Nitartha Digital Library
Tibetan
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ།


   
   
   
   
ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་མཆོད་གཏོར་གྱི་རྣལ་འབྱོར།
   
   
   
   
   
   
   
   
   
   
   


 
previousཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་མཆོད་གཏོར་གྱི་རྣལ་འབྱོར།next

ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་མཆོད་གཏོར་གྱི་རྣལ་འབྱོར།

ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་མཆོད་གཏོར་གྱི་རྣལ་འབྱོར་བཞུགས།། ༈ བླ་མ་དང་དཔལ་ཀྱཻ་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདིར་མཉམ་པར་མ་བཞག་པའི་རྣལ་འབྱོར་བརྒྱད་ལས་མཆོད་གཏོར་གྱི་རྣལ་འབྱོར་བྱེ་བྲག་ཏུ་བཤད་པ་ལ་དོན་བརྒྱད་དེ། དཀྱིལ་འཁོར་གྱི་བྱ་བ། མཆོད་པ་བཤམ་པའི་བྱ་བ། ཚོགས་ཞིང་སྤྱན་དྲང་བའི་བྱ་བ། ཕྱག་འཚལ་བ། མཆོད་པ་དབུལ་བ། རྒྱུན་བཤགས་བྱ་བ། སྡོམ་པ་གཟུང་བ། གཏོར་མ་གཏང་བའོ། །དང་པོ་ནི། ཐུན་བཞི་ལ་སོགས་པར་བྱེད་ན་ཐོ་རངས་ཀྱི་དུས་སུ་ཐུན་འགོར་བྱས་ཏེ། བསམ་གཏན་གྱི་ཁང་པ་དབེན་ཞིང་ཉམས་དགའ་བར་བྱི་དོར་ལེགས་པར་བྱས་ལ། སའི་ཕྱོགས་གང་འོས་པ་དེར་མཎྜལ་ཁྲུ་གང་ཙམ་གྱི་དབུས་ནས་དྲི་བཟང་གི་ཆུས་དབང་ལྡན་དུ་ཅུང་ཟད་འཐེན་ཏེ་གྲུ་བཞིར་བྱུག་ཅིང་ཨོཾ་མེ་དཱི་ནི་བཛྲཱི་བྷ་ཝ་བནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། འོག་ཐམས་ཅད་རྡོ་རྗེའི་ས་གཞིར་གྱུར་ཞེས་བརྗོད། ཡང་མཐའ་སྐོར་དུ་བྱུག་ཅིང་ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕྱོགས་དང་སྟེང་ཐམས་ཅད་རྡོ་རྗེའི་རྭ་བ་དང་། གུར་དང་། བླ་རེས་བསྐོར་བར་གྱུར་ཞེས་བརྗོད་དེ། དབུས་སུ་མེ་ཏོག་བཞག་ནས་ལག་པ་བཏེག་སྟེ། དེ་ལྟ་བུའི་སྲུང་བའི་འཁོར་ལོའི་དབུས་སུ་སྐད་ཅིག་གིས་གཞལ་ཡས་ཁང་པ་གྲུ་བཞི་པ་སྒོ་བཞི་པ་ཞེས་པ་ནས། རྒྱན་དུ་མས་བརྒྱན་པའི་གཞལ་ཡས་ཁང་པར་གྱུར་ཞེས་པའི་བར་དང་། དེའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད། དེ་དག་ལ་གནས་པའི་ཤིང་ཆེན་པོ་བརྒྱད། ཤིང་གི་རྩ་བ་ལ་གནས་པའི་ཕྱོགས་སྐྱོང་བ་བརྒྱད། སྟེང་གི་ནམ་མཁའ་ལ་གནས་པའི་སྤྲིན་ཆེན་པོ་བརྒྱད། དེ་དག་ལ་གནས་པའི་ཀླུ་ཆེན་པོ་བརྒྱད། ཤིང་གི་ཡལ་ག་ལ་གནས་པའི་ཞིང་སྐྱོང་བརྒྱད། གཞན་ཡང་རོ་མགོ་བོ་བཅད་པ་དང་ཞེས་པ་ནས། འགྱེལ་ཞིང་གདོང་གྱེན་དུ་ཕྱོགས་པའི་གདན་དང་བཅས་པར་གྱུར་ཞེས་པའི་བར་སྒྲུབ་ཐབས་བཞིན་བསྒོམ་མོ། །དེ་ནས་དབུས་སུ་མེ་ཏོག་གི་ཚོམ་བུ་སྤུངས་ལ། དབུས་ཀྱི་གདན་གྱི་སྟེང་དུ་ཨོཾ་ཧཱུྃ་ཤྲཱི་ཧེ་བཛྲ་ཡ་ན་མཿསྙིང་པོ་ཀྱཻ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་ཞེས་པ་ནས། གར་དགུའི་རོ་དང་ལྡན་པ་ཉིད་ཅེས་པའི་བར་བརྗོད། ཡང་དེ་ཉིད་དུ་མེ་ཏོག་གཅིག་བཞག་ལ། དེའི་པང་ན་ནྃ་ནཻ་རཱཏྨ་ན་མཿཡུམ་རྡོ་རྗེ་བདག་མེད་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ་ཞེས་པ་ནས། ཡབ་ཡུམ་གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ་ཞེས་པའི་བར་གསལ་གདབ། དེ་ནས་ཕྱོགས་མཚམས་བརྒྱད་དུ་མེ་ཏོག་གི་ཚོམ་བུ་བཞག་ལ་རིམ་པ་བཞིན་དུ་ཤར་དུ་གྃ་གཽ་རཱི་ན་མཿགོ་རཱི་ནག་མོ་གཡས་གྲི་གུག་གཡོན་ཉ་རོ་ཧི་ཏ་འཛིན་པ། ལྷོར་ཙྃ་ཙཽ་རཱི་ན་མཿཙཽ་རཱི་དམར་མོ། ནུབ་ཏུ་བྃ་བཻ་ཏཱ་ལཱི་ན་མ་ཿབཻ་ཏཱ་ལཱི་སེར་མོ། བྱང་དུ་གྷྃ་གྷསྨ་རཱི་ན་མཿགྷསྨ་རཱི་ལྗང་གུ། བྱང་ཤར་དུ་པཾ་པུཀྐ་སཱི་ན་མཿཔུཀྐ་སཱི་སྔོན་མོ། ཤར་ལྷོར་ཤྃ་ཤ་བ་རཱི་ན་མཿརི་ཁྲོད་མ་དཀར་མོ། ལྷོ་ནུབ་ཏུ་ལཾ་ཙཎྜ་ལཱི་ན་མཿགདོལ་པ་མོ་སྔོན་མོ། ནུབ་བྱང་དུ་ཌྃ་ཌོམ་བྷི་ནཱི་ན་མཿགཡུང་མོ་ཁ་དོག་སྣ་ཚོགས་པ་གཡས་རྡོ་རྗེ་གཡོན་སྡིག་མཛུབ་མཛད་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ་ཞེས་པ་ནས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ་ཞེས་པའི་བར་ཞལ་ཕྱག་རྫོགས་པར་གསལ་བཏབ་བོ། །གཉིས་པ་ནི། དཀྱིལ་འཁོར་དེའི་གཡས་རང་གི་གཡོན་ཕྱོགས་ནས་བརྩམས་ཏེ་ཞབས་བསིལ་དྲི་ཞིམ་པོའི་ཆུ་དང་། ཞལ་བསིལ་འོ་མའམ་མངར་གསུམ་བླུག་པ་དང་། འཐོར་འཐུང་ཆུ་གཙང་དང་། མཆོད་ཡོན་ཆུ་གཙང་ལ་མེ་ཏོག་དཀར་པོ་བླུག་པ་རྣམས་རིམ་པ་བཞིན་བཤམ། དེའི་གཡོན་རང་གི་གཡས་ནས་མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་རྣམས་རིམ་པ་བཞིན་བཤམ། དཀྱིལ་འཁོར་གྱི་བྱང་ཤར་ལ་ཉེ་བར་འཇིག་རྟེན་ལས་འདས་པའི་གཏོར་མ་ཕུད་ལས་ཆུང་བར་བྱས་པ་གཞག དེའི་གཡས་སུ་འཇིག་རྟེན་པའི་གཏོར་མ་ལྷག་མ་ལས་ཆེ་བར་བྱས་པ་གཞག ཆོས་སྐྱོང་གི་གཏོར་མ་བྱེད་ན་དེ་གཉིས་ཀྱི་བར་དུ་རིམ་པ་བཞིན་གཞག་གོ །རང་གི་མདུན་དུ་རྡོ་རྗེ་དང་། དྲིལ་བུ་དང་། ནང་མཆོད་གསུམ་གཡས་ནས་རིམ་པ་བཞིན་གཞག གཞན་ཡང་རོལ་མོ་ལ་སོགས་པ་མཆོད་པའི་ཡོ་བྱད་གང་འབྱོར་པ་རྣམས་ཀྱང་ཇི་ལྟར་འཚམས་པའི་གནས་སུ་གཞག་གོ །གསུམ་པ་ནི། རང་ཀྱཻ་རྡོ་རྗེ་ཕྱག་གཉིས་པའི་ང་རྒྱལ་དུ་དྲན་པར་བྱས་ལ་སྟན་ལ་འདུག་སྟེ། རང་གི་ལག་པ་གཡས་པ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ། ལག་པ་གཡོན་པ་ཨཱཿལས་པདྨ་འདབ་མ་ལྔ་པ་ལྟེ་བར་ཟླ་བ་ལ་ཨཱཿ དེ་རྣམས་ཞུ་བ་ལས་བྱུང་བའི་རྡོ་རྗེའི་ལག་པར་གྱུར་ཞེས་བརྗོད། དེ་ནས་ལག་པ་གཉིས་རྣམ་ལྔ་འདོད་པའི་སྐོར་བ་བྱས་ཏེ། ལག་པ་གཡས་པར་རྡོ་རྗེ་བླངས་ནས་ཨོཾ་མ་ཧཱ་བཛྲ་ཧཱུྃ་ཞེས་བརྗོད་ཅིང་། སྨིན་མཚམས་ཀྱི་བར་དུ་ལན་གསུམ་གསོར་ལ་ཐུགས་ཀར་བཟུང་སྟེ། ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་ཐུགས་ཀྱི་དམ་ཚིག་ཞེས་བརྗོད་ཅིང་དྲན་པར་བྱ། ཡང་ལག་པ་གཡོན་པས་དྲིལ་བུ་བླངས་ཤིང་ཨོཾ་བཛྲ་གྷཎྜེ་ཨཿཞེས་བརྗོད་དེ་ལན་གསུམ་དཀྲོལ་ལ་དཀུར་ཁ་གྱེན་ལ་བསྟན་ཏེ་བཟུང་ལ། སྲིད་པ་ཐམས་ཅད་རང་བཞིན་གྱིས་དག་པ་སྟོན་པར་བྱེད་པའི་གསུང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་ངོ་བོ་གསུང་གི་དམ་ཚིག་ཞེས་བརྗོད་ཅིང་དྲན་པར་བྱ། རང་དཔལ་ཀྱཻ་རྡོ་རྗེ་ཕྱག་གཉིས་པ་རྡོ་རྗེ་སེམས་དཔའི་ངོ་བོ་སྐུ་ཕྱག་རྒྱའི་དམ་ཚིག་ཅེས་བརྗོད་ཅིང་དྲན་པར་བྱ། དེ་ནས་དྲིལ་བུ་ཕྱོགས་མཚམས་བརྒྱད་དུ་དཀྲོལ་ཞིང་། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུད་དྷ་ཀྵེ་ཊ་པྲ་ཙ་ལི་ཏེ་པྲཛྙཱ་པ་ར་མི་ཏ་ནཱ་ད་སམྦྷ་ཝེ་ཏ་བཛྲ་དྷརྨ་ཧྲྀ་ད་ཡ་ནི། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ས་མ་ཡེ་ཛཿཧཱུྃ་བྃ་ཧོཿཞེས་བརྗོད་དེ། སེམས་ཀྱིས་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་སངས་རྒྱས། བྱང་སེམས། བླ་མ་དང་བཅས་པ་ཐམས་ཅད་ཀྱཻ་རྡོ་རྗེ་ལྷ་དགུའི་རྣམ་པར་སྤྱན་དྲངས་ནས་མདུན་དུ་བསྐྱེད་པ་ལ་གཉིས་སུ་མེད་པར་ཐིམ་པར་བསམ་མོ། །བཞི་པ་ནི། དཀྱིལ་འཁོར་གྱི་གཙོ་བོ་དེ་ཉིད་བླ་མ་ཡིན་པར་མོས་ནས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །འཁོར་བའི་འདམ་ཚོགས་ནང་གནས་པ། །ཐུགས་རྗེའི་ཕྱག་གིས་འདྲེན་མཛད་ཅིང་། །ཡེ་ཤེས་བདུད་རྩིས་ཚིམ་མཛད་པ། །བླ་མའི་ཞབས་ཀྱི་པདྨོར་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །ཅེས་བྱ་བ་ལ་སོགས་པ་བརྗོད་ཅིང་ཕྱག་འཚལ་ལོ། །དེ་ནས་ཡང་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་མོས་ནས། ཐམས་ཅད་དངོས་པོའི་རང་བཞིན་མཆོག །ཅེས་སོགས་ཀྱཻ་རྡོ་རྗེའི་བསྟོད་པ་དང་། གཞན་ཡང་སངས་རྒྱས་དང་བྱང་སེམས་ཀྱི་བསྟོད་པ་ཅི་ཤེས་ཀྱིས་བསྟོད་པར་བྱའོ། །ལྔ་པ་ལ། ཕྱི་དང་། ནང་དང་། ཡིད་ལས་བྱུང་བ་དང་། བསྟོད་པའི་མཆོད་པ་བཞི་ལས། དང་པོ་ནི། མཆོད་པ་རྣམས་ལ་ནང་མཆོད་གཏོར་ཞིང་། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་བགེགས་བསྐྲད། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭབྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་ཞབས་བསིལ། ཞལ་བསིལ། འཐོར་ཐུང་། མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་བསམས་ལ། ཨོཾ་བཛྲ་ནཱི་རཱི་ཏི་ཧཱུྃ་ཁཾ་སྭཱ་ཧཱ་ཞེས་པ་ནས། ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་ཞེས་པའི་བར་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་དཀུ་གཡོན་པར་ཁ་སྤྲད་ལ། མཚན་སྔགས་བརྗོད་པའི་ཚེ་རྣམ་ལྔ་འདོད་སྐོར་བྱས་ལ་མཆོད་སྔགས་ཀྱི་ཚེ་སོ་སོའི་ཕྱག་རྒྱ་བཅས་ནས། སེ་གོལ་ཕར་གཏོག་པའི་ཚེ་སྙིང་ག་ནས་མཆོད་པའི་ལྷ་མོ་སྤྲོས་ཏེ་མཆོད་པར་བསམ། ཚུར་གཏོག་པའི་ཚེ་སྙིང་གར་བསྡུས་ནས་ངག་ཏུ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་ཞབས་བསིལ་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཨོཾ་བཛྲ་ནཱི་རཱི་ཏི་ཧཱུྃ་ཁཾ་སྭཱ་ཧཱ། དེ་བཞིན་དུ་ཚིགས་བཅད་དང་། སྔགས་གཞན་རྣམས་འདྲ་བར་བྱས་ནས་ཞལ་བསིལ་དང་། ནི་ཝི་ཏི་ཧཱུྃ་ཁྃ། འཐོར་འཐུང་དང་། སརྦ་སཾ་ཤོ་དྷ་ནི། མཆོད་ཡོན་དང་། ཛཿཧཱུྃ་བཾ་ཧོཿཁཾ་རཾ་མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་ཞེས་པ་རྣམས་སྦྱར་རོ། །དེ་ནས། མེ་ཏོག་འདི་ནི་བཟང་ཞིང་དགེ །དག་པའི་སྐྱེ་གནས་ལས་དག་པ། །བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །སྔགས་གཞན་རྣམས་འདྲ་བ་ལས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཚལ་དག་རོ་ནི་ཕན་པ་དང་། །གང་ཞིག་དྲི་དང་བདུག་སྤོས་མཆོག །བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། སྲིན་པོ་འཇོམས་ཤིང་དག་བྱེད་ལ། །དགེ་ཞིང་མུན་པ་རྣམས་སེལ་བ། །བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། འདི་ནི་དྲི་བཟང་དགེ་བ་སྟེ། །དག་པའི་སྐྱེ་གནས་ལས་དག་པ། །བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། སྨན་རྣམས་བཅུད་གཙང་ཡི་གར་འོང་། །སྔགས་ཀྱི་ཞལ་ཟས་ཤོས་འདི་དག །བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བཛྲ་ནཻ་ཝི་དྱཱ་ཨཱཿཧཱུྃ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་རོལ་མོ་འདི། །བདག་གི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བཛྲ་ཤབྡ་ཨཱཿཧཱུྃ་དང་། གྷཎྜེ་ར་ཎི་སོགས་བརྗོད་ཅིང་རོལ་མོ་དབུལ་ལོ། །གཉིས་པ་ནི། བདུད་རྩི་གཏོར་མ་བཞིན་བྱིན་གྱིས་བརླབས་ལ། ལག་པ་གཡོན་པའི་མཐེབ་སྲིན་གྱིས་གཡོན་སྐོར་དུ་ལན་གསུམ་བསྐོར་ནས་དབུས་ནས་བླངས་ཏེ་སྤྱི་བོར་གཏོར་ཞིང་ངག་ཏུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱི་མི་ཁྱབ་པ་མངའ་བ་དྲིན་ཅན་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྡོ་རྗེ་འཆང་། བདག་མེད་མ། བིརྺ་པ། ནག་པོ་པ། ཌཱ་མ་རུ་པ། ཨ་ཝ་དྷཱུ་ཏི་པ། ག་ཡ་དྷ་ར། འབྲོག་མི་ཤཱཀྱ་ཡེ་ཤེས། བླ་མ་སེ་མཁར་ཆུང་བ། ཞང་དགོན་པ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་པའི་དབང་ཕྱུག་བུདྡྷ་ཤྲཱི། ཐམས་ཅད་མཁྱེན་པ་ཀུན་དགའ་བཟང་པོ། རྗེ་བཙུན་དམ་པ་དཀོན་མཆོག་རྒྱལ་མཚན་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་། དབང་བསྐུར། རྒྱུད་བཤད། མན་ངག་གནང་། ཆོས་ཀྱི་འབྲེལ་པ་ཐོབ་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་བརྗོད། དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་རྩ་སྔགས་དང་། སྙིང་པོ་དང་། ཡུམ་གྱི་ཕྲེང་སྔགས་ཀྱི་མཐར་ཨོཾ་ཨཱཿཧཱུྃ་བཏགས་ལ་གཙོ་བོ་ཡབ་ཡུམ་ལ་དབུལ། དེ་ནས་ཨོཾ་ཨཱཿགཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སོགས་ལྷ་མོ་བརྒྱད་ཀྱི་སྔགས་ཀྱི་མཐར་ཨོཾ་ཨཱཿཧཱུྃ་བཏགས་ལ་དབུལ་ཞིང་། བྱ་བའི་རྒྱུད། སྤྱོད་པ། རྣལ་འབྱོར། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་དབུལ་ལོ། །དེ་ནས་སྲིན་ལག་གིས་ལྕེ་རྩེ། སྨིན་མཚམས། སྤྱི་གཙུག་ཏུ་ཐིག་ལེ་བྱས་པས། ལུས་ཀྱི་ལྷ་ཐམས་ཅད་ཚིམ་པར་བསམས་ལ་ཨོཾ་ཨཱཿཧཱུྃ་བརྗོད། དེ་ནས་ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡེ་ཨོཾ་ཨཱཿཧཱུྃ། ཞེས་པས་གུར་མགོན་དང་། ཨོཾ་ཤྲཱི་དྷརྨཱ་པཱ་ལ་ཙ་ཏུར་མུ་ཁ་ཨོཾ་ཨཱཿཧཱུྃ། ཞེས་པས་གདོང་བཞི་པ་ལ་སོགས་པ་སྒོས་ཀྱི་ཆོས་སྐྱོང་གང་བྱེད་ལ་དབུལ། གཞན་ཡང་ཆོས་འཁོར་བསྲུང་ཞིང་བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་པའི་ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང་། ཚནྡོ་དང་ཉེ་བའི་ཚནྡོ། འདུ་བ་དང་ཉེ་བའི་འདུ་བ། འཐུང་གཅོད་དང་ཉེ་བའི་འཐུང་གཅོད། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། ཡུལ་སུམ་ཅུ་སོ་གཉིས། གནས་ཉི་ཤུ་རྩ་བཞི། དུར་ཁྲོད་བརྒྱད་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པ། སྤྲུལ་པའི་སྐུས་འགྲོ་བ་སེམས་ཅན་གྱི་དོན་མཛད་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞིང་སྐྱོང་བཞི་བཅུ་རྩ་བརྒྱད། ཕོ་ཉ་གནས་ལས་སྐྱེས་པ། རིགས་ལས་སྐྱེས་པ། སྔགས་ལས་སྐྱེས་པ། ལས་ལས་སྐྱེས་པའི་མཁའ་འགྲོའི་ཚོགས་དང་། གནས་གསུམ་གྱི་རྡོ་རྗེ་མཁའ་འགྲོ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཞན་ཡང་གནོད་སྤྱིན། སྲིན་པོ། འབྱུང་པོ། ཡི་དྭགས། ཤ་ཟ། སྨྱོ་བྱེད། བརྗེད་བྱེད། མ་མོ། ཞིང་སྐྱོང་། ཕོ་ཉ། འཕྲོག་མ། གྲུབ་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། བོད་ཁམས་སྐྱོང་བར་བྱེད་པའི་བསྟན་མ་བཅུ་གཉིས་འཁོར་དང་བཅས་པ་དང་། གནས་བདག