡོད་དོ་སྙམ་ན། དེ་ཉིད་ཀྱི་ཕྱིར་ལམ་འབྲས་བུ་དང་བཅས་པའི་ཐ་སྙད་ཀྱང་འབྱུང་སྟེ། ཐོགས་མེད་ཀྱིས་ཉན་སར། ཉན་ཐོས་ཀྱི་ལམ་འབྲས་བུ་དང་བཅས་པ་རབ་ཏུ་གསལ་བར་བསྟན་ཏོ་ཞེས་དང་། བྱང་སར་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་མ་ཚང་བ་མེད་པར་བསྟན་ཏོ་ཞེས་དང་། སློབ་དཔོན་སངས་རྒྱས་གསང་བས་རྣམ་སྣང་མངོན་བྱང་གི་བསྡུས་འགྲེལ་དུ་བྱང་ཆུབ་སེམས་དཔའ་ཆེན་པོ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་འདོད་པ་རྣམས་ཀྱི་ལམ་འབྲས་བུ་དང་བཅས་པ་རྫོགས་པར་བསྟན་ཏོ་ཞེས་དང་། གྲུབ་ཆེན་ཀུན་སྙིང་གིས། དེ་ཉིད་སྣང་ཆེན་གྱི་བསྡུས་དོན་དང་། སློབ་དཔོན་སྡོང་པོས་བྱིན་གྱིས་སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་པར། རྡོ་རྗེ་ཐེག་པའི་ལམ་འབྲས་བུ་དང་བཅས་པ་རྫོགས་པར་བསྟན་ཏོ་ཞེས་གསུངས་པ་ལྟ་བུའོ། །གཉིས་པ་ནི། ལམ་གྱི་དུས་སུ་འབྲས་བུ་དབྱེར་མེད་ལྷུན་གྲུབ་ཏུ་གནས་པས་ལམ་འབྲས་བུ་དང་བཅས་པ་ཞེས་བྱ་ལ་འབྲས་བུའི་དུས་སུ་ཡང་ལམ་དབྱེར་མེད་དུ་ཡོད་པས་འབྲས་བུ་ལམ་དང་བཅས་པ་ཞེས་བྱ་སྟེ། རྒྱས་པར་ན་ལམ་རྒྱུ་དང་བཅས་པ་དང་འབྲས་བུ་དང་བཅས་པ་གཉིས། འབྲས་བུ་ལམ་དང་བཅས་པ་དང་རྒྱུ་དང་བཅས་པ་གཉིས། རྒྱུ་ལམ་དང་བཅས་པ་དང་འབྲས་བུ་དང་བཅས་པ་གཉིས་ཏེ་དྲུག་ཏུ་འགྱུར་རོ། །བཤད་ཚུལ་འདི་ལྟར་ན་གསང་འདུས་རིམ་ལྔ་སོགས་རྫོགས་རིམ་ཟབ་མོ་སྣ་གཅིག་སྟོན་པ་ཡན་ཆད་ལ་ཡང་ལམ་འབྲས་བུ་དང་བཅས་པ་ཞེས་སོགས་ཀྱི་ཐ་སྙད་དོན་གྱིས་འཐོབ་བོ། །གཉིས་པ་ལ་གསུམ་སྟེ། ཚད་མ་བཞིའི་སྒོ་ནས་དང་། སྙན་བརྒྱུད་བཞིའི་སྒོ་ནས་སྤྲོས་པ་གཅོད་པ་དང་། ཚད་མ་བཞིའི་ཉམས་ལེན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སཾ་བུ་ཊིར། བསྟན་བཅོས་ཚད་མ་སློབ་དཔོན་དང་། །ལུང་གི་རྗེས་འབྲང་དེ་ཉིད་རིག །གསང་དོན་དེ་ཉིད་དངོས་པོ་ཡང་། །གཅིག་ནས་གཅིག་བརྒྱུད་ཤེས་པར་བྱ། །ཞེས་དང་། རྡོ་རྗེའི་ཚིག་རྐང་དུ། ཚད་མ་བཞིས་འབྲས་བུ་གཏན་ལ་ཕབ་ནས་ཞེས་གསུངས་ཞིང་། དེས་རྒྱུ་དང་ལམ་གཏན་ལ་ཕབ་པ་ཡང་མཚོན་པར་གསུངས་སོ། །འདི་ལ་ཚད་མའི་ངོ་བོ། གྲངས་ངེས། གོ་རིམ་ངེས་པ་དང་གསུམ་ལས། དང་པོ་ནི། འཇིག་རྟེན་གྱི་ཐ་སྙད་དམ་རྟོག་གེ་དང་མཐུན་པར་མི་བསླུ་བ། ཡང་དག་པ། དོན་དམ་པ་ལ་འཇུག་པས་ན་ཚད་མ་སྟེ་དེའང་བླ་མ་ནི་མན་ངག་ཕྱིན་ཅི་མ་ལོག་པར་སྟོན་པ་ལ་མི་བསླུ་བས་ན་ཚད་མ། ཉམས་མྱོང་ནི་བླ་མས་བསྟན་པ་ལྟར་ཉམས་སུ་མྱོང་བ་ལ་མི་བསླུ་བས་ན་ཚད་མ། བསྟན་བཅོས་ནི་ལུང་གི་དགོངས་པ་ཕྱིན་ཅི་མ་ལོག་པ་འགྲེལ་པ་ལ་མི་བསླུ་བས་ནི་ཚད་མ། ལུང་ནི་རང་གི་བསྟན་བྱའི་དོན་ལ་མི་བསླུ་བས་ན་ཚད་མའོ། །དེ་ལ་བླ་མ་ནི་རྒྱལ་བས་ལུང་བསྟན་པའམ། མཁའ་འགྲོས་བྱིན་གྱིས་བརླབས་པའི་གྲུབ་ཐོབ་དངོས་སམ་དེའི་བརྒྱུད་པ་བར་མ་ཆད་པའི་མན་ངག་ཡོད་ཅིང་རྡོ་རྗེ་སློབ་དཔོན་སྤྱིའི་མཚན་ཉིད་ཚང་བ་གཅིག་དགོས་སོ། །ཉམས་མྱོང་ནི་སྙན་བརྒྱུད་བཞི་དང་ལྡན་པའི་གདམས་ངག་ཉམས་སུ་བླངས་པ་ལས་བྱུང་བའི་ཉམས་མྱོང་ངོ་། །བསྟན་བཅོས་ནི་རྒྱལ་བས་ལུང་བསྟན་པའམ་མཁའ་འགྲོས་བྱིན་གྱིས་བརླབས་པའི་ཀླུ་སྒྲུབ་དང་བིརྺ་པ་སོགས་ཀྱིས་བཀའི་དགོངས་པ་རང་དབང་དུ་འགྲེལ་བའི་བསྟན་བཅོས་ལ་བྱ་སྟེ། འདིར་ནི་རྡོ་རྗེའི་ཚིག་རྐང་ངོ་། །ལུང་ནི་རྒྱས་པར་ན་བདེ་བར་གཤེགས་པའི་གསུང་རབ་མཐའ་དག མདོར་བསྡུ་ན་ཀྱཻ་རྡོར་རྒྱུད་གསུམ་མོ། །གཉིས་པ་ནི། གྲུབ་ཐོབ་ཚད་ལྡན་ནས་རིམ་པ་བཞིན་དུ་བརྒྱུད་པའི་མན་ངག་དེང་སང་གི་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཉམས་སུ་ལེན་པའི་ཚེ་ཚད་མ་བཞི་པོ་གང་རུང་གཅིག་མ་ཚང་ན་མན་ངག་དེ་ཕུན་སུམ་ཚོགས་པར་མི་འགྱུར་ཞིང་། བཞི་པོ་ཐམས་ཅད་ཚང་ན་ཕུན་སུམ་ཚོགས་པར་འགྱུར་བས་བཞིར་གྲངས་ངེས་སོ། །འོ་ན་དུས་ཀྱི་འཁོར་ལོ་ལས། དང་པོ་བླ་མ་ལ་ཡིད་ཆེས་པར་བྱའོ། །དེའི་རྗེས་སུ་རང་ཉིད་ལ་ཡིད་ཆེས་པར་བྱའོ། །དེའི་དུས་སུ་རྒྱུད་ཀྱི་རྒྱལ་པོ་ལ་ཡིད་ཆེས་པར་བྱའོ། །དེ་ལྟར་ན་ཡིད་ཆེས་པ་རྣམ་པ་གསུམ་གྱིས་རྒྱུད་ཀྱི་དོན་མ་ལུས་པ་རྟོགས་པར་འགྱུར་རོ་ཞེས་ཡིད་ཆེས་སམ་ཚད་མ་གསུམ་དུ་བཤད་པ་མ་ཡིན་ནམ་སྙམ་ན་དེ་ནི་གྲུབ་ཐོབ་ཚད་ལྡན་ལས་དངོས་སུ་མན་ངག་ཐོབ་པའི་དབང་དུ་བྱས་ལ་དེའི་ཚེ་བླ་མ་ཚད་མ་ལས་ལོགས་སུ་བསྟན་བཅོས་ཚད་མ་མི་དགོས་ཏེ། བསྟན་བཅོས་ཚད་མའི་དོན་ནི་རང་གིས་ཐོབ་པའི་མན་ངག་དེ་གྲུབ་ཐོབ་ཚད་ལྡན་གྱི་དགོངས་པར་བསྒྲུབ་པ་ཡིན་ལ། གྲུབ་ཐོབ་རང་ལས་གདམས་ངག་དངོས་སུ་ཐོབ་པ་དེ་ཀས་དགོངས་པར་གྲུབ་ཟིན་པའི་ཕྱིར་རོ། །འོ་ན་སློབ་དཔོན་ནག་པོ་པས་རྣལ་འབྱོར་དབང་ཕྱུག་ལས་དངོས་སུ་ཐོབ་པས་བསྟན་བཅོས་རྡོ་རྗེའི་ཚིག་རྐང་མི་དགོས་པར་འགྱུར་རོ་སྙམ་ན། དེ་ནི་ནག་པོ་པ་དབང་པོ་རྟུལ་བས་མན་ངག་གི་བརྗེད་ཐོར་གནང་བ་ཡིན་གྱི་རང་གི་མན་ངག་དེ་རྣལ་འབྱོར་དབང་ཕྱུག་གི་དགོངས་པར་བསྒྲུབ་པའི་ཆེད་དུ་གནང་བ་ནི་མ་ཡིན་ཏེ། ཌོཾ་བི་ཧེ་རུ་ཀ་བཞིན་ནོ། །གསུམ་པ་ལ་བཞི་སྟེ། རྒྱུད་ལས་གསུངས་པའི་གོ་རིམ། ཐོག་མར་འབྱུང་བའི་གོ་རིམ། ཉམས་སུ་ལེན་པའི་གོ་རིམ། ཚད་མར་སོང་བའི་གོ་རིམ་མོ། །དང་པོ་ནི། བསྟན་བཅོས་ཚད་མ་སློབ་དཔོན་དང་། །ལུང་གི་རྗེས་འབྲང་དེ་ཉིད་རིག །ཅེས་པ་སྟེ། དེ་ཉིད་རིག་པ་ནི་ཉམས་མྱོང་མཐར་ཐུག་པ་མཚོན་བྱ་དོན་གྱི་ཡེ་ཤེས་ཡིན་ལ། འདི་ནི་རྟོག་གེ་པ་རང་དགར་འཇུག་པ་དགག་པའི་ཕྱིར་དུ་གོ་རིམ་དཀྲུགས་ཏེ་གསུངས་པའོ། །གསང་དོན་དེ་ཉིད་དངོས་པོ་ཡང་ཞེས་པ་ནི་ཚད་མ་བཞིས་གཏན་ལ་ཕབ་པར་བྱ་བའི་མན་ངག་དངོས་སོ། །གཅིག་ནས་གཅིག་བརྒྱུད་ཤེས་པར་བྱ། །ཞེས་པ་ནི་ཚད་མ་བཞིས་གཏན་ལ་ཕབ་པར་བྱ་བ་དེ་ཡང་གྲུབ་ཐོབ་དེ་ལས་དངོས་སུ་ཐོབ་པ་མ་ཡིན་པར་རིམ་པ་བཞིན་དུ་བརྒྱུད་པའི་དབང་དུ་བྱས་པར་བསྟན་ཏོ། །བླ་མ་རབ་ཀྱི་ཞལ་ལས་བླངས། །ཞེས་པ་ནི་དེ་ལྟ་བུའི་མན་ངག་དེ་ཡང་། བརྒྱུད་པའི་མན་ངག་ཕྱིན་ཅི་མ་ལོག་པར་ཡོད་ཅིང་། རྡོ་རྗེ་སློབ་དཔོན་སྤྱིའི་མཚན་ཉིད་ཚང་བ་ལས་ཐོབ་དགོས་ཞེས་པ་སྟེ་བླ་མ་ཚད་མའི་ཁྱད་ཆོས་སྟོན་པའོ། །གཉིས་པ་ནི། ཐོག་མར་རྡོ་རྗེ་འཆང་གིས་གསུངས་པའི་ལུང་ཚད་མ་འབྱུང་། དེའི་རྗེས་སུ་ལུང་དེའི་དགོངས་པ་འགྲེལ་བའི་བསྟན་བཅོས་ཚད་མ་འབྱུང་། དེའི་རྗེས་སུ་བསྟན་བཅོས་དེ་ནས་གསུངས་པའི་མན་ངག་སྟོན་པའི་བླ་མ་ཚད་མ་འབྱུང་། དེའི་རྗེས་སུ་བླ་མས་ཇི་ལྟར་བསྟན་པ་ལྟར་ཉམས་སུ་བླངས་པས་རང་གི་རྒྱུད་ལ་ཉམས་མྱོང་སྐྱེ་བས་ན་ཉམས་མྱོང་ཚད་མ་འབྱུང་ངོ་། །གསུམ་པ་ནི། དང་པོར་བླ་མ་ཚད་མ་ཉམས་སུ་ལེན་དགོས་ཏེ། བླ་མ་ལ་མོས་གུས་ཚུད་པར་བྱས་ནས་དེས་བསྟན་པའི་མན་ངག་ཉམས་སུ་ལེན་དགོས་པའི་ཕྱིར་རོ། །དེ་ནས་ཉམས་མྱོང་ཚད་མ་ཉམས་སུ་ལེན་དགོས་ཏེ། བླ་མ་ལ་མོས་གུས་ཚུད་པའི་རྗེས་སུ། དེས་ཇི་ལྟར་བསྟན་པ་བཞིན་ཉམས་སུ་བླངས་པ་ལ་བརྟེན་ནས་ཉམས་མྱོང་ཚད་མ་བསྐྱེད་དགོས་པའི་ཕྱིར་རོ། །དེ་ནས་བསྟན་བཅོས་ཚད་མ་ཉམས་སུ་ལེན་དགོས་ཏེ། བླ་མས་བསྟན་པ་དང་རང་གིས་ཉམས་སུ་མྱོང་བ་དེ་ཡང་རྣལ་འབྱོར་དབང་ཕྱུག་གི་དགོངས་པར་བསྒྲུབ་དགོས་པའི་ཕྱིར་རོ། །དེ་ནས་ལུང་ཚད་མ་ཉམས་སུ་ལེན་དགོས་ཏེ། རྣལ་འབྱོར་དབང་ཕྱུག་གི་དགོངས་པ་དེ་ཡང་ཚད་མ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་སངས་རྒྱས་ཀྱི་དགོངས་པར་བསྒྲུབ་པའི་ཆེད་དུ་ལུང་ལ་ཐོས་བསམ་བྱ་དགོས་པའི་ཕྱིར་རོ། །བཞི་པ་ནི། དང་པོར་ཉམས་མྱོང་ཚད་མར་སོང་བ་དགོས་ཏེ། རང་རྒྱུད་ལ་ཉམས་བཅོ་ལྔ་པོ་གང་རུང་ཅིག་སྐྱེས་ཤིང་ཡིད་ཆེས་པ་ན་ཉམས་མྱོང་ཚད་མར་སོང་བར་འཇོག་ཅིང་། དེ་ལ་བརྟེན་ནས་ཚད་མ་གཞན་ཐམས་ཅད་ཚད་མར་སོང་བ་འབྱུང་བའི་ཕྱིར་རོ། །དེ་ནས་བླ་མ་ཚད་མར་སོང་བ་འབྱུང་སྟེ། རང་རྒྱུད་ལ་ཉམས་མྱོང་སྐྱེས་པ་ན་བླ་མས་སྔར་ཁྱོད་ཀྱི་རྒྱུད་ལ་ཉམས་མྱོང་འདི་དང་འདི་ལྟ་བུ་སྐྱེའོ་ཞེས་གསུངས་པ་དང་མཐུན་པར་གོ་བས་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས་པའི་ཚེ་བླ་མ་ཚད་མར་སོང་བའི་ཕྱིར། དེ་ནས་བསྟན་བཅོས་ཚད་མར་སོང་བ་འབྱུང་སྟེ། རང་རྒྱུད་ལ་ཉམས་སུ་མྱོང་ཞིང་བླ་མས་བསྟན་པ་དེ་ཡང་རྡོ་རྗེའི་ཚིག་རྐང་གི་དགོངས་པར་རྟོགས་པས་ན། མདོ་རྒྱུད་ཐམས་ཅད་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་ཉིད་དོ། །བསྟན་བཅོས་རྡོ་རྗེའི་ཚིག་རྐང་ནི་དྲང་སྲོང་གི་བཀའ་བཞིན་དུ་སྤྱི་བོར་བླང་བྱའོ་སྙམ་དུ་ངེས་པའི་ཚེ་བསྟན་བཅོས་ཚད་མར་སོང་བའི་ཕྱིར་རོ། །དེ་ནས་ལུང་ཚད་མར་སོང་བ་འབྱུང་སྟེ། དེ་ལྟ་བུའི་ཁྱད་པར་གསུམ་ལྡན་དེ་ཡང་སངས་རྒྱས་ཀྱི་ལུང་གི་དགོངས་པར་རྟོགས་པ་ན་ལུང་རང་གི་བསྟན་དོན་ལ་མི་བསླུ་བར་ངེས་པའི་ཚེ་ལུང་ཚད་མར་སོང་བའི་ཕྱིར་རོ། །དེ་དག་ཀྱང་རགས་པའི་རྣམ་བཞག་ཡིན་གྱི་ཞིབ་ཏུ་ན་གཞུང་བཤད་ལས་འབྱུང་བ་ལྟར་ཉམས་རེ་རེ་ཡང་ཚད་མ་བཞི་བཞིས་གཏན་ལ་དབབ་པར་ཤེས་པར་བྱའོ། །གཉིས་པ་སྙན་བརྒྱུད་བཞིས་སྤྲོས་པ་གཅོད་པ་ནི་དབང་གི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། གདམས་ངག་གི་སརྒ་མ་ལོག་པ། མོས་གུས་ཀྱི་བསམ་པ་ཚིམ་པར་ནུས་པའོ། །དང་པོ་ལ་རྒྱུ་དུས། ལམ་དུས། འབྲས་དུས་ཀྱི་དབང་གསུམ་ལས། དང་པོ་ནི། དབང་གི་མངོན་པར་རྟོགས་པ་བདུན་ལྡན་གྱི་སྨིན་བྱེད་ཀྱི་དབང་བཞི་ཐོབ་པའོ། །གཉིས་པ་ནི་ལམ་གྱི་ཐུན་བཞི་ལ་དབང་བཞི་བསྒོམ་པའོ། །གསུམ་པ་ནི་འབྲས་བུ་ལ་མཚམས་སྦྱར་བ་ཉེ་རྒྱུའི་དབང་སྟེ། མདོར་ན་སྨིན་བྱེད་ནས་བརྩམས་ཏེ་འབྲས་བུའི་བར་ཐམས་ཅད་དབང་གིས་བགྲོད་པའི་ལམ་མོ། །གཉིས་པ་ནི། གསང་སྔགས་མཐའ་བཞིའི་བདག་ཉིད་ཅན་ཏེ། ཉམས་སུ་བླངས་པའི་མཐའ། ཉམས་སུ་མྱོང་བའི་མཐའ། བྱིན་གྱིས་བརླབས་པའི་མཐའ། གྲུབ་པའི་མཐའ་ཅན་ཏེ། བརྩོན་འགྲུས་ཅན་སོ་སོར་བརྟགས་པའི་འགོག་པས་གྲུབ་མཐའ་སྙོགས་པའི་དབང་དུ་བྱས་པའོ། །གསུམ་པ་ནི་སྲིན་པོ་ལ་སོགས་པའི་བདུད་དང་བར་ཆད་རྣམས་སམ་འཇིགས་ཤིང་ཉམ་ང་བ་ལ་སོགས་པ་མི་འཚམ་པ་དུ་མ་བྱུང་བའི་ཚེ་དེ་ཉིད་ལམ་དུ་ཤེས་པ་ན་ཏིང་ངེ་འཛིན་ངོ་ཤེས་པས་བསམ་གཏན་གྱི་གེགས་སེལ། བར་ཆད་ངོ་ཤེས་པས་བདུད་ཀྱི་གེགས་སེལ། སྐྱོན་ཡོན་ཏན་དུ་སློང་ཤེས་པས་བར་ཆད་དངོས་གྲུབ་ཏུ་ལེན་ཤེས་པའི་གདམས་ངག་སྟེ། སྔར་གྱི་དེ་དག་གི་གེགས་སེལ་ལོ། །བཞི་པ་ནི་བར་ཆད་དང་དངོས་གྲུབ། དོགས་པ་དང་རེ་བ་ཐམས་ཅད། བདག་ཉིད་ཀྱི་ལུས་ལ་རྩ་རླུང་གི་རྟེན་འབྲེལ་འགྲིགས་པ་ལས་བྱུང་བར་བླ་མ་དམ་པས་བསྟན་པས་ཡིད་ཆེས་ཁྱད་པར་ཅན་སྐྱེས་ཏེ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་འཇུག་པའོ། །མདོར་ན་དང་པོ་གསུམ་ཉམས་མྱོང་ཚད་མའི་ཁྱད་ཆོས་ཡིན་ལ། འདི་ནི་བླ་མ་ཚད་མར་སོང་བའི་ཚད་དེ། ཚད་མ་གཉིས་པོ་དེ་ཡང་སྙན་བརྒྱུད་བཞི་དང་ལྡན་པ་ཞིག་དགོས་ཞེས་སྤྲོས་པ་གཅོད་པའོ། །གསུམ་པ་ཚད་མ་བཞིའི་ཉམས་ལེན་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ཚད་མ་བཞི་པོ་ཆོས་སྣ་དྲུག་ཅུ་དང་སྦྱར་ཏེ་བཤད། མན་ངག་ཕྲ་མོའི་རྐང་གྲངས་ཚད་མ་བཞི་དང་སྦྱར་ཏེ་བཤད། ཉམས་མྱོང་ཚད་མ་བསྐྱེད་པའི་ཆེད་དུ་ཁྲིད་ཀྱི་གཞུང་ཤིང་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ཚད་མ་བཞི་ལས་དང་པོ་བླ་མ་ཚད་པ་ནི། བླ་མ་བརྒྱུད་པའི་རྣམ་ཐར་ཉན་ནས་མོས་གུས་ཚུད་ཚུད་དུ་བསྒོམ་པ་སྟེ། འདི་ལ་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་བརྒྱུད་པ་དང་བཅས་པའི་ལོ་རྒྱུས་ཀྱི་ཡི་གེ་གཉིས་ཡོད་དོ། །གཉིས་པ་ཉམས་མྱོང་ཚད་མ་ལ་ལམ་རྒྱས་འབྲིང་གསུམ་དུ་བསྟན་པ་དང་། ལམ་ཟབ་འབྲིང་དུ་བསྟན་པ་གཉིས་ལས། དང་པོ་ལ་གཞུང་ལས་འཕྲོས་པའི་ཆོས་སྣ་བཅུ་བདུན། ལམ་འབྲིང་པོ་དང་བསྡུས་པ་གཉིས་ཏེ་བཅུ་དགུ། ཕྱི་མ་ལ་ཁྲིད་ཀྱི་གཞུང་ཤིང་བཞི། རྟོགས་པ་བསྐྱེད་པའི་ཆོས་ལྔ། ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཏེ་བཅུ་གསུངས་པ་རྣམས་བླ་མའི་མན་ངག་གིས་ཉམས་ལེན་གྱི་ཁོག་བསྒྲིགས་ཏེ་བཤད་ན། དང་པོ་ལམ་རྒྱས་པ་ནི་གཞུང་འཆད་པའི་ཚེ། གཞུང་རྡོ་རྗེའི་ཚིག་རྐང་ལ་གཞུང་ཚོམ་བུ་བཅོ་བརྒྱད་དུ་བཅད་ནས་ལམ་རྒྱས་པ་ཆོས་བཅོ་བརྒྱད་ཀྱིས་བསྡུས་པ་ཞེས་བཤད་པར་བྱ་བ་ཡིན་ལ། འདིར་ནི་ཉམས་མྱོང་མ་བསྐྱེད་པ་བསྐྱེད་པར་བྱེད་པ་ཁྲིད་ཀྱི་གཞུང་ཤིང་ཆེན་པོ་བཞི། སྐྱེས་པ་བོགས་འབྱིན་པ་རྟོགས་པ་བསྐྱེད་པའི་ཆོས་ལྔ། དེ་དག་གི་གེགས་སེལ་བ་ལ་གེགས་སེལ་གྱི་ཡི་གེ་བཞི། ཁྲིད་ཀྱི་གཞུང་ཤིང་དང་པོའི་གསེབ་ཚགས་སུ་སྦྱར་བར་བྱ་བའི་ཆོས་སྣ་བཅུ་གསུམ་སྟེ། དེ་ལྟར་ཚན་པ་བཞི་ལས། དང་པོ་ནི། གཞུང་ཇི་ལྟ་བ་བཞིན་དུ་དཀྲི་བའི་གཞུང་ཤིང་། མན་ངག་གི་གནད་དྲུག་གིས་དཀྲི་བའི་གཞུང་ཤིང་། བརྩོན་འགྲུས་ཅན་མན་ངག་གི་གནད་བཅུ་གཅིག་གིས་དཀྲི་བའི་གཞུང་ཤིང་། དབང་པོ་རབ་འབྲིང་གསུམ་དུ་དཀྲི་བའི་གཞུང་ཤིང་དང་བཞིའོ། །དང་པོ་ནི་གང་ཟག་དབང་པོ་ཐ་མ་ཐོག་མར་འཁོར་བའི་ཉེས་དམིགས་ནས་བརྩམས་ཏེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་རྒྱུད་སྦྱངས་ནས། དེའི་འོག་ཏུ་སྨིན་བྱེད་ནས་བརྩམས་ཏེ་རྡོ་རྗེ་ཐེག་པའི་ལམ་མཐའ་དག་རིམ་གྱིས་བསྟན་པའི་སྒོ་ནས་བཀྲི་བའོ། །འདི་ལ་ཅིའི་ཕྱིར་གཞུང་ཇི་ལྟ་བ་བཞིན་དུ་བཀྲི་བ་ཞེས་བྱ་ཞེ་ན་གཞུང་རྡོ་རྗེའི་ཚིག་རྐང་གི་དགོངས་པ་ཅི་ལྟ་བ་བཞིན་ཞེས་པ་ཙམ་ནི་མ་ཡིན་ཏེ། གཞུང་ཤིང་གཞན་གསུམ་པོ་ཡང་རྡོ་རྗེའི་ཚིག་རྐང་གི་དགོངས་པ་ཇི་ལྟ་བ་བཞིན་ཡིན་པའི་ཕྱིར་རོ། །དེས་ན་གཞུང་རྡོ་རྗེའི་ཚིག་རྐང་གི་གོ་རིམ་ཅི་ལྟ་བ་བཞིན་ཞེས་པའི་དོན་ཏེ། གཞུང་ལས། དང་པོར་སྣང་བ་གསུམ་དང་། དེས་ནས་རྒྱུད་གསུམ་དུ་བསྟན་པའི་ལམ་གསུངས་པའི་གོ་རིམ་ཇི་ལྟ་བ་བཞིན་དུ་བཀྲི་བ་ཡིན་པའི་ཕྱིར་རོ། །གཞུང་ལས་དེ་ལྟར་འབྱུང་བའི་རྒྱུ་མཚན་ཡང་། རྩ་རྒྱུད་ཕྱི་མའི་བརྒྱད་པར། སྐལ་མེད་སེམས་ཅན་གདུལ་དཀའ་བ། །གང་གིས་འདུལ་བར་གྱུར་པ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱཻ་ཡི་རྡོ་རྗེ་བསྟན། །སློབ་མས་གུས་པས་བླངས་ན་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པའི་གོ་རིམ་གྱི་དབང་དུ་བྱས་པའོ། །འདི་ལ་གཞུང་འཆད་པའི་གནས་སྐབས་ཀྱི་ལམ་གྱི་རིམ་པ་སྒྲིག་པའི་ཚེ། ལྗོན་ཤིང་ནས་འབྱུང་བ་ལྟར་འཆི་བ་མི་རྟག་པ་དང་དལ་འབྱོར་རྙེད་དཀའི་སྒོ་ནས་ཚེ་འདི་ལས་བློ་བཟློག་ནས་དཀོན་མཆོག་ལ་སྐྱབས་འགྲོ་དང་། དུས་ཚིགས་ཀྱི་གསོ་སྦྱོང་ནས་བརྩམས་ཏེ་རྣལ་འབྱོར་ཆེན་པོ་ཤེས་རབ་ཀྱི་རྒྱུད་ཀྱི་བར་རིམ་པ་ཅི་ལྟ་བ་བཞིན་བསླབ། དེ་ནས་ཀྱཻ་རྡོ་རྗེའི་སྨིན་བྱེད་ནས་བརྩམས་ཏེ་འཇུག་པར་གསུངས་ལ། འདིར་མན་ངག་ཐུན་མོང་མ་ཡིན་པའི་སྐབས་སུ། གསོ་སྦྱོང་ནས་སྔགས་ཀྱི་རིམ་པ་ཀུན་ཤེས་ཀྱི་བར་ཐམས་ཅད་སྣང་བ་གསུམ་གྱི་ཁྲིད་དུ་བསྡུས་ནས། དེ་རྗེས་ཀྱཻ་རྡོ་རྗེའི་སྨིན་བྱེད་ནས་བཀྲི་བར་མཛད་པ་ནི་ཁྱད་པར་ཏེ། འཁོར་བའི་ཉེས་དམིགས་ནས་འགོ་འཛིན་པ་དང་། འཆི་བ་མི་རྟག་པ་ནས་འགོ་འཛིན་པ་སོགས་ཀྱི་ཁྱད་པར་ཐམས་ཅད་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་མན་ངག་གི་གནད་དྲུག་གིས་བཀྲི་བའི་གཞུང་ཤིང་ནི། སྐལ་དམན་རིམ་འཇུག་པའམ་སྐལ་ལྡན་ཅིག་ཆར་བ་གང་ཡིན་ཀྱང་རུང་རྒྱུད་གསུམ་པོ་རེ་རེ་ལ་ཡང་དོན་ཚན་དྲུག་དྲུག་ཏུ་གནས་ཞེས་པ་སྟེ། རེ་རེ་ལ་ཡང་རྒྱུ་ལ་གནས་པ། དབང་ལས་ཐོབ་པ། ལམ་ལ་གོམས་པ། ལྟ་བ་ཉམས་སུ་མྱོང་བ། གྲུབ་མཐའ་ལ་རྟགས་སུ་ཤར་བ། འབྲས་བུ་ལ་དོན་མ་ལུས་པ་མངོན་དུ་གྱུར་པ་སྟེ་དྲུག་དྲུག་ཏུ་ཕྱེ་ནས་བསྟན་པའོ། །འདི་ནི་སྔ་མ་ལས་དཀྲི་ཚུལ་ལོགས་སུ་ཡོད་པ་མ་ཡིན་གྱི། རྡོ་རྗེ་ཐེག་པའི་ལུགས་ལ་རྒྱུ་དང་། ལམ་དང་། འབྲས་བུ་ཐམས་ཅད་དབྱེར་མེད་ཡིན་པ་ཤེས་པའི་ཆེད་དུ་ཡིན་ཏེ། བཞི་ཚན་དང་པོ་ནི་རྒྱུ་རྒྱུད་དང་། བར་པ་བཞི་ནི་ཐབས་རྒྱུད་དང་། ཐ་མ་ནི་འབྲས་བུའི་རྒྱུད་ཡིན་པས་རྒྱུ་ལ་གནས་པ་དེ་ཉིད་དབང་ལས་ཐོབ། དབང་ལས་ཐོབ་པ་དེ་ནི་ལམ་ལ་གོམས་ཞེས་སོགས་ཀྱི་ཚུལ་གྱིས་དབྱེར་མེད་པར་ཤེས་པར་བྱའོ། །འདི་ལ་གཞུང་ཤིང་དང་པོ་སྐལ་དམན་རིམ་འཇུག་པ་དང་། གཞུང་ཤིང་གཉིས་པ་སྐལ་ལྡན་ཅིག་ཆར་བའི་བཀྲི་ཚུལ་ཞེས་པ་རུང་མོད་ཀྱི་དེའི་ཚེ་ན་ཡང་སྨིན་བྱེད་མན་ཆད་ཀྱི་བཀྲི་ཚུལ་ལ་ནི་ཁྱད་པར་མེད་དོ། །གསུམ་པ་བརྩོན་འགྲུས་ཅན་མན་ངག་གི་གནད་བཅུ་གཅིག་གིས་བཀྲི་བའི་གཞུང་ཤིང་ནི་གང་ཟག་བརྩོན་འགྲུས་རབ་ཏུ་གྱུར་པ་རྫོགས་རིམ་འབའ་ཞིག་གིས་བཀྲི་བ་སྟེ། དང་པོ་སྦྱོང་བ་ཁྱད་པར་ཅན་གྱི་གནད། འོག་རླུང་བསྐྱོད་པ་ལུས་ཀྱི་རྦ་རླབས་ཀྱི་གནད། ངག་འདྲེན་པ་ཞི་བའི་གནད། ངག་འདྲེན་པ་དྲག་པོའི་གནད་དེ་བཞིས་ཁམས་འདུས་པ་དང་པོའི་ལམ་ཆོད། དེ་ནས་ལྟ་བ་གསོ་བ་ཕྱག་རྒྱ་བརྟེན་པའི་གནད། བོགས་འབྱིན་རྣམ་པ་བརྒྱད་ཀྱི་གནད། སྤྱོད་པ་ཆུང་ངུ་དྲན་པ་ཉེར་བཞག་བཞིའི་གནད་དེ་གསུམ་གྱིས་ཁམས་འདུས་པ་བར་པའི་ལམ་ཆོད། དེ་ནས་སྤྱོད་པ་ཆེན་པོ་ཡང་དག་སྤང་བ་བཞིའི་གནད། ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་ཀྱི་གནད་དེ་གཉིས་ཀྱིས་ཁམས་འདུས་པ་ཐ་མའི་ལམ་ཆོད། དེ་ནས་འཇིག་རྟེན་ལས་འདས་པའི་ལམ་ས་བཅུ་གཉིས་ལ་ཕྱི་ནང་རྟེན་འབྲེལ་དབང་བཞི་དང་དཀྱིལ་འཁོར་གསུམ་གྱི་གནད། མཐར་ཕྱིན་གྱི་ལམ་ས་ཕྱེད་ལ་ཕྱི་ནང་རྟེན་འབྲེལ་འགྲོས་བཞི་ཐིམ་པའི་གནད་གཉིས་ཀྱིས་འཇིག་རྟེན་ལས་འདས་པའི་ལམ་མཐའ་དག་བགྲོད་པའོ། །བཞི་པ་དབང་པོ་རབ་འབྲིང་གསུམ་དུ་དཀྲི་བའི་གཞུང་ཤིང་ནི། ཉན་ཐོས་དང་ཐུན་མོང་བའི་ལམ་གྱིས་བཀྲི་དགོས་པ་རྣམས་ནི་འཁོར་བའི་ཉེས་དམིགས། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ་བསྒོམ་པ་གསུམ་གྱིས་བཀྲི། ཐེག་པ་ཆེན་པོ་ཐུན་མོང་བའི་ལམ་གྱིས་བཀྲི་དགོས་པ་རྣམས་ནི། བྱམས་པ། སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་གསུམ་གྱིས་བཀྲི། འཁོར་འདས་དབྱེར་མེད་ལ་བསླབ་དགོས་པ་རྣམས་ནི་ཆོས་ཐམས་ཅད་སེམས། དེ་སྒྱུ་མར་བསྒྲུབ། དེ་སྤྲོས་བྲལ་དུ་ཐག་བཅད་པ་གསུམ་གྱིས་བཀྲི། ཐུན་མོང་མ་ཡིན་པའི་རྣལ་འབྱོར་པ་ལ་ཐབས་ཀྱི་ཕྱོགས་དང་། ཤེས་རབ་ཀྱི་ཕྱོགས་དང་། ཟུང་འཇུག་གི་རྣལ་འབྱོར་པ་གསུམ། དེ་རེ་རེ་ལ་ཡང་དབང་པོ་ཐ་མ་དང་། འབྲིང་དང་རབ་གསུམ་གསུམ་དུ་ཕྱེ་ནས་རང་རང་གི་ཅི་ལྟར་འདོད་པའི་ལམ་གྱིས་སོ་སོར་བཀྲི་བའོ། །མདོར་ན་འདི་ཉིད་ནི་ཉན་ཐོས་དང་ཐུན་མོང་བ་ལ་བསླབ་པར་འདོད་པ་ནས་བཟུང་སྟེ་ཟུང་འཇུག་གི་རྣལ་འབྱོར་པ་རབ་ཀྱི་བར་གང་ཟག་བཅུ་གཉིས་པོ་རང་རང་གི་བློ་དང་འཚམ་པའི་བཀྲི་ཚུལ་སོ་སོར་དགོས་པ་ཐམས་ཅད་མན་ངག་འདིས་བཀྲི་བར་ནུས་ཞེས་པའི་དོན་ཏེ། དཔེར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཐེག་པ་གསུམ་གྱི་རྟོགས་རིགས་ཚང་བར་སྟོན་པས་ཐེག་པ་གསུམ་ཆར་གྱི་གང་ཟག་བཀྲི་ནུས་པ་བཞིན་ནོ། །གཉིས་པ་སྐྱེས་པ་བོགས་འབྱིན་པ་རྟོགས་པ་བསྐྱེད་པའི་ཆོས་ལྔ་ནི། ལམ་འཇུག་ལྡོག ཕྱག་རྒྱ་འཇུག་ལྡོག ཤེས་པས་ཕན་འདོགས་པའི་མན་ངག་བདུན། ལམ་བསྲེ་བ་འགྲོས་བཞི་དང་བཅས་པ། ཕྱི་ནང་གི་མཛད་པ་བཅུ་གཉིས་རྣམས་ཏེ། འདི་དག་གིས་སྔར་གྱི་ཉམས་མྱོང་དེ་དག་ལ་རྟོགས་པ་ཁྱད་པར་ཅན་བསྐྱེད་པའི་སྒོ་ནས་བོགས་དབྱུང་བའོ། །གསུམ་པ་གེགས་སེལ་གྱི་ཡི་གེ་ཆེན་པོ་བཞི་ནི། བསམ་གཏན་འདོར་བའི་འཕྲང་བདུན། བྱུང་རྒྱལ་དུ་མི་གཏོང་བའི་གནད་བཞི། འབྱུང་བ་ལུས་འཁྲུགས་རླུང་དང་སྤྱོད་ལམ་གྱིས་བསལ་བ། རྣལ་འབྱོར་གྱི་ཕྲིན་ལས་སུམ་ཅུ་རྩ་གཉིས་ཏེ། འདི་དག་ནི་སྔར་གྱི་ཉམས་མྱོང་དེ་དག་གི་གེགས་ནམ་བྱུང་བའི་ཚེ་སེལ་ཚུལ་ཤེས་དགོས་པ་ཡིན་ལ། ཁྱད་པར་དུ་གསང་དབང་གི་ལམ་རླུང་དང་། གཏུམ་མོའི་རྣལ་འབྱོར་གྱི་སྐབས་སུ་གཙོ་བོར་དགོས་པའོ། །བཞི་པ་ཁྲིད་ཀྱི་གཞུང་ཤིང་དང་པོའི་གསེབ་ཚགས་སུ་སྦྱར་བར་བྱ་བའི་ཆོས་སྣ་བཅུ་གསུམ་གྱི་སྦྱར་ཚུལ་ནི། དབང་གི་ཆུ་བོའི་ལག་ལེན་རྒྱས་པ། དབང་བཞིའི་ཆོ་ག་མཐའ་དག་མདོར་བསྡུས་པ་མན་ངག་གི་གནས། མཆོག་དབང་གསུམ་གྲོལ་ལམ་ལ་བརྟེན་ཏེ་བསྐུར་བ་གསུམ་ནི་སྨིན་བྱེད་ཀྱི་སྐབས་སུ་སྦྱར་བར་བྱ་བ་ཡིན་ནོ། །རྗེ་བླ་མའི་ཞལ་ནས། ཡབ་ཡུམ་གྱི་བསྐྱེད་རིམ་གསུམ། ཕྱི་བསྐྱེད་པའི་རིམ་པ་མདོར་བསྡུས་པ་དང་བཞི་ཡང་སྐབས་འདིར་སྦྱར་བར་གསུངས་པ་ནི་སྔོན་དུ་བསྙེན་པ་དང་། ས་ཆོག་དང་། སྟ་གོན་དང་། དངོས་གཞི་དཀྱིལ་འཁོར་བསྒྲུབ་པའི་སྐབས་ཐམས་ཅད་དུ་དགོས་པ་ལ་དགོངས་ལ། སློབ་མས་ཉམས་སུ་ལེན་པའི་ཚེ་འོག་ཕྱི་བསྐྱེད་པའི་རིམ་པའི་སྐབས་སུ་སྦྱར་བ་ཡང་རུང་སྟེ་གནད་གཅིག་གོ །སྦྱར་ཚུལ་འདིས་ཀྱང་ཡབ་ཀྱི་བསྐྱེད་རིམ་དང་། དབང་ཆུ་སོགས་ལ་བརྟེན་ནས་ཡབ་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། ཡུམ་ཀྱི་བསྐྱེད་རིམ་དང་དབང་ཆུ་སོགས་ལ་བརྟེན་ནས་ཡུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་གཉིས་ཡོད་པ་དང་། ཕྱི་བསྐྱེད་རིམ་ལ་ཡང་དེ་ལྟར་གཉིས་ཡོད་པར་གྲུབ་ཅིང་། སྐབས་འདིའི་ཡབ་ཡུམ་གྱི་བསྐྱེད་རིམ་གསུམ་གྱི་མན་ངག་གི་གནད་བསྡུས་པ་ནི་ཕྱི་བསྐྱེད་པའི་རིམ་པ་མདོར་བསྡུས་པ་ཡིན་པས། སྐབས་དེར་མངོན་པར་རྟོགས་པ་བཅུ་བཞིའམ་བཅོ་ལྔ་སྣང་མོད་ཀྱི། ཞེས་གསུངས་པའི་བཅོ་ལྔ་པ་ནི་ཡུམ་གྱི་སྒྲུབ་ཐབས་ལས་འོས་མེད་དོ། །འོ་ན་འདི་ལ་ཡན་ལག་བཞི་དྲུག་གཉིས་ཡོད་པས་བཅུ་དྲུག་ཏུ་འགྱུར་རོ་སྙམ་ན། དེ་ནི་གནད་མི་འདྲ་སྟེ། ཡབ་ཀྱི་སྐབས་སུ་ཡན་ལག་བཞི་དྲུག་གཉིས་ལ་བསྐྱེད་ཆོག་མི་འདྲ་བ་ཡོད་པས་སོ་སོར་བགྲངས་ལ། འདིའི་ཡན་ལག་བཞི་དྲུག་གཉིས་ལ་བསྐྱེད་ཆོག་མི་འདྲ་བ་མེད་པས་སོ་སོར་བགྲང་བ་དོན་མེད་པའི་ཕྱིར་རོ། །ཡབ་ཡུམ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཡང་གང་ཟག་གཅིག་ལ་གཉིས་ཀ་དགོས་པ་མ་ཡིན་གྱི། ཡབ་ལ་བརྟེན་ནས་ལམ་བསྒོམ་པ་དང་། ཡུམ་ལ་བརྟེན་ནས་ལམ་བསྒོམ་པ་གཉིས་ཀྱི་དབང་དུ་བྱས་པ་སྟེ། བདག་མེད་རྣལ་འབྱོར་ལྡན་པའམ། །ཞེས་སོགས་ཀྱི་རྒྱུད་ཀྱི་སྟེང་དུ་རྟོགས་པར་བྱའོ། །རྩ་བའི་ལྟུང་བའི་རྣམ་བཤད་འཁྲུལ་པ་སྤོང་བ་དང་། བདུད་རྩི་རིལ་བུ་བསྒྲུབ་པའི་ཆོ་ག་དང་། ཚོགས་ཀྱི་འཁོར་ལོའི་ཆོ་ག་གསུམ་ནི་དམ་ཚིག་གི་སྐབས་སུ་སྦྱར་བར་བྱ་བ་ཡིན་ནོ། །དམ་ཚིག་གི་རྗེས་དེ་ནས་ལྟ་བ་ལ་བློ་སྦྱངས་ནས། དེའི་འོག་ཏུ་བུམ་དབང་གི་ལམ་ལ་ཕྱི་བསྐྱེད་པའི་རིམ་པའི་བྱ་བ་དང་། བསྐྱེད་པའི་རིམ་པའི་སེམས་འཛིན་གཉིས་སུ་བྱས་ནས་བསྟན་པའི་ལུགས་དང་། དམ་ཚིག་གི་རྗེས་སུ་ཕྱི་བསྐྱེད་པའི་རིམ་པ་ཡན་ལག་དང་བཅས་པ་བསྟན་ནས། བཟླས་བརྗོད་དང་སྦྱིན་སྲེག་གིས་རྒྱུད་སྦྱངས་ནས་དེའི་འོག་ཏུ་ལྟ་བ་ལ་བློ་སྦྱོང་བའི་ལུགས་གཉིས་ལས། དང་པོ་ནི་ཁྲིད་ཀྱི་གཞུང་ཤིང་གི་དགོངས་པ་སྟེ། དེ་ཉིད་དུ། ལྟ་བ་བསྟན་ཟིན་པའི་རྗེས་སུ་གཉིས་པ་ལམ་གྱི་ངེས་ཤེས་བསྐྱེད་པའི་ཕྱིར་ལུས་ཐབས་རྒྱུད་བསྒོམ་པ་ནི། དེ་ནས་སྒྲུབ་པ་ལ་འཇུག་པའི་སྔོན་དུ་བླ་མ་ལ་ལམ་དུས་ཀྱི་དབང་བླངས་ཏེ། དམ་ཚིག་གསོ། བླ་མ་མི་བཞུགས་ན་བདག་ཉིད་ཀྱིས་བསྒྲུབ་པའི་དཀྱིལ་འཁོར་བྲིས་ལ་བདག་འཇུག་རྒྱས་པར་བྱ། མི་མཐུན་པའི་རྐྱེན་སྤངས་ནས། མཐུན་པའི་ཆས་འགྲིགས་པའི་ཚེ་སྒྲུབ་པ་ལ་འཇུག་སྟེ། དེ་ཡང་བསྐྱེད་པའི་རིམ་པའི་ལམ་ལ་བརྟེན་ནས་བསྙེན་པ་བཞི་འབུམ་ལ་སོགས་པ་ཅི་འགྲུབ་པ་བཟླ། དེའི་བཅུ་ཆའི་སྦྱིན་སྲེག་བྱ། དེ་ནས་བསྐྱེད་པའི་རིམ་པ་ལ་བརྟེན་ནས་སེམས་བཟུང་བར་བྱ་སྟེ། ལྷའི་སྤྱན་བསྒོམ་གསལ་ན་གསལ་ཏེ་འཕྲོ་བཅད། མི་གསལ་ན་མི་གསལ་སྟེ་འཕྲོ་བཅད་ཅེས་བྱ་བ་ལ་སོགས་པའི་ཚུལ་གྱིས་སེམས་བཟུང་ཞིང་ལམ་སྦྱངས། ནང་ནས་སྐྱེས་པའི་ལྟ་བ་ངོ་བོ་ཉིད་གསུམ་བསྐྱངས་ཏེ། སྣང་བ་དཀྱིལ་འཁོར་དུ་གསལ་བར་འདོད་ན་གསལ་བར་མ་གྱུར་པའི་བར་དུ་བསྐྱང་ངོ་ཞེས་གསུངས་པས་སོ། །ཕྱི་མ་ནི་ཞུས་ལན་གསལ་བའི་དགོངས་པ་སྟེ། དེ་ཉིད་དུ། དེ་ལྟར་སྣོད་དང་ལྡན་པའི་གང་ཟག་ལ། །བསྐྱེད་རིམ་ལམ་གྱི་ཡན་ལག་བཅས་བསྟན་ནས། །བཟླས་བརྗོད་སྦྱིན་སྲེག་དག་གིས་རྒྱུད་སྦྱངས་ལ། །དེ་ནས་ལྟ་བ་དག་ལ་བློ་སྦྱོང་ངོ་། །ཞེས་གསུངས་པའི་ཕྱིར་རོ། །འདི་དབང་རིམ་གྱིས་པའི་ལུགས་སོ་སྙམ་ན་མ་ཡིན་ཏེ། དེ་ཡིས་གནང་ནས་དཀྱིལ་འཁོར་ཆེན་པོ་རུ། །ཞུགས་ནས་དབང་བཞི་པོ་རྣམས་རྫོགས་པར་བླང་། །ཞེས་གསུངས་ཤིང་། དེ་ཡི་འོག་ཏུ་དམ་ཚིག་དང་། ཕྱི་བསྐྱེད་པའི་རིམ་པ་བསྟན་པར་གསུངས་པའི་ཕྱིར་རོ། །འདི་ལ་ཡང་བསྐྱེད་རིམ་གྱི་སེམས་འཛིན་ནི་ལྟ་བའི་འོག་ཏུ་བསྟན་པ་སྟེ། དེ་ཉིད་དུ། ལྟ་བ་ཡང་དག་བསམ་པས་བློ་སྦྱངས་ནས། །དེ་ནས་རིམ་གཉིས་བསམ་གཏན་བསྒོམ་པར་བྱ། །བསྐྱེད་པའི་རིམ་ནས་རིམ་གྱིས་བློ་སྦྱངས་སམ། །དེ་ཉིད་རྟེན་དུ་འཛིན་ཏམ་བློ་རིགས་གཉིས། །དང་པོའི་བསྐྱེད་པའི་རིམ་པ་ཉིད་ལ་ནི། །བློ་ཡི་སྣང་བ་ཐོབ་ཀྱི་བར་དུ་སྟེ། །ཞེས་གསུངས་པས་སོ། །ནང་བསྐྱེད་པའི་རིམ་པ་ནི། ཁྲིད་ཡིག་འདི་གཉིས་ཆར་དུ་མ་གསུངས་ཀྱང་། བརྡའ་དོན་གསལ་བར་གསུངས་པ་དེ་སྐབས་འདིར་སྦྱར་བ་ཕྱག་ལེན་ལ་མཛད་པ་ནི་མན་ངག་གི་གནད་དམ་པའོ། །གང་ལྟར་ཡང་། ལྟ་བའི་སྐབས་སུ་འཁོར་འདས་དབྱེར་མེད་རྩ་འགྲེལ་དང་། བསྐྱེད་རིམ་གྱི་བྱ་བའི་སྐབས་སུ་སྔར་བཤད་པའི་བསྐྱེད་རིམ་གྱི་གཞུང་བཞི་དང་། སྦྱིན་སྲེག་རྣམས་སྦྱར་བར་བྱ་བ་ཡིན་ནོ། །བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་ནི། གསང་དབང་གི་མགོར་སྦྱར་བར་བྱ་བ་ཡིན་གསུང་ངོ་། །ལམ་འབྲིང་པོ་ནི་རྩ་བ་ལོགས་ན་མེད་ཀྱང་། སྔར་གྱི་ལམ་རྒྱས་པའི་དོན་འབྲིང་དུ་བསྡུས་ན། ཏིང་ངེ་འཛིན་སྐྱེ་བའི་རྒྱུ་གང་ཡིན་པ་དང་། ཏིང་ངེ་འཛིན་གང་ཡིན་པ་དང་། དེའི་ཕན་ཡོན་དང་། བར་ཆད་ཀྱི་ཆོས་བསལ་བ་དང་། ལམ་གྱི་ས་ཚོད་ཇི་ལྟར་ནོན་པ་དང་ལྔར་བསྡུས་ནས་སྟོན་པ་སྟེ་ཡི་གེ་གཅིག་ཡོད་དོ། །ལམ་བསྡུས་པ་ནི་རང་གི་གཞུང་ཅུངཾ་ཟདཾ་དང་བཅས་པ་སྒྲུབ་པའི་ལུང་སྦྱིན་པ་སྟེ་ཡི་གེ་གཅིག་ཡོད་དོ། །དེ་ལྟར་ལམ་རྒྱས་འབྲིང་གསུམ་བསྟན་ནས། ཟབ་འབྲིང་གསུམ་དུ་བསྟན་པ་ལ། ཐ་མ་ལུས་སོ་སོར་བརྟགས་པའི་འགོག་པ་ནི། སྔར་གྱི་ལམ་དེ་དག་ཐམས་ཅད། བརྩོན་འགྲུས་དྲག་པོས་བསྒོམས་ན་ཚེ་འདི་ཉིད་ལ་སངས་རྒྱ་སྟེ། ཡི་གེ་ལོགས་ན་མེད་དོ། །འབྲིང་དམ་ཚིག་དང་སྡོམ་པའི་ལམ་ནི། སྔར་གསེབ་ཚགས་སུ་བསྟན་པའི་དམ་ཚིག་གི་ཚོགས་ཉི་ཤུ་བསྐྱངས་པས་སྐྱེ་བ་བཅུ་དྲུག་ཕྱིན་ཆད་ནས་སངས་རྒྱ་བ་སྟེ། ཡི་གེ་ལོགས་ན་མེད་དོ། །རབ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ནི། མོས་གུས་ཅན་བླ་མའི་རྣལ་འབྱོར་ཁོ་ནས་གྲོལ་བ་སྟེ། ཡི་གེ་གཅིག་ཡོད་དོ། །དེས་ན་ཉམས་མྱོང་ཚད་མ་ལ་ཆོས་སྣ་ཉི་ཤུ་རྩ་དགུའོ། །གསུམ་པ་བསྟན་བཅོས་ཚད་མ་ལ། རྡོ་རྗེའི་ཚིག་རྐང་གི་འགྲེལ་པ་རྗེ་ས་སྐྱ་པ་ཆེན་པོས་ཞུ་བ་པོ་སོ་སོའི་ངོར་བཅུ་གཅིག་ཙམ་མཛད་པ་ལས། ཐམས་ཅད་ཀྱི་རྗེས་མ་བྱང་ཆུབ་སེམས་དཔའ་གཉག་གིས་ཞུས་ནས་མཛད་པ་འདི་དང་། དེ་དག་གི་སྐབས་སུ་ཞལ་ལས་ཤེས་པར་བྱའོ་ཞེས་པ་དགུ་ལས་མེད་ཀྱང་། གསལ་བར་བྱེད་པའི་ཡི་གེ་ཉི་ཤུ་རྩ་གཉིས་ཏེ། ཀུན་གཞི་རྒྱུ་རྒྱུད། གདན་སོགས། ལུས་ཀྱི་དཀྱིལ་འཁོར། བུམ་དབང་གི་འདའ་ཁ་མའི་སྐབས་སུ་འཆི་ལྟས་འཁྲུལ་འཁོར་འཆི་བསླུ་དང་བཅས་པ། བུམ་དབང་གི་སྣང་བ་བསྒྱུར་བའི་འདའ་ཁ་མ། གསང་དབང་གི་ཐིག་ལེའི་རྣལ་འབྱོར་བཞི། ཤེས་རབ་ཡེ་ཤེས་ཀྱི་ཕྱག་རྒྱའི་མཚན་ཉིད། བཞི་པའི་འདའ་ཀ་མ་བུམ་དབང་དང་ཐུན་མོང་དུ་ཡི་གེས་སྒོ་བཀག་པ་དང་བཅས་པ། བར་དོ་བཞིའི་གདམས་ངག ལམ་དུས་ཀྱི་དབང་། ཚད་མ་བཞི། གདམས་ངག་དྲུག རྟེན་འབྲེལ་ལྔ། གྲིབ་སེལ་གྱི་སྦྱིན་སྲེག་བསྡུས་པ། གྲིབ་མ་ཁྲུས་དང་སཙྪཱས་སེལ་བ། ཐིག་ལེ་བསྲུང་བ། ཡི་གེ་བརྒྱ་པའི་འདོན་ཐབས། རླུང་གི་སྦྱོར་བ་བདུན། བྷ་གའི་ཡི་གེ་བཅུ་བཞི། འཁོར་ལོ་བཞིའི་རྒྱ། དབང་ཕྱུག་གི་དོན་བརྒྱད། ས་བཅུ་གསུམ་པའི་ཕྱེད་ཀྱི་མངོན་རྟོགས་རྣམས་སོ། །དེ་ཐམས་ཅད་ཀྱི་དོན་བསྡུས་པའི་ཚིགས་སུ་བཅད་པ་རྣམ་འགྲེལ་བཅུ་གཅིག་གི་ཐོག་མ་བྱང་ཆུབ་སེམས་དཔའ་ཨ་སེང་གིས་ཞུས་པ་སྟེ། བསྟན་བཅོས་ཚད་མ་ལ་ཡི་གེ་ཉི་ཤུ་རྩ་བཞིའོ། །བཞི་པ་ལུང་ཚད་མ་ལ། ལུང་འདི་ཉིད་དང་མདོར་བསྡུས་ཏེ་སྦྱར་བ་དང་། ལུང་མཐའ་དག་དང་མདོར་བསྡུས་ཏེ་སྦྱར་བ་གཉིས་ནི། འདིར་དངོས་སུ་བཞུགས་ལ། ལུང་འདི་ཉིད་དང་ཞིབ་ཏུ་སྦྱར་བ་ལོགས་སུ་ཤེས་པར་བྱ་བར་གསུངས་པ་དང་། ལུང་མཐའ་དག་དང་ཞིབ་ཏུ་སྦྱར་བ་བརྗོད་པར་ག་ལ་ནུས་པས་བཞག་པར་གསུངས་པ་དང་བཞིའོ། །དེ་ལྟར་ཚད་མ་བཞི་ལ་ཆོས་སྣ་ལྔ་བཅུ་ང་དགུ་དང་། བཞི་ཆར་ལ་ཕན་འདོགས་པ་མན་ངག་ཕྲ་མོའི་རྐང་གྲངས་གཞན་དུ་ཁ་འཕངས་པ་དང་དྲུག་ཅུའོ། །གཉིས་པ་མན་ངག་ཕྲ་མོའི་རྐང་གྲངས་ཚད་མ་བཞི་དང་སྦྱར་བ་ནི། རྗེ་བཙུན་གྱིས་མན་ངག་ཕྲ་མོའི་རྐང་གྲངས་གཞན་ཀྱང་བརྗོད་པར་ག་ལ་ནུས་པས་འདིར་བྲི་བར་མི་བྱའོ་ཞེས་གསུངས་པའི་དོན། རྗེ་བླ་མས་ཕྱོགས་གཅིག་ཏུ་བསྒྲིགས་པ་པོད་དམར་མ་ཞེས་གྲགས་པ་འདི་ཡི་ནང་ན་བཞུགས་པ་རྣམས་ཡིན་ལ། འདི་ལ་གསུམ་སྟེ། རིང་བརྒྱུད་ཚད་མ་བཞི་ལ་སྦྱར་བར་བྱ་བ། ཉེ་བརྒྱུད་རིམ་པ་གཉིས་ཀྱི་བྱུང་ཚུལ། དེ་དག་གི་ཁ་སྐོང་རྗེ་བླ་མ་ཡབ་སྲས་ཀྱིས་མཛད་པའི་ཚུལ་ལོ། །དང་པོ་ལ་བཞི་ལས། དང་པོ་བླ་མ་ཚད་མའི་སྐབས་སུ། བླ་མ་བརྒྱུད་པའི་གསོལ་འདེབས། དེའི་ཁ་བསྐོང་། ས་ཆེན་དང་བིརྺ་པ་མཇལ་བའི་ལོ་རྒྱུས། རྒ་ཐེང་ལ་བསྐུར་བ་རྣམས་སོ། །གཉིས་པ་མཉམ་མྱོང་ཚད་མ་ལ་གཞུང་ཇི་ལྟ་བ་བཞིན་དུ་བཀྲི་བའི་ཁྲིད་ཀྱི་གཞུང་ཤིང་ཚིགས་བཅད་མ་བྲ་སྟོན་གྱིས་ཞུས་པ། དེ་དག་གི་སྨིན་བྱེད་ཀྱི་སྟ་གོན་གྱི་སྐབས་སུ་སངས་རྒྱས་སྤྱན་གྱི་རྣལ་འབྱོར། དངོས་གཞིའི་སྐབས་སུ་ཨཥྚའི་བཟླས་ལུང་། དེ་དང་འབྲེལ་བ་ཨཥྚའི་བཞི་བཤད། དམ་ཚིག་གི་སྐབས་སུ་བདུད་རྩི་རིལ་བུ་སྒྲུབ་པའི་ཕྱག་ལེན་བདུད་རྩི་འབྱུང་བ། ལུས་དཀྱིལ་གྱི་སྔོན་འགྲོ་ལམ་དུས་ཀྱི་དབང་གིས་སྐབས་སུ་དབང་གི་རབ་དབྱེ། རྒ་སྟོན་ལ་གདམས་པ། གསང་དབང་གི་སྐབས་སུ་སྔོན་འགྲོ་ལ་ཕྱི་ནང་གསང་གསུམ་གྱི་མཎྜལ། ལུས་སྦྱོང་ཉི་ཤུ་པ་ལུས་གནད་ཀྱི་མན་ངག བདག་མེད་མའི་བྱིན་རླབས། དངོས་གཞི་ལ་གཏུམ་མོ་འཁོར་ལོ་བཞིའི་དམིགས་པ་རྒྱས་པ། གཏུམ་མོའི་དམིགས་པ་ཉི་ཤུ་རྩ་དགུ། གེགས་སེལ་ལ་བར་ཆད་གསུམ་སེལ། བླ་མ་ཆེན་པོའི་ཉམས་ཆུང་བ། བླ་མ་ཆེན་པོའི་ཉམས་ཆེན་མོ། ཁྱད་པར་གྱི་རླུང་རེངས་ལྔ་བཅོས་པ་སོགས། གེགས་སེལ་གསང་བདུན་མ། གླེང་གཞི་མ། འབྱུང་བ་ལུས་འཁྲུགས་སོགས་སེལ་བ། བཀའ་རྒྱ་མ། གེགས་སེལ་གྱི་ཡི་གེ་བཞི་ཡི་གསལ་བྱེད། ཕྲིན་ལས་སོ་གཉིས་ཀྱི་སྡོམ་ཚིག དེའི་ཞལ་ཤེས། དབང་བཞི་ཆར་གྱི་ལྟ་བ་ལ་ཕན་འདོགས་པ་དབང་བཞིའི་ངོ་སྤྲོད་རྩ་འགྲེལ། དེ་དག་ནི་ལམ་རྒྱས་པའི་སྐབས་སུ་ཕན་འདོགས་ལ། ལམ་བསྡུས་པ་ནི་སྒྲུབ་པ་ལུང་སྦྱིན་དང་། དེ་ཐམས་ཅད་ཀྱི་མཇུག་ཏུ། གསང་བ་བཅུས་རྒྱས་གདབ་པ་རྣམས་སོ། །བསྟན་བཅོས་ཚད་མའི་སྐབས་སུ་གནད་དུ་ཆེ་བ་དྲུག རྟེན་འབྲེལ་ལྔ། ལམ་བསྡུས་པ་འདོད་པའི་ལྕགས་ཀྱུ། ཕྱག་རྒྱ་ཆེན་པོའི་དབྱེ་བ། འཁོར་ལོ་བཞིའི་རྒྱ། ཚོགས་སྦྱོར་གྱི་མངོན་རྟོགས། ལམ་བསྡུས་པའི་བཤད་པ་རྣམས་སོ། །ལུང་ཚད་མའི་སྐབས་སུ་ལུང་འདི་ཉིད་དང་ཞིབ་ཏུ་སྦྱར་བ་ལོགས་སུ་ཤེས་པར་བྱ་བ་གསུངས་པ་ལ། ཡི་གེ་གཉིས་འདུག་པ་འདིར་བཞུགས་ན་ལེགས་སམ་སྙམ་མོ། །གཉིས་པ་ལ་རྣལ་འབྱོར་དབང་ཕྱུག་གིས་རྗེ་ས་ཆེན་ལ་གནང་བ་དང་། ས་ཆེན་གྱིས་རྗེ་བཙུན་ལ་མནལ་ལམ་དུ་གནང་བ་གཉིས་ལས། དང་པོ་ལ་ལམ་ཟབ་མོ་བླ་མའི་ཁྲིད་ཡིག བླ་མ་རིན་འབྱུང་གི་མན་ངག ལམ་སྦས་བཤད། ཕོ་བྲང་ལྔའི་སྦས་བཤད། ཕོ་བྲང་ལྔའི་སྦས་བཤད་ཀྱི་འཁྲུལ་འཁོར་སོ་གཉིས་རྩ་འགྲེལ། གྲུབ་ཆེན་བཅུ་དང་ཕྲ་མོ་བརྒྱད་རྩ་འགྲེལ། དེ་དག་གི་གསལ་བྱེད། བིར་སྲུང་གི་མན་ངག་རྙིང་པ་གསུམ། བིར་སྲུང་གི་བྱིན་རླབས་བྱེད་ཚུལ་དང་བཅས་པ། ཞར་ལ་ཟབ་ཆོས་བཞི་པ་རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས་བྱེད་ཚུལ། གཟུངས་ཀྱི་མཆན། དེའི་གསལ་བྱེད། དེའི་ལག་ལེན་རྣམས་སོ། །གཉིས་པ་ནི། བརྡའ་དོན་གསལ་བ་རྩ་འགྲེལ། དེའི་གསལ་བྱེད་ལྷོ་པའི་ཟིན་བྲིས་རྣམས་སོ། །མན་ངག་ཟུར་པ་ལ་ཚར་གསུམ་ཁུག་པ། ཡིག་བརྒྱའི་གདམས་ངག སྒོ་དྲུག་ཆོས་འབྲེལ་རྣམས་ལས། དང་པོ་ནི། ལམ་ཟབ་མོ་བླ་མའི་རྣལ་འབྱོར་དང་། གཉིས་པ་ནི་གསང་དབང་གི་སྔོན་འགྲོར་ཕན་འདོགས་ལ། གསུམ་པ་ནི་འབྲོག་མིའི་ཟབ་ཆོས་ཡིན་པས་མི་འཐོར་བར་བྱ་བའི་ཕྱིར་འདིར་བཞུགས་པའོ། །གསུམ་པ་ལ་གཉིས་ལས་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཞལ་སྔ་ནས་མཛད་པ་ལ། ལམ་འབྲས་བཤད་ཐབས་ཀྱི་མན་ངག་གསང་བའི་སྒོ་འབྱེད། རྒྱུད་གསུམ་ལམ་རིམ་གྱི་ས་བཅད། ལམ་ཟབ་ནང་གི་བླ་མའི་རྣལ་འབྱོར། དབང་བཞིའི་རྟོགས་པ་བསྐྱེད་པ། བིར་སྲུང་གི་མན་ངག་བར་ཆད་ཀུན་སེལ། ཐུན་མོང་མ་ཡིན་པའི་བིར་སྲུང་གི་བྱིན་རླབས་བྱ་ཚུལ། ཐུན་མོང་མ་ཡིན་པའི་བིར་སྲུང་ཉམས་སུ་ལེན་ཚུལ། མན་ངག་འདི་དང་ལམ་འབྲས་བུ་དང་བཅས་པའི་གདམས་ངག་མཚོན་བྱ་མཚོན་བྱེད་དུ་སྦྱར་བ་དང་། བིར་སྲུང་གསར་མ། ཞར་ལ་རྣལ་འབྱོར་པ་རིན་ཆེན་རྡོ་རྗེས་མཛད་པའི་བིརྺ་པའི་སྐུའི་རྣམ་འགྱུར་དྲུག་གི་ཟིན་བྲིས་རྣམས་སོ། །རྗེ་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན་གྱི་ཞལ་སྔ་ནས་མཛད་པ་ལ། ལམ་འབྲས་ཁྲིད་ཀྱི་ཟིན་བྲིས་ཆེ་ཆུང་གཉིས། རས་བྲིས་ལ་བརྟེན་པའི་དཀྱིལ་འཁོར་ཆོ་ག དེའི་ཁ་སྐོང་བའི་ཆོ་ག སྒྲུབ་ཐབས་ཡན་ལག་དྲུག་པ། ལམ་དུས་ཀྱི་དབང་ལེན་པའི་ཆོ་ག གཏོར་མའི་ཆོ་ག ལམ་ཟབ་མོ་བླ་མའི་རྣལ་འབྱོར་རྣམས་སོ། །གསུམ་པ་ཉམས་མྱོང་ཚད་མ་བསྐྱེད་པའི་ཆེད་དུ་ཁྲིད་ཀྱི་གཞུང་ཤིང་བྱེ་བྲག་ཏུ་བཤད་པ་ལ། གང་ལ་བསྟན་པར་བྱ་བའི་སློབ་མ་ནི། ལམ་སྣ་གཅིག་ཀྱང་རྒྱུད་ལ་མ་སྐྱེས་ཀྱང་། འགྲོ་བ་བཞིའི་ཆོས་ལས་མི་འདའ་བའི་དད་པ་དང་ལྡན་ཞིང་བླ་མས་ཅི་སྐད་གསུངས་པ་ཉན་པ་གཅིག་ལའོ། །གང་བསྟན་པར་བྱ་བའི་ཁྲིད་ནི་ལམ་འབྲས་བུ་དང་བཅས་པའི་གཞུང་ཤིང་རྒྱས་པའི་ཁྲིད་གཞུང་ཇི་ལྟ་བ་བཞིན་དུ་བཀྲི་བའོ། །ཇི་ལྟར་བསྟན་པའི་ཚུལ་ལ་ཕ་རོལ་ཏུ་ཕྱིན་པའི་ལམ་ཐམས་ཅད་སྣང་བ་གསུམ་དུ་འདུས་པས་སྣང་བ་གསུམ་གྱི་སྒོ་ནས་བཀྲི་བ་དང་། སྔགས་ཀྱི་གཞུང་ཐམས་ཅད་རྒྱུད་གསུམ་དུ་འདུས་པས་རྒྱུད་གསུམ་གྱི་སྒོ་ནས་བཀྲི་བ་གཉིས་ལས། དང་པོ་ལ། ཐོག་མར་བླ་མ་ཚད་མར་བྱ་བ་བླ་མ་བརྒྱུད་པའི་རྣམ་ཐར་ཉན་ནས་མོས་གུས་བསྒོམ། དེ་ནས་ཉམས་མྱོང་ཚད་མ་བསྐྱེད་པ་ལ་ཡང་ཐུན་རེ་རེ་ལ་ཡང་སྔོན་འགྲོ། དངོས་གཞི། རྗེས་གསུམ་གསུམ་གྱིས་ཉམས་སུ་ལེན་ནོ། །འདིར་ཁ་ཅིག་སྔོན་འགྲོའི་སྐབས་སུ་ཁྲིད་ཀྱི་སྔོན་འགྲོ་བསག་སྦྱང་གཉིས་དང་། ཐུན་གྱི་སྔོན་འགྲོ་བསམ་གཏན་གྱི་ཡན་ལག་དགུ་བྱེད་པ་ནི་མི་འཐད་དེ། རྗེ་བཙུན་ཆེན་པོའི་ཁྲིད་ཡིག་གཉིས་དང་། ས་པཎ་གྱི་དངོས་སློབ་ཞང་བྱ་རུ་བ་དང་། ཚོགས་སྒོམ་རིན་པོ་ཆེའི་དངོས་སློབ་ཀླན་དཀར་བ་སེང་གེ་རྒྱལ་མཚན་གྱི་ཁྲིད་ཡིག་སོགས་ཚད་ལྡན་གང་ནས་ཀྱང་མ་བཤད་པའི་ཕྱིར་རོ། །རིགས་པས་ཀྱང་གནོད་དེ། འཁོར་བའི་ཉེས་དམིགས་སོགས་ནི། སྔར་ལམ་ལ་མ་ཞུགས་པའི་ལས་དང་པོ་པས་བསྒོམ་པར་བྱ་བ་ཡིན་པས། དེ་ལ་སྔོན་དུ་ཡི་གེ་བརྒྱ་པ་དང་། བསམ་གཏན་གྱི་ཡན་ལག་དགུ་བསྟན་ན། སྟོན་མཁན་ལ་གསང་སྔགས་ཀྱི་སྡོམ་པ་ཡོད་ན་གསང་སྔགས་ཀྱི་རྩ་ལྟུང་འབྱུང་བའི་ཕྱིར་རོ། །གལ་ཏེ་དང་པོ་དབང་བསྐུར་ནས་དེའི་རྗེས་སུ་སྣང་བ་གསུམ་གྱི་ཁྲིད་སྟོན་པས་སྐྱོན་མེད་དོ་ཞེ་ན། དེ་ནི་ཤིན་ཏུ་ཡང་མི་རིགས་ཏེ་བྱ་བའི་རྒྱུད་ལས་ཀྱང་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ལ་གསང་སྔགས་བསྟན་ན་ཕུང་བར་གསུངས་པའི་ཕྱིར་དང་། དབང་ཆུ་ཆེན་མོར་ཡང་ལམ་དུ་མ་ཞུགས་པ་ཚེ་འདིའི་ནད་གདོན་ཞི་བའམ། སྐྱེ་བ་ཕྱི་མར་ལྷ་མིའི་གོ་འཕང་ཙམ་དོན་དུ་གཉེར་བ་ལ། ཐུན་མོང་གི་ལམ་གྱིས་སྦྱང་བར་བྱས་ནས། ཕྱིས་དབང་བསྐུར་བར་ཁས་བླངས་པར་གསུངས་པའི་ཕྱིར་དང་། ཁྱད་པར་དུ་རྩ་རྒྱུད་ལས། སྤྱོད་པ་རིམ་པ་ཅན་དང་། ལྟ་བ་རིམ་པ་ཅན་ལ་བསླབ་པའི་རྗེས་སུ། དེ་རྗེས་ཀྱཻ་ཡི་རྡོ་རྗེ་སྟོན། །ཞེས་པའི་དོན། ལྗོན་ཤིང་ལས། སྨིན་བྱེད་ནས་བརྩམ་སྟེ་སྟོན་པར་གསུངས་པའི་ཕྱིར་དང་། རྗེ་བཙུན་གྱིས་ཁྲིད་ཡིག་གཉིས་སུའང་སྣང་བ་གསུམ་གྱི་རྗེས་སུ་དབང་བསྐུར་ནས། དེའི་རྗེས་སུ་དམ་ཚིག་དང་། བསྐྱེད་རིམ་ལམ་གྱི་ཡན་ལག་དང་བཅས་པའམ་ལྟ་བ་སྟོན་པར་གསུངས་ཀྱི་དབང་གི་རྗེས་སུ་སྣང་བ་གསུམ་གྱི་ཁྲིད་སྟོན་པ་ནི་བཀའ་སྲོལ་འདིའི་ལམ་གྱི་བབས་དང་དངོས་བསྟན་གང་ལ་ཡང་མེད་པའི་ཕྱིར་རོ། །འོ་ན་བརྡའ་དོན་གསལ་བར། ཐོག་མར་སྔོན་འགྲོ་འདི་དག་གསུངས་པ་མ་ཡིན་ནམ་སྙམ་ན། དེ་ནི་སྨིན་བྱེད་དང་། ཕྱི་བསྐྱེད་པའི་རིམ་པ་སྔོན་དུ་སོང་ནས། ཐོག་མར་ལྟ་བ་ནས་སྟོན་པའི་དབང་དུ་བྱས་པ་ཡིན་པས་དེ་འཁྲུལ་གཞི་མ་བྱེད་ཅིག འོ་ན་འདི་དང་། རྗེ་བཙུན་གྱི་ཁྲིད་ཡིག་གཉིས་སུ། རྫོགས་རིམ་གྱི་སྔོན་དུ་བསྟན་པར་གསུངས་པ་འགལ་ལོ་སྙམ་ན། བརྡའ་དོན་གསལ་བར་ནི་ལྟ་བ་ཡང་དབང་གོང་མའི་ཡེ་ཤེས་ཀྱི་རྒྱུན་བསྒོམ་པ་ཡིན་པས་དོན་གྱིས་རྫོགས་རིམ་དང་འདྲ་བ་ལ་དགོངས་ལ། ཁྲིད་ཡིག་གཉིས་སུ་ནི་ལུས་ལ་གནད་དུ་བསྣུན་པའི་སྔོན་འགྲོ་ལ་དགོངས་པས་གང་ལ་སྦྱར་ཡང་འགལ་བ་མེད་དོ། །དེས་ན་འདིར་སྔོན་འགྲོ་ནི་ཐུན་མོང་གི་སྐྱབས་འགྲོ་ཞེ་ཐག་པ་ནས་བྱས་ཏེ། མཇུག་ཏུ་བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །ཆོས་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །ལམ་འཁྲུལ་པ་སེལ་བར་བྱིན་གྱིས་རློབས། །འཁྲུལ་པ་ཡེ་ཤེས་སུ་འཆར་བར་བྱིན་གྱིས་རློབས། །མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱིན་གྱིས་རློབས་ཞེས་ཞེན་པ་བཞི་བྲལ་གྱི་གསོལ་བཏབ་བྱའོ། །ཡང་ཐེག་ཆེན་སེམས་བསྐྱེད་སྐྱེས་པའི་གང་ཟག་གིས་ཁྲིད་ཀྱི་ཁ་ཚང་བའི་ཆེད་དུ་བསྒོམ་པ་ཡིན་ན། ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་སེམས་བསྐྱེད་བྱེད་ཀྱི། ཐུན་མོང་བའི་སྐྱབས་འགྲོ་ལ་ཕབ་དགོས་པ་ལྟ་བུ་ནི་མ་ཡིན་ནོ། །དེ་ནས་དངོས་གཞིའི་དམིགས་པ་ལ་གསུམ་སྟེ། མ་དག་པའི་སྣང་བ། ཉམས་ཀྱི་སྣང་བ། དག་པའི་སྣང་བའོ། །དང་པོ་ནི་གཞུང་དུ། སེམས་ཅན་ལ་ཉོན་མོངས་པ་ལ་མ་དག་པའི་སྣང་བ་ཞེས་པའི་སེམས་ཅན་ལ་ཞེས་པ་ལ་བརྟེན་ནས་འཁོར་བའི་ཉེས་དམིགས་བསྒོམ་པ་འབྱུང་སྟེ། སེམས་ཅན་ནི་འགྲོ་བ་རིགས་དྲུག་གམ་སྐྱེ་གནས་བཞིས་བསྡུས་ལ། དེ་ལ་བརྟགས་པའི་ཚེ་སྡུག་བསྔལ་གྱི་རང་བཞིན་ཅན་དུ་མཐོང་བའི་ཕྱིར་རོ། །ཉོན་མོངས་པ་ལ་ཞེས་པའི་ཚིག་ལ་བརྟེན་ནས་དལ་འབྱོར་རྙེད་དཀའ་བསྒོམ་པ་འབྱུང་སྟེ། ཉོན་མོངས་པའི་དབང་གིས་བསགས་པའི་ལས་ཕལ་ཆེར་མི་དགེ་བ་ཡིན་པས་ངན་སོང་དུ་འཕེན། གལ་ཏེ་དགེ་བའི་ལས་ཞིག་བསགས་ན་ཡང་ཕལ་ཆེར་མི་ཁོམ་པའི་གནས་གཞན་ལྔ་འཕེན་པས་དེའི་ནང་ནས་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་ལུས་འཕེན་པའི་ལས་ནི་སྲིད་ཚོད་ཙམ་དུ་ཤེས་པ་འབྱུང་བའི་ཕྱིར་རོ། །མ་དག་པའི་སྣང་བ་ཞེས་པ་ལ་བརྟེན་ནས་ལས་རྒྱུ་འབྲས་ལ་ཡིད་ཆེས་བསྒོམ་པ་འབྱུང་སྟེ། མ་དག་པའི་སྣང་བ་འདི་བག་ཆགས་ཀྱིས་བསླད་པའི་དབང་གིས་འབྱུང་བའི་འཁྲུལ་སྣང་དང་། དེ་ཡང་སྐྱིད་སྡུག་དང་མཐོ་དམན་སྣ་ཚོགས་སུ་སྣང་བ་ལ་དཔག་ནས་ལས་བཟང་ངན་ལས་བྱུང་བར་ཤེས་པ་འབྱུང་བའི་ཕྱིར་རོ། །དེ་ལྟར་གསུམ་ལས་དང་པོ་འཁོར་བའི་ཉེས་དམིགས་བསྒོམ་པ་ལ་ཡང་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་བསྒོམ་པའོ། །དང་པོ་ལ་ངན་སོང་གསུམ་གྱི་སྡུག་བསྔལ་གསུམ་སྟེ། སེམས་ཅན་དམྱལ་བའི་སྡུག་བསྔལ། ཡི་དྭགས་ཀྱི་སྡུག་བསྔལ། དུད་འགྲོའི་སྡུག་བསྔལ་ལོ། །དང་པོ་ལ་གསུམ་སྟེ། གྲང་བའི་དམྱལ་བ། ཚ་བའི་དམྱལ་བ། ཉི་ཚེ་བ་དང་ཉེ་འཁོར་བའི་དམྱལ་བའི་སྡུག་བསྔལ་བསམ་པའོ། །དང་པོ་ལ་བརྒྱད་དེ། ཆུ་བུར་ཅན་ནི་ལས་ཀྱི་དབང་གིས་གངས་རིའི་ཕྲེང་བས་ཀུན་ནས་བསྐོར་བའི་ནང་དུ་ཁ་བ་བུ་ཡུག་འཚུབས་པས་གྲང་བའི་སྟོབས་ཀྱིས་ལུས་ལ་ཆུ་བུར་འབྱུང་བའོ། །ཆུ་བུར་རྡོལ་བ་ཅན་ནི་དེ་ལས་ཀྱང་གྲང་བའི་སྟོབས་ཀྱིས་ཆུ་བུར་རྡོལ་ཏེ། རྣག་ཁྲག་གིས་ལུས་ཀྱི་ཕྱི་གཡོགས་ཤིང་འཁྱག་པ་ཆགས་པས་སྡུག་བསྔལ་བའོ། །ཨ་ཆུ་ཟེར་བ་ནི་དེ་ལས་ཀྱང་གྲང་བའི་རླུང་གིས་བཏབ་པས་ཨ་ཆུ་ཨ་ཆུ་ཞེས་ངུད་མོའི་སྒྲ་འདོན་པའོ། །ཀྱི་ཧུད་ཟེར་བ་ནི་སྐད་ཀྱང་ཆེར་མི་ཐོན་པས་ཀྱི་ཧུད་ཀྱི་ཧུད་ཅེས་འདོན་པའོ། །སོ་ཐམ་ཐམ་པ་ནི་སྐད་ཀྱང་གཏན་མི་ཐོན་པར་ལུས་འདར་ཤིག་ཤིག་བྱེད་པའོ། །ཨུཏྤལ་ལྟར་གས་པ་ནི་ལུས་ཀྱི་ཕྱིའི་ཁ་དོག་སྔོན་པོར་སོང་ནས་དེ་ཡང་ཚལ་པ་བརྒྱད་དང་བཅུ་དྲུག་ལ་སོགས་པར་གས་པའོ། །པདྨ་ལྟར་གས་པ་ནི་དེ་བས་ཀྱང་གྲང་བའི་སྟོབས་ཀྱིས་ལུས་ཀྱི་ཕྱིའི་ལྤགས་པ་གས་པའི་སྟོབས་ཀྱི་ཁྲག་དང་ཞག་ལ་སོགས་པའང་འཁྱགས་ཏེ། དམར་བའི་རང་བཞིན་དུ་གྱུར་ཏེ། དེ་ཡང་ཚལ་པ་བརྒྱད་དང་བཅུ་དྲུག་ལ་སོགས་པར་གས་པའོ། །པདྨ་ལྟར་ཆེར་གས་པ་ནི་ལུས་ཀྱི་ནང་གི་གློ་སྙིང་དང་བཅས་པ་ཡང་གས་ཏེ་དུམ་བུ་བརྒྱ་དང་སྟོང་ལ་སོགས་པར་གས་པའོ། །གཉིས་པ་ལའང་བརྒྱད་དེ། ཡང་སོས་པ་ནི་ལྕགས་ཀྱི་ས་གཞི་ཕྱོགས་ཀུན་ཏུ་མེ་འབར་བའི་ནང་དུ་སྐྱེས་ཏེ་ལག་ཏུ་གང་བླངས་པ་ཐམས་ཅད་ཚོན་ཆར་གྱུར། གང་མཐོང་བ་ཐམས་ཅད་ཕན་ཚུན་དགྲ་མི་ཤ་བོར་གྱུར་ཏེ། གཅིག་གིས་གཅིག་གི་ལུས་གཅོད་པའི་མཐུས་བརྒྱལ་བ་ལྟ་བུར་གནས་སོ། །ཡང་རླུང་གྲང་མོ་ཅུང་ཟད་ཅིག་གམ་ཡངཾ་ནམ་མཁའ་ལས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་བྱུང་བ་ལ་བརྟེན་ནས་ལུས་སྔར་བཞིན་དུ་གྱུར་ཏེ་སྔ་མ་ལྟར་མྱོང་བའོ། །ཐིག་ནག་པ་ནི་ལུས་ལ་ཐིག་ནག་པོ་བརྒྱད་དང་བཅུ་དྲུག་ལ་སོགས་པ་བཏབ་སྟེ། ལྕགས་ཀྱི་སཏྭ་གྲི་དང་། སོག་ལེ་སོགས་མཚོན་ཆ་མེ་འབར་བ་དག་གིས་དྲས་ཏེ། སྨད་དྲས་པའི་ཚེ་སྟོད་འགྲིག སྟོད་དྲས་པའི་ཚེ་སྨད་འགྲིག་པའོ། །བསྡུས་འཇོམས་པ་ནི་ལུས་ར་ལུག་དང་གཡག་ལ་སོགས་པའི་གདོང་པ་ཅན་གྱི་རི་གཉིས་ཀྱི་བར་དུ་བརྡུངས་པས་ཕྱེ་མར་བྱས། ཡང་ཕྱིར་གྱེད་བྱས་པས་སྔར་བཞིན་དུ་ལུས་སོས་ཏེ་ཡང་བརྡུངས་པའོ། །ངུ་འབོད་པ་ནི་དམྱལ་སྲུང་རྣམས་ཀྱིས་བདས་པས་ཁང་བཟང་དཀར་པོ་ཞིག་མཐོང་སྟེ་དེར་བྲོས་པས་ནང་དུ་སླེབ་ཙམ་ན་སྒོ་རང་བཅད་དེ་ལྕགས་བསྲེགས་ཀྱི་ཁང་པར་གྱུར་ནས་ངུ་བའི་སྒྲ་ལྷང་ལྷང་འབྱུང་བའོ། །ངུ་འབོད་ཆེན་པོ་བ་ནི་དེ་ལྟ་བུ་ཉིས་རིམ་དུ་ཚུད་དེ་སྒྲ་སྔ་མ་ལས་ཀྱང་ཆེར་འདོན་པའོ། །ཚ་བ་ནི་དེའི་སྟེང་དུ་དམྱལ་སྲུང་རྣམས་ཀྱིས་ལྕགས་ཀྱི་མདུང་མེ་འབར་བས་བཤང་ལམ་ནས་སྤྱི་བོའི་བར་དུ་ཐལ་བྱུང་དུ་ཕུག་པས་ལུས་ཀྱི་ནང་ཐམས་ཅད་བསྲེག་ཅིང་འཚེད་པར་བྱེད་པའོ། །རབ་ཏུ་ཚ་བ་ནི་ལྕགས་ཀྱི་རྩེ་གསུམ་མེ་རབ་ཏུ་འབར་བས་འཕོངས་ཚོས་གཉིས་བཤང་ལམ་དང་གསུམ་ནས་ཕུག་པས་ནང་ཁྲོལ་ཐམས་ཅད་གཞོབ་དུ་བྱས་ཏེ་ཁ་སྣ་ནས་དུ་བ་དང་མེ་འབྱུང་བའོ། །མནར་མེད་པ་ནི་སྲེག་བྱེད་ཀྱི་མེ་དང་བསྲེག་བྱའི་ལུས་ཐ་དད་མེད་པར་གྱུར་ཏེ། ཉམ་ཐག་པའི་སྒྲ་གྲག་པ་ལ་བརྟེན་ནས་རྟོགས་པར་བྱེད་པའོ། །གསུམ་པ་ལ་ཉི་ཚེ་བ་ནི་མི་ཡུལ་གྱི་བྲག་དང་སྒྱེད་པུ་ལ་སོགས་པའི་དཀྱིལ་དང་། རྒྱ་མཚོའི་འགྲམ་ལ་སོགས་པ་ནའང་ཡོད་པར་བཤད་ལ། ཉེ་འཁོར་བ་ནི་སྔར་གྱི་ཚ་དམྱལ་བརྒྱད་ཀྱི་ཁོར་ཡུག་ཀུན་དུ་མེ་མ་མུར་གྱི་འོབས་དང་། རོ་མྱགས་མི་གཙང་བའི་འདམ་དེར་གནས་པའི་ལྕགས་ཀྱི་འབུ་མཆུ་རྣོན་གྱིས་ལུས་འབིགས་པར་བྱེད་པ་དང་། སྤུ་གྲི་བརྡལ་བའི་ཐང་ལ་ཕྱིན་པས་རྐང་པ་དུམ་བུར་གཅོད་པ་དང་། ཤལ་མ་རིའི་སྡོང་པོ་ལྕགས་ཀྱི་ཚེར་མ་སོར་བཅུ་དྲུག་པ་ཡར་འཛེག་ན་མར་ཁ་བལྟས། མར་བབས་ན་ཡར་ཁ་བལྟས་ཏེ་ལུས་གཤགས་པ་དང་། རལ་གྲི་ལོ་མའི་ནགས་ཚལ་ཤིང་དེའི་གྲིབ་བསལ་ན་ཕྱིན་པ་ན་ཤིང་གི་ཡལ་ག་དང་ལོ་འདབ་ཐམས་ཅད་རལ་གྲིའི་ཆར་དུ་གྱུར་ནས་ལུས་གཅོད་པ་སྟེ། གསུམ་པོ་མཚོན་ཆར་རིགས་གཅིག་པས་གཅིག་ཏུ་བགྲང་བ་དང་། ཐལ་ཚན་གྱི་ཆུ་བོ་རབ་མེད་པ་སྟེ་བཞི་བཞིས་བསྐོར་བའོ། །དེ་ཡང་ཚ་དམྱལ་བརྒྱད་ཀྱི་དངོས་གཞིའི་སྡུག་བསྔལ་ལས་ཐར་ནས་ཕྱོགས་བཞི་པོ་རེ་རེ་བཞི་ཆར་གྱི་སྡུག་བསྔལ་མྱོང་དགོས་པས། བརྒྱད་པོ་ཀུན་ལ་ལྷག་བཅུ་དྲུག །ཅེས་གསུངས་སོ། །གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ལ་གསུམ་སྟེ། ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། ཟས་སྐོམ་མམ་སྒྲིབ་པ་ཅན་གྱི་སྒྲིབ་པ་ཅན་ནོ། །དང་པོ་ནི། བཀྲེས་པ་དང་། སྐོམ་པ་དང་། གྲང་བ་དང་། ཚ་བ་དང་། ངལ་བ་དང་། འཇིགས་པའི་སྡུག་བསྔལ་བསམ་པའོ། །གཉིས་པ་ནི། དང་པོར་ཟས་མ་རྙེད་ནས་སྡུག་བསྔལ། ཅུང་ཟད་རྙེད་ན་གཞན་གྱིས་ཕྲོགས་ཀྱི་དོགས་པའི་སྡུག་བསྔལ། ཟོས་པའི་ཚེ་ཁ་ཁབ་མིག་ཙམ་ནས་མི་ཐར། མགྲིན་པ་རྟ་རྔ་ཙམ་དུ་མི་ཤོང་། ལྟོ་བ་རྒྱ་མཚོ་ཙམ་དུ་སོང་ཡང་མི་ཁེངས་པའི་སྡུག་བསྔལ་ལོ། །གསུམ་པ་ནི་ལྟོ་བར་སླེབ་ཙམ་ན་ལྕགས་ཀྱི་ཐུ་ལུམ་མེ་འབར་བར་གྱུར་ཏེ། ལྟོ་བ་ཐམས་ཅད་བསྲེག་ཅིང་འཚེད་པར་བྱེད་པའོ། །གསུམ་པ་དུད་འགྲོའི་སྡུག་བསྔལ་ལ། བྱིངས་ན་གནས་པ་དང་། ཁ་འཐོར་བ་གཉིས། དང་པོ་ལ་རྒྱ་མཚོར་གནས་པ་དང་། གླིང་བར་གྱི་མུན་པ་ན་གནས་པ་གཉིས། དང་པོ་ནི། སྤྱིར་དུད་འགྲོ་རྣམས་ལ་གླེན་ཅིང་ལྐུགས་པའི་སྡུག་བསྔལ་རིས་ནོན་པ་ཙམ་གྱི་སྟེང་དུ། གནས་གཅིག་ཏུ་མ་ངེས་པའི་སྡུག་བསྔལ་དང་། ཉ་མིད་ལ་སོགས་པ་ཆེ་བས་ཆུང་བ་ཟ་བའི་སྡུག་བསྔལ་དང་། དུང་ལ་སོགས་པ་ཆུང་བས་ཆེ་བའི་ལུས་ཕུག་པའི་སྡུག་བསྔལ་དང་། འཚུབ་ཅིང་དྲི་ང་བའི་སྡུག་བསྔལ་ལ་སོགས་པའོ། །གཉིས་པ་ནི། གླིང་བཞི་རེ་རེ་ལ་ཉི་ཟླ་རེ་རེས་ཁྱབ་ཀྱང་། ཉི་ཟླས་མ་ཁྱབ་པའི་གླིང་བར་གྱི་གནས་སུ་སྐྱེས་ཏེ་རང་གི་ལག་པ་བརྐྱང་བསྐུམ་བྱེད་པ་ཙམ་ཡང་མི་མཐོང་བའོ། །གཉིས་པ་ཁ་འཐོར་བ་ནི། མི་ཡུལ་དང་། ལྷ་ཡུལ་ན་དབང་མེད་དུ་བཀོལ་སྤྱད་བྱེད་པ་དང་། མུ་ཏིག་དང་། ལྤགས་པ་དང་། ཤ་དང་། བལ་དང་། རུས་པ་ལ་སོགས་པའི་ཆེད་དུ་འཆི་བའི་སྡུག་བསྔལ་རྣམས་སོ། །དེ་ལྟར་དེ་དག་གི་ཚེ་ཚད་དང་། སྡུག་བསྔལ་གྱི་བྱེ་བྲག་དུ་མ་ཡིད་ཆེས་པའི་ལུང་དང་། བླ་མའི་མན་ངག་ལ་བརྟེན་ནས་བསྒོམ་སྟེ་དེར་མི་སྐྱེ་བའི་གདེང་མི་འདུག དེར་མི་སྐྱེ་བའི་ཆེད་དུ་ཆོས་ཅིག་བྱ། ཆོས་ཀྱི་ནང་ནས་ཀྱང་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་ཉམས་སུ་བླང་བསམ་མོ། །གཉིས་པ་འགྱུར་བའི་སྡུག་བསྔལ་བསམ་པ་ལ་གཉིས་ཏེ། སྤྱིར་ཐུན་མོང་དུ་འགྱུར་བའི་སྡུག་བསྔལ་བསམ་པ་དང་། བྱེ་བྲག་ཏུ་མིའི་འགྱུར་བའི་སྡུག་བསྔལ་བསམ་པའོ། །དང་པོ་ནི། ལྷ་བརྒྱ་བྱིན་དུ་སྐྱེས་ཀྱང་མི་ཕན་ཏེ། སེམས་ཅན་དམྱལ་བར་སྐྱེ་བའི་སྐབས་ཀྱང་སྲིད། འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེས་ཀྱང་མི་ཕན་ཏེ་བྲན་དུ་ཡང་སྐྱེ། ཉི་མ་དང་ཟླ་བར་སྐྱེས་ཀྱང་མི་ཕན་ཏེ་མུན་པར་འཇུག དེ་ལ་སོགས་པ་གང་ཐོབ་ཀྱང་མི་ཕན་ཏེ་སླར་འགྱུར་བའི་སྡུག་བསྔལ་བསམ། གཉིས་པ་ནི། སྒོས་ཀྱི་མི་ལ་ལེགས་པར་བརྟགས་ཏེ་ཕྱུག་པོ་སྤྲང་པོར་སོང་བའམ། ཁ་དྲག་པོ་ཁ་ཞན་པར་སོང་བ་ལ་སོགས་པ་ཡུལ་མི་ཁྱིམ་ཚེས་དང་ཉེ་འབྲེལ་དང་། རྒྱལ་ཁམས་ཀྱི་མི་ལ་བལྟས་ན་སྔར་གྱི་ས་ན་མི་འདུག་སྟེ། འགྱུར་བའི་སྡུག་བསྔལ་ལ་ངེས་ཤེས་སྐྱེས་སྐྱེས་བསྒོམ་མོ། །གསུམ་པ་འདུ་བྱེད་ཀྱི་སྡུག་བསྔལ་བསམ་པ་ནི། སྤྱིར་འདུ་བྱེད་ཀྱི་སྡུག་བསྔལ་གྱི་ངོས་འཛིན། མངོན་པ་ལས། ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་ལ་བཤད་པ་དང་། ཚད་མའི་གཞུང་ལས། སྲེད་པའི་རྐྱེན་གྱིས་འཕངས་པའི་ཉེར་ལེན་གྱི་ཕུང་པོ་ཙམ་ལ་བཤད་པ་སོགས་ཡོད་ཀྱང་དེ་སྡུག་བསྔལ་དུ་བསམ་པའི་ཚུལ་ནི་བྱས་པའི་ལས་ལ་ཟིན་པ་མེད་པ་རྒས་རྒས་ཤི་ཤི་བྱས་ཀྱང་གྲབས་ལ་ཟིན་པ་མེད། ཚེ་འཕོས་ཀྱང་དེ་བཞིན་དུ་བྱས་པའི་ལས་ལ་ཟིན་པ་མེད་པར་བསམ་པའོ། །དེ་དག་གིས་ནི་སེམས་ཅན་གྱི་འགྲོ་བ་གང་དུ་སྐྱེས་ཀྱང་སྐྱིད་མེད་པའི་བསམ་བློ་ཐག་ཆོད་ན་ཅི་བྱས་པ་ཆོས་སུ་འགྲོ་བ་ཡིན། ཆོས་ཀྱང་ཚེ་ཕྱི་མའམ་ཚེ་འདི་ལའང་ཚེ་མཇུག་ཏུ་བྱས་པས་ཆོག་གོ་སྙམ་ན། གཉིས་པ་དལ་འབྱོར་རྙེད་པར་དཀའ་བ་བསྒོམ་པ་ལ་གསུམ་སྟེ། དལ་འབྱོར་རྙེད་པར་དཀའ་བ་དང་། ཕན་འདོགས་པ་ཆེ་བ་དང་། ཐོབ་པའི་དལ་བ་ཡུན་རིང་དུ་མི་གནས་པའོ། །དང་པོ་རྙེད་པར་དཀའ་བ་བསམ་པ་ནི། ལུས་མ་ཐོབ་པའི་སེམས་ཅན་བསམ་གྱིས་མི་ཁྱབ་པ་དང་། ལུས་ཐོབ་པ་ལ་ཡང་རིགས་དྲུག་གཞན་གྱི་ལུས་བསམ་གྱིས་མི་ཁྱབ་པ་དང་། མིའི་ལུས་ལ་ཡང་དལ་འབྱོར་གྱི་ལུས་ཐོབ་པར་དཀའ་བ་བསམ་པའོ། །ཕན་འདོགས་པ་ཆེ་བ་ལ་ཡང་གསུམ། དལ་འབྱོར་གྱི་ལུས་འདིས་ཚེ་ཕྱི་མའི་མཐོ་རིས་ཀྱང་བསྒྲུབ་པར་ནུས་པ་དང་། ཐེག་པ་འོག་མའི་མྱ་ངན་ལས་འདས་པའང་བསྒྲུབ་པར་ནུས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱང་འདིས་བསྒྲུབ་པར་ནུས་པ་ཡིན་པས་ན་ཤིན་ཏུ་ཕན་འདོགས་པ་ཆེ་བར་བསམ་མོ། །ཐོབ་པའི་དལ་བ་ཡུན་རིང་དུ་མི་གནས་པ་ནི། ངེས་པར་འཆི་བ་བསམ་པ་དང་། ནམ་འཆི་ཆ་མེད་པར་བསམ་པ་དང་། འཆི་བ་ལ་གཞན་ཅིས་ཀྱང་མི་ཕན་པ་བསམ་པའོ། །དང་པོ་ལ་གསུམ། ཕྱི་ནང་གི་འབྱུང་བ་འཁྲུགས་པས་འཆི། ལོག་འདྲེན་གྱི་བགེགས་འཁྲུགས་པས་འཆི། ཕོ་ལྷ་ལ་སོགས་པ་གདོན་གཞན་འཁྲུགས་པས་འཆི་བའོ། །ནམ་འཆི་ཆ་མེད་པ་ལ་གསུམ། ཚེ་ལ་ངེས་པ་མེད་པ་དང་། མི་མཐུན་པའི་ཕྱོགས་ཀྱི་རྐྱེན་མང་བ། མཐུན་པའི་རྐྱེན་དཀོན་པའོ། །འཆི་བ་ལ་ཅིས་ཀྱང་མི་ཕན་པ་ལ་གསུམ། གློ་བུར་གྱི་རྐྱེན་མ་གཏོགས་པར་ངེས་པར་འཆི་བའི་དུས་ལ་བབ་པའི་ཚེ། རྫས་ཀྱིས་མི་བཟློག སྔགས་ཀྱིས་མི་བཟློག རྟེན་འབྲེལ་གྱིས་མི་བཟློག་པའོ། །གསུམ་པ་ལས་ཀྱི་སྣང་བ་ལས་རྒྱུ་འབྲས་ལ་ཡིད་ཆེས་བསྒོམ་པ་ལ་གསུམ། མི་དགེ་བའི་ལས་དང་། དགེ་བའི་ལས་དང་། ལུང་དུ་མ་བསྟན་པའི་ལས་སོ། །དང་པོ་ལ་གསུམ་སྟེ། མི་དགེ་བའི་ལས་བསམ། ལས་ཀྱི་འབྲས་བུ་བསམ། དེ་སྤོང་བ་བསམ་པའོ། །དང་པོ་ནི། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་པ་ལྟར། དུག་གསུམ་གྱིས་ཀུན་ནས་བསླངས་པའི་ལུས་ཀྱི་ལས་གསུམ། ངག་གི་ལས་བཞི། ཡིད་ཀྱི་ལས་གསུམ་སྟེ་མི་དགེ་བ་བཅུ་ལ་བསམ་མནོ་ཞིབ་ཏུ་བཏང་བའོ། །གཉིས་པ་ངན་སོང་གསུམ་དང་། མཐོ་རིས་ཀྱི་ཡང་མི་མཐུན་པའི་ཕྱོགས་ཐམས་ཅད་མི་དགེ་བ་བཅུ་ལས་བྱུང་ངེས་སྙམ་དུ་བསམ་པ་སྟེ། འདི་ལ་རྣམ་སྨིན་དང་། རྒྱུ་མཐུན་དང་། བདག་པོའི་འབྲས་བུ་གསུམ་ལས། དང་པོ་ནི། མི་དགེ་བ་བཅུ་ཆེན་པོར་སྤྱད་པ་ལས་དམྱལ་བ། འབྲིང་དུ་སྤྱད་པ་ལས་ཡི་དྭགས། ཆུང་ངུར་སྤྱད་པ་ལས་དུད་འགྲོའི་སྐྱེ་བ་འཕེན་ཏེ། རིན་ཆེན་ཕྲེང་བར། མི་དགེ་བ་ལས་སྡུག་བསྔལ་དང་། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་སོ། །གཉིས་པ་ལ་བྱེད་པ་རྒྱུ་མཐུན་ནི། གོམས་པའི་དབང་གིས་སྲོག་གཅོད་སོགས་དེ་དང་དེ་བྱེད་འདོད་པའོ། །མྱོང་བ་རྒྱུ་མཐུན་ནི། རྣམ་སྨིན་ངན་འགྲོར་མྱོང་བའི་རྗེས་སུ་མིར་སྐྱེས་པ་ནའང་། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྣམ་པར་འཚེ་བས་གནོད་པ་མང་། །རྐུ་བ་ཡིས་ནི་ལོངས་སྤྱོད་ཕོངས། །བྱི་བོ་བྱེད་པ་དགྲ་དང་བཅས། །རྫུན་དུ་སྨྲ་བས་སྐུར་པ་སྟེ། །ཕྲ་མ་ཡིས་ནི་བཤེས་དང་དབྱེ། །རྩུབ་པོ་ཉིད་ཀྱིས་མི་སྙན་ཐོས། །མ་འབྲེལ་པ་ཡི་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བཤད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཆང་འཐུངས་པ་ཡིས་བློ་འཁྲུལ་སྟེ། །མ་བྱིན་པས་ནི་དབུལ་བ་ཉིད། །ལོག་པར་འཚོ་བས་བསླུ་བ་སྟེ། །ཁེངས་པ་ཡིས་ཀྱང་རིགས་ངན་ཉིད། །ཕྲག་དོག་གིས་ནི་གཟི་ཆུང་ཉིད། །ཁྲོ་བས་ཁ་དོག་ངན་པ་ཉིད། །མཁས་ལ་མི་འདྲི་བླུན་པོ་ཉིད། །མི་ཉིད་ལ་ནི་འབྲས་བུ་འདི། །ཀུན་གྱིས་ངན་འགྲོར་དང་པོའོ། །ཞེས་རིན་ཆེན་ཕྲེང་བར་གསུངས་པ་ལྟར་བསམ་པའོ། །གསུམ་པ་ནི། མདོའི་དོན་མཛོད་འགྲེལ་ལས་འབྱུང་བ། སྔ་མ་དག་གིས་སྡོམ་དུ་བསྡེབས་པ་ནི། ཕྱི་རོལ་མཐུ་ཆུང་གནོད་མང་དང་། །རྡུལ་འཁྲིགས་དྲི་ང་མཐོ་དམན་ཅན། །ཚ་སྒོ་ཅན་སོགས་དུས་ལོག་དང་། །འབྲས་བུ་ཕྲ་ཁ་ཆུང་བའམ་མེད། །ཅེས་པ་རྣམས་རིམ་པ་ལྟར་མི་དགེ་བ་བཅུའི་བདག་འབྲས་སུ་གསུངས་པ་ལྟ་བུའོ། །གསུམ་པ་དེ་སྤང་བར་བསམ་པ་ནི། མི་དགེ་བ་ལས་འབྲས་བུ་དེ་དག་འབྱུང་བས་ན་བདག་གིས་མི་བྱ་སྙམ་དུ་བསམ་པའོ། །གཉིས་པ་དགེ་བ་ལ་གསུམ་སྟེ། དགེ་བའི་ལས་བསམ། ལས་འབྲས་བསམ། དེ་བསྒྲུབ་པར་བསམ་པའོ། །དང་པོ་ནི། རིན་ཆེན་ཕྲེང་བར། མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་ཡིན། །ཞེས་པ་ལྟར་དུག་གསུམ་མེད་པས་ཀུན་ནས་བསླངས་པའི་ལུས་ཀྱི་ལས་དགེ་བ་གསུམ། ངག་གི་ལས་བཞི། ཡིད་ཀྱི་ལས་གསུམ་སྟེ། དགེ་བ་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་བསམ་བློ་ཞིབ་ཏུ་བཏང་བའོ། །གཉིས་པ་ལ་རྣམ་སྨིན་གྱི་འབྲས་བུ་ནི་དགེ་བ་བཅུ་ཆུང་ངུར་སྤྱད་པས་མི་དང་། འབྲིང་དུ་སྤྱད་པས་ལྷ་མ་ཡིན་དང་། ཆེན་པོར་སྤྱད་པས་ལྷའི་སྐྱེ་བ་འཕེན་ཏེ། རིན་ཆེན་ཕྲེང་བར། དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་དུ་བདེ་བ་དག །ཅེས་སོ། །ཆོས་བསྒྲུབ་པའི་རྟེན་གྱི་སྒོ་ནས་མི་བཟང་ཡང་། འདིར་ནི་རྣམ་སྨིན་གྱི་ཕུང་པོ་བཟང་ངན་གྱི་དབང་དུ་བྱས་པའོ། །རྒྱུ་མཐུན་གྱི་འབྲས་བུ་ལ། བྱེད་པ་རྒྱུ་མཐུན་ནི། གོམས་པའི་དབང་གིས་སྲོག་གཅོད་སོགས་རང་གི་ངང་གིས་སྤང་འདོད་པའོ། །མྱོང་བ་རྒྱུ་མཐུན་ནི། སྲོག་གཅོད་སྤངས་པས་ཚེ་རིང་བ་སོགས་སྔ་མ་ལས་བཟློག་པའོ། །བདག་པོའི་འབྲས་བུ་ནི། ས་ཕྱོགས་གཟི་ཆེ་བར་སྐྱེ་བ་སོགས་སྔ་མ་ལས་བཟློག་པ་སྟེ། རིན་ཆེན་ཕྲེང་བར། མི་དགེ་ཞེས་བྱ་དེ་དག་གི །རྣམ་སྨིན་བསྒྲགས་པ་གང་ཡིན་པ། །དགེ་བ་དག་ནི་ཐམས་ཅད་ལ། །འབྲས་བུ་དེ་ནི་བཟློག་དེ་འབྱུང་། །ཞེས་པ་རྒྱུ་མཐུན་དང་། བདག་འབྲས་ལ་ཡང་མཚོན་པའོ། །གསུམ་པ་དེ་བསྒྲུབ་པ་བསམ་པ་ནི། ཕན་ཡོན་དེ་ལྟ་བུ་ཡོད་པའི་ཕྱིར་བདག་གིས་དགེ་བ་ཅི་འགྲུབ་ཏུ་བྱ་སྙམ་དུ་བསམ་མོ། །གསུམ་པ་ལུང་དུ་མ་བསྟན་པའི་ལས་ལ་གསུམ་སྟེ། ལུང་དུ་མ་བསྟན་པའི་ལས་བསམ། ལས་འབྲས་བསམ། །དེ་དགེ་བར་བསྒྱུར་བ་བསམ་པའོ། །དང་པོ་ནི། དགེ་བ་དང་མི་དགེ་བའི་བསམ་པས་མ་ཟིན་པའི་ཟས་ཟ་བ་དང་། གོས་གོན་པ་དང་། གཉིད་ལོག་པ་ལ་སོགས་པ་རྣམས་ཡིན་ནོ། །གཉིས་པ་དེའི་ལས་འབྲས་བསམ་སྟེ། དེ་ལས་ནི་འབྲས་བུ་གང་ཡང་སྐྱེ་བར་མི་འགྱུར་རོ། །གསུམ་པ་དེ་དགེ་བར་ཁ་ལོ་བསྒྱུར་ཏེ། བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་བར་བྱས་ན། ཟས་ཟོས་པ་དང་གཉིད་ལོག་པ་ལ་སོགས་པ་ཐམས་ཅད་དགེ་བར་ཁ་ལོ་བསྒྱུར་ནས་འགྲོ་བ་ཡིན་ཏེ། སྤྱོད་ཡུལ་ཡོངས་སུ་དག་པའི་མདོའི་ཉམས་ལེན་སྦྱར་གསུང་ངོ་། །འདིར་འཁོར་བའི་ཉེས་དམིགས་ནས་འགོ་འཛིན་པ་ནི་གསུང་ངག་རིན་པོ་ཆེ་བསྟན་པ་ཡོངས་སུ་རྫོགས་པར་ཉམས་སུ་ལེན་པ་ཡིན་པས། དང་པོ་ཉིད་ནས་འཁོར་བ་མཐའ་དག་ལ་ངེས་འབྱུང་གི་བློ་བསྐྱེད། དེས་དལ་འབྱོར་རྙེད་དཀའ་སོགས་རང་ཤུགས་ཀྱིས་འདྲེན་པའི་དབང་དུ་བྱས་པ་ཡིན་ལ། དམ་པ་གཞན་དག་དལ་འབྱོར་རྙེད་དཀའ་ནས་འགོ་འཛིན་པ་ནི། སྐྱེས་བུ་གསུམ་གྱི་ལམ་རིམ་ལ་རིམ་གྱིས་འཇུག་པའི་དབང་དུ་བྱས་པ་ཡིན་གསུང་ངོ་། །དེ་ལྟར་དངོས་གཞིའི་དམིགས་པ་བསྒོམ་པའི་ཐུན་མཇུག་ཏུ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་ཀྱི་བསྔོ་བ་བྱ་ཞིང་། སྤྱོད་ལམ་ཀུན་ཏུ། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པ་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པའི་ཚིག་ངག་ཏུ་ཡང་འདོན་ཅིང་། དོན་ཅི་ནུས་སུ་ཉམས་སུ་ལེན་པར་བྱའོ། །གཉིས་པ་ཉམས་ཀྱི་སྣང་བ་ནི། གཞུང་ལས། རྣལ་འབྱོར་པ་ལ་ཏིང་ངེ་འཛིན་ལ་ཉམས་ཀྱི་སྣང་བ་ཅེས་གསུངས་ཏེ། འདི་ལ་ཐུན་མོང་གི་རྣལ་འབྱོར་པས་ཐུན་མོང་གི་ཉམས་རྒྱུད་ལ་སྐྱེས་སྐྱེས་སུ་བསྒོམ་པ་དང་། ཐུན་མོང་མ་ཡིན་པའི་རྣལ་འབྱོར་པས་སྐྱེ་བར་འགྱུར་བའི་ཉམས་ལ་ངེས་ཤེས་སྐྱེས་སྐྱེས་སུ་བསྒོམ་པ་གཉིས་ལས། དང་པོ་ལ་རྣལ་འབྱོར་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཉམས་སུ་ལེན་པའི་གང་ཟག་གོ །ཏིང་ངེ་འཛིན་ནི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་བློའོ། །ཉམས་ཀྱི་སྣང་བ་ནི་དེ་དག་གི་ཉམས་མྱོང་ཚུལ་བཞིན་དུ་རྒྱུད་ལ་སྐྱེས་ཏེ། བདག་གཞན་མཉམ་པའམ་བདག་པས་གཞན་གཅེས་པར་སྣང་བའོ། །འདི་ལ་གསུམ་སྟེ། བྱམས་པ་བསྒོམ་པ། སྙིང་རྗེ་བསྒོམ་པ། བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །དང་པོ་ལ་གསུམ། ཉེ་བ་ལ་བྱམས་པ་བསྒོམ་པ། དགྲ་ལ་བྱམས་པ་བསྒོམ་པ། དེ་ཐམས་ཅད་ལ་བསྲེ་བའོ། །དང་པོ་ནི་མ་ལ་བྱམས་པ་བསྒོམ་པ། དེ་དང་གཉེན་བསྲེ། དེ་དང་ཐ་མལ་པ་གཞན་བསྲེ་བའོ། །དེ་དག་གི་བསྒོམ་ཚུལ་ཀྱང་། མ་འདི་དྲིན་ཆེ་བས་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་དུ་བསམ། གཉིས་པ་དེ་བཞིན་དུ་གཉེན་རྣམས་ཀྱིས་ཀྱང་མ་མ་བྱས་པ་མེད་དོ། །གསུམ་པ་དགྲ་དང་ཐ་མལ་པ་རྣམས་ཀྱིས་ཀྱང་མ་མ་བྱས་པ་མེད་པས་སེམས་ཅན་ཐམས་ཅད་བདག་གི་མ་ཡིན་ནོ་སྙམ་དུ་བསམ། སྙིང་རྗེ་བསྒོམ་པ་ལ་གསུམ། ཡུལ་སེམས་ཅན་སྡུག་བསྔལ་གྱིས་ཉེན་པ་རྣམས་ལ། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། སྡུག་བསྔལ་གྱི་རྒྱུའང་མ་རིག་པ་ལས་བྱུང་བ་ཡིན་པས་མ་རིག་པ་དང་བྲལ་བར་འདོད་པ་ཆོས་ལ་དམིགས་པའི་སྙིང་རྗེ་དང་། སེམས་ཅན་ཐམས་ཅད་ངོ་བོ་ཉིད་ཀྱིས་ཡང་དག་པར་མ་གྲུབ་པ་ཡིན་ཡང་སེམས་ཅན་འཛིན་པ་དང་བཅས་པ་ལ་དེ་དང་བྲལ་བར་འདོད་པའི་དམིགས་པ་མེད་པའི་སྙིང་རྗེ་བསྒོམ་པར་བྱའོ། །བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་ཡང་གསུམ། སྨོན་པའི་བདག་ཉིད་དང་། འཇུག་པའི་བདག་ཉིད་ཅན་དང་། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །དང་པོ་ལ་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པ་དང་། སེམས་ཅན་ཐམས་ཅད་ཐེག་པ་གསུམ་གྱི་སྒོ་ནས་མྱ་ངན་ལས་འདས་པའི་ས་ལ་བཞག་སྙམ་པ་དང་། རིགས་ཅན་གསུམ་ཀའང་རིམ་གྱིས་སྦྱངས་ལ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཞག་སྙམ་དུ་བསམ་པའོ། །འཇུག་པ་བྱང་ཆུབ་ཀྱི་སེམས་ལའང་གསུམ། བདག་གཞན་མཉམ་པ་བསྒོམ་པ་དང་། བདག་གཞན་བརྗེ་བ་བསྒོམ་པ་དང་། དེ་དག་གི་སྤྱོད་པ་ལ་བསླབ་པའོ། །དང་པོ་བདག་སྡུག་བསྔལ་སྤང་བར་འདོད་པ་བཞིན་སེམས་ཅན་གཞན་གྱི་སྡུག་བསྔལ་ཡང་སྤངས། བདག་བདེ་བ་བསྒྲུབ་པ་བཞིན་སེམས་ཅན་ཐམས་ཅད་ཀྱང་བདེ་བ་ལ་འགོད་སྙམ་པ་ལ་སོགས་པ་བསམ་མོ། །བརྗེ་བ་བསྒོམ་པ་ནི། སེམས་ཅན་གྱི་ལས་ངན་པ་དང་མི་དགེ་བ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག བདག་གི་ལུས་དང་ལོངས་སྤྱོད་དང་དགེ་བ་སེམས་ཅན་ཐམས་ཅད་ལ་འབུལ་བས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག་སྙམ་དུ་བསམ། གསུམ་པ་ནི། དེས་ན་ལུས་དང་ལོངས་སྤྱོད་དང་དགེ་བ་ཐམས་ཅད་སེམས་ཅན་ལ་འབུལ་བར་བསམ་ཞིང་ཅི་འགྲུབ་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ལ་བསླབ་པར་བྱའོ། །གསུམ་པ་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི། རྗེ་བཙུན་གྱིས་འདིར་ས་བཅད་ཙམ་ལས་མ་གསུངས་ཞིང་། བྲ་སྟོན་ཞུས་ལན་དུ། དོན་དམ་བྱང་ཆུབ་སེམས་ཀྱང་བསྒོམ་པར་བྱ། །ཞེས་པ་ཙམ་ལས་བསྒོམ་ཚུལ་གསལ་བར་མ་གསུངས་པ་ལ་ཁ་ཅིག་ལྟ་བ་འཁོར་འདས་དབྱེར་མེད་དུ་འཆད་པར་འགྱུར་བ་ལ་དགོངས་པ་ཡིན་ནོ་ཞེས་ཟེར་བ་ནི་མི་འཐད་དེ། འཁོར་འདས་དབྱེར་མེད་ནི་རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་དབང་གི་ཡེ་ཤེས་དང་སྦྱར་ནས་ཉམས་སུ་ལེན་རྒྱུ་ཡིན་པས་འདིར་ནི་ཐུན་མོང་གི་རྣལ་འབྱོར་པས་རྒྱུད་ལ་སྐྱེས་སྐྱེས་བསྒོམ་དགོས་པའི་རྣལ་འབྱོར་དུ་གསུངས་པའི་ཕྱིར་རོ། །ཡང་བླ་མ་དག་གི་ཁྲིད་ཡིག་ཏུ། བདག་གཞན་བརྗེ་བའི་ཡུལ་སེམས་ཅན་དང་། བརྗེ་བྱ་བདེ་སྡུག་རྣམས་སེམས་སྣང་ཙམ་ལས་བདེན་པར་གྲུབ་པ་མེད་དོ་སྙམ་དུ་བསྒོམ་པ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པར་གསུངས་མོད། དེ་ནི་བདག་གཞན་བརྗེ་བའི་བྱང་སེམས་ལ་འཁོར་གསུམ་རྣམ་དག་གིས་རྒྱས་བཏབ་ནས་བསྒོམ་པར་སོང་གི དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པར་མ་སོང་བ་ཡིན་ནོ། །འདིར་ཆོས་རྗེ་ཉན་ཆེན་པས་མཛད་པར་གྲགས་པའི་ཁྲིད་ཡིག་དང་། གླན་དཀར་བ་སེང་གེ་རྒྱལ་མཚན་གྱིས་མཛད་པའི་ཁྲིད་ཡིག་ཏུ། བྱང་ཆུབ་སེམས་འགྲེལ་དུ། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་སོགས་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་བསྒྲིབས་པ། །རྟག་ཏུ་སྟོང་ཉིད་མཚན་ཉིད་ཅན། །ཞེས་གསུངས་པའི་དོན་བསྒོམ་པར་གསུངས་པས་དེ་ལྟར་དུ་འཆད་པ་ལ་གསུམ་སྟེ། དོན་དམ་བྱང་ཆུབ་སེམས་ཀྱི་མཚན་ཉིད། དེ་རྟོགས་པར་བྱེད་པའི་ཐབས། དེ་རྒྱུད་ལ་བསྐྱེད་པའོ། །དང་པོ་ནི། ཕྱི་རོལ་པས་བརྟགས་པའི་བདག་དང་ཉན་ཐོས་པས་བརྟགས་པའི་ཕུང་སོགས་དང་། སེམས་ཙམ་པས་བརྟགས་པའི་རྣམ་རིག་གི་རྟོགས་པ་རྣམས་ཀྱིས་མ་བསྒྲིབས་པ་སྟེ། དེ་དག་གང་གིའང་ངོ་བོར་མ་གྲུབ་པ། རྟག་ཏུ་མཐའ་བཞིའི་སྤྲོས་པས་སྟོང་པའི་སྟོང་ཉིད་ཀྱི་མཚན་ཉིད་ཅན་ནོ། །གཉིས་པ་ནི། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང་། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཞེས་པ་ལྟར་ཞི་གནས་དང་ལྷག་མཐོང་གཉིས་སོ། །གསུམ་པ་ལ་ཞི་གནས་རྒྱུད་ལ་བསྐྱེད་པ་དང་། ལྷག་མཐོང་རྒྱུད་ལ་བསྐྱེད་པ་གཉིས་ལས། དང་པོ་ལ་ཡང་གསུམ་སྟེ། དང་པོར་བསྒྲིམས། བར་དུ་ལྷོད། ཐ་མར་རེས་འཇོག་ཏུ་བསྒོམ་པའོ། །དང་པོ་ལུས་ཀྱི་གནད་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་ལ་སོགས་པ་རྣམ་སྣང་གི་ཆོས་དྲུག་དང་ལྡན་པར་བྱ། དམིགས་རྟེན་གྱི་གནད་མེ་ཏོག་སྔོན་པོ་ལ་སོགས་པའི་དམིགས་རྟེན་མཛེས་པ་ཞིག་མིག་གི་ཐད་དུ་ཉེ་རིང་རན་པར་བཞག་སྟེ་རླུང་ལ་སོགས་པས་མི་གཡོ་བར་བྱའོ། །སྒོམ་ཚུལ་གྱི་གནད་ལུས་མི་འགུལ། མིག་རྫི་མ་མི་འཁྲབ་པར་དམིགས་རྟེན་དེའི་རྣམ་པ་གསལ་ཞིང་ཡུལ་གཞན་ལ་རྟོག་པ་མི་འཕྲོ་བར་བྱེད་པའོ། །དེའི་ཚུལ་ནི་མདོ་ལས། སེམས་འཇོག་པར་བྱེད། ཀུན་ཏུ་འཇོག་པར་བྱེད། ངེས་པར་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། འདུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུད་གཅིག་ཏུ་བྱེད། མཉམ་པར་འཇོག་པར་བྱེད། ཅེས་པ་སྟེ། སེམས་གནས་པའི་ཐབས་དགུ་གསུངས་པའི་དང་པོ་ནི། སྔར་གྱི་དམིགས་རྟེན་ལ་སེམས་གཏོད་པའི་ཚུལ་དེ་ཉིད་དོ། །གཉིས་པ་ནི། དམིགས་པ་དེ་ཉིད་ལས་གཞན་དུ་མི་གཡེང་བར་ཡུན་རིང་དུ་འཇོག་པའོ། །གསུམ་པ་ནི། རྣམ་གཡེང་བྱུང་ན་དེ་མྱུར་དུ་རྟོགས་པར་བྱས་ནས་སྔར་གྱི་དམིགས་པ་དེ་ལ་སླར་བླན་པར་བྱ་བའོ། །བཞི་པ་ནི། སེམས་ཕྱི་རོལ་དུ་མི་འཕྲོ་བར་བྱ་བའི་ཕྱིར། དྲན་པས་སེམས་ཡང་ནས་ཡང་དུ་ནང་དུ་སྡུད་པར་བྱེད་པའོ། །ལྔ་པ་ནི། ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བ་ལ་བརྟེན་ནས་གཟུགས་སྒྲ་སོགས་ལ་སེམས་འཕྲོར་མི་སྟེར་བའོ། །དྲུག་པ་ནི་རྣལ་འབྱོར་པའི་སེམས་རྣམ་པར་གཡེང་བ་དེའི་ཚེ་སེམས་འཁྲུགས་པར་བྱེད་པའི་རྒྱུ་ཉོན་མོངས་པ་དང་རྣམ་རྟོག་ལ་ཉེས་པར་བལྟས་ཏེ། གཉེན་པོས་ཞི་བར་བྱེད་པའོ། །བདུན་པ་ནི། བརྗེད་ནས་བསམ་གཏན་གྱི་མི་མཐུན་ཕྱོགས་བརྣབ་སེམས་དང་ཡིད་མི་བདེ་བ་སོགས་སྐྱེས་ན་དང་དུ་མི་ལེན་པར་ཞི་བར་བྱེད་པའོ། །བརྒྱད་པ་ནི། འབད་རྩོལ་དང་བཅས་པས་བྱིང་རྒོད་ཀྱི་མཚན་མ་མེད་ཅིང་ཏིང་ངེ་འཛིན་བར་མ་ཆད་པར་རྒྱུན་དུ་བསྒོམ་པའོ། །དགུ་པ་ནི། དེ་ལྟར་ཤིན་ཏུ་གོམས་པས་འབད་རྩོལ་མེད་པར་རང་གི་ངང་གིས་ཏིང་ངེ་འཛིན་གྱི་རྒྱུན་གཡེང་བ་མེད་པར་འབྱུང་བ་སྟེ། འདི་ནི་ཤིན་ཏུ་སྦྱངས་པའི་བདེ་བ་མ་སྐྱེས་ཀྱི་བར་དུ་འདོད་སེམས་རྩེ་གཅིག་པ་ཡིན་ལ། དེ་སྐྱེས་ནས་བསམ་གཏན་གྱི་སས་བསྡུས་ཀྱི་ཞི་གནས་མཚན་ཉིད་པའོ། །གཉིས་པ་ནི་དེ་ལྟར་ལེགས་པར་གོམས་པས་དམིགས་རྟེན་ལ་མ་དམིགས་ཀྱང་དེའི་རྣམ་པ་བློ་ལ་གསལ་བ་དེའི་ཚེ་དེའི་ངང་དུ་ཀློད་ནས་འཇོག་པའོ། །གསུམ་པ་ནི་དེ་ལྟར་བཞག་པས་ཅུང་ཟད་འཕྲོ་ན་སླར་ཡང་དམིགས་རྟེན་ལ་གཏད་ཅིང་བསྒོམ། ཡང་ཀློད་ཅིང་བསྒོམ་པའོ། །དེ་ལྟར་བསྒོམས་པས་གང་བློ་ཡུལ་དུ་བྱས་པ་དེ་ནི་ཤིན་ཏུ་གསལ་ལ་རྣམ་རྟོག་གཞན་དུ་མི་འཕྲོ་བ་ཇི་ཙམ་འདོད་ཀྱི་བར་དུ་གནས་པ་དེའི་ཚེ་ལྷག་མཐོང་བསྒོམ་པར་བྱའོ། །འདིར་ཁ་ཅིག་དམིགས་རྟེན་ཡང་མི་གསལ་བར་རྟོག་པ་གཞན་ལ་མི་འཕྲོ་བ་ཙམ་ལ་བསྒོམ་ཡང་དག་ཏུ་འདོད་པ་ནི་བསྒོམ་སྐྱོན་ངོས་མ་ཟིན་པ་ཡིན་ཞིང་། ཁ་ཅིག་མེ་ཏོག་ལ་སོགས་པའི་དམིགས་རྟེན་ལ་དམིགས་ནས་བསྒོམ་པ་ནི། ཧར་བསྒོམ་དུ་སོང་ཞིང་ལོ་ཙཱ་བ་ཆེན་པོ་ཡེ་ཤེས་སྡེས་བཀག་གོ་ཞེས་དང་། བསྒོམ་ཡིད་ཤེས་ཀྱི་སྟེང་དུ་བསྒོམ་རྒྱུ་ཡིན་པ་ལ་མིག་ཤེས་ཀྱི་སྟེང་དུ་བསྒྲུབ་པ་དོན་མེད་དོ་ཞེས་སྨྲ་བ་ནི། སྡོམ་འབྱུང་དང་། རྟོགས་བདུན་སོགས་སུ་སྒྲུབ་པ་པོའི་བསྐྱེད་རིམ་གྱི་དམིགས་པ་གསལ་བའི་ཆེད་དུ་ལྷ་སྐུ་བཞེངས་ཚུལ་དང་། རས་བྲིས་ཀྱི་ལྷ་ཞལ་མང་ཕྱག་མང་འབྲི་ཚུལ་གསུངས་པ་སུན་འབྱིན་པ་ཡིན་ཅིང་། གསུང་རབ་ཡིད་ཤེས་ཀྱི་སྟེང་དུ་ཤེས་རྒྱུ་ཡིན་པ་ལ་ཉན་ཤེས་ཀྱི་སྟེང་དུ་བསྒྲུབ་པ་དོན་མེད་དོ་ཞེས་ཉན་བཤད་ཐམས་ཅད་ཀྱང་འགོག་པར་བྱེད་པའི་ཚིག་གོ །གཉིས་པ་ལྷག་མཐོང་རྒྱུད་ལ་བསྐྱེད་པ་ལ་གསུམ་སྟེ། གསལ་བ་ངོས་བཟུང་། མཐའ་བྲལ་ལ་བློ་སྦྱོང་། བརྗོད་བྲལ་ལ་ངེས་ཤེས་བསྐྱེད་པའོ། །དང་པོ་ནི། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་སེམས་ཀྱིས་བྱས་ལ། བྱེད་པ་པོའི་སེམས་ཀྱང་གསལ་རིག་ཙམ་མོ་སྙམ་དུ་ངེས་པར་བྱས་ལ་དེའི་སྟེང་དུ་བློ་བཞག་གོ །གཉིས་པ་ནི། གསལ་རིག་ཙམ་དེ་ཡང་ཡང་དག་པར་ན་མཐའ་དབུས། རྟག་ཆད། སྐྱེ་འཇིག་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུར་ཤེས་པར་བྱས་ལ་དེའི་ངང་ལ་བློ་བཞག་གོ །གསུམ་པ་ནི། དེ་ལྟར་གསལ་བ་བཙལ་བས་མ་རྙེད་པ་དང་། འཚོལ་མཁན་གྱི་གསལ་ཙམ་ཉིད་མེ་དང་མེའི་ཚ་བ་ལྟར་དབྱེར་མེད་པར་ངེས་པར་བྱས་ལ་དེའི་སྟེང་དུ་བློ་བཞག་གོ །འདི་དག་ནི་ལམ་འབྲས་ལམ་སྐོར་དང་བཅས་པ་ནས་འབྱུང་ཚོད་ཙམ་མདོར་བསྡུས་ཏེ་གསུངས་པ་བཀོད་པ་ཡིན་ལ་རྒྱས་པར་དབུ་མའི་བསྟན་བཅོས་ལ་སྦྱངས་ནས་ཁོང་དུ་ཆུད་པར་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་རྣལ་འབྱོར་པས་སྐྱེ་བར་འགྱུར་བའི་ཉམས་ལ་ངེས་ཤེས་སྐྱེས་སྐྱེས་སུ་བསྒོམ་པ་ནི། ང་རྡོ་རྗེ་ཐེག་པའི་ལམ་ཟབ་མོ་ལ་ཞུགས་ནས་ཉམས་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པ་ཅིག་སྐྱེ་བར་འགྱུར་ཏེ། དེ་རྣམས་ཀྱི་མཐུན་པའི་ཕྱོགས་ལ་དགའ་བ་སྐྱེ་རྒྱུའང་མེད། མི་མཐུན་པའི་ཕྱོགས་དུ་མ་བྱུང་ཡང་མི་དགའ་བ་སྐྱེ་རྒྱུའང་མེད་དེ། རང་གི་རྩ་དང་རྩ་ཡི་གེ་དང་ཁམས་བདུད་རྩི་སྙིང་པོ་ཡེ་ཤེས་རླུང་གི་རྟེན་འབྲེལ་གྱིས་དབང་བྱས་པ་ལ་བརྟེན་ནས་ཉམས་སྣ་ཚོགས་འབྱུང་བའི་ཕྱིར་རོ། །དེ་ལྟར་ཉམས་བསམ་གྱིས་མི་ཁྱབ་པའང་བསྡུ་ན་བཅོ་ལྔར་འདུས་ཏེ་ལམ་གསུམ་དང་། དྲོད་གསུམ་དང་། རྟེན་འབྲེལ་གསུམ་དང་། ཉམས་གསུམ་དང་། ཏིང་ངེ་འཛིན་གསུམ་དུ་འདུའོ། །བཅོ་ལྔ་པོའང་ཏིང་ངེ་འཛིན་འབའ་ཞིག་ཏུ་འདུ་བ་ཡིན་ནོ་ཞེས་ཉམས་མ་སྐྱེས་པའི་གོང་ནས་ཉམས་ལ་སྤྲོས་པ་མཆོད་པར་བྱས་ལ། ལན་ཅིག་ཉམས་ནམ་སྐྱེས་པའི་ཚེ་འདི་ནི་ལུས་ཉམས་སོ། །འདི་ནི་སེམས་ཉམས་སོ། །ཞེས་བྱ་བ་ལ་སོགས་པ་ངོ་ཤེས་པར་བྱས་ལ་བྱུང་རྒྱལ་གྱིས་བསྐྱང་བར་བྱའོ། །གསུམ་པ་དག་པའི་སྣང་བ་བསྒོམ་པ་ནི། བདེ་བར་གཤེགས་པ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་དག་པའི་སྣང་བ་ཞེས་གསུངས་ཏེ། དག་པའི་སྣང་བ་འཆར་བའི་རྟེན་ནི་བདེ་བར་གཤེགས་པ་སྟེ། དེའི་སྐུ་མི་ཟད་པ་ནི་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་དང་། སྐུ་ཐམས་ཅད་པའོ། །གསུང་མི་ཟད་པ་ནི། གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་དང་། གསུང་ཐམས་ཅད་པའོ། །ཐུགས་མི་ཟད་པ་ནི། ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་དང་། ཐུགས་ཐམས་ཅད་པའོ། །དེ་ལ་གསང་བ་བསམ་གྱིས་མི་ཁྱབ་པའི་དོན་ནི། དེ་དག་གི་མཐའ་སུས་ཀྱང་རྟོགས་པར་མི་ནུས་པ་ཡིན་ལ། ཐམས་ཅད་པ་ནི་སྐུ་གང་ལ་གང་འདུལ་སྟོན་པ་དང་། གསུང་རིགས་དྲུག་སོ་སོའི་སྐད་དུ་ཆོས་སྟོན་པ། ཐུགས་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཡེ་ཤེས་སྐད་ཅིག་མ་གཅིག་གིས་མཁྱེན་པའོ། །རྒྱན་ནི་རང་གཞན་གཉིས་ཀ་ལ་མཛེས་པས་ན་རྒྱན། འཁོར་ལོ་ནི་མཛད་པ་ཕྲིན་ལས་ཀྱི་འཁོར་ལོ་སྟེ་དོན་བྱེད་པ་དང་། བྱས་པ་གཉིས་ཀས་ཀྱང་འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་གྱི་དོན་མཛད་པ་རྒྱུན་མི་ཆད་པར་བྱེད་པའོ། །དག་པའི་སྣང་བ་ནི་མདོར་ན་རང་གི་ཡེ་ཤེས་ཡོངས་སུ་དག་པ་ཉིད་ལས་མ་གཏོགས་པ་འཁོར་འདས་ཀྱི་སྣང་བ་ཐ་དད་མེད་པ་སྟེ། དེ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་བསྒོམ་སྟེ་ནམ་ཞིག་ན་འདི་ལྟ་བུ་ཐོབ་པར་འགྱུར་སྙམ་དུ་སྤྲོ་བ་ཁྱད་པར་ཅན་བསྒོམ་པའོ། །སྣང་བ་གསུམ་གྱི་སྒོ་ནས་དཀྲི་བ་བསྟན་ཟིན་ཏོ། །གཉིས་པ་རྒྱུད་གསུམ་གྱི་སྒོ་ནས་དཀྲི་བ་ནི། ཞུས་ལན་གསལ་བར། དེ་ཙམ་གྱིས་ནི་བློ་གྲོས་མ་འགེངས་པའི། །བློ་ཆེན་སྦྱངས་པ་ཟབ་མོ་དག་ལ་མོས། །རྡོ་རྗེ་འཆང་ཆེན་མྱུར་དུ་ཐོབ་འདོད་ན། །དེ་ལ་སྔགས་ཀྱི་ཐེག་པ་སྦྱིན་པར་བྱ། །ཞེས་གསུངས་ཏེ། འདི་ལ་གང་ལ་སྦྱིན་པའི་སྣོད། གང་སྦྱིན་པའི་ལམ། ཅི་ལྟར་སྦྱིན་པའི་ཚུལ་གསུམ་ལས། དང་པོ་ནི། སྔར་གྱི་ཕ་རོལ་དུ་ཕྱིན་པའི་ལམ་དེ་ཙམ་གྱི་བློ་གྲོས་མ་འགེངས་པ་སྟེ་མ་ཚིམ་ཞིང་། དབང་པོ་རྣོན་པོའི་ངོར་བྱས་ཏེ་ཞེས་གསུངས་པ་ལྟར་བློ་ཆེན་ཏེ་ཉེ་ལམ་གྱི་སྣོད་དུ་གྱུར་པས་དབང་པོ་རྣོ་བ་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་ལྟོས་ནས་སྦྱངས་པ་ཟབ་མོ་རྡོ་རྗེ་ཐེག་པ་ལ་མོས་པ་དང་། སྙིང་རྗེ་ཆེན་པོ་གཡོས་པའི་སྟོབས་ཀྱིས་སེམས་ཅན་གྱི་དོན་དུ་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་ཐོབ་པར་འདོད་པ་དེ་ལའོ། །གཉིས་པ་ནི། སྔགས་ཀྱི་ཐེག་པ་ཞེས་ཏེ་སྔགས་ཀྱི་སྐད་དོད་མནྟྲ་ཞེས་པའི་མ་ནོ་ཡིད་དང་། ཏ་ར་སྐྱོབ་པ་སྟེ་ཡིད་མཚན་རྟོག་ལས་སྐྱོབ་པའོ། །དེ་ཡང་རྒྱུད་གསུམ་ཀ་ལ་འཇུག་སྟེ། རྒྱུ་རྒྱུད་རང་བཞིན་གྱིས་མཚན་རྟོག་ལས་སྐྱོབ། ཐབས་རྒྱུད་གློ་བུར་གྱི་མཚན་རྟོག་སྤོང་བར་བྱེད། འབྲས་རྒྱུད་གློ་བུར་གྱི་མཚན་རྟོག་ལས་ཀྱང་གྲོལ་བའི་ཕྱིར་ཏེ། རྒྱལ་པོ་ཞེས་པ་རྒྱུད་གསུམ་ཀ་ལ་སྒྲ་བཤད་པ་བཞིན་ནོ། །ཐེག་པ་ནི་རྒྱུད་གསུམ་པོ་དེ་ཉིད་ལམ་དུ་བྱས་ཏེ་འདིས་འདོང་བས་ན་རྒྱུའི་ཐེག་པ་དང་། འདིར་འདོང་བས་ན་འབྲས་བུའི་ཐེག་པ་གཉིས་ལ་འཇུག་གོ །གསུམ་པ་ལ་གསུམ་སྟེ། རྒྱུ་ཆོས་ཅན་འཁོར་བའི་གནས་ཚུལ། ལམ་བསྒོམ་པའི་ཚུལ། འབྲས་བུ་སངས་རྒྱས་ཀྱི་སའོ། །དང་པོ་ནི་འདིར་མི་འཆད་དེ། མ་དག་པའི་སྣང་བའི་སྐབས་སུ་བསྟན་ཟིན་ཏོ་ཞེས་གསུངས་ལ་དེའི་དོན་ནི་སྤྱིར་རྒྱུ་རྒྱུད་རྒྱུད་འདིར་འཇུག་ཏུ་རུང་བའི་རྟེན་གྱི་གང་ཟག་ཙམ་ལ་བཤད་པའི་དབང་དུ་བྱས་ན་སློབ་དཔོན་གརྦྷ་རི་པས། རྒྱུ་རིགས་སྤང་བྱ་རྐྱེན་ལ་ལྟོས། །གང་ཟག་རྣམ་པ་བཞིར་ནི་འདོད། །ཅེས་པའི་དོན་མངོན་རྟོགས་ལྗོན་ཤིང་ལས་གསུངས་པ་ལྟར། རྒྱུ་ལ་ལྟོས་པ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རིགས་ཡོད་པ་དང་། རིགས་དང་སྤང་བྱ་ལ་ལྟོས་པ་བྱེ་བྲག་ཏུ་འགྲུབ་ཉེ་བ་ལ་དགོངས་ནས་ཁ་དོག་དང་དབྱིབས་ཀྱི་སྒོ་ནས་དང་། སྤང་བྱ་ཉོན་མོངས་པ་གང་ཤས་ཆེ་བའི་སྒོ་ནས་དེ་བཞིན་གཤེགས་པ་རིགས་ལྔ་སོ་སོའི་རིགས་སུ་ངེས་པ་དང་། རྐྱེན་ལ་ལྟོས་པ་སྐལ་དམན་རིམ་འཇུག་པ་དང་། སྐལ་ལྡན་ཅིག་ཆར་བ་སྟེ། རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་རྒྱུད་འདིར་དངོས་སམ་བརྒྱུད་པའི་སྒོ་ནས་འཇུག་ཏུ་རུང་ཞེས་པ་ལ་བཤད་པར་བྱ་བ་ཡིན་ཀྱང་འདིར་ནི་རྒྱུ་རྒྱུད་ཀྱི་གནས་ཚུལ་དམིགས་པར་དྲིལ་ནས་བསྒོམ་པའི་སྐབས་ཡིན་ལ། དེ་ནི་སྔར་མ་དག་པའི་སྣང་བ་བསྒོམ་པ་ལས་གཞན་མེད་ཅེས་པའི་དོན་ཏོ། །གཉིས་པ་ལ་གསུམ་སྟེ། གཞི་དམ་ཚིག་ལ་གནས་པར་བྱ་བ་དང་། གང་ཟག་བཀྲི་བའི་ཚུལ་གང་ཡིན་པ་དང་། ངེས་ཤེས་ཁྱད་པར་ཅན་བསྐྱེད་ལ་ཏིང་ངེ་འཛིན་ངོ་ཤེས་པར་བྱ་ཞིང་ལམ་གྱི་ས་མཚམས་རྣམ་པར་གཞག་པའོ། །དང་པོ་ནི། ལམ་ཐམས་ཅད་ཀྱི་རྩ་བ་ཡིན་ཞིང་། གང་ཟག་འབྲིང་གི་ལམ་གྱི་གཙོ་བོ་ཡིན་པས་དམ་ཚིག་ཉི་ཤུ་བསྐྱང་བར་བྱ་སྟེ། དབང་དང་དམ་ཚིག་ལ་གནས་པ་ནི་ལམ་ཐམས་ཅད་ཀྱི་གཞི་ཡིན་ནོ། །དེ་ལ་གནས་པས་གང་ཟག་ཐམས་ཅད་དཀྲིར་རུང་ངོ་ཞེས་གསུངས་སྟེ་འདིའི་དོན་ལ་དམ་ཚིག་མ་ཐོབ་པ་ཐོབ་པར་བྱེད་པ་དབང་གི་ཆོ་ག་དང་། ཐོབ་པ་མི་ཉམས་པར་བསྲུང་བ་དམ་ཚིག་གི་ཚོགས་བསྐྱང་བ་གཉིས་ལས། དང་པོ་ལ། དབང་གི་སྔོན་དུ་འགྲོ་བའི་སེམས་བསྐྱེད་དང་། དབང་གི་ཆོ་ག་དངོས་གཉིས། དང་པོ་ནི། ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་དབུ་མ་ལུགས་དང་། སེམས་ཙམ་ལུགས་ཀྱི་ཆོ་གའི་སྲོལ་གཉིས་དང་། རྡོ་རྗེ་ཐེག་པའི་ལུགས་ཀྱི་བརྒྱུད་པ་གཉིས་ལས་འོངས་པའི་མཎྜལ་ཚོམ་བུ་ལྔ་པ་ལ་བརྟེན་པའི་སེམས་བསྐྱེད་ཀྱི་ཆོ་ག་དང་། ཤིན་ཏུ་བསྡུས་པ་མངོན་རྟོགས་ལྗོན་ཤིང་ནས་བཤད་པའི་དབང་གི་སྔོན་འགྲོའི་སེམས་བསྐྱེད་ལྟ་བུ་གང་གིས་ཀྱང་རུང་སྟེ། འདིར་སྨོན་འཇུག་གིས་བསྡུས་པའི་ཀུན་རྫོབ་སེམས་བསྐྱེད་ཀྱི་སྡོམ་པ་ཐོབ་པ་གཙོ་བོ་ཡིན་པའི་ཕྱིར་རོ། །འོན་ཀྱང་བརྒྱུད་པ་རང་ལུགས་ཀྱི་ཆོ་ག་སྦྱར་ན་མཎྜལ་ཚོམ་བུ་ལྔ་པ་ལ་བརྟེན་པའི་སེམས་བསྐྱེད་ཀྱི་ཆོ་གའི་ནང་གི་རྣལ་འབྱོར་དབང་ཕྱུག་ནས་བརྒྱུད་པའི་ཆོ་ག་དེ་ཉིད་སྦྱར་བར་བྱ་བ་ཡིན་ནོ། །སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་སྐབས་འདིར་མི་རུང་ངོ་སྙམ་ན་དེ་མ་ཡིན་ཏེ། རྗེ་བཙུན་གྱིས་དབང་གི་སྔོན་འགྲོའི་སེམས་བསྐྱེད་དང་། སྟ་གོན་དང་འཇུག་པའི་སྐབས་སུ་ཐོབ་པའི་སེམས་བསྐྱེད་ཀྱི་བསླབ་བྱ་ཐམས་ཅད་བདེ་གཤེགས་བཀའ་འདས་ཀྱི་སྐབས་ཀྱི་བྱང་སེམས་དང་ཐུན་མོང་བའི་ཕམ་འདྲ་བཞི་བསྲུང་བ་ལ་བཤད་ཅིང་། བརྒྱུད་པ་གཉིས་ལྡན་གྱི་སེམས་བསྐྱེད་ཀྱི་ཆོ་གའི་སྐབས་སུ་ཡང་རྩ་བའི་ལྟུང་བ་བཞི་པོ་དེ་ཉིད་ལ་བཤད་པའི་ཕྱིར་རོ། །འོ་ན་དབུ་མ་ལུགས་ཀྱི་ཆོ་གས་ཐོབ་པའི་ཚེ་ན་ཡང་རྩ་བའི་ལྟུང་བ་བཞི་པོ་དེ་ཉིད་དུ་འདུས་པར་འགྱུར་རོ་སྙམ་ན། དེ་དག་ཏུ་འདུས་པའི་ཚུལ་ཡང་རྗེ་བཙུན་གྱིས་གསུངས་ཏེ་འདིར་མ་སྤྲོས་སོ། །དེ་ལྟར་ན། ལྟུང་བ་དང་ནི་ཕྱིར་བཅོས་དང་། །བསླབ་པར་བྱ་བའང་སོ་སོར་ཡོད། །ཅེས་པ་དང་འགལ་ལོ་སྙམ་ན། དེ་ནི་རྩ་བའི་ལྟུང་བའི་རྣམ་གྲངས་འཇོག་ཚུལ་བཞིར་འཇོག་པ་དང་། བཅུ་བཞིར་འཇོག་པའི་ཚུལ་ཐ་དད་དུ་ཡོད་ཅེས་པའི་དོན་ཡིན་གྱི་ངོ་བོ་ཐ་དད་པ་བཞེད་པ་ནི་མ་ཡིན་ཏེ། དཔེར་ན་དགེ་བསྙེན་གྱི་བསླབ་གཞི་ལྔ་དང་། མི་དགེ་བ་བཅུ་སྤོང་བཞིན་ནོ། །མདོར་ན་རྗེ་ས་པཎ་གྱིས་སེམས་བསྐྱེད་ཀྱི་ཆོ་ག་ཆེན་མོར་སེམས་ཙམ་པའི་གཞུང་ནས་བཤད་པའི་སྤྱོད་པ་དང་། དབུ་མའི་གཞུང་ནས་བཤད་པའི་ལྟ་བ་གཉིས་སྦྱར་བ་ནི་ལྟ་སྤྱོད་མ་ནོར་བ་ཡིན་པར་མཁས་པ་རྣམས་བཞེད་པར་གསུངས་པའི་དོན་གོ་ན་གནད་འདི་དག་རང་གྲོལ་དུ་འགྲོའོ། །གཉིས་པ་ལ་གཉིས་ཏེ། དབང་རིམ་གྱིས་པ་དང་། དབང་ཅིག་ཆར་བའོ། །དང་པོ་ལ་ཡང་ཐོག་མར་རྡོ་རྗེ་སློབ་མའི་དབང་ཙམ་བསྐུར་ནས་དྲན་པ་གཅིག་པའི་མངོན་རྟོགས་དང་། དེ་ལ་བརྟེན་ནས་དངོས་གྲུབ་ཕྲན་ཚེགས་སྒྲུབ་པའི་ཐབས་དང་། དམ་ཚིག་དང་སྡོམ་པའི་སྐོར་ལ་སློབ་ཏུ་འཇུག འོས་སུ་གྱུར་པ་ན་བུམ་དབང་གི་རྡོ་རྗེ་སློབ་དཔོན་གྱི་དབང་རྫོགས་པར་བསྐུར་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་རྫོགས་ཀྱི་བསྐྱེད་པའི་རིམ་པ་ལམ་གྱི་ཡན་ལག་དང་བཅས་པ་བསྟན་ནས་བཞི་འབུམ་ལ་སོགས་པའི་བསྙེན་པ་དང་། དེའི་བཅུ་ཆའི་སྦྱིན་སྲེག་བསྒྲུབ། འོས་སུ་གྱུར་པ་ན་དབང་གོང་མ་གསུམ་བསྐུར་ནས་ལྟ་བ་འཁོར་འདས་དབྱེར་མེད་མན་ཆད་ཀྱི་ལམ་བསྟན་པ་སྟེ་རིམ་པ་གསུམ་དུ་བྱས་པ་དང་། ཡང་དང་པོར་བུམ་དབང་རྫོགས་པར་བསྐུར་ནས་ལམ་སྔ་མ་ལྟར་བསྟན། དེ་ནས་མཆོག་དབང་གསུམ་བསྐུར་ནས་ལམ་སྔ་མ་ལྟར་བསྟན་པ་སྟེ་རིམ་པ་གཉིས་སུ་བྱས་པ་གཉིས་སུ་ཡོད་དོ། །གཉིས་པ་ནི། ནུབ་གཅིག་ལ་དབང་བཞི་རྫོགས་པར་བསྐུར་ནས་དམ་ཚིག་དང་སྡོམ་པའི་ཆོས་སྐོར་དང་། ལྟ་བ་འཁོར་འདས་དབྱེར་མེད་ནས་བརྩམས་ཏེ་ལམ་བསྒོམ་པའོ། །གང་ལྟར་ཡང་དབང་གི་ཆུ་བོ་ཆེན་མོ་དང་། མཆོག་དབང་གསུམ་གྲོལ་ལམ་ལ་བརྟེན་ནས་བསྐུར་བའི་མན་ངག་དང་། དབང་གི་ཆུ་བོ་མ་ནུབ་པར་བསྐུར་བའི་མན་ངག་གི་གནད་གསུམ་ལ་བརྟེན་ནས་ཡབ་ལ་བརྟེན་ནས་ལམ་བསྒོམ་ན། ཡབ་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར། ཡུམ་ལ་བརྟེན་ནས་ལམ་བསྒོམ་ན་ཡུམ་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྔར་གྱི་ཡིག་ཆ་གསུམ་པོ་དེའི་སྟེང་དུ་ཡུམ་གྱི་ཐུན་མོང་མ་ཡིན་པའི་ཁྱད་པར་རྣམས་ཕྱེད་པར་བྱས་ནས་དབང་བསྐུར་བ་ཡིན་ནོ། །གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་བ་དམ་ཚིག་གི་ཚོགས་བསྐྱང་བ་ལ་གཉིས་ཏེ། དབང་བཞིའི་དམ་ཚིག་སྤྱིར་བསྟན་པ་དང་། བུམ་དབང་གི་དམ་ཚིག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བཞི་སྟེ། དམ་ཚིག་ཉི་ཤུ་ངོས་བཟུང་། མི་ཉམས་པར་བསྐྱང་བའི་ཚུལ། ཉམས་པའི་རབ་ཏུ་དབྱེ་བ། ཉམས་ན་ཉམས་ཆག་བསྐང་བའི་ཚུལ་ལོ། །དང་པོ་ནི། དབང་བཞི་པོ་རེ་རེ་ལ་མཉམ་བཞག་གི། རྗེས་སྤྱོད་ཀྱི། བཟའ་བའི། བསྲུང་བའི། མི་འབྲལ་བའི་དམ་ཚིག་ལྔ་ལྔ་ཡོད་པ་ལས། བུམ་དབང་གི་མཉམ་བཞག་གི་དམ་ཚིག་བསྐྱེད་རིམ། རྗེས་སྤྱོད་ཀྱི་དམ་ཚིག་ངོ་བོ་ཉིད་གསུམ། བཟའ་བའི་དམ་ཚིག་ཤ་ལྔ་དང་བདུད་རྩི་ལྔའི་རིལ་བུ། བསྲུང་བའི་དམ་ཚིག་རྩ་བ་དང་ཡན་ལག་གི་ལྟུང་བ། མི་འབྲལ་བའི་དམ་ཚིག་རྡོ་རྗེ་དྲིལ་བུའོ། །གསང་དབང་གི་མཉམ་བཞག་གི་དམ་ཚིག་རྩ་རླུང་། རྗེས་སྤྱོད་རང་བྱུང་གི་ཡེ་ཤེས། བཟའ་བ་སྟོང་གསལ། བསྲུང་བ་རླུང་དང་རང་བྱུང་དང་འགལ་བ་མཐའ་དག མི་འབྲལ་བ་རླུང་ཞི་དྲག་གང་རུང་ངོ་། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་མཉམ་གཞག་གི་དམ་ཚིག་དཀྱིལ་འཁོར་འཁོར་ལོ། རྗེས་སྤྱོད་ལྷན་སྐྱེས། བཟའ་བ་བདེ་བ། བསྲུང་བ་ཐིག་ལེ་འཛག་པ་དྲུག མི་འབྲལ་བ་དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དབང་བཞི་པོའི་མཉམ་བཞག་གི་དམ་ཚིག་རྦ་རླབས་གསུམ། རྗེས་སྤྱོད་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད། བཟའ་བ་བདེ་ཆེན་བདེ་སྟོང་། བསྲུང་བ་སྒྲིབ་པ་གཉིས་ལས་ཤེས་བྱའི་སྒྲིབ་པ། མི་འབྲལ་བ་པདྨ་ཅན་དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱའོ། །གཉིས་པ་ལ་བཞི་སྟེ། ཚུལ་ཇི་ལྟ་བ་བཞིན་རྒྱུད་ལ་སྐྱེས་པས་མི་ཉམས་པར་བསྲུང་བ་དང་། རྣམ་གྲངས་རྗེས་སུ་དྲན་པས་མི་ཉམས་པར་བསྲུང་བ་དང་། ཉམས་སུ་མྱོང་བ་གང་རུང་ཅིག་རྒྱུད་ལ་སྐྱེས་པས་མི་ཉམས་པར་བསྲུང་བ་དང་། བླ་མ་དམ་པ་ལ་མོས་གུས་ཁྱད་པར་ཅན་གྱིས་མི་ཉམས་པར་སྲུང་བའོ། །གསུམ་པ་ལ་གཉིས་ཏེ། སྲིད་པའི་སྡུག་བསྔལ་བསྐྱེད་པའི་དམ་ཚིག་ཉམས་པ་དང་། ལམ་བསྒྲོད་པ་ལ་ཡུན་རིང་དུ་འགོར་བའི་དམ་ཚིག་ཉམས་པའོ། །དང་པོ་ནི། བུམ་དབང་གི་བསྲུང་བའི་དམ་ཚིག་རྩ་ལྟུང་བཅུ་བཞི་སྤོང་བ་ལས་ཉམས་པ་ཡིན་ལ། གཉིས་པ་ནི་ཕྱི་མ་བཅུ་དགུ་པོ་ལས་ཉམས་པའོ། །བཞི་པ་ནི་རྡོ་རྗེ་མཁའ་འགྲོ་སོགས་ཀྱི་ཉམས་ཆགས་བསྐང་ཞེས་ཏེ་གཞུང་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ། །གཉིས་པ་བུམ་དབང་གི་དམ་ཚིག་བྱེ་བྲག་ཏུ་བཤད་པ་ལ་ཕྱི་མ་གསུམ་ལས། དང་པོ་བསྲུང་བའི་དམ་ཚིག་ལ་སྤང་བྱ་སྤོང་བའི་དབང་དུ་བྱས་པ་དང་། བསྟེན་བྱ་བསྟེན་པའི་དབང་དུ་བྱས་པ་གཉིས་ལས། དང་པོ་ནི། རྩ་བ་དང་ཡན་ལག་གི་ལྟུང་བ་ཉི་ཤུ་རྩ་གཉིས་སྤོང་བ་སྟེ། རྩ་བའི་ལྟུང་བའི་རྒྱ་ཆེར་བཤད་པ་འཁྲུལ་པ་སྤོང་བ་ལ་ཐོས་བསམ་བྱས་པའི་སྒོ་ནས་བསྲུང་མཚམས་ཕྱེད་པར་བྱའོ། །གཉིས་པ་ནི། རྡོ་རྗེ་གུར་ལས། ཅི་སྲིད་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་གསུམ་ནི་རྟག་ཏུ་བཟུང་། །ཞེས་སོགས་བརྒྱད་དང་། རྟག་པར་རྒྱུན་དུ་སྔགས་བཟླ་ཞིང་། །ཞེས་སོགས་དགུ་སྟེ་བཅུ་བདུན་ལ་བསླབ་པར་བྱའོ། །ཕྱག་རྒྱ་བཅིངས་པ་རྣམ་སྤངས་ཤིང་ཞེས་སོགས་ནི་བརྟན་པ་ཐོབ་པའི་དམ་ཚིག་ཡིན་ནོ། །གཉིས་པ་ལ་མན་ངག་གི་སྐབས་སུ་སྔར་ལྟར་བདུད་རྩི་རིལ་བུ་ཉིད་ལ་བཤད། ཚོགས་འཁོར་ནི་ཉམས་ཆགས་བསྐང་བའི་སྐབས་སུ་བཤད་ཅིང་། མངོན་རྟོགས་ལྗོན་ཤིང་ལས་འདི་གཉིས་ལ་དུས་རྒྱུན་གྱི་བཟའ་བའི་དམ་ཚིག་དང་ཁྱད་པར་གྱི་དམ་ཚིག་ཅེས་པའི་ཐ་སྙད་མཛད་ཀྱང་ཉམས་ལེན་ལ་ཁྱད་མི་སྣང་སྟེ། ཚོགས་འཁོར་ནི་བཟའ་བའི་དམ་ཚིག་གི་ཆེད་དང་། ཉམས་ཆགས་བསྐང་བ་གཉིས་ཀར་གྱི་ཆེད་དུ་ཉམས་སུ་བླང་དགོས་པས་སོ། །གསུམ་པ་ནི། གྲུབ་ན་དམ་ཚིག་གི་བྲིས་སྐུ་དང་། རྒྱུད་ཀྱི་གླེགས་བམ་དང་། རྡོ་རྗེ་དྲིལ་བུ་རྣམས་མཚན་ཉིད་དང་ལྡན་པ་ཚུལ་བཞིན་དུ་མི་འབྲལ་བར་འཆང་ཞིང་དེ་ཙམ་མ་གྲུབ་ན་དམ་ཚིག་གི་རྡོ་རྗེ་དང་དྲིལ་བུ་ཚད་དང་ལྡན་པ་རབ་གནས་ལེགས་པར་བྱས་པ་མི་འབྲལ་བར་བཅང་ངོ་། །འདི་ལ་ཁ་ཅིག་ཟླ་བ་གཅིག་བྲལ་ན་ལྟུང་བ་འབྱུང་གི ཞག་ཉི་ཤུ་ཙམ་བྲལ་ཡང་ལྟུང་བ་མི་འབྱུང་བར་འདོད་པ་ནི་ཧ་ཅང་ཐལ་ལོ། །འོ་ན་ཅི་ཙམ་ཞིག་བྲལ་ན་ལྟུང་བ་འབྱུང་ཞེ་ན། ཡན་ལག་གི་ལྟུང་བ་འཆད་པ་ན། ཉན་ཐོས་དག་ཏུ་རློམ་བྱེད་པའི། །ནང་དུ་ཞག་བདུན་གནས་པ་དང་། །ཞེས་གསུངས་པའི་རིགས་པས། དགོས་པ་ཁྱད་པར་ཅན་གྱི་ཕྱིར་ཞག་དྲུག་ཚུན་ལ་ལྟུང་བ་མེད་ལ། ཞག་བདུན་འདས་ན་ལྟུང་བ་འབྱུང་ལ་དགོས་པ་མེད་པར་ཞག་གཅིག་བྲལ་ནའང་ལྟུང་བ་འབྱུང་ངོ་། །བུམ་དབང་གི་རྩ་བའི་ལྟུང་བ་མི་འབྱུང་བར་བྱ་བའི་ཕྱིར་བསླབ་པ་དང་། བྱུང་བ་ཕྱིར་བཅོས་པའི་ཐབས་ནི་འཁྲུལ་སྤོང་ལས་ཤེས་པར་བྱའོ། །གཉིས་པ་གང་ཟག་བཀྲི་བའི་ཚུལ་གང་ཡིན་པ་ལ་གཉིས་ཏེ། ལྟ་བས་སྤྲོས་པ་བཅད་པའི་ཕྱིར་ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་དབྱེར་མེད་བསྒོམ་པ་དང་། ལམ་གྱི་ཉམས་བསྐྱེད་པའི་ཕྱིར་ལུས་ཐབས་རྒྱུད་ལ་དབང་བཞི་དང་རྗེས་སུ་འབྲེལ་བའི་ལམ་བསྒོམ་པའོ། །དང་པོ་ལ་ལྟ་བ་དབང་གི་རྗེས་སུ་བསྒོམ་པའི་རྒྱུ་མཚན། རིམ་གཉིས་ཀྱི་ཐོག་མར་བསྒོམ་པའི་དགོས་པ། གཞི་གང་ལ་བསྒོམ་པ། བསྒོམ་བྱ་ལྟ་བའི་ངོ་བོ། ཚུལ་ཇི་ལྟར་བསྒོམ་པ་དང་ལྔ་ལས། དང་པོ་ནི། དབང་གསུམ་པའི་སྐབས་སུ་སྐྱེས་པའི་ཡེ་ཤེས་དེ་ཉིད་ལ་གང་ཟག་གི་བདག་ཏུ་ལོག་པར་རྟོག་པ་དགག་པ་དང་། ཡེ་ཤེས་དེའི་རྒྱུན་གོམས་པའི་ཕྱིར། དབང་གི་ཡེ་ཤེས་ལ་ངོ་སྤྲོས་པའི་སྒོ་ནས་བསྒོམ་དགོས་པས་དབང་གོང་མའི་རྗེས་སུ་བསྒོམ་པ་སྟེ། རྩ་རྒྱུད་དང་པོའི་བཅུ་པར། ཕྱི་ནས་དེ་ཉིད་ཡང་དག་བཤད། །རྣམ་དག་ཡེ་ཤེས་གཟུགས་ཅན་དང་། །འཁོར་བ་རྣམ་པར་རྟོག་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་ཤིང་། འདི་ནི་དབང་བཞི་པ་ཚིག་ཙམ་གྱིས་བསྐུར་བ་སྟོན་པའི་སྐབས་ཡིན་ཀྱང་། གསུམ་པའི་ཡེ་ཤེས་ལ་སངས་རྒྱས་ཀྱི་ཡེ་ཤེས་ཚིག་གིས་ངོ་སྤྲོད་པ་ཚིག་གི་བཞི་པ་དང་། ཡེ་ཤེས་དེ་ཉིད་ལམ་གྱི་སྐབས་སུ་སྐྱོང་བར་བྱེད་པ་ལམ་དུ་བྱེད་པའི་བཞི་པ་ཡིན་པས་གནད་གཅིག་པའི་ཕྱིར་རོ། །གཉིས་པ་ནི། འོག་ནས་འབྱུང་བའི་བསྐྱེད་རྫོགས་ཀྱི་ལམ་ཐམས་ཅད་རྣམ་པ་དེ་དང་དེའི་རྣམ་པར་སྣང་ཡང་། རང་གི་ངོ་བོའམ་གོ་ཡུལ་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལས་མ་འདས་པར་ཤེས་པའི་ཆེད་དུ་ཐོག་མར་ལྟ་བ་བསྒོམ་དགོས་ཏེ། སམྦུ་ཊི་ལས། དང་པོར་སྟོང་ཉིད་བསམ་ནས་ནི། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །ཞེས་དང་། མདོ་སྡུད་པ་ལས། སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་སྟེ། །ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་དེ་བཞིན་ནོ། །དགེ་ཆོས་ཆུད་མི་གསན་ཕྱིར་ཡོངས་སུ་འཛིན་པ་ཡིན། །འདིས་ནི་ཆོས་རྣམས་ཐམས་ཅད་ཚུལ་གཅིག་སྟོན་པར་བྱེད། །ཅེས་སོ། །གསུམ་པ་ནི་ཀུན་གཞི་རྒྱུ་རྒྱུད་ལ་ཞེས་པ་སྟེ། འདིར་ལུས་སེམས་གཉིས་ཀྱི་ནང་ནས་སེམས་ལ་གནད་དུ་བསྣུན་ནས་བསྒོམ་ཞེས་པའི་དོན་ནོ། །འོ་ན་ཕ་རོལ་ཏུ་ཕྱིན་པའི་བསྒོམ་ཚུལ་དང་ཁྱད་པར་མེད་པར་འགྱུར་རོ་སྙམ་ན། དབང་རབ་དང་འབྲིང་དུ་ཐོབ་པ་ལ་ནི་འདི་བསྒོམ་པའི་དུས་ཉིད་ན་དབང་གི་སྐབས་སུ་སྐྱེས་པའི་མཚོན་བྱེད་དཔེའི་ཡེ་ཤེས་དང་བསྲེས་ནས་བསྒོམས་པས་བསྒོམས་ཚུལ་ཁྱད་ཆེ་ལ། དབང་ཐ་མར་ཐོབ་པ་ལ་ནི་འདི་བསྒོམས་པས་ནམ་ཞིག་ན་མཚོན་བྱེད་དཔེའི་ཡེ་ཤེས་རྟོགས་བྲལ་སྐྱེ་ཞིང་དེ་བསྒོམས་པས་མཚོན་བྱ་དོན་གྱི་ཡེ་ཤེས་མྱུར་དུ་འདྲེན་ལ། ཕ་རོལ་ཏུ་ཕྱིན་པའི་བསྒོམ་པ་ལ་ནི་ཇི་སྲིད་མཐོང་ལམ་མ་སྐྱེས་ཀྱི་བར་དུ་སེམས་རྟོག་བྲལ་ཏུ་འགྱུར་བ་མི་སྲིད་པས་ཁྱད་པར་ཤིན་ཏུ་ཆེའོ། །འོ་ན་ཀུན་གཞི་རྒྱུ་རྒྱུད་ཀྱི་དོན་གང་ཞེ་ན། རྫོགས་པའི་སངས་རྒྱས་ཀྱི་རྒྱན་སྟུག་པོ་བཀོད་པ་དང་། ལང་ཀར་གཤེགས་པའི་མདོ་ལ་སོགས་པ་མདོ་སྡེ་དུ་མར། ཀུན་གཞིའི་རྣམ་པར་ཤེས་པ་ཞེས་མང་དུ་གསུངས་པའི་དོན་ལ་སེམས་ཙམ་པ་རྣམས། རྣམ་ཤེས་ཚོགས་བདུན་ལས་དོན་གཞན་དུ་གྱུར་པའི་ཤེས་པ་བདེན་གྲུབ་པ་བག་ཆགས་བདེན་གྲུབ་བསྒོ་བའི་གཞིར་གྱུར་པ། ཀུན་ནས་ཉོན་མོངས་པ་དང་། རྣམ་བྱང་གི་ཆོས་ཀུན་གྱི་རྒྱུར་གྱུར་པ། ས་བོན་གྱི་ཆ་ཉན་ཐོས་དགྲ་བཅོམ་ནས་ལྡོག་ཀྱང་། རྣམ་སྨིན་གྱི་ཆ་སངས་རྒྱས་ཀྱི་སའི་བར་ལ་རྒྱུན་མ་ཆད་པར་ཡོད་པ་ཞིག་ལ་འཆད་ཀྱང་། རྣལ་འབྱོར་དབང་ཕྱུག་གི་བཞེད་པས་སེམས་མྱོང་རིག་བྱེ་བྲག་ཏུ་མ་ཕྱེ་བ། རིས་སམ་ཕྱོགས་སུ་མ་ལྷུང་བ། ཐབས་རིག་པ་གསལ་ལ་མ་འགགས་པ། ངོ་བོ་སྟོང་པ་ཉིད་ལ་ཀུན་གཞིའི་སྒྲས་བསྟན་པར་གསུངས་སོ། །དེའི་དོན་ཐོག་མ་མེད་པ་ནས་སངས་རྒྱས་ཀྱི་སའི་བར་ལ་རྒྱུན་མ་ཆད་པའི་སེམས་གསལ་བ་ཙམ་འདི་ཉིད་གནས་སྐབས་སུ་རྐྱེན་དབང་གིས་དགེ་མི་དགེ་དང་། རྣམ་ཤེས་ཚོགས་བདུན་དང་། སེམས་སེམས་བྱུང་གི་ཆོས་དུ་མར་འགྱུར་ཡང་དེ་དག་གི་སྒོ་ནས་མི་འཇོག་པར་གསལ་ཙམ་རྒྱུན་མ་ཆད་པའི་སྒོ་ནས་འཇོག་པས་ན་རིས་སམ་ཕྱོགས་སུ་མ་ལྷུང་བ། སེམས་ཅན་ནས་སངས་རྒྱས་ཀྱི་སའི་བར་དུ་གསལ་ཙམ་རྒྱུན་མ་ཆད་པར་ཡོད་པས་ན་ཐབས་རིག་པ་གསལ་ལ་མ་འགགས་པ། དེའི་ངོ་བོ་ལ་དཔྱད་ན། མཐའ་བཞིའི་སྤྲོས་པས་སྟོང་པས་ན་ངོ་བོ་སྟོང་པ་ཉིད་དོ། །དེས་ན་སེམས་ཙམ་པས་བདེན་པར་གྲུབ་པའི་རྒྱུ་མཚན་གྱིས་འཁོར་འདས་ཀུན་གྱི་གཞིར་རུང་བར་འདོད་ཅིང་། འདིར་ནི། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཉིད། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་མི་རུང་ཉིད། །ཅེས་པའི་ཚུལ་གྱིས་བདེན་པས་སྟོང་པའི་རྒྱུ་མཚན་གྱིས་བྱ་བྱེད་རུང་བར་བཤད་པ་ནི་ཁྱད་པར་རོ། །ཀླུ་སྒྲུབ་ཡབ་སྲས་ཀྱང་དོན་འདི་ཉིད་བཞེད་དེ། བྱང་ཆུབ་སེམས་འགྲེལ་ལས། དཔེར་ན་ཁབ་ལེན་མཐོང་བ་ན། །ལྕགས་ནི་ཡོངས་སུ་མྱུར་དུ་འགུལ། །འདི་ལ་སེམས་ཡོད་མིན་ནའང་། །སེམས་དང་བཅས་པ་བཞིན་དུ་སྣང་། །དེ་བཞིན་ཀུན་གཞིའི་རྣམ་པར་ཤེས། །སེམས་མེད་སེམས་དང་བཅས་པ་བཞིན། །འགྲོ་དང་འོང་བ་རྣམ་གཡོ་ཞིང་། །རྟག་ཏུ་སྲིད་པ་གསུམ་པོ་ལེན། །དཔེར་ན་རྒྱ་མཚོའི་མཐའ་མ་ལས། །ངེས་པར་རླབས་ནི་རྣམ་པར་གཡོ། །དེ་བཞིན་ཀུན་གཞིའི་རྣམ་པར་ཤེས། །ལུས་ལ་བརྟེན་ཏེ་གཡོ་བར་བྱེད། །ཞེས་ཀུན་གཞི་གསུངས་ཤིང་ཟླ་བས་འཇུག་འགྲེལ་དུ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་ཞུགས་པའི་ཕྱིར་སྟོང་པ་ཉིད་ཁོ་ན་ཀུན་གཞིའི་རྣམ་པར་ཤེས་པའི་སྒྲས་བསྟན་པར་རིག་པར་བྱའོ། །ཀུན་གཞིའི་རྣམ་པར་ཤེས་པ་འབའ་ཞིག་ཡོད་པར་མ་ཟད་ཀྱི་གང་ཟག་ཀྱང་ཡོད་དེ། དེས་གདུལ་བའི་སྐྱེ་བོ་ལ་དེ་ཡོད་པ་ཉིད་དུ་བསྟན་པས་རྗེས་སུ་འཛིན་པའི་ཕྱིར་རོ་ཞེས་གསུངས་སོ། །གཞིའི་སྐབས་སུ་ཀུན་གཞི་ཁས་ལེན་པས་སེམས་ཙམ་པ་ཡིན་ཞེས་པ་དང་། དབུ་མ་ཐལ་འགྱུར་བས་ཀུན་གཞི་ཐ་སྙད་དུ་ཡང་ཁས་མི་ལེན་ཞེས་སྨྲ་བ་ནི་གསུང་རབ་གོང་འོག་གི་བབས་དང་གྲུབ་མཐའི་རྣམ་དབྱེ་ཡེ་མ་ཕྱེད་པའོ། །རྗེ་བཙུན་གོང་མས་འདི་དང་ཆོས་དབྱིངས་ཀྱི་སྒྲ་དོན་འདྲ་བར་བཤད་དེ། ཆོས་ནི་འཁོར་བའི་ཆོས་ཕུང་ཁམས་སྐྱེ་མཆེད་དང་། མྱ་ངན་ལས་འདས་པའི་ཆོས་སྟོབས་ལ་སོགས་པ་ཡིན་ལ། དབྱིངས་ནི་དྷ་ཏུ་ཞེས་པ་རྒྱུ་སྟེ། དེ་ཡང་ས་བོན་མྱུ་གུའི་རྒྱུ་ཡིན་པ་ལྟར་སྐྱེས་བྱེད་ཀྱི་རྒྱུ་མ་ཡིན་གྱི། རང་བཞིན་ལྷུན་གྲུབ་ཀྱི་རྒྱུ་ཡིན་པས་དབྱིངས་སུ་བསྒྱུར་བ་སྟེ། ཐབས་ཀྱིས་མ་ཟིན་ན་འཁོར་བའི་ཆོས་ཀྱི་རྒྱུ་བྱེད། ཐབས་ཀྱི་ཟིན་ན་མྱང་འདས་ཀྱི་ཆོས་ཀྱི་རྒྱུ་བྱེད་པར་དག་ལྡན་ལས་གསུངས་སོ། །འོན་ཀྱང་ཀུན་གཞིར་འཇོག་པ་ནི་གསལ་བའི་ཆ་ནས་འཇོག་པ་གཙོ་ཆེ་ཞིང་ཆོས་དབྱིངས་སུ་འཇོག་པ་ནི་སྟོང་པའི་ཆ་ནས་འཇོག་པ་གཙོ་ཆེ་ལ་ངོ་བོ་ཟུང་འཇུག་ཡིན་པ་ལ་ནི་ཁྱད་པར་མེད་དོ། །རྒྱུ་རྒྱུད་དུ་འཇོག་པ་སོགས་ནི་ཀུན་གཞིའི་ཡིག་ཆུང་བཞིན་ཤེས་པར་བྱའོ། །བཞི་པ་ནི། འཁོར་འདས་དབྱེར་མེད་ཅེས་པ་སྟེ། འཁོར་བ་ནི་ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དང་། མྱ་ངན་ལས་འདས་པ་ནི་དེའི་ཆོས་ཉིད་ཡིན་ལ་དབྱེར་མེད་པ་ནི་ཟུང་དུ་འཇུག་པའོ། །དེ་སྐད་དུ་ཡང་། རྩ་རྒྱུད་ཕྱི་མའི་བཞི་པར། འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤང་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་བ་ཚོར་བ་ལ་སོགས་པ། །འཁོར་བ་དབང་པོ་རྣམས་ཉིད་དེ། །འཁོར་བ་ཞེ་སྡང་ལ་སོགས་པ། །འདི་རྣམས་ཆོས་ནི་མྱ་ངན་འདས། །རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པ་ནི། །འཁོར་བ་མྱ་ངན་འདས་པར་འགྱུར། །བྱང་ཆུབ་སེམས་ནི་མྱ་ངན་འདས། །ཀུན་རྫོབ་དོན་དམ་ཚུལ་ཅན་ནོ། །ཞེས་སོ། །ཞིབ་ཏུ་ཕྱེ་ན་ལྷན་ཅིག་སྐྱེས་པའི་ཆོས་གསུམ་གྱི་སྐབས་སུ་གསལ་བ་འཁོར་བ། སྟོང་པ་མྱང་འདས། ཟུང་འཇུག་དབྱེར་མེད་པ། ཉམས་སུ་བླང་བའི་གནད་གསུམ་གྱི་སྐབས་སུ་སེམས་དང་སྒྱུ་མ་གཉིས་གསལ་བ་ཉམས་སུ་ལེན་པ་ཡིན་པས་འཁོར་བ། རྟེན་འབྲེལ་སྟོང་པ་ཉམས་སུ་ལེན་པ་ཡིན་པས་མྱང་འདས། བརྗོད་བྲལ་དབྱེར་མེད་དོ། །ཡང་དང་པོའི་སྐབས་སུ་སྣང་བ་འཁོར་བ། སེམས་མྱང་འདས། ཟུང་འཇུག་དབྱེར་མེད་པ། གཉིས་པའི་སྐབས་སུ་སེམས་འཁོར་བ། སྒྱུ་མ་མྱང་འདས། ཟུང་འཇུག་དབྱེར་མེད། གསུམ་པའི་སྐབས་སུ་སྒྱུ་མ་འཁོར་བ་སོགས་སྦྱར་བར་བྱའོ། །རྒྱུད་གསུམ་གྱི་སྐབས་སུ་རྒྱུ་རྒྱུད་ནི་སྔར་དང་འདྲ་ལ། ཐབས་རྒྱུད་ལ་སྦྱང་གཞི་འཁོར་བ། སྦྱོང་བྱེད་མྱང་འདས། དབྱེར་མེད་དུ་སྦྱར་བ་དབྱེར་མེད། འབྲས་རྒྱུད་ཀྱི་སྐབས་སུ་ལྷུན་གྲུབ་འཁོར་བ། གནས་འགྱུར་མྱང་འདས། མི་འགལ་བ་དབྱེར་མེད་སོགས་ཞིབ་ཏུ་བླ་མའི་མན་ངག་དང་། ཡིད་བཞིན་གྱི་ནོར་བུ་ལྟ་བུའི་གཞུང་རྩ་འགྲེལ་གྱི་སྟེང་དུ་རྟོགས་པར་བྱའོ། །ལྔ་པ་ནི་བསྒོམ་པ་ཞེས་པ་སྟེ། ལྷན་ཅིག་སྐྱེས་པའི་ཆོས་གསུམ་གྱི་སྒོ་ནས་མདོར་བསྟན་པ་དང་། ཉམས་སུ་བླང་བའི་གནད་གསུམ་གྱི་སྒོ་ནས་རྒྱས་པར་བཤད་པ་དང་། རྒྱུད་གསུམ་གྱི་སྒོ་ནས་ཤིན་ཏུ་རྒྱས་པར་བཤད་པ་རྣམས་འཁོར་འདས་དབྱེར་མེད་རྩ་འགྲེལ་བཞིན་དུ་ཞིབ་ཏུ་བསྒོམ་པར་བྱའོ། །གཉིས་པ་ལམ་གྱི་ཉམས་བསྐྱེད་པའི་ཕྱིར་ལུས་ཐབས་རྒྱུད་ལ་དབང་བཞི་དང་རྗེས་སུ་འབྲེལ་བའི་ལམ་བསྒོམ་པ་ལ། རིམ་པ་གཉིས་སུ་བསྡུ་བའི་ཚུལ་དང་། ལམ་བཞིར་བསྡུ་བའི་ཚུལ་གཉིས་གསུངས་པ་ལས། དང་པོ་ནི། རྩ་རྒྱུད་ལས། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱི་ཆོས་འཆད་དོ། །ཞེས་དང་། འདུས་པའི་རྒྱུད་ཕྱི་མར། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པའི་རིམ་པ་ཉིད་དང་ནི། །དེ་བཞིན་རྫོགས་པའི་རིམ་ཉིད་དོ། །ཞེས་བླ་མེད་ཀྱི་ལམ་ཐམས་ཅད་རིམ་པ་གཉིས་སུ་འདུས་པར་བཞེད་པ་ལྟར་འདིར་ཡང་རིམ་པ་གཉིས་སུ་བསྡུ་བའི་ཚུལ་གསུངས་ཏེ། ཞུས་ལན་གསལ་བར། ལྟ་བ་ཡང་དག་བསམ་པས་རྒྱུད་སྦྱངས་ནས། །དེ་ནས་རིམ་གཉིས་བསམ་གཏན་བསྒོམ་པར་བྱ། །ཞེས་སོ། །འདི་ལ་མངོན་རྟོགས་ལྗོན་ཤིང་ལས། བསྐྱེད་རྫོགས་ཐུན་མོང་གི་ཆོས་དྲུག་གིས་ངེས་ཤེས་བསྐྱེད་པར་གསུངས་པ་ལྟར་འདིར་ཡང་འདྲ་སྟེ། བསྐྱེད་རྫོགས་ཐུན་མོང་ཆོས་དྲུག་དྲན་བྱ་ཞིང་། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་རིམ་པ་གཉིས་ལས། བསྐྱེད་རིམ་ལ་ཡང་གདུལ་བྱའི་བློ་རིགས་ལ་ལྟོས་ནས་འོག་ནས་འཆད་པར་འགྱུར་བ་ལྟར། སྤྱན་དབུ་མ་ལ་སེམས་འཛིན་པ་ནས་སྣོད་བཅུད་ལྷའི་འཁོར་ལོར་ཤར་ཤར་གྱི་བར་དུ་བསྐྱེད་རིམ་བསྟན་པར་བྱས་ནས། རྫོགས་རིམ་བསྒོམ་པའི་ཚུལ་དང་། ཐུན་སྟོད་ལ་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་རྫོགས་སམ། ལྷན་ཅིག་སྐྱེས་པ་གང་རུང་རྟེན་དུ་བྱས་ནས་གཙོ་བོར་རྫོགས་རིམ་བསྒོམ་པའི་ཚུལ་གཉིས་གསུངས་ཏེ། ཞུས་ལན་གསལ་བར། བསྐྱེད་པའི་རིམ་ནས་རིམ་གྱིས་བློ་སྦྱངས་སམ། །དེ་ཉིད་རྟེན་དུ་འཛིན་ཏམ་བློ་རིགས་གཉིས། །དང་པོ་བསྐྱེད་པའི་རིམ་པ་ཉིད་ལ་ནི། །བློ་ཡིས་སྣང་བ་ཐོབ་ཀྱི་བར་དུ་སྟེ། །གཉིས་པ་དཀྱིལ་འཁོར་རྫོགས་པའམ་ལྷན་ཅིག་སྐྱེས། །གང་རུང་སྔོན་དུ་སོང་ནས་རྫོགས་རིམ་བསྒོམ། །ཞེས་གསུངས་སོ། །གཉིས་པ་རྫོགས་རིམ་ལ། ཁམས་འདུས་པ་དང་པོར་རླུང་གཏུམ་མོ་དྲོད་རྟགས་ཀྱི་ལམ་ཁྲིད་པ། འདུས་པ་བར་པ་ལ་ཐིག་ལེ་བདེ་སྟོང་གི་ལམ་ཁྲིད་པ། འདུས་པ་ཐ་མ་ལ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་ཁྲིད་པ་དང་གསུམ་ལས་དང་པོ་ནི། གསང་དབང་གི་ལམ། གཉིས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་ལམ། གསུམ་པ་ནི་དབང་བཞི་པའི་ལམ་སྟེ། དེས་ཁམས་འདུས་པ་གསུམ་ཆོད་ནས་འདུས་པ་ཐ་མར་ལུང་བསྟན་པའི་བུ་མོ་པདྨ་ཅན་ལ་བརྟེན་ནས་གྲུབ་མཐའ་སྙོགས་པར་བཞེད་དོ། །གཉིས་པ་ལ་བཞི་སྟེ། བུམ་དབང་གི་ལམ་བསྐྱེད་པའི་རིམ་པ། གསང་དབང་གི་ལམ་བདག་བྱིན་གྱིས་བརླབས་པའི་རིམ་པ། ཤེས་རབ་ཡེ་ཤེས་ཀྱི་ལམ་དཀྱིལ་འཁོར་འཁོར་ལོ། དབང་བཞི་པའི་ལམ་རྡོ་རྗེ་རྦ་རླབས་སོ། །དང་པོ་ལ་གཉིས་ཏེ། ཕྱི་བསྐྱེད་པའི་རིམ་པ་དང་། ནང་བསྐྱེད་པའི་རིམ་པའོ། །དང་པོ་ལ་གཉིས་ཏེ། བསྐྱེད་རིམ་གྱི་བྱ་བ་དང་། བསྐྱེད་རིམ་གྱི་སེམས་འཛིན་ནོ། །དང་པོ་ནི། དེ་ནས་བསྒྲུབ་པ་ལ་འཇུག་པའི་སྔོན་དུ་བླ་མ་ལ་ལམ་དུས་ཀྱི་དབང་བླངས་ཏེ་དམ་ཚིག་གསོ། བླ་མ་མི་བཞུགས་ན་བདག་ཉིད་ཀྱིས་བསྒྲུབ་པའི་དཀྱིལ་འཁོར་བྲིས་ལ་བདག་འཇུག་རྒྱས་པར་བྱ། མི་མཐུན་པའི་རྐྱེན་སྤངས་ནས་མཐུན་པའི་ཆས་འགྲིག་པའི་ཚེ་བསྒྲུབ་པ་ལ་འཇུག དེའང་བསྐྱེད་པའི་རིམ་པའི་ལམ་ལ་བརྟེན་ནས་བསྙེན་པ་བཞི་འབུམ་ལ་སོགས་པ་ཅི་འགྲུབ་པ་བཟླ། དེའི་བཅུ་ཆའི་སྦྱིན་སྲེག་བྱ་ཞེས་གསུང་ལ། སྐབས་འདིར་ཕྱི་བསྐྱེད་པའི་རིམ་པའི་རྣམ་གཞག བདག་མེད་རྣལ་འབྱོར་ལྡན་པའམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང་། །དངོས་གྲུབ་འདོད་པས་མི་གནས་སོ། །ཞེས་པ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་སྒྲུབ་པའི་མངོན་རྟོགས་ཀྱི་གཙོ་བོའི་སྒོ་ནས་ཡབ་ཀྱི་བསྐྱེད་རིམ་དང་། ཡུམ་གྱི་བསྐྱེད་རིམ་གཉིས་སུ་དབྱེ་བ་དང་། རྩ་རྒྱུད་ལས། བསྙེན་སྒྲུབ་ཡན་ལག་བཞིའི་ཆིངས་དང་། གུར་ལས་ཡན་ལག་དྲུག་གི་ཆིངས་གསུངས་པ་ལ་བརྟེན་ནས་འཆིང་བྱེད་མངོན་རྟོགས་ཀྱི་སྒོ་ནས་ཡན་ལག་བཞི་པའི་ཕྱོགས་དང་། ཡན་ལག་དྲུག་པའི་ཕྱོགས་གཉིས་སུ་དབྱེ་བ་དང་། རྩ་རྒྱུད་དང་པོའི་བརྒྱད་པར། མངོན་བྱང་མི་མཉམ་སྦྱོར་ཨཱ་ལི་ཀཱ་ལི་སྤང་མ་སྤང་གཉིས། མཉམ་སྦྱོར་གཅིག་སྟེ་གསུམ་དང་། ཕྱི་མའི་ལྔ་པར་སྐད་ཅིག་གིས་བསྐྱེད་པ་དང་། ས་བོན་ལས་བསྐྱེད་པ་གཉིས་གསུངས་པ་ལ་བརྟེན་ནས་བསྐྱེད་ཆོག་གི་སྒོ་ནས་མངོན་བྱང་ལས་བསྐྱེད་པ་དང་། ས་བོན་ལས་བསྐྱེད་པ་དང་། སྐད་ཅིག་གིས་བསྐྱེད་པ་སྟེ་གསུམ། དང་པོ་ལ་ཡང་ཨཱ་ལི་ཀཱ་ལི་ལ་ལྟོས་པ་དང་མི་ལྟོས་པ་གཉིས། དང་པོ་ལ་མི་མཉམ་སྦྱོར་དང་། མཉམ་སྦྱོར་གཉིས་སུ་ཕྱེ་བའི་ཚུལ་དང་། གང་ཟག་གི་རྟོགས་པའི་རིམ་པས་བསྐྱེད་ཆོག་ཆད་བྲི་བའི་སྒོ་ནས་སྔར་གྱི་མངོན་པར་རྟོགས་པ་དེ་དག་ལ་བཅུ་བཞིར་ཕྱེ་བའི་ཚུལ་དང་། དེ་དག་ཀྱང་སྦྱང་གཞི་སྤྱིར་མ་དག་པའི་སྣང་བ་མཐའ་དག་སྦྱོང་བ་དང་། བྱེ་བྲག་ཏུ་སྔོན་འགྲོས་ལས་ཉོན། གཞལ་ཡས་ཁང་གིས་མ་དག་པའི་སྣོད། བསྐྱེད་ཆོག་གིས་སྐྱེ་གནས་བཞི། ཁ་དོག་དང་ཕྱག་མཚན་གྱིས་ཉོན་མོངས་པ་ལྔ་སྦྱོང་བ་དང་། ཕྱག་དང་ཞབས་ཀྱི་རྣམ་འགྱུར་གྱིས་ཟུང་འཇུག་བསྒྲུབ་པ་དང་། དེ་ཐམས་ཅད་ཀྱང་ལམ་བྱེད་བཞིས་ལམ་དུ་བྱེད་པའི་ཚུལ་དང་། ལམ་གྱི་ཡན་ལག་མཆོད་གཏོར་གྱི་རྣལ་འབྱོར་ལ་སོགས་པ་མཉམ་པར་མ་བཞག་པའི་རྣལ་འབྱོར་བརྒྱད་དང་། སྦྱིན་སྲེག་གི་ཚུལ་རྣམས་བརྒྱུད་པའི་མན་ངག་ཇི་ལྟ་བ་བཞིན་ལེགས་པར་བསྟན་ནས། ཉམས་སུ་ལེན་པ་པོས་ཀྱང་ཚུལ་བཞིན་དུ་ཤེས་པར་བྱས་ཏེ། སྔར་གསུངས་པ་ལྟར་བསྙེན་པ་དང་། སྦྱིན་སྲེག་གི་སྒྲུབ་པ་ལ་འཇུག་པར་བྱའོ། །གཉིས་པ་བསྐྱེད་རིམ་གྱི་སེམས་འཛིན་ནི། སྒྲུབ་པའི་རྗེས་ནས་ཐུན་བཞིའི་ཚུལ་གྱིས་ཉམས་སུ་བླངས་ཏེ། རེ་རེ་ལ་ཡང་འཇུག་པའི་རིམ་པ་དང་། གནས་པའི་རིམ་པ་དང་། ལྡང་བའི་རིམ་པ་གསུམ་གསུམ་ལས། དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནས་བརྩམ་སྟེ། ཡན་ལག་བཞི་པ་ལྟར་ན་དབུ་རྒྱན་ལ་རིགས་བདག་ཚར་བའི་བར་རམ། ཡན་ལག་དྲུག་པ་ལྟར་ན་བསྟོད་པ་རིན་འབྱུང་གི་ཡན་ལག་གི་བར་རྣམ་རྟོག་གཞན་དུ་མི་འཕྲོ་བར་དྲག་ལ་གསལ་བ་ཡུན་ཐུང་བའི་ཚུལ་གྱིས་ཚིག་གིས་བརྗོད་པའི་རྗེས་སུ་ཤེས་པ་ཁྲི་ལི་ལི་འགྲོ་བའི་སྒོ་ནས་བསྒོམ་པའོ། །གཉིས་པ་ནི། དཀྱིལ་འཁོར་བསྡུས་ལ་གཙོ་བོའི་ང་རྒྱལ་ལ་གནས་པའམ་དཀྱིལ་འཁོར་མ་བསྡུས་ཀྱང་རུང་སྟེ། ཐོག་མར་སྤྱན་དབུ་མ་ལ་སེམས་བཟུང་སྟེ། དེའང་གསལ་ན་གསལ་ཏེ་འཕྲོ་བཅད་དེ་བསམ་གཏན་གྱི་དུག་དབྱུང་། མི་གསལ་ན་མི་གསལ་ཏེ་འཕྲོ་བཅད་དེ་བསམ་གཏན་གྱི་དུག་དབྱུང་། འཕྲོ་བཅད་ཀྱང་རྣམ་པ་ཝལ་ཝལ་བྱུང་ན་བསམ་གཏན་གྱི་དུག་ཡིན་པས་བུམ་པའམ་སྣམ་བུ་ལ་སོགས་པ་དངོས་པོ་གཞན་ལ་ཤེས་པ་ཡེངས་སུ་བཅུག ཡང་བསྒོམ་སྟེ་གསལ་ན་གསལ་ཏེ་འཕྲོ་བཅད་ཅིང་ཡེངས་སུ་བཅུག་ཏེ་བསྒོམ་པས་གསལ་གདབ་པའོ། །དེ་ལྟ་བུའི་ཚུལ་གྱིས་བསམ་གཏན་གྱི་དུག་དབྱུང་ཞིང་ཡང་ནས་ཡང་དུ་གོམས་པར་བྱས་ཀྱང་དམིགས་པ་གསལ་བ་མ་བྱུང་ན་བརྗོད་ནས་གསལ་གདབ་པ་ཞེས་བྱ་བ་བསྒོམ། དེ་ལ་ཡང་གཉིས་ལས། རང་གིས་བརྗོད་པས་གསལ་གདབ་པ་ནི། སྤྱན་དབུ་མ་སྤྱན་རྩ་ཁྲོ་ཞིང་དམར་བ་ཞེས་བརྗོད་ལ་སྔ་མ་བཞིན་དུ་བསམ་གཏན་གྱི་དུག་དབྱུང་ཞིང་བསྒོམ། དེས་ཀྱང་གསལ་བ་མ་བྱུང་ན་གཞན་དག་ཅིག་སྤྱན་དབུ་མ་ཞེས་བརྗོད་དུ་བཅུག་ལ་ཡང་བསམ་གཏན་གྱི་དུག་དབྱུང་ཞིང་བསྒོམ། དེས་ཀྱང་མི་གསལ་ན་བལྟས་པས་གསལ་གདབ་པ་ཞེས་བྱ་བ་སྤྱན་དབུ་མ་ཤིན་ཏུ་མཛེས་པ་ཅིག་བྲིས་ལ་བལྟས་ཤིང་བསམ་གཏན་གྱི་དུག་དབྱུང་ཞིང་བསྒོམ། དེ་དག་གི་དུས་སུ་ཡང་མ་བསྒོམ་ཙ་ན་རྣམ་པ་ཝལ་ཝལ་བྱུང་ན་བསམ་གཏན་གྱི་དུག་ཡིན་པས་གཞན་ལ་ཤེས་པ་ཡེངས་སུ་བཅུག དེ་ལྟར་བསྒོམས་པས་གང་ལ་གསལ་བར་འདོད་པ་དེ་ལ་གསལ་བར་བྱུང་ན་ལྷ་སོ་སོའི་དག་པ་པོ་རུ་སླེབ་པ་ཡིན། གསལ་འཕྲོ་ལ་མེད་པར་འདོད་ན་མེད་པར་བྱ་བར་ནུས་ན་དེ་བཞིན་ཉིད་ཀྱི་དག་པ་པོ་རུ་སླེབ། དེ་དག་ལ་བརྟེན་ནས་ཞི་གནས་ཀྱི་ཉམས་ཁྱད་པར་ཅན་སྐྱེས་པ་ནི་རང་རིག་པའི་དག་པ་པོ་རུ་སླེབ་པའོ། །དེ་ལྟར་བསྐྱེད་པའི་རིམ་པའི་སྐུའི་ཕྱོགས་གཅིག་ལ་སེམས་བརྟན་པར་ཟིན་ནས། སྐུའི་ཕྱོགས་གཞན་ལ་དམིགས་པ་སྤོ་བར་བྱ་སྟེ། ཐུན་དང་པོ་ལ་སྤྱན་དབུ་མ་བསྒོམ། གཉིས་པ་ལ་སྤྱན་གསུམ་གསལ་གདབ། གསུམ་པ་ལ་ཁྲོ་གཉེར། བཞི་པ་ལ་ཤངས། དེ་ཙམ་གསལ་བར་མ་ནུས་ན་ཡང་ཐུན་བཞི་ཀ་ལ་སྤྱན་གསུམ་གསལ་བཏབ་པའམ། འོག་མ་རྣམས་ལ་ཡང་དེ་བཞིན་དུ་དམིགས་པ་བརྟན་བརྟན་གྱི་བར་དུ་བསྒོམ་པར་བྱའོ། །བློ་མྱུར་ན་ཉི་མ་གཉིས་པའི་ཐུན་དང་པོ་ལ་ཞལ་གྱི་མཆེ་བ་གསལ་གདབ། གཉིས་པ་ལ་སྙན། གསུམ་པ་ལ་རྩ་ཞལ། བཞི་པ་ལ་གཡས་དཀར་བ། ཉི་མ་གསུམ་པའི་ཐུན་དང་པོ་ལ་རྩ་ཞལ་དང་གཡས་དཀར་བ། གཉིས་པ་ལ་གཡོན་དམར་བ། གསུམ་པ་ལ་གཡས་པའི་ཞལ་གཉིས་གནག་པ། བཞི་པ་ལ་གཡོན་པའི་ཞལ་གཉིས་གནག་པ་དང་སྟེང་གི་ཞལ་གསལ་གདབ། ཉི་མ་བཞི་པའི་ཐུན་དང་པོ་ལ་ཞལ་བརྒྱད། ཐུན་གཉིས་པ་ལ་དབུའི་གཙུག་ཏོར་དང་དབུ་སྐྲ་དམར་སེར་སྣ་ཚོགས་རྡོ་རྗེ་དང་། ཐུན་གསུམ་པ་ལ་རུས་པའི་འཁོར་ལོ་དང་རྣ་རྒྱན་ལ་སོགས་པའི་དབུ་རྒྱན་རྣམས། ཐུན་བཞི་པ་ལ་སྐུ་བྱིན་པོ་མགུལ་རྒྱན་ལ་སོགས་པ་དང་བཅས་པ་གསལ་གདབ། ཉི་མ་ལྔ་པའི་ཐུན་དང་པོ་ལ་དབུ་དང་སྐུ་བྱིན་པོ་གསལ་གདབ། གཉིས་པ་ལ་ཕྱག་གཡས་པ་བརྒྱད་ཕྱག་མཚན་དང་བཅས་པ། གསུམ་པ་ལ་གཡོན་པའི་ཕྱག་བརྒྱད་ཕྱག་མཚན་དང་བཅས་པ་དང་། མི་མགོ་ལ་སོགས་པ་སྐུའི་རྒྱན་མེ་རི་དང་བཅས་པ་གསལ་གདབ། བཞི་པ་ལ་བདུད་བཞི་མནན་པའི་ཞབས་གསལ་གདབ། ཉི་མ་དྲུག་པའི་ཐུན་དང་པོ་ལ་གཙོ་བོ་ཡབ་ཡུམ་དང་གཽ་རཱི། གཉིས་པ་ལ་ཙཽ་རཱི། གསུམ་པ་ལ་བཻ་ཏ་ལཱི། བཞི་པ་ལ་གྷསྨ་རཱི། ཉི་མ་བདུན་པའི་ཐུན་དང་པོ་ལ་གཙོ་འཁོར་ལྔའི་སྟེང་དུ་པུཀྐ་སཱི། གཉིས་པ་ལ་ཤ་བ་རཱི། གསུམ་པ་ལ་ཙཎྜ་ལཱི། བཞི་པ་ལ་གཡུང་མོ་གསལ་གདབ། ཉི་མ་བརྒྱད་པའི་ཐུན་དང་པོ་ལ་ལྷ་དགུ་གཞལ་ཡས་ཁང་དང་བཅས་པ། གཉིས་པ་ལ་དུར་ཁྲོད། གསུམ་པ་ལ་སྲུང་འཁོར། བཞི་པ་ལ་ཁམས་གསུམ་སྣོད་བཅུད་དཀྱིལ་འཁོར་གྱི་འཁོར་ལོར་གསལ་གདབ་པའོ། །གསུམ་པ་ནི། དེ་ལྟར་ཐུན་རེ་རེའི་དམིགས་པ་དེ་ཙམ་གྱིས་རྫོགས་པའི་རྗེས་སུ་དག་པ་དྲན་པ་དང་། སྔགས་ཀྱི་བཟླས་པ་རྣམས་བྱས་ནས་དཀྱིལ་འཁོར་མ་བསྡུས་ན། སྐབས་འདིར་དཀྱིལ་འཁོར་བསྡུས་ཏེ། གཙོ་བོའི་ང་རྒྱལ་གྱིས། ཐུན་གཏོར་བཏང་བའམ་མི་བཏང་ན་རྡོ་རྗེའི་གླུ། བཀྲ་ཤིས་ཀྱི་ཚིགས་བཅད། སྨོན་ལམ་བཏབ་པ་རྣམས་བྱས་ནས་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་རྣམས་བྱའོ།། །།དེ་ལྟར་ཕྱི་བསྐྱེད་པའི་རིམ་པའི་དམིགས་པ་བརྟན་ནས། རྫོགས་རིམ་རླུང་དང་། གཏུམ་མོའི་རྣལ་འབྱོར་བསྒོམ་པ་ལ་འཇུག་པ་ཁྲིད་ཡིག་གཉིས་སུ་གསུངས་ལ། ལམ་སོགས་ཉི་ཤུའི་སྐབས་སུ། བུམ་དབང་གི་ལམ་ནང་བསྐྱེད་པའི་རིམ་པ་ལ་གསུངས་པ་དང་། བརྡའ་དོན་གསལ་བའི་འགྲེལ་པར་ཡང་དེ་ལྟར་གསུངས་པ་ལྟར་སྐབས་འདིར་ནང་བསྐྱེད་པའི་རིམ་པ་བསྒོམ་པ་ཕྱག་ལེན་ལ་མཛད་དོ། །འདི་ལ་སྔོན་འགྲོ་ལམ་དུས་ཀྱི་དབང་ཕྱག་ལེན་བཞིན་བསྐུར་ནས། དེའི་འོག་ཏུ་དམིགས་པ་གསལ་བ་བསྟན་པར་བྱ་སྟེ། སྤྱིར་ལུས་དཀྱིལ་རྒྱུད་ལས་ཇི་ལྟར་གསུངས་པའི་ཚུལ། མན་ངག་གིས་ཅི་ལྟར་བཀྲལ་བའི་ཚུལ། ཕྱི་དཀྱིལ་ལས་ལུས་དཀྱིལ་ཟབ་པའི་རྒྱུ་མཚན། གནས་གང་དུ་རྣམ་པ་ཇི་ལྟར་བསྒོམ་པ་སོགས་ལ་རྟོག་གེས་བརྟག་པའི་རང་བཟོ་ཐམས་ཅད་བསལ་ནས། ལུང་རིགས་མན་ངག་གི་སྒོ་ནས་ཕྱིན་ཅི་མ་ལོག་པར་བཤད་ནས་དམིགས་པ་རང་གི་ངོ་བོ་ལ་རྒྱས་པར་ན་བདུན། འབྲིང་དུ་ན་ལྔ། བསྡུས་པ་ན་གསུམ་བྱ་བར་གསུངས་པས། དང་པོ་ནི་རྟེན་ལུས་དཀྱིལ་ལ་གཅིག ཕོ་བྲང་ལྔ་ལ་རེ་རེ། ཡན་ལག་གི་ལྷ་རྣམས་ལ་གཅིག་གོ །གཉིས་པ་ནི། རྟེན་ལུས་དཀྱིལ་དང་ཐུགས་ཀའི་ཕོ་བྲང་ལ་གཅིག ཕོ་བྲང་བར་པ་གསུམ་ལ་རེ་རེ། སྤྱི་བོའི་ཕོ་བྲང་དང་ཡན་ལག་གི་ལྷ་རྣམས་ལ་གཅིག་གོ །གསུམ་པ་ནི་ཐོག་མཐའ་གཉིས་འདི་དང་འདྲ་བ་ལ། ཕོ་བྲང་བར་པ་གསུམ་ལ་དམིགས་པ་གཅིག་གོ །གང་ལྟར་ཡང་བརྟེན་པ་ལྷ་གསལ་འདེབས་པའི་ཚེ་ལྟེ་བའི་ཕོ་བྲང་ནས་གསལ་འདེབས་ཏེ། ལུས་གྲུབ་པའི་ཚེ་ཐོག་མར་ལྟེ་བ་གྲུབ་པའི་གནད་ཀྱིས་སོ། །སེམས་འཛིན་པའི་ཚེ་ཐོག་མར་སྙིང་ཁ་ནས་འཛིན་ཏེ། སེམས་གཙོ་བོ་སྙིང་ཁར་གནས་པས་འཛིན་སླ་བའི་གནད་ཀྱིས་སོ་ཞེས་གསུང་ངོ་། །དེ་ལྟར་བསྐྱེད་པའི་རིམ་པ་དབྱིབས་ཀྱི་ལམ་བསྒོམ་པས་ལྟ་བ་ངོ་བོ་ཉིད་གསུམ་ནི། སྣང་ཕྱོགས་ཀྱི་ངོ་བོ་ཉིད། སྟོང་ཕྱོགས་ཀྱི་ངོ་བོ་ཉིད། ཟུང་འཇུག་གི་ངོ་བོ་ཉིད་འཆར་རོ། །དེ་གོམས་པས་གྲུབ་མཐའ་འཁོར་འདས་དབྱེར་མེད་ནི། འཇིག་རྟེན་ལས་འདས་པའི་ས་དྲུག་ལ་སྟོང་གསུམ་ཡུངས་འབྲུར་ཚུད་པ་ལ་ཆེ་ཆུང་མེད། རྩིག་པ་དང་རི་ལ་སོགས་པ་ལ་ཐོགས་པ་མེད། ཆུ་བོ་གྱེན་ལ་བཟློག ཉི་ཟླ་གཏེང་པར་འཛིན། གཅིག་ལས་མང་པོར་བྱེད་ཅིང་། མང་པོ་ལས་གཅིག་ཏུ་བྱེད་པ་ལ་སོགས་པ་འབྱུང་ངོ་། །གྲུབ་མཐའ་མ་སྙོགས་ན་འདའ་ཀ་མ་གོང་དུ་འཕོ་བ་ལ་གསུམ་སྟེ། སྣང་བ་བསྒྱུར་བའི་འདའ་ཀ་མ། འོད་ཀྱི་གོང་བུས་འཕོ་བའི་འདའ་ཀ་མ། སྒྲས་འཕོ་བའི་འདའ་ཀ་མ་གསུམ་མོ། །འབྲས་བུ་སྤྲུལ་པའི་སྐུ་རང་བཞིན་ལྷུན་གྲུབ་ནི་འབྲས་བུའི་སྐབས་ཉིད་དུ་འཆད་པར་འགྱུར་བས་འདིར་མ་བརྗོད་དོ། །དེ་ལྟར་ན་གཙོ་བོ་བུམ་དབང་གི་ལམ་དང་ཞར་ལས་བྱུང་བ་ལྟ་བ་སོགས་བཞི་སྟེ་བུམ་དབང་གི་ལྔ་བཤད་ཟིན་ཏོ།། །།གཉིས་པ་གསང་དབང་གི་ལམ་རང་བྱིན་གྱིས་བརླབས་པའི་རིམ་པ་ལ་གཉིས་ཏེ། སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་ལ་གཉིས་ལས། ཁྲིད་ཀྱི་སྔོན་འགྲོ་ནི། དེ་ནས་ཡང་གྲུབ་ན་བླ་མ་ལ་དབང་བླང་། འདི་དང་བསྐྱེད་རིམ་གྱིས་བསྒྲུབ་པའི་སྔོན་གྱི་ལམ་དུས་ཀྱི་དབང་གཉིས་ཀ་ཡང་རྒྱུ་དབང་ལམ་དུ་བྱེད་པའོ། །མ་གྲུབ་ན་བདག་འཇུག་བྱ། དེའང་མ་གྲུབ་ན། མཐུན་རྐྱེན་ཚོགས་བསག་པ་མཎྜལ་དང་། འགལ་རྐྱེན་སྒྲིབ་པ་སྦྱོང་བ་ཡི་གེ་བརྒྱ་པའི་བསྒོམ་བཟླས་བྱ་སྟེ། འདིར་ཐོག་མར་སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་གདབ་པ་དང་། བླ་མས་རླུང་ལྟས་བརྟག་པ་དང་། ཁྲིད་ཀྱི་སྔོན་འགྲོ་བསག་སྦྱང་གི་རྣལ་འབྱོར་གཉིས་བྱེད་དུ་བཅུག་ནས་གྲངས་ལ་བརྟག་པ་དང་། ཐུན་གྱི་སྔོན་འགྲོ་བསམ་གཏན་གྱི་ཡན་ལག་དགུ་པོ་རྣམས་རྗེ་བཙུན་གྱི་རླུང་གི་སྦྱོར་བ་བདུན་ལ་ཕྱག་ལེན་གྱིས་བརྒྱན་པ་བཞིན་བསྟེན་ཅིང་ཉམས་སུ་བླང་བར་བྱའོ། །ལུས་སྦྱོང་གི་སྐབས་སུ། ཡན་ལག་ལྔ་སྦྱོང་གསུངས་པ་ནི་བསྡུས་པ་ཡིན་ལ། རྒྱས་པར་ན་ལུས་སྦྱོང་ཉི་ཤུ་པ་བྱ་སྟེ་གཞུང་བཤད་ཟླ་རྒྱལ་མ་ལ་སོགས་པ་རང་ལུགས་ཀྱི་གཞུང་དུ་འབྱུང་བས་འདི་དང་། བདེ་མཆོག་པ་དང་། དུས་འཁོར་ཙ་མི་ལུགས་གསུམ་ཀའི་སྤྱི་མ་ལྟ་བུ་ཡིན་ནོ། །ཁ་ཅིག་ལུས་སྦྱོང་རྒྱས་པ་ཕྲིན་ལས་སོ་གཉིས་ལ་བྱེད་པ་ནི་ལུས་སྦྱོང་དང་འཁྲུལ་འཁོར་གྱི་ཁྱད་པར་མ་ཕྱེད་པའོ། །བླ་མ་ཕྱི་མ་ཁ་ཅིག ས་ར་ཧ་བརྒྱད། སྲོན་པའི་དྲུག གླན་གྱི་ཉེར་གཅིག་རྣམས་བྱེད་པ་ཡོད་ཀྱང་། དང་པོ་ནི། དེ་ཉིད་ཀྱིས་མཛད་པའི་དོ་ཧ་ལས་ཀྱང་། གཏུམ་མོའི་དམིགས་པ་ཅུང་ཟད་འབྱུང་བས་དེ་དུས་སམ། ཕྱག་རྒྱ་ཆེན་པོ་བརྡའ་རྩ་བདུན་སོགས་ལ་རིགས་ནའང་འདིར་མི་སྦྱོར་རོ། །གཉིས་པ་ནི་དུས་འཁོར་སྲོན་ལུགས་ལ་རིགས་ཀྱང་འདིར་འབྲེལ་མེད་དོ། །གསུམ་པ་ནི་ཁ་ཅིག་དམར་གྱི་སློབ་མ་གླན་རིན་ཆེན་འབར་ཡིན་ཞིང་། དེ་ནས་བརྒྱུད་པའི་མན་ངག་ཡིན་པས་ས་སྐྱ་པ་རང་ལུགས་ཡིན་ཟེར་ཀྱང་འདི་རྩ་བའི་ཐུག་ས་གླན་སྒོམ་ཤེས་རབ་བཟང་པོ་སོགས་ཡིན་པར་སྣང་བས་རང་ལུགས་ཀྱི་དོན་མེད་དོ་གསུངས་ངོ་། །གཉིས་པ་དངོས་གཞི་ལ་རླུང་དང་། གཏུམ་མོ་གཉིས་ལས། དང་པོ་ནི། བསམ་གཏན་གྱི་དངོས་གཞི་ལ་དམིགས་པའི་ལུགས་མང་ན་ཡང་རྣལ་འབྱོར་གྱི་དབང་ཕྱུག་འདི་ནི་ཁམས་འདུས་པ་དང་པོ་རླུང་གཏུམ་མོ་དྲོད་རྟགས་ཀྱི་ལམ་ཁྲིད་པ་ཞེས་བྱ་བ་ཡིན་པས་རླུང་གི་རྣལ་འབྱོར་གཙོ་བོར་བཞེད་དེ། འདིའི་རྒྱུ་མཚན་ཞིབ་ཏུ་བླ་མས་འཆད་པར་འགྱུར་རོ་ཞེས་གསུང་། དེ་ཡང་གནད་ཀྱི་གསལ་བྱེད་ལས། སྤྱིར་རླུང་གི་རྣམ་པར་གཞག་པ་ཤེས་པར་འདོད་ན་ལྔས་རིགས་པར་བྱ་སྟེ། སྤྱིར་རླུང་ཞེས་བྱ་བ་རང་གི་ངོ་བོ་གང་ཡིན་པ་དང་། རླུང་དེའི་རབ་ཏུ་དབྱེ་བ་དང་། བྱེད་པའི་ལས་དང་། རླུང་རྒྱུ་བའི་ཚུལ་རྣམ་པར་གཞག་པ་དང་། ལམ་དུ་བྱས་པ་ན་ཇི་ལྟར་འགྱུར་བའོ། །དང་པོ་རླུང་གི་ངོ་བོ་ནི་འབྱུང་བ་ཆེན་པོའི་ཁོངས་སུ་འདུ་བའི་རླུང་ཉིད་ཡིན་ལ་དེའང་ཕྱིའི་འབྱུང་བ་མ་ཡིན་ཏེ་ནང་གི་འབྱུང་བའོ། །དེ་སྣ་ཚོགས་བྱེད་པ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡིན་སྟེ། དེ་ཡིས་མགོན་པོར་བརྗོད་པའི་རླུང་། །ཧ་ནི་ཀུན་ཏུ་འགྲོ་བར་བརྗོད། །ཅེས་བཤད་དོ། །ཡང་དེ་རྣམ་པར་ཤེས་པའི་རྟེན་དུ་གྱུར་པའང་ཡིན་ནོ། །གཉིས་པ་རླུང་དེ་ལ་དབྱེ་ན་གསུམ་སྟེ། རླུང་གི་ངོ་བོའི་སྒོ་ནས་དབྱེ་བ་དང་། རྒྱུ་ཚུལ་གྱི་སྒོ་ནས་དབྱེ་བ་དང་། བྱེད་ལས་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ནི་དྲུག་སྟེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་རྣམ་པར་ཤེས་པའི་རླུང་ཞེས་བྱ་སྟེ། འདི་ཉིད་ལས། དབང་ཆེན་དང་ནི་དེ་བཞིན་ཆུ། །མེ་ཉིད་དང་ནི་རླུང་ཉིད་དང་། །འཁོར་ལོ་སེམས་ཀྱི་ཀུན་སྤྱོད་པ། །ཞེས་པ་དང་། རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །ཞེས་སོ། །གཉིས་པ་རྒྱུ་ཚུལ་གྱི་སྒོ་ནས་དབྱེ་ན་གཉིས་ཏེ། རྣམ་ཤེས་ཀྱི་རླུང་ཞེས་བྱ་བ་གནས་པ་རྒྱུ་བ་མེད་པའི་བདག་ཉིད་ཅན་དང་། ལས་ཀྱི་རླུང་ཞེས་བྱ་བ་ལྡང་འཇུག་གནས་པའི་བདག་ཉིད་ཅན་དེ། རྟག་ཏུ་ནུབ་དང་རབ་རྒྱུ་བ། །སེམས་ཅན་ཀུན་ལ་ཀུན་འགྲོ་བའོ། །ཞེའོ། །གསུམ་པ་བྱེད་པའི་ལས་ཀྱི་སྒོ་ནས་བཅུར་འགྱུར་ཏེ། སྲོག་དང་ཐུར་སེར་གྱེན་རྒྱུ་དང་། །ཁྱབ་དང་མཉམ་གནས་ཞེས་བྱ་དང་། །ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷས་བྱིན་དང་ནི་གཞུ་ལས་རྒྱལ། །ཞེས་བྱ་སྟེ། སྟེང་གི་སྒོར་ནི་སྦྱོར་བ་གསུམ། །སྒོ་དགུ་རྣམས་ཀྱིས་ཡོངས་སུ་བསྐོར། །ཞེས་བྱ་བའི་དོན་ཡིན་ནོ། །རླུང་དེ་རྣམས་ལས་ཕན་ཚུན་གང་དང་གང་འབྲེལ་བ་ནི་གཞན་དུ་ཤེས་པར་བྱའོ། །གསུམ་པ་རླུང་དེ་དག་གིས་བྱེད་པའི་ལས་ནི་སྤྱིའི་ལས་དང་། སོ་སོའི་ལས་སོ། །དེ་ལ་སྤྱིའི་ལས་རྣམ་པར་ཤེས་པའི་རྟེན་བྱེད་པ་ཡིན་ཏེ། ཧ་ནི་དབྱངས་ཀྱི་དྲུག་ལྡན་པ། །རྣམ་པར་ཤེས་པ་ཡོངས་སུ་གྲགས། །ཞེས་སོ། །རྒྱུད་གཞན་ལས། འདི་ནི་རླུང་ཁམས་ཆེན་པོ་སྟེ། །རྣམ་ཤེས་གསུམ་གྱི་བཞོན་པ་ཡིན། །ཞེས་སོ། །ཡང་འདིས་ལུས་བསྐྱེད་པ་དང་འཕེལ་བ་ལ་སོགས་པ་ཐམས་ཅད་ཀྱི་བྱ་བའང་བྱེད་དེ། ཧ་ཡིས་རྣམ་པ་ཐམས་ཅད་དུ། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །ཞེས་འབྱུང་བས། དེ་ལ་དང་པོ་ལུས་སྐྱེ་བའི་དུས་སུ་མའི་མངལ་དུ་རྣམ་པར་ཤེས་པ་རླུང་ལ་ཞོན་ཏེ་ཞུགས་པས་རླུང་གནས་པ་ལ་བརྟེན་ནས་རྣམ་པར་ཤེས་པ་བརྒྱལ་ལོ། །དེ་ཡེ་ཤེས་ཀྱི་རླུང་གི་བདག་ཉིད་ལ་གནས་སོ། །དེ་ནས་སྲོག་རླུང་ནས་བརྩམས་ཏེ་རླུང་བཅུ་རིམ་གྱིས་སྐྱེས་པས་ལུས་རྒྱས་པར་བྱེད་དོ། །དེ་བཞིན་དུ་གསོན་པའི་དུས་སུ་རླུང་རྒྱུས་པས་ལུས་མི་རུལ་བར་འཛིན་པར་བྱེད། ལྡང་བ་དང་འཇུག་པའི་སྒོ་ནས་སེམས་རྣམ་པར་རྟོག་པ་སྣ་ཚོགས་སུ་སྐྱེད་པར་བྱེད་དོ། །ཡང་ལམ་དུ་བྱས་པ་ནའང་རྣལ་འབྱོར་གྱི་ལས་བྱེད་དོ། །དེ་བཞིན་དུ་འཆི་བའི་དུས་སུའང་རླུང་རྣམས་རིམ་གྱི་འགགས་ཏེ་འཆི་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དེས་ན། བདེ་དང་སྡུག་བསྔལ་རང་བཞིན་གྱིས། །ལྷན་ཅིག་སྐྱེས་པ་འགྲུབ་པའི་གནས། །ཞེས་གསུངས་སོ། །བཞི་པ་རླུང་རྒྱུ་བའི་ཚུལ་ལ་དྲུག་སྟེ། རླུང་རྒྱུ་བ་ཞེས་བྱ་བ་གང་ཡིན་པ་དང་། དེ་རླུང་གང་ཡིན་པ་དང་། ཚུལ་ལམ་རྣམ་པ་ཇི་ལྟར་རྒྱུ་བ་དང་། གནས་དང་ལམ་གང་ནས་རྒྱུ་བ་དང་། གྲངས་དུ་ཞིག་རྒྱུ་བ་དང་། གྲངས་དེ་ལྟར་འོང་བའི་རྒྱུ་མཚན་བསྟན་པའོ། །དང་པོ་ནི། སྤྱིར་རླུང་རྣམས་རང་རང་གི་གནས་ན་རང་རང་གི་ལས་བྱེད་པ་ཉིད་ཀྱང་རླུང་རྒྱུ་བ་ཞེས་བྱ་བ་ཡིན་ཡང་། འདིར་རེ་ཤིག་སྲོག་གི་ནུས་པས་སྲོག་དང་རྩོལ་བ་རྒྱུ་བའི་དབྱེ་བས་འཇུག་པ་དང་གནས་པ་དང་ལྡང་བར་རྒྱུ་བར་བྱ་སྟེ། གསུམ་ཉིད་སྦྱོར་བ་རྣམ་པ་གསུམ། །རྣམ་གསུམ་དབྱེ་བས་རྣམ་པར་གནས། །ཞེས་སོ། །གཉིས་པ་དེ་ལྟར་རྒྱུ་བ་དེ་ཉིད་གོང་གི་དབྱེ་བ་གསུམ་ལས་གང་ཡིན་ཞེ་ན། རང་གི་ངོ་བོའི་སྒོ་ནས་དབྱེ་བ་དྲུག་དང་། རྒྱུ་བའི་སྒོ་ནས་དབྱེ་བ་གཉིས་པོ་དང་། ལས་ཀྱི་སྒོ་ནས་དབྱེ་བ་བཅུ་ལས་སྲོག་གི་རླུང་ཁོ་ན་ཡིན་ནོ། །གལ་ཏེ་དམ་པ་ཁ་ཅིག་ཐུར་སེལ་ལ་སོགས་པའང་རྒྱུའོ་ཞེས་གསུང་ངོ་སྙམ་ན། དེ་རྣམས་རང་གི་གནས་ནས་རང་རང་གི་ལས་བྱེད་པ་ཉིད་ལ་རྒྱུ་བ་ཞེས་བྱའི་སྣའི་སྒོར་རྒྱུ་བ་ནི་སྲོག་ཁོ་ན་ཡིན་ཏེ། སྣ་ཡི་སྒོ་ཡི་རྒྱུན་ལས་ནི། །སྲོག་དང་རྩོལ་བའི་རྒྱུ་བ་དག །དུས་ཀུན་ཏུ་ནི་རྒྱུ་བ་ནི། །སྲོག་ཅེས་བྱ་བ་ཡིན་པར་བཤད། །ཅེས་པ་དང་། སྨིན་མའི་དབུས་སུ་སྲོག་གི་རླུང་། །དེ་ལྟར་གཅིག་པུའང་གསུམ་དུ་བཤད། །ཅེས་པའོ། །དེས་ན་སྣ་སྒོ་ལས་རླུང་གི་རླུང་རྒྱུ་བ་ཞེས་བྱ་བ་དང་ཐུར་སེལ་ཡང་རླུང་གི་རླུང་ཡིན་ཞེས་བྱ་བ་འདི་ནོར་བ་ཡིན་གྱི་དེ་ལྟ་མ་ཡིན་ན་ལས་སོ་སོར་བསྟན་པ་དོན་མེད་པ་དང་། ཐུར་སེལ་ཡང་གྱེན་སེལ་དུ་འགྱུར་བའི་སྐྱོན་ཡོད་དོ། །གསུམ་པ་རླུང་དྲུག་པོ་རྒྱུ་ཚུལ་ཇི་ལྟར་རྒྱུ་ཞེ་ན་དེ་ལ་རྣམ་ཤེས་ཀྱི་རླུང་ནི་ཡེ་ཤེས་ཀྱི་རླུང་ཡིན་ལ། དེ་ཡང་ཡེ་ཤེས་ཀྱི་རླུང་ནི་ཁ་ཅིག་ལས་མི་རྒྱུ་བར་བཤད། དུས་ཀྱི་འཁོར་ལོ་ལས་ཆ་རེ་རྒྱུ་བར་བཤད་ཀྱང་། རྡོ་རྗེ་ཕྲེང་བ་ལས་ཐུན་བཞིའི་མཚམས་སུ་རྒྱུ་བར་བཤད་པས་འདིའང་དེ་དང་མཐུན་ཏེ། འཁོར་ལོ་བཞི་ཡི་རབ་ཕྱེ་བས། །ཐུན་བཞིར་བྱིན་གྱིས་བརླབས་པ་དང་། །རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་ནི། །འདིར་ནི་ཇི་ལྟར་བདེ་བར་རོལ། །ཞེས་འབྱུང་བས་སོ། །ཡང་ནམ་མཁའི་རླུང་ཡང་དུས་ཀྱི་འཁོར་ལོ་ལས་ཆ་རེ་རྒྱུ་བར་བཤད། རྡོ་རྗེ་ཕྲེང་བ་ལས། ད་ལྟ་ཁྱབ་པའི་ཚུལ་གྱིས་རྒྱུ། །དངོས་སུ་འཆི་བའི་དུས་སུ་རྒྱུ་བར་བཤད། རྒྱུད་འདིའང་དེ་དང་དགོངས་པ་མཐུན་ནོ། །རྣམ་སྣང་ལ་སོགས་སངས་རྒྱས་རྣམས། །སྟེང་གི་སྒོར་ནི་གཡོ་ཞིང་གནས། །ཞེས་གསུངས་པས་ལྔ་ཀ་རྒྱུ་བ་ཡིན་ལ། ཡང་། རླུང་ལ་སོགས་པའི་དབྱེ་བ་ཡིས། །རྟག་ཏུ་འགྲོ་བ་རླུང་རྣམས་བཞི། །ཞེས་གསུངས་པས་བཞིའང་ཡིན་ནོ། །དེས་ན་ལས་ཀྱི་རླུང་གི་རྒྱུ་བ་ནི་བཞི་ཁོ་ན་ཡིན་ནོ། །དེའང་ཁ་དོག་རྣམ་པ་ལྔ་རྒྱུ་ཚུལ་བཞིའི་སྒོ་ནས་རྒྱུ་སྟེ། སྟེང་དང་ངོས་དང་དྲང་འོག་འགྲོ། །ཞེས་འཆད་པར་འགྱུར་རོ། །བཞི་པ་གནས་དང་ལམ་གང་ནས་རྒྱུ་ཞེ་ན། སྤྱིར་ཡེ་ཤེས་ཀྱི་རླུང་རྩ་ཨ་ཝ་དྷཱུ་ཏིའི་མ་སྣའི་ཨ་ཐུང་བྷ་གའི་དཀྱིལ་འཁོར་གྱི་དབུས་ལ་གནས་ལ། དེ་རྩ་གཉིས་ཀྱི་དབང་གིས་སྲོག་དང་རྩོལ་བ་འབྱུང་། དེ་འཁོར་ལོ་བཞི་ལས། དེ་སྙིང་ཁའི་རྩ་འདབ་བཞི་ལས། དེ་འཁོར་ལོ་བཞིའི་རྩ་འདབ་རྣམས་ལས་རིམ་པ་བཞིན་དང་། ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པ་ནས་བྱུང་སྟེ། སྲོག་གི་རླུང་གིས་དབང་བྱས་སྣའི་བུ་ག་ལས་རྒྱུ་བ་ཡིན་ནོ། །ལྔ་པ་སྣ་བུག་ལས་གྲངས་དུ་ཞིག་རྒྱུ་ཞེ་ན། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ། ཐོག་མར་འབྱུང་བ་རྔུབ་པའི་གྲངས། །ཉི་ཁྲི་དང་ནི་ཆིག་སྟོང་དང་། །དེ་བཞིན་གྲངས་ནི་བརྒྱ་ཕྲག་དྲུག །ཉིན་དང་མཚན་མོར་ངེས་པར་རྒྱུ། །ཞེས་གསུངས་པ་ལྟ་བུའོ། །དྲུག་པ་གྲངས་དེ་ལྟར་འོང་བའི་རྒྱུ་མཚན་ཕྱི་རོལ་ཇི་ལྟ་བར་ནང་ལུས་ལ་གནས་པ་སྟེ། ཕྱི་རོལ་ཏུ་དབྱུག་པ་དང་ཆུ་ཚོད་བྱེད་པ་དང་འཕོ་བ་དང་། ཉིན་ཞག་ལ་སོགས་པའི་དབྱེ་བ་ཡོད་པ་ལྟར་ནང་ལའང་གནས་པའི་དབང་གིས་བྱུང་ངོ་། །དེའང་ཡུལ་ཉི་ཤུ་རྩ་བཞིའི་དབང་གིས་མགོན་པོའི་རླུང་ཉི་ཤུ་རྩ་བཞིར་ཞག་གཅིག་རྒྱུ་ལ། མགོན་པོ་རེ་རེའང་འཁོར་ལོ་བཞིའི་དབང་གིས་ལྷ་མོ་བཞི་བཞི་དང་ལྡན་པ་སྟེ། ས་རླུང་ཉིས་བརྒྱ་ཉི་ཤུ་རྩ་ལྔ། དེ་བཞིན་ཆུ་དང་མེ་དང་རླུང་གི་རླུང་རྒྱུ་བས་དགུ་བརྒྱ་པ་རེ་མགོན་པོའོ། །མགོན་པོ་བཞི་བཞིའང་ལྟེ་བའི་རྩ་འདབ་དང་སྣ་སྒོའི་དབྱེ་བས་འཕོ་བ་གཉིས་གཉིས་དང་ལྡན་ཏེ། གཡོན་དང་གཡས་དང་གཉིས་ཀ་དང་། །དལ་བར་རྒྱུ་དང་རྣམ་བཞིར་འགྱུར། །ཐུན་ཕྱེད་ཀྱིས་ནི་དུས་དག་ཏུ། །ལས་ནི་གཉིས་གཉིས་ཉེ་བར་གནས། །ཞེས་པས་ཐུན་ཕྱེད་ནི་འཕོ་བ་གཅིག་གོ །དགུ་བརྒྱ་པ་ཕྲག་གཅིག་གཡས་ཁོ་ན་ནས་རྒྱུ་བ་ནི་མེ་རླུང་། གཡོན་ཁོ་ན་ནས་རྒྱུ་བ་ནི་རླུང་གི་རླུང་། གཉིས་ཀ་ནས་རྒྱུ་བའི་རླུང་དལ་ཞིང་རྒྱུ་བ་མི་ཚོར་བ་ནི་ཆུ་རླུང་སྟེ། དེ་ལྟར་བཞི་ནི་འཕོ་བ་གཉིས་སོ། །དེ་ལ་རླུང་སུམ་སྟོང་དྲུག་བརྒྱའོ། །དེ་ལྟ་བུ་ལན་དྲུག་གིས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞེས་རྡོ་རྗེ་ཕྲེང་བ་དང་། དུས་འཁོར་དང་། རྡོ་རྗེ་མཁའ་འགྲོའི་ལུགས་སོ། །ཧེ་བཛྲ་གྱི་ལུགས་ཀྱི་ལྟེ་བའི་རྩ་འདབ་ཀྱི་དབང་གིས་དབྱུག་གུ་དྲུག་ཅུ་རྩ་བཞི་ཡིན་ལ། དབྱུག་གུ་རེ་རེ་ལ་རླུང་སུམ་བརྒྱ་སུམ་ཅུ་རྩ་ཕྱེད་དང་བརྒྱད་བརྒྱད་དེས་ཉིན་ཞག་འདའོ། །དབྱུག་གུ་གཉིས་ལ་ཆུ་ཚོད་གཅིག་སྟེ་སྤྱི་བོའི་རྩ་འདབ་ཀྱི་དབང་གིས་སོ། །དེ་རེ་རེ་ལ་ལྷ་མོའི་རླུང་དྲུག་བརྒྱ་བདུན་ཅུ་རྩ་བརྒྱད་དང་བཞི་ཆ་བ་ཚན་པ་བཞིཾ་རྒྱུ་སྟེ། འཁོར་ལོ་བཞིའི་དབང་གིས་སོ། །དེ་དྲུག་བརྒྱ་བདུན་ཅུ་རྩ་ལྔ་མགོན་པོའི་རླུང་ངོ་། །མགོན་པོའི་རླུང་ཆུ་ཚོད་གཉིས་གཉིས་ལ་འཕོ་བ་རེ་རེ་མགྲིན་པའི་རྩ་འདབ་ཀྱི་དབང་གིས་སོ། །དེ་གཉིས་གཉིས་ཐུན་ཕྱེད་པ་རེ་རེ་སྟེ་སྙིང་གའི་རྩ་འདབ་ཀྱི་དབང་གིས་སོ། །དེ་གཉིས་གཉིས་ཐུན་ཆེ་བ་རེ་རེ་སྙིང་ཁའི་ནང་གི་འདབ་མའི་དབང་གིས་ཏེ། དེ་ལྟར་ན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །སྤྱི་དོན་ལྔ་པ་ལམ་དུ་བྱས་ན་ཇི་ལྟར་འགྱུར་ཞེ་ན། དང་པོ་ཁོ་ནར་རླུང་བཟུང་བས་རྣམ་པར་ཤེས་པ་ཟིན་ཏེ་དེའི་རྟ་ཡིན་པའི་ཕྱིར་རོ། །ཡང་དེ་ཉིད་བགྲངས་པས་བཟླས་པར་འགྱུར་བས་སྒྲིབ་པ་ཟད་པར་བྱེད། སེམས་ཟིན་པའི་དབང་གིས་ཏིང་ངེ་འཛིན་སྣ་ཚོགས་སྐྱེད་པར་ཡང་བྱེད་དོ། །ཡང་རླུང་རྣམ་པ་བཞི་གསལ་བའི་ཚེ་ཕྲིན་ལས་བཞི་འགྲུབ་པར་ཡང་བྱེད། མཐར་ལས་ཀྱི་རླུང་འགགས་ཏེ་ཡེ་ཤེས་ཀྱི་རླུང་མངོན་དུ་འགྱུར་བར་བྱེད་དེ། སེམས་མེད་སྐྱེས་བུ་མེད་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ་ཞེས་གསུངས་པའི་དོན་ལེགས་པར་བཤད་ནས་ཉམས་སུ་ལེན་པའི་ཚེ་རླུང་གི་རྣལ་འབྱོར་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བསམ་གྱིས་མི་ཁྱབ་པ་གསུངས་ཀྱང་མན་ངག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་འདུ་ལ། དེའང་མན་ངག་དགུ་བརྒྱ་ཕྲག་གཅིག་ཏུ་འདུས་ཤིང་དེའང་ཉིས་བརྒྱ་ཉི་ཤུ་རྩ་ལྔར་འདུས་ལ། དེའང་བཅུར་འདུས་ཤིང་། དེའང་ལྡང་བ་དང་། འཇུག་པ་དང་། གནས་པ་དང་། ཐམས་ཅད་སྡོམ་པ་དང་བཞིར་འདུ་བ་ཡིན་ནོ། །དེ་ལ་རྣལ་འབྱོར་གྱི་དབང་ཕྱུག་འདིས་མན་ངག་བཞི་པོ་ཐམས་ཅད་ལམ་དུ་བྱེད་པ་ལ་སྲོག་རྩོལ་ལམ་རྡོ་རྗེའི་བཟླས་པ་ཞེས་བྱ། ལྡང་བ་ལམ་དུ་བྱེད་པ་ཕྱིར་བཏང་བའི་མན་ངག་གསུམ་ནི་རྩོལ་བ་བཀག་སྟེ་སྲོག་ནས་བཏང་བ། ཤུགས་བསྐྱེད་དེ་གཉིས་ཀ་ནས་བཏང་བ། ཁ་ནས་སྒྲ་བཅས་སུ་བཏང་བའོ། །འཇུག་པ་ལམ་དུ་བྱེད་པ་ནང་དུ་དགང་བའི་མན་ངག་གཉིས་ནི་རྩོལ་བ་བཀག་སྟེ་སྲོག་ནས་དགང་བ། ཁ་ནས་སྒྲ་མེད་དུ་དགང་བའོ། །གནས་པ་ལམ་དུ་བྱེད་པ་ནི་ཁ་སྦྱར་ཞེས་བྱ་སྟེ། བདུན་པོ་དེ་དག་གནད་བཞི་བཞིའི་སྒོ་ནས་སྒོམ་པར་བྱའོ། །གཉིས་པ་གཏུམ་མོའི་རྣལ་འབྱོར་ནི། སྤྱིར་ཐམས་ཅད་མཁྱེན་པས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ན་ཡང་། དེ་དག་གི་གནད་དགུ་བརྒྱ་པ་ཕྲག་གཅིག་ཏུ་འདུས། དེའི་གནད་ཀྱང་བདུན་ཅུ་རྩ་ལྔར་འདུས། དེའི་ཉམས་སུ་བླང་བའི་མན་ངག་མདོར་བསྡུ་ན་དགུར་འདུས་ཏེ། འཁོར་ལོ་ལ་མ་བརྟེན་པ་ལྔ། འཁོར་ལོ་ལ་བརྟེན་པ་གསུམ། གཞན་མན་ངག་གི་གནད་ལ་བརྟེན་པའི་མྱུར་བའོ། །དང་པོ་ནི་མར་མེ་གསོ་བ། ཚངས་པའི་ཐོག རྩའི་རྣལ་འབྱོར། སྲུབ་ཤིང་གི་འཁོར་ལོ། ཐིག་ལེའི་རྣལ་འབྱོར་རོ། །ཐིག་ལེའི་རྣལ་འབྱོར་ལ་ཡང་བཞི་སྟེ། སྙིང་ཁའི་ཉི་ཟླ་ཁ་སྦྱར། ལྟེ་བའི་དཔའ་བོ་འབའ་ཞིག གསང་གནས་བདེ་བའི་ཐིག་ལེ། མཛོད་སྤུ་སྐྲ་དཀར་གྱི་ས་བོན་ནོ། །འཁོར་ལོ་ལ་བརྟེན་པ་གསུམ་ནི་གཅིག་ལ་བརྟེན་པ། གཉིས་ལ་བརྟེན་པ། བཞི་ལ་བརྟེན་པའོ། །མན་ངག་གི་གནད་ལ་བརྟེན་པའི་མྱུར་བ་ལ་བདུན་ཏེ། མེ་དམར་སྐྱ། མེ་འབར་བ། ཐིག་ལེའི་འཐབ་མོ། །མེའི་འཁོར་ལོ། །མེ་དྲག་ཏུ་འབར་བ། མེ་ཆེར་འབར་བ། ཐམས་ཅད་མེར་འབར་བའོ། །དེ་ལྟར་བཅོ་བརྒྱད་པོ་དེ་དག་ལ་ལམ་སྦྱང་བ་ལ་སོགས་པ་གནད་བརྒྱད་བརྒྱད་ཀྱི་སྒོ་ནས་ཉམས་སུ་བླང་བར་བྱའོ། །ཆོས་རྗེ་པཎྜི་ཏས། རླུང་དང་གཏུམ་མོ་འཁྲུལ་འཁོར་ལས། །བྱུང་བའི་རང་བྱུང་ཡེ་ཤེས་དང་། །ཞེས་གསུངས་པ་ལྟར། འཁྲུལ་འཁོར་ཡང་འདིའི་ལམ་གྱི་དངོས་གཞི་སྟེ། དང་པོར་རླུང་གིས་རྩ་མདུད་གྲོལ། དེ་ནས་གཏུམ་མོས་བྱང་སེམས་བཞུས། དེ་ནས་འཁྲུལ་འཁོར་གྱིས་བྱང་སེམས་རྩ་གནས་ཐམས་ཅད་དུ་འདྲེན་པའི་སྒོ་ནས་ཡེ་ཤེས་སྐྱེ་བའི་དབང་དུ་བྱས་པའོ། །རྗེ་བཙུན་གྱིས་གེགས་སེལ་གྱི་སྐབས་སུ་གསུངས་ཀྱང་། འདི་ཉིད་མི་བཞེད་པ་མ་ཡིན་ཏེ། འཁྲུལ་འཁོར་འབའ་ཞིག་བསྒོམ་པར་འདོད་གྱུར་ན། །རིམ་དང་རིམ་མིན་དཀྲུགས་པ་དགུ་བཅུ་དྲུག །གཅིག་དང་གཉིས་དང་གསུམ་དང་བཞི་ཡི་བར། །ཅི་ལྟར་ནུས་པས་སྦྱངས་ན་སངས་རྒྱས་འགྲུབ། །ཅེས་གསུངས་པས་སོ། །དེ་ལས་བྱུང་བའི་ལྟ་བ་རང་བྱུང་གི་ཡེ་ཤེས་བཞི་ནི། ཉོན་མོངས་རང་བྱུང་གི་ཏིང་ངེ་འཛིན། རྣམ་རྟོག་རང་བྱུང་གི་ཏིང་ངེ་འཛིན། སྣྲེལ་ཞི་རང་བྱུང་གི་ཏིང་ངེ་འཛིན། གསལ་ཞིང་ཡང་ལ་མི་རྟོག་པའི་རང་བྱུང་གི་ཡེ་ཤེས་ཆེན་པོའི་ཏིང་ངེ་འཛིན་ནོ། །གྲུབ་མཐའ་མ་འདྲེས་ལ་ཡོངས་སུ་རྫོགས་པ་ནི་ས་བདུན་པ་ནས་བཅུ་པའི་བར་བཞི་ལ་རིགས་དྲུག་གི་སྐད་ཤེས། དེ་དག་གི་སྐད་དུ་ཆོས་སྟོན། ཨཱ་ལི་ཀཱ་ལི་ལ་དབང་ཐོབ། ཚིག་གི་མཆོག་འགྲུབ། ཐ་སྙད་ལ་སད། སོ་སོ་ཡང་དག་པར་རིག་པ་བཞི་ལ་དབང་ཐོབ། ཚངས་པའི་དབྱངས་སུ་གྱུར་པ་ལ་སོགས་པའི་ཡོན་ཏན་རྒྱུད་ལ་འཆར་རོ། །གྲུབ་མཐའ་མ་སྙོགས་ན་འདའ་ཀ་མ་འོད་གསལ་བ་ནི་འཆི་ཀ་མའི་རླུང་གི་རྐྱེན་བྱས་ནས་རླུང་ཐམས་ཅད་དབུ་མར་ཞུགས་ཏེ་སྟོང་གསལ་མཆོག་གི་ཏིང་ངེ་འཛིན་སྐྱེའོ། །འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་རང་བཞིན་ལྷུན་གྲུབ་ནི་འབྲས་བུའི་སྐབས་ཉིད་དུ་འཆད་པར་འགྱུར་བས་འདིར་མ་བརྗོད་དོ། །དེ་ལྟར་ན་གཙོ་བོ་གསང་དབང་གི་ལམ་དང་། ཞར་ལས་བྱུང་བ་གཞན་བཞི་སྟེ་ལྔ་བཤད་ཟིན་ཏོ།། ༈ །དེ་དག་གིས་ཁམས་འདུས་པ་དང་པོ་ཆོད་པར་བྱས་ནས་འདུས་པ་བར་པ་ཐིག་ལེ་བདེ་སྟོང་གི་ལམ་འཁྲིད་པ་ནི། ཤེས་རབ་ཡེ་ཤེས་ཀྱི་ལམ་དཀྱིལ་འཁོར་འཁོར་ལོ་སྟེ། འདི་ལ་ལམ་རྒྱས་པ་དང་། བསྡུས་པ་གཉིས་ལས། དང་པོ་ནི་ལུས་ངག་མཉམ་པ། འདོད་པ་མཉམ་པ། བྱིན་རླབས་མཉམ་པ། རིག་མ་དག་པ། མན་ངག་གི་གནད་ཀྱིས་ཟིན་པ་སྟེ་རྣམ་པ་ལྔའི་སྒོ་ནས་བསྒོམ་པའོ། །ལམ་བསྡུས་པ་ནི། ལུས་ཀྱི་སྤྱོད་ལམ་ལྡན་བྱས་ནས། །ཞེས་སོགས་སྦྱོར་བ་དང་། བྱིན་གྱིས་བརླབས་སོགས་བྱས་ནས་ནི། །ཞེས་སོགས་དངོས་གཞི་དང་། གླང་ཆེན་ཧིཾ་དང་སྟག་མོའི་ངུར། །ཞེས་སོགས་རྗེས་བཅད་པ་སྟེ་རྣམ་པ་གསུམ་གྱི་སྒོ་ནས་མན་ངག་བཞིན་བསྒོམ་པའོ། །དེ་ལས་བྱུང་བའི་ལྟ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དགའ་བ་བཞི་ནི། གོ་རིམ་ལ་ལྟོས་པའི་དགའ་བ་བཞི། གནས་ལ་ལྟོས་པའི་དགའ་བ་བཞི། སྤང་བྱ་ལ་ལྟོས་པའི་དགའ་བ་བཞི། རང་གི་ངོ་བོ་ལ་ལྟོས་པའི་དགའ་བ་བཞིའོ། །གྲུབ་མཐའ་བདེ་སྟོང་རྒྱ་ཆུང་བ་ནི་མྱ་ངན་ལས་འདས་པའི་ཆོས་ལ་སོགས་པ་ཅི་རིགས་པ་རྣམས་བདེ་སྟོང་དུ་རྟོགས་པ་འབྱུང་སྟེ། ས་བཅུ་གཅིག་པ་དང་བཅུ་གཉིས་པ་ལའོ། །གྲུབ་མཐའ་མ་སྙོགས་ན་འདའ་ཁ་མ་ནམ་འཆི་བའི་ཚེ་རྡོ་རྗེ་སེམས་དཔའ་བྱོན་པར་འགྱུར་བ་ནི་འཆི་བའི་རླུང་གིས་རྐྱེན་བྱས་ནས་རྩ་མདུད་རྣམས་དྲལ་ཏེ་སེམས་ཀྱི་རྟེན་ཁམས་ཐིག་ལེ་རིམ་གྱིས་ལྷན་ཅིག་ཏུ་འཚོགས་ཏེ། དབུ་མར་ཡང་ཅུང་ཟད་ཞུགས་པས་འཆི་ཀར་བདེ་སྟོང་མཆོག་གི་ཏིང་ངེ་འཛིན་སྐྱེ་སྟེ། རྡོ་རྗེ་ནི་སྟོང་པ། སེམས་དཔའ་ནི་བདེ་བ། དེ་སྔར་གྱི་བདེ་སྟོང་གི་ལྟ་བ་དང་འདྲེས་ནས་བར་དོ་མེད་པར་གྲུབ་མཐའ་སྙོགས་པ་ལ་སོགས་པར་འགྱུར་རོ། །འབྲས་བུ་ཆོས་ཀྱི་སྐུ་ནི་འབྲས་བུའི་སྐབས་ཉིད་དུ་འཆད་པར་འགྱུར་བས་འདིར་མ་བརྗོད་དོ། །དེ་ལྟར་ན་གཙོ་བོ་ཤེས་རབ་ཡེ་ཤེས་ཀྱི་ལམ་དང་། ཞར་ལས་བྱུང་བ་གཞན་བཞི་སྟེ་ཤེས་རབ་ཡེ་ཤེས་ཀྱི་ལྔ་བསྟན་ཟིན་ཏོ།། །།དེ་དག་གིས་ཁམས་འདུས་པ་བར་པ་ཆོད་པར་བྱས་ནས་འདུས་པ་ཐ་མ་སྐྱོན་མེད་གཉུག་མ་ཡེ་ཤེས་ཀྱི་ལམ་ཁྲིད་པ་ནི་རྡོ་རྗེ་རྦ་རླབས་ཏེ། ལུས་སྦྱང་བ་ལ་སོགས་པ་སྔོན་དུ་སོང་ནས་བསམ་གཏན་གྱི་ཡན་ལག་རྣམས་ཚང་བར་བྱས་ཏེ། འོག་རླུང་བསྐྱོད་པ་ལུས་ཀྱི་རྦ་རླབས། ངག་འདྲེན་པ་ཞི་དྲག་ངག་གི་རྦ་རླབས། ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་གསུམ། ཕྱི་མ་ལ་ཐབས་ཀྱི་རྒྱུད་དག་པར་བྱ་བ། ཤེས་རབ་ཀྱི་རྒྱུད་དག་པར་བྱ་བ། གཉིས་ཀའི་རྒྱུད་སོ་སོར་དག་པར་བྱ་བ་གསུམ། དང་པོ་གཉིས་ལ་གཡས་གཟུང་བའི་རྦ་རླབས་རེངས་པ། གཡོན་འཛིན་པའི་རྦ་རླབས་རེངས་པ། དབུ་མར་གཟུང་འཛིན་གཉིས་ཀའི་རྦ་རླབས་རེངས་པ་གསུམ་གསུམ་དང་། ཕྱི་མ་ལ་ཁམས་དྭངས་མ་གཙུག་ཏོར་མཆོག་ཏུ་ཐིམ་པ་རྣམས་མན་ངག་བཞིན་བསྒོམ་པར་བྱའོ། །དེ་ལས་བྱུང་བའི་ལྟ་བ་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་མས་བརྟན་པའི་དགའ་བ་བཞི་སྟེ། དེ་ཡང་རྒྱུ་མཐུན་པས་ནི་སྐྲ་དཀར་འཇོམས། །རྣམ་པར་སྨིན་པས་སྟོབས་སྟེར་བྱེད། །སྐྱེས་བུ་བྱེད་པས་རྣམ་པར་འཕེལ། །དྲི་མ་མེད་པས་འཆི་མེད་འགྱུར། །ཞེས་བྱའོ། །དང་པོ་ལ་འགྲོ་བ་ཐམས་ཅད་ཀྱི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བར་འགྱུར། གཉིས་པ་ལ་མངོན་པར་ཤེས་པ་ཅུང་ཟད་འཆར། གསུམ་པ་ལ་འཇིག་རྟེན་གྱི་ཁམས་ཀྱི་རོ་ཐམས་ཅད་ལ་ལོངས་སྤྱོད་ནུས། བཞི་པ་ལ་རྫུ་འཕྲུལ་ཅུང་ཟད་སྟོན་ཏོ། །ཡང་དང་པོ་ལ་བདེ་སྟོང་གི་ཏིང་ངེ་འཛིན་ཆུང་། གཉིས་པ་ལ་འབྲིང་། གསུམ་པ་ལ་ཆེན་པོ། བཞི་པ་ལ་ཆེན་པོའི་ཡང་ཆེན་པོར་འགྱུར་རོ། །གྲུབ་མཐའ་བདེ་སྟོང་རྒྱ་ཆེ་བ་ནི། བཅུ་གསུམ་གྱི་ས་ཕྱེད་ལ་འཁོར་འདས་ཐམས་ཅད་བདེ་སྟོང་གཅིག་གི་སྟེང་དུ་རྟོགས་ཏེ་བླང་དོར་མེད། སྤང་ཐོབ་མེད་པར་འགྱུར་བའོ། །གྲུབ་མཐའ་མ་སྙོགས་ན་འདའ་ཁ་མ་ལམ་ཕྱག་རྒྱ་ཆེན་པོ་ནས་འཕོ་བ་ལ་གསུམ། སྤང་བ། གོམས་པ། ལས་ལ་སྦྱར་བའོ། །འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ནི་འབྲས་བུའི་སྐབས་ཉིད་དུ་འཆད་པས་འདིར་མ་བརྗོད་དོ། །དེ་ལྟར་ན་དངོས་གཞི་རྡོ་རྗེ་རྦ་རླབས་དང་། ཞར་ལས་བྱུང་བ་གཞན་བཞི་སྟེ་དབང་བཞི་པའི་ལྔ་བསྟན་ཟིན་ཏོ།། །།དེས་ན་འདི་དག་ནི་གང་ཟག་བློ་ཐ་མ་རིམ་གྱིས་བཀྲི་བ་ལ་དགོངས་པ་ཡིན་གྱི། ཁ་ཅིག་ལ་སྣང་བ་གསུམ་གྱི་ཁྲིད་བོར་ཏེ་ལྟ་བ་ནས་སྐྱོང་བ་ཡང་ཡོད་དོ། །འདི་མན་ཆད་གང་ལྟར་ཡང་ལྟ་བ་ལ་ངེས་ཤེས་སྐྱེས་སྐྱེས་ནི་བསྒོམ་དུ་ཅིས་ཀྱང་འཇུག་ལ། དེ་ཡན་ཆད་གང་ཟག་གི་རིམ་པ་ལ་ངེས་པ་མེད་དེ། ཁ་ཅིག་བསྐྱེད་རིམ་ཁོ་ན་སྐྱོང་བ་ཡང་ཡོད་མོད་ཀྱི་སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་འདི་ཉིད་ཀྱི་བཞེད་པ་ནི་བསྐྱེད་པའི་རིམ་པ་ཅུང་ཟད་ཅིག་བརྟན་པར་བྱས་ནས་ལུས་སྦྱོང་དང་རླུང་ཁོ་ན་གཙོ་བོར་བྱེད་པ་ཡིན་ནོ། །རླུང་དང་གཏུམ་མོའི་དམིགས་པ་རྣམས་ལ་ཏིང་ངེ་འཛིན་སྐྱེ་བའི་རྒྱུའམ་ལམ་ཞེས་བྱ། ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ཏིང་ངེ་འཛིན་ཉིད་ཅེས་བྱ་བས་ན་དེ་ནམ་སྐྱེས་པ་གཅིག་སྐྱོང་བ་ཡིན་ནོ། །སྔར་ཐོས་བསམ་གྱིས་གཏན་ལ་ཕབ་པའི་ལྟ་བ་དེ་ནི་སྐྱོན་ཅན་ཡིན་ལ། འདི་ནི་ལྟ་བ་སྐྱོན་མེད་དམ་དཔེའི་ཡེ་ཤེས་ཞེས་བྱ་བའམ་ལམ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡིན་ནོ། །དེས་ན་རྒྱུ་མེད་པར་འབྲས་བུ་མི་འབྱུང་བས་ན་རྒྱུ་རླུང་དང་། གཏུམ་མོའི་དམིགས་པ་ལ་བརྟེན་ནས་ལྟ་བ་རང་བྱུང་གི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་སྐྱེ་བར་འགྱུར་བས་ན་རྒྱུ་ལ་ནན་ཏན་བྱའོ། །ཡང་གང་ཟག་གི་རིགས་ཁ་ཅིག་སྔར་བསྟན་པའི་ཁྲིད་ཐམས་ཅད་ལོ་གཅིག་ཙམ་གྱིས་སྦྱངས་ནས། ངག་འདྲེན་པ་ཞི་བ་ལོ་གཅིག་ཙམ་གྱིས་སྦྱངས། དེ་ནས་ངག་འདྲེན་པ་དྲག་པོ་རླུང་ཁ་སྦྱར་ལ་བརྟེན་ནས་ཏིང་ངེ་འཛིན་སེམས་ཀྱི་རྦ་རླབས་འབའ་ཞིག་བསྒོམ་པའང་ཡོད་དོ། །འདི་ནི་བརྩོན་འགྲུས་མཆོག་གི་འཇུག་པ་ཞེས་བྱ་བ་ཡིན་ནོ། །གང་ཟག་བཀྲི་བའི་ཚུལ་བསྟན་ཟིན་ཏོ།། །།གསུམ་པ་ངེས་ཤེས་ཁྱད་པར་ཅན་བསྐྱེད་ལ་ཏིང་ངེ་འཛིན་ངོ་ཤེས་པར་བྱ་ཞིང་ལམ་གྱི་ས་མཚམས་རྣམ་པར་བཞག་པ་ལ་གསུམ། ཚད་མ་བཞི་དང་སྙན་བརྒྱུད་བཞིས་ངེས་ཤེས་བསྐྱེད་པ་དང་། ཏིང་ངེ་འཛིན་ངོ་ཤེས་ཤིང་ས་མཚམས་བཞག་པ་དང་། འཁོར་ལོ་བསྐོར་བ་གྲུབ་པའི་རྟགས་དང་བཅས་པའོ། །དང་པོ་ནི་སྔར་བཤད་ཟིན་ཏོ། །གཉིས་པ་ནི། རྗེ་ས་ཆེན་གྱིས། འདུས་པ་གསུམ་ལ་དཔེ་གསུམ་སྦྱར་བ་ཡིས། །ལམ་གྱི་ས་མཚམས་ཐེ་ཚོམ་མེད་པར་བྱ། །ཞེས་གསུངས་པ་ལྟར་དཔེ་གསུམ་གྱི་སྒོ་ནས་ཏིང་ངེ་འཛིན་ངོ་ཤེས་པར་བྱ་བ་དང་། དེས་ཁམས་འདུས་པ་གསུམ་གྱི་ས་མཚམས་རྣམ་པར་བཞག་པ་གཉིས་ལས། དང་པོ་ནི། དགུན་གྱི་རླུང་པོ་ལག་ཆ་ཅན་དང་འདྲ་བར་རྩ་རླུང་གི་ཟུག་ཆེ་བ་དང་། དཔྱིད་ཀྱི་རླུང་པོ་ལག་ཆ་བྲི་བ་དང་འདྲ་བར་རྩ་རླུང་གི་ཟུག་ཞི་བ་དང་། དབྱར་གྱི་རླུང་པོ་ལག་ཆ་བྲལ་བ་དང་འདྲ་བར་རླུང་གིས་བསྐྱེད་པའི་ཡོན་ཏན་འབྱུང་བ་ལུས་འཁྲུགས་སེལ་བ་སོགས་འབྱུང་བའོ། །གཉིས་པ་ནི། དེ་གསུམ་གྱིས་རིམ་པ་ལྟར་ཁམས་འདུས་པ་གསུམ་དུ་སླེབ་པར་ངོ་ཤེས་པར་བྱེད་པ་དེ། ལམ་ཁྲིད་ཚུལ་གསུམ་གྱི་སྒོ་ནས་ཞིབ་ཏུ་བཤད་ན། འདུས་པ་དང་པོ་ལ་གནོད་པ་བསྐྱེལ་བའི་རླུང་གི་ལམ་ཁྲིད་དེ་བསྒོམ་པའི་སྟོབས་ཀྱིས་རླུང་རྩ་གནས་ཐམས་ཅད་དུ་སོང་བས་རྩ་མདུད་ཅུང་ཟད་གྲོལ་ཏེ་རྩ་རླུང་གི་ཟུག་འབྱུང་ལ། དེ་ནི་དཔེ་དགུན་གྱི་རླུང་པོ་ལག་ཆ་ཅན་དང་འདྲའོ། །འདུས་པ་བར་པ་ལ་ཕན་གནོད་མེད་པའི་རླུང་གིས་ལམ་ཁྲིད་དེ་བསྒོམ་པ་གོམས་པའི་སྟོབས་ཀྱིས་རྩ་མདུད་ཆེར་གྲོལ་ཞིང་རླུང་སེམས་ཅུང་ཟད་དྭངས་པས་རླུང་ཟུག་ཞི་སྟེ། དཔེ་དཔྱིད་ཀྱི་རླུང་པོ་ལག་ཆ་བྲི་བ་དང་འདྲའོ། །འདུས་པ་ཐ་མ་ལ་ཕན་འདོགས་པའི་རླུང་གིས་ལམ་ཁྲིད་དེ་གོམས་པ་བརྟན་པའི་སྟོབས་ཀྱིས་རྩ་མདུད་ཕལ་ཆེར་གྲོལ་ཞིང་རླུང་སེམས་ཤིན་ཏུ་དྭངས་པས་ཏིང་ངེ་འཛིན་གྱི་ཕན་ཡོན་དུ་མ་འབྱུང་ཞིང་། རླུང་གིས་འབྱུང་བ་ལུས་འཁྲུགས་ལ་སོགས་པ་གནོད་པ་ཐམས་ཅད་སེལ་ནུས་པས་ན་དཔེ་དབྱར་གྱི་རླུང་པོ་ལག་ཆ་བྲལ་བ་དང་འདྲ་སྟེ། དེས་འཇིག་རྟེན་པའི་ལམ་ཆོད་དོ། །དེ་དག་ནི་རླུང་གི་ལམ་ཁྲིད་པའོ། །རླུང་གིས་ཁམས་བདུད་རྩི་ལ་བསྣུན་པས་གཉིས་པ་ཁམས་བདུད་རྩིའི་ལམ་ཁྲིད་པ་ནི། ཁམས་འདུས་པ་དང་པོ་ལ་ཁམས་དྭངས་སྙིགས་མ་ཕྱེ་བས་ལམ་ཁྲིད་པས་ཉམས་ཏིང་ངེ་འཛིན་མི་གསལ་ཞིང་མི་བརྟན་པའི་དུས་ཏེ། མེ་ལོང་གཡའ་དང་བཅས་པ་བཞིན་ནོ། །བར་པ་ལ་ཅུང་ཟད་དྭངས་པས་ལམ་ཁྲིད་དེ་ཏིང་ངེ་འཛིན་གསལ་ཞིང་ཆེར་བརྟན་ཏེ། མེ་ལོང་གཡའ་དང་ཅུང་ཟད་བྲལ་བ་བཞིན་ནོ། །ཐ་མ་ལ་ཕལ་ཆེར་དྭངས་པས་ལམ་ཁྲིད་དེ། ཏིང་ངེ་འཛིན་མཉམ་རྗེས་མེད་ཅིང་ཡུལ་རྐྱེན་གྱིས་མི་གནོད་པ་དང་། གསལ་ཞིང་བརྟན་པ་འབྱུང་སྟེ། མེ་ལོང་གཡའ་དང་བྲལ་བ་བཞིན་ནོ། །དེ་ནས་རླུང་དང་བདུད་རྩི་གཉིས་ཀྱིས་རྩ་དང་ཡི་གེ་ལ་གནད་དུ་བསྣུན་པས་ན་གསུམ་པ་རྩ་ཡི་གེའི་ལམ་ཁྲིད་པ་ནི། ཁམས་འདུས་པ་དང་པོ་ལ་རྩ་དང་ཡི་གེའི་རྟེན་འབྲེལ་གྱིས་མ་ངེས་པ་འཁྲུལ་སྣང་དུ་འཆར་བའི་ཡི་གེ་ཕལ་པས་ལམ་ཁྲིད་པས་ཉམས་ཀྱི་སྣང་བ་ལ་འཆར་བ་ཐམས་ཅད་མི་བདེན་པ་འཁྲུལ་སྣང་དུ་འཆར་རོ། །བར་པ་ལ་ངེས་པ་མཐོང་སྣང་དུ་འཆར་བའི་ཡི་གེ་བཅུ་བཞིས་ལམ་ཁྲིད་པས་མཐོང་སྣང་ལ་སོགས་པ་གསལ་ཞིང་བརྟན་པ་འབྱུང་ངོ་། །ཐ་མ་ལ་ཤིན་ཏུ་ངེས་པ་གསལ་སྣང་དུ་འཆར་བའི་ཡི་གེ་བསམ་གྱིས་མི་ཁྱབ་པས་ལམ་ཁྲིད་དེ་མཉེན་ལྕུག་མཆོག་ཏུ་གྱུར་པས་མིག་གིས་གཟུགས་ཉེ་རིང་མེད་པ་ཐམས་ཅད་མཐོང་བ་ལ་སོགས་པ་འབྱུང་ངོ་། །དེས་འཇིག་རྟེན་པའི་ལམ་ཆོད་དོ།། །།གསུམ་པ་ནི། དེ་ནས་འཇིག་རྟེན་ལས་འདས་པའི་ལམ་ལ། སྤྱིར་ལམ་ནི་གསུམ་སྟེ། མཐོང་ལམ། བསྒོམ་ལམ། མཐར་ཕྱིན་པའི་ལམ་མོ། །ས་ཕྱེད་དང་བཅུ་གསུམ་སྟེ། དེ་ལ་ལུང་ཐུན་མོང་ལ་གྲགས་པའི་ས་བཅུ། སྦས་པ་ཐུན་མོང་མ་ཡིན་པ་ལ་གྲགས་པའི་ས་ཕྱེད་དང་བཅུ་གསུམ་པ་སྟེ། རེ་ཤིག་དོན་བསྡུས་པའོ། །དེ་ལ་དབང་བཞིའི་ས་ཚད་བཞག་ན། ས་དྲུག་བུམ་དབང་གི་ས། ས་བཞི་གསང་དབང་གི་ས། ས་གཉིས་ཤེས་རབ་ཡེ་ཤེས་ཀྱི་ས། ས་ཕྱེད་དབང་བཞི་པའི་སའོ། །ས་དང་པོ་ལ་བསྐྱེད་རིམ་བརྟན། གཉིས་པ་ལ་བདག་བྱིན་གྱིས་བརླབས་པ་བརྟན། གསུམ་པ་ལ་ལམ་དཀྱིལ་འཁོར་འཁོར་ལོ་བརྟན། བཞི་པ་ལ་རྡོ་རྗེ་རྦ་རླབས་བརྟན་ནོ། །ཡང་དང་པོ་ལ་ལུས་ཀྱི་དཀྱིལ་འཁོར་ཤར། གཉིས་པ་ལ་བྷ་གའི་དཀྱིལ་འཁོར། གསུམ་པ་ལ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། བཞི་པ་ལ་དཀྱིལ་འཁོར་གསུམ་ལམ་དུ་བྱེད་པའི་རླུང་ཇི་ལྟར་གནས་པ་ཤར་རོ། །ཡང་དང་པོ་ལ་སྤྲུལ་སྐུའི་ཞིང་ཁམས་ལ་དབང་། གཉིས་པ་ལ་ལོངས་སྐུའི་ཞིང་ཁམས་ལ་དབང་། གསུམ་པ་ལ་ཆོས་སྐུའི་ཞིང་ཁམས་ལ་དབང་། བཞི་པ་ངོ་བོ་ཉིད་ཀྱི་སྐུའི་ཞིང་ཁམས་ལ་དབང་ངོ་། །རྟགས་ནི་ཕྱི་རྟགས་ཐིག་ལེ་ལ་འཆར། ནང་རྟགས་རླུང་ལ་འཆར། དེ་ཁོ་ན་ཉིད་ཀྱི་རྟགས་སེམས་ལ་འཆར་བ་སྟེ་གཞུང་གི་སྐབས་སུ་འབྱུང་ངོ་། །གསུམ་པ་འབྲས་བུ་སངས་རྒྱས་ཀྱི་ས་ལ། རང་དོན་གྱི་ཆེ་བ་རྟེན་དང་བརྟེན་པ་གནས་གྱུར་གྱི་སྐུ་ལྔ། གཞན་དོན་གྱི་ཆེ་བ་ལོང་བ་རྣམས་ཀྱིས་གཟུགས་མཐོང་བ་སོགས་དུ་མ། རང་གཞན་གཉིས་ཀའི་ཆེ་བ་འཁོར་ཚོམ་བུ་གཅིག་དང་བཅས་ཏེ་འཚང་རྒྱ་བ་རྣམས་ནི་འབྲས་བུའི་སྐབས་ཉིད་དུ་འཆད་པར་འགྱུར་བས་འདིར་མ་བརྗོད་དོ། །དེ་དག་གིས་ནི་བྱུང་བའི་ཆོས་ལ་བཤད་སྒྲུབ་བྱ་བའི་ཚུལ་བཤད་ཟིན་ཏོ།། །།གསུམ་པ་སྒྲུབ་པ་མཐར་ཕྱིན་ནས་གཞན་དོན་བྱ་བའི་ཚུལ་ལ་གཉིས་ཏེ། གཞན་དོན་ལ་འཇུག་པའི་དུས། གཞན་དོན་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ནི་སྒྲུབ་པ་མཐར་ཕྱིན་པ་སྟེ། སྙན་བརྒྱུད་བཞིའི་གདམས་པ་ཐོབ་ནས་བླ་མས་བཀའ་རྒྱས་བཏབ་པ་ཐིམ་པའི་དུས་ཚོད་ལ་སླེབ་པའོ། །གཉིས་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་དགོངས་པ། དམ་དུ་སྦ་ཞིང་དམ་དུ་སྤེལ་ཞེས་བྱ་བ་ཡིན་པས། དམ་དུ་སྦ་བ་ནི་སློབ་མ་འབྲེལ་མ་བརྟགས་པར་དབང་མི་བསྐུར། དབང་མ་བསྐུར་བར་ཁྲིད་མི་བྱ། ཁྲིད་མ་བྱས་པར་གདམས་ངག་མི་བཤད། གདམས་ངག་མ་ཚང་བར་ལུང་མི་སྦྱིན། ལུང་མ་བྱས་པར་བཀའ་རྒྱས་མི་གདབ་ཅེས་གསུངས་པ་ལྟར་རོ། །དམ་དུ་སྤེལ་བ་ནི་སློབ་མ་འབྲེལ་བརྟགས་ལ་དབང་བསྐུར་བ་ལ་སོགས་པ་སྟེ། རང་ལ་བླ་མས་སྒྲུབ་པའི་ལུང་སྦྱིན་པའི་དུས་སུ་ལུང་པ་འདི་ལྟ་བུ་དང་། གང་ཟག་འདི་ལྟ་བུ་དང་། དུས་ཚོད་འདི་ལྟ་བུ་ལ་ཁྱོད་ཀྱིས་ལེགས་པར་སྟོན་ཅེས་པའི་ལུང་བསྟན་ཡོད་ན་དེའི་དུས་ལ་བབ་པའམ། མེད་ན་དབང་དང་དམ་ཚིག་ཐོབ་ཅིང་སྐལ་བ་དང་ལྡན་པའི་སློབ་མ་ལ་ལེགས་པར་ཤོད་ཅེས་པའི་ལུང་བསྟན་ལྟར་བྱ་བ་སྟེ། བཤད་པའི་ཚུལ་ནི་དབང་པོ་རབ་འབྲིང་གསུམ་དུ་བཀྲི་བའི་ཡིག་ཆ་ནས་འབྱུང་བ་ལྟར། གདུལ་བྱ་གང་དང་གང་ལ་དད་པ་དེ་དང་དེའི་འདོད་པ་བཞིན་དུ་བཤད་པའི་སྒོ་ནས་གདུལ་བྱ་མ་ལུས་པའི་དོན་བྱེད་པའོ། །བླ་མའི་གསུང་རབ་གསེར་གྱི་ཅོད་པཎ་དྲུང་། །བདག་ཚིག་མགལ་དུམ་བསྒྲིགས་པ་འོས་མིན་ཡང་། །དོན་བཟང་ལྷག་པའི་ལྷ་ཡི་གཙུག་རྒྱན་དུ། །ལེགས་གསུང་རིགས་ཀྱི་བདག་པོས་རྒྱས་གདབ་པས། །རྒྱལ་མཚན་རྩེར་མཆོད་ནོར་བུ་ཇི་བཞིན་དུ། །སྒྲུབ་པ་པོ་དང་འཆད་ཅིང་ཉན་རྣམས་ལ། །གནས་སྐབས་མཐར་ཐུག་དགོས་འདོད་འབྱུང་བ་ཡི། །རྟེན་འབྲེལ་བསྒྲིག་ཕྱིར་ཕྱོགས་གཅིག་བསྡེབས་པ་ཡིན། །སྙན་བརྒྱུད་བཞི་ལྡན་གདམས་པའི་རྒྱལ་པོ་ནི། །བདག་འདྲས་ཡི་གེར་འབྲི་བར་འོས་མིན་ཡང་། །དོན་གྱི་ཁོག་བསྒྲིགས་གནད་ཀྱི་གསུང་སྒྲོས་རྣམས། །རང་གི་བློ་ལ་བརྗེད་པ་སྤང་ཕྱིར་བྲིས། །སྣང་བ་གསུམ་དང་བསྐྱེད་རིམ་སེམས་འཛིན་ལས། །གཞན་པའི་དམིགས་པ་བཀླགས་ཆོག་མ་བྱས་པ། །མཁའ་འགྲོ་གཉན་ལ་བདག་ཉིད་གུས་པ་དང་། །གོང་མའི་གསུང་ལ་དོན་གཉེར་འཇུག་ཕྱིར་ཡིན། །འདི་སྦྱར་དགེ་བ་བདུད་རྩིའི་རོལ་མཚོ་དེས། །མར་གྱུར་མཁའ་མཉམ་འགྲོ་བ་མ་ལུས་པ། །མན་ངག་བདུད་རྩིའི་རོ་མཆོག་ལ་བརྟེན་ནས། །འཆི་མེད་གོ་འཕང་མྱུར་དུ་ཐོབ་པར་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །སྐྱོན་མེད་བླ་མ་དམ་པས་རྗེས་བཟུང་ནས། །སྙན་བརྒྱུད་བཞི་དང་རྟག་ཏུ་མི་འབྲལ་ཞིང་། །སྐུ་བཞིའི་གོ་འཕང་མྱུར་དུ་ཐོབ་པར་ཤོག །ལམ་འབྲས་བུ་དང་བཅས་པའི་མན་ངག་གི་བྱུང་ཚུལ་གསུང་ངག་བསྟན་པ་རྒྱས་པའི་ཉི་འོད་ཀྱི་ཁ་སྐོང་འདི་ནི་ལེགས་བཤད་དེའི་ས་ཁོངས། རྗེ་བཙུན་བླ་མ་དེའི་ཐུགས་ཀྱི་དགོངས་པ་འདི་ཙམ་མོ་ཞེས་མཐའ་དཔོག་པར་མི་ནུས་ཀྱང་རང་གི་བློ་ལ་ཤར་བ་ཙམ་ཞིག་རྗེ་བཙུན་བླ་མ་ཡབ་སྲས་ཀྱི་དྲུང་དུ། ཁྲིད་ཡོངས་སུ་རྫོགས་པ་ལན་བདུན་གྱི་བར་དུ་ཞུས་པའི་གནད་ཀྱི་གསུང་སྒྲོས་རྣམས་ཀྱང་བཟུང་། རྗེ་བཙུན་གོང་མའི་གསུང་རབ་རྣམས་ལ་ཡང་འདྲིས་པར་བྱས་ནས། བླ་མ་རྣམས་ཀྱི་བྲན་དུ་གྱུར་པ་དགེ་སློང་བསོད་ནམས་སེང་གེས་སྦྱར་བའི་ཡི་གེ་པ་ནི་གཞོན་ནུ་བཟང་པོའོ།། །།ཤུ་བྷཾ། དཔལ་ལྡན་བླ་མ་དམ་པའི་ཐུགས་སྲས་མཆོག །དབོན་ཆེན་ལྷ་མཆོག་སེང་གེའི་ཕྱག་དཔེ་རུ། །རིག་གནས་འདི་ལ་སྦྱངས་པའི་བཟོད་ལྡན་པ། །ཤེས་རབ་རྒྱ་མཚོས་ཨེ་ཝཾ་དགོན་པར་བྲིས། །འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བའི་རྩ་བ་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །རྒྱལ་བ་ཀུན་གྱི་གསང་ཆེན་མཛོད། །བླ་མེད་མཆོག་གི་བསྟན་པ་ནི། །ཇི་ལྟར་མཁའ་ལ་ཉི་ཤར་བཞིན། །རྒྱལ་ཁམས་ཡོངས་ལ་དར་རྒྱས་ཤོག །དགེའོ། །དགེའོ། །དགེའོ།། །།


previousལམ་འབྲས་བུ་དང་བཅས་པའི་མན་ངག་གི་བྱུང་ཚུལ་གསུང་ངག་བསྟན་པ་རྒྱས་པའི་ཉི་འོད་ཁ་སྐོང་དང་བཅས་པ།next