Nitartha Digital Library
Tibetan
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
ལམ་འབྲས་བླ་མ་བརྒྱུད་པ་ལ་ཡན་ལག་བདུན་པ་འབུལ་ཞིང་གསོལ་བ་གདབ་པ།
   
   
   
   


 
previousལམ་འབྲས་བླ་མ་བརྒྱུད་པ་ལ་ཡན་ལག་བདུན་པ་འབུལ་ཞིང་གསོལ་བ་གདབ་པ།next

ལམ་འབྲས་བླ་མ་བརྒྱུད་པ་ལ་ཡན་ལག་བདུན་པ་འབུལ་ཞིང་གསོལ་བ་གདབ་པ།

ལམ་འབྲས་བླ་མ་བརྒྱུད་པ་ལ་ཡན་ལག་བདུན་པ་འབུལ་ཞིང་གསོལ་བ་གདབ་པ་བཞུགས་སོ།། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ལམ་འབྲས་བླ་མ་བརྒྱུད་པ་ལ་གསོལ་བ་བཏབ་ཅིང་ཡན་ལག་བདུན་པ་བྱ་བའི་སྒོ་ནས་ཚོགས་གསག་པར་འདོད་པས། གནས་ཁང་ཕྱག་དར་སོགས་ཀྱིས་གཙང་བར་བྱས་པའི་སྟེགས་མཐོ་སར་བླ་མའི་སྐུ་ལ་སོགས་པའི་རྟེན་རྣམས་བཤམ། དེའི་མདུན་དུ་མཆོད་པ་ཅི་འབྱོར་པ་གཙང་ཞིང་བཀོད་པ་ལེགས་པ་དང་། མཎྜལ་གཅིག་ལ་ཚོམ་བུ་སུམ་ཅུ་སོ་བདུན་བཀོད་པའང་བཤམ། རྣལ་འབྱོར་པ་སོ་སོའི་མདུན་དུ་རྡོ་རྗེ་དྲིལ་བུ་ལ་སོགས་པའི་རོལ་མོའི་ཡོ་བྱད་རྣམས་ཀྱང་བཤམ། དེ་ནས་ཐོག་མར་ཀུན་རིག་ནས་འབྱུང་བ་ལྟར་མཆོད་པ་བྱིན་གྱིས་བརླབ་པ་དང་། སྣ་ཚོགས་རོལ་མོས་བྱིན་དབབ། སྐྱབས་སུ་འགྲོ་བ་མང་དུ་བྱས་ཏེ། སེམས་བསྐྱེད་པ་ལན་གསུམ་བྱའོ། །དེ་ནས་མདུན་གྱི་ནམ་མཁར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྩ་བའི་བླ་མ་དམ་པ་སངས་རྒྱས་རྡོ་རྗེ་འཆང་གི་རྣམ་པ་ཅན་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་དབུ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་སྤྲས་ཤིང་། དར་སྣ་ཚོགས་ཀྱི་ན་བཟས་མཛེས་པ། སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ། གསུང་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐུགས་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པ། འོད་ཟེར་བྱེ་བ་འགྱེད་པ། ཞལ་འཛུམ་བག་དང་ལྡན་པས་བདག་ལ་དགེས་བཞིན་དུ་བཞུགས་པར་བསམས་ལ། དེའི་མཐའ་སྐོར་དུ་བླ་མ་བརྒྱུད་པ་དང་བཅས་པ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དམ་པ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་བསྐོར་བར་བསམས་ལ། དེ་ནས་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བླ་མ་བརྒྱུད་པ། ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས། ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་སྤྱན་དྲངས་ནས། རྩ་བའི་བླ་མ་ལ་ཐིམ་པས་བླ་མ་སངས་རྒྱས་ཀུན་འདུས། དམ་ཆོས་ཀུན་འདུས། དགེ་འདུན་ཀུན་འདུས་ཀྱི་ངོ་བོར་གྱུར་པར་བསམ་མོ། །དེ་ལ་ཡན་ལག་བདུན་པ་དབུལ་བ་ལ། དང་པོ་ཕྱག་འཚལ་བ་ནི། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་པ་ནས། ཁྱོད་མཉེས་བགྱིད་པའང་འགྲུབ་པར་ཤོག །ཅེས་པའི་བར་གྱིས་ཕྱག་བྱ། དེ་ནས་མི་འཕྲོག་པའི་མཁྱེན་རབ་དང་ཞེས་པ་ནས། བསོད་ནམས་རྒྱལ་མཚན་ལ་ཕྱག་འཚལ་ཞེས་པའི་བར་དང་། དེ་ནས་བརྒྱུད་པའི་ཁ་སྐོང་རྩ་བའི་བླ་མ་ལ་ཐུག་གི་བར་དང་། ཕྱོགས་བཅུའི་འཇིག་རྟེན་ཞེས་པ་ནས། བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཅེས་པའི་བར་གྱིས་ཕྱག་བྱའོ། །གཉིས་པ་མཆོད་པ་དབུལ་བ་ནི། སྔར་གྱི་མཆོད་པ་བྱིན་བརླབས་དྲན་པའི་ཕྱིར་དུ་སླར་ཡང་ལན་གཅིག་བྱས་ལ་མཆོད་ཡོན་ཕལ་ཆེར་མའམ། ཞིང་ཁམས་རྒྱ་མཚོ་མ་སོགས་མཆོད་འབུལ་གྱི་ཚིགས་བཅད་གང་ཡང་རུང་བ་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་གདངས་དང་བཅས་ཏེ་རོལ་མོའང་དབུལ་ལོ། །དེ་ནས་གྲུབ་ན་རིག་མ་བཅུ་དྲུག་གི་མཆོད་པའང་བྱ་ཞིང་། དེ་ཙམ་མ་གྲུབ་ནའང་རྒྱལ་སྲིད་སྣ་བདུན་དང་། འདོད་ཡོན་ལྔའི་མཆོད་པ་ཀུན་རིག་ལྟར་བྱའོ། །དེ་ནས་མཎྜལ་སོ་བདུན་མ་དང་། གང་གི་མཆོད་རྫས་མ་བྱ་ཞིང་། དེང་ནས་བྱང་ཆུབ་སྙིང་པོའི་བར་ཞེས་སོགས་ཀྱི་ཚིགས་བཅད་གཉིས་ལ་ཚིག་རྐང་གསུམ་པའི་རྗེས་སུ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར་ཞེས་དང་། མཇུག་ཏུ་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ་ཞེས་པ་སྦྱར་ནས། ས་གཞི་སྤོས་ཆུ་བྱུགས་ཤིང་ཞེས་སོགས་དང་། གུ་རུ་བུདྡྷ་བོདྷི་སཏྭ་ས་པ་རི་ཝཱ་ར་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཤྲི་ཡེ་ཧཱུྃ་ཞེས་པས་མཎྜལ་དབུལ་ལོ། །ཡན་ལག་ཕྱི་མ་ལྔ་ནི། བདག་ནི་ཐོག་མེད་དུས་ནས་སུ། །ཞེས་པ་ནས་ཇི་ལྟར་བསྔོས་པ་འགྲུབ་པར་ཤོག །ཅེས་པའི་བར་ལན་གཅིག་བརྗོད་པར་བྱའོ། །དེ་ནས་འདུན་པ་རྩེ་གཅིག་པའི་བསམ་པས་ཕྱོགས་བཅུ་དུས་གསུམ་མ་བརྗོད་པའི་སྒོ་ནས་གསོལ་བ་བཏབ་ལ་མཐའ་སྐོར་གྱི་ཆོས་སྐྱོང་སྲུང་མ་ནས་བརྒྱུད་པའི་བླ་མའི་བར་རྩ་བའི་བླ་མ་ལ་ཐིམ། རྩ་བའི་བླ་མ་རང་གི་སྤྱི་བོ་ནས་ཐིམ་སྟེ་སྙིང་པདྨ་འདབ་བརྒྱད་དུ་གྱེས་པའི་སྟེང་དུ་བྱང་སེམས་དཀར་པོ་ཟླ་བའི་དཀྱིལ་འཁོར་དུ་བྱས་པ་ལ་བཞུགས་པར་བསམ་ནས་གདངས་དང་བཅས་ཏེ་ཐོས་པ་རྒྱ་མཚོ་ལན་གཅིག་བྱའོ། །དེ་ནས་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའི་ཕྱིར་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱ་ཆེར་གདབ་བོ། །གང་གི་ཚེ་ཀྱཻ་རྡོ་རྗེའི་རྣལ་འབྱོར་པ་འབའ་ཞིག་འཚོགས་ནས་གསང་སྒྲོགས་ལ་སོགས་པ་མི་འབྱུང་བའི་གནས་དབེན་པ་ཡོད་པའི་ཚེ་གཞན་རྣམས་སྔར་དང་འདྲ་བ་ལས། མཆོད་པའི་སྐབས་སུ་ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་གྲངས་མང་བར་བཤམ། མཆོད་པ་བྱིན་དབབ་པའང་ཀྱཻ་རྡོར་ལྟར་བྱ། མདུན་དུ་བསྐྱེད་པའི་ཚེ་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་། ཟླ་བ་དང་། ཉི་མ་དང་། བདུད་བཞི་བརྩེགས་པའི་གདན་གྱི་སྟེང་དུ་བླ་མ་ཀྱཻ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡུམ་དང་བཅས་པར་བསྐྱེད། ཕུང་ཁམས་སྐྱེ་མཆེད་ལྷའི་ངོ་བོར་བསྒོམ་པ་ལམ་ཟབ་ལྟར་བྱ། མཇུག་ཏུ་སྤྲོས་པ་གཅད་པ། དབང་བླང་བ། ལྟ་བ་བསྐྱང་བ་རྣམས་ལམ་ཟབ་ལྟར་བྱ་སྟེ། དེ་ནས་བླ་མ་སྤྱི་བོ་ནས་བསྟིམས་ནས་ཐོས་པ་རྒྱ་མཚོ་སོགས་བྱའོ། །ལམ་འབྲས་བླ་མ་བརྒྱུད་པ་ལ་ཡན་ལག་བདུན་པ་དབུལ་ཞིང་གསོལ་བ་གདབ་པའི་ཚུལ་འདི་ནི། དོན་གཉེར་གྱི་སློབ་མ་རིན་ཆེན་རྒྱལ་མཚན་ཁམས་ལ་འགྲོ་ཁའི་ནངས་པར་རང་དུ་བསྐུལ་ནས། ཇ་གྲལ་དེ་ཉིད་དུ་བླ་མ་དམ་པ་རྣམས་ཀྱི་བྲན་དུ་གྱུར་པ་མང་ཐོས་དགེ་སློང་བསོད་ནམས་སེང་གེས་སྦྱར་བའོ།། །།དགེའོ།། ༄༅། །བརྡ་དགྲོལ་ངེས་པའི་དཔལ་སྟེར་བཞུགས།། ༈ །བརྡ་དགྲོལ་ངེས་པའི་དཔལ་སྟེར་ཞེས་བྱ་བ། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་བརྒྱུད་པ་དང་བཅས་པའི་ཞབས་ཀྱི་པདྨོ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་གཟུང་དུ་གསོལ། འདིར་རྗེ་བཙུན་གྱི་རྒྱལ་པོ་འཁྲུལ་པའི་དྲི་མ་ཟད་པ་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས། སྟོང་ཐུན་ས་བཅད་ཀྱི་མཇུག་ཏུ། བླ་མེད་ཕྱོགས་ནི་རིས་བསྒྱུར་མིག་བཅས་པ། །རིག་བྱེད་ཀྱིས་གསལ་ལག་པས་མེ་ལ་བགོས། །དེ་འོད་ཀུན་གསལ་ཆུ་གཏེར་འབྱུང་བར་བབས། །བློ་ལྡན་དོན་དེ་ཤེས་ན་སྨྲ་བར་གྱིས། །ལེགས་འོངས་མིག་གིས་ཡོན་ཏན་གསལ་བར་བྱས། །མེ་དང་ཆུ་བོས་འབྱུང་བ་རབ་ཏུ་བསྐྱེད། །ཟླ་བས་ཀུན་ཀྱང་གསལ་བར་བྱེད་མོད་ཀྱི། །མིག་གིས་ལེགས་པར་བལྟས་པས་བདག་བློ་དད། །གཟུགས་གཉིས་ཡོན་ཏན་ཟུང་ནི་ཐོག་མ་སྟེ། །གང་གིས་གང་སྟོན་ལོ་རྒྱུས་དང་བཅས་པ། །གཞུང་འདིར་ཀུན་ཏུ་བལྟས་པས་བློ་ལྡན་གྱིས། །ལེགས་རྟོགས་གཞན་ལ་སྟོན་ན་བདག་བློ་སྤྲོ། །ལེགས་འོངས་འཆད་པ་བཤད་གཞི་ལོ་རྒྱུས་ཅན། །རྣམ་འགྲེལ་བཅས་པ་སྡིག་འཇོམས་གཞན་མིན་ལྡན། །མཁས་མཚུངས་འཛིན་བཅས་དྲི་མ་ཀུན་སྤངས་ཏེ། །ཡི་གེ་བཞི་ལྡན་ཉིད་དུ་འགྱུར་བར་ཤོག །ཅེས་པའི་དོན་འགྲེལ་པ་ལ་བཞི་སྟེ། སྤྱིར་རྒྱུད་སྡེ་བདུན་ཅུ་རྩ་གཉིས་ཀྱི་བརྒྱུད་པ་སྨོས་པ། བྱེ་བྲག་རྒྱུད་གསུམ་གྱི་བརྒྱུད་པ་སྨོས་པ། བཤད་བྱ་འཆད་བྱེད་དང་བཅས་པའི་སྒོ་ནས་དོན་བསྡུ་བ། འཇུག་པ་པོ་འབྲས་བུ་ཕུན་སུམ་ཚོགས་པར་བསྔོ་བའོ། །དང་པོ་ནི་ཚིགས་སུ་བཅད་པ་དང་པོ་སྟེ། བླ་མེད་ཅེས་པ་ནི་བླ་མེད་ཀྱི་རྒྱུད་སྡེའོ། །ཕྱོགས་ནི་བཅུ་ཡིན་ལ། དེ་རི་སྟེ་བདུན་གྱིས་བསྒྱུར་བས་བདུན་ཅུར་འགྱུར། དེ་མིག་སྟེ་གཉིས་དང་བཅས་པས་བླ་མེད་ཀྱི་རྒྱུད་སྡེ་བདུན་ཅུ་དོན་གཉིས་ཞེས་པའོ། །དེ་གང་གིས་གསལ་བར་བྱེད་ན། རིག་བྱེད་ནི་བཞི་སྟེ། རྒྱུད་སྡེ་སྤྱིའི་རྣམ་གཞག་སོགས་ཚུལ་བཞིས་གསལ་བར་བྱེད་ཅེས་པའོ། །གཞན་དག་སྙན་བརྒྱུད་བཞིས་ཞེས་འཆད་པ་ནི་ནོར་ཏེ། སྙན་བརྒྱུད་མན་ངག་གི་སྟེང་དུ་བརྩི་བར་བྱ་བ་ཡིན་གྱི་རྒྱུད་ཀྱི་སྟེང་དུ་བརྩི་བར་བྱ་བ་མ་ཡིན་པའི་ཕྱིར་དང་། སྟོང་ཐུན་ས་བཅད་ཀྱི་དོན་བསྡུའི་སྐབས་ཡིན་པས། སྐབས་ཐོབ་ཀྱང་མ་ཡིན་པའི་ཕྱིར་རོ། །དེ་གང་ལས་བརྒྱུད་ན། ལག་པ་ནི་རྡོ་རྗེ་འཆང་ནས་བརྒྱུད་པ་གཉིས་པ་བིརྺ་པ་ཡིན་ལ། དེས་གསུམ་པ་མེ་སྟེ་ས་ཆེན་ལ་བགོས། དེའི་གསུང་གི་འོད་ཟེར་ཀུན་ཏུ་གསལ་བ་ལས་བཀའ་བབས་ནི་ཆུ་གཏེར་ཏེ་བཞི་པ་རྗེ་བཙུན་རྩེ་མོ། འབྱུང་བ་སྟེ་ལྔ་པ་རྗེ་བཙུན་གྲགས་པ་རྒྱལ་མཚན་ལ་བབས་ཞེས་པའོ། །འདི་བརྡ་ཚིག་གིས་སྟོན་དགོས་ཏེ། གཞན་དག་ཡིད་མ་ཆེས་ནས་བསོད་ནམས་མ་ཡིན་པ་བཟློག་པའི་ཆེད་དུ་གསང་བར་མཛད་པ་ལོ་རྒྱུས་ཀྱི་ཡི་གེ་ན་གསལ་ལོ། །དེའི་ཤན་གྱིས་འདིར་རིང་བརྒྱུད་ཀྱང་བརྡ་ཚིག་གིས་སྟོན་པ་ཡིན་ལ། འཇིག་རྟེན་ན་གྲགས་ཤིང་ཡིད་ཆེས་པའི་གནས་ཡིན་པས་དག་ལྗོན་སོགས་ལས་གསལ་བར་བཤད་དེ་འོག་ཏུ་འཆད་དོ། །གཉིས་པ་ནི། ལེགས་འོངས་ཞེས་སོགས་ཚིགས་བཅད་གཉིས་ཏེ། ལེགས་འོངས་ནི་ཡོངས་སུ་གྲགས་པའི་བརྒྱུད་པ་ཡིན་ལ། མིག་ནི་གཉིས་ཏེ། ནག་པོ་པ་ནས་བརྒྱུད་པ་དང་། ཌོམྦི་པ་ནས་བརྒྱུད་པ་གཉིས་སོ། །དེས་གང་གསལ་བར་བྱས་ན། ཡོན་ཏན་ནི་གསུམ་སྟེ་རྒྱུད་གསུམ་གསལ་བར་བྱས་པའོ། །དེ་གང་ལ་བཀའ་བབ་ན། མེ་དང་། ཆུ་བོ་དང་། འབྱུང་བ་ནི་སྔ་མའི་བརྡ་ཚིག་གཞིར་བཞག་ནས་ས་ཆེན་དང་། རྩེ་མོ། གྲགས་པ་གསུམ་མོ། །ཟླ་བ་ནི་གཅིག་སྟེ། སངས་རྒྱས་རྡོ་རྗེ་འཆང་། དེས་རྒྱུད་སྡེ་ཀུན་ཀྱང་གསལ་བར་བྱེད་མོད་ཀྱི་འདིར་མིག་ནི་སྔ་མ་ལྟར་བརྒྱུད་པ་གཉིས་ཀྱིས་ལེགས་པར་བལྟས་པས་བདག་གི་བློ་རྒྱུད་གསུམ་གྱི་བརྗོད་བྱ་ལ་དད་ཅེས་པའོ། །འོ་ན་མེ་ཡན་ཆད་ཀྱི་བརྒྱུད་པ་གང་སྙམ་ན། གཟུགས་གཉིས་ནི་ནག་པོ་པ་ནས་ག་ཡ་དྷ་རའི་བར་དང་། ཌོམྦི་པ་ནས་དཔའ་བོ་རྡོ་རྗེའི་བར་གཉིས་ཡིན་ལ། ཡོན་ཏན་ནི་གསུམ་སྟེ། དེ་ཟུང་ནི་བརྒྱུད་པ་དང་པོ་འབྲོག་མི། སེ་སྟོན། ཞང་དགོན་པ་བ་དང་གསུམ་དང་། བརྒྱུད་པ་གཉིས་པ་ནི་འབྲོག་མི། མངའ་རིས་པ་གསལ་བའི་སྙིང་པོ། འཁོན་སྒྱི་ཆུ་བ་ཤཱཀྱཾ་འབར་གསུམ་ཡིན་པས་དེ་སྔར་གྱི་མེའི་ཐོག་མར་སྦྱར་ཞེས་པའོ། །དེ་ལྟར་ཡང་ལྗོན་ཤིང་ལས། དེ་ལྟར་དེ་དག་ཀྱང་ཐོག་མར་བརྒྱུད་པའི་བླ་མ་གཉིས་ལས་ཇི་ལྟར་བརྒྱུད་དེ་འོངས་སྙམ་ན། འདིར་བརྗོད་པ། རྡོ་རྗེ་འཆང་དབང་དཔལ་ལྡན་ཡེ་ཤེས་མཁའ་འགྲོ་མ། །རྗེ་བཙུན་ཆོས་སྐྱོང་མཐུ་སྟོབས་དབང་ཕྱུག་བིརྺ་པ། །ནག་པོ་ཌཱ་མ་པ་དང་ཨ་ཝ་དྷཱུ་ཏཱི་དཔལ། །རྗེ་བཙུན་ག་ཡ་དྷ་ར་ཤཱཀྱ་ཡེ་ཤེས་མཆོག །ཅེས་བྱ་བས་བརྒྱུད་པ་དང་པོ་བརྗོད་ནས། གཞན་ཡང་གཉིས་པའང་བརྗོད་པར་བྱ་སྟེ། གཉིས་པ་ཌོམྦི་ཧེ་རུ་ཀ་དཔལ་དེ་རྗེས་སུ། །ཨ་ལ་ལ་དང་དཔལ་ལྡན་ནགས་ཁྲོད་གརྦྷ་རི། །རྒྱལ་བ་དཔལ་གྱི་ཡེ་ཤེས་སྦྱང་དཀའི་ཟླ་བ་དང་། །དཔའ་བོ་རྡོ་རྗེ་ཡེ་ཤེས་ཞབས་ལ་གདམས་པའོ། །བརྒྱུད་པ་གཉིས་པོ་འཛིན་པའི་རྗེ་བཙུན་ཤཱཀྱ་ཡེ་ཤེས་ལས། སུས་ཅི་ལྟར་ཐོས་ཤིང་། དེ་དག་ལས་ཀྱང་བླ་མ་ཆེན་པོས་ཇི་ལྟར་ཐོས་སྙམ་ན། དཔེ་དང་བསྟུན་ནས་བརྗོད་པ། མ་དྲོས་ཡེ་ཤེས་ཞབས་ལ་རྒྱུན་བཞིའི་བླ་མ་ནི། །རྒྱལ་པོ་རིག་དང་སྙིང་པོ་སྣང་བའི་མཐའ་ཅན་ཏེ། །རིག་དང་སྙིང་པོའི་ཞབས་ལས་འབར་བ་འབར་བའི་མཐའ། །རྒྱུན་བཞི་འཛིན་པའི་བླ་ཆེན་དེ་ལ་བདག་ཕྱག་འཚལ། །ཞེས་དང་། དག་ལྡན་ལས་ཀྱང་ཆ་འདྲ་བར་འབྱུང་སྟེ། བརྒྱུད་པ་གཉིས་ལས་ཞེས་དང་། སྙིང་པོ་རིག་ལས་འབར་བ་འབར་བའི་མཐའ། །ཞེས་པས། གཟུགས་གཉིས་དང་ཡོན་ཏན་ཟུང་བསྟན་ཅིང་། དེ་ས་ཆེན་གྱི་ཐོག་མར་སྦྱར་བས་ལོ་རྒྱུས་སྟོན་པ་གཞུང་ཀུན་གྱི་དགོངས་པར་སྣང་ངོ་། །ཚུལ་བཞི་པོ་གང་གིས་རྒྱུད་གསུམ་གང་སྟོན་པ་ལོ་རྒྱུས་བརྒྱུད་པ་གཉིས་པོ་དང་བཅས་པ། གཞུང་འདིར་ཞེས་སོགས་ནི་གོ་སླའོ། །གསུམ་པ་ནི། ལེགས་འོངས་ཞེས་སོགས་ཚིག་རྐང་གཉིས་ཏེ། ལེགས་འོངས་ནི་སྔ་མ་དང་འདྲའོ། །འཆད་པ་ནི་བཤད་ཐབས་ཀྱི་མན་ངག་ཚུལ་བཞི་སྟེ། འདི་ལ་ཡིག་ཆ་རྒྱུད་སྡེའི་དུམ་བུ། སྤྱི་རྣམས། ལྗོན་ཤིང་། སྟོང་ཐུན་ས་བཅད་དང་བཞི་ཡོད་དོ། །བཤད་གཞི་ནི་རྒྱུད་གསུམ་མོ། །ལོ་རྒྱུས་ཅན་ནི་སྔར་གྱི་བརྒྱུད་པ་གཉིས་སོ། །རྣམ་འགྲེལ་ནི་དག་ལྡན། གུར་རྒྱན། གནད་ཀྱི་གསལ་བྱེད་གསུམ་མོ། །བཅས་པ་ནི་བསྡུས་དོན་གསུམ་མོ། །སྡིག་འཇོམས་ནི་ཡབ་ཡུམ་གྱི་བསྟོད་པ་གཉིས་ཏེ། བདག་མེད་བསྟོད་པར། རང་བཞིན་དྲི་མེད་བློ་གྲོས་གློ་བུར་གྱི། །དྲི་མས་བསྒྲིབས་པ་གསལ་བར་མཛད་པ་ཡི། །ཞེས་གསུངས་པ་ལས་ཤེས་སོ། །དེ་ལས་གཞན་མིན་པར་ལྡན་པ་ནི་བདག་མེད་བསྟོད་འགྲེལ་ཏེ། དག་ལྡན་ལས། རྒྱུད་སྤྱི་ལ་དགོས་པའི་སྡོམ་པ། རྒྱུད་སྡེའི་དུམ་བུ་རྣམ་གཞག་མངོན་རྟོགས་ཏེ། །སྟོང་ཐུན་གཉིས་ཀྱི་དོན་བསྡུས་བསྟོད་པ་གཉིས། །བདག་མེད་བསྟོད་པའི་རྣམ་འགྲེལ་དང་བཅས་པ། །ཀུན་ཏུ་དགོས་པའི་གཞུང་བདུན་འཐོར་མི་བྱ། །རྒྱུད་སོ་སོ་ལ་དགོས་པ་ནི། རྒྱུད་དོན་སོ་སོའི་རྣམ་འགྲེལ་དོན་བསྡུས་བཅས། །གང་ལ་གང་དགོས་དེ་དེ་བླང་བྱ་སྟེ། །དེ་ལྟར་བཅུ་གསུམ་ལེགས་པར་བལྟས་བྱས་ནས། །རྣམ་པར་ཕྱེ་བས་རྒྱུད་དོན་ཤེས་པར་འགྱུར། །ཞེས་གསུངས་པས་ཆོས་སྣ་བཅུ་གསུམ་པོ་བཤད་གཞི་རྒྱུད་གསུམ་དང་བཅས་པ་སྟོན་པས་སོ། །བཞི་པ་ནི། མཁས་མཚུངས་ཞེས་སོགས་ཚིག་རྐང་གཉིས་ཏེ། དེ་དག་ལ་མཁས་པ་སྔ་མ་དང་མཚུངས་པ་ཉིད་དུ་སྙན་བརྒྱུད་ཀྱི་སྒོ་ནས་མཁས་པ་ནི་རྗེ་བཙུན་ཉིད་ཡིན་ལ། ཐོས་བསམ་གྱི་སྒོ་ནས་འཛིན་པ་དང་བཅས་པ་ནི་སློབ་མའི་ཚོགས་ཏེ། དེ་དག་སྤང་བྱ་གཉིས་ཀྱི་དྲི་མ་ཀུན་སྤངས་ཏེ། ཐོབ་བྱ་ཧེ་རུ་ཀ་ཞེས་པའི་ཡི་གེ་བཞིའི་དོན་དང་ལྡན་པར་ཤོག་ཅེས་པའོ། །འདིའི་ཚིགས་བཅད་དང་པོ་འགྲེལ་པ་དུ་མ་སྣང་ཞིང་། ཕྱི་མ་རྣམས་དགྲོལ་བ་མཐོང་ཞིང་ཐོས་པ་མེད་པས་སྤོབས་པ་ཞུམ་པར་གྱུར་པའི་ཚེ། སྐྱེས་ཆེན་དམ་པ་དག་གིས་དྲིས་པའི་རྐྱེན་བྱས་ནས་རྣ་རོའི་བནྡེ་གཤིན་རྗེ་གྲགས་ཀྱིས་བཞེངས་པའི་རྗེ་བཙུན་གྱི་སྐུ་འདྲའི་དྲུང་དུ་གསོལ་བ་བཏབ་པས། རྟོག་པ་ལ་རང་དགར་ཤར་བ་རྒྱུད་གསུམ་སྨྲ་བའི་དགེ་སློང་བསོད་ནམས་སེང་གེས་བྲིས་པའོ།། །།འདི་དག་དོན་དུ་མ་སོང་ན། །སེམས་ཀྱི་དྲི་མར་གྱུར་པ་ལ། །སངས་རྒྱས་རྣམས་ནི་སྨོད་མི་མཛད། །ཅེས་པའི་ཚུལ་གྱིས་བླ་མ་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛད་ནས། ཐུགས་རྗེས་གཟུང་དུ་གསོལ། དོན་དུ་སོང་ན་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཐོབ་པའི་ཆེད་དུ་བསྔོའོ། །དགེའོ།། ༄༅། །རྒྱུད་ཀྱི་ཚིག་དོན་ལ་དོགས་གཅོད་བཞུགས།། ༈ །བླ་མ་དང་དཔལ་ཀྱཻ་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྩ་རྒྱུད་བརྟག་གཉིས་ཀྱི་ཕྱི་མའི་དགུ་པར། དང་པོ་རྣམ་སྣང་དེར་རྗེས་སུ། །རྡོ་རྗེ་མ་ཡི་མཐའ་རུ་ཧཱུྃ། །ཞེས་པའི་འགྲེལ་པ་མུ་ཏིག་ཕྲེང་བ་ལས། དེར་རྗེས་རྡོ་རྗེ་ཞེས་པ་ནི་ཡི་གེ་ཨ་སྟེ། འདིར་དེ་ཉིད་དྲག་ཅིང་དུའོ། །ཞེས་དང་། གཞུང་འགའ་ཞིག་ལས། དྲག་རིང་དུའོ་ཞེས་པའང་སྣང་ངོ་། །བྷ་བ་བྷ་དྲའི་འགྲེལ་པ་ལས། དེར་རྗེས་རྡོ་རྗེ་མ་ནི་དབྱངས་ཡིག་གཉིས་པ་སྟེ། དེ་ལ་ཐིག་ལེ་གཉིས་སྦྱར་བའོ། །དེ་ནས་ཡང་ཧཱུྃ་ཡི་གེ་ཨ་ཡིག་གི་ཕ་རོལ་དུ་ཐིག་ལེ་གཉིས་ནི་ཕྱིས་པའོ། །དེས་ན་རྡོ་རྗེ་ཧཱུྃ་ཞེས་པ་ནི་མཐའི་དྲག་པོའི་ཐིག་ལེ་དག་ཐིམ་ཞིང་སྦས་པའོ་ཞེས་གསུངས་སོ། །དཀའ་འགྲེལ་པདྨ་ཅན་ལས། རྡོ་རྗེ་མ་ནི་ཨའོ་ཞེས་བཤད་དོ། །ཌྷཾ་ཀ་ད་ཤའི་འགྲེལ་པ་ལས། དང་པོར་རྣམ་སྣང་ཞེས་པ་སྟེ་ཐོག་མར་ཨོཾ་ཡིག་གོ །དེའི་རྗེས་སུ་རྡོ་རྗེ་མ་ཨ་ཡིག་སྟེ་ཨཱ་དང་འདུས་པ་ལས་ཨཱའོ། །མཐའ་རུ་ཧཱུྃ་ཞེས་པ་རྡོ་རྗེ་གསུམ་གྱི་ཡི་གེ་ཨོཾ་ཨཱཿཧཱུྃ་ཞེས་པ་སྟེ་ཞེས་བཤད་དོ། །དེ་དག་གི་ནང་ནས་དཀའ་འགྲེལ་པདྨ་ཅན་གྱིས་ཨ་ཐུང་ལ་ངོས་འཛིན་པར་བཤད་སྣང་ཞིང་། མུ་ཏིག་ཕྲེང་བར་དྲག་ཅིང་དུའོ་ཞེས་པ་ལྟར་ན་ཨ་ཐུང་དང་། དྲག་རིང་དུའོ་ཞེས་པ་ལྟར་ན་ཨཱ་རིང་ལ་ངོས་འཛིན་པ་འདྲའོ། །བྷ་བ་བྷ་དྲ་དང་། ཌྷཾ་ཀ་ད་ཤ་གཉིས་ཀྱིས་ནི་དབྱངས་ཀྱི་གཉིས་པ་ལ་ངོས་འཛིན་པར་སྣང་སྟེ། ཕྱག་གཉིས་པའི་སྔགས་བཏུའི་སྐབས་སུ། རྡོ་རྗེ་མ་ཡིས་རྣམ་པར་བརྒྱན། །ཞེས་པ་དབྱངས་ཡིག་གཉིས་པ་ཡིན་པ་དང་ཁྱད་མེད་སྙམ་དུ་སེམས་སོ། །འཁྲུལ་པ་ཟད་པའི་གྲུབ་ཆེན་མི་ཐུབ་ཟླ་བའི་ཞལ་ནས་རྣམ་སྣང་ནི་ཨོཾ་སྟེ། དེ་དང་པོར་རོ། །རྡོ་རྗེ་མ་ནི་ཨའོ། །དབྱངས་ཀྱི་མཐའ་ཞེས་བྱ་བ་ནི་ཨ་སྟེ་དེ་དང་ལྡན་པའོ། །མཐར་ཧཱུྃ་ནི་བཟའ་བ་དང་། བཏུང་བ་བྱིན་གྱིས་བརླབ་པའི་སྔགས་སོ་ཞེས་གསུངས་ཏེ། འདིའི་དོན། རྡོ་རྗེ་མ་ཨཱ་ལི་གཉིས་པ་རྡོ་རྗེ་མ་ཞེས་པ་ལྟར་དབྱངས་ཡིག་གཉིས་པ་ལ་ངོས་འཛིན་པ་ཡང་དེའི་ཡ་མཐའ་ནི་དབྱངས་ཡིག་དང་པོ་ཡིན་ཞེས་པའམ། ཡང་རྡོ་རྗེ་མ་ཡང་ཡིན་དབྱངས་ཀྱི་མཐའ་ཡང་ཡིན་པའི་གཞི་མཐུན་ལྟར་ན་རྡོ་རྗེ་མ་ནི་ཞེ་སྡང་ཞེས་པ་ལྟར་གཙོ་མོ་བདག་མེད་མ་ལ་འཇུག་པས་གང་ལྟར་ཡང་ཨ་ཐུང་ཁོ་ན་ལ་ངོས་འཛིན་པར་མཛད་དོ། །དེས་ན་དཔལ་ལྡན་ས་སྐྱ་པཎྜི་ཏས། འབྲུ་གསུམ་ཨཿལ་ཚེག་དྲག་ཐོབ། །ང་རོ་རིང་ཆར་བཀླགས་པས་ནོར། །ཞེས་གསུངས་པའང་སྐྱོན་མེད་པར་གྲུབ་བོ། །ལེའུ་བརྒྱད་པའི་གྲུབ་མཐའ་བཞིའི་འགྲེལ་པར། ཤཱནྟི་པའི་མུ་ཏིག་ཕྲེང་བ་ལས་འདོད་ཆགས་དང་བྲལ་བར་སྨྲ་བའི་བྱེ་བྲག་སྨྲ་བ་སྟེ། དེ་ལྟ་བུ་དེ་ཉིད་ནི་བྱེ་བྲག་ཏུ་སྨྲ་བའོ། །དེ་ཉིད་ནི་ཉན་ཐོས་ཀྱི་ཐེག་པ་སྟེ། གདམས་ངག་བརྒྱ་པ་དང་། སྤེལ་མ་གསུམ་པའི་ཕྲེང་བ་ལ་སོགས་པའི་ལུང་ངོ་། །མདོ་སྡེ་ཞེས་པ་ནི་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་ཟབ་པ་མ་ཡིན་པ་རྣམས་ཏེ། དེའང