གཞི་བདག གྲོང་བདག ཡུལ་བདག གཉུག་མར་གནས་པ་རྣམས་དང་། འགྲོ་བ་རིགས་དྲུག ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཚིམ་ཞིང་། ཟག་པ་མེད་པའི་བདེ་བས་རྒྱུད་གང་ནས། མྱུར་དུ་བླ་ན་མེད་པའི་གོ་འཕང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག་ཅེས་པའི་མཐར་ཨོཾ་ཨཱཿཧཱུྃ་བཏགས་ལ་དབུལ། དེ་ནས་ཨོཾ་ཨཱཿཧཱུྃ་ཞེས་པས་རང་གི་ལྕེ་ལ་མྱངས་ཏེ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་དཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད། གསུམ་པ་ནི། རང་གི་སྙིང་ག་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམ་ཞིང་རྡོ་རྗེ་གསོར་དྲིལ་བུ་གསིལ་ཏེ། ངག་ཏུ། ནམ་མཁར་རྗེ་བཙུན་བལྟས་ནས་ནི། །ཞེས་པ་ནས། གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །ཅེས་པའི་བར་བརྗོད་དོ། །བཞི་པ་ནི། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཞེས་སོགས་དང་། ཐམས་ཅད་དངོས་པོའི་རང་བཞིན་མཆོག །ཞེས་སོགས་བསྟོད་པ་ཉི་ཤུ་པས་བསྟོད་པར་བྱའོ། །དྲུག་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་རྒྱུན་བཤགས་ལན་གསུམ་བྱའོ། །བདུན་པ་ལ། རིགས་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག་གཟུང་བ་ནི། སྲས་བཅས་སངས་རྒྱས་ཐམས་ཅད་དང་། །ཞེས་སོགས་ལན་གསུམ་བྱའོ། །རྩ་བ་དང་ཡན་ལག་གི་དམ་ཚིག་གི་ཚོགས་རྗེས་སུ་དྲན་པ་ལ། སྤང་བྱ་དྲན་པ་ནི། ཀུན་ནས་དྭང་བས་བླ་མ་ཡི། །ཞེས་པ་ནས། ཉིན་རེ་བཞིན་ནི་བཟླ་བར་བྱ། །ཞེས་པའི་བར་རྩ་བའི་ལྟུང་བ་ཡན་ལག་དང་བཅས་པའི་གཞུང་ལན་གཅིག་བརྗོད་དོ། །བསྟེན་བྱ་དྲན་པ་ནི། ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་གསུམ་ནི་རྟག་ཏུ་གཟུང་། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །རྡོ་རྗེ་དྲིལ་བུའང་གཟུང་བར་བྱ། །གཙུག་ཏོར་རྟག་ཏུ་བཅང་བར་བྱ། །རྟག་ཏུ་སྦྱིན་སྲེག་དགང་བར་བྱ། །རྟག་ཏུ་དཀྱིལ་འཁོར་བཞེངས་པར་བྱ། །རྟག་ཏུ་བདེ་གཤེགས་རབ་གནས་བྱ། །འབྱུང་པོ་ཆེ་ལ་གཏོར་མ་སྦྱིན། །ཕྱག་རྒྱ་བཅིང་བ་རྣམ་སྤངས་ཤིང་། མཆོད་རྟེན་ལས་ནི་མི་བྱ་སྟེ། །རྡོ་རྗེ་གསུམ་མཆོག་ཕྱག་མི་བྱ། །དཀྱིལ་འཁོར་ལ་སོགས་ལུས་ཀྱི་ལས། །རྨི་ལམ་དུ་ཡང་མི་བྱའོ། །སློབ་དཔོན་གཞན་ལ་ཕྱག་མི་བྱ། །བླ་མའི་རྒན་རབས་ཕྱག་འཚལ་ལོ། །རྟག་པར་རྒྱུན་དུ་སྔགས་བཟླ་ཞིང་། །བསམ་གཏན་ཉིད་ཀྱང་འབྲལ་མི་བྱ། །རྟག་ཏུ་སློབ་མ་བསྡུ་བྱ་ཞིང་། །རྟག་པ་རུ་ནི་བཤད་པར་གྱིས། །རྟག་ཏུ་སེམས་ཅན་བསྐྱང་བར་བྱ། །རྟག་ཏུ་སངས་རྒྱས་ཆེར་མཉེས་བྱ། །ཛམ་བྷ་ལ་ལ་ཆུ་སྦྱིན་ཞིང་། །ལས་རྣམས་ཐམས་ཅད་ཡང་དག་སྤྱད། །བྱེ་མའི་ལས་ལ་མཆོད་རྟེན་ཡང་། །མཁས་པས་ཆོ་ག་བཞིན་དུ་བྱ། །ཞེས་ལན་གཅིག་བརྗོད་དེ། རྒྱུན་བཤགས་ནས་འདིའི་བར་ཐལ་མོ་སྙིང་གར་སྦྱར་ཏེ་དོན་དྲན་བཞིན་དུ་བྱའོ། །བརྒྱད་པ་ནི། གཏོར་མ་ནང་མཆོད་ཆུ་ཆང་གིས་སྦྱངས་ཏེ་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས་ནས་མགྲོན་བསྐྱེད་པའི་ཚེ། མདུན་བསྐྱེད་ཀྱི་དུར་ཁྲོད་ཆེན་པོ་བརྒྱད་དུ་ཧཱུྃ་བརྒྱད་ཡོངས་སུ་གྱུར་པ་ལས་ཤར་དུ་བརྒྱ་བྱིན་ཞེས་སོགས་ཕྱོགས་སྐྱོང་བརྒྱད་གསལ་གདབ། མདུན་བསྐྱེད་ཀྱི་དབང་ལྡན་གྱི་དུར་ཁྲོད་ཀྱི་སྟེང་གི་ཆ་ལ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པའི་ནང་དུ་པྃ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་། འདབ་མ་བརྒྱད་ལ་ཨོཾ་དགུ་ཡོངས་སུ་གྱུར་པ་ལས་དབུས་སུ་སྐུ་རྡོ་རྗེ་ཞེས་སོགས་དང་། མདུན་བསྐྱེད་ཀྱི་སྲིན་པོའི་དུར་ཁྲོད་ཀྱི་འོག་གི་ཆ་ལ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པའི་ནང་དུ་པྃ་ལས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་། འདབ་མ་བརྒྱད་ལ་ཨཱཿདགུ་ཡོངས་སུ་གྱུར་པ་ལས་དབུས་སུ་གསུང་རྡོ་རྗེ་ཞེས་སོགས་གསལ་གདབ། གཞན་རྣམས་སྒྲུབ་ཐབས་དང་འདྲ་བ་ལས་ཡེ་ཤེས་པ་སྤྱན་འདྲེན་པའི་ཚེ་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་རྣམ་པར་སྤྱན་དྲངས་ནས་དགུག་གཞུག་བྱ། རིགས་བདག་གིས་རྒྱས་གདབ་པའི་ཚེ་ཕྱོགས་སྐྱོང་བརྒྱད་ལ་མི་བསྐྱོད་པ། སྐུ་རྡོ་རྗེ་ལྷ་ཆེན་བརྒྱད་དང་བཅས་པ་ལ་རྣམ་པར་སྣང་མཛད། གསུང་རྡོ་རྗེ་ཀླུ་ཆེན་བརྒྱད་དང་བཅས་པ་ལ་འོད་དཔག་ཏུ་མེད་པས་དབུར་བརྒྱན་ཞེས་བརྗོད། གཞན་རྣམས་སྒྲུབ་ཐབས་ལྟར་རོ། །དེ་ནས་ཆོས་སྐྱོང་རྣམས་ལའང་གཏོར་མ་འབུལ་ནའང་སྐབས་འདིར་ཕུལ་ལ། དེ་ནས་འཇིག་རྟེན་པའི་གཏོར་མ་ལ། ལག་པ་གཡས་གཡོན་དབུས་གསུམ་བསྟན་ཏེ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཞེས་པས་སྔར་གྱི་བྱིན་རླབས་དྲན་པས་བྱ་སྟེ། དེ་ནས་འཇིག་རྟེན་པའི་མགྲོན་སྤྱན་དྲངས་པ་ནི་ཕཻཾ་གྱི་སྒྲ་དང་འབར་བའི་ཕྱག་རྒྱ་བྱས་ལ་ཨོཾ་བཛྲ་ཨཱ་རལླི་ཧོ་ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནྱཿས་མ་ཡ་སཏྭཾ་དྲྀ་ཤྱ་ཧོཿཞེས་བརྗོད་ཅིང་། སེམས་ཀྱིས་སྙིང་གའི་ས་བོན་གྱི་འོད་ཀྱིས་འཛམ་བུའི་གླིང་ན་གདོད་ནས་གྲུབ་པའི་དུར་ཁྲོད་བརྒྱད་སྤྱན་དྲངས་ལ། སྔར་གྱི་དུར་ཁྲོད་བརྒྱད་ལ་གཉིས་སུ་མེད་པར་བསྟིམ་པར་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ལ། ངག་ཏུ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཀྵ་ས། བྷཱུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུནྨཱ་ད། ཨ་པསྨཱ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་མཾ་བ་ལིཾ་གྲྀ་ཧནྟུ་ས་མ་ཡ་རཀྵནྟུ་མ་མཱ་སརྦ་སིདྡྷི་མེ་པྲ་ཡཙྪནྟུ། ཡ་ཐཻ་ཝཾ་ཡ་ཐཻསྚཾ་བུཉྫ་ཐ་ཛི་ག་ཐ། པི་པ་ཐ། མ་ཏི་ཀྲ་མ་ཐ། མཱ་མ་སརྦ་ཀརྟ་ཡ་སད་སུ་ཁཾ་བི་ཤུདྡྷ་ཡི་ས་ཧ་ཡི་ཀ བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ། ཞེས་ལན་གསུམ་བརྗོད་པས་དུར་ཁྲོད་ཀྱི་བདག་པོ་རྣམས་མཉེས་པར་བསམ་པར་བྱའོ། །དེ་ནས་ཕྱི་དང་ནང་མཆོད་ཀྱིས་མཆོད་ནས་དྲིལ་བུ་དཀྲོལ་ཞིང་། ལྷ་ཡི་ཚོགས་རྣམས་མ་ལུས་དང་། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པའི་བར་བརྗོད་ནས་རྡོ་རྗེའི་གླུ་དང་། བཀྲ་ཤིས་ཀྱི་ཚིགས་བཅད་དང་། བསྔོ་བ་སྨོན་ལམ་རྣམས་སྒྲུབ་ཐབས་ལྟར་བྱ། དེ་ནས་གུར་ནས་འབྱུང་བའི་ཡི་གེ་བརྒྱ་པའི་མཐར་མུཿ ཞེས་བརྗོད་དེ་མཐེབ་སྲིན་གྱིས་སེ་གོལ་གཏོག་ལ་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རྣམས་ཛཿཧཱུྃ་བཾ་ཧོཿ ཞེས་པས་རང་གི་སྙིང་གར་བསྡུས་ལ། དཀྱིལ་འཁོར་གྱི་ཚོམ་བུ་རྣམས་དབུས་སུ་བསྡུ། མཆོད་པ་དམན་མ་རྣམས་ཆུ་བོར་དོར་བའམ་གནས་དབེན་པར་བཞག་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །འདི་དག་ནི་ཐུན་བཞིའི་རྣལ་འབྱོར་བསྒོམ་པའི་ཚེ་ཐུན་གྱི་ཐོག་མར་བྱ་བ་ཡིན་པས་ཐུན་མཚམས་ཀྱི་བྱ་བ་ཞེས་ཀྱང་བྱ། མཆོད་གཏོར་གྱི་རྣལ་འབྱོར་ཞེས་ཀྱང་བྱ། ལས་དང་པོ་པའི་བྱ་བ་ཞེས་ཀྱང་བྱ། ཕྱི་རོལ་ཚོགས་བསག་གི་རྣལ་འབྱོར་ཞེས་ཀྱང་བྱ་སྟེ་རྣལ་འབྱོར་དབང་ཕྱུག་གི་མན་ངག་རིན་པོ་ཆེ་བསོད་ནམས་རྩེ་མོའི་གསུང་རབ་ལས་འབྱུང་བ་ལྟར་དག་པར་བྲིས་པ་ཡིན་ལ། དེང་སང་དགུ་གཏོར་ལ་སོགས་པའི་དུས་སུ་བདག་བསྐྱེད་སྔོན་དུ་བཏང་ནས་ཆོས་སྐྱོང་གི་གཏོར་མ་དང་ཕྱོགས་གཅིག་ཏུ་བྱེད་པའི་ལག་ལེན་གྱི་ཚུལ་ནི། སའི་ཕྱོགས་གང་འོས་པ་དེར་མཎྜལ་གྱི་དབུས་སུ་དྲི་བཟང་གི་ཆུས་ཐིག་ལེ་བྱས་ནས་ཚོམ་བུ་དགུ་བཀོད། དེའི་མཐར་བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག ཤར་དུ་ཞབས་བསིལ་དང་ཞལ་བསིལ། ཤར་ལྷོར་འཐོར་འཐུང་། ལྷོར་མཆོད་ཡོན། ལྷོ་ནུབ་ཏུ་མེ་ཏོག ནུབ་ཏུ་བདུག་སྤོས་དང་མར་མེ། ནུབ་བྱང་དུ་དྲི་ཆབ། བྱང་དུ་ཞལ་ཟས་རྣམས་ཀྱིས་བསྐོར་བའམ། ཡང་ན་མཎྜལ་གྱི་མདུན་དུ་བྱང་ཤར་ནས་བརྩམས་ཏེ་ཤར་ལྷོའི་བར་དུ་གཏོར་མ་ལྔ་རིམ་པ་བཞིན་དུ་བཤམས་ནས་དེའི་མདུན་དུ་སྔར་གྱི་མཆོད་པ་རྣམས་ཕྲེང་ཚར་དུ་བཤམ་པ་ཡང་མཛད་དོ། །དེ་ནས་སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནས་བརྩམས་ཏེ། བདག་བསྐྱེད་བཟླས་པ་དང་བཅས་པའི་བར་བྱས་ནས་དཀྱིལ་འཁོར་བསྡུས་ཏེ། རང་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་དུ་གནས་ནས་མཆོད་པ་རྣམས་སྔར་བཤད་པ་ལྟར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་མཎྜལ་ལ་རྡོ་རྗེའི་རྩེས་ནང་མཆོད་གཏོར་ནས། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྟོང་པར་སྦྱངས་ཏེ་སྟོང་པའི་ངང་ལས་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཤར་དཀར་ཞེས་སོགས་སྒྲུབ་ཐབས་ལྟར་གསལ་བཏབ་ནས། ཨོཾ་མེ་དཱི་ནི་ཞེས་སོགས་ལན་གསུམ་དང་། ཨོཾ་རཀྵ་ཞེས་སོགས་ལན་གསུམ་གྱིས་བྱིན་གྱིས་བརླབ་བོ། །དེ་ལྟ་བུའི་སྲུང་བའི་འཁོར་ལོའི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་ཞེས་པ་ནས་འབྱུང་བཞི་འཁོར་ལོ་དང་བཅས་པའི་བར་སྒྲུབ་ཐབས་ལྟར་གསལ་བཏབ་ནས། དེ་རྣམས་དང་རང་གི་སེམས་སྣང་རོ་གཅིག་ཏུ་འདྲེས་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ། གྲུ་བཞི་པ་སྒོ་བཞི་པ་ཞེས་སོགས་རྟེན་དང་བརྟེན་པའི་དམ་ཚིག་པ་བསྐྱེད་པ་ནི་སྔར་དང་འདྲའོ། །དེ་ནས་མིག་ཏུ་གཏི་མུག་རྡོ་རྗེ་མ་ཞེས་པ་ནས་ཐུགས་ཀར་ཐུགས་རྡོ་རྗེ་མ་ཞེས་པའི་བར་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས་ལག་པ་བྱིན་གྱིས་བརླབ་པ་ནས་བཟུང་སྟེ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པའི་བར་སྔ་མ་ལྟར་བྱས་ལ། ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་མཆོད་ནས་ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿ ཞེས་སོགས་ཀྱིས་དགུག་གཞུག་བྱའོ། །དེ་ནས་སྒྲུབ་ཐབས་ལྟར་དབང་ལྷ་སྤྱན་དྲངས་ཏེ། ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་མཆོད་ནས། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན་ཞེས་སོགས་ཀྱིས་གསོལ་བ་བཏབ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི་ཞེས་སོགས་ཀྱིས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། ལུས་ཐམས་ཅད་གང་དྲི་མ་ཐམས་ཅད་དག ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ཡབ་ཡུམ་གཽ་རཱི་དང་པུཀྐ་སཱི་ལ་མི་བསྐྱོད་པ་ཞེས་སོགས་སྒྲུབ་ཐབས་ལྟར་རྒྱས་བཏབ། དེ་ནས་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁར་རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་དམ་པ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿཞེས་པས་ཚོགས་ཞིང་ཁྱད་པར་བ་སྤྱན་དྲངས་ལ་ཕྱག་འཚལ་ནས། གཏོར་མ་དང་པོ་འདས་པ་ལ་འབུལ་བའི་བར་སྔ་མ་ལྟར་བྱས་ལ། གཏོར་མ་གཉིས་པ་ནག་པོ་ཆེན་པོ་ལྕམ་དྲལ། གསུམ་པ་ཞལ་བཞི་པ། བཞི་པ་ལས་མགོན། ལྔ་པ་མཁའ་འགྲོ་སྤྱི་གཏོར་གྱིས་ཕུལ་ནས་ཆོས་སྐྱོང་གི་བཤགས་པ་དང་། བསྟོད་པ་སོགས་སྐབས་དང་བསྟུན་ནས་བྱ། དེ་ནས་འདས་པའི་གཏོར་མ་བར་ཆད་ཞི་བའི་ཆེད་དུ་གཞག