་ཚིགས་སུ་བཅད་པ་གཅིག་པ་ཞེས་བྱ་བ་དང་། ཚིགས་སུ་བཅད་པ་གཉིས་པའི་གཟུངས་ཞེས་བྱ་བ་དང་། སྒོ་དྲུག་པ་ཞེས་བྱ་བ་དང་། བཟང་པོ་སྤྱོད་པ་དང་། ཆོས་བཞི་པ་དང་། རྒྱ་ཆེར་རོལ་པ་དང་། ས་བཅུའི་མདོ་ལ་སོགས་པ་རྣམས་སོ། །རྣལ་འབྱོར་སྤྱོད་པ་ཞེས་པ་ནི་སྣ་ཚོགས་པ་འདི་དག་ནི་སེམས་ཙམ་སྟེ་དོན་དུ་སྣང་བ་རྣམས་ནི་བདེན་པ་མ་ཡིན་ཞིང་སེམས་ཉིད་བག་ཆགས་ཀྱི་སྟོབས་ལས་དེ་ལྟ་བུར་སྐྱེ་བ་ནི་རྨི་ལམ་ཇི་ལྟ་བ་བཞིན་ནོ་ཞེས་སོ། །དབུ་མ་ཞེས་པ་ལ་དབུ་མ་ནི་ལམ་སྟེ། དེ་ཡང་སེམས་གཉིས་ཀྱི་རང་བཞིན་གྱིས་ཡོད་པ་མ་ཡིན་ཞིང་། གཉིས་པོས་སྟོང་པའི་རང་བཞིན་གྱིས་མེད་པ་མ་ཡིན་ཞེས་པའི་དོན་ཏོ། །བསྟན་ཞེས་པ་ནི་རིམ་གྱིས་དེ་ལྟར་བསྟན་པར་བྱའོ། །རྒྱུད་ཀུན་གྱི་ཞེས་པ་ལ་སོགས་པ་ནི་དེའི་རྗེས་སུ་འདི་ཞེས་བྱ་བར་སྦྱར་རོ་ཞེས་བཤད་པ་ནི་རང་ཉིད་གཉིས་སྟོང་གི་ཤེས་པ་བདེན་པར་གྲུབ་པ་དབུ་མའི་ལུགས་སུ་བྱས་ནས་སེམས་ཙམ་པ་ལོགས་སུ་ངོས་འཛིན་པའི་ལུགས་སུ་སྣང་ངོ་། །དཀའ་འགྲེལ་པདྨ་ཅན་ལས། བྱེ་བྲག་སྨྲ་བ་དེ་ལ་བསྟན། །ཞེས་པ་ཕུང་པོ་ལྔ་ལ་སོགས་པའི་རང་བཞིན་བསྟན་པའོ། །མདོ་སྡེ་པ་ཞེས་པ་ནི་ཐེག་པ་ཆེན་པོའི་མདོའོ། །རྣལ་འབྱོར་པ་ཞེས་པ་ཐམས་ཅད་རྣམ་པར་ཤེས་པའོ། །དབུ་མ་པ་ཞེས་པ་ཡོད་པ་དང་མེད་པ་ཞེས་པ་ལ་སོགས་པའི་ཕྱོགས་སྟོང་པ་ཉིད་དོ། །ཐམས་ཅད་སྔགས་ཀྱི་ཚུལ་ཞེས་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་བླ་མའི་ཚུལ་དུའོ། །དེ་ལྟར་ན་གལ་ཏེ་བཟུང་ན་ཕན་ཡོན་ནི་བླངས་པས་སློབ་མ་དེའི་ཚེ་འགྲུབ་པར་འགྱུར་རོ་ཞེས་དང་། དཀའ་འགྲེལ་རིན་པོ་ཆེའི་སྦྱོར་ཕྲེང་ལས་བྱེ་བྲག་སྨྲ་བ་ཞེས་པ་ནི་འདོད་ཆགས་དང་བྲལ་བའི་ཕྱིར་བཤད་པ་སྟེ། དེའང་ཉན་ཐོས་ཀྱི་ཐེག་པ་གདམས་ངག་བརྒྱ་པ་དང་། རྒྱུན་ཆགས་གསུམ་པའི་ཕྲེང་བ་ལ་སོགས་པའོ། །མདོ་སྡེ་ཞེས་བྱ་བ་ནི་མདོ་རྒྱས་པ་དག་སྟེ། ཚིགས་བཅད་གཅིག་པ་དང་། གཉིས་པ་དང་། བཞི་པ་དང་། སྒོ་དྲུག་པའི་གཟུངས་དང་། བཟང་པོ་སྤྱོད་པའི་སྨོན་ལམ་དང་། རྒྱ་ཆེར་རོལ་པ་དང་། ས་བཅུ་པ་ལ་སོགས་པའོ། །རྣལ་འབྱོར་སྤྱོད་པ་ཞེས་བྱ་བ་ནི་སྣ་ཚོགས་འདི་དག་སེམས་ཙམ་སྟེ། རྨི་ལམ་ལྟར་འཁྲུལ་པའི་དབང་གིས་བརྫུན་པ་དག་གཅིག་ཁོ་ནར་སྣང་གི་ཁོ་ན་ཉིད་དུ་ནི་མ་ཡིན་ནོ། །དབུ་མ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྐྱེ་བ་མེད་པ་ཉིད་དོ་ཞེས་དང་། ཌྷཾ་ཀ་ད་ཤའི་འགྲེལ་པ་ལས། དེ་ལ་བྱེ་བྲག་སྨྲ་བ་བསྟན། །ཞེས་པ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཚུལ་ཏེ། ཉན་ཐོས་རྣམས་ཀྱི་བྱང་ཆུབ་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་རང་བཞིན་ནོ། །རང་སངས་རྒྱས་རྣམས་ཀྱི་ནི་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་སྤངས་པའི་རང་བཞིན་ནོ། །མདོ་སྡེ་ཞེས་པ་མདོ་སྡེ་ཀློག་པར་བྱེད་པའོ། །རྣལ་འབྱོར་སྤྱད་པ་ཞེས་པ་རྣམ་པར་ཤེས་པ་ཙམ་བདེན་ཞེས་པ་རྣལ་འབྱོར་སྤྱོད་པའི་ལུགས་སོ། །དབུ་མ་ཞེས་པ་མཐའ་བཞི་ལས་རྣམ་པར་གྲོལ་བ་ཀུན་རྫོབ་ཐམས་ཅད་ཅེས་པ་དབུ་མ་པའི་ལུགས་སོ་ཞེས་གསུངས་པ་རྣམས་ནི་གྲུབ་མཐའ་བཞིའི་ལྟ་བའི་རིམ་པ་ཇི་ལྟ་བ་བཞིན་འགྲེལ་པའི་ལུགས་སུ་སྣང་སྟེ། འཇམ་དཔལ་གྱི་ཞལ་ལུང་དང་། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་གཉིས་ལས་གསུངས་པའི་གྲུབ་མཐའ་བཞིའི་ལྟ་བའི་རིམ་པ་ཇི་ལྟ་བ་བཞིན་དུ་སྣང་ངོ་། །འདི་ཡང་རྒྱུད་ཀྱི་ཚིག་དོན་ལ། །སྒྲོ་འདོགས་གཅོད་པར་འདོད་པ་ཡི། །དོན་དུ་བསོད་ནམས་སེང་གེས་སྦྱར། །དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །དགེའོ།། ༄༅། །སཾ་བུ་ཊིའི་བསྡུས་དོན་ཚིགས་བཅད་མ་བཞུགས།། ༈ །ན་མོ་གུ་རུ་བྷ་དྲཱ་ཡ། ཐབས་དང་ཤེས་རབ་ཡང་དག་སྦྱོར། །གཉིས་འཛིན་འཁྲུལ་པའི་དྲི་མ་འཁྲུད། །དྲི་བྲལ་རྡོ་རྗེ་སེམས་དཔའ་དཔལ། །རྒྱུད་གསུམ་དབྱེར་མེད་ལ་བཏུད་ནས། །བླ་མེད་རྒྱུད་སྡེ་ཐམས་ཅད་ཀྱི། །གླེང་གཞི་གསང་བ་ཡང་དག་སྦྱོར། །ལས་བྱུང་དཔལ་ལྡན་རྒྱུད་རྒྱལ་གྱི། །སྤྱི་དོན་རྣམ་ལྔས་རྟོགས་བྱ་སྟེ། །རྒྱུད་སྡེ་སྤྱི་ཡི་རྣམ་གཞག་དང་། །མཚན་དོན་བཤད་ཐབས་མན་ངག་དང་། །རྒྱུད་ཀྱི་མངོན་པར་རྟོགས་པ་དང་། །གནས་ལུགས་ཇི་ལྟར་གནས་པའོ། །དང་པོ་བཞི་པོ་གཞན་དུ་གསལ། །ལྔ་པ་གནས་ལུགས་ལ་གཉིས་ཏེ། །བརྟག་པ་གང་ནས་གང་བྱུང་དང་། །མངོན་རྟོགས་བསྡེབས་ཏེ་བརྗོད་པའོ། །དང་པོ་གླེང་གཞིས་མདོར་བསྟན་ནས། །མཚན་གྱི་དོན་གྱིས་ཅུང་ཟད་བཤད། །བརྟག་པ་དང་པོས་རྒྱས་པར་བཤད། །བརྟག་པ་ཕྱི་མ་དགུ་ཡིས་ནི། །དེ་དོན་རབ་ཏུ་རྒྱས་པར་བཤད། །ཕྱི་མའི་རྒྱུད་ཀྱིས་ཚིག་དང་ནི། །དོན་རྣམས་སོ་སོར་ཕྱེ་བ་སྟེ། །མདོར་བསྟན་རྒྱས་བཤད་རིམ་པ་ལྔ། །གླེང་གཞི་གདམས་ངག་དྲུག་གིས་ནི། །བཤད་པས་རྒྱུད་དོན་མ་ལུས་བསྟན། །མཚན་དོན་ཉིད་ཀྱིས་གླེང་གཞིའི་དོན། །རྒྱུད་གསུམ་ཉིད་དུ་འདུས་པར་བསྟན། །བརྟག་པ་དང་པོའི་དང་པོ་ལས། །དོན་དམ་བྱང་སེམས་སྔོན་འགྲོ་བའི། །ཀུན་རྫོབ་བྱང་སེམས་ཀྱིས་བསྡུས་པ། །དེ་བཞིན་ཉིད་ཀྱི་དག་པ་དང་། །དོན་དམ་བྱང་སེམས་དེ་ཉིད་ཀྱང་། །བསྒོམས་པའི་སྟོབས་ཀྱིས་སྐྱེ་བ་ཡིས། །རང་རིག་བདག་ཉིད་དག་པ་སྟེ། །འཇུག་བྱ་གཉིས་པོ་རིམ་བཞིན་བསྟན། །དེ་ལ་ཐོས་བསམ་ལས་བྱུང་དང་། །བསྒོམས་པའི་སྟོབས་ཀྱིས་འཇུག་པ་སྟེ། །འཇུག་ཚུལ་གཉིས་པོ་རིམ་བཞིན་དུ། །རབ་བྱེད་གཉིས་པས་བསྟན་པ་ཡིན། །གསུམ་པས་རྣལ་འབྱོར་མ་རྒྱུད་ཀྱི། །གླེང་གཞིས་འབྲས་རྒྱུད་གཙོ་བོར་བསྟན། །བཞི་པས་ཕ་རྒྱུད་གླེང་གཞི་ཡིས། །ཐབས་དང་འབྲས་རྒྱུད་གཙོ་བོར་བསྟན། །མདོར་ན་བརྗོད་བྱ་རྣམ་གཉིས་དང་། །རྗོད་བྱེད་རྣམ་གཉིས་བསྡུས་པའི་ཕྱིར། །བརྟག་པ་དང་པོའི་རབ་བྱེད་བཞི། །རྒྱུད་རྣམས་ཀུན་གྱི་མདོར་བསྟན་ཡིན། །ལྷག་མ་མངོན་པར་རྟོགས་པ་ནི། །སྐྱེ་བའི་རིམ་བཞིན་གནས་པ་སྟེ། །བྱང་ཆུབ་སེམས་ཀྱིས་དབང་བསྐུར་བའི། །རྟེན་གྱི་དཀྱིལ་འཁོར་རྣམ་གཞག་དང་། །སློབ་དཔོན་བདག་འཇུག་ཆོ་གའི་རིམ། །དབང་རྟེན་རིག་མ་མཚན་ཉིད་བཅས། །མཆོད་ཅིང་གསོལ་གདབ་དཀྱིལ་འཁོར་མཆོད། །མཆོག་དབང་བསྐུར་ཚུལ་དམ་ཚིག་བཅས། །བདུན་གྱིས་བརྟག་པ་གཉིས་པ་ཡི། །རབ་བྱེད་དང་པོ་བསྡུས་པ་ཡིན། །གཉིས་པས་དབང་ཐོབ་བརྟན་ཕྱིར་དུ། །བསམ་གྱིས་མི་ཁྱབ་དོན་བསྒོམ་དང་། །དཀྱིལ་འཁོར་འཁོར་ལོའི་ཐབས་བསྒོམས་པས། །ཐབས་དང་ཤེས་རབ་དོན་བསྒོམ་བསྟན། །དེ་ནས་རབ་ཏུ་བྱེད་པ་ནི། །དྲུག་གིས་བསྐྱེད་པའི་རིམ་པ་སྟེ། །བསྐྱེད་རིམ་སྤྱི་ཡི་རྣམ་གཞག་དང་། །ཧེ་རུ་ཀ་གསུམ་སྒྲུབ་པའི་ཐབས། །སྤྱི་དང་སོ་སོའི་བྱེ་བྲག་གིས། །རབ་ཏུ་བྱེད་པ་གསུམ་པ་བསྡུས། །སྒྲོལ་མ་ཀུ་རུ་ཀུལླེ་དང་། །ཕ་རོལ་ཕྱིན་དང་རིགས་བཞི་དང་། །ཡུམ་བཞི་ལས་རྒྱས་རྣལ་འབྱོར་ནི། །བཅུ་གཅིག་གིས་ནི་བཞི་པ་བསྡུས། །གསུམ་པའི་དང་པོས་ཀྱཻ་རྡོ་རྗེ། །བཅུ་བདུན་ལྷ་ཡི་བདག་ཉིད་དང་། །གཉིས་པས་ཡེ་ཤེས་མཁའ་འགྲོ་མ། །ལྷ་མོ་བཅུ་གསུམ་དཀྱིལ་འཁོར་དང་། །གསུམ་པས་བདག་མེད་རྣལ་འབྱོར་མ། །ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དང་། །བཞི་པས་དཀྱིལ་འཁོར་རྒྱལ་པོ་མཆོག །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་། །དྲག་པོའི་གདན་ཅན་ལྷ་བཅུ་བདུན། །དུར་ཁྲོད་བརྒྱད་དང་བཅས་པ་བསྟན། །དེ་ནས་རབ་ཏུ་བྱེད་པ་ལྔས། །ཚོགས་ཀྱི་འཁོར་ལོའི་སྤྱོད་པ་དང་། །བརྟུལ་ཞུགས་སྤྱོད་པའི་གྲོགས་དང་གནས། །དུས་ལ་སོགས་པ་ཤེས་ཕྱིར་དུ། །བཞི་པའི་དང་པོས་ངག་བརྡ་དང་། །གཉིས་པས་མཁའ་འགྲོ་མ་བདུན་གྱི། །མཚན་ཉིད་བསྟན་ཅིང་གསུམ་པ་ཡིས། །ལཱ་མ་རིགས་ལྔར་ཕྱེ་བ་དང་། །དེ་ལ་ཕྱག་རྒྱ་བསྟེན་ཚུལ་བསྟན། །བཞི་པས་ལུས་བརྡ་ལྔ་པ་ཡི། །དང་པོས་ཕྱི་ནང་མཐར་ཐུག་པའི། །འདུ་བའི་གནས་དང་དུས་སོགས་བསྟན། །གཉིས་པས་རྫོགས་རིམ་མཉམ་གཞག་དང་། །རྗེས་སྤྱོད་དག་པ་གསུམ་གསུམ་བསྟན། །ཕྱི་མ་གཉིས་ཀྱིས་དྲོད་ཐོབ་ནས། །བརྟུལ་ཞུགས་སྤྱོད་པ་སྤྱད་པའི་ཚུལ། །སྟོན་ཏེ་གསུམ་པས་གསང་སྤྱོད་ནི། །གཙོར་གྱུར་སྤྱོད་པའི་མཚན་ཉིད་བསྟན། །བཞི་པས་སྤྱོད་པའི་རབ་དབྱེ་བ། །སྒྲུབ་པའི་རིམ་པ་དང་བཅས་བསྟན། །བརྟག་པ་དྲུག་པས་ཉེ་རྒྱུའམ། །རྫོགས་རིམ་མཐའ་དག་རྒྱས་བཤད་དེ། །གཉིས་ཀ་ལུས་ལ་བརྟེན་པས་ན། །ལུས་ཉིད་གཏན་ལ་འབེབས་ཕྱིར་རོ། །དེ་ཡང་དྲུག་པ་མཐའ་དག་གིས། །མདོར་བསྟན་ལུས་འགྲུབ་གནས་པའི་རྒྱུ། །བྱང་ཆུབ་སེམས་དང་དེ་དག་ཀྱང་། །རྩ་སྒོ་གཉིས་ལ་བརྟེན་ནས་ནི། །ལུས་འགྲུབ་ཚུལ་དང་དེ་དག་ལ། །མངོན་དུ་བྱེད་པའི་རླུང་དང་ནི། །དཔྱིད་ཀྱི་ཐིག་ལེ་ཐབས་དང་བཅས། །ཡུལ་གྱི་དགོས་པས་དང་པོ་བསྡུས། །རྩ་གཉིས་དཔྱིད་དང་ཐིག་ལེར་བསྟན། །སྒོ་རྣམས་གསུམ་ལ་བརྟེན་པའི་རླུང་། །འཁོར་ལོ་བཞི་ཡི་གནས་ལུགས་ལུས། །སུམ་ཅུ་རྩ་བདུན་རྩ་རྣམས་ཀྱི། །གནས་དང་ལས་ལ་སོགས་པ་ཡི། །རབ་བྱེད་གཉིས་པ་བསྡུས་པ་ཡིན། །རྡོ་རྗེའི་ལུས་ཀྱི་གནས་ལུགས་ལ། །ཕྱི་རོལ་ཆོས་རྣམས་བསྡུ་ཕྱིར་དུ། །རབ་བྱེད་ལྷག་མ་གཉིས་གསུངས་ཏེ། །ནང་གི་དཀྱིལ་འཁོར་སྦྱིན་སྲེག་དང་། །མཆོད་དང་བཟླས་དང་སྐུ་གསུམ་གྱི། །རྣམ་དག་ཉིད་ནི་གསུམ་པས་བསྟན། །སྡོམ་པའི་རབ་ཏུ་དབྱེ་བ་དང་། །སེམས་ཅན་རང་བཞིན་སངས་རྒྱས་ཀྱང་། །གློ་བུར་དྲི་མ་སེལ་བ་ཡི། །ཐབས་ནི་འཐད་པ་དང་བཅས་དང་། །དཔྱིད་ཐིག་མངོན་དུ་བྱེད་པའི་ཐབས། །རབ་བྱེད་བཞི་པས་བསྟན་པ་ཡིན། །དེ་ནས་བརྟག་པ་བདུན་པ་དང་། །བརྒྱད་པ་དགུ་པའི་ཕྱི་མ་གསུམ། །བཅུ་པའི་ཐ་མ་རྣམས་ཀྱིས་ནི། །དངོས་གྲུབ་མཐའ་དག་སྒྲུབ་ཐབས་བསྟན། །དེ་ལ་ངག་བརྡའི་ཡེ་ཤེས་དང་། །ལྟ་སྟངས་སྒོ་ནས་ལས་སྒྲུབ་དང་། །རྣམ་ཤེས་དང་ནི་ཡེ་ཤེས་ཀྱི། །ལས་ནི་ཉི་ཤུ་རྩ་བཞི་དང་། །དབང་དུ་བྱེད་པའི་ལས་བརྒྱད་དང་། །མི་སྣང་ཡེ་ཤེས་བཅུ་གཉིས་དང་། །གྲུབ་པའི་མིག་སྨན་ཡེ་ཤེས་དང་། །བཅུད་ཀྱི་ལེན་གྱི་ཡེ་ཤེས་དང་། །བདུན་གྱིས་བསྡུས་པའི་དང་པོ་བསྡུས། །བསྙེན་པ་དང་ནི་ས་ཆོག་ལ། །རྐང་སྟབས་བཀོད་པ་སྔོན་སོང་བས། །སྦྱིན་སྲེག་ཆོ་ག་གཉིས་པས་བསྟན། །སྔགས་བཏུ་བ་དང་འཁྲུལ་འཁོར་ལ། །བརྟེན་པའི་ལས་ཀྱིས་གསུམ་པ་བསྡུས། །ཐོག་མར་ས་ཡོངས་གཟུང་བ་དང་། །ས་སློང་བ་དང་དཀྱིལ་འཁོར་སྒྲུབ། །སྦྱིན་སྲེག་ལས་ནི་སྔོན་སོང་བས། །རབ་གནས་བྱ་བར་བསྟན་པའི་ཕྱིར། །སྦྱིན་སྲེག་ཆོ་ག་རྒྱས་པ་དང་། །ལྷ་ཡི་རྣལ་འབྱོར་ཉེར་གཅིག་ལ། །བརྟེན་པའི་བསམ་གཏན་གྱི་ནི་ལས། །ཉེར་རྒྱུ་སྒྲུབ་ཐབས་བཞི་པས་བསྟན། །དེ་ཉིད་བཞི་ཞུས་མཉན་པར་གདམས། །རྡོ་རྗེ་དྲིལ་བུའི་མཚན་ཉིད་དང་། །དེ་ཉིད་གཟུང་ཐབས་དང་བཅས་པས། །བརྒྱད་པའི་དང་པོ་བསྡུས་པ་ཡིན། །བགྲང་ཕྲེང་དེ་ཉིད་གཉིས་པས་བསྟན། །འཕོ་བའི་རྣལ་འབྱོར་གྲོང་འཇུག་བཅས། །ཡེ་ཤེས་དེ་ཉིད་གསུམ་པས་བསྟན། །བཞི་པས་སྔགས་རྣམས་བསྟན་པའོ། །དགུ་པའི་དང་པོས་སྤྱོད་པའི་མཐར། །ཉེར་རྒྱུ་འབྲས་བུ་འགྲུབ་པའི་གནས། །འབྲས་བུ་ཉིད་དང་ཐབས་གང་གིས། །མངོན་དུ་བྱེད་པ་གསུམ་གྱིས་བསྟན། །གཉིས་པས་ཕྱི་ཡི་དཀྱིལ་འཁོར་དང་། །བདག་གིས་རྣལ་འབྱོར་རྫས་བྱིན་བརླབས། །མཆོད་པའི་དུས་དང་མགྲོན་སྤྱན་དྲངས། །གཏོར་མ་དབུལ་དང་བྱིན་རླབས་སྔགས། །རྟོག་པ་མེད་པར་བཀའ་བསྒོལ་ན། །བཀྲ་ཤིས་སྨོན་ལམ་གདབ་པ་དང་། །གཤེགས་སུ་གསོལ་བའི་བྱ་བ་སྟེ། །བཅུ་ཡིས་གཏོར་མའི་ཆོ་ག་བསྟན། །བྲིས་སྐུ་དང་ནི་གླེགས་བམ་གྱི། །བྲི་བའི་གཞི་དང་གང་ཟག་དང་། །ཚུལ་ནི་ཇི་ལྟར་བྲི་བ་དང་། །བཅང་བའི་ཚུལ་གྱིས་གསུམ་པ་བསྡུས། །བཞི་པས་རོལ་མོའི་བྱ་བ་དང་། །ཚོགས་ཀྱི་འཁོར་ལོའི་ཚུལ་སྟོན་ཏེ། །རོལ་མོའི་སྒྲ་སྐད་རྔ་ཡི་ཚུལ། །རྔ་ཡི་བྱ་བ་སྒོ་བ་ལ། །གསོལ་གདབ་ཚོགས་ཀྱིས་ཕན་ཡོན་དང་། །གང་དུ་བྱ་དང་ཡོ་བྱད་དང་། །གླུ་གར་ཚོགས་ཀྱི་དཀྱིལ་འཁོར་དང་། །དམ་ཚིག་སྦྱིན་པའི་ཚུལ་བཅུ་བསྟན། །བཅུ་པའི་དང་པོ་གསུམ་གྱིས་ནི། །མངོན་པར་རྟོགས་པ་བཅུ་གཅིག་གི །མཇུག་བསྡུ་དང་ནི་སྒྲུབ་པའི་མཐར། །ཉེར་རྒྱུའི་རྟེན་ནི་གང་ཞིག་ལ། །བརྟེན་ཏེ་འབྲས་བུ་འགྲུབ་པ་བསྟན། །དེ་ལ་ཐབས་རྒྱུད་བསྡུས་པ་དང་། །ཉེར་རྒྱུའི་རྟེན་གྱིས་དང་པོ་བསྡུས། །འབྲས་བུ་འགྲུབ་པའི་དུས་ཀྱིས་ནི། །ངོ་མཚར་ལྟས་ནི་གཉིས་པས་བསྟན། །ཕྱག་ཆེན་མཆོག་གི་དངོས་གྲུབ་ཀྱི། །འབྲས་བུ་སྐུ་གཉིས་བདག་ཉིད་ཅན། །རབ་བྱེད་གསུམ་པས་བསྟན་པ་ཡིན། །བཞི་པས་སྔར་གྱི་སྦྱིན་སྲེག་ལ། །རྩོད་པ་སྤོང་དང་ཚུལ་གཞན་ཡང་། །དམ་ཚིག་སྡོམ་པའི་སྒོ་ནས་ཀྱང་། །འབྲས་བུ་འགྲུབ་པར་བསྟན་པ་འོ། །རྩ་བའི་རྒྱུད་དུ་མི་གསལ་བར། །གསལ་དང་མ་ཚང་ཁ་བསྐང་ཕྱིར། །བཅུ་གཅིག་པ་ནི་ཕྱི་མའི་རྒྱུད། །དེ་ལྟར་མདོ་རྒྱས་རིམ་ལྔར་གནས། །མངོན་རྟོགས་བསྡེབས་ཏེ་བརྗོད་པ་ནི། །རགས་པའི་རིམ་པ་གཞུང་ལ་གནས། །ཞིབ་ཏུ་ཕྱེ་ན་འཁྲུགས་བསྡེབས་ཏེ། །རྒྱུ་རྒྱུད་སེམས་ཅན་གནས་ལུགས་དང་། །ཐབས་ལ་སྨིན་གྲོལ་རྣམ་པ་གཉིས། །ལམ་ལ་མངོན་རྟོགས་བཅུ་གཅིག་དང་། །འབྲས་བུ་སྐུ་ཡི་རྣམ་གཞག་སོགས། །བླ་མའི་ཞལ་ལས་བླང་བར་བྱ། །གྲགས་པ་རྒྱལ་མཚན་གསུང་གི་རྒྱུད་རྒྱལ་གཞན། །བསྡུས་དོན་ཚར་དུ་མངར་བའི་ཕྲེང་མཐོང་ནས། །བསོད་ནམས་རྩེ་མོའི་ལེགས་བཤད་རིན་ཆེན་ཕྲེང་། །བསོད་ནམས་སེངྒེས་ཚིག་གི་སྲད་བུར་བརྒྱུས། །འཁྲུལ་མེད་གོང་མའི་གསུང་གི་རྗེས་འབྲངས་ནས། །བློ་གྲོས་བསྒྲིམས་ཏེ་ཚིག་ཙམ་བསྒྲིགས་པའི་ཕྱིར། །ཉེས་པ་མེད་ཅིང་དགེ་ཚོགས་གང་ཐོབ་དེས། །ཚེ་རབས་ཀུན་ཏུ་ཆོས་ཚུལ་འདི་ཐོས་ཤོག །དགེའོ།། །། ༄༅། །གཞུང་ཇི་ལྟ་བ་བཞིན་དུ་བཀྲི་བའི་ལམ་སྤྱིའི་རྣམ་གཞག་བཞུགས།། ༈ །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྡོ་རྗེའི་ཚིག་རྐང་ལ་ལམ་རྒྱས་འབྲིང་གསུམ་དུ་བསྟན་པ་དང་། ལམ་ཟབ་འབྲིང་གསུམ་དུ་བསྟན་པ་གཉིས་ལས། དང་པོ་ལ། ལམ་དང་འབྲས་བུ་གཉིས། ལམ་ལ་ལམ་རྒྱས་པ་ཆོས་བཅོ་བརྒྱད་ཀྱིས་བསྡུས་པ་ལས། འཁོར་འདས་ཐུན་མོང་གི་གཞུང་ཚོམ་བུ་བདུན། འཁོར་ལོ་འཆམ་པ་འཇིག་རྟེན་པའི་ལམ་ལ་གཞུང་ཚོམ་བུ་བདུན་ཏེ་བཅུ་བཞི་པོ་གང་ཟག་གཅིག་གི་ཉམས་ལེན། ལམ་རྒྱས་པའི་ཁྲིད་ཚུལ་ལྟར་སྦྱར་ན་ལམ་གྱི་གཞི་བཅའ་བ། ལམ་རང་གི་ངོ་བོ། ལམ་གྱི་སྤྲོས་པ་གཅོད་བྱེད། ལམ་གྱི་ས་མཚམས་རྣམ་པར་གཞག་པ། ལམ་གྱི་བོགས་དབྱུང་བ། ལམ་གྱི་གེགས་སེལ་བ་དང་རྣམ་པ་དྲུག་ཏུ་འདུས་པ་ལས། དང་པོ་ནི་སྣང་བ་གསུམ་དུ་བསྟན་པའི་ལམ་མོ། །གཉིས་པ་ནི་རྒྱུད་གསུམ་དུ་བསྟན་པའི་ལམ་སྟེ། འདི་ལ་རྒྱུ་རྒྱུད། ཐབས་རྒྱུད། འབྲས་རྒྱུད་གསུམ་ལས། དང་པོ་ནི་བསྒོམ་བྱ་འཁོར་འདས་དབྱེར་མེད་དང་པོ་ནས་ཡོད་པས་སྐབས་འདིར་བསྟན་ཀྱང་དེ་བསྒོམ་པ་ལ་ཚུལ་གཉིས་ལས། རྡོ་རྗེ་ཐེག་པས་ཐུན་མོང་མ་ཡིན་པའི་བསྒོམ་ཚུལ་དབང་གོང་མའི་ལྟ་བ་དང་སྦྱར་ནས་བསྒོམ་དགོས་པས་ཉམས་ལེན་ནི་དབང་གི་རྗེས་ལ་འབྱུང་ངོ་། །གཉིས་པ་ཐབས་རྒྱུད་ལ་ཐབས་རྒྱུད་ཀྱི་ཐོག་མ་རྒྱུའི་དབང་། ལམ་ལ་སོགས་པའི་ཆོས་ཉི་ཤུ། དམ་ཚིག་གི་ཚོགས་བསྟན་པ། ཐབས་རྒྱུད་ཀྱི་གཙོ་བོ་ལམ་དུས་ཀྱི་དབང་དང་བཞི་ལས། དང་པོ་ནི་སྨིན་བྱེད་ཀྱི་དབང་ངོ་། །གཞུང་ལས་དམ་ཚིག་འོག་ཏུ་གསུངས་ཀྱང་། ལུས་སོ་སོར་བཏགས་པའི་འགོག་པ་ལ་དབང་གི་རྗེས་སུ་དམ་ཚིག དེ་ནས་ལམ་སོགས་ཉི་ཤུ་འབྱུང་། འབྲིང་གི་ལམ་ལ་ནི་དབང་གི་རྗེས་སུ་ལམ་གྱི་ངོ་བོ་དམ་ཚིག་ཉི་ཤུའོ། །ཐབས་རྒྱུད་ཀྱི་གཙོ་བོ་ལམ་དུས་ཀྱི་དབང་ནི་ལམ་སོགས་ཉི་ཤུ་བརྩོན་པས་ཉམས་སུ་ལེན་པ་མ་བྱུང་ན་ཡང་རྒྱུ་དུས་ཀྱི་རྗེས་སུ་ལམ་དུས་ཀྱི་དབང་བཞི་པོ་ཐུན་བཞིར་བསྒོམས་པ་ཁོ་ནས་ལམ་ཐམས་ཅད་བགྲོད་ནས་འབྲས་བུ་ལ་མཚམས་སྦྱར་བ་སྟེ། ཐབས་རྒྱུད་ཀྱི་གཙོ་བོར་འཇོག་པའི་གནད་ཀྱང་འདི་ཉིད་ཡིན་ནོ། །གསུམ་པ་འབྲས་བུའི་རྒྱུད་འདིར་བསྟན་པ་ནི་ཉེ་རྒྱུ་འབྲས་དུས་ཀྱི་དབང་ནས་འབྲས་བུ་ཐོབ་ཅེས་རྒྱུ་འབྲས་ཀྱི་འབྲེལ་པའི་སྒོ་ནས་བསྟན་པ་ཡིན་ལ། འོག་ཏུ་ཆེ་བ་གསུམ་ལྡན་གྱི་སྒོ་ནས་བསྟན་པ་ནི་འབྲས་བུ་རང་གི་ངོ་བོ་བསྟན་པའོ། །གསུམ་པ་ལམ་གྱི་སྤྲོས་པ་གཅོད་བྱེད་ནི་ཚད་མ་བཞི་དང་སྙན་བརྒྱུད་བཞི་སྟེ། མན་ངག་གི་སྤྲོས་པ་ཐམས་ཅད་འདི་གཉིས་ཀྱི་སྒོ་ནས་བཅད་པས་ལམ་ལ་ངེས་ཤེས་ཁྱད་པར་ཅན་སྐྱེས་ཏེ་བོགས་དབྱུང་བའོ། །རྗེ་བཙུན་གྱི་ཁྲིད་ཀྱི་གཞུང་ཤིང་ལས། ཏིང་ངེ་འཛིན་ངོ་ཤེས་པར་བྱ་ཞིང་ངེས་ཤེས་ཁྱད་པར་ཅན་བསྐྱེད་ལ་ཞེས་གསུངས་པའི་ངེས་ཤེས་བསྐྱེད་ཚུལ་ནི་འདི་གཉིས་ལ་གསུངས་སོ། །བཞི་པ་ལམ་གྱི་ས་མཚམས་རྣམ་པར་གཞག་པ་ནི་རྟེན་འབྲེལ་ལྔར་བསྟན་པའི་ལམ་སྟེ། ཕྱི་ནང་གསང་བས་རྟེན་འབྲེལ་གསུམ་གྱིས་འཇིག་རྟེན་པའི་ལམ་གྱི་ས་མཚམས་རྣམ་པར་གཞག དེ་ཁོ་ན་ཉིད་དང་མཐར་ཐུག་རྟེན་འབྲེལ་གཉིས་ཀྱིས་འཇིག་རྟེན་ལས་འདས་པའི་ལམ་གྱི་ས་མཚམས་རྣམ་པར་གཞག་པའོ། །ལྔ་པ་ལམ་གྱི་བོགས་དབྱུང་བ་ནི་ས་ཆེན་གྱིས་འཇིག་རྟེན་པའི་ལམ་གྱི་གཞུང་ཚོམ་བུ་བདུན་པོ་ཐམས་ཅད་ཀྱི་དོན་ཤེས་པས་ཕན་འདོགས་པའི་མན་ངག་བདུན་དུ་བསྡུས་ནས་བསྟན་པ་སྟེ། གླེགས་བམ་དཀར་ཆག་ཏུ་རྟོགས་པ་བསྐྱེད་པའི་ཆོས་སུ་གསུངས་པ་དང་དོན་གཅིག་གོ །བདུན་པ་སོ་སོའི་དགོས་པ་ནི། འདུ་ལུགས་གསུམ་དང་ཕྱོགས་མེད་བདུན་དག་གིས། །རྣམ་པར་ཕྱེ་བས་སྒྲོ་སྐུར་བྲལ་བར་མཛོད། །ཅེས་སོགས་ཀྱིས་སྟོན་ཏེ་འདིར་མ་བྲིས་སོ། །དྲུག་པ་ལམ་གྱི་གེགས་སེལ་བ་ལ་སྲུང་བ་སུམ་ཅུའི་སྐབས་སུ་བསྟན་པའི་གེགས་སེལ། གདམས་ངག་དྲུག་གི་སྐབས་སུ་བསྟན་པའི་གེགས་སེལ། མན་ངག་གི་གནད་བདུན་ཅུའི་སྐབས་སུ་བསྟན་པའི་གེགས་སེལ། དཀྱིལ་འཁོར་འཁོར་ལོའི་ལམ་གྱི་གེགས་སེལ་དང་བཞི་ལས། དང་པོ་ནི། རྟེན་གྱི་གང་ཟག་ཐབས་ཀྱི་ཕྱོགས་སུ་ལྷུང་བ། ཤེས་རབ་ཀྱི་ཕྱོགས་སུ་ལྷུང་བ། ཟུང་འཇུག་གི་རྣལ་འབྱོར་པ་གསུམ་ལས། ཕྱི་མ་ལ་བར་ཆད་མི་འབྱུང་བས་དང་པོ་གཉིས་ལ་བར་ཆད་བཞི་བཞི་ལ་སྲུང་བ་བརྒྱད་བརྒྱད་དེ་བཅུ་དྲུག་དང་། ཐུན་མོང་གི་སྲུང་བ་བཅུ་བཞི་སྟེ་སུམ་ཅུའོ། །གཉིས་པ་ནི་བསྒོམ་བྱ་ལྟ་བ་དང་བསམ་གཏན་གཉིས་ལ་དུག་དབྱུང་། བདུད་རྩི་བསྟེན། ལ་དོར་བ་གསུམ་གསུམ་སྟེ། དུག་དབྱུང་བ་ནི་ཉམས་མྱོང་མ་སྐྱེས་པ་བསྐྱེད་པར་བྱེད་པ། བདུད་རྩི་བསྟེན་པ་ནི་སྐྱེས་པ་བོགས་དབྱུང་བ། ལ་དོར་བ་ནི་སྐྱོན་བྱུང་བ་སེལ་བ་ཡིན་ཀྱང་གེགས་སེལ་གཙོ་ཆེ་བས་ས་ཆེན་གྱིས་གེགས་སེལ་དུ་བསྡུས་སོ། །འདི་གཉིས་ནི་འཁོར་འདས་ཐུན་མོང་གི་ལམ་གྱི་སྐབས་སུ་འབྱུང་ངོ་། །གསུམ་པ་ནི་བསལ་བྱ་རྩ་ཟུག