གཞན་བཞི་པོ་སྤྱི་བསྟབ་བརྗོད་ཅིང་ས་གཙང་སར་བསྐྱལ། ནང་དུ་ལོག་ནས་མཆོད་པ་རྣམས་བསང་སྦྱང་བྱིན་གྱིས་བརླབས་ནས་སྔགས་ཙམ་གྱིས་ཕྱི་མཆོད་དང་ནང་མཆོད་དབུལ། དཀར་མོ་རི་དྭགས་སོགས་དང་། ཁྱོད་ནི་རྣལ་འབྱོར་མ་ཚོགས་སོགས་ཀྱིས་བསྟོད་ནས་ཡི་གེ་བརྒྱ་པ་ལན་གསུམ་དང་། མ་འབྱོར་པ་དང་ཉམས་པ་དང་ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ་ནས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རྣམས་བདག་ལ་བསྡུས་ནས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པར་བྱའོ། །འདིར་སྒྲུབ་ཐབས་སུ་ཁ་འཕངས་པ་རྣམས་ནི་རྗེ་བླ་མ་མུས་པ་ཆེན་པོའི་སྒྲུབ་ཐབས་ཡིན་ལ། རང་གི་གཞུང་མན་ངག་གི་སྣང་བའི་ཁ་བསྐང་དུ་ཡང་འགྱུར་བ་འདི་ནི་མང་དུ་ཐོས་པའི་དགེ་སློང་བསོད་ནམས་སེང་གེས་བྲིས་པའོ།། ༈ །མཚོ་སྐྱེས་ལུགས་ཀྱི་ཕྲ་མིག་བཞུགས་ལགས། བླ་མ་དང་དཔལ་ཀྱཻ་རྡོ་རྗེ་ལ་ཕྱག་འཚལ་ལོ། །སློབ་དཔོན་ཆེན་པོ་མཚོ་སྐྱེས་ཀྱི་ལུགས་ཀྱི་ཀྱཻ་རྡོ་རྗེའི་མངོན་པར་རྟོགས་པ་མན་ངག་ལུགས་ཀྱི་ཡན་ལག་བཞི་པ་དང་། ཐུན་མོང་བ་རྣམས་དེར་ཁ་འཕངས་ཤིང་མི་འདྲ་བ་རྣམས་འདིར་བརྗོད་ན། ཚོགས་ཞིང་སྤྱན་དྲངས་ནས། ལྷ་མོ་བརྒྱད་ཀྱིས་མཆོད་པ་འདྲ། རྒྱུན་བཤགས་ནི་གང་ཞིག་ཐོག་མ་མེད་པའི་འཁོར་བར་ངན་པའི་རྣམ་པར་རྟོག་པ་ལས་སྐྱེས་པ་བདག་གིས་སྡིག་པའི་ལས་བགྱིས་པ་དེ་ཐམས་ཅད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཤགས་ཤིང་ཡང་མི་བགྱིད་དོ། །སོ་སོའི་སྐྱེ་བོ་དང་། འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རྫོགས་པའི་བྱང་ཆུབ་ཀྱི་དགེ་བ་དེ་ཐམས་ཅད་ལ་ཡི་རང་བར་བགྱིའོ། །རྫོགས་པའི་བྱང་ཆུབ་ཀྱི་དགེ་བ་དེ་ཐམས་ཅད་ཅེས་པ་ཡན་ཆད་སྔ་མ་བཞིན་བརྗོད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །བདག་མིང་འདི་ཞེས་བགྱི་བ་བླ་མ་དང་། གཙོ་བོ་སངས་རྒྱས་དང་། སྔགས་ལ་སོགས་པ་ཆོས་དང་། འཁོར་དགེ་འདུན་ལ་བདག་ཀྱཻ་རྡོ་རྗེའི་གོ་འཕང་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ། །སྣང་གྲག་གི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་ཡིན་པ་ལ་དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་མཚན་མ་མེད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བགྱིའོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས་ཞེས་སོགས་ཚིགས་བཅད་གཉིས་དང་བཅས་པ་ལན་གསུམ་བརྗོད། དེ་ནས་ཚད་མེད་བཞི་དང་། ཡེ་ཤེས་ཀྱི་ཚོགས་དང་། ཐུན་མོང་བའི་སྲུང་འཁོར་འདྲ། དེའི་ནང་དུ་ཆོས་ཀྱི་འབྱུང་གནས་ཁ་དོག་དཀར་པོར་བསྒོམས་པའི་ནང་དུ་འབྱུང་བཞི་ལུགས་བཟློག་ལ་རང་སེམས་འདྲེས་པ་ལས་གཞལ་ཡས་ཁང་བསྐྱེད་པ་འདྲ། གདན་བསྐྱེད་པའི་སྐབས་སུ་དབུས་དང་ཕྱོགས་མཚམས་བརྒྱད་དུ་པྃ་ལས་པདྨ་དང་། རྃ་ལས་ཉི་མའི་དཀྱིལ་འཁོར་རེ་རེ། དབུས་ཀྱི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཕུང་པོ་དང་། ཉོན་མོངས་པ་དང་། འཆི་བདག་དང་། ལྷའི་བུའི་བདུད་ཀྱི་ངོ་བོ་ཚངས་པ་དང་། ཉེ་དབང་དང་། དབང་པོ་དང་། དྲག་པོ་རྣམས་མཉམ་པར་བརྩེགས་པ། ཕྱོགས་མཚམས་བརྒྱད་དུ་ཤར་དུ་ཚངས་པ་སོགས་འདྲ། དེ་ནས་གདན་དགུའི་སྟེང་དུ་ཨཱ་ལི་ཕྲག་གཉིས་ལས་ཟླ་བའི་དཀྱིལ་འཁོར་བསྒོམས་ནས་སྣོད་བཅུད་སྦྱང་བའི་བར་ཕལ་ཆེར་འདྲ་ལ། ལྷ་མོ་དབྱུང་བ་ནི་ས་བོན་འགྲོས་ཡིན། གཙོ་བོའི་ཕྱག་གཡས་ཀྱི་བདུན་པ་ན་ཁྱི། བརྒྱད་པ་ན་མ་ཧེ་ནི་བདག་མདུན་ཐམས་ཅད་དུ་ཁྱད་པར་རོ། །དེ་ནས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་བརླབ་མི་བྱེད་པར། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་དང་། དབང་བསྐུར་རིགས་བདག་གི་རྒྱས་གདབ་ཕལ་ཆེར་འདྲ་བ་ལས། དབང་གི་ཆུ་རྒྱུན་གཅིག་ལ་དབང་བཞི་བླངས་པ་ཙམ་ཡིན་གྱི་མཐར་རྟེན་གྱི་རྒྱན་ཆའི་དག་པ་སོགས་གསུམ་པོ་འདིར་མི་བཞེད། དེ་ནས་བསྐྱེད་རིམ་གྱི་སེམས་འཛིན་ཚུལ་ལྷ་དགུ་ལ་སེམས་འཛིན་པ་དང་། གཙོ་བོ་ཡབ་ཡུམ་ཙམ་ལ་སེམས་འཛིན་པ་དང་། ཡབ་ཙམ་ལ་སེམས་འཛིན་པའི་གང་ཟག་གི་བློ་རིགས་གསུམ་ལས། དང་པོ་སྐབས་འདིར་སེམས་འཛིན་བྱེད། གཉིས་པ་ཁམས་གསུམ་སྣོད་བཅུད་ནས་གཙོ་བོ་ཡབ་ཡུམ་གྱི་བར་བསྡུས་ནས་སེམས་འཛིན་བྱེད། གསུམ་པ་ཡུམ་དང་ཡུམ་རང་གི་སྙིང་གའི་ཟླ་ཉི་ཨྃ་གསུམ་ལ་བསྡུ། དེ་ཡང་འོད་ཀྱི་གོང་བུར་བྱས་ནས་སྣ་བུག་གཡོན་ནས་རང་གི་སྙིང་གའི་ཧཱུྃ་ལ་བསྡུས་ཏེ་ཡབ་རྐྱང་ལ་སེམས་འཛིན་བྱེད། དེ་ནས་རྫོགས་རིམ་ལ་ཡང་ཧཱུྃ་ཙམ་ལ་སེམས་གནས་པ་དང་། ནཱ་ད་ཙམ་ལ་སེམས་གནས་པ་དང་། དེ་ཡང་མི་དམིགས་པའི་སྟོང་ཉིད་ལ་སེམས་གནས་པ་གསུམ་པོ་གང་རུང་བསྒོམས་ནས་སླར་ཡང་གཙོ་བོ་ཡབ་ཡུམ་གྱི་སྐུར་ལངས་ཏེ། ཐུན་གཏོར་གཏོང་བའམ། སྤྱོད་ལམ་ལ་འཇུག་པའམ། མདུན་བསྐྱེད་ལ་འཇུག་པ་གང་རུང་བྱའོ། །དེ་དག་གང་ལྟར་ཡང་གཙོ་བོ་ཡབ་ཡུམ་ཙམ་དུ་གནས་པའི་དུས་དེར། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་པའི་ལྟེ་བའི་ཨཾ་ལས་ཀྱི་ཕྱག་རྒྱ་ཞེས་སོགས་ཕྱག་རྒྱ་བཞིས་རྒྱས་གདབ། སྤྲོ་ན་གཏུམ་མོ་འཁོར་ལོ་བཞིའི་དམིགས་པ་རྒྱས་གདབ་པ་བསྒོམ་པ་ཡང་གསུངས། དེ་ནས་སྤྱི་བོའི་འཁོར་ལོ་མི་བསྐྱོད་པ་ཞེས་སོགས་རྒྱན་དྲུག་གི་དག་པ་དང་། དབང་པོའི་གནས་རྣམས་སུ་པྃ་ལས་པདྨ་དང་། རྃ་ལས་ཉི་མའི་དཀྱིལ་འཁོར་རེ་རེའི་སྟེང་དུ། མིག་ཏུ་མཾ་ལས་གཏི་མུག་རྡོ་རྗེ་མ་དཀར་མོ་ཞེས་སོགས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། དེ་ནས་བཟླས་པའི་རྣལ་འབྱོར་འདྲ། དེ་ནས་ཡུམ་བསྡུ་བ་ནས་ཐུན་མཚམས་ཀྱི་ལྷར་ལངས་པའི་བར་སྔ་མ་བཞིན་བྱས་ནས། སྙིང་རྗེའི་སྤྱན་ནི་དམར་པོ་ལ། །ཞེས་སོགས་དང་། གཟུགས་ཀྱི་ཕུང་པོ་ནི་གཽ་རཱིའོ། །གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཞེས་སོགས་དང་། ཞེ་སྡང་ཞེས་བཤད་རྡོ་རྗེ་མ། །ཞེས་སོགས་དང་། གཟུགས་ལ་གཽ་རཱིར་རྟག་ཏུ་བཤད། །ཅེས་སོགས་དང་། གློ་དང་དབུགས་དང་དེ་བཞིན་སྨྱོ། །ཞེས་སོགས་ཀྱིས་དག་པ་དྲན་པར་བྱ། སྤྱོད་ལམ་ལ་འཇུག་ན་རྡོ་རྗེའི་གླུ་དང་སྨོན་ལམ་བྱ་སྟེ་ཐུན་གཏོར་སོགས་ལ་འཇུག་གོ །སྒྲུབ་ཐབས་ཀྱི་ཕྲ་མིག་གོ། །།རས་བྲིས་ལ་བརྟེན་པའི་དཀྱིལ་འཁོར་གྱི་ཆོ་ག་ལ་སྤྱི་འགྲོ་ནི་ཆུ་གསུམ་གྱི་མཆོད་ཡོན་བྱང་ཤར་དུ་བཤམ་པ་ནས་མཆོད་པ་བརྒྱད་ཕྱོགས་མཚམས་བརྒྱད་དུ་བཤམ། མཆོད་ཡོན་གྱི་སྔགས་ཨོཾ་པྲ་ཝ་ར་སད་ཀ་ར་ཛཿཧཱུྃ་བཾ་ཧོཿཁཾ་རཾ་མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་དང་། ཞབས་བསིལ་ཞལ་བསིལ་སོགས་ཀྱི་སྔགས་འདྲ། ཡན་ལག་བཞི་རྫོགས་རྣམས་ལ་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་གི་རྗེས་སུ་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་བརླབ་བྱ། ཆོ་ག་ལ་སྟ་གོན་དང་། དངོས་གཞི་གཉིས་ལས། དང་པོ་ས་ལྷ་སྟ་གོན་ནི། སྔོན་འགྲོ་རྣམ་གསུམ་འདྲ། པདྨ་དང་ཟླ་བའི་སྟེང་དུ་བྃ་ལས་སའི་ལྷ་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་འཛིན་པ་ཡན་ལག་བཞི་རྫོགས་སུ་བསྐྱེད་ནས་མཆོད་གཏོར་འདྲ། སྐྱོབ་པ་སངས་རྒྱས་སོགས་དང་། སྐྱོབ་པ་ཤཱཀྱ་སོགས་ཚིགས་བཅད་གཉིས་ཀྱིས་གསོལ་བ་གདབ། སའི་ལྷ་མོ་ནམ་མཁར་བཏེག་སྟེ་དཔང་པོའི་ཚུལ་གྱིས་བཞུགས་པར་བསམ། སྟ་གོན་གྱི་དུས་སུ་སྲུང་འཁོར་དང་། ཆོས་འབྱུང་གི་ནང་དུ་གཞལ་ཡས་ཁང་སྐད་ཅིག་གིས་བསྐྱེད་པའི་ནང་དུ་པྃ་ལས་པདྨ་དང་། ཨོཾ་ལས་ཉི་མའི་དཀྱིལ་འཁོར་དགུའི་སྟེང་དུ་སྒྲུབ་ཐབས་ལྟར་གྱི་གདན་བསྐྱེད། དེ་རྣམས་ཀྱི་སྟེང་དུ་ལྷ་དགུ་ས་བོན་ལས་བསྐྱེད་ཡེ་ཤེས་པ་སྤྱན་དྲངས་ནས་ཕྱི་མཆོད་དང་ལྷ་མོ་བརྒྱད་ཀྱིས་མཆོད། ལྷ་མོ་བཞིས་དགུག་གཞུག་བྱ། ཡན་ལག་ལྷག་མ་གཉིས་འདྲ། མཆོད་པ་ལ་དྲི་མེད་ཡིད་འོང་སོགས་ཆུ་གསུམ་ལ་འདོན་པ་བསྒྱུར། ནང་མཆོད་ཀྱི་སྐབས་སུ། རྡོ་རྗེ་འཆང་། བི་ལ་སྱ། ཡན་ལག་མེད་པའི་རྡོ་རྗེ། གྲུབ་ཆེན་མཚོ་སྐྱེས། ཨིནྡྲ་བྷཱུ་ཏི། ལྕམ་ལཀྵིམཱ། ནག་པོ་སྤྱོད་པ་བ་དང་། བྲམ་ཟེ་དཔལ་འཛིན། ག་ཡ་དྷ་ར། འབྲོག་མི། སེ་སྟོན། ཞང་དགོན་པ་བ། ས་ཆེན། རྟ་སྟག་སོ་བ་ཁུ་དབོན། དཔལ་ཆུ་བོ་རི་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། རི་ཁྲོད་པ་དཔལ་ལྡན་པ། རྗེ་ངོར་པ། རྗེ་མུས་པ་རྣམས་ཀྱི་མཚན་ནས་བརྗོད། གཞན་ཕྱི་མཆོད། ནང་མཆོད། ན་བཟའི་མཆོད་པ་རྣམས་འདྲ། བསྟོད་པ་ལ་དཀར་མོ་རི་དྭགས་སོགས་ཀྱི་རྗེས་སུ། སྲིད་པ་རང་བཞིན་གྱིས་དག་ཕྱིར། །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་པ་རྣམས། །དམ་པའི་སྲིད་པ་བྱེད་པར་ཤོག །ཅེས་དང་། བསྟོད་ཐུང་དང་། བསྟོད་རིང་གིས་བསྟོད། གཏོར་མ་འདྲ། དེ་ནས་བདུག་སྤོས་ཐོགས་ཏེ་རྡོ་རྗེ་དྲིལ་བུ་འཛིན་པས། གཉིས་མེད་ཡེ་ཤེས་ལས་བྱུང་བ། །ཁྱབ་བདག་དངོས་ཀུན་བདག་ཉིད་ཅན། །སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །བདག་མེད་མ་དང་ཡང་དག་ལྡན། །ཕྱོགས་དང་མཚམས་ཀྱི་མཁའ་འགྲོ་དང་། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་ཕན་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པས། །ནངས་པར་དཀྱིལ་འཁོར་འབྲི་བར་བགྱིད། །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་བོ། །སློབ་མ་སྟ་གོན་ལ། ལུས་ཀྱི་བྱ་བ་འདྲ། མྱ་ངན་ལས་འདས་པའི་བསམ་པ་བསྐྱེད་པ་ནི། གསང་སྔགས་སྤྱོད་པའི་སྐལ་ལྡན་ཞིང་། །སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །ཞེས་སོགས་བརྗོད། ནང་དབང་བསྐུར་བའི་སྐབས་སུ། ཡུམ་གྱི་མཁར་སྐུ་རྡོ་རྗེ་རྣམ་སྣང་འབའ་ཞིག་ཏུ་བསྐྱེད་ནས་དབང་བསྐུར་བའི་རྗེས་སུ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གྱུར་པར་བསམ་སྟེ་སྦྱོར་མཚམས་ནས་ཕྱུང་སྟེ་གྲལ་ལ་བཞག ཁྱད་པར་ཅན་གྱི་དོན་ཞུ་བ་དང་། གསང་སྔགས་ལ་སྤྲོ་བ་བསྐྱེད་པ་འདྲ། དེ་ནས་ནང་གི་སེམས་བསྐྱེད་པ་ནི་བདེ་མཆོག་བཞིན་དམ་ཚིག་ཉེར་གཉིས་འཛིན་པ་ཚིག་ཐ་མ་ལ་བདག་གིས་སྡོམ་པ་ལེགས་པར་གཟུང་ཞེས་སྦྱར་བ་ལན་གསུམ་བཟླས་ནས། བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱིས། །བསྒོམས་དང་བཟླས་བརྗོད་བསོད་ནམས་ཚོགས། །དེ་ལ་བདག་ནི་ཡི་རང་ངོ་། །སེམས་བསྐྱེད་མངོན་པར་སངས་རྒྱས་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་སྤྱོད་པ། །དེ་དག་ལ་ནི་སྐྱབས་སུ་མཆི། །སངས་རྒྱས་འབྱུང་བ་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །འདི་ཉིད་དུ་ནི་སེམས་བསྐྱེད་དོ། །མགོན་པོ་བདག་ལ་དགོངས་སུ་གསོལ། །མ་ལུས་བཞུགས་ཤིང་སངས་རྒྱས་རྣམས། །དུས་འདི་ཉིད་ནས་སངས་རྒྱས་བར། །བླ་མེད་བདག་ལ་གཟིགས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཞེས་སོགས་ཚིགས་བཅད་ལྔ་དང་། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །ཞེས་སོགས་ཚིགས་བཅད་གཅིག་དང་། བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིགས་རྟེན་མི་རིང་སངས་རྒྱས་མྱུར་བསྒྲུབས་ནས། །སེམས་ཅན་འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །བླ་མེད་བྱང་ཆུབ་ཉིད་དུ་བསྒྲལ་བར་བགྱི། །ཞེས་ལན་གསུམ་བརྗོད། བསྲུང་བ་ནི་དཔྲལ་བར་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་སོགས་བསྒོམས་ནས་ཡས་རིམ་གྱིས་རེག་པ་ཁོ་ན་བྱ། མཆོད་པ་ཞལ་ཟས་མེད་གཞན་འདྲ། དེ་ནས་སོ་ཤིང་། ཁྱོར་ཆུ། ཀུ་ཤ། དཔུང་སྐུད་རྣམས་འདྲ། བསང་གཏོར་གྱི་ཚེ་འབྲུ་གསུམ་བརྗོད་ཅིང་བདུད་རྩི་གཏོར། དེ་ནས་ཆོས་ཟབ་མོ་བཤད་པ་དང་། རྨི་ལམ་བརྟག་ཅིང་ངན་ན་བསྲུང་བ་འདྲ། བུམ་པ་སྟ་གོན་ནི། བྷྲཱུྃ་ལས་བུམ་པར་བསྐྱེད་པའི་ནང་དུ། ལྷ་སྟ་གོན་གྱི་སྐབས་ལྟར་གདན་དང་ཡན་ལག་བཞི་རྫོགས་བྱ། གཞན་འདྲ། རྗེས་ཆོག་བྱའོ། །གཉིས་པ་དངོས་གཞི་ལ། རས་རིས་བཀྲམ་པའི་མཐར་མཆོད་གཏོར་སྟ་གོན་གྱི་སྐབས་ལྟར་བཤམས་ནས་སྔོན་འགྲོ་རྣམ་གསུམ་དང་། ཡི་གེ་བརྒྱ་པས་དམ་ཚིག་བཤགས་པ་སྔོན་དུ་འགྲོ་བས་ཚོགས་གཉིས་བསགས་པ་ཇི་ལྟ་བ་བཞིན་དུ་བསྒོམ། སྲུང་བའི་འཁོར་ལོ་བསྒོམ་པ་ན་རྡུལ་ཚོན་གྱི་སྲུང་འཁོར་དང་ཐ་མི་དད་ཅིང་ཡན་ལག་བཞིས་གཞལ་ཡས་ཁང་བསྐྱེད་པའང་རྡུལ་ཚོན་དང་ཐ་མི་དད་དུ་མོས། མངོན་བྱང་ལྔས་གཙོ་བོ་བསྐྱེད་པ་དབུས་ཀྱི་མཚན་མ་དང་ཐ་མི་དད་དུ་བྱ་ཞིང་གསལ་གདབ་ཅིང་མཁའ་གསང་བྱིན་གྱིས་བརླབ། སྙོམས་པར་ཞུགས་པའི་སྟོབས་ཀྱིས་དཀྱིལ་འཁོར་བསྒྲུབས་ཏེ། འདུ་ཤེས་གསུམ་དང་ལྡན་པས་སྙོམས་པར་ཞུགས་པའི་སྒྲས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་གཡོན་ནས་ཞུགས། རྗེས་ཆགས་ཀྱི་མེས་སྙིང་གའི་ཐད་ཀར་ཞུ། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་ཐིག་ལེའི་གཟུགས་ཀྱིས་བབ་པ་ལས་ལྷ་དགུ་གཞལ་ཡས་ཁང་དང་བཅས་པ་རྫོགས་པར་བསྐྱེད། དེ་ནས་གཙོ་བོ་ཡབ་ཡུམ་ལས་ཡབ་ཡུམ་དཔག་ཏུ་མེད་པར་གྱུར་ཏེ་སྤྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པས། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཞེ་སྡང་དང་རྣམ་པར་ཤེས་པའི་ཕུང་པོ་སྦྱངས་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས། རྣམ་པ་ཡབ་ཡུམ་འབའ་ཞིག་ཏུ་གྱུར་ནས་དོན་བྱེད་པ་དང་བྱས་པ་གཉིས་ཀ་ཚུར་འདུས་ཏེ་བདག་ཉིད་ལ་ཐིམ། གཽ་རཱི་དཔག་ཏུ་མེད་པར་གྱུར་ཏེ་སྤྲོས་པས། སེམས་ཅན་ཐམས་ཅད་ཀྱི་གཟུགས་ཀྱི་ཕུང་པོ་དང་ཉོན་མོངས་པ་གཏི་མུག་སྦྱངས་ནས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རྟོགས་པ་རྒྱུད་ལ་སྐྱེས། རྣམ་པ་གཽ་རཱི་འབའ་ཞིག་ཏུ་གྱུར་ཏེ་གཉིས་ཀ་ཚུར་འདུས་ནས་གཽ་རཱིའི་མཚན་མ་ལ་ཐིམ་པས་གཽ་རཱི་གཅིག་ཏུ་གྱུར་ཏེ། རྣམ་པ་གསལ་གདབ་པ་ལ་སོགས་པའོ། །མཚམས་ཀྱི་བཞི་ལ་པུཀྐ་སཱི་ལས་པུཀྐ་སཱི་དཔག་ཏུ་མེད་པར་གྱུར་ཏེ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་འབྱུང་བ་སའི་རྟོག་པ་སྦྱངས་ནས་བྱམས་པ་ཚད་མེད་པ་རྒྱུད་ལ་བསྐྱེད་ནས་པུཀྐ་སཱིའི་རྣམ་པར་གྱུར་ནས་གཉིས་ཀ་འདུས་ཏེ་པུཀྐ་སཱིའི་མཚན་མ་ལ་ཐིམ་པས་པུཀྐ་སཱི་གཅིག་ཏུ་གྱུར་པ་ལ་སོགས་པ་སྦྱར་རོ། །གཞལ་ཡས་ཁང་སྤྲོས་ཏེ། གཞལ་ཡས་ཁང་ཉིད་ལ་ཐིམ་པས་གཞལ་ཡས་ཁང་ཉིད་ཀྱང་སྣོད་ཀྱི་འཇིག་རྟེན་དང་རོ་གཅིག་ཏུ་གྱུར་པར་བསྒོམ་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་སྟ་གོན་གྱི་དུས་སུ་ནམ་མཁའ་ལ་བཏེག་ནས་ཡོད་པ་དེ་ཉིད་ལ་ལྷ་མོ་བརྒྱད་ཀྱིས་མཆོད། བསྟོད་པ་ཐུང་ངུས་བསྟོད། རྩ་བའི་སྔགས་བརྗོད་པས་བགེགས་བསྐྲད་ལ་གཽ་རཱི་ལ་སོགས་པའི་ཏིང་ངེ་འཛིན་དང་། སྔགས་དང་ཕྱག་རྒྱས་དགུག་གཞུག་བཅིང་དབང་དུ་བྱས་ལ་ཡི་གེ་བརྒྱ་པས་བརྟན་པར་བྱ། གཙོ་བོ་ལ་སྐྱེ་མཆེད་དྲུག་དང་། སྐུ་གསུང་ཐུགས་བྱིན་གྱིས་བརླབ། དབང་བསྐུར་རིགས་ཀྱི་བདག་པོས་རྒྱས་གདབ་བོ། །དེ་ནས་སྐབས་འདིར་མ་བཤད་ཀྱང་བདག་བསྐྱེད་ཀྱི་བཟླས་པ་ཕྱག་ལེན་ལ་མཛད་དོ། །དེ་ནས་གཙོ་བོ་ལས་བདག་ཉིད་ཕྱག་གཉིས་པའི་རྣམ་པར་ཕྱེ་ལ་མཆོད་པ་བྱིན་གྱིས་བརླབ་པ་ནས་འཇིག་རྟེན་པའི་གཏོར་མ་གཤེགས་སུ་གསོལ་བའི་བར་སྟ་གོན་གྱི་སྐབས་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །ཕྱི་རོལ་གྱི་གཏོར་མ་མི་དགོས། སློབ་མ་ལ་དབང་ཅི་ལྟར་བསྐུར་བ་ལྟར་རང་ཉིད་བདག་འཇུག་གི་ཚུལ་དུ་བླངས་ནས་སློབ་མ་འཇུག་པ་ནི་སློབ་མ་རྣམས་ཁྲུས་བྱས། ཡོན་དང་མཎྜལ་ཕུལ། སློབ་དཔོན་གྱིས་ཆོས་རྣམས་གཟུགས་བརྙན་ལྟ་བུ་ཞེས་སོགས་ཚིགས་བཅད་གཉིས་ལན་གསུམ་གྱིས་བདེན་པའི་སྟོབས་བརྗོད། སློབ་མ་སྐུ་རྡོ་རྗེ་རྣམ་སྣང་དུ་དྲན་པར་བྱས་ལ། གདོང་བཅིང་བ་དང་། མེ་ཏོག་གི་ཕྲེང་བ་གཏད་པ་དང་། བུམ་ཆུས་བསང་བ་དང་། འདོད་པ་དྲི་ཞིང་ལན་གདབ་པ་དང་། སློབ་མ་ཧེ་རུ་ཀ་ཕྱག་གཉིས་པར་བསྒོམས་པའི་སྙིང་གར་ཟླ་བ་རྡོ་རྗེ་སེམས་བསྐྱེད་པ་རྣམས་འདྲ་ལ། བརྟན་བྱེད་ཀྱི་སྔགས་ཀྱི་རྗེས་སུ་རང་གི་སེམས་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཐབས་དང་། ཤེས་རབ་གཉིས་སུ་མེད་པར་རྟོགས་པར་གྱིས་ཤིག་ཅེས་བརྡ་སྤྲད། དེ་ནས་གསང་བར་གདམས་པ་དང་། ནང་དུ་གཞུག་པ་འདྲ། ནང་འཇུག་ནི། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །གཙོ་བོ་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་འཚལ། །དོན་དམ་སྨྲ་བའི་སེང་གེ་ཞེས་སོགས་ཚིགས་བཅད་གཅིག་དང་བཅས་པ་ལན་གསུམ་གྱིས་སློབ་མས་བླ་མ་ལ་གསོལ་བ་གདབ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་སོགས་ཚིགས་བཅད་ལན་གསུམ་གྱིས་བླ་མས་དཀྱིལ་འཁོར་གྱི་ལྷ་ལ་གསོལ་བ་གདབ། སློབ་མས་ཨོཾ་ན་མ་ཏེ་ཧཱུྃ་ཞེས་སོགས་ཀྱིས་དཀྱིལ་འཁོར་གི་ལྷ་ལ་ཕྱག་བྱ། དེ་ནས་སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཞེས་པ་ནས། མཆོད་པའི་ལས་ཀྱང་ཅི་ནུས་བྱོས། །ཞེས་པའི་བར་གྱིས་སྡོམ་པ་བསྒྲགས་ནས། གཙོ་བོས་ཇི་ལྟར་སོགས་ལན་གསུམ་གྱིས་གཟུང་། དེ་ནས་དམ་ལ་གཞག་པ་བཞི་འདྲ། འདི་ནི་ཁྱོད་ཀྱི་ཞེས་སོགས་མི་དགོས། ཡེ་ཤེས་དབབ་བརྟན་དང་། ཁ་དོག་དྲི་བ་དང་། མེ་ཏོག་དོར་འཆིང་དང་། མིག་ཕྱེ་བ་རྣམས་འདྲ་ལ། མིག་ཕྱེ་བའི་ཚིགས་བཅད་ཀྱི་རྗེས་སུ་ཨོཾ་བཛྲ་ནཻ་ཏྲ་སོགས་བརྗོད་དེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བའི་ཕུན་ཚོགས་དངོས་གྲུབ་དང་། །དངོས་གྲུབ་ཀུན་ཁྱོད་ཀུན་ཏུ་འགྱུར། །དམ་ཚིག་ཐམས་ཅད་བསྐྱང་བྱ་དང་། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་བརྗོད་པས་སྤྱིར་བསྟན་ལ་གང་ལ་མེ་ཏོག་ཕོག་པ་དེ་ཉིད་ཁྱད་པར་དུ་བསྟན་ནོ། །དེ་ནས་ལྷ་གཞན་ཡང་ཐུན་མོང་དུ་མིང་དང་སྐུ་མདོག་ཕྱག་མཚན་གྱི་སྒོ་ནས་གཙོ་བོ་དང་། གཡུང་མོའི་བར་དུ་རིམ་པ་བཞིན་བསྟན་ནོ། །དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་པ་ནི་གཞལ་ཡས་ཁང་གྲུ་བཞི་པར་བྱུང་བ་ནི་ཚད་མེད་པ་བཞི་རྣམ་པར་དག་པའི་རང་བཞིན་ནོ། །སྒོ་བཞི་ནི་དྲན་པ་ཉེ་བར་གཞག་པ་བཞི་རྣམ་པར་དག་པའི་རང་བཞིན་ནོ། །རྟ་བབས་བཞི་ནི་ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པའི་རང་བཞིན་ཡིན་ནོ། །དྲྭ་བ་ནི་ཉོན་མོངས་པ་ཆེན་པོ་རྣམ་པར་དག་པའི་རང་བཞིན་ནོ། །དྲྭ་བ་ཕྱེད་པ་ནི་ཉེ་བའི་ཉོན་མོངས་པ་ཆུང་ངུ་རྣམ་པར་དག་པའོ། །ཀ་བ་བརྒྱད་ནི་འཕགས་པའི་ལམ་ཡན་ལག་བརྒྱད་རྣམ་པར་དག་པའོ། །དར་ན་པ་ཏི་ལ་སོགས་པ་རྣམས་ནི་ཚུལ་ཁྲིམས་རྣམ་པར་དག་པའི་མཚན་ཉིད་དོ། །འདོད་པའི་ཡོན་ཏན་ནི་གཟུགས་སྒྲ་ལ་སོགས་པ་རྣམ་པར་དག་པའི་རང་བཞིན་ནོ། །རྡོ་རྗེ་རྭ་བ་ནི་ཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྟགས་སོ། །མེ་འོད་ནི་ཕྱིན་ཅི་ལོག་གི་བགེགས་ལ་སོགས་པས་མི་ཚུགས་པའི་རྟགས་སོ། །བུམ་པ་བརྒྱད་ནི་ཆེ་བའི་ཡོན་ཏན་གྱིས་རྒྱས་ཤིང་ཐུགས་རྗེ་ཆེན་པོའི་རོས་ཡོངས་སུ་གང་བའི་རྟགས་སོ། །ལྷའི་དེ་ཁོ་ན་ཉིད་བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་ནི་རྣམ་པར་ཤེས་པའི་ཕུང་པོ་དང་ཞེ་སྡང་རྣམ་པར་དག་པའི་རང་བཞིན་ནོ། །གཽ་རཱི་ནི་ཞེ་སྡང་དང་གཟུགས་རྣམ་པར་དག་པའི་རང་བཞིན་ནོ། །ཆོམ་རྐུན་མ་ནི་གཏི་མུག་དང་སྒྲ་རྣམ་པར་དག་པའི་རང་བཞིན་ནོ། །རོ་ལངས་མ་ནི་ང་རྒྱལ་དང་དྲི་རྣམ་པར་དག་པའི་རང་བཞིན་ནོ། །གྷསྨ་རཱི་ནི་འདོད་ཆགས་དང་རོ་རྣམ་པར་དག་པའི་རང་བཞིན་ནོ། །པུཀྐ་སཱི་ནི་ཞེ་སྡང་དང་ས་རྣམ་པར་དག་པའི་རང་བཞིན་ནོ། །རི་ཁྲོད་མ་ནི་གཏི་མུག་དང་ཆུ་རྣམ་པར་དག་པའི་རང་བཞིན་ནོ། །གཏུམ་མོ་ནི་ང་རྒྱལ་དང་མེ་རྣམ་པར་དག་པའི་རང་བཞིན་ནོ། །གཡུང་མོ་ནི་འདོད་ཆགས་དང་རླུང་རྣམ་པར་དག་པའི་རང་བཞིན་ནོ། །བདག་མེད་རྣལ་འབྱོར་མ་ནི་ཡབ་དང་མཐུན་ནོ། །དེ་ནས་དངོས་གཞི་ནི་མཎྜལ་ཕུལ་ནས། ཧེ་རུ་ཀ་དཔལ་དབང་བསྐུར་བ། །ཞེས་སོགས་ལན་གསུམ་གྱིས་གསོལ་བ་གདབ། སློབ་དཔོན་ལྷ་ཡི་ང་རྒྱལ་བརྟན་པོ་དང་ལྡན་པས་བདུད་རྩི་འཁྱིལ་པའི་སྔགས་བརྗོད་ཅིང་ཡུངས་ཀར་གྱིས་བརྡེག གུ་གུལ་གྱིས་བདུག བདུད་རྩི་གཏོར་བས་བགེགས་བསྐྲད། རྡོ་རྗེའི་རྭ་བ་ལ་སོགས་པའི་སྲུང་བའི་འཁོར་ལོ་ཡང་བསྒོམ། རྣམ་པར་རྒྱལ་བའི་བུམ་པ་བཏེག་སྟེ་རོལ་མོ་དང་བཅས་པས་ཕུན་སུམ་ཚོགས་པ་མངའ་བ་ནས། ལྔ་པོ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཞེས་པའི་བར་དང་། ཛ་ཡ་ཛ་ཡ་སིདྡྷི་སིདྡྷི་རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་ཅེས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་དོ། །དེ་ནས་ཨོཾ་པྲ་ཏཱིཙྪ་བཛྲ་ཧོཿཞེས་བརྗོད་ལ། མེ་ཏོག་གི་ཕྲེང་བ་མེ་ཏོག་ཕོག་པའི་ལྷ་དེ་ཉིད་ལ་འབུལ། མེ་ཏོག་ལྷུང་བ་བླངས་ལ་མགོ་ལ་བཅིངས་ཤིང་ཨོཾ་དྷརྨཱ་ཀུཎྜ་ལི་ཨ་བྷི་ཥིཉྩཞེས་བརྗོད། དེ་ནས་བདག་དང་སློབ་མ་དང་བུམ་པའི་ཆུ་གསུམ་ཀ་སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས་པའི་ངང་ལས། ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་པ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་གཡས་བརྒྱད་རྡོ་རྗེ་དང་། གཡོན་བརྒྱད་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་ཡུམ་མཱ་མ་ཀཱིས་འཁྱུད་པ་བསྐྱེད་གསུམ་ཀ་ལ་ཡེ་ཤེས་པ་དགུག་གཞུག་བྱ། སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་དབང་བསྐུར་གྱི་ལྷ་གདན་གསུམ་ཚང་བ་སྤྱན་དྲངས་ནས་ནམ་མཁར་བཞུགས་པ་ལ་ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐ་ག་ཏ་ཞེས་གསོལ་བ་བཏབ་པས་ཁྲོ་བོའི་གཟུགས་སུ་གྱུར་ཏེ། ཨོཾ་བཛྲ་ཨ་བྷི་ཥིཉྩ་མི་ཏཾ་ཞེས་གསུངས་ནས་བདག་དང་བུམ་པའི་ལྷ་གཉིས་ལ་དབང་བསྐུར་བས་ལུས་ཐམས་ཅད་ཁེངས་པས་ཟག་པ་མེད་པའི་བདེ་བས་གང་། ཆུ་ལྷག་མ་ཡར་ལུད་པས་མི་བསྐྱོད་པས་དབུར་བརྒྱན་པར་བསམས་ལ་མཆོད་པ་ལྔས་མཆོད། ཨོཾ་ཨཱཿཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ཅི་རིགས་པ་བཟླས། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་སོགས་ཚིགས་བཅད་གཅིག་དང་། སྲིད་པ་ངོ་བོ་ཉིད་ཀྱིས་དག །ཅེས་སོགས་ཚིགས་བཅད་གཅིག་བརྗོད་ལ་བུམ་པའི་ནང་གི་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་པ་ཞུ་བ་ལས་བུམ་པའི་ཆུར་གྱུར་པར་བསམ་པ་ལག་ཏུ་བཟུང་སྟེ་སློབ་མའི་སྤྱི་བོར་དབང་བསྐུར། སེམས་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བུམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བས་དབང་བསྐུར་བས་ལུས་མཐའ་དག་ཁེངས་ཏེ། ཟག་པ་མེད་པའི་བདེ་བས་རྒྱུད་གང་ནས་ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པ་ཞི་བས་དབུར་བརྒྱན་པར་བསམ། མི་བསྐྱོད་པའི་སྒོ་ནས་ཆུའི་དབང་བསྐུར་བ་ཐོབ། རྣམ་པར་ཤེས་པའི་ཕུང་པོ་དང་ཞེ་སྡང་གནས་གྱུར་ཏེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། མི་བསྐྱོད་པའི་ངོ་བོ་ཉིད་དུ་གྱུར་པར་མོས་ལ་མཆོད་པ་ལྔས་མཆོད་དོ། །ཆོ་གའི་འགྲོས་འདི་འོག་མ་རྣམས་ལ་ཡང་སྦྱར། དེ་ནས་བདག་དང་ཅོད་པཎ་དང་། སློབ་མ་གསུམ་ཨཱཾ་ལས་རིན་པོ་ཆེ་ཨཱཾ་གིས་མཚན་པ་ལས་རིན་འབྱུང་སེར་པོ་རྩ་བའི་ཞལ་སེར། གཡས་སྔོ། གཡོན་དཀར། ཞལ་ལྷག་མ་རྣམས་ནག་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་བའི་གཡས་པ་རྣམས་ན་རིམ་པ་བཞིན། བྱ་ཀ་རཎྜ། ངུར་པ། ལུག བྱེའུ་ཙ་ཀོ་ར། བྱེ་ཁྲ། ཧོར་ཁྲ། འོལ་བ། ཉ་ཁྲ། གཡོན་པ་རྣམས་ན་སྟོབས་ཀྱི་རྒྱུ། དུང་སྐྱོང་། རིགས་ལྡན། པདྨ། པདྨ་ཆེན་པོ། འཇོག་པོ། ནོར་རྒྱས། མཐའ་ཡས་རྣམས་འཛིན་པ། ཡུམ་རིན་ཆེན་སྒྲོལ་མ་དང་མཉམ་པར་སྦྱོར་བ། པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་བདུད་བཞི་བརྩེགས་པའི་གདན་ལ་ཞབས་གཡས་གཉིས་བརྐྱང་། གཡོན་གཉིས་བསྐུམ་པའི་གར་སྟབས་ཀྱིས་བཞུགས་པ། ཐོད་རློན་ལྔ་བཅུའི་དོ་ཤལ་དང་། ཕྱག་རྒྱ་དྲུག་གི་རྒྱན་དང་ལྡན་པ་བསྐྱེད། ཡེ་ཤེས་པ་གཞུག་པ་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་འདྲ། དབང་ལྷ་རེ་རེ་ནས་སྤྱན་འདྲེན་པར་གསུངས་ཀྱང་སྔར་ནམ་མཁར་བཞག་པ་དེ་ཉིད་ཀྱིས་ཆོག་པས། དེ་ལ་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་འོག་ནས་འབྱུང་བའི་ཚིགས་བཅད་དང་སྔགས་ཀྱིས་བདག་དང་དབང་རྫས་ཀྱི་ལྷ་གཉིས་ལ་རིན་པོ་ཆེའི་ཅོད་པཎ་བཅིངས་པས་ཟག་པ་མེད་པའི་བདེ་བ་ཆེན་པོ་མངོན་དུ་བྱས་ཤིང་སྤྱི་བོར་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པ་ལ་མཆོད་པ་ལྔས་མཆོད། ཨོཾ་ཨཱཿཨཱཾ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་ཅི་རིགས་བཟླས། རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །སོགས་དང་། སྲིད་པ་ངོ་བོ་ཉིད་ཀྱིས་དག །སོགས་བརྗོད། དབང་རྫས་ཀྱི་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་ཅོད་པཎ་དུ་གྱུར་པ་དེ་ལག་ཏུ་བཟུང་ལ། ཐོར་ཚུགས་ཅོད་པཎ་གྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྔགས་པའོ། །རིན་པོ་ཆེ་ཡི་དབུ་རྒྱན་དང་། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྲ་བ་ར་ཏ་ཀ་ཧཱུྃ་བཛྲ་ཨ་ར་ལི་ཧོ་ཞེས་དང་། ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་ཞེས་བརྗོད་ལ་ཏིང་ངེ་འཛིན་སྔ་མ་དང་འདྲ་བས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསམ། བཤད་པ་ལྔ་སྔ་མས་འགྲེ། མཆོད་པ་ལྔས་མཆོད་དོ། །འོད་དཔག་མེད་རྡོ་རྗེའི་དབང་ལ་གསུམ་ཀ་ཛྲཱིཾ་ལས་པདྨ་ཛྲཱིཾ་གིས་མཚན་པ་ལས་སྣང་བ་མཐའ་ཡས་རྩ་བའི་ཞལ་དམར། གཡས་ནག་གཡོན་དཀར་བ། གཡས་པ་རྣམས་ན་དོམ། བྱ་རྒོད། བསེ། བ་མེན། སྟག སྤྲེའུ། ཆུ་སྲིན་ན་ཀྲ། ལྕེ་སྤྱང་། གཡོན་པ་རྣམས་ན་ཁ། འུག་པ། བྱ་དཀར། སེང་གེ མཚོ་གནས། ར། ཀྲྀཥྞ་ས་ར། ཕག་རྣམས་འཛིན་པ། ཡུམ་གོས་དཀར་མོ་དང་མཉམ་པར་སྦྱོར་བ་བསྐྱེད། ཡན་ལག་གཉིས་འདྲ། དབང་ལྷ་ལ་གསོལ་བ་བཏབ་པས་དེ་དག་གིས་རྡོ་རྗེ་རྩེ་དགུ་པ་བདག་དང་དབང་རྫས་འོད་དཔག་མེད་དུ་བསྐྱེད་པའི་ལག་པ་གཡས་སུ་གཏད་པས་ཟག་པ་མེད་པའི་བདེ་བ་ཆེན་པོ་མངོན་དུ་བྱས་ཏེ་འོད་དཔག་མེད་ཀྱིས་དབུར་བརྒྱན་པ་ལ། མཆོད་པ། སྔགས། བསྟོད་པ། དབང་རྫས་ཞུ་བའི་བར་འགྲེ། དེ་ནས་རྡོ་རྗེ་སློབ་མའི་ལག་ཏུ་གཏད་དེ། སངས་རྒྱས་རྡོ་རྗེའི་དབང་གིས་ནི། །དེ་རིང་ཁྱོད་ལ་དབང་བསྐུར་འགྱུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །བཟང་གྲུབ་ཕྱིར་ནི་རྡོ་རྗེ་གཟུང་། །ཞེས་དང་། ཐོག་མཐའ་མེད་པའི་སེམས་དཔའ་ནི། །ཞེས་སོགས་ཚིགས་བཅད་གཅིག་གིས་སྦྱིན་ཏེ། ཏིང་ངེ་འཛིན་སྔ་མ་དང་འདྲ་བས་འོད་དཔག་མེད་ཀྱིས་དབུར་བརྒྱན་བཤད་པ་ལྔ་འགྲེ། མཆོད་པ་ལྔས་མཆོད་དོ། །དེ་ནས་གསུམ་ཀ་ཁཾ་ལས་དོན་ཡོད་གྲུབ་པ་ལྗང་གུ་རྩ་ཞལ་ལྗང་། གཡས་གནག གཡོན་དཀར། གཡས་པ་རྣམས་ན་གཟའ་ལྷག ཕུར་བུ། མཇུག་རིངས། སྒྲ་གཅན། མིག་དམར། པ་སངས། སྤེན་པ། ཁྱབ་འཇུག གཡོན་པ་རྣམས་ན་དབང་པོ། ཚངས་པ། དྲག་པོ། བདུད་སྡིག་ཅན། ལྷ་མ་ཡིན་གྱི་བུ་མོ་གཤོལ་མདའ་འཛིན། ལྷ་རྒྱལ་བ་དམ་པ། ཐགས་བཟངས་རིས། ལྷ་མ་ཡིན་སྟོབས་ལྡན་རྣམས་འཛིན་པ། ཡུམ་དམ་ཚིག་སྒྲོལ་མས་འཁྱུད་པ་བསྐྱེད། ཡན་ལག་གཉིས་འགྲེ། དབང་བསྐུར་གྱི་ལྷ་ལ་གསོལ་བ་བཏབ་པས། དེ་དག་གིས་བདག་དང་དབང་རྫས་ཀྱི་ལག་པ་གཡོན་དུ་དྲིལ་བུ་གཏད་པས་བདེ་བ་ཆེན་པོ་མངོན་དུ་བྱས་ཤིང་དོན་ཡོད་གྲུབ་པས་དབུར་བརྒྱན་པ་ལ་མཆོད་པ། སྔགས། བསྟོད་པ། དབང་རྫས་ཞུ་བའི་བར་འགྲེ། དེ་ནས་གསོལ་བ་བཏབ་པས། འདི་ནི་རྣལ་འབྱོར་མ་ཀུན་གྱིས་སོགས་དང་། སྲིད་པ་ངོ་བོ་ཉིད་ཀྱིས་དག་སོགས་དང་། ཨོཾ་བཛྲ་ཨ་དྷི་སོགས་ཀྱིས་དྲིལ་བུ་ལག་པ་གཡོན་དུ་གཏད་འཁྱུད་པའི་ཚུལ་གྱིས་འཛིན་དུ་གཞུག དེས་ཟག་པ་མེད་པའི་བདེ་བ་མངོན་དུ་བྱས་ནས་སྤྱི་བོར་དོན་གྲུབ་ཀྱིས་དབུར་བརྒྱན་པར་བསྒོམ། བཤད་པ་ལྔ་དང་། མཆོད་པ་འགྲེ། དེ་ནས་བདག་དང་སློབ་མ་གཉིས་བྷྲཱུྃ་ལས་རྣམ་སྣང་དཀར་པོ་གཡས་ནག་གཡོན་དམར། གཡས་ན་རྨ་བྱ། མ་ཧེ། ཆུ་སྲིན་མ་ཀ་ར། ཉ་རོ་ཧི་ཏ། རུས་སྦལ། འོག་གི་ཀླུ། ངང་སྐྱ། རི་བོང་། གཡོན་པ་རྣམས་ན་སྦལ་པ་ཐུ་བོ། སྤྲིན་ཤུགས། སྦྲུལ་ཧ་ལ། རྩངས་པ་ནག་པོ། བྱི་བ། གཡག གླ་བ། བྱ་བཞད་རྣམས་འཛིན་པ། སངས་རྒྱས་སྤྱན་མས་འཁྱུད་པ་བསྐྱེད། ཡན་ལག་གཉིས་དང་། བདག་ཉིད་ལ་མཆོད་པ་སོགས་འགྲེ། མིང་གི་དབང་འདྲ། བཤད་པ་ལྔ་དང་མཆོད་པ་འགྲེ། དེ་ནས་སློབ་མ་མི་བསྐྱོད་པའི་ང་རྒྱལ་འཛིན་དུ་བཅུག་ལ། ཐུན་མོང་གི་བརྟུལ་ཞུགས་འདྲ། ཚིགས་བཅད་ལ་ཧེ་རུ་ཀ་དཔལ་སྦྱར། ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་ནི་སློབ་མ་ཧེ་རུ་ཀའི་ང་རྒྱལ་འཛིན་དུ་བཅུག་ལ། ཀ་པཱ་ལ་མི་དམིགས་པ་ལས་ཀ་པཱ་ལ་ཉིད་དུ་བསྐྱེད་པ་སྙིང་ཁར་འཛིན་དུ་བཅུག་ལ་ཟག་པ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་སྐྱོང་བའི་མཚོན་བྱེད་དུ་བསྟན། ཁ་ཊཱཾ་ག་གྲུ་མོར་འཛིན་དུ་བཅུག ཚངས་པའི་སྐུད་པ་ཉིས་རིམ་སེ་རལ་ཁར་བཅིངས་ལ། རིག་པ་བྱང་ཆུབ་ཀྱི་སེམས་དེ་ཡང་ཐབས་ཤེས་རབ་གཉིས་མེད་ཡིན་པའི་ཚོན་བྱེད་དུ་བསྟན། གཡས་སུ་ཨོཾ་ལས་བསྐྱེད་པའི་གྲི་གུག་དང་ཌཱ་མ་རུ་བྱིན་ལ་ཆོས་ཐམས་ཅད་སྟོང་པ་ཉིད་སྟོན་པའི་ཆོས་ཀྱི་སྒྲའི་མཚོན་བྱེད་དང་ང་རྒྱལ་ལ་སོགས་པའི་སྐྱོན་དྲུག་གཅོད་པའི་མཚོན་བྱེད་ཡིན་ནོ་ཞེས་བརྡ་སྤྲད་དེ། ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག །རྣལ་འབྱོར་མ་ནི་ཌཱ་མ་རུ། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང་། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །གྲི་གུག་དང་ནི་ཀ་པཱ་ལ། །དཔའ་བོ་ཆེན་པོས་བླང་བར་གྱིས། །དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་རྡོ་རྗེ་དང་མི་འབྲལ་བར་གྱིས་ཤིག་པའི་བརྡ་ཡིན་ནོ་ཞེས་བརྗོད། དེ་ནས་མཎྜལ་ཕུལ་ནས། དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་བགྱིད། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། སློབ་མ་སེང་གེའི་ཁྲིའི་སྟེང་དུ་པད་ཟླའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞག་པ་ལ་བཀྲ་ཤིས་ཀྱི་ཚིགས་བཅད་སྔོན་དུ་འགྲོ་བས་རྡོ་རྗེའི་དམ་ཚིག་དང་། དེ་ཁོ་ན་ཉིད་འདྲ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་བརྗོད་བྱ་རང་གི་སེམས་ཉིད་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་ཡིན་པ་མཚོན་བྱེད་དུ་བསྟན། དྲིལ་བུའི་དམ་ཚིག འདི་དེ་སངས་རྒྱས་ཐམས་ཅད་སོགས་དང་། སྲིད་པ་ངོ་བོ་ཉིད་ཀྱིས་དག་སོགས་ཀྱི་མཐར། ཨོཾ་བཛྲ་གྷཎྜེ་ཨཿཞེས་བརྗོད་ལ་སྟེང་འོག་ཏུ་བསྣོལ་ཏེ་འཁྱུད་པའི་སྟངས་ཀ་བྱས་ལ་སེམས་ཉིད་གཉིས་སུ་མེད་པའི་རྗོད་བྱེད་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་མཚོན་བྱེད་དུ་བསྟན། དེ་ནས་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་སྙེམས་མ་ལོ་བཅུ་དྲུག་མ་ལྟ་བུ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། པད་ཟླའི་སྟེང་ན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་བསྒོམས་ལ། རྡོ་རྗེ་རབ་གནས་རྡོ་རྗེ་ཉིད་སོགས་ཚིགས་བཅད་གཅིག་དང་། དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱིས་ཀྱང་མཐུན་པར་གསུངས། །དཀྱིལ་འཁོར་ཆོ་ག་བཞིན་དུ་ནི། །ཁྱེད་ཀྱིས་ནན་ཏན་བསྐྱེད་ལ་བྲིས། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །ཞེས་བརྗོད་དེ་ཉོན་མོངས་པ་དང་ཕུང་པོ་ཐམས་ཅད་དག་པས་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ངོ་བོ་རྣམ་པ་རྡོ་རྗེ་སེམས་དཔར་གྱུར་པར་བསམ་མོ། །བརྟན་བྱེད་ཀྱི་ཆུས་དབང་བསྐུར་མི་བསྐྱོད་པས་རྒྱས་བཏབ་ནས། དེས་ལུས་ཀྱི་དྲི་མ་དག་པའི་རྟགས་ལུས་རྣམ་སྣང་དུ་གྱུར་པར་དྲན་པར་བྱའོ། །མཐའ་བརྟེན་རྗེས་གནང་ལ་བཞི་ལས། ལྷ་མཆོད་པའི་རྗེས་གནང་དང་། སེམས་ཅན་གྱི་དོན་བྱེད་པ་ལ་མིག་ཐུར་མེ་ལོང་གཉིས་འདྲ། ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་གནང་ནི། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་དུ་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཞེས་བརྗོད་ལ་འཁོར་ལོ་རྐང་པའི་བར་དུ་སྦྱིན། ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཞེས་སོགས་ཚིགས་བཅད་གཅིག་གིས་དུང་བྱིན་ལ་འབུད་དོ། །དངོས་གྲུབ་བསྒྲུབ་པའི་རྗེས་གནང་ནི། །ཞི་དང་རྒྱས་དང་དབང་དང་དགུག །སྡང་བར་བྱ་དང་གནོད་སོགས་དང་། །གསོད་དང་བསྐྲད་པ་ཐམས་ཅད་དེ། །ལས་དེ་རྣམས་ནི་བསྒྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང་། །མཆིལ་ལྷྭམ་དེ་བཞིན་རིལ་བུ་སྟེ། །རྣལ་འབྱོར་མ་ཡི་དངོས་གྲུབ་སྒྲུབ། །དེ་ནི་ཅི་དགར་བསྒྲུབ་པར་གྱིས། །ཞེས་བརྗོད་དོ། །དེ་ལྟར་ན་རས་བྲིས་ཀྱི་དཀྱིལ་འཁོར་དུ་ཞུགས་ནས་བུམ་པའི་དབང་བཅུ་གཅིག་ཐོབ་པས་ལུས་ཀྱི་དྲི་མ་དག རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུང་བ་ལ་དབང་། རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་ནས་ཐེག་པ་དམན་པར་མི་ལྡོག་པའི་ཆ་ནས་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པ་ཞེས་བྱའོ་ཞེས་བརྡ་སྤྲད་དོ། །དེ་ནས་གསང་དབང་གི་ཡོན་དུ་ཕྱག་དང་མཎྜལ་ཕུལ་ཏེ། ཁྱོད་ནི་ཧེ་རུ་ཀ་དཔལ་ཏེ། །བདེ་གཤེགས་རྣམས་ཀྱི་བདེ་སྤེལ་མཛད། །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱིས། །ཡང་དག་དོན་མཆོག་རྣམ་དག་པ། །ཅི་ལྟར་དེ་ཉིད་བདུད་རྩི་ཡི། །དབང་གི་མཆོག་ནི་བསྐུར་བ་བཞིན། །དེ་བཞིན་བདག་ལ་འཁོར་བ་ཡི། །སྡུག་བསྔལ་རྣམས་ནི་སེལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མེད་མཆོག །མ་རིག་ཉེས་པའི་རབ་རིབ་འཇོམས། །གང་ཕྱིར་བྱང་ཆུབ་བླ་མེད་པ། །དེ་རིང་བདག་གིས་ཐོབ་པར་མཛོད། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་བླ་མས་ཤེས་རབ་མ་བདག་མེད་མར་བསྐྱེད་དེ་ཡན་ལག་བཞི་རྫོགས་སུ་བྱ། མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་འཇུག་བྱ་སྟེ། རང་གི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་མཚན་མའི་ལྟེ་བའི་ཧཱུྃ་ལས་འོད་འཕྲོས་ཏེ། ཕྱོགས་བཅུ་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སྤྱན་དྲངས་ཏེ། ཐུགས་ཀར་ཐིམ་པས་རྗེས་ཆགས་ཀྱི་མེས་བཞུ་ནས་བྱང་ཆུབ་ཀྱི་སེམས་ནོར་བུའི་རྐེ་རུ་ཕྱིན་པ་དང་། ཨ་ནུ་རཱ་ག་སོགས་བརྗོད་ནས་རྗེས་སུ་ཆགས་པའི་རྡོ་རྗེའི་རང་བཞིན་ང་ཡིན་ནོ་ཞེས་ང་རྒྱལ་བྱ། དེ་ནས་བྱང་ཆུབ་ཀྱི་སེམས་བོ་ལའི་ཁ་རྐེར་མཐེབ་སྲིན་གྱིས་མནན་ལ་སློབ་མའི་ཁར་དྲངས་ཏེ། ཉེ་བར་ལོངས་སྤྱོད་ལ་བདེ་བར་མནོས་ཤིག་ཅེས་བསྒོ། དེས་ཀྱང་ཨེ་མ་རེ་བདེ་ཞེས་བརྗོད་ལ་འཐུངས་པའི་རྗེས་ལ་བདེ་བ་ཆེན་པོ་དཔལ་ཧེ་རུ་ཀའི་བདག་ཉིད་ནི་བདག་གོ་ཞེས་བརྗོད། དེ་ནས་དཀྱིལ་འཁོར་དང་། དབང་དང་། དྲི་མ་དང་། དམ་ཚིག་སྔ་མའི་རིགས་བསྒྲེས་ནས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་དང་སྐལ་བ་མཉམ་པར་འགྱུར་རོ་ཞེས་བརྗོད། མཐའ་བརྟེན་ལུང་བསྟན་ནི་སློབ་དཔོན་གྱིས་གཡོན་པས་ཆོས་གོས་ཀྱི་གྲྭ་རྟའི་རྣ་བ་ལྟར་བཟུང་། གཡས་པས་མི་འཇིགས་པའི་ཕྱག་རྒྱ་བྱས་ཏེ། འདི་ལྟར་ང་ཡིས་ལུང་བསྟན་ཏེ། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །དངོས་པོ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཤྲཱི་ཤེ་རུ་ཀ་ནཱ་མ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སཏྭཾ་བྷུར་བྷུ་ཝཿསྭཿཞེས་པའི་མཐར་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་ལུང་བསྟན་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་པར་འགྱུར་རོ་ཞེས་ངེས་པའི་ཤེས་པ་བསྐྱེད་དོ། །དེ་ལ་དགའ་བ་བསྐྱེད་པ་ནི་གཟེངས་བསྟོད་པའོ། །དེ་ནས་དབུགས་དབྱུང་བ་ནི་ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །ཞེས་པ་ནས་ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད་ཞེས་པའི་བར་ཚིགས་རྐང་དྲུག་དང་། དབང་འདི་བསྐུར་བ་ཙམ་གྱིས་ནི། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སློབ་དཔོན་ཉིད་ཀྱང་བདེ་བ་ཡི། །བརྟན་གཡོ་ཀུན་གྱི་དམ་ཚིག་ཡིན། །ཞེས་བརྗོད་དེ་དེའི་དོན་ཡང་བཤད་དོ། །དེ་ལ་དགའ་བ་སྐྱེས་པས་གཟེངས་བསྟོད་པ་སྟེ་དབུགས་དབྱུང་ཞིང་གཟེངས་བསྟོད་པའོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་ཕྱག་དང་མཎྜལ་ཕུལ་བ་དང་། གསོལ་བ་གདབ་པ་སྔར་བཞིན་བྱས་ཏེ། བླ་མས་ཤེས་རབ་མ་སྔར་ལྟར་ཡན་ལག་བཞི་རྫོགས་སུ་བྱས་ནས་ཤེས་རབ་མ་དང་སློབ་མ་ལ་བཀའ་བསྒོ་བར་བྱ་སྟེ། ཁྱོད་ཀྱིས་འདོད་ཆགས་སྤང་དུ་མི་རུང་གི་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རོལ་པ་མཛད་པ་ལས་ཡེ་ཤེས་ཆེར་སྐྱེས་ཏེ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་པས། ཁྱོད་ཀྱིས་ཀྱང་འདོད་ཆགས་སྤང་དུ་མི་རུང་སྟེ་གཉིས་སུ་མེད་པའི་རོལ་པ་བྱོས་ཤིག་ཡེ་ཤེས་སྐྱེ་བར་འགྱུར་གྱི་ཞེས་བརྗོད་ནས་ཤེས་རབ་མས། ཁྱོད་ཀྱིས་ནུས་སམ་རྡོ་རྗེ་ཅན། །དྲི་ཆེན་དྲི་ཆུའི་བཟའ་བཏུང་དང་། །རཀྟ་ག་པུར་མཱཾ་ས་དང་། །བུད་མེད་མོས་པས་དད་ནུས་སམ། །བྷ་གར་འོ་བྱེད་མི་རྟོག་གམ། །སྨྲོས་ཤིག་རྡོ་རྗེ་བདེ་བ་ཅན། །ཞེས་དྲིས། སློབ་མས། ལྷ་མོ་ཅི་ཕྱིར་བདག་མི་དད། །དྲི་ཆེན་ས་བོན་སོགས་ཟ་ཞིང་། །ཤེས་རབ་ཡང་དག་དད་པར་བགྱིད། །བྷ་ག་ལ་ཡང་འོ་བགྱིད་དོ། །ཞེས་ལན་བརྗོད། དེ་ནས་ཤེས་རབ་མ་གཅེར་བུར་ཕྱུང་ལ། ཁྲུས་བྱས་ནས་དྲི་ཞིམ་པོས་བྱུགས་ཏེ་གཅེར་བུར་མེ་ཏོག་གི་ཕྲེང་བ་མགོ་ལ་བཅིངས་ལ་ལག་པ་གཉིས་ཀྱིས་དྲིལ་བུ་གཉིས་བཟུང་ནས་ཁ་ཕྱེ་ལ་འདི་སྐད་བརྗོད་དོ། །རྨད་བྱུང་ང་ཡི་པདྨ་འདི། །ཐམས་ཅད་བདེ་བ་ཡང་དག་ལྡན། །རྟག་ཏུ་རིམ་བཞིན་འདི་ལ་སྤྱོད། །འདི་དང་ནམ་ཡང་མི་འབྲལ་ལོ། །ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཁམས་ནི་རྣམ་པར་གྲོལ། །ཁྲག་འཐུང་རྒྱལ་པོ་འདི་ཉིད་ནི། །རང་བཞིན་ཐམས་ཅད་འདི་ལ་གནས། །ནང་གི་རྩ་ཡི་འཁོར་ལོ་ལ། །པདྨ་ལ་ཞུགས་རབ་ཏུ་ཟུང་། །བྷ་གའི་ནང་དུ་ནམ་མཁའ་བཞིན། །འབྱུང་བ་ལྔ་པོ་རྒྱས་ཤིང་འཆང་། །ལྟེ་བ་ལ་ནི་གེ་སར་བཅས། །འདབ་མ་བརྒྱད་ཀྱིས་རྣམ་པར་བརྒྱན། །དེ་ཡི་དབུས་ནས་འབྱུང་བ་ཡིན། །དེ་ཉིད་བདུད་རྩི་ཤུ་ཀྲའི་གཟུགས། །བྷཉྫཱ་མོཀྵ་ཧོ། །ཞེས་བརྗོད་ཅིང་པང་དུ་བྱོན་པར་བསམ། དེ་ནས་འདུ་ཤེས་གསུམ་ལྡན་སྔོན་དུ་སོང་བའི་སྒོ་ནས་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་བོ་ལའི་རྐེར་ཕྱིན་པ་ལས་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་བས་ཇི་ལྟར་གནས་པའི་བར་དུ་བསྒོམ་མོ། །དེས་མ་ཐུབ་ན་ཀཀྐོ་ལར་ཕྱུང་ལ་དེ་ཉིད་ལྕེས་བླངས་ཏེ་མྱངས་པས་དེ་ལས་ཡེ་ཤེས་སྐྱེ་བས་ན་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བྱའོ། །དེ་ལ་དགའ་བ་རྣམ་པ་བཞི་ནི། དགའ་བ་དང་། ཡང་དག་པའི་དགའ་བ་དང་། རང་བཞིན་གྱི་དགའ་བ་དང་། ཁྱད་པར་གྱི་དགའ་བ་དང་བཞིའོ། །དེ་ལ་དགའ་བ་ནི་བི་ཙ་ཡ་ན་བྱ་བ་ནས་བོ་ལའི་རྩར་ཕྱིན་པའི་བར་རོ། །ཡང་དག་པའི་དགའ་བ་ནི་དཀྱིལ་དུ་ཕྱིན་པ་ཙམ་མོ། །རང་བཞིན་གྱི་དགའ་བ་ནི་བོ་ལའི་རྐེར་ཕྱིན་པ་ལ་བྱ་སྟེ། དེ་ནི་མི་རྟོག་པ་བསྐྱེད་པར་བྱེད་པའོ། །འོ་ན་དེ་གར་གཏོགས་པ་ཡིན་ཞེ་ན། སྨྲས་པ་འཁོར་ལོ་བཞིའི་རང་བཞིན་དང་མཉམ་པར་བྱ་བར་རོ། །འོ་ན་ཁྱད་པར་དགའ་བའི་གྲངས་སུ་མི་འགྲོ་ན་དགའ་བ་ནི་གསུམ་ལས་མེད་པས་འཁོར་ལོ་བཞི་དང་དགའ་བ་བཞི་ཇི་ལྟར་སྦྱར་ཞེ་ན། སྨྲས་པ་ཁྱད་པར་ཡང་དགའ་བའི་གྲངས་སུ་འགྲོ་སྟེ། གང་གི་ཕྱིར་དགའ་བ་ཆེན་པོ་མེད་ཀྱང་སྐད་ཅིག་མའི་དགའ་བའི་གྲངས་ཙམ་ཡོད་པས་ཀྱང་མི་འགལ་ལོ། །རྒྱུད་ལས་ཀྱང་དགའ་བ་བཞི་ཆར་བསྟན་པས་འཁོར་ལོ་བཞི་དང་སྦྱར་བ་མི་འགལ་ལོ་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཡིན་ནོ། །དེས་ནི་ཡིད་ཀྱི་ཉེས་པ་ཐམས་ཅད་དག་པར་བྱེད་པས་ཐུགས་ཀྱི་དབང་ཞེས་བྱའོ། །དེ་ལྟ་བུའི་དབང་ཐོབ་པའི་རྣལ་འབྱོར་པ་ནི་རིགས་ལྔའི་སངས་རྒྱས་དང་སྐལ་བ་མཉམ་པར་འགྱུར་རོ། །དབང་བཞི་པ་ནི་གཞུང་ན་མེད་ཀྱང་ཕྱག་ལེན་ལ་མན་ངག་ལུགས་ལྟར་མཛད་དོ། །རྗེས་ཀྱི་ཆོ་ག་འདྲའོ། །མཚོ་སྐྱེས་ལུགས་ཀྱི་ཕྲ་མིག་ལ། །མན་ངག་ལུགས་ཀྱི་ཕྲ་བཏབ་པའི། །ཆོ་གའི་དབུ་རྒྱན་གོན་འདོད་པ། །དག་གི་དོན་དུ་འདི་སྦྱར་རོ། །རྒྱུས་མེད་རྣམས་ཀྱིས་འདི་མཐོང་ན། །ལྷག་ཆད་ཉེས་པས་གོས་ཉེན་ཡོད། །རྒྱུས་ཅན་གཅིག་ལ་ཚེགས་མེད་པར། །ཆོ་ག་དག་ཅིང་ཚང་བ་འབྱུང་། །ཨྀཐི། ཀ་རནྟ་དང་ངུར་པ་དང་། །ལུགས་དང་བྱིའུ་ཙ་ཀོ་ར། །བྱེ་ཁྲ་ཧོར་ཁྲ་འོལ་པ་ཉ། །སྟོབས་ཀྱི་རྒྱུ་དང་རིགས་ལྡན་དང་། །དུང་སྐྱོང་པདྨ་པད་ཆེན་དང་། །འཇོག་པོ་ནོར་རྒྱས་མཐའ་ཡས་འཛིན། །རིན་ཆེན་སྒྲོལ་མས་ལེགས་པར་འཁྱུད། །ཐོར་ཚུགས་ཅོད་པཎ་གྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་རབ་བསྔགས་པའི། །རིན་ཆེན་དག་གི་ཅོད་པཎ་དང་། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །དོམ་དང་བྱ་རྒོད་དེ་བཞིན་བསེ། །བ་མེན་སྟག་དང་སྤྲེའུ་དང་། །ཆུ་སྲིན་ལྕེ་སྤྱང་གཡས་པ་ན། །ཁྭ་ཏ་འུག་པ་བྱ་དཀར་དང་། །སེང་གེ་ས་ར་ས་དང་ར། །ཀྲིཥྞ་ས་ར་ཕག་རྣམས་འཛིན། །གོས་དཀར་མོ་དང་གཉིས་མེད་སྦྱོར། །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །གཟའ་ལྷག་ཕུར་བུ་མཇུག་རིངས་དང་། །སྒྲ་གཅན་མིག་དམར་པ་སངས་དང་། །སྤེན་པ་ཁྱབ་འཇུག་གཡས་པ་ན། །དབང་པོ་ཚངས་པ་དྲག་པོ་བདུད། །གཤོལ་མདའ་འཛིན་དང་ལྷ་དམ་པ། །ཐགས་བཟངས་རིས་དང་སྟོབས་ལྡན་འཛིན། །སྒྲོལ་མ་དང་ནི་གཉིས་མེད་སྦྱོར། །རྨ་བྱ་མ་ཧེ་ཆུ་སྲིན་ཉ། །རུས་སྦལ་ཀླུ་དང་ངང་སྐྱ་དང་། །རི་བོང་གཡས་ཀྱི་ཐོད་པ་ན། །སྦལ་པ་ཐུ་བོ་སྤྲིན་ཤུགས་དང་། །སྦྲུལ་དང་རྩངས་པ་བྱི་བ་གཡག །གླ་བ་བྱ་བཞད་གཡོན་ན་འཛིན། །སངས་རྒྱས་སྤྱན་དང་གཉིས་མེད་སྦྱོར། །ཤུ་བྷཾ།། ༄། །སམྦུ་ཊའི་ཆོ་གའི་གསལ་བྱེད་བཞུགས།། བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བསྡུས་པའི་དཀྱིལ་འཁོར་རྡོ་རྗེ་དབྱིངས་ཀྱི་སྒྲུབ་པའི་ཐབས་ཀྱི་སྐབས་སུ་ཐུགས་ཀར་ཡིག་འབྲུའི་དཀྱིལ་འཁོར་རྫོགས་པར་གྱུར་པའི་རྗེས་སུ་ས་བོན་ཙམ་ལས་ལྷ་སུམ་ཅུ་རྩ་བདུན་བསྐྱེད་པའམ་རྡོ་རྗེ་ཆོ་ག་གསུམ་ལས་བསྐྱེད་པ་འདམ་ཁ་ཅན་དུ་གནད་ཀྱི་གསལ་བྱེད་ལས་གསུངས་པས། དེ་གཉིས་གང་རུང་གིས་ཕྱོགས་གཅིག་ཏུ་བསྐྱེད། དེ་ནས་འབྱིན་སྔགས་ཀྱིས་ཕྱིར་ཕྱུང་སྟེ་མཛད་པ་མཛད་ནས་སོ་སོའི་གདན་གྱི་སྟེང་དུ་འཁོད་པ་ལས་ཞལ་ཕྱག་གསལ་གདབ་བོ། །རྡུལ་ཚོན་གྱི་དཀྱིལ་འཁོར་སྒྲུབ་པའི་སྐབས་སུ་གནད་ཀྱི་གསལ་བྱེད་ལས་དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ནི་ཚོགས་གཉིས་ཡོངས་སུ་རྫོགས་པའི་རྗེས་ལ་ཞེས་བྱ་སྟེ། ཚོགས་ཡོངས་སུ་རྫོགས་པ་དེས་འོག་མིན་གྱི་གནས་སུ་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་དེའི་རྗེས་ལ་རི་རབ་ལ་སོགས་པར་སྤྲུལ་བཤད་བྱེད་པས་ན་བརྟེན་བསྐྱེད་པ་དེའི་ཕྱི་ནས་སོ། །ཡང་ན་ཚོགས་ཡོངས་སུ་རྫོགས་པས་ས་བཅུ་པའི་དུས་སུ་ཞིང་ཡོངས་སུ་དག་པ་འབྱུང་བས་དང་པོར་རྟེན་བསྐྱེད་ལ་དེ་ནས་བདག་ཉིད་འཚང་རྒྱ་བ་འབྱུང་། དེ་ནས་དཀྱིལ་འཁོར་དུ་ལྷ་སྤྲུལ་པ་འབྱུང་ངོ་། །དེ་ལྟར་ཚུལ་གཉིས་སུ་སློབ་དཔོན་བྷ་བིའི་ལྷས་ཀྱང་གསུངས་སོ། །དེ་ལ་ལུགས་ཕྱི་མ་ནི་གོང་དུ་བསྙེན་པའི་སྐབས་སུ་བསྟན་ཟིན་ལ། འདིར་རྟེན་བསྐྱེད་པ་ཕྱིའི་རྡུལ་ཚོན་བྱིན་གྱིས་བརླབས་པ་དང་འབྲེལ་བས་ཕྱིས་བྱས་ན་བདེའོ། །སྤྱིར་དུ་ན་གང་བྱས་ཀྱང་འགལ་བ་མེད་དོ། །དེ་བས་ན་དེ་ནས་ཞེས་བྱ་བ་ནི་ཚོགས་གཉིས་ཡོངས་སུ་རྫོགས་པ་དེ་ནས་སོ། །འདི་ལ་ལྔ་སྟེ་རང་གི་སེམས་སོ་སོར་རྟོག་པ་ཞེས་པ་ནས་མངོན་བྱང་ལྔའི་ཆོ་ག་རྒྱས་པར་གསུངས་ཏེ་མཇུག་ཏུ། དེ་ལྟར་དེ་ཡན་ཆད་ནི་དང་པོ་རྣལ་འབྱོར་གྱི་ཏིང་ངེ་འཛིན་ཏེ་ངོ་བོ་ཉིད་ཀྱི་སྐུའོ། །དཀྱིལ་འཁོར་རྒྱལ་མཆོག་བསྟན་པའི་ཕྱིར་ཐབས་དང་ཤེས་རབ་ཀྱི་སྦྱོར་བ་བྱས་པས་དེ་བཞིན་གཤེགས་པ་ཐམས་ཅད་འབྱུང་བར་བསྟན་པ་ནི་དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྟེ་དོན་ནི་འདི་ཡིན་ཏེ། རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པར་བྱས་ཏེ་སྙོམས་པར་ཞུགས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། ཞལ་ནས་ཞུགས་ཏེ་ཐུགས་ཀར་འོད་དུ་ཞུ་སྟེ། བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡུམ་གྱི་བྷ་གར་ཕབ་ལ། དེ་ལས་སོ་སོའི་ས་བོན་དུ་བསྐྱེད་ཞེས་བྱ་བའི་དོན་ཏོ། །འདི་ནི་གནས་བསྐྱེད་པའི་རྗེས་ལ་སྦྱར་རོ་ཞེས་དང་། བརྟེན་པ་ལྷ་བསྐྱེད་པ་ནི་ཧཱུྃ་གི་སྔགས་ཞེས་བྱ་བ་ལ་སོགས་པ་སྟེ། སྔར་བསྟན་པ་བཞིན་ཡི་གེའི་དཀྱིལ་འཁོར་བསྐྱེད་ལ་དེ་ནས་གཙོ་བོའི་ས་བོན་ཡི་གེ་ཧཱུྃ་རང་གི་ཐུགས་ཀ་ནས་ཕྱུང་སྟེ་དཀྱིལ་འཁོར་གྱི་དབུས་སུ་བཀོད་ལ། དེར་མངོན་པར་བྱང་ཆུབ་པ་ལྔ་ལས་གཙོ་བོ་བསྐྱེད་པར་བྱའོ། །དེ་ནས་འཁོར་བསྐྱེད་པ་ནི་ཤར་དུ་ནི་རྣམ་པར་སྣང་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྟེ། ས་བོན་ཙམ་ལས་བསྐྱེད་པའམ་ཡང་ན་ཆོ་ག་གསུམ་ལས་བསྐྱེད་པར་བྱའོ་ཞེས་གསུངས། འདི་དག་གི་དོན་སྔོན་འགྲོ་རྣམ་གསུམ་སྔོན་དུ་སོང་ནས་ཡི་གེ་བརྒྱ་པའི་བསྒོམ་བཟླས་ནས་བཟུང་སྟེ། ཡེ་ཤེས་ཚོགས་བསག་གི་བར་བྱས་ནས་སྟོང་པའི་ངང་ལས་མངོན་པར་བྱང་ཆུབ་པ་ལྔ་ལས་བདག་ཉིད་གཙོ་བོ་ཡབ་ཡུམ་གྱི་སྐུར་བསྐྱེད། དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ཡཾ་ཧཱུྃ་ནས་གདན་བསྐྱེད་པའི་བར་སྒྲུབ་ཐབས་ལྟར་བྱས་པའི་རྗེས་སུ། རང་གཙོ་བོ་ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབ་པ་ནས་ཐུགས་ཀར་ཡིག་འབྲུའི་དཀྱིལ་འཁོར་རྫོགས་པའི་བར་བྱས་ལ། དེའི་དབུས་ཀྱི་ཡི་གེ་ཧཱུྃ་བཏོན་ནས་མདུན་བསྐྱེད་ཀྱི་དབུས་ཀྱི་གདན་གྱི་སྟེང་དུ་བཀོད་པ་རང་གི་སེམས་སོ་སོར་རྟོག་པར་བསམ་པ་ནས་མངོན་བྱང་ལྔས་གཙོ་བོ་ཡབ་ཡུམ་གྱི་སྐུར་བསྐྱེད། དེ་ནས་རྣམ་སྣང་ལ་སོགས་པའི་འཁོར་རྣམས་ཐུགས་ཀར་ས་བོན་ལས་བསྐྱེད་པའམ་ཆོ་ག་གསུམ་ལས་བསྐྱེད་པ་གང་རུང་བྱས་ནས་ཕྱིར་སྤྲོས་ཏེ་མཛད་པ་མཛད་པའམ་མ་མཛད་ཀྱང་རུང་སྟེ། སོ་སོའི་གདན་གྱི་སྟེང་དུ་བཀོད་ནས་ཞལ་ཕྱག་གསལ་གདབ། དེ་ནས་སྟ་གོན་གྱི་ལྷ་གཞུག་པ་སོགས་དཀྱུས་བཞིན་ནོ། །འདི་ནི་འོག་མིན་གྱི་གནས་སུ་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་དེའི་རྗེས་སུ་རི་རབ་ལ་སོགས་པར་སྤྲུལ་བཤད་བྱེད་པའི་དོན་ཡིན་ལ། ཡང་ཚོགས་ཡོངས་སུ་རྫོགས་པས་ས་བཅུ་པའི་དུས་སུ་ཞིང་དག་པ་འབྱུང་བའི་དབང་དུ་བྱས་ནས་ཚོགས་གཉིས་བསགས་པའི་རྗེས་སུ་རྡུལ་ཚོན་གྱི་དཀྱིལ་འཁོར་གདན་བཅས་བསྐྱེད་ནས། བདག་ཉིད་མངོན་བྱང་ལྔ་ལས་གཙོ་བོ་ཡབ་ཡུམ་དུ་བསྐྱེད། དེ་ནས་མཁའ་གསང་བྱིན་གྱིས་བརླབ་པ་ནས་བཟུང་སྟེ་མདུན་གྱི་ལྷ་བསྐྱེད་པ་སྔ་མ་དང་འདྲའོ། །བདག་མདུན་ཐ་མི་དད་མ་ཡིན་ཀྱང་བསྲེས་ཤིང་འབྱུང་བའི་བསྒྲུབ་ཚུལ་འདི་ནི་རྒྱུད་འགྲེལ་ཁྱད་པར་ཅན་འདིའི་ལུགས་ཐུན་མོང་མ་ཡིན་པར་སྣང་ངོ་། །རྗེ་བླ་མས་ཐོག་མར་བདག་བསྐྱེད་དག་པ་དྲན་པའི་དབང་དུ་བྱས་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྒྲུབ་པར་གསུངས་པ་ནི་ལས་དང་པོ་པ་ཆོ་ག་རྒྱས་ཤིང་དམིགས་པ་གསལ་བའི་དབང་དུ་མཛད་པ་ཡིན་ལ་དེའི་ལྟར་ན་ཡང་མདུན་བསྐྱེད་ཀྱི་ལྷ་བསྒྲུབ་པའི་ཚུལ་ནི་སྔ་མ་དེ་བཞིན་དུ་བྱ་བ་དགོངས་པ་ཡིན་ལ། ས་ཆོག་དང་མ་འབྲེལ་བའི་ལྷ་སྟ་གོན་དང་། བུམ་པ་སྟ་གོན་གྱི་སྐབས་སུ་ཡང་གཙོ་བོ་བདག་བསྐྱེད་ཀྱི་སྙིང་གའི་ཧཱུྃ་ཕྱིར་ཕྱུང་སྟེ་མངོན་བྱང་ལྔ་ལས་བསྐྱེད་པ་དང་། འཁོར་རྣམས་བདག་བསྐྱེད་ཀྱི་ཐུགས་ཀར་རྡོ་རྗེ་ཆོ་ག་གསུམ་མམ་ས་བོན་ལས་བསྐྱེད་པ་གང་རུང་བྱས་ནས་ཕྱིར་སྤྲོས་ཏེ་འཁོད་པ་འདི་ཁོ་ན་བཞིན་དགོངས་པ་ཡིན་ནོ། །དེང་སང་གི་ལག་ལེན་པ་དག་མདུན་བསྐྱེད་གསུམ་ཆར་ལ་གཙོ་བོ་མངོན་བྱང་ལྔས་བསྐྱེད། འཁོར་རྣམས་དེའི་ཐུགས་ཀ་ནས་འབྱིན་པར་བྱེད་པ་ནི་རྒྱུད་འགྲེལ་གྱི་དགོངས་པ་ཡང་མ་ཡིན་ཅིང་། རྗེ་བླ་མའི་དགོངས་པ་ཡང་མ་ཡིན་ཏེ། ཚོགས་གཉིས་སྙེ་མར་དེ་ནས་ཚོམ་བུ་དབུས་མའི་སྟེང་དུ་རང་གི་སེམས་སོ་སོར་རྟོག་པ་ཞེས་སོགས་ནས་མངོན་བྱང་ལྔས་གཙོ་བོ་བསྐྱེད། འཁོར་རྣམས་དཀྱིལ་འཁོར་རྒྱལ་མཆོག་གི་ཚུལ་གྱིས་བསྐྱེད་པ་ནས་བརྩམ་ཏེ་ཞེས་དང་། དབང་གི་སྙེ་མར་བུམ་པ་སྟ་གོན་གྱིས་སྐབས་སུ་རྣམ་རྒྱལ་བུམ་པར་མངོན་བྱང་ལྔས་གཙོ་བོ་ཡབ་ཡུམ་བུམ་པ་གཞན་རྣམས་སུ་འཁོར་རྣམས་འབྱིན་པའི་ཚུལ་དུ་བསྐྱེད་དེ་ཞེས་དང་། མདུན་བསྐྱེད་བསྒྲུབ་པའི་སྐབས་སུ་རང་ཤར་ཕྱོགས་ཀྱི་སྒོ་ཁང་ན་གནས་པའི་ཐུགས་ཀ་ནས་ཡི་གེ་ཧཱུྃ་སྤྲོས་ལ་དེ་དཀྱིལ་འཁོར་གྱི་དབུས་ཀྱི་མཚན་མ་ལ་ཐིམ་པས་དེ་རང་གི་སེམས་སོ་སོར་རྟོག་པར་མོས་ལ། དང་པོ་སྦྱོར་བའི་ཚུལ་གྱིས་གཙོ་བོ་བསྐྱེད། དེ་ནས་དཀྱིལ་འཁོར་རྒྱལ་མཆོག་གི་ཚུལ་གྱིས་འཁོར་རྣམས་ཐུགས་ཀ་ནས་སྤྲོས་མཛད་པ་མཛད། སླར་འདུས་སོ་སོའི་མཚན་མ་དང་རོ་གཅིག་ཏུ་གྱུར་པ་ལས་འཁོར་རྣམས་བསྐྱེད་དོ་ཞེས་གསུངས་པའི་ཐུགས་ཀ་ནས་སྤྲོ་བ་བདག་བསྐྱེད་ཁོ་ན་ལ་དགོངས་པར་ཚིག་འགྲོས་དེ་ཉིད་ཀྱིས་ཀྱང་ཤེས་པའི་ཕྱིར་དང་། རྒྱུད་འགྲེལ་ཆེན་པོའི་དགོངས་པ་ལྟར་མཛད་པ་ཡིན་པའི་ཕྱིར་རོ། །ཞེས་པ་འདི་ནི་རང་ཉིད་དྲན་པ་གསོ་བ་དང་། རྣམ་དཔྱོད་དང་ལྡན་ཞིང་བློ་གཟུ་བོར་གནས་པ་འགའ་ཞིག་ལ་ཕན་པའི་ཕྱིར་དུ་རྒྱུད་གསུམ་སྨྲ་བ་བསོད་ནམས་སེང་གེས་བྲིས་པའོ།། ༄། །དབང་ཆུ་ཆེན་མོའི་ས་ཆོག་གི་གསལ་བྱེད་བཞུགས།། ༈ །དཀྱིལ་འཁོར་རྒྱ་མཚོའི་རིགས་བདག་རྡོ་རྗེ་འཆང་། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ནས། །བདུད་དཔུང་ཚར་གཅོད་ས་གཞི་བྱིན་བརླབ་པའི། །ཆོ་གའི་རིམ་པ་གསལ་པོར་བྲི་བར་བྱ། །ཐོག་མར་ས་བསླང་ཕྱོགས་སྐྱོང་རྣམ་གཉིས་ལ། །ཞི་བས་བསླང་ཞིང་བགེགས་རྣམས་དྲག་པོས་བསྐྲད། །བགེགས་སྦྱང་དབུས་དང་ཕྱོགས་བཞིར་སློབ་དཔོན་ལྔ། །ཕྱི་ནང་མཆོད་པ་དང་བཅས་འདུག་ནས་ནི། །གནས་མཆོད་བྱིན་བརླབས་ཕྱོགས་བཞིའི་སློབ་དཔོན་གྱིས། །དགའ་ཆེན་ཁྱོད་བདག་སོགས་ཀྱིས་གསོལ་བ་གདབ། །ཀུན་གྱིས་རྣལ་འབྱོར་རྫོགས་པར་བསྒོམས་རྗེས་སུ། །ཕྱོགས་བཞིར་གནས་པས་ཕྱི་ནང་མཆོད་པས་མཆོད། །སྤྲུལ་ཕྱིར་ཚིགས་བཅད་བཞི་ཡིས་གསོལ་བ་གདབ། །དཀྱིལ་འཁོར་བཏེག་སྟེ་རྣམ་ལྔ་འདོད་སྐོར་གྱིས། །རྡོ་རྗེ་དྲིལ་འཛིན་ལངས་ནས་མིག་རྐང་རྣམས། །བྱིན་བརླབས་བགེགས་རྣམས་ཚར་བཅད་རྗེས་གཟུང་བྱ། །རྡོ་རྗེའི་འགྲོས་ཀྱིས་དབང་ལྡན་མཚམས་གནས་ནས། །གར་བསླང་འགྱིང་བཙལ་བསྡིག་པ་རྣམ་གསུམ་བྱ། །དེ་རྗེས་ཞི་འགྲོས་གསུམ་དང་ཁྲོ་འགྲོས་ཀྱིས། །དཀྱིལ་འཁོར་ས་གཞི་གཡས་སྐོར་དག་ཏུ་བཅག །ཤར་ནས་བརྩམས་ཏེ་ཕྱོགས་བཞིར་གཡས་བརྐྱང་དང་། །གཡོན་བརྐྱང་ས་ག་ཟླུམ་པོ་རིམ་བཞིན་བྱ། །དབང་ལྡན་ནས་བརྩམས་མཚམས་བཞིར་རྡོ་རྗེ་དང་། །མཉམ་དང་རུས་སྦལ་བུང་བ་རིམ་བཞིན་བྱ། །སླར་ཡང་དབུས་དང་ཕྱོགས་བཞིར་རྡོ་རྗེ་དང་། །འཁོར་ལོ་རིན་ཆེན་པདྨ་རལ་གྲི་བྱ། །དེ་རྗེས་དབུས་སུ་མདུང་ཚུལ་ལན་གསུམ་དང་། །ཤར་དུ་གཞུ་དབྱིག་ཐོ་བའི་ཚུལ་གསུམ་བྱ། །གཏུན་ཤིང་རྡོ་རྗེ་རྩེ་གཅིག་ཁ་བཅུ་ལྷོར། །ཆུ་གྲི་སྣ་ཚོགས་དབྱིག་པ་མདུང་ཐུང་ནུབ། །མཚོན་རྩེ་གཅིག་དང་བ་དན་གཉིས་གསུམ་བྱང་། །ཚུལ་བཅུ་དྲུག་དང་མཆོད་པ་གཉིས་བྱས་ནས། །དབང་ལྡན་མེ་ཏོག་སྒེག་དང་གླིང་བུ་གསུམ། །མེར་ནི་བདུག་སྤོས་ཕྲེང་བ་པི་ཝང་གསུམ། །སྲིན་པོར་མར་མེ་གླུ་དང་རྫ་རྔ་གསུམ། །རླུང་དུ་དྲི་དང་གར་མ་རྔ་ཟླུམ་གསུམ། །སླར་ཡང་དབུས་སུ་འདུག་སྟངས་བཅུ་བྱ་སྟེ། །རྡོ་རྗེ་སེམས་དཔའི་པདྨའི་སྐྱིལ་ཀྲུང་དང་། །སྐྱིལ་ཀྲུང་ཕྱེད་པ་བཟང་པོ་བཀྲ་ཤིས་དཔའ། །རོལ་པ་མདུན་དང་ཕྱིར་བལྟ་འདུག་སྟངས་བཅུ། །སྒེག་སོགས་སྐུ་གསུང་ཐུགས་ཀྱི་ཉམས་དགུ་དང་། །དྲུག་གི་རྗེས་སུ་སྐྱེས་སོགས་གླུ་ཡི་རིགས། །བཅུ་དགུ་བྱས་ཏེ་འདི་དག་གོམ་སྟབས་དང་། །ལག་སྟབས་འདུག་སྟངས་ངག་གི་འདྲེན་པའོ། །སླར་ཡང་དབང་ལྡན་མཚམས་ནས་བགེགས་ཚོགས་ལ། །བཀའ་བསྒོ་བྱ་སྟེ་རྡོ་རྗེ་ཕུར་བུའི་ཚོགས། །ཐུགས་ཀ་ནས་སྤྲུལ་ཕྱོགས་སྐྱོང་བཅུ་བཀུག་ནས། །ཕུར་བུས་གདབ་པ་ས་ཡི་ཆོ་གའོ།། །།ད་ནི་དེ་དག་གི་དོན་ཞིབ་ཏུ་བཤད་པར་བྱ་སྟེ། དབང་ཆུ་ཆེན་མོར་སའི་ཆོ་ག་ལ་དོན་དྲུག་ཏུ་གསུངས་པའི་དང་པོ་གཉིས་དང་། སྣང་བ་ལ་བསླང་བ་ལ་སའི་ཆོ་ག་མེད་པས། མི་སྣང་བ་ལ་བསླང་བ་ནས་བརྩམས་ཏེ། གང་དུ་དཀྱིལ་འཁོར་བྱེད་པའི་ས་ཕྱོགས་དེར། དབུས་སུ་མཎྜལ་གྱི་སྟེང་དུ་སའི་ལྷ་མོའི་ཚོམ་བུ་དགོད། དེའི་གཡས་སུ་ཆུ་བཞི། གཡོན་དུ་ཉེར་སྤྱོད་ལྔ། མདུན་དུ་གཏོར་མ་གཉིས་བཤམ། སློབ་དཔོན་དཔོན་སློབ་རྣམས་ཀྱི་མདུན་དུ་ནང་མཆོད་རྡོ་རྗེ་དྲིལ་བུ་བཤམས་ཏེ། སྐྱབས་འགྲོ་སེམས་བསྐྱེད། ཚད་མེད་བཞི། ཡེ་ཤེས་ཚོགས་བསག་སྔོན་དུ་སོང་ནས། གཙོ་བོ་ཡབ་ཡུམ་རྡོ་རྗེ་ཆོ་ག་གསུམ་ལས་བསྐྱེད་པ་ཡན་ལག་བཞི་རྫོགས་སུ་བྱས་ནས་རྩ་བའི་སྔགས་ཉི་ཤུ་རྩ་གཅིག་བཟླས་ཏེ། ཐོག་མར་སའི་ལྷ་མོ་ལ་བསླང་བ་ནི། ས་ལྷ་སྟ་གོན་གྱི་སྐབས་ཇི་ལྟ་བ་བཞིན་དུ་བྱ་སྟེ། སའི་ལྷ་མོ་དཔང་པོའི་ཚུལ་གྱིས་ནམ་མཁའ་ལ་འདེགས་པར་བྱའོ། །དེ་ནས་གཏོར་མ་གཉིས་པ་མཁའ་འགྲོ་སྤྱི་གཏོར་ལྟར་བྱིན་གྱིས་བརླབས་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཏེ། ཕྱོགས་སྐྱོང་འཁོར་དང་བཅས་པ་བཀུག་པར་བསམ་ཞིང་། ལུས་ཀྱིས་ལྕགས་ཀྱུའི་ཕྱག་རྒྱ་བཅའ། ངག་ཏུ་ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཞེས་པས་སྤྱན་དྲང་། ས་པ་རི་ཝཱ་ར་ཞེས་པའི་རྗེས་ལ་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ་ཏེ། ནང་མཆོད་ཀྱིས་ཀྱང་མཆོད་ནས། སའི་ལྷ་མོ་ལ་བསླང་བའི་སྐབས་ཀྱི་ཚིག་ལྷུག་པ་བརྗོད་དེ་དྲིལ་བུ་གསིལ་བར་བྱའོ། །དེ་ནས་གཏོར་མ་དེ་ཉིད་ཀྱི་ལྷག་མ་བྱིན་བརླབ་མི་དགོས་པར། ཨོཾ་སརྦ་བིགྣན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ཞེས་སོགས་ལན་གསུམ་གྱིས་བགེགས་ལ་བྱིན་ནས། ས་ཕྱོགས་འདིར་ནི་སློབ་དཔོན་བདག །ཅེས་སོགས་བརྗོད་དེ། གུ་གུལ་གྱི་དུད་པ་དང་། ཉུངས་ཀར་གྱི་ཐུན་དང་། རོལ་མོའི་སྒྲ་དྲག་ཏུ་བྱའོ། །དེ་ནས་དཀྱིལ་འཁོར་གསར་དུ་བྱ་བའི་སར་ལས་དང་བྱ་བས་སྐྱོན་སྦྱང་བ་བྱ་དགོས་ནའང་། དཀྱིལ་འཁོར་གྱི་ཁང་པ་གྲུབ་པའི་སར་དེའི་ཚབ་ཏུ། ལག་པ་གཡས་པ་ས་ལ་བཞག་སྟེ། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་པ་མང་དུ་བཟླ། ཨོཾ་བྷུ་ཁྃ་སྭཱ་ཧཱ། ཞེས་བཟླས་ཏེ། ས་ཕྱོགས་ནམ་མཁའི་རང་བཞིན་དུ་བསམ་མོ། །དེ་ནས་ཏིང་ངེ་འཛིན་གྱིས་བགེགས་སྦྱང་བའི་ཕྱིར། དཀྱིལ་འཁོར་གྱི་ས་གཞི་དེར་ཐུན་མོང་བའི་སྲུང་བའི་འཁོར་ལོ་དང་། ཐུན་མོང་མ་ཡིན་པའི་སྲུང་བའི་འཁོར་ལོ་ཧཱུྃ་མཛད་དབུས་སུ་བྱས་པ་གཉིས་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ས་གཞིའི་དབུས་སུ་སྟན་ནང་ཚངས་ཅན་ལ་སློབ་དཔོན་ཁ་ཤར་དུ་ཕྱོགས་ཏེ་འདུག ཕྱོགས་བཞིར་སློབ་དཔོན་བཞི་འདུག་སྟེ། མདུན་དུ་ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་དང་། ནང་མཆོད་རྡོ་རྗེ་དྲིལ་བུ་བཤམ། ཐོག་མར་གནས་དང་མཆོད་པའི་ཡོ་བྱད་བྱིན་བརླབ་བྱ་སྟེ། ཕྱོགས་བཞིའི་སློབ་དཔོན་གྱིས་དགའ་ཆེན་ཁྱོད་བདག་ལན་གསུམ་གྱིས་གཙོ་བོ་ལ་གསོལ་བ་གདབ། དཔོན་སློབ་ཀུན་གྱིས་བདག་བསྐྱེད་ཡོངས་སུ་རྫོགས་པ་བཟླས་པ་དང་བཅས་པ་བྱས་ཏེ། ཕྱོགས་བཞིའི་སློབ་དཔོན་གྱིས་ལྷ་སྟ་གོན་ལ་མི་འཇུག་ན་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས། འཇུག་ན་འོག་ཏུ་གཙོ་བོ་དང་མཉམ་དུ་དཀྱིལ་འཁོར་ནམ་མཁར་འདེགས་པར་བྱ་བ་ཡིན་པས། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བའི་ཕྱི་མཆོད་དང་ནང་མཆོད་ཀྱིས་མཆོད། དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་སོགས་ཚིགས་བཅད་བཞིས་རིམ་པ་བཞིན་གསོལ་བ་གདབ། དེ་ནས་གཙོ་བོའམ་སློབ་དཔོན་ལྔ་ཆར་གྱིས་རྡོ་རྗེ་ཁུ་ཚུར་གྱི་མཐེབ་ཆུང་གཉིས་སྦྲེལ། མཛུབ་མོ་གཉིས་རྩེ་སྤྲད་པའི་ཕྱག་རྒྱ་སྤྱི་བོར་བཟློག་སྟེ། ཧཱུྃ་བཛྲ་ཨུཏྟིཥྛ། རང་གིས་བསྒོམས་པའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ནམ་མཁར་བཞུགས་ཏེ། རང་གཙོ་བོ་ལས་བྱེ་བའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གྱུར་ཞེས་བརྗོད་ལ། རྣམ་ལྔ་འདོད་སྐོར་སྔོན་དུ་འགྲོ་བས། ཨོཾ་མ་ཧཱ་བཛྲ་ཧཱུྃ་ཞེས་པས་རྡོ་རྗེ་བླང་། ཨོཾ་བཛྲ་གྷཎྜེ་ཨཿཞེས་པས་དྲིལ་བུ་བླང་སྟེ། རྡོ་རྗེ་གསོར་ཏེ་སྐྱིལ་ཀྲུང་གཡས་པ་བཤིག དྲིལ་བུ་གསིལ་ཏེ་སྐྱིལ་ཀྲུང་གཡོན་པ་བཤིག རྣམ་ལྔ་འདོད་སྐོར་གྱིས་ལངས་ཏེ། མིག་རྐང་བྱིན་གྱིས་བརླབ་པ་དང་། བགེགས་ཚར་གཅད་པ་དང་། གསོས་པར་བྱས་ནས་གཡས་སྔོན་འགྲོའི་གཞི་བཅའ་སྔོན་དུ་འགྲོ་བས། དགའ་བ་ཡོངས་གྱུར་གྱི་འགྲོས་ཀྱིས་དབང་ལྡན་དུ་སོང་སྟེ། ཁ་ནང་དུ་ཕྱོགས་ནས་གར་བསླང་བ་དང་། གར་གྱི་འགྱིང་བཙལ་བ་དང་། གར་བསྡིག་པ་ལན་གསུམ་གསུམ་བྱའོ། །དགའ་བ་ཡོངས་གྱུར་ནི། ངག་དུ་ཨོཾ་ཞེས་དང་། རྐང་པ་གཡོན་པ་གཡས་པའི་མགོར་རྐང་མགོ་གཡས་སུ་བསྟེན་ཏེ་གཞག ནི་ཞེས་དང་། རྐང་པ་གཡས་པའི་མགོ་གཡོན་པའི་རྒྱབ་ཕྱོགས་སུ་གཞག སུམྦྷ་ཞེས་དང་། གཡོན་པའི་དཀྱིལ་གཡས་པའི་རྟིང་པ་ལ་གཞག བཛྲ་ཞེས་དང་། གཡས་པ་གཡོན་པའི་མདུན་དུ་མགོ་གཡོན་དུ་རྟེན་ཏེ་གཞག ཧཱུྃ་ཞེས་དང་། གཡོན་པའི་མགོ་གཡས་པའི་རྒྱབ་ཏུ་གཞག ཕཊ་ཅེས་དང་། གཡས་པའི་དཀྱིལ་གཡོན་པའི་རྟིང་པར་གཞག་པའོ། །གར་བསླང་བ་ནི་ལུས་གཡོ་བ་དང་བཅས་ཏེ། གར་སྐོར་གྱི་རྗེས་སུ་རྡོ་རྗེ་གསོར། དྲིལ་བུ་གསིལ་བའོ། །བགྱིང་བཙལ་བ་ནི་རྐང་པ་གཡས་པ་གཡོན་པའི་མདུན་ནས་བསྐོར་ཏེ་སྔར་ཤུལ་དུ་གཞག་པ་དང་། གར་སྐོར་གྱི་རྗེས་སུ་གཡས་རྡོ་རྗེ་ཐུགས་ཀ་དང་། གཡོན་དྲིལ་བུ་དཀུར་གཞག་པའམ། ཁུ་ཚུར་གཉིས་ཁ་གྱེན་དུ་བསྟན་ནས་རྐེད་པར་འཇོག་པ་གང་རུང་བྱའོ། །བསྡིག་པ་ནི་རྐང་པ་གཡས་པ་མདུན་ནས་བསྐོར་ཏེ་ས་ལ་བརྡབ་པ་དང་། གར་སྐོར་བྱ་རྗེས་སུ་ལག་གཡས་རྡོ་རྗེ་དང་བཅས་ཏེ་བསྣུན་པ་དུས་མཉམ་དུ་བྱ་བའོ། །ཞི་འགྲོས་གསུམ་ལ་རྒྱ་མཚོ་བསྐྱོད་པ་ནི། ལག་པ་གར་སྐོར་དང་། རྐང་པ་གཉིས་རེས་མོས་ཀྱིས་མདུན་ནས་བསྐོར་ཏེ་གཡབ་ཀྱིན་འགྲོ་བའོ། །རི་བོ་འདེགས་པ་ནི་གོམ་པ་གཡོན་པ་མདུན་དུ་གཡབ་ཀྱིན་སྤོ་བའི་ཚེ་ལག་པ་གར་སྐོར་གྱི་རྗེས་སུ། གཡས་ཕྱོགས་སུ་རི་བོ་འདེགས་པའི་ཚུལ་བྱ་ཞིང་། གཡས་པ་སྤོ་བའི་ཚེ་གཡོན་ཕྱོགས་སུ་བྱ་བ་རེས་མོས་སུ་བྱ་བའོ། །མཛེས་པའི་གོམ་པ་ནི་མདུན་དུ་སྤོ་བ་ངོས་མདུན་ནས་གཡབ་ཅིང་མི་སྤོ་བ་ངོས་ཀྱི་བརླ་ལ་བཙུགས་ནས་ཁྱིམ་བྱའི་གོམ་པ་ལྟར་བྱས་ཏེ་འགྲོ་བའོ། །ཁྲོ་བོའི་གོམ་པ་ནི་རྐང་པ་གཡོན་མདུན་དུ་བརྡབ་པའི་ཚེ་ལག་གཡས་རྡོ་རྗེ་དང་བཅས་ཏེ་བརྐྱངས་ནས་གཡོན་དྲིལ་བུ་སྙིང་གར་གསིལ། རྐང་པ་གཡས་པ་མདུན་དུ་བརྡབ་པའི་ཚེ་ལག་པ་གཡས་རྡོ་རྗེ་སྙིང་གར་གཟུང་ཞིང་། གཡོན་དྲིལ་བུ་དང་བཅས་པ་བརྐྱངས་ཏེ་གསིལ་བ་རེས་མོས་ཀྱིས་འགྲོ་བའོ། །གོམ་སྟབས་བཞི་པོ་འདི་དག་ལ་ཧུྃ་ཐུང་རེ་རེ་བརྗོད་པར་བྱའོ། །འདི་མན་ཆད་ཀྱི་སྤྱི་འགྲོ་ནི་དབུས་ནས་ཕྱིར་འགྲོ་བའི་ཚེ་ནའང་དབང་ལྡན་དུ་འགྲོ། ཕྱི་ནས་དབུས་སུ་འགྲོ་བ་ནའང་དབང་ལྡན་ནས་འགྲོ། འགྲོས་ཐམས་ཅད་ནི་དགའ་བ་ཡོངས་གྱུར་གྱིས་འགྲོ། ཕྱོགས་རེ་རེ་ལ་གར་བཅའ་བ་གསུམ། སྒྲུབ་པ་གསུམ། བསྡུ་བ་གསུམ་སྟེ་དགུ་དགུ་བྱ། རྐང་སྟབས་བརྒྱད་ལ་སྒྲུབ་པའི་ཚེ་ཕྱག་རྒྱ་གཅིག་ལ་གནས་ནས་གཡས་གཡོན་དབུས་གསུམ་དུ་བལྟ། ཚུལ་དང་པོ་ལྔ་ལ་ཕྱག་རྒྱ་རེ་རེའང་བཅའ་ཐེབས་ལན་གསུམ་གསུམ་བྱ། དབུས་སུ་མདུང་གི་ཚུལ་ཡང་དེ་དང་འདྲ། ཕྱོགས་བཞིའི་ཚུལ་གསུམ་གསུམ་དང་། མཚམས་བཞིའི་མཆོད་པ་གསུམ་གསུམ་ནི་སྒྲུབ་པའི་ཚེ་ཕྱག་རྒྱ་རེ་རེ་སོ་སོར་འཆའ་བའོ། །ཚུལ་བཅུ་དྲུག་མན་ཆད་ཀྱི་རྐང་སྟབས་ནི་དབུས་དང་མཚམས་བཞིར་མཉམ་པ་དང་། ཕྱོགས་བཞིར་གཡས་བརྐྱང་སོགས་རྩ་བའི་རྐང་སྟབས་བྱ། བཅའ་བའི་ཚེ་གང་སྔོན་དུ་འགྲོ་བའི་རྐང་པ་མདུན་ནས་སྐོར་གཅིག་བསྐོར་ཏེ་ཅིག་ཤོས་ཀྱི་མདུན་དུ་མགོ་ཕྱིར་བསྟན་ནས་གཞག དེ་ནས་ཅིག་ཤོས་མདུན་ནས་བསྐོར་ཏེ་རྐང་སྟབས་གང་ཡིན་པ་དེའི་ཚུལ་དུ་གཞག དེ་ནས་སྔ་མ་མདུན་ནས་བསྐོར་ཏེ་རྐང་སྟབས་དེ་ཉིད་ལ་གནས་དེ་ལྟ་བུའི་བཅའ་བ་གསུམ་དང་། སྒྲུབ་པ་གསུམ་དང་། བསྡུ་བ་དང་པོ་གཉིས་ལ། ཧཱུྃ་ངར་སྒྲ་དང་བཅས་པ་རིང་བར་བརྗོད། བསྡུ་བ་ཕྱི་མ་ལ་ཧུྃ་ཐུང་བརྗོད། བསྡུ་བའི་ཚེ་སྔོན་ལ་གང་འགྲོ་དང་པོར་བསྡུས་ཏེ་སྔར་ཤུལ་དུ་གཞག དེ་ནས་ཅིག་ཤོས་མདུན་ནས་བསྐོར་ཏེ་སྔར་ཤུལ་དུ་གཞག སླར་ཡང་སྔ་མ་མདུན་ནས་བསྐོར་ཏེ་སྔར་ཤུལ་དུ་གཞག་པའོ། །ད་ནི་སོ་སོའི་ངོ་བོ་བཤད་པར་བྱ་སྟེ། གཡས་བརྐྱང་ནི་གཡས་སྔོན་འགྲོའི་མཐོ་ལྔ་རྣམ་པར་བརྐྱངས་པའི་གཡས་བརྐྱང་དང་། ལག་པ་གཉིས་རྒྱབ་སྦྱར་བའི་མཛུབ་མོ་གཉིས་དང་། མཐེའུ་ཆུང་གཉིས་སྦྲེལ་ནས་བཞིན་ཁྲོས་པའི་ཚུལ་ལོ། །གཡོན་བརྐྱང་ནི་གཡོན་སྔོན་འགྲོའི་མཐོ་ལྔ་རྣམ་པར་བརྐྱངས་པའི་གཡོན་བརྐྱང་དང་། ཕྱག་རྒྱ་སྔར་གྱི་ལ་མཛུབ་མོ་གཉིས་བསྒྲེང་བ་དང་བཞིན་ཁྲོས་པའོ། །ས་ག་ནི་གཡོན་སྔོན་འགྲོའི་རྐང་པ་གཉིས་ཅུང་ཟད་བགྲད་པའི་བར་ཁྲུ་གང་དང་སོར་གཉིས་སུ་བྱས་ཏེ་པུས་མོ་དྲང་པོར་བསྲང་། གཡས་རྡོ་རྗེ་སྙིང་ག་དང་། གཡོན་དྲིལ་བུ་དཀུར་བཟུང་ནས་བཞིན་ཞི་བའོ། །ཟླུམ་པོ་ནི་གཡས་སྔོན་འགྲོའི་རྐང་པ་བགྲད་པའི་པུས་མོ་གཉིས་ཀྱི་བར་ཁྲུ་དོར་བྱས་ཏེ་ངང་པའི་གཤོག་པ་ལྟ་བུ་དང་། ལག་པ་གཉིས་ཕྱོགས་མཚམས་ཐམས་ཅད་དུ་གར་བྱེད་ཅིང་བཞིན་སྐྲག་པའི་ཚུལ་ལོ། །རྡོ་རྗེ་ནི་གཡས་སྔོན་འགྲོའི་རྐང་པ་གཡས་ཀྱི་རྟིང་པ་གཡོན་གྱི་མཐིལ་དུ་བཙུགས་པ་དང་། ཕྱག་རྒྱ་ས་ག་དང་འདྲའོ། །མཉམ་པ་ནི་གཡས་སྔོན་འགྲོའི་རྐང་པ་གཉིས་གཤིབས་ཏེ་བསྲང་བ་དང་། ལག་གཉིས་རྡོ་རྗེ་དྲིལ་བུ་དཀུར་བཟུང་བའོ། །རུས་སྦལ་ནི་གཡས་སྔོན་འགྲོའི་རྐང་པ་གཡོན་པའི་བོལ་གོང་དུ་གཡས་པའི་མཐིལ་བཞག་ནས་ལག་གཉིས་དཔུང་པའི་ཐད་ཀར་བསྐུམ་མེ་བྱས་པའོ། །བུང་བ་ནི་གཡས་སྔོན་འགྲོའི་བརླ་གཡོན་པར་གཡས་པའི་མཐིལ་གཏད་ནས་ལག་གཉིས་མཐིལ་གདེངས་པ་དང་སྒེག་པའི་བཞིན་ནོ། །རྡོ་རྗེ་ནི་ལག་གཡོན་སྙིང་གར་སྡིགས་མཛུབ་དང་གཡས་པ་རྡོ་རྗེ་འཕྱར་བའི་ཚུལ་ལོ། །འཁོར་ལོ་ནི་སྙིང་གར་རྡོ་རྗེ་ཁུ་ཚུར་གཉིས་ཁ་གྱེན་ལ་བསྟན། མཐེའུ་ཆུང་དང་མཛུབ་མོ་གཉིས་ཕན་ཚུན་སྦྲེལ་བ་འཁོར་ལོ་བསྐོར་བ་ལྟར་བྱས་ནས་གཡས་ཕྱོགས་སུ་གྱེན་ལ་འཕྱར་བའི་ཚུལ་ལོ། །རིན་པོ་ཆེ་ནི་རིན་པོ་ཆེའི་ཕྱག་རྒྱ་ཁུ་ཚུར་གཉིས་སྦྱར་བའི་གུང་མོ་གཉིས་བསྒྲེངས་ནས་མཐེབ་མཛུབ་སྦྱར་ཏེ་དཔྲལ་བར་འཇོག་པའོ། །པདྨ་ནི་སྙིམ་པ་པདྨ་ཁ་ཕྱེ་བའི་ཚུལ་ལོ། །རལ་གྲི་ནི་གཡས་པའི་མཐེ་བོང་སྲིན་ལག་དང་མཐེའུ་ཆུང་གིས་མནན་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཤུབས་ནས་ཕྱུང་ནས་འཕྱར་བའོ། །མདུང་ནི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་གཉིས་བསྒྲེངས་ནས་གཡས་གཡོན་དབུས་གསུམ་དུ་བསྣུན་པའི་ཚུལ་ལོ། །གཞུ་ནི་གཞུ་འགེངས་པའི་ཚུལ་ལོ། །དབྱུག་པ་ནི་གཡོན་སྡིགས་མཛུབ། གཡས་པ་དབྱུག་པ་འཕྱར་བའི་ཚུལ་ལོ། །ཐོ་བ་ནི་ལག་པ་གཉིས་ཐོ་བ་འདེགས་པའི་ཚུལ་ལོ། །གཏུན་ཤིང་ནི་གཏུན་ཤིང་གིས་འབྲས་དྲུ་བའི་ཚུལ་ལོ། །རྡོ་རྗེ་རྩེ་གཅིག་པ་ནི་རྡོ་རྗེ་བསྡམས་པའི་གུང་མོ་གཉིས་བསྒྲེང་བའོ། །ཁ་བཅུ་པ་ནི་སྙིམ་པའི་སོར་མོ་བཅུ་ཕྱོགས་བཅུར་གདེངས་ནས་བསྐྱོད་པའོ། །ཆུ་གྲི་ནི་གཡས་པས་ཆུ་གྲིས་གཅོད་པ་ལྟ་བུའོ། །སྣ་ཚོགས་དབྱིག་པ་ནི་ཕྱོགས་ཀུན་ཏུ་དབྱིག་པ་བསྐོར་ཏེ་བརྡེག་པའི་ཚུལ་ལོ། །མདུང་ཐུང་ནི་གཡོན་སྡིགས་མཛུབ་གཡས་ཁུ་ཚུར་གྱིས་མདུང་ཐུང་གཡས་སུ་བསྣུན་པའི་ཚུལ་ལོ། །མཚོན་རྩེ་གཅིག་ནི་གསོར་མདུང་འཕེན་པའི་ཚུལ་ཏེ་ཚུལ་བཅུ་དྲུག་གོ །བ་དན་གཉིས་དང་གསུམ་ནི་གཡས་པའི་སོར་མོ་གཉིས་དང་གསུམ་སྟོན་པའོ། །མཆོད་པ་བཅུ་གཉིས་ནི་རྡོ་རྗེ་ཁུ་ཚུར་གཉིས་ཁ་གྱེན་དུ་འཐོར་བ་དང་། ཐུར་དུ་དབུབ་པ་དང་། མཐེ་བོང་གཉིས་བསྒྲེང་བ་དང་། བྱུག་པའི་ཚུལ་ལོ། །ཡང་རྡོ་རྗེ་ཁུ་ཚུར་གཉིས་དཀུར་བཞག་ནས་མགོ་གཡོན་དུ་འདུད་པ་དང་། ཕྲེང་བ་འབུལ་བ་དང་། ཁུ་ཚུར་གཉིས་སྦྱར་ནས་ཁ་ནས་འདྲེན་པ་དང་། སྤྱི་བོར་གར་བྱེད་པའི་ཚུལ་ལོ། །ཡང་ལག་པ་གཉིས་ཀྱིས་གླིང་བུ་བསྒྱུར་བ་དང་། པི་ཝང་བསྒྲེང་བ་དང་། རྫ་རྔ་བརྡུང་བ་དང་། མུ་ཀུན་ཏ་བརྡུང་བའི་ཚུལ་ལོ། །ལུས་ཀྱི་འདུག་སྟངས་བཅུ་ནི་ངག་ཏུ་ཧཱུྃ་བརྗོད་ཅིང་། སེམས་ཀྱིས་རྡོ་རྗེའི་ས་གཞིར་བསྒོམ་མོ། །རྡོ་རྗེའི་སྐྱིལ་ཀྲུང་ནི་གཡས་པའི་བྱིན་པ་དང་བརླ་སྦྱར་བའི་སྟེང་དུ་གཡོན་པའི་བོལ་བཞག་ནས་ཕྱི་ནས་གཡས་པ་གཡོན་གྱི་སྟེང་དུ་གཞག་ཅིང་ལག་པ་གཉིས་ཀ་ས་གནོན་གྱི་ཕྱག་རྒྱ་དང་ཞི་བའི་བཞིན་ནོ། །སེམས་དཔའི་ནི་བརླ་གཡོན་གྱི་སྟེང་དུ་གཡས་ཀྱི་བོལ་བཞག་ནས་གཡོན་གྱི་བྱིན་པ་རྐང་འོག་ཏུ་བཞག་ནས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་སྙིང་རྗེའི་བཞིན་ནོ། །པདྨའི་ནི་ལོང་བུ་གཉིས་བསྣོལ་ནས་བོལ་གཉིས་མ་རེག་པར་མཐེ་བོང་གཉིས་རྩེ་སྤྲད་དེ། པུས་མོ་གཉིས་ས་ལ་སྦྱར་བའམ་ཅུང་ཟད་བཏེག་ཅིང་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་སྙིང་རྗེའི་བཞིན་ནོ། །ཕྱེད་པ་ནི་གཡོན་གྱི་བརླ་ལ་གཡས་པའི་བོལ་བཞག་ནས་གཡོན་བརྐྱངས་ཏེ་གཉིས་ཀ་མཆོག་སྦྱིན་གྱི་ཕྱག་རྒྱ་དང་སྙིང་རྗེའི་བཞིན་ནོ། །བཟང་པོ་ནི་རྐང་པ་གཉིས་སྟན་མཐོ་བའི་སྟེང་ནས་བརྐྱངས་ནས་མཐིལ་ཕབ་ནས་གཉིས་ཀ་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་སྙིང་རྗེའི་བཞིན་ནོ། །བཀྲ་ཤིས་ནི་རྐང་པ་གཉིས་བར་མཐོ་གང་ཙམ་དུ་བྱས་ཏེ་ཙོག་པུ་བ་འཇོ་བའི་ཚུལ་དུ་འདུག་ནས་ལག་པ་གཉིས་པུས་མོ་སོ་སོའི་སྟེང་དུ་རྐྱལཾ་བ་དང་རྨད་དུ་བྱུང་བའི་ཞལ་ལོ། །དཔའ་བོ་ནི་གཡས་པ་ས་ལ་བཙུགས་པའི་ལོང་བུ་ལ་གཡོན་པའི་མཐིལ་གཏད་དེ། ལག་པ་སོ་སོའི་སྟེང་དུ་བཞག་པ་དང་དཔའ་བའི་བཞིན་ནོ། །རོལ་པའི་ནི་རྐང་པ་གཡས་ཕྱེད་སྐྱིལ་དུ་བྱས་ཏེ་གཡོན་ཅུང་ཟད་ཅིག་མདུན་དུ་བརྐྱངས་ནས་ལག་པ་གཡོན་པའི་མཐིལ་རྒྱབ་གཡོན་དུ་ས་ལ་བཙུགས་ཏེ། གཡས་པས་ཕྱག་མཚན་འཛིན་པའི་ཚུལ་དུ་པུས་མོ་གཡས་ཀྱི་སྟེང་དུ་གཞག་པ་དང་རྨད་དུ་བྱུང་བའི་ཞལ་ལོ། །མདུན་དུ་ལྟ་བ་ནི་འདུག་སྟངས་དེ་ཉིད་ལ་གནས་པས་ལག་པ་གཉིས་སླར་བཅས་ཏེ་མིག་མདུན་དུ་བལྟས་ཏེ་རྡོ་རྗེའི་ས་གཞིར་བསྒོམས་ཏེ་ཁྲོ་བོའི་བཞིན་ནོ། །ཕྱིར་བལྟས་ཀྱང་ལག་པ་གཉིས་བརླར་བཅས་ཏེ་གཞན་འདྲ་བ་ལས་མིག་གཡས་གཡོན་ནས་རྒྱབ་ཏུ་བལྟ་བའོ། །རྒྱུད་དང་དཀྱིལ་ཆོག་གཉིས་ལས་འདུག་སྟངས་དང་པོ་དྲུག་ལས་མ་གསུངས་ཀྱང་། ཤར་པ་རྡོ་རྗེ་འོད་ཟེར་གྱིས་ཕྱི་མ་བཞི་རྒྱུད་གཞན་ནས་ཁ་བསྐང་བ་ནི་སྤྲོས་པ་ལ་དགའ་བའི་དབང་དུ་བྱས་པ་ཡིན་ནོ། །རྒྱུད་འདིར་དང་པོ་དྲུག་གིས་ཀྱང་ཆོག་གོ །ཉམས་དགུ་ལ་སྒེག་པ་ནི་ཡ་སོས་མ་མཆུ་ཅུང་ཟད་མནན་ཅིང་འཛུམ་པའོ། །དཔའ་བ་ནི་མིག་དཔངས་སྟོད་དེ་ཉམ་ང་བ་དང་བག་ཚ་བ་མེད་པའོ། །མི་སྡུག་པ་ནི་བཞིན་ཤིན་ཏུ་བསྡུས་པའོ། །དགོད་པ་ནི་ཁ་གདངས་ནས་ཧ་ཧའི་སྒྲ་སྒྲོགས་པའོ། །དྲག་ཤུལ་ནི་བརྡེག་པའམ་ཤིན་ཏུ་ཁྲོས་པའོ། །འཇིགས་སུ་རུང་བ་ནི་འཇིགས་པའི་རྣམ་པ་ཅན་ནོ། །སྙིང་རྗེ་དང་རྔམ་པ་ནི་བྱམས་པ་སྟེ་མིག་ཟིམ་པ་དང་བཅས་པའོ། །ཞི་བ་ནི་བཞིན་དྲང་པོར་འཇོག་པའོ། །གླུའི་བཀོད་པ་རྣམས་ཀྱང་རང་རང་གི་ཉམས་ཅི་ལྟ་བ་བཞིན་དུ་བྱའོ། །སླར་ཡང་དབང་ལྡན་གྱི་མཚམས་སུ་གནས་ཏེ་ཁ་ནང་དུ་བལྟས་ནས། ཧཱུྃ། ལུས་ངག་སེམས་ལ་གནས་པ་ཡི། །ཞེས་སོགས་ལན་གསུམ་གྱིས་བགེགས་ལ་བཀའ་བསྒོས་ཏེ་རེ་རེའི་མཚམས་སུའང་རོལ་མོ་དྲག་ཏུ་བྱའོ། །དེ་ནས་ཕུར་བུ་བཅུ་མདུན་དུ་ནས་ཀྱི་ཚོམ་བུའི་སྟེང་དུ་གཞག རེ་རེ་ལའང་ཉུངས་ཀར་གྱི་ཐུམ་བུ་དང་དར་དམར་པོའི་ཅོན་པཎ་གྱིས་བརྒྱན། རང་གི་སྙིང་ག་ནས་རྡོ་རྗེ་ཕུར་བུ་སྟོད་ཁྲོ་བོ་བདུད་རྩི་འཁྱིལ་པའི་རྣམ་པ་ཅན། ལྟེ་བ་མན་ཆད་མདུང་རྩེ་གཅིག་པའི་དབྱིབས་ཅན་བཅུ་སྤྲོས་པར་བསམ། སྤྲོས་པ་ལ་དགའ་ན་གནས་གསུམ་བྱིན་རླབས་དང་ཡེ་ཤེས་པ་བཅུག སླར་ཡང་སྙིང་ག་ནས་འོད་ཟེར་འཕྲོས་པས་བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་བཀུག་ནས་ཕྱོགས་མཚམས་བརྒྱད། ཤར་གྱི་གཡས་དང་། ནུབ་ཀྱི་གཡོན་དུ་བཀོད་པར་བསམས་ལ། གནས་དེ་དག་ཏུ་ཕུར་ཁུང་བཀོད་པ་ལ་ཤར་ནས་བརྩམས་ཏེ། ནུབ་ཀྱི་གཡོན་གྱི་བར་དུ་ཕུར་བུ་བཏབ་སྟེ། རྐང་པ་གཡས་པའི་མཐིལ་དང་། གཡོན་པའི་པུས་མོ་ས་ལ་བཙུགས། ལག་པ་གཡོན་པས་ཕུར་བུ་གཟུང་། གཡས་པས་ཐོ་བའམ། རྡོ་རྗེས་བརྡུངས་ཏེ། ཨོཾ་གྷ་གྷ་སོགས་བརྗོད། དེའི་ཚེ་རོལ་མོའི་སྒྲ་དྲག་ཏུ་བྱའོ། །དེ་ནས་ཕུར་བུ་དང་བགེགས་ཀྱི་རོ་ལས་འོད་བྱུང་བའི་ཚུལ་གྱིས་རྡོ་རྗེའི་ས་གཞི་སོགས་ཐུན་མོང་བའི་སྲུང་འཁོར་བསྒོམ་པར་བྱའོ། །དཀྱིལ་འཁོར་ཆེན་པོའི་ས་གཞི་བྱིན་རློབ་པའི། །ཆོ་གའི་ཚུལ་འདི་རྒྱུད་དང་གཞུང་བཟང་གི །དགོངས་པ་ཇི་བཞིན་བླ་མའི་ཕྱག་ལེན་གྱིས། གསལ་བར་བརྒྱན་ཏེ་རྒྱུད་གསུམ་སྨྲ་བས་བཀོད། །དེ་ལས་བྱུང་བའི་རབ་དཀར་དགེ་བའི་ཚོགས། །ཇི་སྙེད་ཐོབ་དེས་མཁའ་མཉམ་འགྲོ་བ་ཡི། །བདུད་དང་ལོག་འདྲེན་ཚོགས་རྣམས་རབ་བཅོམ་ནས། །ཕན་བདེ་རྒྱ་མཚོའི་དཔལ་ལ་སྤྱོད་པར་ཤོག། །།དགེའོ།། ༄༅། །བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྟེན་རྙིང་པ་ལ་བྱ་བའི་ཨརྒྷའི་ཆོ་ག་ནི། ངན་པ་བཟང་པོར་སྤོ་བ་དང་། དམའ་བ་ནས་མཐོ་བར་སྤོ་བ་དང་། རྙིང་པ་གསོ་བ་རྣམས་ལ་རུང་གི གཞན་ལ་ནི་མི་རུང་ངོ་། །ཇི་ལྟར་བྱ་བ་ནི་རྟེན་དེའི་དྲུང་དུ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང་། གཏོར་མ་གཅིག་བཤམ། རང་ཡི་དམ་གང་འདོད་ཀྱི་བསྒོམ་བཟླས་རྫོགས་པར་བྱ་སྟེ། མཆོད་པ་བསང་སྦྱང་བྱིན་རླབས་བྱས་ནས། ཚིགས་བཅད་དང་སྔགས་གང་ཡང་རུང་བས་མཆོད། རྟེན་དེ་ཉིད་ཀྱི་བསྟོད་པའམ་རིགས་ལྔའི་བསྟོད་པས་བསྟོད། གཏོར་མའང་བསང་སྦྱང་བྱིན་རླབས་བྱས་ནས། ཨ་ཀཱ་རོའི་སྔགས་ཀྱིས་ཆོས་སྐྱོང་ལ་དབུལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདེ་བར་གཤེགས་པའི་རྟེན་རྙིང་པ་སྤོ་བའམ། གསོ་བར་འཚལ་ཞིང་། དེའང་སང་ནངས་པར་བགྱིད་པར་འཚལ་ཞེས་པའམ། ད་ནི་བགྱིད་པར་འཚལ་ཞེས་པ་སྐབས་ཐོབ་དང་སྦྱར་ཏེ་གསོལ་བ་གདབ། དེ་ནས་མེ་ལོང་གཡའ་ཡོངས་སུ་དག་པ་གཅིག་སྨྱུག་མ་ལ་བཏགས་པ་རྟེན་དེའི་དྲུང་དུ་བཙུགས་ཏེ་གཟུགས་བརྙན་འཆར་དུ་བཅུག་ལ་འདི་ལྟར་བསམས་ཏེ། རྟེན་འདི་གང་ཟག་ཁྱད་པར་ཅན་གྱིས་རབ་ཏུ་གནས་པར་བྱས་པ་ཡིན་ནའང་། མེ་ལོང་གི་གཟུགས་བརྙན་ལ་སྤོ་བར་རུང་སྟེ། དེའི་རྒྱུ་མཚན་རྟེན་འདི་བདེན་ན་མེ་ལོང་གི་ནང་གི་གཟུགས་བརྙན་ཡང་བདེན། མེ་ལོང་གི་ནང་གི་གཟུགས་བརྙན་ཡང་མི་བདེན་ན་རྟེན་འདིའང་མི་བདེན་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་མི་བདེན་པར་གསུངས་པའི་ཕྱིར་རོ་སྙམ་དུ་ཡུན་རིང་དུ་བསམ། དེ་ནས་མེ་ལོང་ནང་གི་གཟུགས་བརྙན་དེའི་ནང་དུ་རྟེན་དེའི་དམ་ཚིག་པ་བསྐྱེད། པོ་ཏི་སོགས་ཡིན་ན་བསྒྱུར་གཞི་གང་ཡིན་པ་དེ་བསྐྱེད། གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་པ་བཅུག་པའི་ཚབ་ཏུ་རྟེན་རྙིང་པ་དེའི་ཡེ་ཤེས་པ་བཅུག་ལ་མཆོད་བསྟོད་བསྡུས་པ་བྱས་ནས་སྟེང་འོག་མི་འཁྲུལ་པའི་མཚན་མ་བྱས་ཏེ། དར་སེར་པོས་གཡོགས་པའི་རྒྱབ་ངོས་སུ་རྒྱས་བཏབ་ལ། རྟེན་གསར་པ་དེའི་རབ་གནས་བྱེད་བྱེད་དུ་ཁ་མི་དབྱེ་བར་མཆོད་པ་དང་བཅས་ཏེ་དབེན་པར་གཞག་གོ །དེ་ནས་རྟེན་གསར་པའི་རབ་གནས་ཀྱི་ཡེ་ཤེས་པ་གཞུག་པའི་ཚེ་མེ་ལོང་ཁ་ཕྱེ་སྟེ་དེའི་ནང་གི་ལྷའང་རྟེན་གསར་པ་ལ་གཞུག ཆོ་ག་གཞན་རྣམས་རབ་གནས་ཀྱི་དཀྱུས་བཞིན་དུ་བྱའོ། །རྟེན་རྙིང་པའི་ས་རྡོ་རྣམས་གསར་པ་ལ་བསྲེ་བའམ། ཆུའི་སྐྱེ་བོ་ལ་ཕན་པའི་ཕྱིར་དུ་ཆུ་ནང་དུ་བླུག་པའམ་མཆོད་རྟེན་ལྟ་བུར་བྱས་ཏེ་རབ་གནས་བྱེད་པ་གང་རུང་བྱའོ། །རྟེན་རྙིང་པ་ལ་བྱ་བའི་ཨརྒྷའི་ཆོ་ག་སྔགས་འཆང་དགེ་འདུན་བློ་གྲོས་ཀྱིས་བསྐུལ་བའི་ངོར། རྗེ་བཙུན་ཆེན་པོའི་དགོངས་པ་བཞིན་བསོད་ནམས་སེང་གེས་བྲིས་ནས་མདོ་ཁམས་སུ་ཕུལ་བའོ།། ༈ །།དགེ་བ་འདི་ཡིས་དུས་གསུམ་གྱི། །རྒྱལ་བ་ཀུན་གྱི་གསང་ཆེན་མཛོད། །བླ་མེད་མཆོག་གི་བསྟན་པ་ནི། །དར་རྒྱས་ཡུན་དུ་གནས་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།


previousཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་མཆོད་གཏོར་གྱི་རྣལ་འབྱོར།next