རླུང་ཟུག རླུང་རེངས་གསུམ་ལ་སེལ་བྱེད་དང་པོ་ལ་ལ་དོར། གཉིས་པ་ལ་རྔན་དགས་བྱིན་པ། གསུམ་པ་ལ་ལ་དོར། བྱིན་གྱིས་བརླབ། བདེ་བ་བསྒོམ་པ་གསུམ་དུ་ཕྱེ་ནས་བསྟན་པའོ། །བཞི་པ་ནི། གནས་སྐབས་ཐིག་ལེ་འབར་བ་དང་། གཡོ་བ་དང་། བརྟན་པ་གསུམ་ལས་དང་པོ་འབར་བའི་ཚེ་ཐིག་ལེའི་ཟུག་འབྱུང་སྟེ་དེ་ལ་ཁ་སྦྱར་བརྟན་པར་གྱུར་ནས་དུད་འགྲོའི་འགྱུར་པ་བཞི་ཡིས་བཟློག་པས་ལུས་ལ་ཐིག་ལེ་གཡོ་བ་མེད་པར་བྱ་སྟེ། དེས་གཡོ་བའི་གེགས་ཀྱང་སེལ་ལོ། །ལུས་ལ་གཏུན་ཤིང་གི་འཁོར་ལོ་བསྐོར་བ་དང་། ཡན་ལག་བཞིས་རླུང་གི་ཞགས་པ་འཕང་བ་དང་། བུ་ཆུང་གི་སྤྱོད་ལམ་གསུམ་གྱིས་ཐིག་ལེ་བརྟན་པར་འགྱུར་བའོ། །གེགས་སེལ་མདོར་བསྡུ་ན་སྐྱོན་ཡོན་ཏན་དུ་སློང་བ་དང་། བར་ཆད་དངོས་གྲུབ་ཏུ་ལེན་པ་དང་། གང་ཡང་ཉམས་ཀྱི་སྣང་བར་མཁྱེན་པ་གསུམ་མོ། །གཞུང་གི་ལམ་རྒྱས་པའི་ཁྲིད་ཚུལ་ཡོངས་སུ་རྫོགས་པ་ནི་ཇི་སྐད་བཤད་པ་འདི་དག་ཡིན་ལ། འདི་ཅི་ལྟ་བ་བཞིན་དུ་བཀྲི་བས་གཞུང་ཇི་ལྟ་བ་བཞིན་དུ་བཀྲི་བའི་གཞུང་ཤིང་ཞེས་པའི་སྒྲ་དོན་ཡང་གྲུབ་བོ། །དེ་ལྟར་འཇིག་རྟེན་པའི་ལམ་དུ་འདི་དག་བརྩོན་པ་དྲག་པོས་བསྒོམས་པས། ཁམས་འདུས་པ་གསུམ་མཐར་ཕྱིན་ཏེ་གྲུབ་མཐའ་སྙོགས་པར་འགྱུར་ལ། དེ་ནས་འཇིག་རྟེན་ལས་འདས་པའི་ལམ་བཞི་པོ་རྒྱལ་བ་སྐུ་བཞིས་སོ་སོར་སྟོན་པར་འགྱུར་རོ། །འདི་ཡང་གནད་ཀྱི་དོན་རྣམས་ལ། རང་ཉིད་བརྗེད་པ་སྤོང་བའི་ཕྱིར། །བློ་ལྡན་བསོད་ནམས་སེངྒེས་སྦྱར། །དགེ་བས་རྡོ་རྗེ་འཆང་ཐོབ་ཤོག །དགེའོ།། ༄༅། །མངོན་པར་བྱང་ཆུབ་པའི་ཚུལ་ལ་དྲང་ངེས་ཕྱེ་བ་བཞུགས།། ༈ །ཡོན་ཏན་ཀུན་འཛིན་བླ་མ་རྡོ་རྗེ་འཛིན། །དགའ་བདེའི་དཔལ་འཛིན་མཁྱེན་པས་དེ་ཉིད་འཛིན། །བཟང་པོའི་སྤྱོད་འཛིན་ཐུགས་རྗེས་གདུལ་བྱ་འཛིན། །དགེ་ལེགས་ཀུན་འཛིན་བླ་མས་རྗེས་འཛིན་མཛོད། །འདིར་མངོན་པར་བྱང་ཆུབ་པའི་ཚུལ་ནི། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་འདི་དཔེར་ན་ཏིལ་གྱི་གོང་བུ་བཞིན་དུ་ཡོངས་སུ་གང་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་བྱང་ཆུབ་པའི་སྙིང་པོར་ཞུགས་པ་གང་ན་བ་དེར་གཤེགས་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་ཆེད་དུ་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ཀྱིས་གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་མ་རྟོགས་པར་དཀའ་བ་སྤྱད་པ་ཐམས་ཅད་ལ་སྤྲོ་བ་བསྐྱེད་ཅིང་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱ་སྙམ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐུལ་བས་མི་གཡོ་བའི་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་ཇི་ལྟ་བུ་ལགས། ཇི་ལྟར་ན་བསྒྲུབ་པར་བགྱི་བཀའ་སྩལ་པར་གསོལ། དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུང་གཅིག་ཏུ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་རང་གི་སེམས་ལ་སོ་སོར་རྟོག་ཅིང་མཉམ་པར་ཞོག་ལ་རང་བཞིན་གྱི་གྲུབ་པའི་སྔགས་འདི་ཅི་དགར་ཟློས་ཤིང་བསྒྲུབ་པར་གྱིས་ཤིག ཨོྃ་ཙིཏྟ་པྲ་ཏི་ཞེས་སོགས་མངོན་པར་བྱང་ཆུབ་པ་ལྔ་གསུངས་སོ། །དེའི་འགྲེལ་པར། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་ཀོ་ས་ལའི་རྒྱན་ལས། བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པ་ཤཱཀྱའི་རིགས་སུ་སྐྱེ་བ་ཡོངས་སུ་བཞེས་ནས། གཞོན་ནུའི་རོལ་པ་དང་། བཟོ་བསྟན་པ་དང་། བཙུན་མོའི་འཁོར་ན་བཞུགས་པ་དང་། མངོན་པར་བྱུང་བ་དང་། རབ་ཏུ་བྱུང་བའང་བསྟན་ནས་སེམས་ཅན་སྔོན་ཡོངས་སུ་སྨིན་པར་བྱས་པ་མིར་སྐྱེ་བ་རྣམས་དང་སྐུ་ཚེ་ཡང་དག་པར་འབྲེལ་བ་ལ་སོགས་པས་དོན་མཛད་པའི་ཕྱིར་དང་། མུ་སྟེགས་ཀྱི་ལྟ་བ་མངོན་པར་ཞེན་ཅིང་དཀའ་བར་སྤྱོད་པས་གྲོལ་བར་འགྱུར་རོ་ཞེས་མངོན་པར་རློམ་པ་རྣམས་ལ་མངོན་པའི་ང་རྒྱལ་གཞོམ་པའི་ཕྱིར་དཀའ་བར་སྤྱོད་པ་མཛད་པར་ཡང་བསྟན་ཏེ། དཀའ་བ་སྤྱོད་པའི་ས་ཉིད་ལ་བྱིན་གྱིས་རླབས་ཀྱིས་མིའི་ལུས་བཞག་ནས། རྫུ་འཕྲུལ་གྱིས་ལྷའི་རྒྱལ་པོའི་གནས་སུ་གཤེགས་ཏེ། ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་མི་གཡོ་བའི་ཏིང་ངེ་འཛིན་ལྟ་བུ་ལ་སྙོམས་པར་ཞུགས་ནས་འོག་མིན་གྱི་གནས་ན་བཞུགས་པ་གང་ན་བ་དེར་གཤེགས་པ་སྟེ། དེར་བཞུད་ཅེས་བྱ་བའི་དོན་ཏོ་ཞེས་དང་། གལ་ཏེ་མངོན་པར་བྱང་ཆུབ་པ་གཞན་གྱི་མན་ངག་ལ་ལྟོས་དགོས་ན། དེ་ལྟ་ན་ནི་བཅོམ་ལྡན་འདས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པས་སློབ་དཔོན་མེད་པའི་ཡེ་ཤེས་སུ་ཇི་ལྟར་གཞག་ཅེ་ན། གང་འདི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ནི་རྒྱུའི་གནས་སྐབས་ཡོངས་སུ་རྫོགས་པ་ཡིན་གྱི། དེའི་འབྲས་བུའི་གནས་སྐབས་ཡོངས་སུ་རྫོགས་པ་མ་ཡིན་ཏེ། དེའི་ཕྱིར་ལུང་ནོད་པ་གཟུང་བ་རིགས་པ་ཉིད་ཡིན་ལ། གང་གི་ཚེ་འཛམ་བུའི་གླིང་པའི་མི་རྣམས་ཀྱི་དོན་རྫོགས་པར་མཛད་པའི་ཕྱིར་མངོན་པར་བྱང་ཆུབ་པར་སྟོན་པ་དེའི་ཚེ་སློབ་དཔོན་མེད་པའི་ཡེ་ཤེས་ཅན་དུ་གཞག་པ་ཡིན་ནོ་ཞེས་བཤད་དོ། །གྲུབ་ཆེན་ཀུན་དགའ་སྙིང་པོས་དེ་ཉིད་སྣང་བ་ལས། བྱང་ཆུབ་དགོངས་ཤིང་སེམས་དཔའི་ཐུགས་འདི་ལ་མངའ་བས་ན་བྱང་ཆུབ་སེམས་དཔའོ། །སེམས་ཅན་གྱི་ཚོགས་ཆེན་པོའི་དོན་ཆེན་པོ་མཛད་པ་ལ་རབ་ཏུ་འཇུག་པས་ན་སེམས་དཔའ་ཆེན་པོའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པས་དོན་ཐམས་ཅད་འགྲུབ་པར་བྱ་བ་བཞེད་པ་ཙམ་ལ་རག་ལས་པ་འདི་ལ་མངའ་བས་ན་དོན་ཐམས་ཅད་གྲུབ་པའོ། །བྱང་ཆུབ་ཀྱི་རྒྱུའི་སྙིང་པོ་ནི་བྱང་ཆུབ་ཀྱི་སྙིང་པོ་སྟེ། མར་གྱི་སྙིང་པོ་དང་འདྲ་བར་གནས་ཀྱི་སྙིང་པོར་གྱུར་པའོ། །དེར་བཞུགས་པ་ནི་ཉེ་བར་གནས་པར་མཛད་པའོ། །གང་ན་བ་དེར་ཞེས་བྱ་བ་ནི་རྒྱུའི་གསུམ་པའོ། །དེའི་དོན་ནི་འདི་ཡིན་ཏེ། གང་གིས་བསྐལ་པ་གྲངས་མེད་པ་གསུམ་དུ་སྐྱེ་བ་སྣ་ཚོགས་བཞེས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་ནས། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བསྐྱེད་དེ། བསམ་གཏན་བཞི་པའི་ཆེན་པོའི་ཡང་ཆེན་པོ་བསྐྱེད་ནས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡིད་ཀྱི་རང་བཞིན་གྱི་ལུས་ཅན་གྱི་སྲིད་པ་ཐ་མ་པར་མཛད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལས་དར་དཔྱངས་ཀྱི་དབང་བསྐུར་བ་ཐོབ་པས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་རྒྱུར་འཚང་རྒྱ་བར་བྱའོ་ཞེས་དགོངས་ནས། དབུགས་རྔུབ་པ་དང་དབུགས་འབྱུང་བ་བཀག་སྟེ། བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པ་འོག་མིན་གྱི་གནས་བྱང་ཆུབ་ཀྱི་སྙིང་པོ་ན་བཞུགས་པ་གང་ན་བ་དེར་གཤེགས་ཤིང་བཞུགས་ནས་འདི་སྐད་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་བསྐལ་པ་བསམ་གྱིས་མི་ཁྱབ་པས་མངོན་པར་རྫོགས་པར་སངས་རྒྱས་ནས་ཤཱཀྱའི་རིགས་སུ་སྐྱེ་བ་སྟོན་པར་མཛད་དོ་ཞེས་གསུངས་པས་ན་ཤཱཀྱའི་རིགས་སུ་སྐྱེ་བ་བཞེས་ནས་ཞེས་བྱ་བ་འདི་དེ་ལ་མི་རིགས་སོ་ཞེས་བཤད་དོ། །སློབ་དཔོན་ཨཱརྻ་དེ་བས་མངོན་པར་བྱང་ཆུབ་པའི་རིམ་པ་ལས། མངོན་པར་བྱང་ཆུབ་རྣམ་གཉིས་ཏེ། །ཕྱི་དང་ནང་གི་ཞེས་སུ་བཤད། །ཕྱི་ནི་མདོ་སྡེ་རྣལ་འབྱོར་རྒྱུད། །ཐུབ་པ་མི་གཡོ་བ་ལ་བཞུགས། །རྒྱལ་བ་རྣམས་ཀྱིས་འདི་སྐད་བསྐུལ། །འདིས་ནི་མཐར་ཐུག་མི་འཐོབ་སྟེ། །ནམ་མཁའི་དཀྱིལ་ལྟར་མཆོག་གྱུར་པ། །འོད་གསལ་བ་ཡི་གནས་ཐོབ་ནས། །རང་དགའི་བཞུགས་གནས་བྷ་གར་གསུངས། །དེ་ལྟར་ཐམས་ཅད་སྟོང་བསྒོམས་པས། །བྱང་ཆུབ་སྙིང་པོར་མངོན་སངས་རྒྱས། །བྱང་ཆུབ་སེམས་དཔའ་དོན་གྲུབ་ལ། །རིགས་བཞིའི་བདེ་བར་གཤེགས་པ་ཡིས། །མངོན་པར་བྱང་ཆུབ་ལྔ་བསྟན་པས། །དེ་བཞིན་བྱང་ཆུབ་སེམས་དཔའ་དེས། །མངོན་པར་བྱང་ཆུབ་ལྔ་བསྒོམས་པས། །བྱང་ཆུབ་སྙིང་པོར་མངོན་སངས་རྒྱས། །རྣམ་སྣང་མཛད་དང་རྡོར་དབྱིངས་སུ། །མངོན་པར་སངས་རྒྱས་ཕྱི་ཡི་ཚུལ། །ནང་ནི་གསང་སྔགས་ནང་ཚུལ་ཏེ། །སྐྱེ་བོ་འདོད་ཆགས་ཅན་དོན་དུ། །བཅོམ་ལྡན་རྣམ་པར་སྣང་མཛད་ཀྱིས། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །ཉིད་ཀྱིས་འཁོར་བསྡུས་གཟུགས་སྤྲུལ་ཏེ། །བདེ་བའི་སྣང་བ་རྣམ་པ་གསུམ། །ཟིལ་གནོན་འོད་གསལ་མི་རྟོག་ལས། །བྷ་ག་བྱིན་བརླབས་གཞལ་ཡས་བསྐྱེད། །སྔགས་ཀྱི་བདག་པོར་བྱིན་བརླབས་ཏེ། །ཞལ་གསུམ་ལྟ་བུར་དབུས་སུ་བཞུགས། །ཆོས་བཤད་འཁོར་རྣམས་རིམ་བྱུང་བ། །དེ་ནི་ནང་གི་བྱང་ཆུབ་བོ། །ཡང་ན་ནང་གི་ཕྱི་ཉིད་ནི། །ཕྱག་རྒྱ་མོ་ལ་རབ་བརྟེན་ཏེ། །སྣང་གསུམ་རིམ་མྱོང་ལས་འདས་པའི། །ཐམས་ཅད་སྟོང་པ་འོད་གསལ་བ། །བླ་མའི་མན་ངག་ལས་རྙེད་པས། །དེ་ནི་ནང་གི་ཕྱི་ཞེས་བཤད། །ནང་གི་ནང་ནི་ཕྱག་རྒྱ་བྲལ། །དང་པོ་སྨིག་རྒྱུ་འོད་ལྔའི་ཚུལ། །བདེ་བ་རྟོག་བྲལ་ཉམས་མྱོང་གསུམ། །གསུམ་པོ་ལས་འདས་གསུམ་པོ་ཉིད། །ཐམས་ཅད་མཁྱེན་པའི་རང་བཞིན་དག །བླ་མའི་མན་ངག་ལས་རྙེད་པའོ། །ཞེས་གསུངས་སོ། །རིམ་པ་གཉིས་པ་ཤཱཀྱ་བཤེས་གཉེན་གྱིས་མཛད་པའི་སྐབས་ལས། སུམ་ཅུ་རྩ་གཉིས་མཚན་འཆང་ཞིང་། །དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན། །རྣམ་པ་ཀུན་གྱིས་མཆོག་ལྡན་པའི། །ཐམས་ཅད་མཁྱེན་པར་དེ་ནས་འགྱུར། །དེ་སྐད་དུ་རྒྱ་ཆེར་རོལ་པའི་མདོ་ལས། ཤཱཀྱ་ཐུབ་པ་དེ་བཞིན་གཤེགས། །མངོན་པར་བྱང་ཆུབ་འདིར་བཞེད་ནས། །སྟོང་པ་ཆེན་པོ་སངས་རྒྱས་ཉིད། །ཐོབ་པར་བྱ་ཞེས་མངོན་པར་དགོངས། །ནཻ་རཱཉྫ་རའི་ཆུ་འགྲམ་དུ། །མི་གཡོའི་ཏིང་ངེ་འཛིན་ལ་བཞུགས། །དེ་ཚེ་རྒྱལ་བས་མཁའ་རྡོ་རྗེ། །ཏིལ་གྱི་གོང་བུ་གང་བཞིན་བཞུགས། །རྒྱལ་བའི་སྲས་ལ་སེ་གོལ་དང་། །དེ་ལ་དབྱངས་གཅིག་གིས་གསུངས་པ། །བསམ་གཏན་འདི་ཡིས་རྣམ་དག་མིན། །འདིས་ནི་མཐར་ཐུག་མི་འཐོབ་སྟེ། །ནམ་མཁའི་ངོས་ལྟར་མཆོག་གྱུར་པ། །འོད་གསལ་བ་ནི་དེ་དམིགས་ཤིག །འོད་གསལ་བ་ཡི་གནས་ཐོབ་ནས། །རང་དགའི་གཟུགས་སུ་སྐྱེ་བར་འགྱུར། །དེ་ཚེ་རབ་དགའ་རྡོ་རྗེའི་སྐུ། །ཀུན་གྱི་དབང་ཕྱུག་འཐོབ་པར་འགྱུར། །འདི་ལྟར་སྒྲ་དེ་གསན་པ་དང་། །དེ་ནས་ཏིང་འཛིན་མི་གཡོ་བཏང་། །འདི་ལྟར་ནམ་ཕྱེད་དུས་སུ་ནི། །རྒྱལ་བའི་སྲས་ཀྱིས་དེ་ཉིད་དམིགས། །སྐུ་ནི་དྲང་པོ་མ་ཡིན་ཅིང་། །མི་དྲང་བ་ཡང་མ་ཡིན་ལ། །དབུགས་གཏོང་བ་དང་རྔུབ་པ་མིན། །གསུངས་པ་མ་ཡིན་མི་གསུང་མིན། །སྤྱན་བཟང་བཙུམས་པ་མ་ཡིན་ཞིང་། །སྤྱན་ཕྱེ་བ་ཡང་མ་ཡིན་པས། །ཐམས་ཅད་སྟོང་པ་རྨད་ཆེན་པོ། །དྭངས་ཤིང་གསལ་བའི་ཡེ་ཤེས་ཆེ། །བླ་མ་ཉིད་ཀྱི་དྲིན་གྱིས་ནི། །དེ་ནས་དེ་ཉིད་གསལ་མཐོང་གྱུར། །འདས་པ་དང་ནི་མ་འོངས་དང་། །ད་ལྟར་བྱུང་བའི་སྲིད་པ་གསུམ། །སྐད་ཅིག་དེ་ལ་མ་ལུས་མཐོང་། །འོད་གསལ་བ་ནི་རྣམ་དག་འཆང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །སྐྱ་རེངས་འཆར་ཀའི་དུས་སུ་ནི། །ཆུ་ཟླ་དང་ནི་སྨིག་རྒྱུ་སོགས། །སྒྱུ་མའི་ཡོན་ཏན་རྣམས་ཀྱིས་བརྒྱན། །བྱང་ཆུབ་སྙིང་པོར་བཞུགས་ནས་ནི། །དེས་ནི་བདུད་རྣམས་བཅོམ་པར་མཛད། །ཤཱཀྱའི་མགོན་པོས་ཡང་དག་པའི། །ཡེ་ཤེས་བླ་མེད་ལེགས་ཐོབ་ནས། །འགྲོ་བ་བསྐྱབ་ཅིང་ཕན་པའི་ཕྱིར། །དེ་ཉིད་འདིར་ནི་སྟོན་པར་མཛད། །མངོན་པར་བྱང་ཆུབ་སྟོན་པ་ནི། །དེ་ཉིད་ཡེ་ཤེས་ཞེས་བྱར་བཤད། །ཞེས་གསུངས་པ་དང་། དཀྱིལ་འཁོར་ཆེན་པོའི་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་གྲོལ་བའི་ཐིག་ལེ་ལས། ཅི་ཕྱིར་ཤཱཀྱ་ཐུབ་པ་ཡིས། །གྲངས་མེད་བར་དུ་ཚོགས་བསགས་ཀྱང་། །འདི་དོན་མ་རྟོགས་ནཻ་རཱཉྫར། །ཅི་ཡང་མ་ཡིན་ཏིང་འཛིན་གནས། །དེ་ཚེ་བདེ་གཤེགས་ཀུན་གྱིས་ཀྱང་། །ཐལ་བྱུང་བློ་ཅན་དེ་བཟློག་སྟེ། །ནམ་མཁའི་དབྱིངས་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་རབ་བསྟན་ཏེ། །ནམ་ཕྱེད་དུས་སུ་བརྒྱལ་བ་ལྟར། །དེ་ཉིད་བསྒོམས་པས་ཐོ་རངས་སུ། །སྐད་ཅིག་གིས་ནི་ཡང་དག་རྟོགས། །བྱང་ཆུབ་སྙིང་པོར་བཞུགས་ནས་ཀྱང་། །དཔུང་ཆེན་བདུད་རྣམས་རབ་བཅོམ་སྟེ། །སེམས་ཅན་གཟུང་བར་བྱ་བའི་ཕྱིར། །ཆོས་ཀྱི་འཁོར་ལོ་བསྐོར་བ་འོ། །དེ་ནས་བཟུང་སྟེ་དོན་མཆོག་འདི། །སྐལ་བ་ལྡན་པ་འགའ་ཞིག་ལ། །ཞལ་ནས་ཞལ་དང་སྙན་ནས་སྙན། །བརྒྱུད་དེ་ངེས་པའི་དོན་བསྟན་པའོ། །ཞེས་གསུངས་ཤིང་། སྨན་པའི་ཞབས་ལ་སོགས་པ་རྗེས་འབྲང་དག་གིས་ཀྱང་འདི་ལུང་དུ་དྲངས་ནས་འདི་བཞིན་དུ་བཤད་དོ། །ད་ནི་དེ་དག་གི་དོན་བཤད་པར་བྱ་སྟེ། དེ་ཉིད་བསྡུས་པའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་དཀའ་བ་སྤྱད་པའི་ཚེ་སངས་རྒྱས་ཐམས་ཅད་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས་མི་གཡོ་བའི་ཏིང་ངེ་འཛིན་ལས་བསླངས་ཏེ། མངོན་པར་བྱང་ཆུབ་པ་ལྔ་བསྟན་པས་སངས་རྒྱ་བར་དངོས་སུ་གསུངས་པ་ལ། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས། དེ་ཉིད་ངེས་པའི་དོན་ཉིད་དུ་འཆད་དེ། རྣམ་སྨིན་གྱིས་ལུས་ནཻ་རཱཉྫ་རའི་འགྲམ་དུ་བཞག་ནས། ཡིད་ཀྱི་ལུས་འོག་མིན་དུ་གཤེགས་ཏེ། སངས་རྒྱས་ཐམས་ཅད་ཀྱིས་མངོན་བྱང་ལྔ་བསྟན་པས་སངས་རྒྱ་བར་བཤད་པའི་ཕྱིར་རོ། །འདིའང་དྲང་བའི་དོན་དུ་བཤད་དུ་རུང་ངོ་སྙམ་ན། དེ་ནི་མ་ཡིན་ཏེ། འགྲེལ་པའི་ཚིག་འོག་མས་མངོན་པར་བྱང་ཆུབ་པ་གཞན་གྱི་མན་ངག་ལ་ལྟོས་དགོས་པའི་ཤེས་བྱེད་དུ་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པས་རྒྱུའི་གནས་སྐབས་ཀྱི་ཚོགས་གཉིས་རྫོགས་པ་ཡིན་གྱི། འབྲས་བུའི་གནས་སྐབས་མ་རྫོགས་པས་གཞན་གྱི་མན་ངག་ལ་ལྟོས་དགོས་པའི་ཕྱིར་དང་། གཞན་གྱི་གདམས་ངག་ལ་མི་ལྟོས་པ་ནི། འཛམ་བུ་གླིང་པའི་མི་རྣམས་ཀྱི་ངོར་ཚུལ་སྟོན་པ་ཙམ་ཡིན་པར་བཤད་པའི་ཕྱིར་རོ། །གྲུབ་ཆེན་ཀུན་དགའ་སྙིང་པོས་བྱང་ཆུབ་ལ་དགོངས་ཤིང་སེམས་དཔའི་ཐུགས་འདི་ལ་མངའ་བས་ན་བྱང་ཆུབ་སེམས་དཔའོ་ཞེས་པ་ནས། འདི་སྐད་གསུངས་པ་ཡིན་ནོ་ཞེས་པའི་བར་གྱིས་སྔར་གྱི་ཤཱཀྱ་བཤེས་གཉེན་གྱི་བཞེད་པ་དེ་ཉིད་ཕྱོགས་སྔར་བཀོད་ནས། བཅོམ་ལྡན་འདས་བསྐལ་པ་བསམ་གྱིས་མི་ཁྱབ་པས་ཞེས་པ་མན་ཆད་ཀྱིས་གསང་ཆེན་ཐབས་ལ་མཁས་པའི་ལུང་དྲངས་ནས་དེ་དགག་པར་མཛད་དོ། །ཇི་ལྟར་ཞེ་ན། བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པ་ཤཱཀྱའི་རིགས་སུ་སྐྱེ་བ་ཡོངས་སུ་བཞེས་ནས། དེའི་འོག་ཏུ་མངོན་པར་རྫོགས་པར་སངས་རྒྱ་བ་འདི་གསང་ཆེན་ཐབས་ལ་མཁས་པའི་ལུང་གི་དོན་དེ་ལ་མི་རིགས་པར་ཐལ། ལུང་དེས་བསྐལ་པ་བསམ་གྱིས་མི་ཁྱབ་པའི་གོང་རོལ་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཤཱཀྱའི་རིགས་སུ་སྐྱེ་བ་བཞེས་པར་བསྟན་པའི་ཕྱིར་ཞེས་པའོ། །དེ་བཞིན་དུ་རྗེ་བཙུན་བསོད་ནམས་རྩེ་མོས། སློབ་དཔོན་ཤཱཀྱ་བཤེས་གཉེན་ཞེས་བྱ་བས་ནི་རྒྱལ་པོ་ཟས་གཙང་མའི་སྲས་དོན་ཐམས་ཅད་གྲུབ་པ་དཀའ་ཐུབ་མཛད་པ་ཡན་ཆད་བྱང་ཆུབ་སེམས་དཔའ་རང་རྒྱུད་པ་ཡིན་ལ། དེ་ནས་ཡིད་ཀྱི་ལུས་འོག་མིན་དུ་སངས་རྒྱས་ནས། དེ་ནས་སྤྲུལ་པ་པོ་འདིར་འཚང་རྒྱ་བའི་ཚུལ་སྟོན་པའོ་ཞེས་འདོད་དོ། །དེའང་ཡང་དག་པ་མ་ཡིན་ཏེ། མདོ་ལས། བཅོམ་ལྡན་འདས་འདི་བསྐལ་པ་བསམ་གྱིས་མི་ཁྱབ་པའི་སྔོན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཤཱཀྱའི་རིགས་སུ་སྐྱེ་བ་སྟོན་པར་མཛད་དོ་ཞེས་གསུངས་པ་དང་འགལ་བར་འགྱུར་རོ། །དེ་བས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་དཔག་ཏུ་མེད་པའི་ཐོག་མར་སངས་རྒྱས་ནས། སྤྲུལ་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ནི་ཕྱིས་བསྐལ་པ་བཟང་པོ་འདི་ལ་འཚང་རྒྱ་བའི་ཚུལ་སྟོན་པ་ཡིན་ནོ་ཞེས་བྱ་བ་འདི་ཐེག་པ་ཆེན་པོའི་སློབ་དཔོན་དབྱིག་གཉེན་དང་། ཟླ་བ་གྲགས་པ་དང་། ཀུན་དགའ་སྙིང་པོ་དང་། སྐལ་ལྡན་གྲགས་པ་ལ་སོགས་པ་ཕལ་ཆེ་བའང་བཞེད་ལ། ཁོ་བོ་ཅག་གི་བླ་མ་བརྒྱུད་པ་རྣམས་ཀྱང་བཞེད་པ་ཡིན་ནོ་ཞེས་གསུངས་པའི་གཞན་ལུགས་དགག་པ་ནི་ཡོ་ག་བ་ཤཱཀྱ་བཤེས་གཉེན་གྱི་ལུགས་དགག་པ་ཡིན་ལ། རང་ལུགས་གཞག་པ་ནི་ཐེག་པ་ཆེན་པོའི་མདོ་རྒྱུད་བསྟན་བཅོས་འཁྲུལ་པ་མེད་པ་ཐམས་ཅད་ཀྱི་དགོངས་པ་ཕྱོགས་གཅིག་པར་སྟོན་པའོ། །འདུས་པའི་གཞུང་རྣམས་ཀྱི་དགོངས་པ་ནི་དེ་ཉིད་བསྡུས་པ་དང་། རྒྱ་ཆེར་རོལ་པ་སྟེ། རྡོ་རྗེ་རྩེ་མོ་ལས། ནཻ་རཱཉྫ་རའི་འགྲམ་དུ་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པ་ལས། སངས་རྒྱས་ཐམས་ཅད་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས་བསླངས་ཏེ་མངོན་པར་བྱང་ཆུབ་པའི་ཐབས་བསྟན་པས་སངས་རྒྱ་བར་གསུངས་པའི་དོན་དྲངས་དོན་དུ་འགྲེལ་པ་སྟེ། དགོངས་གཞི་ནི་སྔོན་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་དུ་མངོན་པར་རྫོགས་པར་སངས་རྒྱ་བའི་ཚེ་སྔགས་ཀྱི་ལམ་ཉམས་སུ་བླངས་པས་སངས་རྒྱ་བ་ལ་དགོངས། དགོས་པ་ནི་ཤཱཀྱ་ཐུབ་པའི་བསྟན་པ་འདིར་གདུལ་བྱ་རྣམས་གསང་སྔགས་ལ་སྤྲོ་བ་བསྐྱེད་པའི་ཆེད་ཡིན་ཏེ། དཀྱིལ་ཆོག་ལས། སྔགས་ཀྱི་སྦྱོར་བ་མཉམ་མེད་པས། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །སྟོབས་ཆེན་དག་ཀྱང་དེ་ཡིས་བཅོམ། །ཤཱཀྱ་སེངྒེ་མཆོག་ལ་སོགས། །འཇིག་རྟེན་མཐུན་པར་གཤེགས་ནས་ཀྱང་། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་གསུངས་པ་ལྟར་རོ། །སྤྲོ་བ་བསྐྱེད་པ་སྔོན་ཉམས་སུ་བླངས་པས་ཀྱང་འགྲུབ་བོ་སྙམ་ན། དེ་ནི་མ་ཡིན་ཏེ། སྔོན་ཉམས་སུ་བླངས་པ་ནི་ཞིང་འདིའི་གདུལ་བྱས་མི་རྟོགས་ལ། སྟོན་པ་འདིའི་རྟེན་ལ་ཚུལ་བསྟན་པ་ནི་ཞིང་འདིའི་གདུལ་བྱས་རྟོགས་པའི་ཕྱིར་རོ། །དངོས་ལ་གནོད་བྱེད་ནི་སྔར་ཀུན་དགའ་སྙིང་པོས་དྲངས་པའི་ལུང་དང་། སྒྲོན་གསལ་དུ་ཐུན་མོང་མ་ཡིན་པའི་གསང་བའི་ལུང་དྲངས་པ་སོགས། ཐེག་པ་ཆེན་པོའི་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ལས་སྟོན་པ་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཞིང་འདིར་སངས་རྒྱ་བའི་ཚུལ་སྟོན་པར་གསུངས་པ་རྣམས་ཀྱིས་གནོད་དོ། །གྲུབ་ཆེན་ཀུན་དགའ་སྙིང་པོའི་དགོངས་པའང་འདི་ཉིད་ཡིན་ཏེ། སྔར་གྱི་དགག་སྒྲུབ་ཀྱི་འགྲོས་ལས་ཤེས་སོ། །ཡོ་ག་བ་ཤཱཀྱ་བཤེས་གཉེན་གྱིས། རྣམ་སྨིན་གྱི་ལུས་ནཻ་རཱཉྫ་རའི་འགྲམ་དུ་བཞག་ནས་ཡིད་ཀྱི་ལུས་བྱང་ཆུབ་ཀྱི་སྙིང་པོ་འོག་མིན་དུ་གཤེགས་ནས་མི་གཡོ་བའི་ཏིང་ངེ་འཛིན་ལ་མཉམ་པ་བཞག་པ་ལས་སངས་རྒྱས་རྣམས་ཀྱིས་བསླངས་པར་བཤད་པ་མ་གཏོགས་སློབ་དཔོན་གཞན་རྣམས་ཀྱིས་ནཻ་རཱཉྫ་རའི་འགྲམ་ཉིད་དུ་མི་གཡོ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ལས་སངས་རྒྱས་རྣམས་ཀྱིས་བསླངས་ནས་ཏིང་ངེ་འཛིན་འདི་རྣམ་དག་མ་ཡིན་པས་ཕྱིའི་མངོན་པར་བྱང་ཆུབ་པའམ། ནང་གི་མངོན་པར་བྱང་ཆུབ་པ་བསྟན་པས་བྱང་ཆུབ་ཀྱི་སྙིང་པོ་བྱང་ཆུབ་ཤིང་དྲུང་དུ་སངས་རྒྱ་བའི་ཚུལ་སྟོན་པ་ཁོ་ནར་བཤད་དེ། དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །ཞེས་གསུངས་པ་དང་མཐུན་ནོ། །སློབ་དཔོན་ཨཱརཡདེ་ཝས་ཕྱིའི་མངོན་པར་བྱང་ཆུབ་པ་མདོ་སྡེ་ལས་གསུངས་པའི་འོད་ཟེར་ཆེན་པོའི་དབང་བསྐུར་དང་། ཡོ་ག་ནས་གསུངས་པའི་མངོན་པར་བྱང་ཆུབ་པ་ལྔ་ལ་བྱས་ནས། ནང་གི་མངོན་པར་བྱང་ཆུབ་པ་འདུས་པའི་དཀྱིལ་འཁོར་སྤྲུལ་པ་ལ་བཤད། ཀླུ་སྒྲུབ་ཀྱི་དངོས་སློབ་ཤཱཀྱ་བཤེས་གཉེན་དང་། སངས་རྒྱས་ཡེ་ཤེས་ཞབས་གཉིས་ཀྱིས། ཕྱི་ནང་གཉིས་ཀྱི་དབྱེ་བ་མ་བཤད་ཀྱང་ནཻ་རཱཉྫ་རའི་འགྲམ་དུ་མི་གཡོ་བའི་ཏིང་ངེ་འཛིན་ལས་ལངས་ནས་ཐམས་ཅད་སྟོང་པ་འོད་གསལ་ལམ། ཟབ་གསལ་གཉིས་མེད་བསྟན་པས། ནམ་ཕྱེད་ཀྱི་དུས་སུ་སྣང་མཆེད་ཐོབ་གསུམ་ཐིམ་པའི་རིམ་གྱིས་སེམས་དབེན་མངོན་དུ་བྱས་ནས་སྐྱ་རེངས་འཆར་བའི་དུས་སུ་སྒྱུ་མ་ལྟ་བུའི་སྐུར་ལངས་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་ནས་སྲོད་ལ་བདུད་བཏུལ། ཐོ་རངས་འོད་གསལ་དང་ཟུང་འཇུག་གི་སྐུ་མངོན་དུ་བྱས་པར་བཞེད་པར་གསལ་ལོ། །ཚུལ་བསྟན་པ་ལ་ནི་སྔ་ཕྱི་གང་ཡང་འགལ་བ་མེད་དེ། གདུལ་བྱ་དེ་དང་དེའི་ངོར་སྣང་ཚུལ་ཐ་དད་པ་ཙམ་ཡིན་པའི་ཕྱིར་རོ། །རྣམ་གཞག་རིམ་པར། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་དགའ་ལྡན་ནས་འཛམ་བུའི་གླིང་དུ་བབས་ཏེ་མངལ་དུ་འཇུག་ཚུལ་གསུངས་པའི་མཐར། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་མིའི་བདག་ཉིད་ཀྱི་སྲིད་པར་བཞུགས་ཏེ། ཐམས་ཅད་མཁྱེན་པའི་དངོས་གྲུབ་ཀྱི་གོ་འཕང་བརྙེས་པ་དང་ལྡན་པར་འགྱུར་རོ་ཞེས་གསུངས་པའང་འདུས་པའི་སློབ་དཔོན་གཞན་རྣམས་དང་དགོངས་པ་གཅིག་སྟེ། ཚུལ་སྟོན་པ་ཁོ་ན་ལ་དགོངས་སོ། །ཕྱིས་ཀྱི་བླ་མ་དག་འདིའི་དོན་འདུས་པའི་ལམ་ལ་བརྟེན་ནས་སངས་རྒྱ་བའི་རྟེན་ཡིན་ན་མིའི་རྟེན་ཡིན་པས་ཁྱབ་པར་འདོད་པ་དང་། བྱང་ཆུབ་སེམས་དཔའ་དོན་གྲུབ་འདུས་པའི་ལམ་ལ་བརྟེན་ནས་གསར་དུ་སངས་རྒྱ་དགོས་པ་རྣམས་ནི་སྔ་མས་ཀྱང་ཁེགས་ཤིང་། གཞན་དུའང་བཀག་ཟིན་ཏོ། །མདོར་ན་བྱེ་བྲག་ཏུ་སྨྲ་བ་དང་། ཡོ་ག་བ་ཤཱཀྱ་བཤེས་གཉེན་མ་གཏོགས་ལོངས་སྤྱོད་རྫོགས་སྐུར་འདོད་པ་ཐམས་ཅད་སྟོན་པ་འོག་མིན་དུ་ལོངས་སྐུར་སངས་རྒྱས་ཟིན་ནས། སྤྱིར་མཛད་པ་དཔག་ཏུ་མེད་པ་དང་། བྱེ་བྲག་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་བསྐལ་བཟང་གི་སངས་རྒྱས་སྟོང་གི་ཐེག་པ་ཐུན་མོང་བའི་ངོར་མཛད་པ་བཅུ་གཉིས་དང་། རྡོ་རྗེ་ཐེག་པས་འདུལ་བའི་གདུལ་བྱའི་ངོར་སྔགས་ཀྱི་ལམ་གྱིས་སངས་རྒྱ་བའི་ཚུལ་སྟོན་པར་བཞེད་པ་མཐུན་ནོ།། །།དཔག་མེད་བསྐལ་པའི་དུས་ནས་སངས་རྒྱས་ཀྱང་། །ཞིང་འདིར་མངོན་པར་བྱང་ཆུབ་མཛད་པ་ཉིད། །སྟོན་པའི་ཚུལ་ལ་གྲངས་ངེས་རྣམ་འབྱེད་པའི། །དགེ་བས་འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག །མངོན་པར་བྱང་ཆུབ་པ་སྟོན་པའི་ཚུལ་དྲང་དོན་དང་ངེས་དོན་རབ་ཏུ་ཕྱེ་བའི་རིམ་པ་འདི་ནི་རྒྱལ་བ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་རྗེ་བཙུན་ཀུན་དགའ་བཟང་པོ་ལ་སོགས་པའི་ཡོངས་འཛིན་དུ་མའི་ཞབས་རྡུལ་སྤྱི་བོས་བླངས་པ་ཤཱཀྱའི་དགེ་སློང་བསོད་ནམས་སེངྒེས་ཨེ་ཝཾ་ཆོས་ལྡན་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་སུ་བྲིས་པའོ།། །།དགེའོ།། ༈ །གཞལ་ཡས་ཁང་གི་ཆག་ཚད་བཞུགས་སོ།། ༈ །རང་སེམས་རྣམ་དག་བྱང་ཆུབ་ཕྱོགས། །སུམ་ཅུ་རྩ་བདུན་ཕྱི་ནང་གི །རྟེན་འབྲེལ་གནད་ཀྱིས་ཐར་པ་ཆེའི། །གྲོང་ཁྱེར་མཆོག་ཏུ་ཤར་ལ་འདུད། །སྙིང་པོ་ཀྱེ་ཡི་རྡོ་རྗེ་ཡི། །རྟེན་གྱི་དཀྱིལ་འཁོར་རབ་གསལ་བྱེད། །གནད་ཀྱི་ཟླ་ཟེར་ལས་བྱུང་བ། །ཚིགས་སུ་བཅད་པར་བསྡེབས་པ་ནི། །འོག་གཞི་ལོགས་དང་སྟེང་ཐོག་དང་། །སྒོ་དང་རྟ་བབས་ལྔ་ཡིས་བསྡུས། །འོག་ལ་སྣ་ཚོགས་རྡོ་རྗེ་དང་། །ཉི་མ་པདྨ་ཁོར་ཡུག་གོ །རྡོ་རྗེའི་ལྟེ་བ་གྲུ་བཞིའི་རྒྱར། །ཆ་ཆེན་བཅུ་གཉིས་དཔངས་སུ་གཅིག །རྭ་རྩེ་ཡན་ལག་བཞི་དྲུག་ལ། གསུམ་དང་ལྔ་སྟེ་ཆ་ཆེན་གཉིས། །དེ་འོག་ཉི་མ་པད་ལྟེ་ཡི། །དབང་གིས་ལྗང་སེར་དེ་ཡི་ཚད། །དེ་འོག་པདྨ་ལྟེ་བ་ནི། །རྡོ་རྗེའི་ལྟེ་བའི་ཟུར་དང་མཉམ། །པད་འདབ་ཆ་ཕྲན་གཉིས་ཀྱིས་བསྐོར། །ཡན་ལག་བཞི་ཕྱོགས་པདྨ་མེད། །ཁོར་ཡུག་དུར་ཁྲོད་ཆོས་འབྱུང་དང་། །གུར་དང་རྡོ་རྭ་མེ་རི་སྟེ། །སྲུང་འཁོར་ཐུན་མོང་མིན་བསྒོམས་ན། །གུར་ནང་དེ་དང་བཅས་པའོ། །ལོགས་ལ་རྩིག་པ་ཕ་གུ་དང་། །དྲྭ་ཕྱེད་པ་དང་གདུང་ལེབ་སྟེ། །རྩིག་པ་དབུས་ནས་ཆ་ཆེན་བཞི། །དོར་ནས་ལྔ་པའི་དང་པོ་ལ། །ཁ་དོག་ལྔ་སྦྲག་ཆ་ཕྲན་གཅིག །དཔངས་སུ་ཆ་ཕྲན་བཅུ་དྲུག་གོ །དེ་སྟེང་ཕ་གུ་ཆ་ཕྲན་གཅིག །ཞེང་དུ་ཕྱེད་དང་གཉིས་ཡིན་ཏེ། །བ་གམ་ཚུལ་དུ་རྩིག་པ་ལས། །ཕྱི་རུ་ཆ་ཕྲན་ཕྱེད་འཕགས་པའོ། །དེ་སྟེང་དྲྭ་ཕྱེད་ས་ལ་ནི། །དཔངས་སུ་ཆ་ཕྲན་ཕྱེད་པ་ཡི། །ཤིང་བརྩེགས་འོག་མ་ཆ་ཕྲན་གཅིག །གོང་མ་ཕྱེད་ཕྱེད་ཀྱིས་ལྷག་པའི། །བཞི་བརྩེགས་ཕྱོགས་བཞིར་བརྒྱད་བརྒྱད་དང་། །ཟུར་བཞིར་བཞི་སྟེ་སུམ་ཅུ་དྲུག །དེ་སྟེང་གདུང་ལེབ་ཆ་ཕྲན་གཅིག །དཔངས་སུ་ཆ་ཕྲན་ལྔ་ཆས་འགེབས། །ཕྱི་ངོས་ཤིང་བརྩེགས་དག་གི་ཐད། །ཆུ་སྲིན་མགོའམ་གཟི་པ་ཏྲའི། །ཁ་ནས་གཡས་གཡོན་དོ་ཤལ་གྱི། །རྩེ་མོ་གཉིས་དང་ཕྱེད་པ་ཡི། །རྩ་བ་བཟུང་ནས་ཕ་གུ་ལ། །འཕྱང་བའི་ཚུལ་དུ་གནས་པའོ། །རྩིག་པའི་རྩ་བར་འདོད་ཡོན་གྱི། །སྟེགས་བུ་དམར་པོ་ཆ་ཕྲན་གཉིས། །ཕྱོགས་བཞིར་ལྷ་མོ་བཞི་བཞི་ཡིས། །བཅོམ་ལྡན་འདས་ལ་མཆོད་པས་གནས། །སྟེང་ཐོག་ཀ་བ་ཤིང་བརྩེགས་དང་། །གདུང་དང་ཐོག་ཕུབ་རིམ་པ་གསུམ། །ཀ་བ་སྒོ་ནང་རྩ་ཐིག་གི །གཡས་གཡོན་ཆ་ཕྲན་ལྔ་དོར་ནས། །དྲུག་པའི་གདུང་དང་ཕྲད་མཚམས་སུ། །དཔངས་སུ་ཆ་ཕྲན་བཅུ་དྲུག་སྟེ། །འོག་ཏུ་ལྷ་སྣམ་ཆ་ཕྲན་གཅིག །སྟེང་དུ་ཤིང་བརྩེགས་ཀ་ཞུ་ལ། །ཆ་ཕྲན་གཅིག་དང་ལྔ་ཆ་སྟེ། །དེ་སྟེང་གདུང་ཟླུམ་ཆ་ཕྲན་གཅིག །དེ་དང་གདུང་ལེབ་མཉམ་པའི་སྟེང་། །ཐོག་ཕུབ་འོག་མ་ནང་ངོས་ཟླུམ། །ཕྱི་རོལ་གྲུ་བཞི་གདུང་ལེབ་ལས། །ཕྱི་རུ་བྱ་འདབ་ཆ་ཕྲན་གཉིས། །དེ་ལ་འོག་ཏུ་མདའ་ཡབ་དང་། །སྟེང་དུ་རིན་ཆེན་དྲྭ་མིག་གི །པུ་ཤུ་ཆ་ཕྲན་རེ་རེ་སྟེ། །རྒྱལ་མཚན་བ་དན་སོགས་ཀྱིས་བརྒྱན། །ཐོག་ཕུབ་བར་མ་གདུང་ཟླུམ་གྱི། །སྟེང་དུ་རྩིག་ཟླུམ་ཕྱོགས་མདོག་ཅན། །ཆ་ཕྲན་གསུམ་ཏེ་ཕ་གུ་དང་། །དྲྭ་ཕྱེད་གདུང་ལེབ་དེ་ཚད་མཉམ། །དེ་སྟེང་རྡོ་རྗེའི་ཐལ་གདུང་བཞི། །མིག་མངས་རིས་སུ་བྲེས་པ་ནི། །ཆ་ཕྲན་གཅིག་ལ་ལྔ་ཆས་དམན། །རེ་མིག་བརྒྱད་པོ་ཟླུམ་པོར་ཕུབ། །བྱ་འདབ་མདའ་ཡབ་པུ་ཤུ་རྣམས། །སྔ་མའི་ཚད་མཉམ་ཟླུམ་པོའོ། །ཐོག་ཕུབ་གོང་མ་རེ་མིག་དབུས། །གདུང་སྟེང་རྩིག་པ་གྲུ་བཞི་ནི། །སྔོན་པོ་ཆ་ཕྲན་གསུམ་པའི་སྟེང་། །ཕ་གུ་སོགས་ཀྱང་དེ་ཡི་ཚད། །ཐོག་ཕུབ་བྱ་འདབ་མདའ་ཡབ་སོགས། །ཇི་ལྟར་འཚམས་པ་ཏོག་གིས་སྤྲས། །སྒོ་ནི་ཕྱོགས་བཞིའི་རྩིག་པའི་དབུས། །ཆ་ཆེན་གཅིག་སྟེ་དཔངས་སུ་གཉིས། །མདུན་དུ་སྒོ་ཁྱུད་སྒོ་ཡི་ཚད། །དེ་ཡི་གཡས་གཡོན་སྒོ་འགྲམ་ལ། །ཆ་ཕྲན་གཉིས་ཏེ་སླར་ཡང་མདུན། །སྒོ་ལོགས་ནང་དུ་ཆ་ཕྲན་གཉིས། །ཕྱི་རུ་ཆ་ཕྲན་བཞི་ཡིན་ཏེ། །རྩིག་གདོང་གསེག་ཀར་ཡོད་ཕྱིར་རོ། །ཡ་ཕུབ་རྩིག་པ་ཆ་ཕྲན་གཅིག །ཐམས་ཅད་དཔངས་སུ་ཆ་ཕྲན་དགུ། །དེ་སྟེང་ཐོག་རྣམས་མཉམ་པོར་ཕུབ། །སྒོ་ཁྱུད་ཕྱི་མཐར་སྒོ་གླེགས་གཞུག །རྟ་བབས་ཀ་བ་སྒོ་ལོགས་ཀྱི། །གཡས་གཡོན་ཆ་ཕྲན་རེ་དོར་ནས། །ཆ་ཕྲན་ལྔ་པ་གཉིས་གཉིས་ཏེ། །ཕྱི་མའི་ཕྱི་མཐའ་སྟེགས་བུ་མཉམ། །ནང་མའི་ནང་ངོས་འདོད་སྣམ་རེག །དེ་སྟེང་སྣམ་བུ་འོག་མ་ནི། །གཡས་གཡོན་ཆ་ཕྲན་གསུམ་གསུམ་སྟེ། །གཉིས་པ་གཉིས་དང་གསུམ་པ་གཅིག །བཞི་པ་སྒོ་ལོགས་རྩིག་གདོང་མཉམ། །གཡས་གཡོན་སྐས་ཀྱི་རིམ་པ་བཞིན། །མདུན་ངོས་ཐམས་ཅད་མཉམ་པོ་ལ། །ཁ་དོག་དབྱེ་བས་སོ་སོར་ཕྱེ། །དེ་སྟེང་པདྨ་ཆོས་འཁོར་གདུགས། །ཆ་ཕྲན་གཅིག་དང་གཉིས་དང་གཅིག །གཡས་གཡོན་རི་དྭགས་ཕོ་མོ་གཉིས། །ཤིན་ཏུ་འབྱར་མིན་རྒྱང་རིང་མིན། །རྟ་བབས་སྣམ་བུ་དོ་ཤལ་ནང་། །པུ་ཤུའི་ཁོ་ར་ཁོར་ཡུག་ཏུ། །གོས་འཕན་མེ་ཏོག་ཕྲེང་ལ་སོགས། །རྒྱན་རྣམས་ཀུན་གྱིས་མཛེས་པར་བརྒྱན། །ནང་ངོས་རྒྱ་དཔངས་མཉམ་པ་ནི། །ལུས་ཀྱི་དག་པ་ཉིད་དང་སྦྱར། །གྲུ་བཞི་རྒྱ་དཔངས་དཔག་ཚད་ནི། །ལྔ་དང་གསུམ་པར་བྱ་རྒྱུད་ལས། །གསུངས་པ་བཞིབ་པར་བརྩིས་པ་ནི། །གསེར་གདུང་མན་གྱི་ནང་ངོས་ཡིན། །ནང་གི་ཀ་བ་བརྒྱད་པོ་ཡང་། །དཔངས་ལ་ཆ་ཕྲན་བཅུ་དྲུག་པར། །ཡོ་གའི་འགྲེལ་ཆེན་རྣམ་གཉིས་ལས། །གསུངས་པ་ཐམས་ཅད་རང་ཤུགས་ཀྱིས། །འགྲིག་པའི་རྣམ་གཞག་ལྷུན་གྲུབ་འདི། །ལུགས་བཟང་འདི་ཡི་ཁྱད་ཆོས་ཡིན། །རྡོ་རྗེ་འཇིགས་བྱེད་གཤེད་དམར་དང་། །ཚེ་དཔག་མེད་དང་རིགས་བསྡུས་ཀྱི། །ནང་མ་ལྔ་སོགས་སྒོ་རྐྱང་གི །ཐོག་ཕུབ་རིམ་གསུམ་ཀུན་ལ་འགྲེ། །ཀུན་རིག་ལ་སོགས་སྒོ་སྦྲག་དང་། །བདེ་གསང་ལ་སོགས་སྒོ་རྐྱང་གི །ཐོག་ཕུབ་རིམ་ལྷག་རྣམས་ལ་ནི། །ཁྱད་པར་ཅུང་ཟད་བསྣན་པར་བྱ། །གནད་ཀྱི་ཟླ་ཟེར་ལས་བྱུང་བའི། །ཟབ་དོན་ཚིགས་སུ་བཅད་པར་ནི། །བསྡེབས་པ་མཁས་འདོད་མ་ཡིན་གྱི། །བློ་གྲོས་གསར་བུ་འཇུག་ཕྱིར་ཡིན། །འདི་ཡི་དགེ་བས་རང་སེམས་ཀྱི། །གློ་བུར་དྲི་མ་སྦྱངས་ནས་ནི། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན། །མྱུར་དུ་མངོན་དུ་འགྱུར་བར་ཤོག །དགེའོ།། ༄༅། །ཀུན་རིག་རིགས་བསྡུས་བདེ་མཆོག་གསང་འདུས་སོགས་ཀྱི་བློས་སློང་གི་སྒོ་སྦྲག་སོགས་ཀྱི་ཁྱད་པར་བཞུགས།། ༈ །སྙིང་གི་དབུས་གནས་རྗེ་བཙུན་ལ། །དྭང་བའི་ཡིད་ཀྱིས་གུས་བཏུད་ནས། །སླར་ཡང་སྒོ་སྦྲག་ཐོག་ཕུབ་ཀྱི། །རིམ་ལྷག་ཚུལ་བཞིན་བཤད་པར་བྱ། །ཀུན་རིག་སྒོ་སྦྲག་ཕྱི་མ་ཡི། །གསེར་གྱི་གདུང་ལེབ་མན་ཆད་ལ། །ཆ་ཕྲན་བཅུ་དགུ་ལྔ་ཆ་གཅིག །ཡོད་པ་དཀྱིལ་འཁོར་སྤྱི་དང་མཐུན། །དེ་ནང་ལྷ་སྣམ་ཆ་ཆེན་གཅིག །དོར་ནས་དབུས་ཀྱི་ཆ་དྲུག་ལ། །ཤེལ་གྱི་གར་བུ་དཔངས་ཀྱི་ཚད། །ཆ་ཆེན་བཞི་པ་ནང་མའི་བཞི། །གར་བུའི་ཕྱི་ངོས་ཕྱོགས་རེ་ན། །ཀ་བ་གཉིས་གཉིས་མཚམས་སུ་བཞི། །བཅུ་གཉིས་སྟེང་དུ་ཀ་ཞུ་དང་། །ཤིང་བརྩེགས་གདུང་རྣམས་གྲུ་བཞིར་གཏང་། །དེ་དང་ཕྱི་ཡི་གདུང་ལེབ་གཉིས། །མཉམ་པའི་སྟེང་དུ་ཐོག་ཕུབ་སྟེ། །ཕྱི་ངོས་དཀྱིལ་འཁོར་སྤྱི་དང་མཐུན། །ནང་ངོས་ནང་མའི་རྟ་བབས་ཀྱི། །ཐད་རྣམས་མ་གཏོགས་གར་བུ་ལ། །ཆ་ཕྲན་ཕྱེད་དང་གསུམ་ཉིད་ཀྱིས། །ནོན་པའི་གྲུ་བཞི་བྱ་དགོས་ཏེ། །བློ་ཡི་སྣང་བར་ཆར་གྱི་ཆུ། །གོང་མ་གོང་མའི་ཐོག་སྟེང་ནས། །འོག་མའི་སྟེང་བབས་ཐམས་ཅད་ཀྱང་། །དཀྱིལ་འཁོར་ཕྱི་མའི་འདོད་སྣམ་གྱི། །འོག་ངོས་འགྲོ་བར་གསུངས་ཕྱིར་རོ། །གར་བུའི་རྒྱར་ནི་ཆ་ཆེན་དྲུག །ཡོད་པའི་མཐའ་ལ་ཆ་ཆེན་རེ། །དོར་ནས་དབུས་ཀྱི་ཆ་ཆེན་བཞི། །དཀྱིལ་འཁོར་ནང་མའི་ནང་གི་ཚད། །དེ་ནང་ཕྱི་མའི་ཆ་ཆེན་ལ། །ནང་མའི་ཆ་ཆེན་གཉིས་ཡིན་ཀྱང་། །ནང་མ་རང་ངོས་བརྩིས་པའི་ཚེ། །གྲངས་རྣམས་སྤྱི་དང་མཐུན་པར་འབྱུང་། །འདི་ནས་བཟུང་སྟེ་ནང་མ་ཡི། །རང་ངོས་ཆ་རྣམས་བརྩི་བྱ་སྟེ། །ཐོག་ཕུབ་རིམ་གསུམ་སྒོ་རྟ་བབས། །དཀྱིལ་འཁོར་སྤྱི་དང་མཐུན་པར་བྱ། །སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཚབ། །གར་བུ་ཡིན་ཕྱིར་རྭ་རྣམས་མེད། །གར་བུའི་ཕྱོགས་བཞིར་ནང་མ་ཡི། །སྒོ་ལ་འཛེགས་པའི་ཐེམ་སྐས་བྱ། །རྩིག་པའི་ནང་དུ་རང་ཆ་ཡིས། བརྩིས་པའི་ཆ་ཆེན་རེ་དོར་ནས། །དབུས་ཀྱི་ཆ་ཆེན་དྲུག་པོ་ལ། །དཔངས་སུ་ཆ་ཆེན་གཅིག་སྟེང་དུ། །འཁོར་ལོའི་ལྟེ་བ་དེ་དང་མཉམ། །ལྟེ་བའི་སྟེང་ནས་ཀ་བ་བརྒྱད། །ཆ་ཕྲན་དགུ་པ་ཀ་ཞུ་སོགས། །གདུང་ལེབ་དང་མཉམ་སྤྱི་དང་མཐུན། །ཕྱི་མའི་རྭ་རྩེའི་ཕྱི་རོལ་ནས། །འཇིག་རྟེན་ཁོར་ཡུག་ཟླུམ་པོ་དང་། །རྡོ་རྭ་འོད་ཟེར་ཕྲེང་བས་བསྐོར། །དཀྱིལ་འཁོར་གཉིས་ཀའི་འོག་གཞི་ནས། །ཕྱུར་བུའི་ཐོག་འོག་མན་ཆད་དུ། །རང་རང་ཆ་ཆེན་བརྒྱད་གནས་པ། །རྩིག་ནང་རྒྱ་དང་མཉམ་པ་ནི། །དཀྱིལ་འཁོར་ཀུན་ལ་སྦྱར་བར་བྱ། །ཁ་སྦྱོར་རྒྱུད་ལས་གསུངས་པ་ཡི། །རིགས་བསྡུས་སྒོ་སྦྲག་རིམ་གསུམ་ལའང་། །ཐོག་ཕུབ་འོག་མ་གར་བུར་བཅས། །ཚུལ་འདི་ཇི་བཞིན་སྦྱར་བྱ་སྟེ། །འདི་ཡི་དཀྱིལ་འཁོར་ནང་མ་ཡི། །གསེར་གྱི་གདུང་ལེབ་མན་ཆད་ཀྱི། །ཚུལ་འདི་དཀྱིལ་འཁོར་བར་མར་སྦྱར། །དེ་ནང་ལྷ་སྣམ་ཆ་ཕྲན་གཉིས། །དོར་ནས་དབུས་ཀྱི་ཆ་ཆེན་གསུམ། །དཔངས་སུ་ཆ་ཆེན་གཉིས་འཕགས་པ། །དཀྱིལ་འཁོར་ནང་མའི་འོག་གཞི་ཡིན། །ཐོག་ཕུབ་བར་མ་འོག་དང་མཚུངས། །ནང་མའི་ཐོག་ཕུབ་སྤྱི་དང་མཚུངས། །འདི་ཡི་དཀྱིལ་འཁོར་གསུམ་ཆར་ལའང་། །རང་རང་འོག་གཞི་ནས་བཟུང་སྟེ། །ཕྱུར་བུའི་ཐོག་འོག་མན་ཆད་དུ། །རང་རང་ཆ་ཆེན་བརྒྱད་དུ་གནས། །དེ་དང་རང་རང་རྩིག་ནང་རྒྱ། །མཉམ་པ་བྱུང་ན་འགྲིག་པ་ཡིན།། ༈ །།བདེ་མཆོག་འཁོར་ལོའི་ཕོ་བྲང་ལ། །གསེར་གྱི་གདུང་ལེབ་མན་ཆད་ཀྱི། །རྒྱ་དཔངས་སྒོ་དང་རྟ་བབས་དང་། །སྣ་ཚོགས་རྡོ་རྗེ་སྤྱི་དང་མཐུན། །རྩིག་ནང་ལྷ་སྣམ་ཆ་ཆེན་རེ། །དོར་ནས་དབུས་ཀྱི་ཆ་དྲུག་ལ། །ཨིནྡྲ་ནཱི་ལའི་ས་གཞི་ཡི། །དཔངས་སུ་ཆ་ཕྲན་ཕྱེད་དང་དགུ། །དེ་སྟེང་སྐུ་འཁོར་ལྟེ་བའི་དཔངས། །ཆ་ཕྲན་གཉིས་པའི་སྐེད་པ་ནས། །རྩིབས་ཀྱི་དཔངས་ལ་ཆ་ཕྲན་གཅིག །རྩིབས་མཐའ་འོག་གཞིའི་ལོགས་དང་མཉམ། །རྩིབས་ཀྱི་རྩེ་མོར་འཁོར་ལོ་ཡི། །རྭ་བ་ཆ་ཕྲན་གཉིས་པའི་སྟེང་། །འཁོར་ལོའི་ཀ་བ་ཆ་ཕྲན་ལྔ། །ཀ་ཞུ་ཤིང་བརྩེགས་གདུང་ཟླུམ་རྣམས། །ཆ་ཕྲན་གཉིས་དང་ལྔ་ཆ་གཅིག །དེ་དང་ཕྱི་ཡི་གདུང་ལེབ་གཉིས། །མཉམ་པའི་སྟེང་དུ་ཐོག་ཕུབ་སྟེ། །དམ་ཚིག་འཁོར་ལོའི་ཐོག་ཕུབ་ཡིན། །གདུང་ཟླུམ་སྟེང་དུ་རྩིག་པ་དང་། །ཕ་གུ་གཉིས་ལ་ཆ་ཕྲན་གཅིག །དྲྭ་ཕྱེད་ས་དང་གདུང་ལེབ་ལ། །ཆ་ཕྲན་གཅིག་སྟེ་རྭ་བ་ནས། །བཟུང་སྟེ་གདུང་ལེབ་ཟླུམ་པོའི་བར། །སྐུ་ཡི་འཁོར་ལོའི་ལོགས་ཡིན་ཏེ། །གསུང་འཁོར་རྩིབས་ཀྱི་རྩེ་མོར་ནི། །རྭ་བ་ནས་བཟུང་གདུང་ཟླུམ་བར། །སྔ་མའི་ཚད་བཞིན་གནས་པ་དང་། །མཉམ་པའི་སྟེང་དུ་ཐོག་ཕུབ་སྟེ། །འདི་ནི་སྐུ་འཁོར་ཐོག་ཡིན་ཕྱིར། །འཁོར་ལོ་ཉིད་ཀྱིས་མཚན་པའོ། །དེ་ཉིད་རིགས་པས་གསུང་འཁོར་ཏེ། །ཁྱད་པར་པདྨས་མཚན་པའོ། །དེ་ཡི་རིགས་པས་ཐུགས་འཁོར་ཏེ། །ཁྱད་པར་རྡོ་རྗེས་མཚན་པའོ། །དེ་ཡི་རིགས་པས་བདེ་ཆེན་གྱི། །འཁོར་ལོ་ཡིན་ཏེ་ཁྱད་པར་ནི། །གྲི་གུག་གིས་མཚན་འཁོར་ལོ་ཡི། །ཚབ་ཏུ་པདྨ་འདབ་བརྒྱད་དོ། །རྩིབས་དང་པད་འདབ་རྣམས་ཀྱི་རྒྱར། །ཆ་ཕྲན་གཉིས་པར་མཉམ་པ་སྟེ། །ལྟེ་བ་རིམ་བཞིན་དེ་ཚད་ཀྱིས། །ཆུང་བ་ཡིན་ཏེ་རྩིབས་ཀྱི་རྩེ། །འོག་མའི་ལྟེ་བ་དང་མཉམ་ཕྱིར། །འོག་མའི་ལྟེ་བར་གོང་མ་ཡི། །ཀ་སྟེང་ཆ་ཕྲན་ཕྱེད་དང་གཉིས། །རྩིབས་ཀྱི་བར་མཚམས་བརྒྱད་དུ་བྱ། །བདེ་ཆེན་འཁོར་ལོའི་གདུང་ཟླུམ་སྟེང་། །རྩིག་པ་ནས་བཟུང་གདུང་ལེབ་བར། །ཆ་ཕྲན་གཉིས་ཏེ་དེ་སྟེང་དུ། །ཐལ་གདུང་བཞི་ལ་ཆ་ཕྲན་གཅིག །ཕྱུར་བུའི་ཚད་ལ་ཆ་ཆེན་གཅིག །སྤྱི་དང་མཐུན་ཏེ་འོག་གཞི་ནས། །ཕྱུར་བུའི་ཐོག་འོག་བར་དག་དང་། །རྩིག་ནང་རྒྱ་དང་མཉམ་པ་ཡིན།། ༈ །།གསང་བ་འདུས་པ་རིགས་གསུམ་ལ། །གསེར་གྱི་གདུང་ལེབ་མན་ཆད་ཀྱི། །རྒྱ་དཔངས་དཀྱིལ་འཁོར་སྤྱི་དང་མཐུན། །འཕགས་པའི་ལུགས་ལ་ཀླུ་བྱང་གིས། །སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །སྒོ་ཁྱུད་ཀྱང་ནི་དེ་ཡི་ཚད། །འགྲམ་དང་ལོགས་ཀྱང་དེ་བཞིན་ནོ། །ཞེས་གསུངས་དགོངས་པ་སྒོ་ཡི་དཔངས། །ཆ་ཆེན་གསུམ་དང་རྒྱར་ནི་གཅིག །སྒོ་ཁྱུད་འགྲམ་ལོགས་དེ་བཞིན་ནོ། །དེ་ཡང་ནང་ངོས་བརྩིས་པ་ཡིས། །བྲི་བྱར་ཡ་ཕུབ་མེད་པར་འདོད། །སྣ་ཚོགས་རྡོ་རྗེའི་ལྟེ་བ་ཡི། །ཕྱི་ངོས་ཀ་རྟེན་བཙུགས་ནས་ནི། །དེ་སྟེང་རྟ་བབས་ཀ་བ་གཉིས། །རྟ་བབས་སྣམ་བུ་བཅུ་གཅིག་སྦྱར། །རྩིག་ནང་ལྷ་སྣམ་ཆ་ཆེན་རེ། །དོར་ནས་དབུས་ཀྱི་ཆ་དྲུག་ལ། །དཔངས་སུ་ཆ་ཆེན་གཅིག་འཕགས་པའི། །ཕྱི་ངོས་ཀ་བ་བཅུ་གཉིས་སོགས། །ཐོག་ཕུབ་འོག་མ་ཀུན་རིག་བཞིན། །གདུང་སྟེང་རྩིག་པ་ཕ་གུ་ལ། །ཆ་ཕྲན་ཕྱེད་གཉིས་དྲྭ་ཕྱེད་དང་། །གདུང་ལེབ་ལ་ཡང་དེ་བཞིན་ནོ། །ལྷ་སྣམ་ནང་མའི་ཕྱོགས་རེ་ནས། །ཆ་ཆེན་རེ་དོར་དབུས་ཀྱི་གཞི། །དཔངས་སུ་ཆ་ཆེན་གཅིག་འཕགས་པའི། །སྟེང་དུ་འོད་ཟེར་ཕྲེང་བ་དང་། །བཅས་པའི་རྡོ་རྭ་ཟླུམ་པོ་ནི། །ཀ་རྟེན་བརྒྱད་དང་བཅས་པའི་དཔངས། །ཆ་ཆེན་གཅིག་སྟེ་དེ་སྟེང་དུ། །ཀ་བརྒྱད་དཔངས་ལ་ཆ་ཆེན་གཉིས། །ཀ་ཞུ་ཤིང་བརྩེགས་གདུང་ཟླུམ་ལ། །ཆ་ཕྲན་གཉིས་དང་ལྔ་ཆ་གཅིག །དེ་དང་སྔར་གྱི་གདུང་ལེབ་སྟེང་། །ཐོག་ཕུབ་ཕྱི་ངོས་གྲུ་བཞིའོ། །གདུང་ཟླུམ་སྟེང་དུ་རྩིག་པ་ནས། །གདུང་ལེབ་བར་དུ་ཆ་ཕྲན་ལྔ། །དེ་སྟེང་ཐལ་གདུང་ལྔ་ཆ་གཅིག །དམན་པའི་ཆ་ཕྲན་གཅིག་པའོ། །དེ་སྟེང་ཕྱུར་བུ་ཆ་ཆེན་གཅིག །ལྷག་མའི་ཐོག་ཕུབ་བྱ་འདབ་དང་། །མདའ་ཡབ་པུ་ཤུ་དར་འཕན་སོགས། །དཀྱིལ་འཁོར་སྤྱི་དང་མཐུན་པའོ། །ཚུལ་འདི་དཔྱོད་ལྡན་དོན་གཉེར་གྱིས། །ཚུལ་བཞིན་བསྐུལ་ནས་སྔར་བསྟན་པའི། །ཚུལ་ལུགས་བཟང་པོའི་ཁ་སྐོང་དུ། །ཚུལ་གནས་བསོད་ནམས་སེངྒེས་སྦྱར།། །།དགེའོ།། ༈ །།འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་གང་དང་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་མྱུར་ཐོབ་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེ་བ་འདི་ཡིས་དུས་གསུམ་གྱི། །རྒྱལ་བ་ཀུན་གྱི་གསང་ཆེན་མཛོད། །བླ་མེད་མཆོག་གི་བསྟན་པ་ནི། །དར་རྒྱས་ཡུན་དུ་འབར་གྱུར་གཅིག །དགེའོ། །དགེའོ། །དགེའོ།། །།


previousལམ་འབྲས་བླ་མ་བརྒྱུད་པ་ལ་ཡན་ལག་བདུན་པ་འབུལ་ཞིང་གསོལ་བ་གདབ་པ།next