Nitartha Digital Library
Tibetan
ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
དཔལ་ཀྱཻ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་རྒྱ་ཆེར་བཤད་པ་བསྐྱེད་རིམ་གནད་ཀྱི་ཟླ་ཟེར་ལ་རྩོད་པ་སྤོང་བ་གནད་ཀྱི་གསལ་བྱེད།
   
   


 
previousདཔལ་ཀྱཻ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་རྒྱ་ཆེར་བཤད་པ་བསྐྱེད་རིམ་གནད་ཀྱི་ཟླ་ཟེར་ལ་རྩོད་པ་སྤོང་བ་གནད་ཀྱི་གསལ་བྱེད།next

དཔལ་ཀྱཻ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་རྒྱ་ཆེར་བཤད་པ་བསྐྱེད་རིམ་གནད་ཀྱི་ཟླ་ཟེར་ལ་རྩོད་པ་སྤོང་བ་གནད་ཀྱི་གསལ་བྱེད།

དཔལ་ཀྱཻ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་རྒྱ་ཆེར་བཤད་པ་བསྐྱེད་རིམ་གནད་ཀྱི་ཟླ་ཟེར་ལ་རྩོད་པ་སྤོང་བ་གནད་ཀྱི་གསལ་བྱེད་བཞུགས་སོ།། དཔལ་ཀྱཻ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་རྒྱ་ཆེར་བཤད་པའི་བསྐྱེད་རིམ་གནད་ཀྱི་ཟླ་ཟེར་ལ་རྩོད་པ་སྤོང་བ་གནད་ཀྱི་གསལ་བྱེད་ཅེས་བྱ་བ། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་དང་གཉིས་སུ་དབྱེར་མ་མཆིས་པ་རྗེ་བཙུན་བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་གསང་བའི་མཛོད་གཟུང་ནས། །དམ་ཚིག་དགའ་སྟོན་སྐལ་ལྡན་གདུལ་བྱ་ལ། །རྣམ་པར་བཀྱེ་བའི་ཕྲིན་ལས་བཟང་པོ་ཅན། །མཚུངས་མེད་བླ་མ་དེ་ལ་བདག་ཅག་དད། །རྣམ་ཐར་རང་བཞིན་རྣམ་ཐར་ཞལ་ནི་དེ་ཉིད་གསུམ་གྱི་སྤྱན་གྱིས་སྤྲས། །སྟོང་ཉིད་ངོ་བོ་མི་བདག་ཕྱག་ནི་སྙིང་རྗེའི་ཐོད་པར་ལུས་ཅན་འཛིན། །བསྡུ་དངོས་རང་བཞིན་རིག་བྱེད་ཞབས་ནི་བདུད་བཞིའི་སྟེང་ན་གར་སྟབས་མཛད། །རྣམ་འཕྲུལ་བྱེ་བས་གདུལ་བྱའི་ཡིད་བསྒྱུར་ཧེ་རུ་ཀ་དཔལ་ལ་བཏུད་ནས། །མཐུ་སྟོབས་དབང་ཕྱུག་ཞལ་གྱི་གདམས་པ་ཀུ་མུཏྟ་ཁ་འབྱེད་མཛད་པ། །བླ་མའི་གསུང་རབ་གནད་ཀྱི་ཟླ་ཟེར་འགྲོ་བའི་གཙུག་ན་མཛེས་པ་དེ། །ཕྱོགས་ཞེན་སྤྲིན་གྱིས་སྒྲིབ་པར་བརྩོན་པ་དེ་དག་ལུང་རིགས་སེར་བུ་ཡིས། །རྣམ་པར་བསལ་ནས་གངས་རིའི་ངོས་ལ་འཁྱུག་ལྟར་ཆེས་ཆེར་གསལ་བར་བྱ།། །།མགོན་པོ་འཇམ་པའི་དབྱངས་དང་དབྱེར་མ་མཆིས་པ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱི་མཁྱེན་བརྩེ་ནུས་པ་གཅིག་ཏུ་བསྡུས་ནས་བདེ་བར་གཤེགས་པའི་གསུང་རབ་མཐའ་དག་ལ་མ་རྟོགས་པ་དང་། ལོག་པར་རྟོག་པ་དང་། ཐེ་ཚོམ་གྱི་དྲི་མ་མཐའ་དག་བསལ་ཏེ། ཡང་དག་པའི་བསྟན་པ་ཚུལ་བཞིན་དུ་སྒྲུབ་པར་མཛད་པའི་བདག་ཉིད་ཆེན་པོ་ཐམས་ཅད་མཁྱེན་པ་ཀུན་དགའ་བཟང་པོའི་ཞལ་སྔ་ནས་དཔལ་བིརྺ་པའི་ལུགས་ཀྱི་བཀའ་སྲོལ་གཉིས་གཙོ་བོར་གྱུར་པའི་ཀྱཻ་རྡོ་རྗེ་སྒྲུབ་པའི་ཐབས་བོད་དུ་འགྱུར་རོ་ཅོག་མཐའ་དག་གི་ཆ་མ་འདྲེས་པར་སོ་སོར་སྟོན་པའི་བསྟན་བཅོས་བསྐྱེད་རིམ་གནད་ཀྱི་ཟླ་ཟེར་ཞེས་བྱ་བ་མཛད་པ་ལ། ཕྱིས་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་ཤིང་སྐྱེས་ཐོབ་ཀྱི་བློ་གྲོས་རྒྱ་ཆེན་པོ་དང་ལྡན་པའི་སློབ་དཔོན་ཆེན་པོ་དཔལ་ཆོས་པ་ཞེས་བྱ་བས། གནད་ཀྱི་ཟླ་ཟེར་གྱི་བཤད་པ་དེ་དག་ནི། རྗེ་བཙུན་གོང་མའི་དགོངས་པ་ཇི་ལྟ་བ་བཞིན་མ་རྟོགས་ཤིང་། འཕགས་པ་རིན་པོ་ཆེའི་བཞེད་གཞུང་དྲི་མ་མེད་པ་ལ་དགག་པ་བརྗོད་པ་དུ་མ་ཞིག་སྣང་བས། དེ་དག་དགག་པར་བྱ་བ་དང་། གཞན་ཡང་མཁས་གྲུབ་དགེ་ལེགས་དཔལ་དང་། དཔལ་འཇིགས་མེད་གྲགས་པ་གཉིས་ཀྱིས། རྗེ་བཙུན་གོང་མའི་བཞེད་པ་ལ་དགག་པ་བརྗོད་པ་དུ་མ་ཞིག་སྣང་བས་དེ་དག་བསལ་བར་བྱ་བའི་ཕྱིར། དཔལ་ཀྱཻ་རྡོ་རྗེའི་མངོན་པར་རྟོགས་པ་མན་ངག་གི་གཏེར་མཛོད་གསལ་བར་བྱེད་པའི་དཀའ་འགྲེལ་རྒྱུད་དོན་གནད་ཀྱི་ལྡེ་མིག་གི་རྒྱས་བཤད་འཁྲུལ་འཇོམས་ཉི་མའི་འོད་ཟེར་ཞེས་བྱ་བ་བྱས་སོ། །དེ་ལ་ལུགས་ཕྱི་མ་གཉིས་ལ་ལན་གདབ་པ་རྣམས་ནི། དཔྱད་པ་འཇུག་པའི་གཞི་རེ་རེ་ཙམ་མ་གཏོགས་ཕལ་ཆེར་ལན་རྣམ་དག་ཏུ་སོང་འདུག་སྟེ། ལུགས་དེ་གཉིས་ནི་རྒྱུད་སྡེའི་དགོངས་པ་གྲུབ་ཆེན་གྱིས་བཀྲལ་བ་འཁྲུལ་པ་མེད་པ་ལ་ལུང་རིགས་ལྟར་སྣང་གིས་སྐྱོན་བརྗོད་པ་འབའ་ཞིག་ཏུ་སྣང་བས། དེའི་ལན་གདབ་པ་ནི་ཤིན་ཏུ་སླ་བའི་ཕྱིར་རོ། །གནད་ཀྱི་ཟླ་ཟེར་ལ་སྐྱོན་བརྗོད་པ་རྣམས་ནི་རང་ཉིད་རྗེ་བཙུན་གོང་མའི་གསུང་རབ་ཚད་མར་ཁས་ལེན་བཞིན་དུ། དེ་དག་གི་དགོངས་པ་ཕྱིན་ཅི་མ་ལོག་པར་བཀྲལ་བ་ལ་སྐྱོན་བརྗོད་པར་སྣང་བས་འགལ་བའི་ཁུར་ཁྱེར་བ་ནི་འདི་དང་འདི་ལྟ་བུའོ་ཞེས་ཁོ་བོས་གསལ་བར་བཤད་པར་བྱ་བ་ལ། བློ་གྲོས་ཀྱི་མིག་དང་ལྡན་པ་དག་གིས་གཟུ་བོར་གནས་པའི་བློས་དཔྱོད་ལ་བླང་དོར་ཚུལ་བཞིན་དུ་གྱིས་ཤིག འདིར་བསྐྱེད་རིམ་གནད་ཀྱི་ཟླ་ཟེར་ལས། དེ་ལས་བོད་ཀྱི་བླ་མ་རྣམས་གང་གི་རྗེས་སུ་འབྲང་དཔྱད་པའི་སྐབས་སུ། བོད་ཡུལ་བསྟན་པའི་སྒྲོན་མེ་རྗེ་བཙུན་ས་སྐྱ་པའི་ལུགས་འདི་འཕགས་ཡུལ་གྱི་གཞུང་གང་གི་རྗེས་སུ་འབྲང་སྙམ་ན། རྗེ་བཙུན་ཆེན་པོས་སྙིང་པོ་དོན་གྱི་ཀྱཻ་རྡོ་རྗེ། །བིརྺའི་རྗེས་འབྲང་ཌོཾ་བིའི་སྐོར། །ཡན་ལག་མེད་རྗེ་པདྨའི་སྐོར། །དམ་ཚིག་རྡོ་རྗེ་ནག་པོའི་སྐོར། །གཙོ་ཆེའི་ཆོས་སྣ་སུམ་ཅུ་དགུ། །ལམ་སྐོར་དགུ་ནི་ཁྱད་པར་རོ། །ཞེས་གསུངས་པས། སྔར་གྱི་མཚོ་སྐྱེས་ཀྱི་ཆོས་སྐོར་དང་། ནག་པོ་པའི་སྐོར་དང་། རྗེ་བཙུན་བིརྺ་པའི་རྗེས་འབྲང་ལ་སློབ་དཔོན་ནག་པོ་པ་ནས་བརྒྱུད་པའི་མན་ངག་ལུགས་དང་མི་ཐུབ་ཟླ་བའི་ཆོས་སྐོར་འགྲེལ་པ་ལུགས་སུ་གྲགས་པ་སྟེ་འདི་གཉིས་ངོ་བོ་གཅིག་ཡིན་པས་ལུགས་གསུམ་མམ་བླ་མ་དག་གི་གསུང་སྒྲོས་ལ་འདི་གཉིས་སོ་སོར་ཕྱེ་ནས་བརྒྱུད་པའི་བཀའ་སྲོལ་བཞི་ཞེས་གསུངས་ཞེས་དང་། འོག་ཏུ་སློབ་དཔོན་ཌོཾ་བི་ཧེ་རུ་ཀས་སྒྲུབ་ཐབས་བདུད་རྩི་འོད་ལ་སོགས་པ་མཛད། ལུགས་འདི་སྨིན་གྲོལ་གྱི་ལམ་ཐམས་ཅད་ཤིན་ཏུ་བསྡུས་ལ་རྒྱུད་ཀྱི་བཤད་པ་ཤིན་ཏུ་རྒྱས་པ་ཞིག་སྣང་། སློབ་དཔོན་ནག་པོ་པ་ནས་བརྒྱུད་པ་ལ། རྣལ་འབྱོར་ཉམས་སུ་བླང་བའི་རིམ་པ་ཤིན་ཏུ་རྒྱས་ཤིང་རྒྱུད་ཀྱི་བཤད་པ་ནི་མན་ངག་དང་སྦྱར་ཏེ་འབྲུ་གཉེར་བ་ཙམ་དང་། དཀའ་གནས་འགའ་ཞིག་གི་བཤད་པ་ཙམ་མ་གཏོགས་པ་རྒྱས་པ་མི་སྣང་ཞིང་། སློབ་དཔོན་གཉིས་ཆར་གྲུབ་ཆེན་བིརྺ་པའི་སློབ་མ་ཡིན་པ་ལ་ལམ་གཉིས་འབྱུང་བའི་རྒྱུ་མཚན་ཅི་ཡིན་སྙམ་ན་དང་པོར་ལམ་ལ་འཇུག་པའི་དུས་སུ་ཌོཾ་བྷི་ཝ་བློ་རབ་དང་། ནག་པོ་པ་བློ་ཐ་མ་ཞིག་ཡོད་པར་སྣང་བས་དེ་དང་མཐུན་པར་བསྟན་པ་ཡིན། དེ་ལྟར་ལམ་གཉིས་ཀྱང་རང་གི་ངོ་བོ་གཅིག་ཡིན་ཏེ། སྐལ་དམན་རིམ་གྱིས་འཇུག་པའི་གང་ཟག་གཅིག་ཌོཾ་བྷི་ཝའི་ལམ་གྱིས་དཀྲི་དགོས་ན། ནག་པོ་པས་བཤད་པ་ལྟར་དཀྲི་བ་ལས་གཞན་པའི་ཐབས་མེད་ཅིང་། སྐལ་ལྡན་ཅིག་ཆར་བ་ཞིག་ནག་པོའི་ལམ་གྱིས་དཀྲི་ན་ཌོྃ་བྷི་ཝས་ཇི་སྐད་བཤད་པ་བཞིན་ལས་གཞན་དུ་མེད་པའི་ཕྱིར། དེས་ན་གདུལ་བྱ་གང་ཟག་གི་ངོས་ནས་གཉིས་སུ་ཕྱེ་བ་ཡིན་གྱི། རང་གི་ངོ་བོའི་སྒོ་ནས་ཕྱེ་བ་མ་ཡིན་པས་ལམ་གཉིས་དོན་གཅིག་དུ་ཤེས་པར་བྱའོ། །གལ་ཏེ་ལམ་འདི་གཉིས་དོན་གཅིག་ན་མི་འདྲ་བ་མི་རིགས་པ་ལ་སྨིན་བྱེད་དང་བསྐྱེད་རིམ་གྱི་སྐབས་ན་མི་འདྲ་བ་དུ་མ་སྣང་བའི་ཕྱིར་རོ་སྙམ་ན། ནང་སེལ་གྱི་དབྱེ་བ་ཕྲ་མོས་ལམ་གྱི་སྤྱི་མི་འདྲ་བར་འབྱེད་མི་ནུས་པས་ན། འགྲེལ་པ་ལུགས་དང་མན་ངག་ལུགས་གཉིས་ཀ་རྗེ་བཙུན་བིརྺ་པའི་ལུགས་ཞེས་གཅིག་ཏུ་ཤེས་པར་བྱ་སྟེ། དཔེར་ན་རྡོར་དབྱིངས་འགྲེལ་པ་ལུགས་དང་དཀྱིལ་ཆོག་ལུགས་གཉིས་ཀ་སློབ་དཔོན་ཀུན་དགའ་སྙིང་པོའི་ལུགས་སུ་གཅིག་པ་བཞིན་ནོ་ཞེས་གསུངས་པ་ལ། ཉི་ཟེར་མཁན་པོ་ན་རེ། དེ་ནི་འཐད་པ་མ་ཡིན་ཏེ། འོ་ན་གོང་དུ་ཁྱེད་རང་གིས་སྨོས་པའི་ལམ་གསུམ་ཀ་ཡང་རང་གི་ངོ་བོ་གཅིག་ཏུ་འགྱུར་ཏེ། མཚོ་སྐྱེས་ལུགས་ཀྱི་ལམ་འབའ་ཞིག་གིས་དཀྲི་བར་འོས་པའི་གང་ཟག་གཅིག་བིརྺ་པ་དང་། དམ་ཚིག་རྡོ་རྗེའི་ལམ་གྱིས་དཀྲི་བའི་ཚེ་མཚོ་སྐྱེས་ལུགས་ཀྱི་ལམ་གྱིས་དཀྲི་དགོས་ལ། ནག་པོ་ལུགས་ཀྱི་ལམ་འབའ་ཞིག་གིས་དཀྲི་བར་འོས་པའི་གང་ཟག་གཅིག་བིརྺ་པ་དང་། མཚོ་སྐྱེས་ལུགས་ཀྱིས་དཀྲི་བའི་ཚེ་ན། ནག་པོ་ལུགས་ལས་དཀྲི་བའི་ཐབས་གཞན་མེད་པའི་ཕྱིར་རོ། །དེ་ན་གདུལ་བྱའི་གང་ཟག་གི་ངོས་ནས་གསུམ་དུ་ཕྱེ་བ་ཡིན་གྱི་རང་གི་ངོ་བོའི་སྒོ་ནས་ཕྱེ་བ་མ་ཡིན་པས་ལམ་གསུམ་གྱི་དོན་ཡང་གཅིག་ཏུ་འགྱུར་རོ། །སྨིན་བྱེད་དང་བསྐྱེད་རྫོགས་གཉིས་ཀྱི་ཚུལ་མི་འདྲ་བས་ལམ་འདི་གསུམ་དོན་མི་གཅིག་གོ་སྙམ་ན། ནང་སེལ་གྱི་དབྱེ་བ་ཕྲ་མོ་ཙམ་གྱིས་སྤྱི་མི་འདྲ་བར་བྱེད་མི་ནུས་པས། ལུགས་གསུམ་ཀ་ཡང་རྡོ་རྗེ་འཆང་ཆེན་པོའི་ལུགས་ཞེས་གཅིག་ཏུ་ཤེས་པར་བྱ་དགོས་པར་འགྱུར་རོ། །འོ་ན་རྡོ་རྗེ་འཆང་ཆེན་པོའི་ལུགས་སུ་གཅིག་པ་ལ་ལམ་གྱི་ནང་སེལ་མི་འདྲ་བ་གསུམ་འབྱུང་བའི་རྒྱུ་མཚན་ཅི་ཡིན་སྙམ་ན། གང་ཟག་གི་དབང་པོའི་ཁྱད་པར་གྱིས་ཡིན་ནོ་ཞེས་རིགས་པ་དབུ་ཞབས་རྣམ་པ་ཐམས་ཅད་དུ་མཚུངས་སོ་ཞེས་བྱ་བ་བྲིས་སོ།། །།འདི་ལ་ཕྱོགས་སྔ་མ་རྟོགས་པ་དང་། ཚིག་ཙམ་ལ་བརྟེན་པའི་སྐྱོན་གཉིས་ལས། དང་པོ་ནི། ཟླ་ཟེར་གྱི་རང་ལུགས་ལ། ལམ་སྲོལ་གསུམ་དུ་རྣམ་པ་ཐམས་ཅད་དུ་དམ་བཅས་པ་མེད་དེ། མཚོ་སྐྱེས་དང་ནག་པོ་དམ་ཚིག་རྡོ་རྗེ་དང་། བིརྺ་པའི་ལུགས་ཞེས་བགྲངས་པའི་ཚེ་ལམ་སྲོལ་གསུམ་དང་། ཕྱི་མ་ལ་མན་ངག་ལུགས་དང་། འགྲེལ་པ་ལུགས་གཉིས་སུ་ཕྱེ་བའི་ཚེ་ལམ་སྲོལ་བཞིར་འགྱུར་བར་ཟླ་ཟེར་ཉིད་ལས་བཤད་པའི་ཕྱིར་དང་། ལམ་སྲོལ་གསུམ་དུ་དམ་བཅས་པའི་སྒྲུབ་བྱེད་དུ། གཞུང་འོག་མ་རྣམས་མ་བཀོད་པའི་ཕྱིར་རོ། །གཉིས་པ་ནི་ཁྱེད་རང་གིས་སྨོས་པའི་ལམ་གསུམ་ཀ་ཡང་ངོ་བོ་གཅིག་ཏུ་འགྱུར་ཏེ། མཚོ་སྐྱེས་ཀྱི་ལུགས་ཀྱི་ལམ་འབའ་ཞིག་གིས་དཀྲི་བར་འོས་པའི་གང་ཟག་གཅིག་བིརྺ་པ་དང་། ནག་པོ་དམ་ཚིག་རྡོ་རྗེའི་ལུགས་ཀྱིས་དཀྲི་བའི་ཚེ། མཚོ་སྐྱེས་ལུགས་ཀྱིས་དཀྲི་དགོས་ལ་ཞེས་སོགས་བྲིས་པ་ནི་ཚིག་ཙམ་ལ་བརྟེན་པ་སྟེ། ཁྱེད་ལ་དེ་ལྟར་དཀྲིས་བའི་མཚན་གཞི་སྟོན་རྒྱུ་མེད་ལ། ངེད་ལ་ནི་ནག་པོ་པའི་ལམ་གྱིས་དཀྲི་བར་འོས་པའི་གང་ཟག་ཌོཾ་བྷི་པའི་ལམ་གྱིས་དཀྲི་བའི་ཚེ་ན། ནག་པོ་པས་དཀྲི་བ་ལྟར་བཤད་པའི་མཚན་གཞི་སྟོན་རྒྱུ་ཡོད་པའི་ཕྱིར་ཏེ། རྗེ་བཙུན་འབྲོག་མི་ལོཙྪ་བ་ལ་སློབ་དཔོན་དཔའ་བོའི་རྡོ་རྗེས་རྩ་བ་རྡོ་རྗེའི་ཚིག་རྐང་མེད་པའི་ལམ་འབྲས་ཀྱི་ཁྲིད་ཚང་མ་བསྟན་པར་གོང་མའི་གསུང་རབ་ལས་བཤད་པའི་ཕྱིར་རོ། །ལུགས་གཉིས་ཀ་བིརྺ་པའི་ལུགས་སུ་གཅིག་ཅེས་པ་ལ། མཚོ་སྐྱེས་སོགས་ཀྱི་བཀའ་སྲོལ་གསུམ་ཀ་ཡང་རྡོ་རྗེ་འཆང་གི་ལུགས་སུ་གཅིག་ཅེས་པ་མཚུངས་པ་བསྒྲེ་བ་ཡང་ཚིག་ཙམ་ལ་བརྟེན་པ་སྟེ། འདིར་འཕགས་ཡུལ་གྱི་འགྲེལ་བྱེད་ཀྱི་ལུགས་བགྲངས་པའི་སྐབས་ཡིན་ལ། བིརྺ་པ་ནི་འཕགས་ཡུལ་གྱི་འགྲེལ་བྱེད་ཡིན་ཞིང་། རྡོ་རྗེ་འཆང་ནི་དེ་མ་ཡིན་པའི་ཕྱིར་རོ། །ཡང་ཁྱེད་ཀྱིས་གཙོ་ཆེའི་ཆོས་སྣ་སུམ་ཅུ་དགུ་ལ། ཀྱཻ་རྡོར་རྒྱུད་གསུམ། ཌོཾ་བི་ལུགས་ཀྱི་གཞུང་བཅོ་བརྒྱད། མཚོ་སྐྱེས་ལུགས་ལ་ལྔ། ནག་པོ་ལུགས་ལ་བཅུ་གསུམ་ཞེས་བགྲངས་ནས། གོང་གི་སྐོར་གསུམ་དུ་མ་གཏོགས་པའི་མན་ངག་ལུགས་ཁྱད་པར་དུ་བསྟན་པའི་ཕྱིར་ལམ་སྐོར་དགུ་ནི་ཁྱད་པར་རོ། །ཞེས་གསུངས་པ་ཡིན་ནོ་ཞེས་བྲིས་པ་ཡང་མི་འཐད་དེ། བཀའ་སྲོལ་གསུམ་གྱི་རྒྱ་གཞུང་ལ། རྒྱུད་གསུམ་བགྲངས་པ་བཞད་གད་ཀྱི་གནས་ཡིན་པའི་ཕྱིར་དང་། ཌོཾ་བྷི་བའི་ལུགས་ལ་རིན་ཆེན་འབར་བ་གཅིག་ཏུ་བགྲངས་ན་གཞུང་བཅོ་ལྔ་ལས་མི་སྣང་བའི་ཕྱིར་དང་། མཚོ་སྐྱེས་ལུགས་ལ་གཞུང་བདུན་ཡོད་ཅིང་ཁྱེད་རང་གི་ཚད་མར་ཕྱེད་པའི་གནད་ཀྱི་ལྡེ་མིག་ལས་ཀྱང་བདུན་བགྲངས་པའི་ཕྱིར་དང་། བསྐྱེད་རྫོགས་ཀྱི་གཞུང་གཉིས་ལམ་སྐོར་གྱི་ཁོངས་སུ་གཏོགས་པས་མི་བགྲངས་ན། ཌོཾ་བི་ཝའི་ལྷན་ཅིག་སྐྱེས་གྲུབ་ཀྱང་མི་བགྲང་བར་མཚུངས་པའི་ཕྱིར་དང་། ནག་པོ་ལུགས་ལ་གཞུང་བཅུ་གཉིས་ལས་མེད་པའི་ཕྱིར་རོ། །གོང་གི་སྐོར་གསུམ་དུ་མ་གཏོགས་པའི་མན་ངག་ལུགས་ཁྱད་པར་དུ་བསྟན་པའི་ཕྱིར། ལམ་སྐོར་དགུ་ནི་ཁྱད་པར་རོ། །ཞེས་གསུང་བ་ཡིན་ནོ་ཞེས་པ་ཡང་མི་འཐད་དེ། ལམ་སྐོར་དགུ་ཆར་མན་ངག་ལུགས་མ་ཡིན་པའི་ཕྱིར་དང་། གཞུང་དེ་ནི་ཆོ་སྣ་སུམ་ཅུ་དགུའི་ནང་དུ་མ་གཏོགས་པའི་གོང་གི་སྐོར་གསུམ་པོ་དེའི་ཆོས་སྣ་འགའ་ཞིག་ཁྱད་པར་དུ་བྱ་བའི་ཕྱིར་སྨོས་པ་ཡིན་པའི་ཕྱིར་རོ། །དེས་ན་ལམ་རང་གི་ངོ་བོའི་སྒོ་ནས་ལམ་སྲོལ་གསུམ་དང་། བིརྺ་པའི་ལུགས་ལ་རྒྱས་བསྡུས་གཉིས་སུ་ཕྱེ་བའི་ཚེ་ན་གཞིར་འགྱུར་བ་ལ་འགལ་བ་མེད་པར་ཤེས་པར་བྱའོ།། །།སྐུ་རྡོ་རྗེའི་འཁོར་གྱི་སྐབས་སུ་ཟླ་ཟེར་ལས། གྲུབ་ཆེན་ཨ་ལ་ལ་བཛྲ་ལྟར་ན་གཽ་རཱི་ལ་སོགས་པའི་ལྷ་མོ་ཐམས་ཅད་ཀྱང་སྐུ་མདོག་ནག་མོ་གཡས་རང་རང་གི་ཕྱག་མཚན་དང་། གཡོན་ཁ་ཊྭཱཾ་ག་འཛིན་པར་བཞེད་དེ། དེས་མཛད་པའི་ཕྱག་གཉིས་པའི་སྒྲུབ་ཐབས་ལས། ཤར་གྱི་འདབ་མར་གཽ་རཱི་ནི། །མི་མགོ་པར་པུ་ལག་ན་འཛིན། །ལྷོར་ནི་ཙཽ་རཱི་ལྷ་མོ་ཡིན། །ལག་པར་ཉི་མ་ཐོགས་པར་གནས། །ནུབ་ཏུ་ལྷ་མོ་བཻ་ཏ་ལཱི། །ལག་པར་ཆུ་ཡི་པར་བུ་འཛིན། །བྱང་དུ་གྷསྨ་ཤེས་པར་བྱ། །སྨན་གྱི་བདུད་རྩི་འཛིན་པ་ཡིན། །དབང་ལྡན་མཚམས་སུ་པུཀྐ་སཱི། །ལག་པར་རྡོ་རྗེ་འཛིན་པར་གནས། །མེ་ཡི་མཚམས་སུ་ཤ་བ་རཱི། །རོ་ཡི་པར་བུ་ལག་ན་འཛིན། །ཙཎྜ་སྲིན་པོའི་མཚམས་སུ་གནས། །ཅང་ཏེའུ་སྒྲ་ནི་གྲག་པར་བྱེད། །རླུང་མཚམས་ཌོཾ་བི་ནཱི་ནི་གནས། །འཁྱུད་པ་དེ་ནི་རབ་ཏུ་དགའ། །ཐམས་ཅད་ཁ་དོག་ནག་པོ་ཡིན། །མེ་འོད་སེར་སྐྱ་གྱེན་དུ་འཁྱིལ། །རོ་དང་ལྡན་པ་སྤྱན་གསུམ་པོ། །ཕྱག་རྒྱ་ལྔ་ནི་ཡང་དག་ལྡན། །གར་བྱེད་པ་ནི་གནས་པ་ཡིན། །ཁ་ཊྭཱཾ་ག་ནི་གཡོན་ན་འཛིན། །ཕྱག་གཉིས་པ་ལ་ཞལ་གཅིག་ཡིན། །ཞེས་གསུངས་སོ། །འདི་ནི་རྒྱུད་ཀྱི་དོན་ལ་ཞུགས་པས་སློབ་དཔོན་གཞན་གྱི་འདོད་པ་ལས་ཁྱད་པར་དུ་འཕགས་ཏེ་ལེའུ་གསུམ་པ་ཉིད་ལས་ལྷ་མོ་བརྒྱད་ཀྱི་ཕྱག་མཚན་དེ་ལྟར་གསུངས་པའི་ཕྱིར་དང་འཁོར་སྤྲོ་བའི་སྐབས་སུ། རང་གི་ལུས་མཚུངས་རྣམ་པར་སྤྲོ། །ཞེས་སྤྲོ་བ་པོ་གཙོ་བོའི་ཁ་དོག་སྔོན་པོར་ཡོད་པ་བཞིན་འཁོར་རྣམས་ཀྱང་རང་དང་འདྲ་བར་གསུངས་པས་ཁ་དོག་ནག་པོར་འགྲུབ་བོ། །དེའི་རྗེས་འབྲང་སློབ་དཔོན་མི་ཐུབ་ཟླ་བ་དང་། རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ཀྱང་འདི་བཞིན་ཞལ་གྱིས་བཞེས་པར་མངོན་ནོ་ཞེས་གསུངས་པ་ལ། ཉི་ཟེར་མཁན་པོ་ན་རེ། རྗེ་བཙུན་གྱི་དགོངས་པ་དེ་ལྟར་མ་ཡིན་ཏེ། དག་ལྡན་ལས་སྐུ་རྡོ་རྗེ་ལ་ཡུམ་བདག་མེད་མ་དོན་ཐོབ་ཏུ་ཡོད་པའི་དབང་དུ་བྱས་ནས་གཙོ་འཁོར་རྣམས་ཕྱག་མཚན་ལས་བསྐྱེད་པའི་སྐབས་སུ། འདིས་མཚོན་ནས་ཨཾ་ལས་གྲི་གུག་ཨཾ་གིས་མཚན་པ་ལས་བདག་མེད་མ་བསྐྱེད་པ་ནས་བཟུང་སྟེ། ཌཾ་ལས་རྡོ་རྗེ་ཌཾ་གིས་མཚན་པ་ལས་གཡུང་མོ་བསྐྱེད་པའི་བར་དུ་ཡང་སྦྱར་རོ་ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་མི་འཐད་དེ། དག་ལྡན་ལས་ཧེ་རུ་ཀ་གསུམ་གྱི་བསྐྱེད་ཆོག་ལ་བསྡུས་འབྲིང་རྒྱས་གསུམ་གསུངས་པའི་བསྡུས་པ་ས་བོན་ལས་བསྐྱེད་པའི་སྐབས་སུ་འདི་ལས་མངོན་པར་རྟོགས་པ་དུ་མར་ཡང་སྤེལ་བར་བྱ་སྟེ། ཨཾ་ལས་བདག་མེད་མ་དང་། གཾ་ལས་གཽ་རཱི་ནས་ཌཾ་ལས་གཡུང་མོ་བསྐྱེད་པའི་བར་དུ་ཡང་འདིས་ཤེས་པར་ནུས་སོ་ཞེས་དང་། འབྲིང་ཆོ་ག་གསུམ་བསྐྱེད་ཀྱི་སྐབས་སུ་ཁྱེད་ཀྱིས་བགྲངས་པ་ལྟར་གསུངས་མོད་ཀྱི་དེ་དག་གིས་ནི་ཧེ་རུ་ཀ་གསུམ་གྱི་འཁོར་གྱི་བསྐྱེད་ཆོག་སྟོན་པ་མ་ཡིན་གྱི། ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་དུ་རྡོ་རྗེ་སློབ་མའི་དབང་ཙམ་ཐོབ་པའི་གང་ཟག་གིས་མེ་ཏོག་གང་ཕོག་གི་ལྷའི་སྒོམ་བཟླས་བྱེད་ཚུལ་གྱི་མངོན་རྟོགས་བསྟན་པ་ཡིན་པའི་ཕྱིར། གཞན་དུ་ན་འདི་ལས་མངོན་པར་རྟོགས་པ་དུ་མར་ཡང་སྤེལ་བར་བྱ་སྟེ། ཞེས་པའི་ཚིག་ཀྱང་བཤད་དུ་མི་རུང་བར་ཡང་འགྱུར་ཏེ། དཀྱིལ་འཁོར་གཅིག་གི་འཁོར་གྱི་ལྷ་མོའི་བསྐྱེད་ཆོག་ལ་མངོན་རྟོགས་དུ་མའི་དོན་མི་གནས་པའི་ཕྱིར་རོ། །སྐུ་རྡོ་རྗེ་ལ་ཡུམ་བདག་མེད་མ་དོན་ཐོབ་ལ་ཡོད་དུ་ཆུག་ནའང་དེ་ཡབ་ལས་ལོགས་སུ་རྡོ་རྗེ་ཆོ་ག་གསུམ་བསྐྱེད་བྱེད་པ་རྒྱུད་དང་དག་ལྡན་གྱི་དགོངས་པ་མ་ཡིན་ཏེ། ཆོ་ག་གསུམ་བསྐྱེད་ཀྱི་སྐབས་སུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་སྐུ་རྡོ་རྗེ་དང་། ཧེ་རུ་ཀ་ཕྱི་མ་གཉིས་ཡུམ་དང་བཅས་པ་བསྐྱེད་པར་གསུངས་ཀྱི་ཕྱི་མ་གཉིས་ལ་ཡུམ་དངོས་སུ་ཡོད་ཀྱང་ཡབ་ལས་ལོགས་སུ་ཆོ་ག་གསུམ་བསྐྱེད་མ་གསུངས་པའི་ཕྱིར་རོ། །ཁྱེད་རང་གི་ཚད་མར་ཁས་བླངས་པའི་མངོན་པར་རྟོགས་པ་མན་ངག་གི་གཏེར་མཛོད་དང་ཡང་འགལ་ཏེ། དེར་རྩ་རྒྱུད་ཀྱི་ཧེ་རུ་ཀ་གསུམ་གྱི་བསྐྱེད་ཆོག་བསྡུས་འབྲིང་རྒྱས་པ་གསུམ་ཆར་ལ་ཡང་གུར་རྒྱན་ལྟར་རྒྱུ་འབྲས་ཀྱི་རྡོ་རྗེ་འཛིན་པ་དང་འཁོར་གྱི་ལྷ་མོ་མངལ་ནས་དབྱུང་བ་སོགས་བྱས་ལ་དེའི་ཚེ་འཁོར་གྱི་ལྷ་མོ་ལ་ཆོ་ག་གསུམ་བསྐྱེད་མི་སྣང་བའི་ཕྱིར་རོ། །མན་ངག་གི་གཏེར་མཛོད་ཀྱི་ལུགས་དེའང་མི་འཐད་དེ། རྩ་རྒྱུད་ཀྱི་ཧེ་རུ་ཀ་གསུམ་གྱི་བསྐྱེད་ཆོག་བསྡུས་པ་ནི་གདན་གྱི་སྟེང་དུ་གཙོ་རྐྱང་ས་བོན་ལས་བསྐྱེད་པ་དང་། འབྲིང་པོ་ནི་དེའི་སྟེང་དུ་ཐུན་མོང་བའི་སྲུང་འཁོར་དང་། རྡོ་རྗེ་ཆོ་ག་གསུམ་བསྐྱེད་གཉིས་བསྣན་པ་དང་། རྒྱས་པ་ནི་དེའི་སྟེང་དུ་དུར་ཁྲོད་བརྒྱད་བསྣན་ནས་གཙོ་བོ་མངོན་བྱང་ལས་བསྐྱེད་དེ་འཁོར་གྱི་ལྷ་མོ་ཐུགས་ཁ་ནས་སྤྲོ་བའི་ཁྱད་པར་མ་གཏོགས་པ་གསུམ་ཆར་ལ་ཡང་རྒྱུ་རྡོ་རྗེ་འཆང་དང་། ཞུ་བ་གླུས་བསྐུལ་ལ་སོགས་མེད་པར་དག་ལྡན་ལས་གསུངས་པའི་དོན་མ་དགོངས་པར་གུར་རྒྱན་ནས་གསུངས་པའི་བསྐྱེད་ཆོག་དེ་ཉིད་སྦྱར་འདུག་པའི་ཕྱིར། དེས་ན་དག་ལྡན་ནས་བཤད་པའི་བསྐྱེད་ཆོག་བསྡུས་འབྲིང་གཉིས་ཀྱི་སྐབས་སུ་འཁོར་གྱི་ལྷ་མོ་མེད་པའི་ཕྱིར་ན་གོང་གི་དག་ལྡན་གྱི་ལུང་གཉིས་པོ་དེས་འཁོར་གྱི་ལྷ་མོའི་བསྐྱེད་ཆོག་སྟོན་པར་འདོད་པ་ནི་རྗེ་བཙུན་གོང་མའི་དགོངས་པ་མ་རྟོགས་པར་སྣང་ངོ་། །འོ་ན་རྩ་རྒྱུད་ཀྱི་ཧེ་རུ་ཀ་གསུམ་ལ་རྒྱུ་རྡོ་རྗེ་འཆང་དང་། འཁོར་གྱི་ལྷ་མོ་མངལ་ནས་དབྱུང་བ་དང་། ཞུ་བ་གླུས་བསྐུལ་སོགས་དག་ལྡན་ལས་མ་གསུངས་ཤིང་གུར་གྱི་ཧེ་རུ་ཀ་གསུམ་ལ་དེ་ལྟར་གུར་རྒྱན་ལས་གསུངས་པའི་རྒྱུ་མཚན་ཅི་ཡིན་སྙམ་ན་རྩ་རྒྱུད་ཀྱི་ཧེ་རུ་ཀ་གསུམ་ལ་རྩ་རྒྱུད་ལེའུ་གསུམ་པ་རང་ནས་གསུངས་པའི་སྐྱེད་ཆོག་སྦྱར་བར་བཞེད་ཅིང་གུར་གྱི་ཧེ་རུ་ཀ་གསུམ་ལ་གུར་ལེའུ་བཞི་པ་དང་བཅུ་གཉིས་པ་ནས་གསུང་པའི་མངོན་རྟོགས་ཀྱི་ཆིངས་སྦྱར་དགོས་པས་དེའི་ཚེ་དེ་དག་ཡོད་པ་ནི་རྗེ་བཙུན་གོང་མའི་དགོངས་པ་བླ་ན་མེད་པའོ། །མཆོག་སྒྲུབ་པའི་དཀྱིལ་འཁོར་གྱི་གྲངས་ངེས་ཀྱི་སྐབས་སུ། ཟླ་ཟེར་ལས་སཾ་ཊར་གསུངས་པའི་དཀྱིལ་འཁོར་གྱི་སྐབས་སུ། ཧེ་རུ་ཀ་ལྔ་ལ་གཙོ་བོ་འཕོ་བའི་དབྱེ་བ་མཛད་པ་ལ། ཉི་ཟེར་མཁན་པོ་ན་རེ། དེ་ནི་མི་འཐད་དེ། ལྗོན་ཤིང་ལས། དེས་ན་མཆོག་སྒྲུབ་པའི་དཀྱིལ་འཁོར་བཅུ་གཉིས་སོ། །འོ་ན་གཙོ་བོར་དུ་མར་འཕོ་བས་དཀྱིལ་འཁོར་དེ་བས་མང་བར་མི་འགྱུར་རམ་ཞེ་ན། རིགས་ལྔ་ལས་ལྷག་པའི་གཙོ་བོ་གཞན་ནི་མི་བཞེད་དེ། ལྷ་གཞན་ནི་ལས་རྒྱས་པའི་ལྷ་ཞེས་བྱ་བར་འགྱུར་ཏེ་ཞེས་གསུངས་པ་དང་འགལ་ལོ་ཞེས་ཟེར་བར་གྲགས་ནའང་དེ་ནི་མི་འགལ་ཏེ་ལུང་དེའི་དོན་ནི། རིགས་ལྔ་མ་གཏོགས་ཡུམ་བཞི་སོགས་དཀྱིལ་འཁོར་གྱི་ལྷ་གཞན་གཙོ་བོ་འཕོ་བ་བྱས་ན་ལས་རྒྱས་པའི་ལྷར་འགྱུར་ཞེས་བསྟན་པ་ཡིན་གྱི་ཧེ་རུ་ཀ་ལྔ་ལ་རིགས་ལྔ་མེད་པར་སྟོན་པའི་གཞུང་མ་ཡིན་པའི་ཕྱིར། དེར་མ་ཟད་ཧེ་རུ་ཀ་བཞི། དྲག་པོའི་གདན་ཅན་དང་ལྔ་ལ་རིགས་ལྔར་འབྱེད་པ་དོན་གྱིས་ཐོབ་སྟེ། སཾ་ཊར། ལྷ་ཞེས་བྱ་བ་ཅི་ལྟར་ལགས་ཞེས་པའི་ལན་དུ། ཐམས་ཅད་བདག་ཉིད་ཅེས་པའི་འགྲེལ་བར། རྗེ་ས་ཆེན་གྱིས། དེ་བས་ན་ཐམས་ཅད་རྒྱལ་བ་ལྔ་ཡིན་ལ། བདག་ཉིད་ཀྱི་རྒྱལ་བ་ལྔ་པོ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་གཅིག་པས་སོ་ཞེས་གསུངས་པའི་ཕྱིར། རིགས་པས་ཀྱང་གྲུབ་སྟེ། རྩ་རྒྱུད་ཀྱི་ཧེ་རུ་ཀ་བཞི་ལ། གུར་དང་ཐུན་མོང་དུ་ཧེ་རུ་ཀ་ལྔར་འབྱེད་ན། སཾ་ཊའི་ཧེ་རུ་ཀ་ལྔ་ལ་ཡང་རིགས་ལྔར་འབྱེད་རིགས་པའི་ཕྱིར་དང་། དེ་དག་ལས་རྒྱས་པའི་ལྷ་ཡིན་ན། གུར་གྱི་སྐབས་སུ་གསུངས་པ་ཡང་ལས་རྒྱས་པའི་ལྷར་འགྱུར་བ་དང་། སངས་རྒྱས་མགོན་པོ་ཞེས་སོགས་གུར་ལས་གསུངས་པ་དེས་ཧེ་རུ་ཀ་བཞི་ལ་རིགས་ལྔ་གཙོ་བོ་འཕོ་བར་འབྱེད་ནུས་ན། གང་གིས་གང་ཡང་ཞེས་སོགས་སཾ་ཊའི་ལུང་གིས་ཀྱང་ཧེ་རུ་ཀ་ལྔ་ལ་གཙོ་བོ་འཕོ་བར་འབྱེད་ནུས་པར་མཚུངས་པའི་ཕྱིར་རོ། །དེས་ན་ཟླ་ཟེར་ལས། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་བཞེད་པས་རྒྱུད་གསུམ་ནས་གསུངས་པའི་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་ལ་དགུ་བཅུ་གོ་གསུམ་ཡོད་ཅེས་དེ་ལྟར་གྲངས་ངེས་འདོད་པ་ཡང་བཀག་པ་ཡིན་ལ། ཁོ་བོའི་དཔལ་ལྡན་བླ་མ་དམ་པས། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་བཞེད་པ། རྒྱུད་གསུམ་ནས་བཤད་པའི་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་བརྒྱ་ཐམ་པ་དང་བཅུར་བཞེད་པ་ཡང་ལེགས་པར་གྲུབ་པ་ཡིན་ནོ་ཞེས་བྱ་བ་བྲིས་སོ། །དེ་དག་ནི་མི་འཐད་དེ། ལྗོན་ཤིང་གི་ལུང་དེ་ཁོ་བོའི་བླ་མ་ཐམས་ཅད་མཁྱེན་པས་ཟླ་ཟེར་ལས། སཾ་བུ་ཊི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་རིགས་ལྔ་ལས་གཞན་ཡུམ་བཞི་མན་ཆད་གཙོ་བོ་འཕོ་བ་མེད་པའི་དོན་དུ་མཛད་ཅིང་ལྷ་གཞན་ནི་ལས་རྒྱས་པའི་ལྷ་ཞེས་བྱ་བར་འགྱུར་རོ་ཞེས་སོགས་ཀྱི་ལུང་དྲངས་པ་དེ་མ་མཐོང་བར། ཧེ་རུ་ཀ་ལྔ་ལ་གཙོ་བོ་གོ་འཕོ་བ་མེད་པའི་སྒྲུབ་བྱེད་དུ་བཀོད་པ་མེད་ཀྱང་དེ་མཐོང་འདུག་པས། མིག་གི་དབང་པོ་གཅིག་ལྷག་པའི་ཕྱིར་དང་། དེ་ལྟ་བུའི་སྒྲུབ་བྱེད་དུ་བཀོད་པ་སྐུ་ཚེ་རིལ་པོར་བསྟེན་པའི་སློབ་མ་མཆོག་དག་གིས་ཀྱང་མ་ཐོས་ཀྱང་། ཁྱེད་ལ་དེ་ཐོས་པའི་རྣ་བའི་དབང་པོ་གཅིག་ལྷག་འདུག་པའི་ཕྱིར་རོ། །སཾ་ཊའི་ཧེ་རུ་ཀ་ལྔ་ལ། རིགས་ལྔར་ཕྱེ་ནས་གཙོ་བོ་འཕོ་བ་དོན་གྱིས་ཐོབ་པའི་ཤེས་བྱེད་དུ། ལྷ་ཞེས་བྱ་བ་ཅི་ལྟར་ལགས་ཞེས་པ་རྩ་འགྲེལ་དྲངས་པ་ནི། སྒྲུབ་བྱེད་ཀྱིས་འཕགས་པ་སྟེ། ལུང་དེ་དག་གིས་ལྷ་རེ་རེ་ཡང་རིགས་ལྔའི་བདག་ཉིད་ཡིན་པ་ཙམ་ཞིག་རྟེན་གྱི། རིགས་ལྔར་ཕྱེ་ནས་གཙོ་བོ་འཕོ་བའི་དཀྱིལ་འཁོར་བྱེད་པར་བསྟན་པ་མི་སྣང་བའི་ཕྱིར་རོ། །གལ་ཏེ་རིགས་ལྔ་ཕྱེ་བ་ཙམ་གྱིས་རིགས་ལྔའི་གཙོ་བོ་འཕོ་བའི་དཀྱིལ་འཁོར་ཡོད་པར་འགྲུབ་ན། རྩ་རྒྱུད་ལས། རིགས་གཅིག་ལ་ནི་དེ་བཞིན་གཤེགས་པའི་ཚོགས། །རིགས་ཀྱི་ལྷ་ཚོགས་ལ་རིགས་ནི་དུ་མ་རྣམས། །དེ་རྣམས་ལ་ཡང་འབུམ་ཕྲག་རིགས་ཆེན་ཉིད། །བྱེ་བའི་རིགས་ལ་གྲངས་ནི་མེད་པར་འགྱུར། །ཞེས་གསུངས་པས་ཧེ་རུ་ཀ་རེ་རེ་ལ་ཡང་གཙོ་བོ་འཕོ་བའི་དཀྱིལ་འཁོར་འབུམ་ཕྲག་དང་བྱེ་བ་སོགས་བྱེད་རིགས་པར་འགྱུར་རོ། །དེ་ལྟར་དུ་ཁས་ལེན་ནོ་ཞེ་ན། ཁྱེད་རང་གིས་ཁོ་བོའི་དཔལ་ལྡན་བླ་མ་དམ་པས། ས་སྐྱ་པའི་བཞེད་པ་རྒྱུད་གསུམ་ནས་བཤད་པའི་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་བརྒྱ་ཐམ་པ་དང་བཅུར་བཞེས་པ་ཡང་ལེགས་པར་གྲུབ་པ་ཡིན་ནོ་ཞེས་ཁས་བླངས་པ་དང་འགལ་ལོ། །རིགས་པའི་སྒྲུབ་བྱེད་ཡང་མི་འཐད་དེ་རྩ་རྒྱུད་ཀྱི་ཧེ་རུ་ཀ་བཞི་ལ་གུར་དང་ཐུན་མོང་དུ་རིགས་ལྔར་ཕྱེ་ནས་གཙོ་བོ་འཕོ་བ་བྱེད་པ་ནི་ཁྱེད་རང་གི་བློ་སྐྱོན་ཡིན་གྱི་རྩ་རྒྱུད་ཀྱི་ཧེ་རུ་ཀ་བཞི་ལ་རིགས་ལྔར་ཕྱེ་ནས་གཙོ་བོ་གོ་འཕོ་བར་བྱེད་པ་ནི། རྗེ་བཙུན་གོང་མའི་གསུང་རབ་གང་ལས་ཀྱང་མ་བཤད་ཅིང་། བདག་གི་རྗེ་བཙུན་ཐམས་ཅད་མཁྱེན་པས་ཀྱང་ཞལ་གྱིས་མ་བཞེས་པའི་ཕྱིར་རོ། །གུར་གྱི་ཧེ་རུ་ཀ་བཞི་ལ་རིགས་ལྔར་འབྱེད་ན། སཾ་ཊའི་ཧེ་རུ་ཀ་ལྔ་ལ་རིགས་ལྔར་འབྱེད་རིགས་སོ་ཞེས་པ་ནི། རྗེ་བཙུན་གོང་མ་དངོས་སུ་འགོག་པ་སྟེ་རྗེ་བཙུན་གོང་མས་གུར་གྱི་ཧེ་རུ་ཀ་བཞི་ལ་རིགས་ལྔར་དབྱེ་བ་མཛད་ཅིང་། སཾ་ཊའི་ཧེ་རུ་ཀ་རྣམས་ལ་དབྱེ་བ་མ་མཛད་པའི་ཕྱིར་རོ། །སངས་རྒྱས་མགོན་པོ་ཞེས་སོགས་གུར་ལས་གསུངས་པའི་ཧེ་རུ་ཀ་བཞི་ལ་རིགས་ལྔ་གཙོ་བོ་འཕོ་བར་འབྱེད་ནུས་ན། གང་གིས་གང་ཡང་ཞེས་སོགས་སཾ་ཊའི་ལུང་གིས་ཀྱང་ཧེ་རུ་ཀ་ལྔ་ལ་གཙོ་བོ་འཕོ་བར་འབྱེད་ནུས་པ་མཚུངས་སོ་ཞེས་པ་ནི་མ་བརྟགས་པ་ཆེན་པོ་སྟེ། གང་གིས་གང་ཡང་ཞེས་སོགས་ཀྱི་དོན་ནི། རྡོར་དབྱིངས་ཀྱི་དཀྱིལ་འཁོར་ལ་རིགས་ལྔ་གཙོ་བོ་གོ་འཕོ་བའི་དོན་ཡིན་ལ། ཁྱེད་ཧེ་རུ་ཀ་ལྔ་ནི་སྐུ་རྡོ་རྗེ་སོགས་བཞི་དང་། དྲག་པོའི་གདན་ཅན་ལ་འདོད་པའི་ཕྱིར་རོ། །གཞན་དུ་ན་གང་གིས་གང་ཡང་ཞེས་སོགས་སཾ་ཊའི་ལུང་དེས་ཧེ་རུ་ཀ་ལྔ་ལ་རིགས་ལྔ་ལྔར་ཕྱེ་བས་ཉི་ཤུ་རྩ་ལྔ། དེ་རེ་རེ་ལ་རིགས་བསྡུས་རྒྱས་བསྡུས་གཉིས་གཉིས། རིགས་རྐྱང་རྒྱས་བསྡུས་གཉིས་གཉིས་སུ་ཕྱེ་བས་དཀྱིལ་འཁོར་བརྒྱར་འབྱེད་ནུས་པར་ཐལ། སངས་རྒྱས་མགོན་པོ་ཞེས་སོགས་གུར་གྱི་ལུང་ལ་བརྟེན་ནས་གུར་གྱི་ཧེ་རུ་ཀ་བཞི་ལ་རིགས་ལྔ་ལྔར་ཕྱེ་བས་ཉི་ཤུ། དེ་རེ་རེ་ལ་ཡང་ལྔ་ལྔར་ཕྱེ་བས་དཀྱིལ་འཁོར་བརྒྱད་ཅུར་འབྱེད་ནུས་པའི་ཕྱིར། འདོད་ན། རྒྱུད་གསུམ་ནས་གསུངས་པའི་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་ལ་ཁྱེད་རང་གི་ལུགས་ལ་ཡང་བརྒྱ་དང་བརྒྱད་ཅུ་གྱ་ལྔར་འགྱུར་ཏེ། ཇི་སྐད་བཤད་པ་བརྒྱ། རྡོར་དབྱིངས་ལ་གཙོ་བོ་གོ་འཕོ་བ་ལྔ། གུར་ནས་གསུངས་པ་བརྒྱད་ཅུར་འགྱུར་བའི་ཕྱིར་རོ། །ལེགས་པར་སོམས་ལ་སྨྲོས་ཤིག འོ་ན་རྩ་རྒྱུད་དང་སཾ་བུ་ཊའི་ཧེ་རུ་ཀ་བཞི་ལ་རིགས་ལྔར་ཕྱེ་ནས་གཙོ་བོ་གོ་འཕོ་བ་མི་མཛད་ཅིང་། གུར་གྱི་ཧེ་རུ་ཀ་བཞི་ལ་མཛད་པའི་རྒྱུ་མཚན་ཅི་ཡིན་སྙམ་ན་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་དགོངས་པ་ནི་གུར་གྱི་སྙིང་པོ་ཀྱཻ་རྡོ་རྗེ་ཕྱག་བཅུ་དྲུག་པ་ལ་རིགས་ལྔར་ཕྱེ་ནས་སྐུ་མདོག་དང་། ཕྱག་མཚན་དང་། འཁོར་གྱི་ལྷ་མོ་མི་འདྲ་བའི་དཀྱིལ་འཁོར་ལྔ་རྒྱུད་ལས་དངོས་སུ་གསུངས་པའི་ཤུགས་ཀྱིས་ཧེ་རུ་ཀ་གཞན་གསུམ་ལ་ཡང་རིགས་ལྔ་ལྔར་ཕྱེ་ནས། དཀྱིལ་འཁོར་མི་འདྲ་བ་ལྔ་ལྔར་འབྱུང་བར་དོན་གྱིས་ཐོབ་ལ། རྩ་རྒྱུད་དང་སཾ་བུ་ཊའི་སྙིང་པོ་ཀྱཻ་རྡོ་རྗེ་ཕྱག་བཅུ་དྲུག་པ་ལ་ཕྱག་མཚན་སོགས་སོ་སོར་བཤད་པའི་རིགས་ལྔར་ཕྱེ་བ་མེད་པས། ཧེ་རུ་ཀ་གཞན་གསུམ་ལ་ཡང་དེ་ལྟ་བུ་འབྱེད་མི་ནུས་པར་བཞེད་པ་ཡིན་ནོ། །འདི་ལ་དགོངས་ནས་ལྗོན་ཤིང་དུ། རྒྱུད་གསུམ་ཆར་གྱི་མཆོག་སྒྲུབ་པའི་དཀྱིལ་འཁོར་གྱི་དབྱེ་བ་མཛད་པའི་ཚེ་ཡང་། གུར་གྱི་ཧེ་རུ་ཀ་བཞི་ལ་གཙོ་བོ་འཕོ་བའི་དབྱེ་བ་མཛད་ཅིང་གུར་རྒྱན་ལས་ཀྱང་གུར་གྱི་ཧེ་རུ་ཀ་བཞི་ལ་གཙོ་བོ་འཕོ་བའི་དབྱེ་བ་མཛད་ལ། སཾ་བུ་ཊའི་ཊཱི་ཀ་གནད་ཀྱི་གསལ་བྱེད་དུ། སཾ་བུ་ཊའི་ཧེ་རུ་བཞི་ལ་གཙོ་བོ་འཕོ་བའི་དབྱེ་བ་མ་མཛད་པ་ཡིན་ནོ། །མདོར་ན་སཾ་བུ་ཊའི་ཧེ་རུ་ཀ་ལྔ་ལ་གཙོ་བོ་འཕོ་བས་དཀྱིལ་འཁོར་ཉི་ཤུར་འགྱུར་བའི་རྗེ་བཙུན་གོང་མའི་གསུང་གཅིག་སྟོན་རྒྱུ་ཡོད་ན་ཁོ་བོ་ཅག་ཁྱེད་ཀྱི་རྗེས་སུ་འབྲང་ངོ་། །དེའི་ཕྱིར་བདག་གི་བླ་མ་རྗེ་ཐམས་ཅད་མཁྱེན་པས་རྒྱུད་གསུམ་ནས་གསུངས་པའི་ཀྱཻ་རྡོ་རྗེ་དང་བདག་མེད་མའི་དཀྱིལ་འཁོར་དགུ་བཅུ་གོ་གསུམ་དུ་གྲངས་ངེས་པར་བཞེད་པ་ཡང་ལེགས་པར་གྲུབ་པ་ཡིན་ནོ།། །།ཟླ་ཟེར་ལས་དེས་ན་རྒྱུད་འདིར་བཤད་པའི་ཧེ་རུ་ཀ་བཞི་བདག་མེད་མ་དང་ལྔ་པོ་ཙམ་ཞིག་ཀྱཻ་རྡོ་རྗེར་སྣང་ལ་ལྷག་མ་རྡོར་དབྱིངས་ནི། དེ་ནས་དཀྱིལ་འཁོར་ཆེན་པོ་མཆོག་ཅེས་གསུངས་པས། རྒྱུད་འདི་ནས་བཤད་པའི་དཀྱིལ་འཁོར་རྣམས་ཀྱི་གཙོ་བོ་རྒྱུད་གསུང་བ་པོ་སྟོན་པའི་དཀྱིལ་འཁོར་དུ་བཞེད་ལ་ཆོ་གའི་སྐབས་རྣམས་དེ་ཉིད་འདུས་པ་དང་། རྡོ་རྗེ་རྩེ་མོ་དང་། སྒྱུ་འཕྲུལ་དྲྭ་བ་དང་། རྡོ་རྗེ་མཁའ་འགྲོ་རྣམས་ཀྱི་བཤད་རྒྱུད་དུ་བཤད་ཀྱི་ཀྱཻ་རྡོ་རྗེའི་བཤད་རྒྱུད་དུ་ཡང་མ་བཤད་པས་ཀྱཻ་རྡོར་ཡིན་དོན་མེད་དོ། །གལ་ཏེ་འདིའི་དཀྱིལ་འཁོར་གྱི་གཙོ་བོ་དང་། ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་རྒྱུ་རྡོ་རྗེ་འཛིན་པ་གཉིས་དོན་གཅིག་པར་རྗེ་བཙུན་གྱིས་བཤད་ཅིང་། ཕྱག་བཅུ་དྲུག་པ་ཀྱེ་རྡོར་དུ་ཁས་བླངས་པས་སོ་སྙམ་ན། འབྲས་བུ་རྡོར་འཛིན་ཀྱཻ་རྡོར་ཡིན་པས་དེའི་རྒྱུ་རྡོར་འཛིན་ཀྱཻ་རྡོར་ཡིན་མི་དགོས་ཏེ། དཔེར་ན་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུ་རྡོ་རྗེ་འཛིན་པ་འཇམ་དབྱངས་ཡིན་ཀྱང་། འཇམ་དབྱངས་འཇིགས་བྱེད་མ་ཡིན་པ་བཞིན་ནོ་ཞེས་གསུངས་པ་ལ། ཉི་ཟེར་བདག་པོ་ན་རེ། དེ་ནི་མི་འཐད་དེ། དེ་ལྟར་ན་ཀྱཻ་རྡོར་མཚོན་ཆ་ཅན་ཡང་ཀྱེ་རྡོར་མ་ཡིན་པར་འགྱུར་ཏེ། མཉམ་སྦྱོར་གྱི་བརྟག་པ་ལྔ་པའི་མི་གསལ་བ་གསལ་བར་བྱེད་པས་བཤད་རྒྱུད་དང་། བརྟག་གཉིས་ཕྱི་མའི་ལྔ་པར་ཚུལ་མི་འདྲ་བས་བཤད་རྒྱུད་དུ་བཤད་ཀྱི་ཀྱཻ་རྡོར་དུ་མ་བཤད་པའི་ཕྱིར་ཞེས་མཚུངས་སོ། །དེས་ན་རྡོར་དབྱིངས་ཀྱཻ་རྡོར་དུ་གྲུབ་སྟེ། རྗེ་བཙུན་གྱིས་བདག་མེད་མའི་སྐབས་ཀྱི་རྒྱུ་རྡོ་རྗེ་འཛིན་པ་མི་བགྲང་ངམ་སྙམ་ན་དེ་ནི་རྡོ་རྗེ་དབྱིངས་ཀྱི་ཁོངས་སུ་བསྡུ་བས་མི་བགྲང་ངོ་ཞེས་རྡོར་དབྱིངས་དང་རྒྱུ་རྡོ་རྗེ་འཛིན་པ་ཕྱག་བཅུ་དྲུག་པ་གཉིས་དོན་གཅིག་ཏུ་གསུངས་པའི་ཕྱིར་རོ། །གལ་ཏེ་དེ་གཉིས་རྡོ་རྗེ་སེམས་དཔའ་གསུངས་པས་ཀྱཻ་རྡོ་རྗེ་མ་ཡིན་ནོ་སྙམ་ན་མ་ངེས་ཏེ། རྩ་རྒྱུད་དང་། རྡོ་རྗེ་སྙིང་འགྲེལ་ལས་འབུམ་ཕྲག་ལྔ་པའི་ལུང་དྲངས་པ་ལས་ཀྱཻ་རྡོར་ཉིད་ལ་རྡོ་རྗེ་སེམས་དཔའ་གསུངས་པའི་ཕྱིར་རོ། །འབྲས་བུ་རྡོར་འཛིན་ཀྱཻ་རྡོར་ཡིན་པས་དེའི་རྒྱུ་རྡོར་འཛིན་ཀྱཻ་རྡོར་ཡིན་མི་དགོས་ཏེ་ཞེས་སོགས་ཀྱི་ཐལ་བ་ནི་ཁས་བླངས་མེད་པའི་ཐལ་བ་སྟེ། དེ་ལྟར་ན་ཨཾ་ཧཱུྃ་སྔོན་པོ་འབར་འཇིགས་པས། ཞེས་པའི་སྐབས་ཀྱི་ཧེ་རུ་ཀ་དེ་ཀྱཻ་རྡོ་རྗེ་ཡིན་པར་གང་གིས་བསྒྲུབ། ཀྱཻ་རྡོ་རྗེའི་འབྲས་བུ་རྡོ་རྗེ་འཛིན་པ་ཡིན་པས་སོ་སྙམ་ན་རྒྱུ་རྡོར་འཛིན་ཀྱཻ་རྡོར་ཡིན་པས་དེའི་འབྲས་བུ་རྡོར་འཛིན་ཡང་ཀྱཻ་རྡོར་ཡིན་མི་དགོས་ཏེ། དཔེར་ན་འཇམ་དབྱངས་ཀྱི་འབྲས་བུ་རྡོར་འཛིན་འཇིགས་བྱེད་ཡིན་ཡང་འཇིགས་བྱེད་འཇམ་དབྱངས་མ་ཡིན་པ་བཞིན་ནོ། །གཞན་ཡང་འཇམ་དབྱངས་འཇིགས་བྱེད་མ་ཡིན་པ་བཞིན་ཞེས་པའི་དཔེ་ཡང་མ་གྲུབ་སྟེ། རྗེ་ས་ཆེན་གྱིས། ཐམས་ཅད་མཁྱེན་པས་འཇིགས་བྱེད་ཞི་བའི་ཆ་ལུགས་ཅན་བསྟན་པའི་རྗེས་ལ་ཁྲོ་བོ་འཇིགས་བྱེད་རྟོགས་པ་བདུན་པ་ལས་ཚོགས་ཀྱི་ལེའུ་ཡོད་པ་ཞེས་གསུངས་པའི་ཕྱིར་རོ། །ཞེས་བྱ་བ་བྲིས་སོ། །དེ་ནི་མི་འཐད་དེ། ཀྱཻ་རྡོར་མཚོན་ཆ་ཅན་ཡང་ཀྱེ་རྡོར་མ་ཡིན་པར་འགྱུར་ཞེས་མཚུངས་པ་བསྒྲེ་བ་ནི་ངོ་མཚར་བར་སྣང་སྟེ། ཕྱོགས་སྔ་མས་ཀྱཻ་རྡོ་རྗེའི་བཤད་རྒྱུད་དུ་ཡང་མ་བཤད་པས་ཞེས་པའི་ལན་དུ་ཁྱོད་ཀྱིས་བརྟག་གཉིས་ཕྱི་མའི་ལྔ་པར་ཚུལ་མི་འདྲ་བས་བཤད་རྒྱུད་དུ་བཤད་ཅེས་སྨྲས་པས་ཁྱབ་པ་སྒྲིག་པའི་ཚེ་ཀྱཻ་རྡོར་དུ་བཤད་ན་ཀྱཻ་རྡོར་མ་ཡིན་པས་མ་ཁྱབ་ན། ཀྱཻ་རྡོར་དུ་མ་བཤད་ན་ཀྱཻ་རྡོར་མ་ཡིན་པས་ཁྱབ་པ་བུད་ཞེས་འབུད་དགོས་པར་སྣང་བའི་ཕྱིར་དང་། ཁྱོད་ཀྱི་ཆོ་ག་སྦས་ཀྱང་བརྟག་གཉིས་ཕྱི་མའི་ལྔ་པར་ཚུལ་མི་འདྲ་བར་བཤད་རྒྱུད་དུ་བཤད་ཀྱི་ཀྱཻ་རྡོར་གྱི་བཤད་རྒྱུད་དུ་ཡང་མ་བཤད་པས་ཞེས་པའི་ཚིག་སྦྱོར་དགོས་མི་དགོས་ལེགས་པར་སོམས་ཤིག རྡོར་དབྱིངས་ཀྱཻ་རྡོར་དུ་བསྒྲུབས་པའི་སྒྲུབ་བྱེད་བཀོད་པ་རྣམས་ནི་ཟླ་ཟེར་གྱི་ཕྱོགས་སྔ་དེ་ཉིད་སླར་ཡང་བསྐྱར་བ་ཙམ་དུ་སྣང་བས་ཟླ་ཟེར་ཉིད་ཀྱིས་བཀག་ཟིན་ཏོ། །རྡོ་རྗེ་སེམས་དཔའ་ཡིན་པས་ཀྱཻ་རྡོར་མ་ཡིན་པར་འདོད་ན་ཞེས་པའི་ཕྱོགས་སྔ་བརྗོད་ནས་ལན་བཏབ་པ་ནི་རང་གི་འདོད་པ་རང་གི་འཇོམས་པ་ཡིན་གྱིས་གཞན་སུ་ལ་ཡང་མི་གནོད་དེ། རྩ་རྒྱུད་ནས་གསུངས་པའི་རྡོ་རྗེ་སེམས་དཔའ་ཀྱཻ་རྡོར་ཡིན་པ་དང་། སཾ་ཊ་ནས་གསུངས་པའི་རྡོ་རྗེ་སེམས་དཔའ་ཀྱཻ་རྡོར་མ་ཡིན་པའི་ཁྱད་པར་སོ་སོར་ཕྱེ་ནས་སྨྲས་ཟིན་པའི་ཕྱིར་རོ། །འབྲས་བུ་རྡོར་འཛིན་ཀྱཻ་རྡོར་ཡིན་པས་ཞེས་སོགས་ཁས་བླངས་མེད་པའི་ཐལ་བར་འདོད་པ་ནི་རྡོ་རྗེ་དབྱིངས་དང་། རྒྱུ་རྡོ་རྗེ་འཛིན་པ་ཕྱག་བཅུ་དྲུག་པ་གཉིས་ཀྱཻ་རྡོར་ཡིན་པའི་སྒྲུབ་བྱེད་དྲིས་ན་དེ་མ་ཐག་ཏུ་གསལ་བར་འགྱུར་རོ། །ཨཾ་ཧཱུྃ་སྔོན་པོ་ཞེས་སོགས་ཀྱི་མཚུངས་པ་བསྒྲེ་བ་ནི་དོན་མེད་དེ། ངེད་ཀྱཻ་རྡོར་ཀྱཻ་རྡོར་དུ་སྒྲུབ་པ་ལ་ཀྱཻ་རྡོར་གྱི་འབྲས་བུ་ཡིན་པའི་ཕྱིར་ཞེས་མི་འགོད་པའི་ཕྱིར་རོ། །འཇིགས་བྱེད་ཞི་བའི་ཆ་ལུགས་ཅན་འཇམ་དབྱངས་ཡིན་པར་འདོད་པ་ནི་མ་བརྟགས་པ་སྟེ། རྒྱུད་གཅིག་པ་ཙམ་གྱིས་དེ་ཡིན་པར་འདོད་ན། ཁྲོ་བོ་འཇིགས་བྱེད་ཀྱང་འཇམ་དབྱངས་སུ་འགྱུར་རོ། །གལ་ཏེ་དེ་འཇམ་དབྱངས་མ་ཡིན་ཏེ། འཇིགས་བྱེད་ཡིན་པའི་ཕྱིར་ཞེ་ན། འཇིགས་བྱེད་ཞི་བའི་ཆ་ལུགས་ཅན་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། གཞན་ཡང་འཇམ་དབྱངས་དེ་འཇིགས་བྱེད་ཞི་བའི་ཆ་ལུགས་ཅན་ཡིན་ན། དགྲ་གདོང་འཇིགས་གསུམ་འཇམ་དབྱངས་ཁྲོ་བོའི་ཆ་ལུགས་ཅན་དུ་ཁས་བླངས་དགོས་ཤིང་དེའང་འདོད་ན། དགྲ་གདོང་གཉིས་པོ་ཆོས་ཅན། འཇིགས་བྱེད་དུ་ཐལ། འཇམ་དབྱངས་ཁྲོ་བོའི་ཆ་ལུགས་ཅན་ཡིན་པའི་ཕྱིར། མ་ཁྱབ་ན་འཇིགས་བྱེད་ཞི་བའི་ཆ་ལུགས་ཅན་ཡིན་ན། འཇམ་དབྱངས་ཡིན་པས་ཁྱབ་པ་བུད། དེས་ན་ས་ཆེན་གྱི་གསུང་དེས་འཇིགས་བྱེད་ཞི་བའི་ཆ་ལུགས་ཅན་འཇིགས་བྱེད་ཡིན་པ་ཙམ་ཞིག་གྲུབ་ལ། ཅི་འདྲ་ཞིག་ཡིན་ནི་ཁོ་བོ་ལ་རྒྱུས་མེད་དེ་ཁྱོད་དང་འདྲའོ། །འོ་ན་རྗེ་བཙུན་གྱིས་སཾ་བུ་ཊའི་བདག་མེད་མའི་སྐབས་ཀྱི་རྡོ་རྗེ་འཛིན་པ་རྒྱུ་རྡོ་རྗེ་དབྱིངས་ཀྱི་ཁོངས་སུ་བསྡུ་བས་མི་བགྲངས་པར་གསུངས་པའི་དོན་ཅི་ཡིན་ཞེ་ན། འདི་འདྲའི་རིགས་ཅན་ཁོ་བོས་བཤད་པར་བྱ་སྟེ། རྩ་རྒྱུད་ཀྱི་བདག་མེད་མའི་སྐབས་ཀྱི་རྒྱུ་རྡོ་རྗེ་འཛིན་པ་ནི་རྩ་རྒྱུད་དང་། བཤད་རྒྱུད་ཐུན་མོང་མ་ཡིན་པ་གསུང་བ་པོ་སྟོན་པ་ཉིད་ཀྱི་དཀྱིལ་འཁོར་ཡིན་པས་འདིས་གཙོ་བོ་བྱས་པའི་དཀྱིལ་འཁོར་ལོགས་སུ་བགྲང་དགོས་ལ། སཾ་ཊའི་བདག་མེད་མའི་སྐབས་ཀྱི་རྒྱུ་རྡོ་རྗེ་འཛིན་པས་གཙོ་བོ་བྱས་པའི་དཀྱིལ་འཁོར་ལོགས་སུ་བགྲང་མི་དགོས་ཏེ། སཾ་ཊའི་རྒྱུད་གསུང་བ་པོ་སྟོན་པ་ཉིད་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་དབྱིངས་ཀྱི་ཁོངས་སུ་འདུ་བས་སོ་ཞེས་པ་ནི་རྗེ་བཙུན་རིན་པོ་ཆེ་འཁྲུལ་པ་ཟད་པ་དེའི་དགོངས་པའོ། །འདིས་གནད་ཀྱི་ཟླ་ཟེར་ལས། རྩ་རྒྱུད་ཀྱི་རྒྱུ་རྡོ་རྗེ་འཛིན་པ་ཀྱཻ་རྡོར་ཡིན་པ་དང་། སཾ་ཊའི་རྒྱུ་རྡོ་རྗེ་འཛིན་པ་དང་། རྡོར་དབྱིངས་ཀྱཻ་རྡོར་མ་ཡིན་པའི་ཁྱད་པར་འབད་མེད་དུ་གྲུབ་སྟེ། རྩ་རྒྱུད་ཀྱི་རྒྱུད་གསུང་བ་པོ་སྟོན་པ་ཀྱཻ་རྡོར་ཡིན་པར་རྗེ་བཙུན་གྱིས་དག་ལྡན་ལས་རྒྱུ་འདྲ་བས་འབྲས་བུ་འདྲ་བ་བསྒྲུབ་པའི་རིགས་པས་བསྒྲུབ་ལ། སཾ་ཊ་ནི་སྤྱིར་རྒྱུད་སྡེ་འབུམ་ཕྲག་གསུམ་ཅུ་སོ་དྲུག་དང་། བོད་དུ་ཉེ་བར་མཁོ་བ་བླ་མེད་ཀྱི་རྒྱུད་སྡེ་བཅུ་དྲུག་དང་། གཙོ་བོར་བདེ་ཀྱཻ་གཉིས་ཀྱི་བཤད་རྒྱུད་དུ་འགྲོ་ཚུལ་ཆ་མཉམ་པར་གསུངས་པས་དེའི་རྒྱུད་གསུང་བ་པོ་ཀྱཻ་རྡོར་ཡིན་ན་བདེ་མཆོག་ཏུ་ཡང་ཁས་བླང་དགོས་ཤིང་། དཀྱིལ་འཁོར་གཞན་གྱི་གཙོ་བོར་ཡང་ཁས་བླང་དགོས་པར་འགྱུར་བས་སོ། །མདོར་ན་རྗེ་བཙུན་གོང་མས་རྩ་རྒྱུད་ཀྱི་རྒྱུ་རྡོ་རྗེ་འཛིན་པའི་དཀྱིལ་འཁོར་ལོགས་སུ་བགྲང་། གུར་ལས་དེ་འདྲའི་ཚུལ་མ་གསུངས། སཾ་ཊའི་རྒྱུ་རྡོ་རྗེ་འཛིན་པ་རྡོར་དབྱིངས་ཀྱི་ཁོངས་སུ་བསྡུ་བར་གསུངས་པའི་ཚུལ་ལ་ཇི་སྐད་བཤད་པ་ལྟར་གྱི་གནད་ངོས་ཟིན་ན་གཅིག་པུར་གནས་ཀྱང་གད་མོའི་ཅ་ཅོ་འཆོར་རོ།། །།ཟླ་ཟེར་ལས་དྲག་པོའི་གདན་ཅན་ལ་རྗེ་བཙུན་རྩེ་མོས། བརྟག་གཉིས་ཀྱི་དང་པོའི་གསུམ་པར་ཕྱག་གཉིས་པའི་སྒྲུབ་ཐབས་གསུངས་པ་ཡིན་ཡང་། དེ་ཉིད་འདིར་དྲག་པོའི་གདན་ཅན་དུ་གསུངས་པ་དང་ཞེས་པའི་དོན་ནི་བརྟག་གཉིས་སུ་བཤད་པའི་སྐུ་རྡོ་རྗེ་དང་། འདི་གཉིས་དྲག་པོའི་གདན་ཡོད་མེད་མ་གཏོགས་ལྷའི་སྐུའི་རྣམ་པ་ལ་ཁྱད་པར་མེད་པ་ཙམ་ལ་དགོངས་ནས་དེ་སྐད་གསུངས་ཀྱི་འདི་ཀྱཻ་རྡོར་བཞེད་པ་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན་དེ་ཉིད་ལས། མཉམ་སྦྱོར་དུ་དཀྱིལ་འཁོར་དང་། ལྷའི་ས་བོན་སོགས་དང་དུར་ཁྲོད་བརྒྱད་མ་གསུངས་པ་འདིས་ཁ་བསྐང་བར་བཤད་པས། མཉམ་སྦྱོར་དུ་བཤད་པ་དང་འགལ་བར་འགྱུར་བའི་ཕྱིར། ལྷའི་ཞལ་ཕྱག་སོགས་འདྲ་བས་གཅིག་ཏུ་བཤད་དུ་མི་རུང་སྟེ། བདག་མེད་མ་ལྷ་མོ་བཅོ་ལྔའི་འཁོར་རྣམས་ཞལ་ཕྱག་སོགས་བདག་མེད་མ་དང་འདྲ་ཡང་དེ་རྣམས་བདག་མེད་མ་མ་ཡིན་པ་བཞིན་ནོ་ཞེས་གསུངས་པ་ལ། ཉི་ཟེར་སློབ་དཔོན་ན་རེ་དེ་ཡང་མ་ཡིན་ཏེ། གོང་གི་ཕྱག་བཅུ་དྲུག་པ་ལ་གོང་དུ་བཤད་པ་ལྟ་བུའི་རིགས་པས་ཀྱང་གནོད་པར་མཚུངས་པའི་ཕྱིར་དང་། རྗེ་ས་ཆེན་གྱིས་སཾ་བུ་ཊའི་དཀའ་འགྲེལ་དུ། རྩ་བའི་རྒྱུད་བརྟག་པ་གཉིས་པའི་ལེའུ་གསུམ་པར་ཕྱག་གཉིས་པ་ལྷ་དགུའི་སྒྲུབ་ཐབས་བཤད་པ་དེར་དྲག་པོའི་གདན་ཅན་གྱི་ཚུལ་དུ་སྒྲུབ་པ་དང་། ཡིག་འབྲུ་ཙམ་ལས་བསྐྱེད་པ་ནི་ཚུལ་མི་འདྲ་བའི་སྒོ་ནས་མ་ཚང་བ་ཁ་བསྐང་། དེར་དུར་ཁྲོད་དུ་ནི་མགོན་པོ་རོལ། །ཞེས་གསུངས་པའི་དོན་འདིར་གསལ་བར་བཤད་དོ་ཅེས་དང་། དེ་ཡང་ཕྱག་གཉིས་པ་ནི་མཚན་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ཡིན་ཡང་། དྲག་པོའི་གདན་ཅན་ལ་དགའ་བ་དང་ངོ་བོ་གཅིག་པའི་དབང་དུ་བྱས་ནས་གསལ་བར་བཤད་དོ་ཅེས་གསུངས་པའི་ཕྱིར་རོ། །གཞན་ཡང་བདག་མེད་མ་ཀྱཻ་རྡོ་རྗེ་ཡིན་ནོ་ཟེར་བ་ལ་རྒྱུ་མཚན་ཅི་ཞིག་ཡོད། ཀྱཻ་རྡོ་རྗེ་ཡུམ་ཡིན་པས་ཀྱཻ་རྡོ་རྗེར་བཤད་དུ་མི་རུང་སྟེ། རྡོ་རྗེ་ཕག་མོ་བདེ་མཆོག་གི་ཡུམ་ཡིན་ཡང་བདེ་མཆོག་མ་ཡིན་པ་བཞིན་ནོ་ཞེས་རིགས་པ་མཚུངས་སོ། །དེས་ན་བདག་མེད་མ་ཀྱཻ་རྡོ་རྗེར་ཁས་བླངས་ནས་སཾ་བུ་ཊའི་རྡོར་དབྱིངས་དང་། དྲག་པོའི་གདན་ཅན་གཉིས་ཀྱེ་རྡོ་རྗེ་མ་ཡིན་པར་ནན་གྱིས་བསྒྲུབ་པ་ནི་རྗེ་བཙུན་བྱམས་པས། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཅེས་གསུངས་པའི་ལུང་གིས་ཟིན་པར་སྣང་ངོ་ཞེས་བྲིས་སོ། །དེ་ནི་མི་འཐད་དེ། ཕྱག་བཅུ་དྲུག་པ་ལ་གོང་དུ་བརྗོད་པའི་སྐྱོན་རྣམས་ནི་སུན་ཕྱུང་ཟིན་ལ། ས་ཆེན་གྱིས་ལུང་དྲངས་པའི་དོན་ལ་གནད་བསྡུ་ན། ཁྱོད་ཀྱིས་དྲག་པོའི་གདན་ཅན་དེ་སྐུ་རྡོ་རྗེ་ཉིད་དུ་འདོད་པ་ཡིན་ནམ། སྐུ་རྡོ་རྗེ་ལས་གཞན་དུ་གྱུར་པའི་ཀྱཻ་རྡོར་དུ་འདོད་པ་ཡིན། དང་པོ་ལྟར་ན་ཧེ་རུ་ཀ་བཞི་ལས་ལོགས་སུ་གྱུར་པའི་མཆོག་སྒྲུབ་པའི་དཀྱིལ་འཁོར་ལྔར་བགྲངས་པ་དང་འགལ་ཞིང་། ཕྱི་མ་ལྟར་ན་དེ་ཀྱཻ་རྡོར་དུ་སྒྲུབ་པའི་ཆེད་དུ། རྗེ་ས་ཆེན་གྱིས་སྐུ་རྡོ་རྗེའི་བཤད་རྒྱུད་དུ་གསུངས་པའི་ལུང་དྲང་པ་དང་འབྲེལ་ཅི་ཡོད་ལེགས་པར་སོམས་ཤིག སྐུ་རྡོ་རྗེའི་བཤད་རྒྱུད་དུ་གསུངས་པས་སྐུ་རྡོ་རྗེ་ཡིན་དགོས་ན། མཉམ་སྦྱོར་གྱི་བཤད་རྒྱུད་དུ་གསུངས་པས་མཉམ་སྦྱོར་ཡིན་དགོས་པར་འགྱུར་རོ་ཞེས་ཟླ་ཟེར་ཉིད་ལས་གསུངས་པས་དེའི་སྐྱོན་ཡང་ཇི་ལྟར་སྤང་། དེས་ན་དྲག་པོའི་གདན་ཅན་མཆོག་སྒྲུབ་པའི་དཀྱིལ་འཁོར་ལོགས་སུ་བགྲངས་པའི་ཆེད་དུ་སྐུ་རྡོ་རྗེ་མ་ཡིན་པར་འདོད། ཀྱཻ་རྡོར་དུ་སྒྲུབ་པའི་ཆེད་དུ་སྐུ་རྡོ་རྗེ་ཡིན་པར་འདོད་པ་ཁྱོད་ནི་ཆོས་ཀྱི་གྲགས་པས། སྐྱེས་བུས་ལེགས་པར་མ་བྱས་པ། །རྣམ་པ་ཀུན་ཏུ་དོན་མེད་འགྱུར། །ལེགས་བྱས་ཁས་ལེན་ན་འདི་ནི། །དངོས་སུ་གླང་ཆེན་ཁྲུས་འདྲར་འགྱུར། །ཞེས་པའི་ལུང་གི་ཟིན་པར་སྣང་ངོ་། །བདག་མེད་མ་ཀྱཻ་རྡོར་ཡིན་པར་གང་དུ་ཁས་བླངས། དེ་ལྟར་ན་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དགུ་བཅུ་གོ་གསུམ་མོ་ཞེས་པས་སོ་ཞེ་ན། འོ་ན་ཁྱོད་ཀྱཻ་རྡོ་རྗེ་ལྷ་དགུའོ་ཞེས་བརྗོད་པའི་ཚེ་ལྷ་མོ་བརྒྱད་པོ་ཀྱཻ་རྡོར་ཡིན་པ་ལ་རྒྱུ་མཚན་ཅི་ཞིག་ཡོད། ཀྱཻ་རྡོར་གྱི་འཁོར་ཡིན་པས་ཀྱཻ་རྡོར་དུ་བཤད་དུ་མི་རུང་སྟེ། མཁའ་འགྲོ་མ་ལ་སོགས་པ་བདེ་མཆོག་གི་འཁོར་ཡིན་ཡང་བདེ་མཆོག་མ་ཡིན་པ་བཞིན་ནོ་ཞེས་བརྗོད་ན་ལན་ཅི་ཡོད། ཀྱཻ་རྡོ་རྗེ་འཁོར་དང་བཅས་པ་ལྷ་དགུ་ཞེས་པ་ལ་བར་གྱི་ཚིག་མི་མངོན་པར་བྱས་པ་ཡིན་གྱི་ལྷ་མོ་བརྒྱད་ཀྱཻ་རྡོར་དུ་ཁས་ལེན་པ་མ་ཡིན་ནོ་སྙམ་ན། འོ་ན་སྔ་མ་ལ་ཡང་ཀྱཻ་རྡོ་རྗེ་ཡུམ་དང་བཅས་པའི་དཀྱིལ་འཁོར་དགུ་བཅུ་གོ་གསུམ་ཞེས་པ་ལ་ཡང་བར་གྱི་ཚིག་མི་མངོན་པ་ཅིའི་ཕྱིར་མི་འབྱུང་། དེས་ན་བར་གྱི་ཚིག་མི་མངོན་པའི་ཐ་སྙད་ཙམ་ཡང་མ་མཐོང་ཞིང་། དྲག་པོའི་གདན་ཅན་ཀྱཻ་རྡོར་ཡིན་པར་ནན་གྱིས་སྒྲུབ་པ་ནི། སྔར་གྱི་རྗེ་བཙུན་བྱམས་པའི་ལུང་དེས་ཁྱོད་ཉིད་ཟིན་པར་སྣང་ངོ་།། །།གནད་ཀྱི་ཟླ་ཟེར་ལས་ལྷ་བཅུ་བདུན་མ་ཕྱག་བཅུ་དྲུག་པའི་སྐབས་སུ། འདི་ལ་ཁྱུང་པོ་རྣལ་འབྱོར་གྱིས་ཀྱཻ་རྡོར་མཚོན་ཆ་ཅན་ཟེར་མོད། རྒྱུད་འགྲེལ་རྣམས་ལས་དེའི་ཐ་སྙད་མེད་དོ་ཞེས་དང་། འོག་སྒྲུབ་བྱེད་མངོན་རྟོགས་ཀྱི་རྣམ་དབྱེའི་སྐབས་སུ་སློབ་དཔོན་ཀཾ་པ་ལས་མཛད་པའི་ཀྱཻ་རྡོར་མཚོན་ཆ་ཅན་གྱི་སྒྲུབ་ཐབས་ཞེས་གསུངས་པ་ལ། ཉི་ཟེར་མཁན་པོ་ན་རེ། སློབ་དཔོན་ཀཾ་པ་ལས་མཛད་པའི་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་དེ་ཁོ་ན་ཉིད་བཞིའི་རིམ་པ་ལ། ཟླ་ཟེར་མཁན་པོས་ཀྱཻ་རྡོར་མཚོན་ཆ་ཅན་གྱི་སྒྲུབ་ཐབས་ཟེར་མོད། རྒྱུད་འགྲེལ་རྣམས་ལས་དེའི་ཐ་སྙད་མེད་དོ་ཞེས་སྨྲས་ན། མི་སྨྲ་བའི་བརྟུལ་ཤུགས་བཟུང་དགོས་པར་འགྱུར་རོ་ཞེས་བྲིས་སོ། །དེ་ནི་མི་འཐད་དེ། ཁྱུང་པོ་རྣལ་འབྱོར་གྱིས་མཚོན་ཆ་ཅན་ཞེས་རང་དགར་བཏགས་པ་ཡིན་གྱི། དེ་ཡན་ཆད་དུ་ཐ་སྙད་མེད་ལ། དེ་ནས་བཟུང་སྟེ་བོད་དུ་མཚོན་ཆ་ཅན་དུ་གྲགས་པས་ཟླ་ཟེར་ལས། ཡོངས་སུ་གྲགས་པ་གོ་སླ་བའི་དབང་དུ་བྱས་ནས་དེ་ལྟར་དུ་གསུངས་པ་ཡིན་པས་མཚུངས་པའི་གོ་སྐབས་མེད་པའི་ཕྱིར་རོ། །དེས་ན་འདི་འདྲའི་མཚུངས་པ་བསྒྲེ་བ་ནི། དཔལ་ལྡན་ས་སྐྱ་པཎྜི་ཏས། ཕྱོགས་དང་ཆོས་ཅན་མཚུངས་ཤེ་ན། །གྲགས་པའི་སྒོ་ནས་ཁྱད་པར་ཡོད། །ཅེས་གསུངས་པ་མ་མཐོང་བར་ཟད་དོ་ཅེས་སྨྲས་ན། མི་ཤེས་པའི་བརྟུལ་ཞུགས་བཟུང་དགོས་པར་འགྱུར་རོ།། །།གནད་ཀྱི་ཟླ་ཟེར་ལས་རྗེ་བཙུན་ཡབ་སྲས་ཀྱི་གཞུང་རྣམས་སུ་སྔོན་འགྲོ་འདི་རྣམས་བྱེད་པའི་གསལ་ཁ་མེད་ཅེས་གསུངས་པ་ལ། ཉི་ཟེར་དཔལ་ཆོས་ན་རེ། དེ་མི་འཐད་དེ། གོང་དུ་བཤད་པ་ལྟར་སེམས་བསྐྱེད་སྒྲུབ་ཐབས་གཉིས་སུ་གསུངས་པ་དང་། རྗེ་བཙུན་རྩེ་མོས་ཌོཾ་བི་ལུགས་ཀྱི་དབང་ཆུ། དེ་ནས་ལྷག་ཆད་ཁ་བསྐང་བའི་དོན་དུ་ཡི་གེ་བརྒྱ་པ་ཅི་ནུས་པར་བཟླས་ཏེ། འདི་ནི་སྔོན་དུ་བྱ་བའི་ཆོ་གའོ། །དེ་ནས་བདག་ཉིད་བསོད་ནམས་ཀྱི་ཚོགས་བསག་པ་ནས་བཟུང་སྟེ། ཞེས་དང་། མན་ངག་ལུགས་ཀྱི་དབང་ཆུར་དམ་ཚིག་ཉམས་ཆག་ཁ་བསྐང་བའི་ཕྱིར་ཡི་གེ་བརྒྱ་པ་ཅི་ནུས་བཟླས། བར་ཆད་ཉེ་བར་ཞི་བར་བྱ་བའི་ཕྱིར་སྲུང་བའི་འཁོར་ལོ་བསྒོམ་ཞེས་དང་། རྗེ་བཙུན་གྱི་ཚོགས་གཞུང་དུ་དེའི་རྗེས་ལ་ཡི་གེ་བརྒྱ་པ་བརྗོད་པས་དམ་ཚིག་ཉམས་ཆག་སྦྱོང་། ཁྲོ་བཅུའི་སྲུང་འཁོར་བསྒོམ་པ་ཡང་ཕྱག་ལེན་ལ་མཛད་ཅེས་སོགས་ཀྱི་སྔོན་དུ་ཡི་གེ་བརྒྱ་པས་རྒྱུད་སྦྱང་བར་གསུངས་པ་རྣམས་དང་འགལ་བའི་ཕྱིར་རོ་ཞེས་བྱ་བ་བྲིས་སོ། །དེ་ནི་རང་ཚིགས་ལ་ཅོ་འདྲི་བ་སྟེ། ཁྱེད་རང་གི་དེའི་གོང་དུ་གནད་ཀྱི་ལྡེ་མིག་ལས། དེས་ན་སྐྱབས་འགྲོ་སེམས་བསྐྱེད་རྒྱུད་དང་། རྒྱ་གཞུང་ལས་དངོས་སུ་མི་གསལ་ཡང་བརྒྱུད་པའི་ཕྱག་སྲོལ་ལ་སྐབས་འདིར་མཛད་དོ། །འོ་ན་རང་བཟོར་མི་འགྱུར་རམ་སྙམ་ན་མི་འགྱུར་ཏེ། རྒྱུད་གསང་བ་སྤྱི་རྒྱུད་དང་། རྒྱ་གཞུང་རིན་ཆེན་འབར་བ་ལས། ཐོག་མར་གསུམ་ལ་སྐྱབས་སུ་འགྲོ། །དེ་ནས་རྫོགས་པའི་བྱང་ཆུབ་སེམས། །མ་བསྐྱེད་པ་རྣམས་བསྐྱེད་བྱ་ཞིང་། །ཞེས་པས། རྣལ་འབྱོར་ལ་འཇུག་པའི་ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་བསྟན་ཞེས་སོགས་དང་། དེ་ནས་སྐབས་འདིར་ཡི་གེ་བརྒྱ་པས་རྒྱུད་སྦྱང་བ་རྒྱ་གཞུང་དང་བླ་མ་གོང་མའི་སྒྲུབ་ཐབས་ཀྱི་ཡིག་ཆ་རྣམས་ན་དངོས་སུ་མེད་ཀྱང་། དབང་བསྐུར་དང་ཚོགས་འཁོར་གྱི་ཡིག་ཆར་རྣལ་འབྱོར་ལ་འཇུག་པའི་སྔོན་དུ། ཡི་གེ་བརྒྱ་པས་བརྒྱུད་སྦྱང་བར་གསུངས་ཤིང་ཕྱག་ལེན་ལ་ཡང་མཛད་དོ། །ཨ་བྷི་དྷ་ན་ལས། ཐོག་མ་དབུས་དང་མཐར་ཐུག་པར། །ཡི་གེ་བརྒྱ་པའི་གསང་སྔགས་བཟླས། །ཞེས་གསུངས་པའི་དོན་འཆད་པ་ན། རྟོག་གེ་པ་འགའ་ཞིག་གིས་རྣམ་པར་རྟོག་པས་གོང་དུ་རྒྱུད་རྒྱ་གཞུང་ལས་དངོས་སུ་མི་གསལ་བར་དམ་བཅས་ནས་འོག་ཏུ་གསང་བ་སྤྱི་རྒྱུད། རིན་ཆེན་འབར་བ། ཨ་བྷི་དྷ་ནའི་རྒྱུད་རྒྱ་གཞུང་རྣམས་ནས་གསུངས་པར་བཤད་པས་ནང་འགལ་ལོ་སྙམ་དུ་རྟོག་པར་བྱེད་ན་ཡང་། དེ་ནི་ཞིབ་ཏུ་མ་བརྟགས་པའི་སྐྱོན་ཡིན་ཏེ། དེ་ནས་ཞེས་དང་། སྐབས་འདིར་ཞེས་པའི་དོན་ཁྲུས་ཀྱི་རྣལ་འབྱོར་ཡན་ཆད་གྲུབ་ནས་ཚོགས་ཞིང་མཆོད་པའི་གོང་འདིར་ཞེས་པ་ཡིན་ལ། རྒྱུད་རྒྱ་གཞུང་རྗེ་བཙུན་གོང་མ་རྣམས་ཀྱི་སྒྲུབ་ཐབས་ཀྱི་ཡིག་ཆ་ཞེས་པ་རྣམས་ཀྱང་། ཀྱཻ་རྡོ་རྗེ་སྒྲུབ་ཐབས་སྟོན་པའི་རྒྱུད་ལ་སོགས་པ་འབའ་ཞིག་སྐབས་ཐོབ་ཀྱིས་གཟུང་བར་བྱ་བ་ཡིན་གྱི། རྒྱུད་སྡེ་རབ་འབྱམས་དང་། རྒྱ་གཞུང་མཐའ་དག་དང་། རྗེ་བཙུན་གོང་མས་མཛད་པའི་སྒྲུབ་ཐབས་ཀྱི་ཡིག་ཆ་མ་ལུས་པ་ནས་དེ་དག་མ་བཤད་པར་ཞལ་གྱིས་བཞེས་པ་མ་ཡིན་ནོ། །མདོར་ན་སྐྱབས་འགྲོ་སེམས་བསྐྱེད་ཡིག་བརྒྱ་གསུམ་གནས་སྐབས་འདིར་བྱེད་པ་ཀྱཻ་རྡོར་སྐོར་གྱི་སྒྲུབ་ཐབས་སྟོན་པའི་རྒྱུད་དང་། རྒྱ་གཞུང་སོགས་ནས་དངོས་སུ་མ་བཤད་ཅེས་བྲིས་པ་དང་མཚུངས་པའི་ཕྱིར་རོ། །དེ་ཡང་འདི་ལྟར་རྟོག་གེ་པ་འགའ་ཞིག་གི་རྣམ་པར་རྟོག་པས། རྗེ་བཙུན་ཡབ་སྲས་ཀྱི་གཞུང་རྣམས་ལས་སྔོན་འགྲོ་འདི་རྣམས་བྱེད་པའི་གསལ་ཁ་མེད་ཅེས་ཁས་བླངས་པ་ལ་ཌོཾ་བི་ལུགས་ཀྱི་དབང་ཆུ་དང་། མན་ངག་ལུགས་ཀྱི་དབང་ཆུ་དང་། རྗེ་བཙུན་གྱི་ཚོགས་གཞུང་རྣམས་ལས་ཡི་གེ་བརྒྱ་པས་རྒྱུད་སྦྱང་བར་གསུངས་པ་དང་འགལ་ལོ་སྙམ་དུ་རྟོག་པར་བྱེད་ན་ཡང་། དེ་ནི་ཞིབ་ཏུ་མ་བརྟགས་པའི་བློ་སྐྱོན་ཡིན་ཏེ། རྗེ་བཙུན་ཡབ་སྲས་ཀྱི་ཞེས་སོགས་ཀྱི་དོན་ནི། རྗེ་ས་ཆེན་གྱི་མཚོ་སྐྱེས་ལུགས་ཀྱི་སྒྲུབ་ཐབས་དང་། རྗེ་བཙུན་སྐུ་མཆེད་ཀྱི་ཡན་ལག་བཞི་དྲུག་སྐབས་ཐོབ་ཀྱིས་གཟུང་བར་བྱ་བ་ཡིན་གྱི་རྗེ་བཙུན་གོང་མས་མཛད་པའི་དབང་ཆུ་དང་ཚོགས་འཁོར་སོགས་མཐའ་དག་ནས་དེ་དག་མ་བཤད་པར་ཞལ་གྱིས་བཞེས་པ་མ་ཡིན་ནོ་ཞེས་བརྗོད་ན་ཅིའི་ཕྱིར་མི་མཚུངས། དེས་ན་རང་གི་རྒྱུད་དང་རྒྱ་གཞུང་ལས་དངོས་སུ་མ་བཤད་ཀྱང་། རྒྱུད་གསང་བ་སྤྱི་རྒྱུད་དང་། རྒྱ་གཞུང་རིན་ཆེན་འབར་བ་ནས་བཤད་ཅེས་པ་ལ་སྐབས་ཐོབ་ཀྱི་བཤད་པ་བྱས་ནས་གཞན་ལ་སྐྱོན་དེ་ལྟར་དུ་གཟུང་བ་ཁྱོད་ནི་མེ་ལོང་གཅིག་ངེས་པར་འཆང་དགོས་པར་སྣང་སྟེ། གཞན་ལ་བལྟ་བའི་མིག་ཡོད་ཀྱང་། །རང་ལ་བལྟ་ན་མེ་ལོང་དགོས་ཞེས་སོ། །འདིར་རྒྱུད་དང་། རྒྱ་གཞུང་རྣམས་དང་། རྗེ་བཙུན་གོང་མའི་བསྒྲུབ་ཐབས་རྣམས་སུ་སྐབས་འདིར་ཡི་གེ་བརྒྱ་པས་རྒྱུད་སྦྱང་བ་མ་གསུང་ཤིང་། དབང་ཆུ་གཉིས་དང་ཚོགས་འཁོར་གྱི་གཞུང་དུ་སྐབས་འདིར་བྱ་བར་གསུངས་པའི་དོན་ནི་འདི་ལྟར་མངོན་ཏེ། ཉིན་ཞག་ཕྲུགས་གཅིག་གི་ཐུན་དང་པོར་བྱ་བ་དང་། ཐུན་ཕྱི་མ་རྣམས་སུ་བྱ་བ་གཉིས་ལས། དང་པོ་ནི་ཐོ་རངས་ཀྱི་ཐུན་ཏེ། ཉལ་བའི་རྣལ་འབྱོར་དང་ལྡང་བའི་རྣལ་འབྱོར་གཉིས་ནི་སྲོད་ཐུན་གྱི་མཇུག་ཡིན་པར་གསུང་ལ། དེ་ནས་ཁྲུས་ཀྱི་རྣལ་འབྱོར་དང་མཆོད་གཏོར་གྱི་རྣལ་འབྱོར་མ་གཏོགས་པ་གཞན་ཐུན་མཚམས་ཀྱི་བྱ་བ་མེད་པར་དེ་མ་ཐག་ཏུ་ཐོ་རངས་ཀྱི་ཐུན་ལ་འཇུག་པས་དེའི་ཚེ་ཡི་གེ་བརྒྱ་པས་རྒྱུད་སྦྱང་བ་མི་དགོས་ཏེ། ཐུན་མཚམས་དེར་ནི་ཉེས་ལྟུང་འབྱུང་བའི་གོ་སྐབས་མེད་ཅིང་། ཐུན་མཚམས་སྔ་མ་རྣམས་སུ་བྱུང་བ་ནི་སྲོད་ཐུན་གྱི་ཐོག་མར་ཡི་གེ་བརྒྱ་པས་རྒྱུད་སྦྱངས་ཟིན་པའི་ཕྱིར་རོ། །འདི་ལ་དགོངས་ནས་རྩ་རྒྱུད་ལེའུ་གསུམ་པར། དང་པོར་བྱམས་པ་བསྒོམ་པར་བྱ། །ཞེས་སོགས་ཀྱིས་ཚད་མེད་བཞི་ནས་འཇུག་པ་དང་། ནམ་མཁར་རྗེ་བཙུན་ཞེས་སོགས་དང་། གུར་ལེའུ་བདུན་པར་བླ་མ་རྡོ་རྗེ་རྣམ་མཆོད་ཅིང་། བདུན་པོ་ཡོངས་སུ་དག་པར་བྱ། །ཞེས་སོགས་དང་། སཾ་བུ་ཊའི་བརྟག་པ་གསུམ་པའི་བཞི་པར། དེ་ལ་དང་པོར་ལྷ་ཉིད་ཀྱི། །ཁྱིམ་དུ་སྔགས་པ་ཞུགས་ནས་ནི། །ཨ་ལས་ཟླ་བའི་དཀྱིལ་འཁོར་ནི། །བསམ་ནས་དེ་སྟེང་རྡོ་རྗེ་ནི། །དཀར་པོ་རྩེ་མོ་ལྔ་པ་ཉིད། །ཆོ་གས་བསམས་པར་བྱས་ནས་ནི། །དེ་བཞིན་གཤེགས་པ་ཀུན་སོགས་ལ། །མཆོད་ནས་ཕྱག་འཚལ་འདི་སྐད་གསོལ། །ཞེས་ཚོགས་ཞིང་མཆོད་པ་ནས་འཇུག་པ་དང་། རྡོ་རྗེ་སྙིང་འགྲེལ་ལས་རྩ་རྒྱུད་རྒྱས་པའི་ལུང་དྲངས་པར། ཐོ་རངས་དུས་སུ་སྔགས་པ་ཡིས། །བཤང་གཅི་དག་ནི་དོར་བ་དང་། །གཙང་སྦྲ་ལ་སོགས་བྱས་རྗེས་སུ། །འཇམ་པའི་སྟན་ལ་དེ་འདུག་ནས། །རྫས་བཅུའི་རང་བཞིན་རིལ་བུ་ནི། །བྱས་ནས་རང་གི་ཁ་རུ་གཞུག །བདུད་རྩི་ལྔ་བྱས་བ་བྱུང་གིས། །མདུན་དུ་མཎྜལ་བྱས་ནས་ནི། །དྲི་དང་མེ་ཏོག་ལ་སོགས་པ། །གཽ་རཱི་སོགས་ལ་རིམ་བཞིན་དབུལ། །ཞེས་དང་། ནག་པོ་པས་ཐོ་རངས་ཀྱི་དུས་སུ་མལ་ནས་ལངས་ལ་སྙིང་ཁར་རཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བལྟས་ལ། དེའི་འོད་ཀྱིས་བདག་ཉིད་དྲི་མ་མེད་པར་བྱས་ནས་ཞེས་དང་། མཚོ་སྐྱེས་རྡོ་རྗེ་ཡིད་དུ་འོང་བའི་གནས་སུ་འདུག་ནས་མཆོད་པ་དང་གཏོར་མ་ལ་སོགས་པ་བྱས་ཏེ། རང་གི་སྙིང་ཁར་རཾ་ལས་བྱུང་བའི་ཉི་མ་ལ་ཧཱུྃ་ཡིག་སྔོན་པོར་བལྟས་ཏེ། ཞེས་སོགས་དང་། བདུད་རྩི་འོད་ལས། ནམ་མཁར་རྗེ་བཙུན་བླ་མ་དང་། །ཞེས་དང་། ཨ་ལ་ལ་བཛྲ་གྱིས། བདེ་བའི་སྟན་ལ་འདུག་ནས། དེ་ནས་རང་གི་སྙིང་ཁར་པདྨ་འདབ་མ་བརྒྱད་པ་གཅིག་བསམས། དེའི་དབུས་སུ་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་ཧཱུྃ་ཡིག་གཅིག་བསམས་ཞེས་དང་། གརྦྷ་རི་པས། གཏོར་མའང་འབྱོར་པས་ཚད་བྱས་ལ། །དད་པས་ངེས་པར་བསྒོམ་བྱས་ཏེ། །སྙིང་ཁར་པཾ་རཾ་པད་ཉིའི་སྟེང་། །ཞེས་སོགས་དང་། མི་ཐུབ་ཟླ་བས་ཡན་ལག་དྲུག་པར། འཇིགས་པ་མེད་པར་བསམ་གཏན་བྱ། །སྙིང་ཁར་ཆུ་སྐྱེས་ཉི་མའི་སྟེང་། །གཟུགས་ཅན་ཧཱུྃ་ལས་ཁྱད་པར་བསྒོམ། །ཞེས་སོགས་དང་། བདག་མེད་མའི་སྒྲུབ་ཐབས་སུ། རྡོ་རྗེ་སྐྱིལ་ཀྲུང་བཅས་བྱས་ལ། །སྙིང་ཁར་པཾ་ལས་པདྨ་སྟེ། །ཞེས་སོགས་དང་། གུར་རིགས་བསྡུས་ཀྱི་སྒྲུབ་ཐབས་སུ། །གང་ཡང་རུང་བར་འཇམ་པའི་སྟན་གནས་ཏེ། །བློ་ཡིས་བསམ་བྱ་བསམ་པར་བྱ་བ་ནི། །ཧཱུྃ་ཞེས་སོགས་དང་། རིན་ཆེན་འབར་བ་ལས། བདེ་བའི་སྟན་ལ་དེར་གནས་པ། །པཾ་པད་རཾ་སྐྱེས་གཞོམ་མེད་ལས། །ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིས། །རྒྱལ་བ་སྤྱན་དྲངས་མཁའ་ལ་བཞུགས། །ཞེས་སོགས་དང་། རྗེ་ས་སྐྱ་པ་ཆེན་པོས། མཚོ་སྐྱེས་ལུགས་ཀྱི་མངོན་རྟོགས་སུ་ཡང་རེ་ཕའི་འོད་ལྕགས་ཀྱུ་ལྟ་བུའི་ཁ་དོག་ལྔས། ཧེ་བཛྲ་མདུན་གྱི་ནམ་མཁར་སྤྱན་དྲངས་ཞེས་དང་། རྗེ་བཙུན་རྩེ་མོས་མངོན་རྟོགས་རྒྱས་པར། དང་པོ་ནི། དཔལ་ཀྱཻ་རྡོ་རྗེ་གསལ་བཏབ་པའི་ཐུགས་ཁར། རཾ་ལས་ཉི་མའི་དཀྱིལ་འཁོར་བསམས་ཏེ། ཆོས་ཐམས་ཅད་རང་གི་སེམས་ཡིན་ཞེས་བསམ། དེའི་སྟེང་དུ་ཧཱུྃ་སྔོན་པོ་གཅིག་བསམས་ཏེ། ཧཱུྃ་དེ་ཡང་གཟུང་འཛིན་གཉིས་དང་བྲལ་བའི་ཡིད་ཙམ་དུ་མོས་པར་བྱ། དེ་ལ་དབུགས་ཕྱིར་རྒྱུ་བའི་དུས་སུ། ལམ་སྣ་བུག་གཡས་ནས་འོད་ཟེར་ཁ་དོག་རྣམ་པ་ལྔ་ལྕགས་ཀྱུའི་ཚུལ་དུ་སྤྲོས་པས། མདུན་གྱི་ནམ་མཁར་རྗེ་བཙུན་ལྷ་དགུའི་དཀྱིལ་འཁོར་སྤྱན་དྲངས་ནས་ཞེས་གསུངས་པ་རྣམས་ཀྱིས་ཚོགས་ཞིང་མཆོད་པ་ནས་དབུ་བརྩམས། རྗེ་བཙུན་ཆེན་པོས་མངོན་རྟོགས་འབྲིང་པོར། བཅོམ་ལྡན་འདས་ཀྱཻ་རྡོ་རྗེའི་གོ་འཕང་ཐོབ་པར་བྱ་སྙམ་དུ་བསམས་ལ། དེ་ནས་རང་གི་སྙིང་ཁར་པཾ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཞེས་སོགས་དང་། བདག་མེད་མའི་སྒྲུབ་ཐབས་སུ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྡོ་རྗེ་བདག་མེད་མ་བསྒོམ་པར་བྱའོ་ཞེས་བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་ལ། དེ་ནས་བསམ་གཏན་ལ་འཇུག་པར་བྱ་སྟེ། རང་གི་སྙིང་ཁར་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨཾ་སྔོན་པོ་དམིགས་ཏེ་ཞེས་པ་རྣམས་ཀྱིས་ཐོག་མར་སེམས་བསྐྱེད་པ་དང་། ཚོགས་ཞིང་མཆོད་པ་ནས་འཇུག་པར་གསུངས་ལ་རྒྱ་གཞུང་གཞན་རྣམས་ལས་ཀྱང་དེ་ལྟར་རོ། །གཉིས་པ་ནི། ཨ་བྷི་དྷ་ན་ལས། ཐོག་མ་དབུས་དང་མཐར་ཐུག་པར། །ཡི་གེ་བརྒྱ་པའི་གསང་སྔགས་བཟླས། །ཞེས་དང་། སློབ་དཔོན་འཇམ་དཔལ་གྲགས་པས། ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབ་འགྱུར་ཞིང་། །འཕེལ་བ་རུ་ནི་མི་འགྱུར་རོ། །ཞེས་གསུངས་པ་ལྟར་ཐུན་ལ་འཇུག་པའི་ཐོག་མར་ཡི་གེ་བརྒྱ་པས་རྒྱུད་སྦྱང་བ་ངེས་པར་དགོས་ཏེ། སྔགས་ཀྱི་སྡོམ་ལྡན་ལ་སྡོམ་པ་གསུམ་གྱི་ཉེས་ལྟུང་བྱུང་བ་ཐམས་ཅད་སྔགས་སྡོམ་ལ་ལྟོས་པའི་ལྟུང་བ་ཡིན་པར་རྩ་ལྟུང་འཁྲུལ་སྤོང་གིས་འགྲུབ་ཅིང་། ལས་དང་པོ་པ་ལ་སྡོམ་གསུམ་གང་རུང་གི་ལྟུང་བ་ནི་རང་གི་ངང་གིས་འབྱུང་བས། ཐུན་ལ་འཇུག་པའི་ཚེ་རྒྱུད་ལྟུང་མེད་དུ་བྱས་ནས་ཉམས་སུ་ལེན་དགོས་པས་སོ། །འདི་ལ་དགོངས་ནས་དབང་ཆུ་གཉིས་དང་། ཚོགས་གཞུང་དུ་ཡི་གེ་བརྒྱ་པས་རྒྱུད་སྦྱང་བར་གསུངས་ཏེ། འདི་དག་ཐུན་ཕྱི་མ་ལ་ཡིན་པར་ནི་དབང་ཆུར་ཕྱི་མ་རེད་དམ་སྲོད་ཀྱི་དུས་སུ་ཞེས་དང་། ཚོགས་འཁོར་ཡང་མཚན་མོ་ཕྱེད་པའི་དབང་དུ་བྱས་པ་ལས་ཤེས་སོ། །ཉལ་བའི་རྣལ་འབྱོར་སོགས་ཚུལ་བཞིན་མ་བྱུང་ན། ཐོ་རངས་ཀྱི་ཐུན་ལ་ཡང་དགོས་པ་ནི་སྔར་གྱི་དགོས་པས་འགྲུབ་བོ།། །།གནད་ཀྱི་ཟླ་ཟེར་ལས། དེས་ན་རྗེ་བཙུན་གྱིས་བདག་གི་སྤྱི་བོར་པདྨ་དང་ཟླ་བའི་སྟེང་དུ་རྡོ་རྗེ་སེམས་དཔའ་དཔལ་ཧེ་རུ་ཀ་ཞེས་བྱ་བ་སྐུ་མདོག་དཀར་པོ། རྒྱན་ཆ་དྲུག་གིས་བརྒྱན་པ་གཡས་རྡོ་རྗེ་གཡོན་དྲིལ་བུ། ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་དང་། རྒྱན་ཡབ་དང་འདྲ་བ། གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ་རྡོ་རྗེ་སྐྱིལ་ཀྲུང་ངམ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་བསྒོམ་ཞེས་གསུངས་པ་ལྟར་བྱའོ། །དེ་ལ་བླ་མ་ཁ་ཅིག་གིས་ཆོ་ག་གསུམ་ལས་བསྐྱེད་པར་བཤད་པ་ནི། རྗེ་བཙུན་གྱི་གསུང་དང་མི་མཐུན་པས་འདིར་སྐད་ཅིག་གིས་བསྐྱེད་པ་ཡིན་ལ། ལྷའི་རྣམ་པ་ནི་ནག་པོ་དམ་ཚིག་རྡོ་རྗེས་རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་ཕྱག་ན་རྡོ་རྗེ་དང་དྲིལ་བུ་བསྣམས་པ་རལ་པའི་ཐོར་ཚུགས་ཅན་ཞི་ཞིང་སྒེག་པའི་ཉམས་དང་ལྡན་པ། རང་གི་བཙུན་མོས་མགུལ་པ་ནས་འཁྱུད་པ། སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་བསྒོམ་ཞེས་བཤད་པ་དང་མཐུན། རྒྱན་ལ་རྗེ་བཙུན་གྱིས་འདིར་རུས་རྒྱན་དང་། ལམ་འབྲས་ཀྱི་གཞུང་ཤིང་དུ་རིན་པོ་ཆེའི་རྒྱན་དུ་བཤད་པ་ནི་གཉིས་པོ་གང་བྱས་ཀྱང་ཆོག་པའི་དོན་ཡིན་གྱི་གཉིས་ཆར་གྱིས་བརྒྱན་པར་འདོད་པ་ནི་དོན་མ་གོ་བར་ཟད་དོ། །དེས་ན་བླ་ཆེན་འཕགས་པས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། ཡེ་ཤེས་པ་གཞུག་པ་རྣམས་བྱ་ཞིང་དབང་བསྐུར་བར་མ་བཤད་པ་ལ་ཁ་ཅིག་རྡོ་རྗེ་འཆང་ངམ་མི་བསྐྱོད་པས་རྒྱས་བཏབ་ནས་ཡན་ལག་བཞི་ཚང་བར་འདོད་ཅེས་དང་། དེ་ལ་སྤྱིར་ཡན་ལག་བཞི་དངོས་སུ་ཡོད་པར་འདོད་པ་ནི་མི་འཐད་དེ། རྗེ་བཙུན་གྱི་གསུང་རབ་གཉིས་ལས་མ་བཤད་པའི་ཕྱིར་རོ། །འོ་ན་ལྗོན་ཤིང་ལས་སློབ་དཔོན་བིརྺ་པའི་བཞེད་པས། བསྙེན་སྒྲུབ་ཡན་ལག་བཞི་མ་ཚང་བའི་མངོན་པར་རྟོགས་པ་མཆོག་ཐུན་མོང་གང་ལ་ཡང་མི་བཞེད་དོ་ཅེས་པ་དང་འགལ་ལོ་སྙམ་ན་མི་འགལ་ཏེ་ཡན་ལག་བཞི་ལ་རྒྱས་བསྡུས་གསུམ་ཡོད་པ་ལས་རྒྱས་པ་ནི་ཇི་སྐད་བཤད་པ་བཞིན་ཡིན་ལ། བསྡུས་པ་གཉིས་ནི་ལྗོན་ཤིང་ལས། བསྡུས་པ་ནི་སྐྱེ་མཆེད་བྱིན་གྱིས་མི་རློབ་པར་སྐུ་གསུང་ཐུགས་བྱིན་གྱིས་རློབ་པ་དང་། དབང་མི་བསྐུར་བར་དབུ་རྒྱན་རང་ཆས་སུ་བསྒོམ་པའི་ཡན་ལག་བཞིའམ། དམ་ཚིག་སེམས་དཔའ་དབུ་རྒྱན་རང་ཆས་ཅན་སྐད་ཅིག་མས་བསྐྱེད་ནས་བཟླས་པ་ལ་འཇུག་པ་ཡིན་ནོ་ཞེས་གསུངས་པ་ཆོ་ག་བསྡུས་པའི་ལུགས་ཡིན་པར་གསུངས་པའི་ཕྱིར་རོ། །དབང་བསྐུར་རྒྱས་བཏབ་མི་བྱེད་པའི་ལུགས་ནི་བསྙེན་བསྒྲུབ་ཡན་ལག་བཞི་རྒྱས་པ་མ་ཡིན་ཏེ་དབང་བསྐུར་རིགས་བདག་གིས་རྒྱས་གདབ་པ་དངོས་སུ་མི་བྱེད་པའི་ཕྱིར། བར་པ་མ་ཡིན་ཏེ། ཡེ་ཤེས་པ་དགུག་པར་འདོད་པའི་ཕྱིར། བསྡུས་པ་མ་ཡིན་ཏེ། གནས་གསུམ་བྱིན་གྱིས་བརླབ་པ་དང་། ཡེ་ཤེས་པ་དགུག་པར་འདོད་པའི་ཕྱིར་ཞེས་གསུངས་པ་ལ། ཉི་ཟེར་དཔོན་བཙུན་ན་རེ། འདི་ནི་ཤིན་ཏུ་མི་འཐད་དེ། རྗེ་བཙུན་ཆེན་པོས་བདག་གི་སྤྱི་བོར་ཞེས་སོགས་གསུངས་པ་དེ་ནི་སྐྱེད་ཆོག་བསྡུས་པ་ལ་རྒྱས་བསྡུས་གཉིས་ཡོད་པའི་ནང་ནས་བསྡུས་པའི་ཡང་བསྡུས་པའི་ལུགས་ཡིན་ལ་འཕགས་པ་རིན་པོ་ཆེའི་ཕྱག་ལེན་འདི་ནི། བསྡུས་པའི་རྒྱས་པའི་ལུགས་ཡིན་པའི་ཕྱིར་རོ། །དེས་ན་ལུགས་འདི་ནི་རྗེ་བཙུན་ཆེན་པོའི་དགོངས་པ་དང་ཡང་ཤིན་ཏུ་མཐུན་ཏེ། རྗེ་བཙུན་ཆེན་པོས་རྩ་ལྟུང་འཁྲུལ་སྤོང་ལས་དམ་ཚིག་རྡོ་རྗེའི་བསྒོམ་བཟླས་གསུངས་པ་དང་། ལྷ་མི་འདྲ་བ་མ་གཏོགས་སྐྱེད་ཆོག་ཅིག་ཡིན་པའི་ཕྱིར་རོ། །དེས་ན་འཕགས་པ་རིན་པོ་ཆེས་མཛད་པའི་རྡོ་རྗེ་སེམས་དཔའི་སྐྱེད་ཆོག་ལ་ཁྱེད་ཀྱིས་བརྗོད་པའི་གནོད་བྱེད་དེ་དག་འཇུག་ན་རྗེ་བཙུན་ཆེན་པོའི་དམ་ཚིག་རྡོ་རྗེའི་སྐྱེད་ཆོག་ལ་ཡང་འཇུག་པར་འགྱུར་ཏེ། འདི་ལྟར་རྩ་ལྟུང་འཁྲུལ་སྤོང་ནས་བཤད་པའི་དམ་ཚིག་རྡོ་རྗེའི་སྐྱེད་ཆོག་དེ་ལ་སྤྱིར་ཡན་ལག་བཞི་དངོས་སུ་ཡོད་པར་འདོད་པ་ནི་མི་འཐད་དེ་ཅེས་པ་ནས་བསྡུས་པ་མ་ཡིན་ཏེ་གནས་གསུམ་བྱིན་གྱིས་བརླབ་པ་དང་། ཡེ་ཤེས་པ་དགུག་པར་འདོད་པའི་ཕྱིར་རོ་ཞེས་པའི་བར་ཇི་ལྟ་བ་བཞིན་དུ་བཟློག་སྟེ་བརྗོད་ན་མཚུངས་པའི་ཕྱིར་རོ། །གལ་ཏེ་དེ་གཉིས་མི་མཚུངས་ཏེ། དམ་ཚིག་རྡོ་རྗེ་ལ་རྒྱས་གདབ་དངོས་སུ་བྱེད་ལ་ཁྱེད་ཀྱིས་རྡོ་རྗེ་སེམས་དཔའ་ལ་རྒྱས་གདབ་དངོས་སུ་མ་བྱས་པའི་ཕྱིར་རོ་སྙམ་ན། དེ་གཉིས་ལ་རྒྱས་གདབ་དངོས་སུ་བྱེད་མི་བྱེད་ཀྱི་ཁྱད་པར་ཡོད་པ་མ་ཡིན་ཏེ། ངག་འདོན་དུ་རྒྱས་གདབ་དངོས་སུ་མི་བྱེད་ཀྱང་དབུ་རྒྱན་རང་ཆས་ཅན་དུ་བསྒོམ་པར་མཚུངས་པའི་ཕྱིར་རོ། །གལ་ཏེ་དེ་གཉིས་མི་མཚུངས་ཏེ། དམ་ཚིག་རྡོ་རྗེ་ལ་དབུ་རྒྱན་རང་ཆས་ཅན་དུ་བསྒོམ་པའི་གསལ་ཁ་དངོས་བསྟན་ལ་ཡོད་ལ། རྡོ་རྗེ་སེམས་དཔའ་ལ་དེའི་གསལ་ཁ་དངོས་བསྟན་ལ་མེད་པའི་ཕྱིར་རོ་སྙམ་ན། དབུ་རྒྱན་རང་ཆས་ཅན་དུ་བསྒོམ་པའི་གསལ་ཁ་དངོས་བསྟན་ལ་མེད་པས། དབུ་རྒྱན་རང་ཆས་ཅན་དུ་མི་བསྒོམ་པས་མ་ཁྱབ་སྟེ་ཁྱབ་ན་ཁྱེད་རང་གིས་དྲངས་པའི་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་རྗེ་བཙུན་ཆེན་པོས་མཛད་པ་དེ་བསྐྱེད་ཆོག་བསྡུས་པ་མ་ཡིན་པར་འགྱུར་ཏེ། དབུ་རྒྱན་རང་ཆས་ཅན་དུ་མི་བསྒོམ་པས་སོ། །དེས་ན་རྗེ་བཙུན་ཆེན་པོས་མཛད་པའི་བསྐྱེད་ཆོག་དེ་ལ་དབུ་རྒྱན་རང་ཆས་ཅན་དུ་བསྒོམ་པའི་དངོས་བསྟན་མེད་ཀྱང་། དམ་ཚིག་སེམས་དཔའ་དབུ་རྒྱན་རང་ཆས་ཅན་དུ་སྐད་ཅིག་གིས་བསྐྱེད་ནས་བཟླས་པ་ལ་འཇུག་པ་ཡིན་ནོ་ཞེས་གསུངས་པའི་དགོངས་པ་ཡིན་པ་བཞིན་དུ་འཕགས་པ་རིན་པོ་ཆེས་མཛད་པའི་བསྐྱེད་ཆོག་འདི་ལ་ཡང་དབུ་རྒྱན་རང་ཆས་སུ་བསྒོམ་པའི་དངོས་བསྟན་མེད་ཀྱང་སྐྱེ་མཆེད་བྱིན་གྱིས་མི་རློབ་པར་སྐུ་གསུང་ཐུགས་བྱིན་གྱིས་རློབ་པ་དང་། དབང་མི་བསྐུར་བར་དབུ་རྒྱན་རང་ཆས་སུ་བསྒོམ་པའི་ཡན་ལག་བཞིའམ་ཞེས་གསུངས་པའི་དགོངས་པ་ཡིན་པར་གྲུབ་བོ། །གཞན་ཡང་བར་མ་འདི་ལ་ལྗོན་ཤིང་ལས་ཡེ་ཤེས་པ་དགུག་པ་དངོས་སུ་མ་བཤད་པས་མེད་པར་འདོད་ན་འདི་ལ་དམ་ཚིག་པ་བསྐྱེད་པ་ཡང་མི་དགོས་པར་ཐལ་བའི་སྐྱོན་ཡོད་དོ། །གཞན་ཡང་འདིའི་རྡོ་རྗེ་སེམས་དཔའི་རྣམ་པ་ནག་པོ་དམ་ཚིག་རྡོ་རྗེས་བཤད་པ་དང་མཐུན་ཞེས་པ་ཡང་མ་བརྟགས་པ་ཡིན་ཏེ། དམ་ཚིག་རྡོ་རྗེས་ཞི་ཞིང་སྒེག་པར་བཞེད་ལ། འདིར་ནི་དམ་ཚིག་རྡོ་རྗེ་ལ་འཛུམ་ཁྲོའི་རྣམ་པ་ཅན་དུ་གསུངས་པ་ལྟར་རྡོ་རྗེ་སེམས་དཔའ་ཡང་འཛུམ་ཁྲོའི་རྣམ་པ་ཅན་དུ་བསྒོམ་དགོས་པའི་ཕྱིར་ཏེ། འདི་ནི་འཁོར་ལོས་སྒྱུར་བ་དྲུག་གི་རྡོ་རྗེ་སེམས་དཔའ་ཡིན་པར་ཨ་བྷི་དྷ་ན་ལས་བཤད་ལ། དེ་ཁྲོ་ཆགས་ཀྱི་རྣམ་པ་ཅན་དུ་གསུངས་པའི་ཕྱིར་རོ། །དེས་ན་རྡོ་རྗེ་སེམས་དཔའ་ཞི་ཞིང་སྒེག་པའི་རྣམ་པ་ཅན་དུ་བསྒོམས་ནས་ཧེ་རུ་ཀའི་ཡི་གེ་བརྒྱ་པ་བཟླ་བར་ཁས་བླངས་པས། དཔལ་དེ་ཉིད་འདུས་པ་ནས་གསུངས་པའི་དགག་པ་ལ་ལན་འདེབས་པའི་ངལ་བ་ལྷུར་ལེན་དགོས་པར་སྣང་ངོ་། །རྒྱན་གྱི་རྣམ་བཞག་ལ་ཡང་ཁྱེད་རང་གིས་དྲངས་པའི་རྗེ་བཙུན་གྱི་ལུང་གཉིས་པོ་དེ་ཕན་ཚུན་གསལ་བྱེད་ཡིན་ལ་དེ་ཉིད་འཕགས་པས་གཉིས་ཀའང་རུས་པ་དང་། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཞེས་གསུངས་པ་ཡིན་ཏེ། རྗེ་བཙུན་གྱིས་ནག་པོ་དཀྱིལ་ཆོག་དང་། དམ་ཚིག་རྡོ་རྗེའི་བསྒོམ་བཟླས་དང་། དྲི་མ་ཁྲུས་ཀྱིས་སེལ་བའི་སྐབས་དང་། ཀུ་རུ་ཀུ་ལླེའི་སྒྲུབ་ཐབས་དང་། ངེས་བརྗོད་བླ་མའི་འཁྲུལ་འཁོར་གྱི་སྐབས་དང་། ས་སྐྱ་པཎྜི་ཏས་སྐག་ཆོལ་གྱི་མངོན་རྟོགས་རྣམས་སུ་རུས་པ་དང་། རིན་པོ་ཆེ་གཉིས་ཀའི་རྒྱན་ཅན་དུ་བཤད་པའི་ཕྱིར་དང་། རྒྱན་འདི་དག་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་རྒྱན་ཡིན་པས་གོ་སར་མ་ཤོང་དོགས་མི་དགོས་པ་ལ་དེ་ལྟ་བུར་དོགས་པ་ནི་འཇིག་རྟེན་ཐ་མལ་པའི་རྒྱན་ལ་ཞེན་པར་ཟད་དོ་ཞེས་དང་། གཞན་ཡང་སྐུ་གཅིག་ཉིད་ལ་རུས་པ་དང་རིན་པོ་ཆེར་མ་ཟད་རྒྱན་གོས་མི་འདྲ་བ་དུ་མས་བརྒྱན་པ་ཡང་གསུངས་ཏེ། མི་གཡོ་བའི་རྟོག་པ་ལས། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་མ་ཐག་དུ་རང་ཉིད་ཀྱི་མདུན་དུ་ཁྲོ་བོ་ཆེན་པོ་མི་གཡོ་བ་སྐུ་མདོག་མཐིང་ནག་ཏུ་གྱུར་པ་ཞལ་སྟོང་ཕྲག་ཧ་ཧར་བཞད་པ། ཞབས་སྟོང་ཕྲག་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་པ། ཕྱག་སྟོང་ཕྲག་གདུག་པའི་མཚོན་ཆ་རལ་གྲི་དང་། རལ་གྲི་ཀྱོག་པོ་དང་། ཆུ་གྲི་དང་། གྲི་གུག་དང་། ཁ་ཊྭཱཾ་དང་། རྩེ་གསུམ་དང་། རྩེ་གཅིག་དང་། མདུང་དང་། འཕེན་མདུང་དང་། ལྡིང་མདུང་དང་། མདའ་དང་། མདའ་སྟེའུ་ཁ་དང་། མདའ་རྩེ་ལྔ་པ་དང་། མདའ་ཁ་བྲག་དང་། མདའ་རྩེ་གཅིག་པ་དང་། རྩེ་གསུམ་པ་དང་། རྩེ་དགུ་པ་དང་། རྩེ་མོ་བཅུ་གཉིས་པ་དང་། སཏྭ་རེ་དང་། དགྲ་སཏྭ་དང་། སྟེབ་ལེབ་དང་། སོ་སཏྭ་དང་། འཕེན་སྟ་དང་། བཞད་རྟ་དང་། དབྱུག་པ་དང་། ཐོ་བ་དང་། གཏུན་ཤིང་དང་། འཁོར་ལོ་དང་། མགོ་དང་། འབིར་རི་པ་དང་། གཞུ་དང་། གཞུ་མེན་དང་། ཐོད་པ་དང་། ཐོད་ཚལ་དང་། གྲི་ཟླུམ་དང་། གྲི་རིང་དང་། ལྕགས་ཀྱུ་དང་། ཞགས་པ་དང་། རྔ་ཡབ་དང་། བ་དན་དང་། མེའི་ཕུང་པོ་དང་། ཆུའི་སྒྱོགས་དང་། བྲག་དང་། ཐོད་པ་ཁྲག་གིས་བཀང་བ་དང་། ཕུར་པ་དང་། ཐོད་པའི་ཕྲེང་བ་དང་། ཞིང་དབྱུག་དང་། མེ་རི་དང་། སོའི་ཕྲེང་བ་དང་། དྲིལ་བུ་དང་། ཇེང་དང་། པི་ཝང་དང་། གླིང་བུ་དང་། རྫ་རྔ་དང་། པ་ཏ་ཧ་དང་། རྔ་ཟླུམ་དང་། སྐེད་ཉེག་པ་དང་། དུང་དང་། སིལ་ཕྲེང་དང་། ལག་པ་དང་། རྐང་པ་དང་། ཁ་བ་དང་། བསིལ་བྱེད་དང་། ནམ་མཁའ་ལྡིང་དང་། སྦྲུལ་ལྕག་ལ་སོགས་པའི་མཚོན་ཆ་དུ་མ་གཟུང་ནས། ཕྱག་ལྷག་མ་རྣམས་གཡས་པས་རལ་གྲི་འཕྱར་ནས། གཡོན་པས་སྡིགས་མཛུབ་འཕྱར་བར་མཛད་དོ། །ཞལ་སྟོང་ཕྲག་ལ། འཛུམ་པ་དང་། བཞད་པ་དང་། ཧ་ཧ་ཞེས་སྒྲོགས་པ་དང་། མཆེ་བ་གཙིགས་པ་དང་། སོ་འདར་བ་དང་། གྱེན་དུ་གདངས་པ་དང་། ཁྲག་ལྡག་པ་དང་། རྔམ་པ་དང་། ཞི་བར་ཡང་མཛད་དོ། །ཁ་དོག་ཀྱང་ཐ་དད་དོ། །དབུ་སྐྲ་ཡང་ནག་པོ་དང་། སེར་པོ་དང་། དམར་པོ་ལ་སོགས་པ་ཐ་དད་དོ། །སྐུ་སྟོད་ལ་གླང་པོ་ཆེའི་ཀོ་བ་གྱོན་ནས་སྨད་དུ་སྟག་གི་པགས་པས་དཀྲིས་ཤིང་ཕྱག་དང་། ཞལ་དང་། ཞབས་ཀྱི་བྱེ་བྲག་གིས་ནི་རྒྱན་ཡང་ཐ་དད་དེ། རིན་པོ་ཆེ་དུ་མ་དང་། རུས་པའི་ཕྲེང་བ་དང་། སྦྲུལ་གྱི་ཆུན་པོ་དང་། མི་མགོའི་ཕྲེང་བ་དང་། མིའི་པགས་པ་དང་། སེང་གེའི་པགས་པ་དང་། མ་ཧེའི་པགས་པ་ལ་སོགས་པ་ཐ་དད་དོ། །ཞལ་རེ་རེ་ལ་ཡང་སྤྱན་གསུམ་གསུམ་དང་། གཉིས་གཉིས་དང་། རེ་རེ་འོ་ཞེས་གསུངས་པས་སོ། །དེས་ན་ཟླ་ཟེར་མཁན་པོ་ཁྱེད་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་ལ་སྡང་ཤུགས་འབའ་ཞིག་གིས་དགག་པ་བྱེད་པ་ལ་སྤྲོ་བར་ཟད་ཀྱི་ལུང་རིགས་དང་། རྗེ་བཙུན་གོང་མའི་དགོངས་པ་གཞིར་བཞག་ནས་གནས་ལུགས་ལ་དཔྱོད་པ་མ་ཡིན་པར་གསལ་ལོ་ཞེས་བྱ་བ་བྲིས་སོ། །དེ་དག་ལ་གཟུ་བོའི་བློས་རིམ་པ་བཞིན་དུ་ལན་འདེབས་ན་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་འཕགས་པས་མཛད་པ་དེ་ལྗོན་ཤིང་ལས་བསྡུས་པ་ལ་གཉིས་གསུངས་པའི་བསྡུས་པའི་རྒྱས་པའི་ལུགས་ཡིན་པ་དང་། རྗེ་བཙུན་གྱིས་མཛད་པ་དེ་བསྡུས་པའི་ཡང་བསྡུས་པའི་ལུགས་ཡིན་པ་དང་། གཉིས་ཀ་ལ་རྒྱས་གདབ་ངག་འདོན་ལ་མེད་ཀྱང་བསྒོམ་དོན་ལ་ཚང་བར་མཚུངས་པ་དང་། དམ་ཚིག་རྡོ་རྗེའི་བསྒོམ་བཟླས་བསྡུས་པ་དང་པོའི་ལུགས་ཡིན་པ་རྣམས་ནི་རྗེ་བཙུན་གྱི་དགོངས་པ་དེ་ལྟར་ཡིན་པས། ཟླ་ཟེར་ལས། བར་པ་མ་ཡིན་ཏེ། ཡེ་ཤེས་པ་དགུག་པར་འདོད་པའི་ཕྱིར། བསྡུས་པ་མ་ཡིན་ཏེ་གནས་གསུམ་བྱིན་གྱིས་བརླབ་པ་དང་། ཡེ་ཤེས་པ་དགུག་པར་འདོད་པའི་ཕྱིར་ཞེས་པའི་དགག་པ་གཉིས་པོ་ཅུང་ཟད་ཐལ་བ་འདྲའོ། །འོན་ཀྱང་མན་ངག་ལུགས་ཀྱི་ཉམས་ལེན་གྱི་སྐབས་འདིར་རྒྱུད་སྡེ་གཞན་ནས་གསུངས་པའི་ཐུན་མཚམས་ཀྱི་ཉེས་ལྟུང་སྦྱོང་བའི་ལྷའི་སྒོམ་བཟླས་གཉིས་ཡོད་པ་ལས། དམ་ཚིག་རྡོ་རྗེ་ལ་བསྡུས་པ་དང་པོ་དང་། རྡོ་རྗེ་སེམས་དཔའ་ལ་བསྡུས་པ་ཕྱི་མ་རྗེ་བཙུན་གྱིས་དངོས་སུ་སྦྱར་བ་འདི་ཉིད་ཉམས་སུ་བླངས་ན་དག་པ་ཡིན་པར་ཤེས་པར་བྱའོ། །ཁྱོད་ཀྱི་བསྐྱེད་ཆོག་བསྡུས་པ་ཞེས་པ་ལ་ནི་སྐྱོན་ཆགས་ཏེ། ལྗོན་ཤིང་ལས། སྒྲུབ་བྱེད་མངོན་རྟོགས་ཀྱི་རྣམ་དབྱེ་ལ་སྔོན་འགྲོ་དང་། དངོས་གཞི་དང་། རྗེས་རྫོགས་པར་བྱེད་པ་ལམ་གྱི་ཡན་ལག་གསུམ་གྱི་དངོས་གཞི་ལ་ཡང་རྒྱས་འབྲིང་བསྡུས་པ་གསུམ་དུ་ཕྱེ་བའི་བསྡུས་པ་ནི་སྐབས་འདིའི་བསྡུས་པ་ཡིན་ལ་དེ་བསྐྱེད་ཆོག་བསྡུས་པ་ཡིན་ན། འབྲིང་པོ་དང་། རྒྱས་པ་ཡང་བསྐྱེད་ཆོག་གི་སྒོ་ནས་འཇོགས་དགོས་པས། རྗེ་བཙུན་གྱིས་འབྲིང་པོ་འདི་ལ་ཏིང་ངེ་འཛིན་གསུམ་དང་། ཡན་ལག་དྲུག་གིས་འཆིང་བ་ནི་མེད་ལ་ཞེས་གསུངས་པ་དང་འགལ་བའི་ཕྱིར་ཏེ། ཡན་ལག་དྲུག་པ་ནི་བསྐྱེད་ཆོག་གི་སྒོ་ནས་འབྲིང་པོ་ཁོ་ན་ཡིན་པའི་ཕྱིར་རོ། །དེས་ན་ལྗོན་ཤིང་ལས་དངོས་གཞིའི་ཆིངས་རྒྱས་འབྲིང་བསྡུས་གསུམ་གསུངས་པ་དང་། བསྐྱེད་ཆོག་རྒྱས་འབྲིང་བསྡུས་གསུམ་ནོར་བར་མི་བྱའོ། །འདིའི་རྡོ་རྗེ་སེམས་དཔའ་ནག་པོ་དམ་ཚིག་རྡོ་རྗེས་གསུངས་པ་དང་མཐུན་ཞེས་པ་ཙམ་གྱིས་དེ་ཇི་ལྟ་བ་བཞིན་དུ་ཁས་ལེན་དགོས་པ་མ་ཡིན་ཏེ། གཞན་དུ་ན་རྗེ་བཙུན་གྱིས་མན་ངག་ལུགས་ཀྱི་ཡན་ལག་དྲུག་པ། ཌོཾ་བི་ལུགས་དང་མཐུན། ཡན་ལག་བཞི་པ་མཚོ་སྐྱེས་ལུགས་དང་མཐུན་པར་གསུངས་པས་དེ་དག་ཇི་ལྟ་བ་བཞིན་དུ་ཁས་ལེན་དགོས་པར་ཐལ་བའི་ཕྱིར་དང་། མི་འདྲ་བའི་ཁྱད་པར་ཡོད་ཀྱང་གཙོ་བོ་མཐུན་པས་མཐུན་པར་འཇོག་ན། འདིར་ཡང་སྐུ་མདོག་དང་། ཕྱག་མཚན་དང་། གདན་དང་། ཡུམ་ལ་འཁྱུད་ཚུལ་མཐུན་པས་མཐུན་པར་འཇོག་པ་ཡིན་གྱི། ཞི་ཞིང་སྒེག་པའི་རྣམ་པ་ཅན་དུ་ཁས་བླངས་མི་དགོས་པའི་ཕྱིར་རོ། །འདི་ནི་ཨ་བྷི་དྷ་ན་ལས་གསུངས་པའི་འཁོར་ལོས་སྒྱུར་བ་དྲུག་གི་རྡོ་རྗེ་སེམས་དཔའ་ཡིན་ཞེས་པ་ནི་ཟླ་ཟེར་ལས། ཨ་བྷི་དྷ་ན་དང་སྦྱར་བའི་བཤད་པ་ངོ་མཚར་བ་དེ་མཐོང་ནས་ཚུར་ངོམ་པ་ནི་གཡར་པོའི་རྒྱན་བདག་པོ་ལ་ངོམ་པ་དང་ཚུལ་མཚུངས་སོ། །དེ་ཉིད་འདུས་པ་ནས་བཤད་པའི་དགག་པ་ལ་ལན་འདེབས་ན། ངལ་བ་ལྷུར་ལེན་པ་འབའ་ཞིག་ལས་མ་འདས་ཏེ། དེ་ནས་བཤད་པའི་དགག་སྒྲུབ་ལ་ལུང་རིགས་ཀྱིས་མཚམས་གཟུང་དུ་མེད་པར་བབ་ཆོལ་འབའ་ཞིག་ཏུ་སྣང་བའི་ཕྱིར་རོ། །འོན་ཀྱང་འདིར་ནི་དེའི་ཕྱོགས་ལྔ་ཁས་མ་བླངས་པས་ལན་འདེབས་མི་དགོས་པ་སྔར་བཤད་པ་ལས་ཤེས་སོ། །གལ་ཏེ་ཞི་ཞིང་སྒེག་པའི་རྣམ་པ་ཅན་དུ་ཁས་བླངས་ན་ཡང་ཧེ་རུ་ཀའི་ཡི་གེ་བརྒྱ་པ་བཟླར་མི་རུང་བ་མ་ཡིན་ཏེ། ཨ་བྷི་དྷ་ན་ལས། དཔའ་བོ་དང་ནི་མཁའ་འགྲོ་མ། །འདི་ནི་ཀུན་གྱི་གསང་སྔགས་ཏེ། །ཞེས་གསུངས་པས་སོ། །གལ་ཏེ་དཔའ་བོ་ཞེས་པས་ཁྲོ་བོར་གྲུབ་བོ་ཞེ་ན། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་ཁྲོ་བོར་འགྱུར་ཏེ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཞེས་པ་ཡང་སྨྲ་མི་རུང་བར་འགྱུར་རོ། །རྒྱན་གྱི་རྣམ་བཞག་གི་སྐབས་སུ་ཁྱེད་རང་གིས་གཞན་ལ་སྐྱོན་བརྗོད་པ་ལ་ཡང་མཚུངས་ཏེ། ཞི་ཞིང་སྒེག་པ་དང་། ཁྲོ་ཆགས་ཀྱི་རྣམ་པ་འདི་དག་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་རྣམ་པ་ཡིན་པས་གོ་སར་མ་ཤོང་དོགས་མི་དགོས་པ་ལ་དེ་ལྟ་བུར་དོགས་པ་ནི་འཇིག་རྟེན་ཐ་མལ་གྱི་བཞིན་གྱི་རྣམ་འགྱུར་ལ་ཞེན་པར་ཟད་དོ་ཞེས་བརྗོད་ན་ལན་ཅི་ཡོད། རུས་རྒྱན་དང་། རིན་པོ་ཆེའི་རྒྱན་གཉིས་ཀས་བརྒྱན་པའི་ལུང་དེ་དག་གང་རུང་གིས་བརྒྱན་པའི་དོན་དུ་ཟླ་ཟེར་ཉིད་ལས་བཤད་ཟིན་ལ། དེ་གཉིས་གོ་ས་གཅིག་ལ་ཡོད་པའི་ཤེས་བྱེད་དུ། མི་གཡོ་བའི་རྟོག་པ་ལས། ཕྱག་དང་ཞལ་དང་ཞབས་སོ་སོ་ལ་རིན་པོ་ཆེ་དང་རུས་པ་ལ་སོགས་པས་བརྒྱན་པ་བཀོད་པ་ནི་ལྷྭམ་དང་ཞྭ་གཉིས་པོ་གོ་ས་གཅིག་ཏུ་གོན་དགོས་ཏེ། མགོ་བོ་ལ་ཞྭ་དང་། རྐང་པ་ལ་ལྷྭམ་སོ་སོར་གོན་དགོས་པའི་ཕྱིར་ཞེས་བཀོད་པ་དང་མཚུངས་སོ། །དེས་ན་ཉི་ཟེར་མཁན་པོ་ཁྱེད་ཆོས་ཀྱི་རྒྱལ་པོ་ངོར་པ་རིན་པོ་ཆེ་ལ་སྡང་ཤུགས་འབའ་ཞིག་གིས་དགག་པ་བྱེད་པ་ལ་སྤྲོ་བར་ཟད་ཀྱི་ལུང་རིགས་དང་། རྗེ་བཙུན་གོང་མའི་བཞེད་པ་གཞིར་བཞག་ནས་གནས་ལུགས་ལ་དཔྱོད་པ་མ་ཡིན་པར་གསལ་ལོ། །གནད་ཀྱི་ཟླ་ཟེར་ལས། གསུམ་པ་ནི། རྗེ་བཙུན་གྱིས་གསལ་བར་མ་བཤད་ཀྱང་བླ་ཆེན་འཕགས་པས། བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་སོགས་ཨ་བྷི་དྷ་ན་ལས་འབྱུང་བ་ལྟར་བརྗོད་པ་ནི་རྒྱུད་སྡེའི་དོན་དུ་སྣང་བས་གོང་མའི་གདམས་ངག་ཏུ་མངོན་ནོ་ཞེས་གསུངས་པ་ལ། ཉི་ཟེར་བདག་པོ་ན་རེ། དེ་ནི་གོང་མའི་ཡིག་ཆ་ལ་ཞིབ་ཏུ་མ་བལྟས་པའི་ཚོད་དཔག་ཏུ་སྣང་སྟེ། དཔལ་ལྡན་ས་སྐྱ་པཎྜི་ཏས་དྲུག་པ་རྒྱུད་སྦྱང་བ་ནི། ཐམས་ཅད་ཀྱི་དམ་ཚིག་གི་ཉེས་པ་བཤགས་པའི་ཕྱིར་སྤྱི་བོར་རྡོ་རྗེ་སེམས་དཔའ་མན་ངག་ལྟར་བསྒོམ། ཡི་གེ་བརྒྱ་པ་ཅི་རིགས་པར་བཟླས་ནས་ཨ་བྷི་དྷ་ན་ལས་འབྱུང་བའི་ཚིག་འདི་བརྗོད། བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །ཞེས་བརྗོད་ཅེས་གསལ་བར་གསུངས་པས་སོ་ཞེས་བྱ་བ་བྲིས་སོ། །དེ་ནི་ཟླ་ཟེར་ལ་ཞིབ་ཏུ་མ་བལྟས་པའི་ཚོད་དཔག་ཏུ་སྣང་སྟེ། ཟླ་ཟེར་ལས་རྗེ་བཙུན་གྱིས་གསལ་བར་མ་བཤད་ཅེས་སོགས་ཀྱི་གོང་མའི་ཡིག་ཆ་ལ་གཏན་མེད་པར་མ་གསུངས་ཀྱང་ཁྱེད་ཀྱི་རྗེ་བཙུན་གྱིས་གསལ་བར་མ་བཤད་པ་མི་འཐད་དེ། ས་པཎ་གྱིས་གསལ་བར་བཤད་པའི་ཕྱིར་ཞེས་པ་ནི། བྱམས་པའི་མགོ་ལ་སྐྲ་དཀར་མེད་པ་མི་འཐད་དེ། ཉེ་སྦས་ཀྱི་མགོ་སྤྲ་བའི་མེ་ཏོག་ལྟར་སོང་འདུག་པའི་ཕྱིར་ཞེས་བཀོད་པ་དང་མཚུངས་སོ། །དེས་ན་འདི་ལ་ཡང་རྗེ་བཙུན་གྱིས་གསལ་བར་མ་བཤད་ཀྱང་ས་པཎ་གྱིས་གསལ་བར་བཤད་པ་ནི་གོང་མའི་གདམས་ངག་ཏུ་སྣང་ངོ་ཞེས་པ་ཡང་དོན་གྱིས་ཐོབ་བོ།། །།གནད་ཀྱི་ཟླ་ཟེར་ལས། མཐར་བླ་མ་ཁ་ཅིག་རྡོ་རྗེ་སེམས་དཔའ་རང་ཉིད་ལ་བསྟིམས་ནས་ཨོཾ་ཨཿཧཱུྃ་ཞེས་བརྗོད་པས། ཨོཾ་གྱིས་རྡོ་རྗེ་སེམས་དཔའི་སྐུ་དང་རང་གི་ལུས་དབྱེར་མེད། ཨཱཿས་གསུང་དང་ངག་དང་། ཧཱུྃ་གིས་ཐུགས་དང་སེམས་དབྱེར་མེད་དུ་བསམ་ཟེར་ཏེ། སྒྲོ་བཏགས་པ་ཙམ་དུ་ཟད་དོ་ཟེར་བ་ལ། ཉི་ཟེར་མཁན་པོ་ན་རེ། དེ་ལྟར་མ་ཡིན་ཏེ། རྗེ་བཙུན་གྱིས་མཐར་ཐུན་འཇོག་ཁར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རང་ལ་ཐིམ་པས་ལུས་འཇའ་ཚོན་ལྟ་བུར་གྱུར་པར་བསྒོམ་མོ་ཞེས་དང་། འཕགས་པས་རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པར་བསམས་ནས་ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་གཉིས་སུ་མེད་པར་བསམ་མོ་ཞེས་གསུངས་ལ། དེའི་སྒོམ་དོན་གོང་དུ་བཤད་པ་ལྟར་མིན་ན་ཇི་ལྟར་ཡིན་སྨྲོས་ཤིག་ཅེས་བྲིས་སོ། །དེ་ནི་སྨྲ་རྒྱུ་མེད་ཀྱང་སྨྲ་བ་ལ་དགའ་བ་ཙམ་དུ་ཟད་དེ། རྗེ་བཙུན་གྱིས་གསུངས་པའི་བསྒོམ་དོན་ནི་རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པས་ལུས་འཇའ་ཚོན་ལྟ་བུར་བསྒོམ་པ་དེ་ཉིད་ཡིན་ལ། འཕགས་པས་གསུངས་པའི་སྒོམ་དོན་ནི་ཡི་གེ་གསུམ་བརྗོད་པས་གཉིས་སུ་མེད་པར་བསམས་པ་དེ་ཉིད་ཡིན་པས་གཞན་སྨྲ་ཅི་ཞིག་དགོས། ཚོགས་ཞིང་གི་སྐབས་སུ་གནད་ཀྱི་ཟླ་ཟེར་ལས། ཁ་ཅིག་སྐུ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་བསྒོམ་པར་འདོད་པ་ལ་ཤེས་བྱེད་ཀྱི་གཞུང་མེད་པས་བསྒོམ་བྱའི་དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་དུ་བྱ་དགོས་ཏེ། མར་མེ་མཛད་ཀྱིས་ཞལ་བརྒྱད་ང་རྒྱལ་བ་དག་བསྒོམ་ཏེ་ཞེས་གསུངས་པའི་ཕྱིར་རོ་ཞེས་གསུངས་པ་ལ། ཉི་ཟེར་མཁན་པོ་ན་རེ། ཚོགས་བསག་གི་སྐབས་སུ་བསྒོམ་བྱའི་གཙོ་བོའི་ང་རྒྱལ་འབའ་ཞིག་དགོས་པས་མ་ཁྱབ་སྟེ། བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་སྒྲུབ་ཐབས་ཛཱ་ཡ་སེ་ནས་མཛད་པ་ལས། དེ་ནས་བདག་ཉིད་སྐད་ཅིག་གིས་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ་སྐུ་མདོག་སྔོན་པོ་ཕག་མོ་དང་བཅས་པར་བསྒོམ་པ་ནི། ལུས་དག་པར་བྱེད་པའོ་ཞེས་དང་། དེ་ནས་སྙིང་ཁའི་ས་བོན་ལས་འཕྲོས་པའི་འོད་ཟེར་རྣམས་ཀྱིས་བླ་མ་དང་དཔལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་སྤྱན་དྲངས་ཏེ། སྔགས་ཀྱིས་མཎྜལ་གྱིས་དབུས་སུ་བཞུགས་པར་བྱའོ་ཞེས་པ་ལ་སོགས་པ་བདེ་མཆོག་ཕྱག་བཅུ་གཉིས་པའི་ང་རྒྱལ་གྱིས་ཚོགས་བསག་རྒྱས་པར་བྱེད་པར་བཤད་ཀྱིས་གཙོ་བོ་ཞལ་བཅུ་བདུན་ཕྱག་བདུན་ཅུ་རྩ་གཉིས་པའི་ང་རྒྱལ་གྱིས་ཚོགས་བསག་བྱེད་པར་མ་གསུངས་པ་བཞིན་ནོ། །དེས་ན་ཁོ་བོའི་དཔལ་ལྡན་བླ་མ་དམ་པས་ཐུན་མཚམས་གཞན་གྱིས་བར་མ་ཆོད་པར་ལྡང་བའི་རྣལ་འབྱོར་དང་འབྲེལ་ན་ཕྱག་བཅུ་དྲུག་པ་སོགས་ཀྱི་རྣམ་པ་དང་། ཐུན་མཚམས་ཀྱི་བྱ་བ་གཞན་ལ་ཞུགས་པ་ན། ཕྱག་གཉིས་པར་བསྒོམ་པར་འདམ་ཁར་མཛད་པ་ཉིད་ལེགས་ཏེ། རྗེ་བཙུན་རྩེ་མོས་མངོན་རྟོགས་རྒྱས་པར་རང་ཀྱཻ་རྡོ་རྗེ་ཕྱག་གཉིས་པའི་ང་རྒྱལ་དུ་དྲན་པར་བྱས་ལ་སྟན་ལ་འདུག་སྟེ། ཞེས་ཐུན་མཚམས་ཀྱི་བྱ་བ་གསུངས་ནས་མཉམ་པར་བཞག་པའི་རྣལ་འབྱོར་གྱི་སྐབས་སུ་རང་ཀྱཻ་རྡོ་རྗེར་གསལ་བཏབ་པའི་ཞེས་གསུངས་པ་ཡང་འདི་ལ་སྙོག་པར་སེམས་སོ། །སྐུ་རྡོ་རྗེའི་རྣམ་པ་ཅན་དུ་བསྒོམ་པ་ནི་བརྒྱུད་པའི་ཕྱག་ལེན་ཙམ་ཡིན་མོད། སྐུ་རྡོ་རྗེར་བསྒོམ་པར་ཁས་བླངས་པ་ཡང་མ་ཡིན་ནོ། །གལ་ཏེ་སྐུ་རྡོ་རྗེའི་སྐུ་མདོག་ཕྱག་མཚན་ཇི་ལྟ་བ་བཞིན་དུ་འདུག་པས་སྐུ་རྡོ་རྗེ་ཡིན་ནོ་སྙམ་ན་ལྷའི་ཞལ་ཕྱག་སོགས་འདྲ་བས་གཅིག་ཏུ་བཤད་དུ་མི་རུང་སྟེ། བདག་མེད་ལྷ་མོ་བཅོ་ལྔའི་འཁོར་རྣམས་ཞལ་ཕྱག་སོགས་བདག་མེད་མ་དང་འདྲ་ཡང་། དེ་རྣམས་བདག་མེད་མ་མ་ཡིན་ཞེས་ཁྱེད་རང་གི་སྨྲས་པ་བཟློག་ནས་བརྗོད་ན། ཆོས་མཐུན་གྱི་ལན་ཅི་ཡང་ཡོད་པ་མ་ཡིན་ནོ་ཞེས་བྲིས་སོ། །དེ་ནི་མི་འཐད་དེ། མཁའ་འགྲོ་རྒྱ་མཚོའི་སྒྲུབ་ཐབས་ལས་དེ་ལྟར་གསུངས་པ་ནི། མཁའ་འགྲོ་རྒྱ་མཚོའི་རྒྱུ་རྡོ་རྗེ་འཆང་ཞལ་བཞི་ཕྱག་བཅུ་གཉིས་པ་ཡིན་པའི་དབང་དུ་བྱས་པ་ཡིན་པས། འདིའི་སྒྲུབ་བྱེད་དུ་འགྲོ་བའི་ཕྱིར་དང་། ཚོགས་ཞིང་གི་སྐབས་ཀྱི་ཧེ་རུ་ཀ་རྡོ་རྗེ་དང་ཐོད་པ་འཛིན་པ་དེ་སྐུ་རྡོ་རྗེ་ཡིན་ན། ད་དུང་དེ་གོམ་པ་ལ་ཤེས་བྱེད་འགོད་དགོས་ཤིང་། སྐུ་རྡོ་རྗེའི་སྐུ་མདོག་ཕྱག་མཚན་ཇི་ལྟ་བ་བཞིན་དུ་འདུག་པས། སྐུ་རྡོ་རྗེ་ཡིན་ནོ་སྙམ་ན། ཞེས་སོགས་ཀྱི་དགག་སྒྲུབ་དོན་མེད་པའི་ཕྱིར་དང་། སྐུ་རྡོ་རྗེ་མ་ཡིན་ན་དེ་རྒྱུད་གསུམ་ནས་གསུངས་པའི་ལྷ་གང་ཡིན་སྨྲ་དགོས་པའི་ཕྱིར་དང་། ཐུན་མཚམས་ཀྱི་བྱ་བ་གཞན་སྔོན་དུ་སོང་ན་ཞལ་གཅིག་ཕྱག་གཉིས་པར་བྱེད་པ་ལ་ཡང་ཤེས་བྱེད་གསར་དུ་འགོད་དགོས་པའི་ཕྱིར་རོ། །ཡང་གནད་ཀྱི་ཟླ་ཟེར་ལས་ཁ་ཅིག་སྤྱན་དྲངས་པའི་རྗེས་སུ་ཕྱག་འཚལ་བའི་ཚིག་དང་། སྐབས་འདིར་ཡང་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་བར་འདོད་པ་ན། ཀཾ་པ་ལ་དང་། མར་མེ་མཛད་ཀྱིས། བླ་མ་སངས་རྒྱས་རང་བདག་ལྷ། །བསམ་བསྒོམ་ལུས་སྤྲུལ་ཕྱག་བྱའོ། །ཞེས་དང་པོར་ཕྱག་བྱ་བ་དང་། གཉིས་མེད་རྡོ་རྗེས་མཆོད་པ་བྱས་ནས་ལུས་ངག་ཡིད་གསུམ་དྭང་བས་ཕྱག་བྱས་ཏེ། དེའི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱའོ་ཞེས་སྐབས་འདིར་ཕྱག་བྱེད་པར་བཤད་པས་གཞུང་དེ་གཉིས་བཏུན་ན་རུང་ཙམ་སྣང་ན་ཡང་། གཞན་རྒྱ་གར་བའི་སྒྲུབ་ཐབས་ཐམས་ཅད་དང་། རྗེ་བཙུན་སྐུ་མཆེད་ཀྱིས་བཤད་པ་མེད་དོ་ཞེས་གསུངས་པ་ལ། ཉི་ཟེར་ལས་སཾ་ཊིར། དེ་བཞིན་གཤེགས་པ་ཀུན་སོགས་ལ། །མཆོད་ནས་ཕྱག་འཚལ་འདི་སྐད་གསོལ། །ཞེས་དང་། དེ་ཉིད་མན་ངག་གིས་འཁྲུག་བསྡེབས་ནས་བདུད་རྩི་འོད་ལས། མངའ་བདག་རྡོ་རྗེ་དབང་དམིགས་ཏེ། །བློ་དང་ལྡན་པས་ཕྱག་འཚལ་མཆོད། །ཅེས་གསུངས་པ་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས། བདག་མེད་མའི་སྒྲུབ་ཐབས་སུ་དེ་དག་གི་ཞབས་ལ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ཏེ། ཐུགས་ཁའི་ཨཾ་ལས་ལྷ་མོ་བརྒྱད་སྤྲོས་ཏེ་ཞེས་གསུངས་པ་རྣམས་མ་དྲན་པར་ཟད་དོ། །གནད་ཀྱི་ལྡེ་མིག་ལས་ཚོགས་ཞིང་མཆོད་པའི་སྐབས་སུ་ཐོག་མར་ཕྱག་འཚལ་བ་རྗེ་བཙུན་གོང་མའི་ཡིག་ཆར་མེད་ཀྱང་། སཾ་བུ་ཊིར་གསུངས་པ་ལ་བརྟེན་ནས། སྔ་རབས་པ་དག་ཕྱག་ལེན་ལ་མཛད་དོ་ཞེས་གསུངས་པ་ནི། མན་ངག་ལུགས་ཀྱི་དབང་དུ་མཛད་པ་ཡིན་ནོ། །འོ་ན་རྗེ་བཙུན་གྱི་ལུང་དེས་ཁྱེད་ལ་ཡང་གནོད་པར་མཚུངས་སྙམ་ན་མི་མཚུངས་ཏེ། ཁྱེད་མན་ངག་ལུགས་དང་། འགྲེལ་པ་ལུགས་གཉིས་ཀ་སྲོལ་གཅིག་ཏུ་འདོད་པས་གནོད་བྱེད་དུ་འཇུག་ལ། ཁོ་བོའི་བླ་མ་དམ་པ་ནི་དེ་གཉིས་ཀ་སྲོལ་སོ་སོར་བཞེད་པར་ལེགས་པར་བསྒྲུབས་ཟིན་པས་དེ་དག་གནོད་བྱེད་དུ་མི་འཇུག་པས་རྣམ་པ་ཀུན་ཏུ་མཚུངས་པ་མ་ཡིན་ནོ། །རྒྱུ་མཚན་འདི་དག་དང་འོག་ནས་འབྱུང་བ་དུ་མའི་ཕྱིར་ན་རྗེ་བཙུན་ཆེན་པོས་མཛད་པའི་བདག་མེད་མའི་སྒྲུབ་ཐབས་འདི་མན་ངག་ལུགས་དང་། འགྲེལ་པ་ལུགས་ཐུན་མོང་བའི་ནང་ནས་བདུད་རྩི་འོད་ཀྱི་རྗེས་སུ་འབྲང་ནས་མཛད་པར་སྣང་བས་འགྲེལ་པ་ལུགས་གཙོ་ཆེ་བར་སེམས་སོ་ཞེས་བྲིས་སོ། །དེ་ནི་རང་ལུགས་ངན་པ་ནན་གྱིས་སྒྲུབ་ཅིང་གཞན་ལུགས་བཟང་པོ་རྩོལ་བས་འགོག་པ་སྟེ། རང་ཉིད་ཀྱིས་རྗེ་བཙུན་གོང་མའི་ཡིག་ཆར་མེད་ཀྱང་ཞེས་པའི་དོན་མན་ངག་ལུགས་ཀྱི་དབང་དུ་བྱས་པར་བཤད་ནས། གཞན་གྱིས་སྤྱན་དྲངས་པའི་རྗེས་སུ་ཕྱག་འཚལ་བའི་ཚིགས་བཅད་རྗེ་བཙུན་སྐུ་མཆེད་ཀྱིས་བཤད་པ་མེད་ཅེས་པའི་དོན་རྗེ་བཙུན་སྐུ་མཆེད་ཀྱི་ཡིག་ཆ་མཐའ་དག་ལ་བྱས་འདུག་པའི་ཕྱིར་རོ། །རང་ལུགས་རྗེ་བཙུན་གོང་མའི་གཞུང་དང་མི་འགལ་བའི་ཤེས་བྱེད་དུ་རྗེ་བཙུན་གྱིས་མཛད་པའི་བདག་མེད་མའི་སྒྲུབ་ཐབས་འགྲེལ་པ་ལུགས་ཀྱི་དབང་དུ་བྱས་པ་ཡིན་ཞེས་པ་ནི་གནད་ཀྱི་ལྡེ་མིག་ལས་བཀའ་སྲོལ་བཞིའི་ནང་ནས་མན་ངག་ལུགས་ཀྱི་ཆོས་སྐོར་བགྲངས་པའི་ཚེ་སྒྲུབ་ཐབས་བཞི་ལ་ཡབ་ཀྱི་སྒྲུབ་ཐབས་གསུམ་དང་ཡུམ་གྱི་སྒྲུབ་ཐབས་གཅིག་སྟེ་བཞི་བགྲངས་པའི་རང་ལུགས་དང་འགལ་ཞིང་། གཞན་གྱིས་མངོན་རྟོགས་ཚུལ་བཅོ་ལྔ་པ་མི་ཐུབ་ཟླ་བའི་འཁྲུགས་ཅན་དུ་བཞེད་པ་ལ་ཁྱེད་རང་གིས་གསུང་ངག་ལམ་འབྲས་ཀྱི་བསྐྱེད་རིམ་གྱི་སྐབས་སུ་འགྲེལ་པ་ལུགས་ཀྱི་བསྐྱེད་རིམ་བགྲང་བ་མི་འཐད་ཅེས་པ་དང་དངོས་སུ་འགལ་ཏེ། ཡུམ་གྱི་སྒྲུབ་ཐབས་འདི་ཡང་རྗེ་བཙུན་གྱིས་གསུང་ངག་ལམ་འབྲས་ཀྱི་བསྐྱེད་རིམ་གྱི་སྐབས་སུ་གསུངས་པའི་ཕྱིར་རོ། །གནད་ཀྱི་ཟླ་ཟེར་ལས་གཞན་རྒྱ་གར་བའི་སྒྲུབ་ཐབས་ཐམས་ཅད་དང་། རྗེ་བཙུན་སྐུ་མཆེད་ཀྱིས་བཤད་པ་མེད་ཅེས་གསུངས་པའི་དོན་ནི་རྒྱ་གར་བའི་ཡབ་ཀྱི་སྒྲུབ་ཐབས་ཐམས་ཅད་དང་། རྗེ་བཙུན་སྐུ་མཆེད་ཀྱིས་ཡན་ལག་བཞི་དྲུག་ལ་སྐབས་ཐོབ་ཀྱིས་འཇུག་པ་ཡིན་གྱི། རྒྱ་གར་བའི་གཞུང་ཐམས་ཅད་དང་། རྗེ་བཙུན་སྐུ་མཆེད་ཀྱི་ཡིག་ཆ་ཐམས་ཅད་ལ་འཇུག་པ་ནི་མ་ཡིན་ཏེ། རྒྱ་བོད་ཀྱི་བདག་མེད་མའི་སྒྲུབ་ཐབས་གཉིས་དང་། མངོན་རྟོགས་ལྗོན་ཤིང་ལས། ཕྱག་དང་མཆོད་པ་དང་། སྡིག་པ་བཤགས་པ་ལ་སོགས་པའི་རྒྱུན་བཤགས་བྱ་ཞེས་གསུངས་པའི་རྗེས་སུ་འབྲང་ནས་སྐབས་འདིར་བླ་མ་དང་། ཡི་དམ་ལ་ཕྱག་བྱ་བ་ཁོ་བོའི་དཔལ་ལྡན་བླ་མ་ཡང་བཞེད་པའི་ཕྱིར་རོ། །ལྗོན་ཤིང་གི་ལུང་གི་དོན་ཁྱེད་ཀྱིས་ཕྱག་དང་མཆོད་པ་དང་། སྡིག་པ་བཤགས་པའམ་རྒྱུན་བཤགས་བྱ་ཞེས་པའི་དོན་དུ་འཆད་པ་དང་། རང་བཟོ་མཁན་དག་བཟང་སྤྱོད་ནས་འབྱུང་བ་ལྟར་གྱི་ཡན་ལག་བདུན་པའི་དོན་དུ་འཆད་པ་ནི་ལུང་དེའི་དོན་ལ་བློ་ཁ་མ་ཕྱོགས་པ་སྟེ། ལྗོན་ཤིང་གི་དགོངས་པ་ནི་ཚོགས་ཞིང་ལ་ཕྱག་དང་མཆོད་པ་གཉིས་སྔོན་དུ་སོང་ནས་སྡིག་པ་བཤགས་པ་ལ་སོགས་པ་གུར་ནས་འབྱུང་བའི་རྒྱུན་བཤགས་བྱ་ཞེས་པའི་དོན་ཡིན་གྱི་གསུམ་པོ་རྒྱུན་བཤགས་ཀྱི་ཁོངས་སུ་བགྲངས་ན་ཕྱག་ལ་སོགས་པའི་རྒྱུན་བཤགས་བྱ་ཞེས་འཆད་རིགས་པའི་ཕྱིར་རོ། །གནད་ཀྱི་ཟླ་ཟེར་ལས། གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །ཅེས་པའི་སྐབས་སུ་གཡུང་མོ་ནུབ་བྱང་གི་གྲྭར་གནས་ནས། འཁྱུད་པའི་ཕྱག་རྒྱ་བྱས་པས་ལྷ་ཐམས་ཅད་རྗེས་སུ་ཆགས་པས་མཉེས་པའམ་བདག་མེད་མ་ལ་ཐིམ་པས་ལྷ་ཐམས་ཅད་རྗེས་སུ་ཆགས་པས་ཚིམ་པར་བསམ་པར་གསུངས་པ་ལ། ཉི་ཟེར་ལས་དེ་བཀག་སྟེ། བུད་མེད་གཟུགས་ནི་སྤངས་ནས་གཞན། །བཅོམ་ལྡན་འདས་ཀྱི་གཟུགས་སུ་བྱ། །ཞེས་སོགས་ཀྱི་ལུང་ལ་བརྟེན་ནས་གཡུང་མོ་ལྟ་བུར་ཧེ་རུ་ཀར་བསྒྱུར་ནས་འཁྱུད་པར་ཁོ་བོའི་དཔལ་ལྡན་བླ་མ་དམ་པ་བཞེད་པ་ནི་ཤིན་ཏུ་ལེགས་ཏེ་ཞེས་སོགས་བྲིས་སོ། །དེ་ནི་མི་འཐད་དེ། ལུང་དེའི་དོན་ལས་དང་པོ་པས་བསྐྱེད་རིམ་བསྒོམ་པའི་གནས་སྐབས་ཀྱི་ལྷ་མོ་ཕོར་བསྒྱུར་བ་ལ་འཆད་ན་རྗེ་བཙུན་གྱིས་ཉེ་རྒྱུའི་གནས་སྐབས་ཀྱི་རྟེན་གྱི་གང་ཟག་བུད་མེད་སྐྱེས་པར་བསྒྱུར་བ་ལ་བཤད་པ་དང་འགལ་བའི་ཕྱིར་དང་། གཞན་ལུགས་ཀྱི་བླ་མ་དག་གིས་གཞུང་དེ་ཉིད་འཇིགས་བྱེད་ལ་ཡུམ་ཡོད་པའི་སྒྲུབ་བྱེད་དུ་བཀོད་པའི་ཚེ། ལས་དང་པོ་པས་བསྐྱེད་རིམ་བསྒོམ་པའི་གནས་སྐབས་ཀྱི་ལྷ་མོ་ཕོར་བསྒྱུར་བ་ལ་བཤད་པའི་སྐྱོན་སྤོང་བའི་རྩོལ་བ་ཡང་བྱ་དགོས་པའི་ཕྱིར་རོ།། །།ཡང་གནད་ཀྱི་ཟླ་ཟེར་ལས་སྐབས་འདིར་རྒྱ་གར་བའི་གཞུང་ཐམས་ཅད་ལས་རིགས་ལྔའི་སྡོམ་གཟུང་བཤད་པ་མེད་ཅེས་གསུངས་པ་ལ། ཉི་ཟེར་ལས། དཔའ་བོའི་རྡོ་རྗེས་སྡོམ་པ་གཟུང་བར་བྱ་སྟེ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་བྱ་བ་ནས་ཞེས་སོགས་གསུངས་པ་མ་མཐོང་བར་ཟད་དོ་ཞེས་བྲིས་སོ། །དེ་ནི་དགག་པ་ལ་དགའ་བ་ཙམ་དུ་ཟད་དེ། ཟླ་ཟེར་ལས། སྐབས་འདིར་ཞེས་པ་ནི། སྒྲུབ་ཐབས་ཀྱི་བསོད་ནམས་ཚོགས་བསག་གི་སྐབས་འདིར་ཞེས་པ་ཡིན་ལ། དཔའ་བོའི་རྡོ་རྗེས་སྒྲུབ་ཐབས་ཀྱི་བསོད་ནམས་ཚོགས་བསག་གི་སྐབས་སུ་ལུང་དེ་མ་གསུངས་པའི་ཕྱིར་རོ། །ཡེ་ཤེས་ཚོགས་བསག་གི་སྐབས་སུ་གནད་ཀྱི་ཟླ་ཟེར་ལས། བདག་མེད་གཉིས་སྒོམ་ཚུལ་རྒྱས་པར་བཤད་པའི་གང་ཟག་གི་བདག་ངོས་འཛིན་གྱི་སྐབས་སུ་དུད་འགྲོ་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ལ་རང་འཁྲུངས་སུ་ཡོད་པ། ང་དང་ང་ཡིར་འཛིན་པའི་བདག་འཛིན་འཇིག་ལྟ་ལྷན་སྐྱེས་ཀྱི་ཞེན་ཡུལ་འདི་ཉིད་ཡིན་ནོ། །འདི་མུ་སྟེགས་རྣམས་ཀྱིས་རྟག་ཅིག་རང་དབང་ཅན་དུ་སྒྲོ་བཏགས་པ་ལྟར་ཡུལ་རང་ངོས་ནས་ཐ་སྙད་དུ་ཡང་མ་གྲུབ་མོད། ལྷན་སྐྱེས་ཀྱི་བློས་ཞེན་པ་ལྟར་ཐ་སྙད་དུ་མེད་པ་མ་ཡིན་ཏེ། ང་དང་ང་ཡིར་ཞེས་སོགས་ཀྱི་ཐ་སྙད་སྣ་ཚོགས་འཇིག་རྟེན་ན་གྲགས་ཤིང་གནོད་པ་མེད་པའི་ཕྱིར་རོ་ཞེས་དང་། ཆོས་བདག་ངོས་འཛིན་གྱི་སྐབས་སུ་ཐ་སྙད་ཀྱི་རྗེས་སུ་འབྲང་བའི་ལྷན་སྐྱེས་ཀྱི་བློ་རང་དགའ་བ་འདིས་ཕྱི་ནང་གི་དངོས་པོ་རྣམས་ལ་བདེན་པར་མངོན་པར་ཞེན་པ་རྟོག་པས་རྟག་པ་ཙམ་དུ་ཟད་ཀྱི། དངོས་པོ་ཐམས་ཅད་ཀྱི་རང་བཞིན་མ་ཡིན་པས། དེ་ཁོ་ན་ཉིད་སེམས་པའི་ཚེ་རིགས་པས་དགག་པར་བྱ་བ་ཡིན་ནོ་ཞེས་གསུངས་པ་ལ། ཉི་ཟེར་ལས། དེ་ཡང་མི་འཐད་དེ། ཆོས་ཀྱི་བདག་ཀྱང་ལྷན་སྐྱེས་ཀྱི་བློས་ཞེན་པ་ལྟར་ཐ་སྙད་དུ་ཡོད་པར་འགྱུར་ཏེ། ཕྱི་ནང་གི་དངོས་པོ་ཐམས་ཅད་ལ་བདེན་པར་ཞེན་པའི་ཐ་སྙད་སྣ་ཚོགས་འཇིག་རྟེན་ན་གྲགས་ཤིང་གནོད་པ་མེད་པའི་ཕྱིར་རོ། །གཞན་ལ་ལན་འདེབས་པའི་གནས་མེད་དོ་སྙམ་ན། ཐ་སྙད་དུ་གང་ཟག་གི་བདག་དང་། ཆོས་ཀྱི་བདག་གཉིས་ཡོད་པ་ཁས་ལེན་པའི་སངས་རྒྱས་པ་སྔོན་ཆད་མ་བྱུང་བ་འཛིན་མའི་ཁྱོན་འདིར་འབྱུང་བ་ངོ་མཚར་ཆེའོ་ཞེས་བྲིས་སོ། །དེ་ནི་མི་འཐད་དེ། ལྷན་སྐྱེས་ཀྱི་ཞེན་ཡུལ་ཞེས་པ་ནི་ལྷན་སྐྱེས་ཀྱི་བློས་བདེན་པར་གཟུང་བའི་འཛིན་སྟངས་ཀྱི་གཟུང་བྱ་དེ་ཉིད་ཡིན་ལ་ཞེན་པ་ལྟར་ཐ་སྙད་དུ་མེད་པ་མ་ཡིན་ཏེ་ཞེས་པའི་དོན་ནི་ལྷན་སྐྱེས་ཀྱི་བློའི་དམིགས་ཡུལ་གྱི་ང་ཙམ་དེ་ཉིད་ཡིན་ཞིང་དེ་ནི་གང་ཟག་ཙམ་ཡིན་གྱི་གང་ཟག་གི་བདག་མ་ཡིན་སྔ་མ་ནི་གང་ཟག་གི་བདག་ཡིན་ཀྱང་ཐ་སྙད་དུ་ཡོད་པར་ཁས་མི་ལེན་པས་གང་ཟག་གི་བདག་དང་། ཆོས་ཀྱི་བདག་ཐ་སྙད་དུ་ཡོད་པར་ཁས་ལེན་མི་དགོས་པའི་ཕྱིར་རོ། །སྲུང་འཁོར་གྱི་སྐབས་སུ་ཟླ་ཟེར་ལས། གུར་གྱི་དོན་ནི་རྡོ་རྗེའི་ས་གཞི་ལ་སོགས་པ་སྲུང་འཁོར་ཐུན་མོང་བ་སྤྱིའི་མིང་ཡིན་ཏེ། སློབ་དཔོན་ཨ་བྷ་ཡ་ཀ་རས། ས་འོག་གི་མཐར་ཐུག་པར་ཇི་ལྟར་མངོན་པར་འདོད་པའི་རྒྱར་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི་བསྐལ་པའི་མཐའི་མེ་ལྟར་འབར་བའི་འོད་ཟེར་འབར་བའི་ཕྲེང་བས་མཚམས་བཅིངས་པ་དང་། ས་འོག་ནས་སྟེང་གི་བར་ཤིན་ཏུ་མཐོ་བ་མཐུག་ཅིང་མཁྲེགས་པ་སྲ་ཞིང་འབར་བའི་རྡོ་རྗེའི་རྭ་བ་དང་། རྡོ་རྗེ་རྭ་བའི་སྟེང་དུ་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་ཅིང་། སྟེང་རྡོ་རྗེའི་མདའི་དྲྭ་བ་དང་། འོག་ཏུ་རྡོ་རྗེའི་བླ་རེས་བརྒྱན་པའི་རྡོ་རྗེའི་གུར་འབར་བའོ། །ཞེས་གསལ་བར་གསུངས་པའི་ཕྱིར་རོ་ཞེས་གསུངས་པ་ལ། ཉི་ཟེར་ལས། དེ་ནི་མི་འཐད་དེ། སྤྱིར་རྒྱུད་དང་། རྒྱ་གཞུང་ཕལ་མོ་ཆེ་ནས་རྡོ་རྗེའི་རྭ་བ་དང་གུར་སོགས་སོ་སོའི་མིང་དུ་གསུངས་ཀྱི། གུར་ཞེས་པ་སྲུང་འཁོར་ཐུན་མོང་བ་སྤྱིའི་མིང་དུ་གསུངས་པ་མ་མཐོང་ལ། ཁྱད་པར་དུ་རྫོགས་ཕྲེང་དུ་གསུངས་པའི་ཨ་བྷ་ཡའི་ལུང་དེའི་དགོངས་པ་ནི། འོག་ཕྱོགས་སུ་ས་འོག་གི་མཐར་ཐུག་པར་རྡོ་རྗེའི་ས་གཞི་འོད་ཟེར་འབར་བའི་ཕྲེང་བ་དང་བཅས་པས་མཚམས་བཅིངས་པ་དང་། ས་འོག་ནས་སྟེང་གི་བར་རྡོ་རྗེའི་རྭ་བ་དང་། རྭ་བའི་སྟེང་དུ་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་རྡོ་རྗེའི་གུར་འབར་བ་ལ། སྟེང་དུ་མདའི་དྲྭ་བ་དང་། འོག་ཏུ་བླ་རེས་བརྒྱན་པ་བསྒོམ་པར་ཤིན་ཏུ་གསལ་བའི་ཕྱིར་ན་ལུང་དེས་རྡོ་རྗེའི་གུར་ཞེས་པ་ཐུན་མོང་གི་སྲུང་འཁོར་གྱི་མིང་དུ་བསྟན་པ་བསྒྲུབ་མི་ནུས་ཤིང་དེར་མ་ཟད། ཨ་བྷཱ་ཡའི་ལུགས་ལ། རྡོ་རྗེའི་ས་གཞི་དང་། རྭ་བ་དང་། གུར་དང་། བླ་རེ་དང་། མདའི་དྲྭ་བ་རྣམས་སོ་སོ་ཐ་དད་པར་བཞེད་པ་ཡིན་ནོ། །མན་ངག་སྙེ་མ་ལས། སྣ་ཚོགས་ཆུ་སྐྱེས་ལ་རཾ་ལས་བསྐྱེད་པའི་ཉི་མ་ལ་གནས་པའི་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཧཱུྃ་ཡིག་གི་འོད་ཟེར་ལས་སྐྱེས་པའི་འབར་བའི་རྡོ་རྗེའི་ཚོགས་རྣམས་ཀྱིས་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་རྡོ་རྗེའི་རྭ་བ་དང་། གུར་དང་མདའི་དྲྭ་བ་དང་། བླ་རེ་དང་། འོག་ཏུ་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱིས་ས་གཞི་རྗེས་སུ་བསམས་ནས་ཞེས་གསུངས་པའི་ཕྱིར་རོ། །འོ་ན་མན་སྙེ་དང་། རྫོགས་ཕྲེང་དུ། རྡོ་རྗེའི་གུར་གྱི་ནང་དུ་ཆོས་འབྱུང་དང་གཞལ་ཡས་ཁང་བསྒོམ་པར་ཡང་ནས་ཡང་དུ་གསུངས་པ་དེ་རྣམས་ཀྱིས་ཐུན་མོང་གི་སྲུང་འཁོར་སྤྱིའི་མིང་ལ་གུར་ཞེས་བསྟན་པ་མ་ཡིན་ནམ་སྙམ་ན་མ་ཡིན་ཏེ། དཔེར་ན་རྒྱལ་པོ་གུར་ནང་དུ་བཞུགས་ཟེར་བས་གུར་གྱི་འོག་གི་ས་གཞི་ཡང་གུར་ཡིན་པར་བསྟན་མི་དགོས་པ་བཞིན་ནོ་ཞེས་པ་བྲིས་སོ། །དེ་ནི་མི་འཐད་དེ། སྤྱིར་རྒྱུད་རྒྱ་གཞུང་ཕལ་མོ་ཆེ་ནས། རྡོ་རྗེའི་རྭ་བ་དང་། གུར་སོགས་སོ་སོའི་མིང་དུ་གསུངས་ཀྱང་། ཨ་བྷཱ་ཡའི་ལུགས་ལ། རྣམ་པ་གཉིས་ཡོད་པ་ལས་རྣལ་འབྱོར་རྫོགས་ཕྲེང་དུ་ནི་ཐ་སྙད་བདེ་བའི་ཕྱིར་དུ་སྲུང་འཁོར་ཐུན་མོང་བ་སྤྱི་ལ་རྡོ་རྗེའི་གུར་ཞེས་པའི་ཐ་སྙད་མཛད་ནས་འོག་ཏུ་གཞལ་ཡས་ཁང་སྲུང་འཁོར་གྱི་ནང་དུ་བསྒོམ་པའི་གནས་སྐབས་རྣམས་ལ་རྡོ་རྗེ་གུར་གྱི་ནང་དུ་ཆོས་འབྱུང་དང་གཞལ་ཡས་ཁང་བསྒོམ་པར་གསུངས་པའི་ཕྱིར་དང་། མན་ངག་སྙེ་མ་ལས་གསུངས་པའི་སྔར་གྱི་ལུང་ལས་ནི། རྭ་བ་དང་གུར་སོགས་སོ་སོར་བཞེད་པ་ཡིན་པའི་ཕྱིར་རོ། །རྒྱལ་པོ་གུར་གྱི་ནང་དུ་བཞུགས་ཞེས་པ་དང་དཔེ་དོན་མཚུངས་པ་ཡང་མ་ཡིན་ཏེ། དེའི་ཚེ་གནས་ཀྱི་གཙོ་བོ་གུར་ཡིན་ཞིང་། རྣལ་འབྱོར་རྫོགས་ཕྲེང་དུ་བཤད་པའི་གུར་སྲུང་འཁོར་ཐུན་མོང་བ་སྤྱིའི་མིང་དུ་མི་བྱེད་ན། གུར་བྱེ་བྲག་པ་དེ་ཆོས་འབྱུང་གཞལ་ཡས་ཁང་བསྐྱེད་པའི་གནས་ཀྱི་གཙོ་བོར་མི་འགྲུབ་པའི་ཕྱིར་རོ། །ཟླ་ཟེར་ལས་དབུས་དང་སྟེང་འོག་གི་ཁྲོ་བོ་གསུམ་ཞབས་གཡས་བརྐྱང་དུ་བསྒྱུར་བ་ནི་སྟངས་སྟབས་བཟློག་པ་ཡིན་ཞེས་གསུངས་པ་ལ། ཉི་ཟེར་དགེ་བཤེས་ན་རེ། དྲི་མེད་གྲགས་པའི་དེ་ཉིད་བཅུ་པར། གཞན་རྣམས་ཌོཾ་བིའི་འདི་ལ་བྲིས་བཤུས་བྱས་པ་ལྟ་བུར་སྣང་བ་ལ་སྐབས་འདིར་གཡོན་བརྐྱང་པས་བཞུགས་པ་ཞེས་བཤད་འདུག་པས་བརྟག་དགོས་སོ་ཞེས་བྲིས་པ་མི་འཐད་དེ། གཞན་རྣམས་བྲིས་བཤུས་བྱས་ཤིང་སྐབས་དེ་བྲིས་བཤུས་བྱས་པ་མ་ཡིན་པར་སྣང་བས་བརྟག་རྒྱུ་ཅི་ཡང་མེད་པའི་ཕྱིར་རོ། །གཡོན་བརྐྱང་དུ་བཤད་ན་ཡང་དེས་མི་གནོད་དེ། དེ་ནི་དང་པོའི་བསྒོམ་ཚུལ་ཡིན་ལ་འདིར་ནི་ཕྱིས་སྟངས་སྟབས་བསྒྱུར་བའི་ཚེ་གཡས་བརྐྱང་དུ་ཁས་བླངས་པའི་ཕྱིར། ཡང་ཟླ་ཟེར་ལས། སློབ་དཔོན་ཁ་ཅིག་གིས་ཁྲོ་བོ་བཅུའི་སྲུང་འཁོར་ལ་རྩིབས་བཅུ་པའི་སྲུང་བའི་འཁོར་ལོ་ཞེས་པ་ཙམ་ལས་ཐུན་མོང་མ་ཡིན་པའི་སྲུང་བའི་འཁོར་ལོའི་ཐ་སྙད་མི་སྣང་མོད་སྙམ་ན་དེ་ཡིན་མོད་ཀྱི་འོན་ཀྱང་རྗེ་བཙུན་ཡབ་སྲས་ཀྱིས་ཐུན་མོང་བའི་སྲུང་འཁོར་ཞེས་པའི་ཐ་སྙད་མཛད་པ་ནི། གུར་ལས། དེ་ནས་རྡོ་རྗེ་འཛིན་རྒྱལ་ནི། ཐམས་ཅད་དབུགས་དབྱུང་རབ་སྩོལ་བས། །དམ་ཚིག་རྡོ་རྗེ་བསྲུང་དོན་དུ། །སྦས་པའི་སྤྱོད་ཡུལ་འདི་གསུངས་པ། །ཞེས་ཁྲོ་བོ་བཅུའི་སྲུང་འཁོར་ནི་སྦས་ཏེ་གསུངས་པར་བཤད་ལ། གང་དུ་སྦས་ན། ཀྱཻ་རྡོ་རྗེ་རྩ་བའི་རྒྱུད་དུ་སྦས་སོ། །དེས་ན་རྩ་བའི་རྒྱུད་དུ་གསུངས་པའི་གུར་སོགས་ལ་ཐུན་མོང་བ་དང་། བཤད་རྒྱུད་དུ་གསུངས་པའི་ཁྲོ་བོ་བཅུ་ལ་ཐུན་མོང་མ་ཡིན་པར་འཇོག་པ་ཡིན་གྱི། རྭ་གུར་སོགས་བླ་མེད་ཀྱི་མངོན་རྟོགས་ཕལ་མོ་ཆེ་ལས་འབྱུང་བས་ཐུན་མོང་བ་དང་། ཁྲོ་བོ་བཅུ་ཀྱཻ་རྡོ་རྗེ་ཁོ་ན་ལས་འབྱུང་བས་ཐུན་མོང་མ་ཡིན་པར་འདོད་པ་ནི་དུས་འཁོར་དང་། གསང་འདུས་སོགས་ལ་ཁྲོ་བོ་བཅུའི་སྲུང་འཁོར་ཡོད་པས་དེར་མ་ངེས་སོ་ཞེས་གསུངས་པ་ལ། ཉི་ཟེར་བླ་མ་ན་རེ། ཀྱཻ་རྡོར་རྩ་བའི་རྒྱུད་དུ་སྦས་པས་ཐུན་མོང་མ་ཡིན་པར་འཇོག་ན་ནི་མི་འཐད་དེ། དེ་ལྟར་ན་དུས་འཁོར་དང་། གསང་འདུས་སོགས་ཀྱི་ཁྲོ་བོ་བཅུའི་སྲུང་འཁོར་རྣམས་ཀྱང་སྐབས་འདིར་ཐུན་མོང་མ་ཡིན་པའི་སྲུང་འཁོར་དུ་འགྱུར་ཏེ། ཀྱཻ་རྡོ་རྗེ་རྩ་བའི་རྒྱུད་དུ་སྦས་པའི་སྲུང་འཁོར་ཡིན་པའི་ཕྱིར། དེས་ན་རྭ་གུར་སོགས་ཐུན་མོང་གི་བཤད་རྒྱུད་སཾ་བུ་ཊི་དང་། བླ་མེད་ཀྱི་རྒྱུད་ཕལ་ཆེ་བ་ལས་འབྱུང་བ་དང་། ཐུན་མོང་བ་ཡིན་པས་ཐུན་མོང་བ་དང་། སྐབས་འདིའི་ཁྲོ་བོ་བཅུའི་སྲུང་འཁོར་ནི་ཐུན་མོང་མ་ཡིན་པའི་བཤད་རྒྱུད་གུར་ནས་གསུངས་པའི་སྲུང་འཁོར་ཡིན་པས། ཐུན་མོང་མ་ཡིན་པའི་སྲུང་འཁོར་དུ་ཤེས་པར་བྱའོ་ཞེས་བྱ་བ་བྲིས་སོ། །དེ་ནི་མི་འཐད་དེ། དུས་འཁོར་དང་། གསང་འདུས་སོགས་ཀྱི་ཁྲོ་བཅུའི་སྲུང་འཁོར་རྣམས་ཀྱཻ་རྡོ་རྗེ་རྩ་བའི་རྒྱུད་དུ་སྦས་པའི་སྲུང་འཁོར་ཡིན་པ་མི་གྲུབ་པའི་ཕྱིར་དང་། རྭ་གུར་སོགས་ཐུན་མོང་གི་བཤད་རྒྱུད་སཾ་བུ་ཊི་དང་། བླ་མེད་ཀྱི་རྒྱུད་ཕལ་ཆེ་བ་ལས་འབྱུང་བ་དང་། ཐུན་མོང་བ་ཡིན་པས་ཐུན་མོང་བར་འཇོག་པ་ལ་ཁྲོ་བཅུའི་སྲུང་འཁོར་ཡང་ཐུན་མོང་བར་འགྱུར་རོ་ཞེས་པའི་སྐྱོན་བསྟན་པ་དེ་ཉིད་མ་བསལ་བས་སྐྱོན་དེ་སླར་ཡང་འཇུག་པའི་ཕྱིར་རོ། །ཆོས་འབྱུང་གི་སྐབས་སུ་ཉི་ཟེར་མཁན་པོས། ལྕང་ར་མཁན་པོའི་གསང་འདུས་ཀྱི་བསྐྱེད་རིམ་གྱི་བཤད་པར། ཆོས་འབྱུང་གི་དབྱིབས་ནི་ཟུར་གསུམ་པ་གྱེན་དུ་ལངས་པ་ཟུར་ཕྲ་བ་འོག་ཏུ་ཟུག་ཅིང་། ཟུར་གཉིས་སྟེང་དུ་གནས་པ་ཤེས་རབ་མའི་སྐྱེ་གནས་ཀྱི་གཟུགས་ཅན་ཁོག་པ་སྟོང་པ་སྟེ་ཞེས་པའི་ཕྱོགས་སྔ་བརྗོད་ནས་དེ་ནི་མི་འཐད་དེ། ཡན་ལག་མེད་པའི་རྡོ་རྗེས་སྟེང་ཡངས་པ་ཟུར་གསུམ་པ་ཞེས་དང་། ཁ་སྦྱོར་དྲི་མེད་ལས་ཆོས་འབྱུང་གྲུ་གསུམ་སྟེང་དུ་རྒྱས་པ་ཞེས་དང་། བྷ་ཝ་བྷ་དྲས་ཆོས་འབྱུང་ནི་ཕྱག་རྒྱ་གྲུ་གསུམ་གྱེན་དུ་གནས་པ་ཞེས་དང་། ཀུ་མུ་ཏི་ལས་གྲུ་གསུམ་ནི་ཕྱི་རོལ་གྱི་མཐའ་གསུམ་མོ་ཞེས་གསུངས་པའི་ཕྱིར་རོ་ཞེས་བཀག་ནས་འདིར་ལྕང་ར་མཁན་པོ་བླ་མ་དང་བཅས་པའི་འདོད་ལུགས་དཔལ་འཛིན་གྱིས་བཤད་པ་ལྟར་ཡིན་པ་ལ་ཟླ་ཟེར་ལས་དེ་དག་གི་ལུགས་ནི་ཆོས་འབྱུང་གི་དབྱིབས་རེ་ཁཱས་བཅད་པའི་གྲུ་གསུམ་ལྟ་བུ་ལ་རྩེ་མོ་གཅིག་ཐུར་དང་། གཉིས་གྱེན་དུ་བསྟན་པར་འདོད་པ་ཡིན་ནོ་ཞེས་དགག་པ་བྱེད་ཀྱིན་ཡོད་པར་སྣང་སྟེ། དེ་ནི་ཕྱོགས་སྔའི་ནམ་མ་ལངས་བར་དགག་པའི་ཉི་མ་ཤར་བར་ཟད་དོ་ཞེས་བྲིས་སོ། །དེ་ནི་མི་འཐད་དེ། གོང་གི་ལུང་དེ་དག་གི་དོན་སྟེང་ཕྱོགས་སུ་ཟུར་གསུམ་ཡོད་པ་སྲིད་ན་ཡང་། ཕྱོགས་སྔའི་བློ་ཡུལ་དུ་སྤྱིར་ཟུར་གསུམ་དང་སྟེང་ཕྱོགས་སུ་རྒྱས་པ་ཙམ་ཞིག་ལས་བསྟན་མི་ནུས་ཤིང་དེ་ཙམ་ནི་ཕྱོགས་སྔ་སྨྲ་བ་པོ་ཡང་འདོད་པའི་ཕྱིར་རོ། །ལྕང་ར་མཁན་པོ་བླ་མ་དང་བཅས་པའི་འདོད་པ་ཁོ་བོའི་བླ་མས་གསུངས་པ་ལྟར་ཡིན་པ་ཡང་། བླ་མ་རི་བོ་དགེ་ལྡན་པ་རང་གིས། རྟའི་ཡོབ་གྱེན་དུ་ལངས་པ་ལྟ་བུའོ་ཞེས་དཔེ་དང་བཅས་ཏེ་གསུངས་པའི་གསུང་སྒྲོས་དགེ་ལྡན་པ་ཐམས་ཅད་ཀྱིས་འཆད་པས་དེ་དག་གིས་དགོངས་པ་དཔལ་འཛིན་གྱིས་བཤད་པ་ལྟར་ཡིན་ཞེས་སྨྲ་བ་ནི་ཆ་མེད་ཀྱི་རྒྱུས་གཏམ་དུ་སྣང་ངོ་། །བར་སྲིད་ཀྱི་སྐབས་སུ་ཟླ་ཟེར་ལས། མདོར་ན་འཁོར་ལོའི་སྟེང་དུ་བར་སྲིད་མཚོན་བྱེད་ཡིག་འབྲུ་ལྔ་བསྒོམས་ནས་དེ་ནས་དེ་འདྲ་བའི་ཡིག་འབྲུ་ལྔ་ཆ་གཅིག་ཆད་དེ་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་ཐིམ་པས་གཞལ་ཡས་ཁང་གྲུབ་པར་བསྒོམས་ཏེ། མི་ཐུབ་ཟླ་བས། སྲིད་པ་བར་མར་བསམ་བྱས་ནས། །ཨེ་ཝཾ་ཉིད་དུ་རབ་ཏུ་འདྲེས། །འདྲེས་གྱུར་དེ་ལས་བྱུང་བ་ནི། །སངས་རྒྱས་ཕོ་བྲང་ཐུན་མོང་ཡིན། །ཞེས་དང་། གྲུབ་ཆེན་ཌོཾ་བྷི་ཝས། བདག་ཀྱང་བསམ་པར་བྱ་བ་སྟེ། །ཨེ་ཝཾ་ཉིད་དུ་བདག་དང་ནི། །འདྲེས་པར་གྱུར་པ་འཁོར་ལོ་ཡིན། །གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་གསུངས་སོ། །དེ་རྣམས་ཀྱི་དོན་བསྡུས་ན། རྗེ་བཙུན་གྱི་ཡན་ལག་དྲུག་པར་བར་དོའི་ཤེས་པ་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་ཞུགས་པས་གཞལ་ཡས་ཁང་ཞེས་གསུངས། གལ་ཏེ་བར་དོ་བསྐྱེད་པ་དང་བསྟིམ་པ་བཤད་པ་བདེན་མོད། ཆ་གཅིག་བར་སྣང་ལ་འཇོག་པ་བྱ་བ་མི་དགོས་སོ་སྙམ་ན། དེ་ལྟར་ན་རང་གི་བར་སྲིད་ཀྱིས་ཡི་དམ་ལྷའི་སྐྱེ་བ་ལེན་མི་དགོས་པར་འགྱུར་ཏེ། འདིར་ཐམས་ཅད་བསྟིམས་ནས་གཞལ་ཡས་ཁང་དུ་སྐྱེ་བ་བླངས་པའི་ཕྱིར་རོ། །གཞན་ཡང་འོག་ཏུ་རྒྱུ་རྡོ་རྗེ་འཛིན་པ་སྙོམས་འཇུག་བྱེད་པའི་སྐབས་སུ་བར་སྲིད་འཇུག་པར་བཤད་པ་དེ་གང་ཟག་གཞན་གྱི་བར་སྲིད་དུ་འགྱུར་ཏེ། རྣལ་འབྱོར་པ་རང་གི་བར་སྲིད་ཐམས་ཅད་སྔར་བཅུག་ཟིན་པའི་ཕྱིར། གལ་ཏེ་རྒྱུ་རྡོ་རྗེ་འཛིན་པ་སྙོམས་འཇུག་བྱེད་པའི་སྐབས་སུ་སྔར་དང་འདྲ་བའི་བར་སྲིད་བསྒོམས་ནས་དེ་རང་ལ་བཅུག་པས་ཆོག་གོ་སྙམ་ན་དེ་ལྟར་ན་བར་སྲིད་དེ། འཆི་སྲིད་ལས་ལྡང་མི་དགོས་པར་འགྱུར་ཏེ། སྐབས་དེར་འཆི་སྲིད་ཀྱི་སྦྱོང་བྱེད་གང་ཡང་མ་བསྟན་པའི་ཕྱིར་རོ། །དེས་ན་ཡི་གེ་ལྔ་པོ་འདི་བར་སྣང་ལ་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་སྙོམས་པར་མ་ཞུགས་ཀྱི་བར་ལ་འཇོག་ཅིང་། གཞལ་ཡས་ཁང་བསྐྱེད་པའི་སྐབས་འདིར་སྔར་བཤད་པ་ལྟར་དེ་ལས་བར་དོའི་ཤེས་པ་ཆ་གཅིག་ཆད་ནས་འབྱུང་བཞི་ལ་ཐིམ་པར་བསྒོམས་ལ། འབྲས་བུ་རྡོ་རྗེ་འཛིན་པའི་གོང་དུ་ནི་ཐམས་ཅད་ཐིམ་པ་ཡིན་ནོ་ཞེས་ཤེས་པར་བྱའོ་ཞེས་གསུངས་པ་ལ། ཉི་ཟེར་ལས། དེ་ལྟར་ན་གཙུག་ཏོར་འཁོར་ལོས་སྒྱུར་བ་ལྟ་བུ་དབུས་ཀྱི་ཁྲོ་བོའི་ལྟོ་བར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྐྱེད་པའི་ཚེ་བདག་ཉིད་ཆ་གཉིས་སུ་བྱས་ཏེ། ཆ་གཅིག་དབུས་ཀྱི་ཁྲོ་བོ་དང་། ཆ་གཅིག་བར་སྣང་ལ་བཞག་ནས། ཕྱིས་དཀྱིལ་འཁོར་གྱི་གཙོ་བོ་བྱེད་དགོས་པར་འགྱུར་ཏེ། དེ་ལྟར་མ་ཡིན་ན་འོག་གི་དཀྱིལ་འཁོར་གྱི་གཙོ་བོ་དེ་གང་ཟག་གཞན་ཡིན་པར་ཐལ་ཏེ། རྣལ་འབྱོར་པ་རང་ཉིད་སྔར་དབུས་ཀྱི་ཁྲོ་བོར་བྱས་ཟིན་པའི་ཕྱིར་རོ། །གལ་ཏེ་གོང་དུ་རང་ཉིད་ཆ་གཉིས་སུ་མ་བྱས་ཀྱང་རྗེས་སུ་བདག་གི་སེམས་རྒྱུད་དེ་ཉིད་དཀྱིལ་འཁོར་གྱི་གཙོ་བོར་བསྒོམས་པས་ཆོག་གོ་སྙམ་ན། དེ་ནི་བར་སྲིད་འཇུག་ཚུལ་ལ་ཡང་མཚུངས་སོ། །དེས་ན་གཞལ་ཡས་ཁང་ལ་བར་སྲིད་བསྲེ་བའི་དགོས་པ་རྗེ་ས་སྐྱ་པ་ཆེན་པོས། འབྱུང་བཞིའི་དཀྱིལ་འཁོར་ཐམས་ཅད་ཀྱང་། །རང་སེམས་ཙམ་དུ་གོ་བྱའི་ཕྱིར། །འབྱུང་བཞིའི་གསེབ་ཏུ་རང་སེམས་བསྒོམ། །ཞེས་གསུངས་ལ་འཇུག་པའི་ཚུལ་ལ་དཔལ་ལྡན་ས་སྐྱ་པཎྜི་ཏས་བླ་མའི་རྣལ་འབྱོར་གྱི་སྐབས་སུ། རང་གི་ལུས་ཀྱི་ཡན་ལག་རེ་རེ་ནས་བཅད་དེ། ཀ་པཱ་ལར་སྐྱུར་ཚར་བའི་རྗེས་སུ་བར་སྐབས་དེར་ཡང་ལུས་སུ་སྣང་བ་གཅིག་ཡོད་པས་དེ་ཡང་དོར་ལ་ཞེས་སླར་ལུས་འདོར་བའི་དམིགས་པ་བཤད་པ་ལྟར་བྱས་པས་ཆོག་གི་ཆ་གཅིག་བར་སྣང་ལ་འཇོག་པ་སོགས་ཀྱི་རང་བཟོ་བྱེད་པ་ནི་ཧ་ཅང་ཐལ་ལོ་ཞེས་བྲིས་སོ། །དེ་ནི་མི་འཐད་དེ། འདིར་བར་སྲིད་ནི་སྦྱང་གཞི་ལ་སྦྱར་དགོས་པས། བར་སྲིད་སྔ་མ་སྐྱེ་བ་བླངས་པ་དང་། ཕྱི་མ་སྐྱེ་བ་བླངས་པ་གཉིས་རྒྱུད་གཅིག་ན་བར་དུ་འཆི་སྲིད་སྦྱོང་བྱེད་དགོས་ཤིང་། རྒྱུད་ཐ་དད་ན་འོག་གི་ལྷ་རང་ཉིད་ཀྱི་སྦྱོང་བྱེད་དུ་མི་འགྱུར་བའི་སྐྱོན་ཡོད་ལ། གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། འོག་གི་ལྷ་གཉིས་ལ་ནི་དེ་ལྟ་བུའི་ཁྱད་པར་སྦྱར་རྒྱུ་མེད་པའི་ཕྱིར། གལ་ཏེ་ཡོད་ན་དེ་གཉིས་རྒྱུད་ཐ་དད་པ་ལ་ནི་སྐྱོན་སྔ་མ་ལྟར་འཇུག་ལ། རྒྱུད་གཅིག་ན་གཞིའི་ཡན་ལག རྒྱུའི་ཡན་ལག རྐྱེན་གྱི་ཡན་ལག་གསུམ་པོ་བར་སྲིད་སྦྱོང་བྱེད་དུ་འཆད་པ་ལ་ཁྱེད་རང་གིས་བདེན་ལན་སྟེར་བས་གཙུག་ཏོར་འཁོར་ལོས་སྒྱུར་བའི་ལྟོ་བའི་ནང་དུ་དེ་དག་བསྒོམ་པའི་ཚེ་ན་བར་དེར་འཆི་སྲིད་སྦྱོང་བྱེད་གང་ཡིན་སྨྲ་དགོས་སོ། །འཇུག་པའི་ཚུལ་ལ་ལུས་སྔ་མ་དུམ་བུར་གཏུབས་པའི་རྗེས་སུ་ཡང་ལུས་ཀྱི་སྣང་བ་གཅིག་འབྱུང་བ་དང་དཔེ་དོན་དུ་སྦྱར་བ་ཡང་མི་འཐད་དེ། དེ་དག་ནི་བློའི་སྣང་བ་ལ་འཆར་ཚུལ་ཙམ་ཡིན་ལ་བར་སྲིད་སྔ་ཕྱི་ནི་སྦྱང་གཞི་ལ་སྦྱར་དགོས་པས་དོན་སྟེང་དུ་གནས་པ་གཅིག་དགོས་པའི་ཕྱིར་རོ། །གཞན་ཡང་ཉི་ཟེར་ལས་བདུད་རྩི་འོད་ལས། ཨེ་ཝཾ་ཉིད་དུ་བདག་དང་ནི། །འདྲེས་པར་གྱུར་པ་འཁོར་ལོ་ཡིན། །ཞེས་དང་། མི་ཐུབ་ཟླ་བས། སྲིད་པ་བར་མར་བསམས་བྱས་ནས། །ཨེ་ཝཾ་ཉིད་དུ་རབ་ཏུ་འདྲེས། །ཞེས་པའི་དོན་བར་དོ་ཨེ་ཝཾ་གི་རྣམ་པས་འཇུག་པ་ལ་བཤད་འདུག་པ་ནི་ཤིན་ཏུ་ནོར་ཏེ། ཨེ་ཝཾ་ནི་ཆོས་འབྱུང་གི་མིང་གི་རྣམ་གྲངས་ཡིན་པས་གང་དུ་འདྲེས་པའི་གཞི་ཆོས་འབྱུང་སྟོན་གྱི་བར་དོའི་རྣམ་པ་སྟོན་པ་མ་ཡིན་པའི་ཕྱིར་ཏེ་གཞན་དུ་ན་མི་ཐུབ་ཟླ་བའི་ཡན་ལག་དྲུག་པར། ཧོ་གཉིས་དབུས་སུ་གནས་པ་ནི། །སྐུ་གསུང་ཐུགས་ཀྱི་ཡི་གེ་སྟེ། །འདི་ནི་བར་མའི་སེམས་ཅན་མིང་། །ཞེས་དང་། རིགས་བསྡུས་ཀྱི་སྒྲུབ་ཐབས་སུ། ཧོ་ཡིག་དམར་པོའི་འོད་ཟེར་བཅས། །གཉིས་ཀྱི་བར་དུ་འོད་ཟེར་གསུམ། །ཞེས་ཡིག་འབྲུ་ལྔ་ཡི་རྣམ་པས་འཇུག་པར་གསུངས་པ་དང་འགལ་བའི་ཕྱིར་རོ། །ཁ་ཅིག ཡབ་ཀྱི་ཡན་ལག་དྲུག་པའི་སྐབས་སུ་བར་དོ་གཞལ་ཡས་ཁང་ལ་རྫོགས་པར་བསྲེས་ནས་རྒྱུ་རྡོ་རྗེ་འཆང་གི་ཞལ་དུ་མི་འཇུག་པ་དག་པའི་ཤེས་བྱེད་དུ། རྒྱ་གར་བའི་ཡབ་ཀྱི་སྒྲུབ་ཐབས་ཐམས་ཅད་ལ་འབྱུང་བཞི་འཁོར་ལོ་དང་བཅས་པའི་སྟེང་དུ་བར་སྲིད་བསྒོམས་པའི་རྐྱེན་གྱིས་འབྱུང་བཞི་འཁོར་ལོ་དང་བཅས་པ་ལས་གཞལ་ཡས་ཁང་གྲུབ་པ་ཡིན་གྱི། བར་སྲིད་བསྲེ་བ་མ་ཡིན་ལ། བར་སྲིད་ནི་རྒྱུ་རྡོ་རྗེ་འཆང་གི་ཞལ་དུ་འཇུག་པར་བཤད་ཅིང་། ཌོཾ་བྷི་ཝ་དང་མི་ཐུབ་ཟླ་བའི་ཡུམ་གྱི་སྒྲུབ་ཐབས་གཉིས་སུ་རྒྱུ་རྡོ་རྗེ་འཆང་ལ་བར་སྲིད་འཇུག་རྒྱུ་མེད་པས་གཞལ་ཡས་ཁང་ལ་རྫོགས་པར་བསྲེ་བར་གསུངས་པའི་ཕྱིར་ཞེས་བཀོད་པར་གྲགས་པ་བདེན་ན་ཡབ་ཀྱི་ཡན་ལག་དྲུག་པའི་སྐབས་སུ་རྒྱུ་རྡོ་རྗེ་འཆང་གི་ཞལ་དུ་བར་སྲིད་མི་འཇུག་པའི་ཤེས་བྱེད་དུ་གཞལ་ཡས་ཁང་ལ་བར་སྲིད་མི་བསྲེ་བར་རྒྱུ་རྡོ་རྗེ་འཆང་གི་ཞལ་དུ་འཇུག་པར་རྒྱ་གར་གྱི་གཞུང་ཐམས་ཅད་ལས་བཤད་པའི་ཕྱིར་ཞེས་བཀོད་པ་འདི་ལ་སེམས་ཡོད་རྣམས་ཀྱིས་དཔྱོད་གཅིག། །།གཞལ་ཡས་ཁང་གི་སྐབས་སུ་གནད་ཀྱི་ཟླ་ཟེར་ལས་དེའི་ནང་གི་ལྷ་སྣམ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ་རྣམས་མཉམ་པོར་གྱུར་པའི་དབུས་སྔོན་པོ་ཕྱོགས་མདོག་ལས་ཆ་ཕྲན་གཅིག་གིས་མཐོ་བ། དེའི་དབུས་སུ་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་ཀྱི་སྐུ་ལས་སྐྱེས་པའི་འོད་རྣམས་ཀྱིས་ནི། རང་རང་གི་གནས་འོད་གསལ་བར་བྱས་པ་ལ་ལྷའི་སྣམ་བུ་ཞེས་བྱ་བ་ཡིན་ཏེ། དཔལ་མཆོག་ཌོཾ་བྷི་བས། ས་བོན་ལས་ནི་སྤྲོ་བར་བྱ། །གར་བྱེད་པ་ཡི་བརླ་སྟེངས་སུ། །པདྨ་ལ་ནི་རིམ་ཇི་བཞིན། །ཞེས་དང་། བདེ་བའི་རྡོ་རྗེས། ལྷ་མོ་བརྒྱད་ཀྱི་འོད་ཀྱིས་ཀྱང་། །གསལ་བར་ལྷ་ཡི་སྣམ་བྱས་བྱ། །ཞེས་བཤད་པས་སོ། །དེས་ན་གཞུང་འདིའི་དོན། སྒོའི་ནང་དུ་ལྷ་སྣམ་ཆ་ཆེན་གཅིག་བཞག་ནས་དེ་ལ་ལྷ་མོ་བརྒྱད་འགོད་པར་འདོད་པ་ནི་ཤིན་ཏུ་མི་འཐད་དེ། ལྷ་སྣམ་བྱས་ན་འཕར་མ་གཉིས་པར་འགྱུར་བ་ལ། འདི་རྩ་རྒྱུད་ལས་འཕར་མ་གཅིག་དང་སྒོ་བཞི་པ་ཞེས་བཤད་པ་དང་འགལ་བའི་ཕྱིར་རོ་ཞེས་གསུངས་པ་ལ། ཉི་ཟེར་ལས་དེ་ནི་མི་འཐད་དེ། དེ་ལྟར་ན་ཤཱནྟི་པའི་འཁྲུལ་སྤོང་ལས། དེ་ཡི་ནང་གི་རིམ་པ་ལ། །པདྨ་འདབ་བརྒྱད་གེ་སར་བཅས། །སྒོ་བཞི་དང་ནི་གྲུ་བཞི་དང་། །དབུས་མ་དག་ཏུ་སྟན་དག་ནི། །ཚངས་དབང་ཉེ་དབང་དྲག་པོ་དང་། །གང་གི་གྲུབ་པའི་ལྷ་མོ་དཀར། །ཁ་དོག་ནག་མོ་གྲི་གུག་དང་། །རོ་ཧི་ཏའི་ཉ་འཛིན་པ་ཤར་གྱི་སྒོར་ཟླ་བའི་གདན་ལ་བསམ་མོ་ཞེས་གསུངས་པ་དང་། ནག་པོ་པས་དེ་ཉིད་གསལ་བར། དེ་ཡི་སྙིང་པོའི་པདྨ་ནི། །འདབ་མ་སྣ་ཚོགས་གེ་སར་བཅས། །སྒོ་བཞི་དང་ནི་མཚམས་བཞི་རུ། །སྣ་ཚོགས་པདྨ་རི་བོང་ཅན། །ཚངས་པ་དབང་པོ་ཉེ་དབང་དྲག །ཅེས་གསུངས་པ་དང་། མཚོ་སྐྱེས་རྡོ་རྗེས། དེ་ལ་ཤར་གྱི་ཕྱོགས་ཀྱི་སྒོར་ནི། དཀར་མོ་གཟུགས་ཀྱི་ཕུང་པོའི་རང་བཞིན་ཞེས་སོགས་དང་། དག་པ་རྡོ་རྗེའི་སྒྲོན་མར་ཤར་ལ་སོགས་པའི་སྒོ་རྣམས་སུ་རིམ་པ་ཇི་ལྟ་བར་ཚངས་པ་དང་ཞེས་སོགས་དང་། ཡན་ལག་མེད་པའི་རྡོ་རྗེས། དེའི་དཀྱིལ་འཁོར་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་གེ་སར་དང་བཅས་པའོ། །དེ་བཞིན་ཕྱོགས་མཚམས་པདྨ་ནི། །རང་དང་རང་གདན་གེ་སར་ལ། །ཞེས་གསུངས་པ་དང་། རྗེ་བཙུན་རྩེ་མོའི་ཀྱཻ་རྡོར་འགྲེལ་པ་ལུགས་ཀྱི་དགོངས་པ་ཡང་། སྒོ་ཡི་ནང་དུ་ལྷ་སྣམ་ཆ་ཆེན་གཅིག་བཞག་ནས། དེ་ལ་ལྷ་མོ་བརྒྱད་འགོད་པ་མ་ཡིན་པར་འགྱུར་ཏེ། ལྷ་སྣམ་བྱས་ན་འཕར་མ་གཉིས་པར་འགྱུར་བ་ལས། འདིར་རྩ་རྒྱུད་ལས། འཕར་མ་གཅིག་དང་སྒོ་བཞི་པ། །ཞེས་བཤད་པའི་ཕྱིར་རོ། །གཞན་ཡང་ཁྱེད་རང་གི་ཟླ་ཟེར་ལས། རིན་ཆེན་འབར་བར། གསུམ་པའི་རྒྱབ་ཕྱེད་དེ་ཕྱེད་ནང་། །རྡོར་ཕྲེང་བཞི་པ་ལྷ་སྣམ་ཡིན། །ཞེས་ཆ་ཆེན་གསུམ་པའི་མཐའ་ཐིག་ཡན་ཆད་ཟླུམ་པོར་བསྐོར་བ་གཙོ་བོའི་པདྨ་རྡོར་ཕྲེང་དང་བཅས་པ་དང་། ཆ་ཆེན་བཞི་པ་ལྷ་སྣམ་དུ་བཤད་པ་ལ། ནག་པོ་པའི་དཀྱིལ་ཆོག་ལས། ལྷ་ཡི་གནས་ཀྱི་སྐུད་པ་ནི། །མཚམས་སུ་སྒོ་དང་མཚུངས་པར་གདབ། །ཅེས་ལྷ་སྣམ་ཆ་ཆེན་གཅིག་བཤད་ཅིང་། ཡང་དེར་རྡོ་རྗེའི་ཕྲེང་བས་བསྐོར་བའི་སྙིང་པོའི་དཀྱིལ་འཁོར་གྱི་ས་གཞི་ནི་སྔོན་པོར་བྱས་ལ་ཞེས་དང་། དབང་ལྡན་གྱི་མཚམས་ཀྱི་ལྷ་སྣམ་ལ་སྣ་ཚོགས་པདྨའི་སྟེང་དུ་སེང་གེ་ནག་པོ་བྲིའོ་ཞེས་སོགས་བཤད་པས་སློབ་དཔོན་དེ་རྣམས་ཀྱི་པདྨ་རྡོར་ཕྲེང་གིས་བསྐོར་བ་གཙོ་བོའི་གནས་དང་། ལྷ་སྣམ་གྱི་ཕྱོགས་མཚམས་བརྒྱད་དུ་པད་འདབ་ཆུང་ངུ་རེ་ལ་ལྷ་མོ་བརྒྱད་འགོད་པར་བཞེད་དོ་ཞེས་སྨྲས་པ་དང་ནང་འགལ་བའི་སྐྱོན་ཡོད་དེ། ཟླ་ཟེར་མཁན་པོས། རིན་ཆེན་འབར་བ་དང་། ནག་པོ་པའི་གཞུང་འདིའི་དོན་སྒོའི་ནང་དུ་ལྷ་སྣམ་ཆ་ཆེན་གཅིག་བཞག་ནས། དེར་ལྷ་མོ་བརྒྱད་འགོད་པར་འདོད་པ་ནི་ཤིན་ཏུ་མི་འཐད་དེ། ལྷ་སྣམ་བྱས་ན་འཕར་མ་གཉིས་པར་འགྱུར་བ་ལས། འདིར་རྩ་རྒྱུད་ལས། འཕར་མ་གཅིག་དང་སྒོ་བཞི་པ། །ཞེས་བཤད་པ་དང་འགལ་ལོ་ཞེས་སྨྲས་ན་མི་སྨྲ་བའི་བརྟུལ་ཞུགས་བཟུང་དགོས་པར་འགྱུར་རོ། །དེས་ན་འགྲེལ་པ་ལུགས་ཀྱི་དགོངས་པ་ལྷ་སྣམ་ཆ་ཆེན་གཅིག་བཞག་པ་ལ་ལྷ་མོ་རྣམས་འགོད་པ་ཡིན་ཏེ་ཞེས་དམ་བཅས་ནས། དེའི་སྒྲུབ་བྱེད་དུ་མི་ཐུབ་ཟླ་བའི་ཡན་ལག་དྲུག་པ་དང་། ཀུ་མུ་ཏི་དང་། བཟང་པོ་ཡོངས་བཟུང་དང་། རིན་ཆེན་འབར་བ་དང་། དབང་ཆུ་ཆེན་མོའི་འཕར་མ་གཉིས་པ་སྟོན་པའི་སྐབས་ཀྱི་ལུང་རྣམས་བྲིས་སོ། །དེ་དག་ནི་མི་འཐད་དེ། ཡབ་ཀྱི་སྐབས་སུ་པད་འདབ་བརྒྱད་ལ་ལྷ་མོ་མི་འགོད་པར་ལྷ་སྣམ་ལ་འགོད་པའི་ཤེས་བྱེད་དུ། ཤཱནྟི་པའི་འཁྲུལ་སྤོང་དང་། ནག་པོ་པའི་དེ་ཁོ་ན་ཉིད་གསལ་བ་དང་། དག་པ་རྡོ་རྗེའི་སྒྲོན་མེ་རྣམས་ཀྱིས་སྒོ་མཚམས་བརྒྱད་དུ་ལྷ་མོ་འགོད་པར་བཤད་པ་བཀོད་པ་ལ་ནི་འགལ་བའི་ཁུར་ཆེན་པོ་ཡོད་པ་ནི་འོག་འཕར་མ་གཉིས་ཀྱི་དོན་བཤད་པའི་སྐབས་སུ་བཏེག་སྟེ། ཁྱེད་ཀྱི་གྲུབ་མཐའི་སྤྱི་བོར་བཞག་པར་བྱའོ། །ཡན་ལག་མེད་པའི་རྡོ་རྗེས་སྒོ་མཚམས་ལ་འགོད་པར་བཤད་པ་ནི་ལུགས་གཞན་ཡིན་པས། མི་ཐུབ་ཟླ་བའི་ལུགས་ལ་མི་གནོད་ཅིང་། རྗེ་བཙུན་རྩེ་མོའི་འགྲེལ་པ་ལུགས་ཀྱི་དབང་ཆུའི་དགོངས་པ་སྒོའི་ནང་དུ་ལྷ་སྣམ་ཆ་ཆེན་གཅིག་བཞག་ནས་དེ་ལ་ལྷ་མོ་བརྒྱད་འགོད་པ་མ་ཡིན་པར་འགྱུར་བ་ལ་ནི་རྣམ་པར་ཕྱེ་སྟེ་ལན་གདབ་དགོས་ཏེ་འོག་ཏུ་འཆད་དོ། །གནད་ཀྱི་ཟླ་ཟེར་ལས། རིན་ཆེན་འབར་བ་དང་། ནག་པོ་པའི་དཀྱིལ་ཆོག་གཉིས་ཀྱི་ལུགས་ལ་སྒོའི་ནང་དུ་ལྷ་སྣམ་ཆ་ཆེན་གཅིག་བཞག་ནས། དེ་ལ་ལྷ་མོ་བརྒྱད་འགོད་པར་བཤད་པ་དང་ནང་འགལ་ཏེ་ཞེས་སོགས་བྲིས་པ་ཡང་བློ་གྲོས་རྩིང་བ་སྟེ། སློབ་དཔོན་དེ་གཉིས་ཀྱི་འཕར་མ་གཉིས་ཀྱི་འདོད་ཚུལ་དང་མན་ངག་ལུགས་དང་། སློབ་དཔོན་མི་ཐུབ་ཟླ་བའི་འཕར་མ་གཉིས་ཀྱི་འདོད་ཚུལ་ཁྱད་པར་ཤིན་ཏུ་ཆེ་བ་མ་ཕྱེད་པའི་གཏམ་དུ་སྣང་བའི་ཕྱིར་རོ། །མི་ཐུབ་ཟླ་བའི་དགོངས་པ་ཡབ་ཀྱི་སྐབས་སུ་ལྷ་སྣམ་ལ་ལྷ་མོ་བརྒྱད་འགོད་པར་འདོད་པ་ནི་མི་འཐད་དེ། ཡན་ལག་དྲུག་པར། འདིར་ནི་ཆུ་སྐྱེས་འདབ་མ་ནི། །དྲུག་པ་བྲི་ཞིང་ཕྲེང་བ་གཅིག །ཅེས་གསུངས་པ་འདིར་ནི་ཞེས་པ་ལྷ་མོ་བརྒྱད་ཀྱི་གནས་ལ་སྙེག་པར་གསལ་བའི་ཕྱིར་དང་། སྒོ་མཚམས་བརྒྱད་ལ་འགོད་པར་བཤད་པ་ཙམ་གྱིས་ལྷ་སྣམ་ལ་འགོད་ན་འགལ་འདུ་ཡོད་པ་ནི་འོག་ཏུ་འཆད་པའི་ཕྱིར་དང་། ཁྱེད་རང་གིས་དྲངས་པའི་ཀུ་མུ་ཏའི་ལུང་དང་། བཟང་པོ་ཡོངས་བཟུང་གཉིས་ཀྱང་འདབ་མ་བརྒྱད་ལ་འགོད་པའི་ལུང་དུ་སྣང་བའི་ཕྱིར་རོ། །མན་ངག་ལུགས་ཀྱི་དབང་ཆུར་འཕར་མ་གཉིས་པ་བཤད་པ་འགྲེལ་པ་ལུགས་ཀྱི་ཤེས་བྱེད་དུ་འདྲེན་པ་ནི་བཞད་གད་ཀྱི་གནས་ཏེ། དབང་ཆུ་འདི་ཡབ་ཡུམ་གཉིས་ཀྱི་ཐུན་མོང་བ་ཡིན་པས་འཕར་མ་གཉིས་པས་ཡུམ་གྱི་དཀྱིལ་འཁོར་སྟོན་པའི་ཕྱིར་རོ། །ཁ་ཅིག་འདིར་དབང་ཆུར་འཕར་མ་གཉིས་པ་གསུངས་པ་ཡབ་ཡུམ་གྱི་ཐུན་མོང་བ་ཡིན་པ་མི་འཐད་དེ། ཡབ་ཀྱི་ཡིན་ན་ཡུམ་གྱི་ཡིན་པར་འགལ། ཡུམ་གྱི་ཡིན་ན་ཡབ་ཀྱི་ཡིན་པར་འགལ་བའི་ཕྱིར་ཞེས་སྨྲ་བ་གྲག་ན་ཡང་། དེ་ནི་ཁས་བླང་མེད་པའི་དགག་པ་སྟེ། དབང་ཆུའི་ཐིག་གི་སྐབས་དེ་ཐུན་མོང་བར་ཁས་བླངས་ཀྱི། འཕར་མ་གཉིས་པ་ཐུན་མོང་བར་ཁས་མ་བླངས་པའི་ཕྱིར་རོ། །དེ་ལ་ཡང་རིགས་པ་སྔ་མ་མཚུངས་སོ་ཞེ་ན་དེ་ནི་མཐར་ཐུག་གཅོད་པའི་རིགས་པས། ཐ་སྙད་ཀྱི་རྣམ་བཞག་འགོག་པར་སྣང་བས་དགག་སྒྲུབ་ཀྱི་གནད་མི་ཤེས་པའི་གཏམ་སྟེ། དེ་ལྟར་ན་བསྟན་བཅོས་དང་འཇིག་རྟེན་ལ་ཐུན་མོང་བའི་ཐ་སྙད་ཅིག་ཀྱང་མེད་པར་ཐལ་བའི་ཕྱིར་རོ། །ཡུམ་གྱི་དཀྱིལ་འཁོར་གྱི་སྐབས་སུ་རྩ་རྒྱུད་ལས། འཕར་མ་གཉིས་དག་ཅེས་གསུངས་པའི་དོན་ལ། ཁོ་བོའི་བླ་མའི་དྲི་ལན་གྱི་ཡིག་ཆ་ཞིག་ལས། འཕར་མ་གཉིས་ཀྱི་དོན་པདྨ་འདབ་བརྒྱད་ཉིས་བརྩེགས་ལ་འཆད་པ་མི་འཐད་དེ། རྡོ་རྗེ་གུར་དང་། ཌོཾ་བྷི་ཝ། གཉིས་མེད་རྡོ་རྗེ། རྗེ་བཙུན་ཆེན་པོ། ཤཱནྟི་པ་རྣམས་ཀྱིས་ཡུམ་གྱི་སྐབས་ཀྱི་ལྷ་མོ་ཕྱི་མ་བརྒྱད་སྒོ་མཚམས་ལ་འགོད་པར་བཤད་པའི་ཕྱིར་རོ། །དབང་ཆུ་ཆེན་མོར་ཡང་འཕར་མ་གཉིས་པར་བྱེད་ན་ལྷ་སྣམ་ཆ་ཆེན་གཅིག་བཞག་ནས་དེའི་ནང་དུ་པདྨ་འདབ་བརྒྱད་བསྐོར། འཕར་མ་གཅིག་པར་བྱེད་ན་འདབ་བརྒྱད་གཅིག་གིས་སྒོའི་ནང་ཡན་ཆད་ཁྱེད་པར་བྱེད་པར་གསུངས་པའི་ཕྱིར་ན་འཕར་མ་གཉིས་ལ་འདབ་བརྒྱད་ཕྱི་མ་ནི་དོན་མེད་དོ། །དེས་ན་འཕར་མ་གཉིས་ཀྱི་དོན་ནི་པདྨ་འདབ་བརྒྱད་པའམ། བཞི་པ་ལ་རྡོ་རྗེའི་རྭ་བ་མེ་འོད་ཀྱིས་བསྐོར་བ་འཕར་མ་གཅིག་དང་། ཆོས་འབྱུང་གྲུ་གསུམ་པའི་ནང་དུ་ཆུད་པའི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་འཕར་མ་གཅིག་ཡིན་ཏེ། དེ་ལྟར་དུ་བླ་མ་མངའ་རིས་པའི་ཚིག་འགྲེལ་ལས། འཕར་མ་གཉིས་ནི་ནང་ན་ལྷ་མོ་བདུན་གྱི་གནས་ལ་རྡོ་རྗེ་རྭ་བ་དང་། མེ་འོད་ཀྱིས་བསྐོར་བ་ཕྱི་གྲུ་བཞི་སྒོ་བཞི་པའོ་ཞེས་གསུངས་ཤིང་ལྷ་མོ་བདུན་གྱི་གནས་ནི་བསྒོམ་དོན་གྱི་དབང་དུ་བྱས་ལ། སློབ་དཔོན་མཚོ་སྐྱེས་ཀྱིས་ཀྱང་ཉིས་བརྩེགས་ནི་ཁང་པ་ཉིས་རིམ་མོ། །ལྟེ་བ་ཡིས་ནི་གཅིག་ཡིན་ཏེ། །ཞེས་པ་ནི་ལྟེ་བས་ཉེ་བར་མཚོན་པས་པདྨ་ནི་དབུས་ཀྱི་པདྨ་ཞེས་བྱ་བའི་དོན་ཏོ། །ཟུར་གསུམ་གྱིས་ནི་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ཀྱིས་མཚོན་པའི་བརྩེགས་མ་གཞན་གྱི་ཕྱི་རོལ་ཕྱིའི་གཽ་རཱི་ལ་སོགས་པའི་གནས་གྲུ་བཞིའོ་ཞེས་དང་། དེ་བཞིན་དུ་དམ་ཚིག་རྡོ་རྗེ་བྷ་ཝ་བྷ་ཏྲ་རྣམས་ཀྱིས་ཀྱང་གསལ་བར་བཤད་པའི་ཕྱིར་ཞེས་བཞེད་པ་ལ་ཉི་ཟེར་བདག་པོ་ན་རེ། འདི་ལ་ཞིབ་ཏུ་དཔྱད་པར་བྱ་སྟེ་དེ་ཡང་སྤྱིར་རྒྱ་བོད་ཀྱི་གཞུང་ལུགས་རྣམས་ལས་འཕར་མའི་བཤད་པ་མི་འདྲ་བ་ཤིན་ཏུ་མང་སྟེ། ལྷ་སྣམ་གྱི་ནང་དུ་པདྨ་ལ་རྡོ་རྗེ་རྭ་བ་དང་། མེ་རིས་བསྐོར་བ་ལ་འཕར་མ་དང་པོ་དང་། ལྷ་སྣམ་ཕན་ཆད་ཆོས་འབྱུང་དང་བཅས་པའི་དཀྱིལ་འཁོར་མེ་རི་ཚུན་ཆད་ལ་འཕར་མ་ཕྱི་མར་འདོད་པའི་ལུགས་དང་། ལྷ་མོ་བཅོ་ལྔ་ལ་ཐུན་མོང་གི་པད་གདན་མེད་པར་ནང་དུ་ལྷ་ལྔ་དང་། ཕྱི་རུ་བཅུ་ལ་པད་ཉི་དང་རོ་གདན་བཅོ་ལྔ་སོ་སོར་བཏིང་བའི་རིམ་པ་གཉིས་ལ་རྡོ་རྭ་མེ་རི་ཚུན་ཆོད་ཉིས་སྦྲག་རྩིག་པའི་ནང་ན་ཡོད་པ་ལ་འཕར་མ་གཉིས་པར་འདོད་པའི་ལུགས་དང་། པདྨ་འདབ་བརྒྱད་ཀྱིས་སྒོ་ནང་ཚུན་ཆད་ཁྱེད་པར་བྱས་ནས་པདྨའི་ཟེ་འབྲུ་ཉིད་ལ་འཕར་མ་དང་པོ་དང་། འདབ་མ་ཕན་ཆད་ལ་འཕར་མ་ཕྱི་མར་འདོད་པའི་ལུགས་དང་། ནང་གི་པདྨ་འདབ་བཞི་ལ་འཕར་མ་དང་པོ་དང་། ཕྱིའི་པདྨ་འདབ་བརྒྱད་ལ་འཕར་མ་ཕྱི་མར་འདོད་པའི་ལུགས་དང་། ནང་དུ་པདྨ་འདབ་བརྒྱད་ཉིས་རིམ་ལ་འཕར་མ་དང་པོར་འདོད་པ་དང་། ཆོས་འབྱུང་ལ་འཕར་མ་ཕྱི་མར་འདོད་པའི་ལུགས་དང་། པདྨ་འདབ་བརྒྱད་ཉིས་རིམ་ལ་འཕར་མ་གཉིས་སུ་འདོད་པའི་ལུགས་ཏེ་དྲུག་མཐོང་ལ། དེ་ལ་ལུགས་དང་པོ་ནི་མཚོ་སྐྱེས་དང་། བྷ་ཝ་བྷ་ཏྲ་དང་། དམ་ཚིག་རྡོ་རྗེ་དང་། ནག་པོ་པའི་དྲན་པའི་འབྱུང་གནས་དང་། དཀོན་མཆོག་འབྱུང་གནས་ཀྱི་བདག་མེད་མའི་སྒྲུབ་ཐབས་དང་། རྗེ་བཙུན་རྩེ་མོའི་རྣམ་བཤད་ཉི་འོད་རྣམས་ཀྱི་དགོངས་པ་ཡིན་ལ། འདི་ལ་དགོངས་ནས་དབང་ཆུར་ཡབ་ལ་ཡང་འཕར་མ་གཉིས་པའི་ཐ་སྙད་ཡོད་པར་གསུངས་སོ། །ལུགས་གཉིས་པ་ནི་འདུད་རྩི་འོད་དང་། མི་ཐུབ་ཟླ་བའི་དགོངས་པ་ཡིན་ཏེ། མི་ཐུབ་ཟླ་བས་བདག་མེད་མའི་སྒྲུབ་ཐབས་སུ། ཆོས་འབྱུང་ལས་སྐྱེས་འཁོར་ལོ་ནི། །ཁ་སྦྱོར་གཉིས་དག་སྐྱོན་མེད་པ། །ཞེས་དང་། ཀུ་མུ་ཏི་ལས། འཕར་མ་གཉིས་ཞེས་བྱ་བ་ནི། །ཁ་སྦྱོར་ལྟ་བུའི་འཕར་མ་སྟེ། །རྡོ་རྗེའི་ཕྲེང་བས་ཡོངས་སུ་བཅད་པ་དང་། སྦས་པའོ་ཞེས་འབྱུང་བས་འཕར་མའི་དོན་རྡོར་ཕྲེང་གིས་བཅད་པ་དང་སྦས་པ་ལ་གསུངས་ལ། ཡབ་ཀྱི་སྐབས་སུ་ཀུ་མུ་ཏི་དང་། ཡན་ལག་དྲུག་པའི་ལུང་གོང་དུ་དྲངས་པ་ལྟར་འཕར་མ་གཅིག་པ་ལ་གཞལ་ཡས་ཁང་གི་ནང་དུ་རྡོ་རྗེ་ཕྲེང་བ་གཅིག་གསུངས་པས་འཕར་མ་གཉིས་པ་ལ་གཞས་ཡས་ཁང་གི་ནང་དུ་རྡོར་ཕྲེང་གཉིས་ཡོད་པར་གྲུབ་ཅིང་། རྗེ་བཙུན་རྩེ་མོས་ཀྱང་ནང་གི་རྣལ་འབྱོར་མ་ལྔ་ལ། རྡོ་རྗེ་རྭ་བ་མེ་རིས་བསྐོར་བ་འཕར་མ་ནང་མ་དང་། ཕྱིའི་རྣལ་འབྱོར་མ་བཅུ་ལ་རྡོ་རྗེ་རྭ་བ་མེ་རིས་བསྐོར་བ་འཕར་མ་ཕྱི་མ་སྟེ། འཕར་མ་གཉིས་པ་ཞེས་གསལ་བར་གསུངས་ལ། ལྷ་སྣམ་ལ་ཡང་གདན་སོ་སོ་བ་བྱེད་པ་ཡང་བདུད་རྩི་འོད་ལས། འཁོར་ལོ་དེར་ནི་སྲོག་སོང་པ། །བཅོ་ལྔ་རྣམས་པར་བསྒོམ་པར་བྱ། །རྣལ་འབྱོར་མ་ཡི་ཕྱོགས་མཚམས་ལས། །གདན་ནི་བཅོ་ལྔ་ཉིད་དུ་བརྗོད། །ཅེས་རོ་གདན་ལས་ལོགས་སུ་གདན་བཅོ་ལྔ་གསུངས་པ་དང་། རྗེ་བཙུན་རྩེ་མོས་ལྷ་མོ་རྣམས་ཀྱི་གནས་སུ་པད་ཉི་དང་རོ་གདན་བཅོ་ལྔ་བསྐྱེད་པར་བྱ་སྟེ། ཞེས་གདན་སོ་སོར་ཤིན་ཏུ་གསལ་བར་གསུངས་པའི་ཕྱིར་རོ། །ལུགས་གསུམ་པ་ནི། པདྨའི་མྱུ་གུའི་དགོངས་པ་སྟེ་དེ་ཡང་པདྨ་འདབ་བརྒྱད་ཀྱི་གཙོ་མོ་ལ་ཉེ་བར་རྡོ་རྗེ་མ་སོགས་བཞི་དང་། པུཀྐ་སཱི་སོགས་བཞི་སྟེ་བརྒྱད་བསྐོར། ཕྱོགས་ཀྱི་འདབ་མ་དེ་ཉིད་ཀྱི་སྟེང་ལྷ་མོ་ནང་མ་རྣམས་ཀྱི་རྒྱབ་ཏུ་གཽ་རཱི་ལ་སོགས་བཞི་འགོད་པར་བཞེད་དོ། །ལུགས་བཞི་པ་ནི། ཌཾ་ཀ་ད་ཤའི་དགོངས་པ་ཡིན་ལ། དེ་ཉིད་རྗེ་ས་ཆེན་དང་། ནེ་ཚོ་སྦལ་སྟོན་གྱིས་ཀྱང་བཤད་པས་མན་ངག་ལུགས་ཀྱི་བཞེད་པ་གཅིག་དང་ཡང་མཐུན་ནོ། །ལུགས་ལྔ་པ་ནི། ཀྱཻ་རྡོ་རྗེའི་རྒྱུད་ཀྱི་དོན་བསྡུས་པ་ཞེས་བྱ་བའི་དགོངས་པ་ཡིན་ཞིང་། མན་ངག་ལུགས་ཀྱི་འཕར་མ་གཉིས་པའི་ལུགས་གཅིག་འདི་དང་ཡང་མཐུན་པར་སྣང་ངོ་། །ལུགས་དྲུག་པ་ནི། འཕགས་པ་རིན་པོ་ཆེས་གསལ་བར་གསུངས་པ་ལྟར་ཡིན་ལ། དེ་ཉིད་རྗེ་ས་ཆེན་གྱིས་བརྟག་གཉིས་ཀྱི་དཀའ་འགྲེལ་དུ། འཕར་མ་གཉིས་ཞེས་པ་ནི། ནང་གི་འཕར་མ་ལ་རྡོ་རྗེའི་རྭ་བ་དང་། མེ་འོད་གཅིག་ཡོད་ལ། ཕྱི་ལའང་དེ་བཞིན་དུ་ཡོད་པར་བསྒོམ་མོ་ཞེས་གསུངས་པ་དང་། རྗེ་བཙུན་ཆེན་པོས་བདག་མེད་མའི་སྒྲུབ་ཐབས་སུ། ནང་གི་རྣལ་འབྱོར་མ་ལྔ་ལ་རྡོ་རྗེ་རྭ་བ་མེ་རིས་བསྐོར་བ་འཕར་མ་ནང་མ་དང་། ཕྱིའི་རྣལ་འབྱོར་མ་བཅུ་ལ་རྡོ་རྗེ་རྭ་བ་མེ་རིས་བསྐོར་བ་འཕར་མ་ཕྱི་མ་སྟེ་འཕར་མ་གཉིས་པ་ཞེས་གསུངས་པ་གོང་དུ་དྲངས་པའི་དགོངས་པ་ཡང་ཡིན་པས། མདོར་ན་མན་ངག་ལུགས་ཀྱི་འཕར་མ་གཉིས་པའི་ལུགས་གསུམ་པ་ཡིན་པར་ཤེས་པར་བྱའོ། །རྒྱ་གཞུང་འགའ་ཞིག་ལས་ཀྱང་འདི་བཞིན་དུ་བཤད་དེ། དཔའ་བོ་རྡོ་རྗེས། སཾ་བུ་ཊིའི་འགྲེལ་པ་དང་། ཨ་བྷ་ཡ་ཀ་རའི་མན་ངག་སྙེ་མར་འདི་བཞིན་དུ་གསུངས་པའི་ཕྱིར་རོ། །འོ་ན་གོང་དུ་བཤད་པ་ལྟར་རྗེ་བཙུན་ཆེན་པོའི་གསུང་རབ་ལས་ཕྱིའི་ལྷ་མོ་བརྒྱད་སྒོ་མཚམས་སུ་འགོད་པར་གསུངས་པས་གནོད་དམ་སྙམ་ན་མི་གནོད་དེ། དེ་ལྟར་ན་མན་ངག་ལུགས་ཀྱི་ཡབ་ཀྱི་དཀྱིལ་འཁོར་དུ་ལྷ་མོ་བརྒྱད་དབུས་ཀྱི་པདྨ་ཆེན་པོའི་འདབ་མ་ལ་མི་འགོད་པར་འགྱུར་ཏེ། རྩ་རྒྱུད་དང་། ས་ཆེན་གྱི་བརྟག་གཉིས་ཀྱི་དཀའ་འགྲེལ་དང་། རྗེ་བཙུན་སྐུ་མཆེད་ཀྱི་ཡན་ལག་བཞི་དྲུག་རྣམས་ལས་སྒོ་མཚམས་སུ་འགོད་པར་གསུངས་པའི་ཕྱིར་རོ། །གཞན་ཡང་རྗེ་བཙུན་རྩེ་མོས་དབང་ཆུ་ཆེན་མོར་པདྨའི་འདབ་མ་རྣམས་ལ་ལྷ་མོ་རྣམས་ཀྱི་མཚན་མ་བཀོད་པ་དང་། ཤར་སྒོར་གྲི་གུག་ནག་པོ་ཞེས་སོགས་གསུངས་པ་ཡང་ཚིག་མགོ་མཇུག་འགལ་བར་ཐལ་བའི་སྐྱོན་ཡོད་དོ། །སྒོ་མཚམས་སུ་འགོད་པར་བཤད་པས་པད་འདབ་ལ་མི་འགོད་པར་འགྱུར་བའི་ཕྱིར་རོ། །དེས་ན་དཀར་མོ་ལ་སོགས་པའི་ལྷ་མོ་བརྒྱད་སྒོ་མཚམས་སུ་འགོད་པར་གསུངས་པའི་ཕྱིར་ན། འདབ་བརྒྱད་ཕྱི་མ་དོན་མེད་དོ་ཟེར་བ་ནི་རྣམ་པར་མ་བརྟགས་པ་ཁོ་ནའོ། །དེ་བས་ན་དབང་ཆུར་སྒོ་མཚམས་སུ་གསུངས་ཀྱང་། འདབ་བརྒྱད་ལ་འགོད་པར་བཤད་པའི་ཤུགས་ལས་ཀྱང་འཕགས་པ་རིན་པོ་ཆེའི་བཞེད་པ་ལྟར་འཐད་པར་གྲུབ་བོ། །དེ་ལྟ་མ་ཡིན་ན་ཁྱེད་འདོད་པའི་མན་ངག་ལུགས་ལ། ནང་གི་ལྷ་མོ་ལྔ་འདབ་བརྒྱད་གེ་སར་དང་བཅས་པ་ལ་བཀོད་ནས། ཕྱིའི་ལྷ་མོ་བརྒྱད་སྒོ་མཚམས་ལ་འགོད་པ་ཡང་མི་འཐད་པར་འགྱུར་ཏེ། རྗེ་བཙུན་གྱིས་བདག་མེད་མའི་སྒྲུབ་ཐབས་སུ་ལྷ་མོ་རྣམས་ཀྱི་གནས་སུ་པད་ཉི་དང་གདན་རོ་བཅོ་ལྔ་བསྐྱེད་པར་བྱ་སྟེ། ཞེས་སོགས་གདན་བཅོ་ལྔ་བསྐྱེད་པར་དངོས་སུ་གསལ་བར་གསུངས་པས་སོ། །འོ་ན་ལུང་འདིས་ཁྱེད་རང་གི་མན་ངག་ལུགས་ལ་ཡང་གནོད་དོ་སྙམ་ན་མི་གནོད་དེ། རྗེ་བཙུན་ཆེན་པོས་བདག་མེད་མའི་སྒྲུབ་ཐབས་འདི་གཙོ་བོར་བདུད་རྩི་འོད་ཀྱི་རྗེས་སུ་འབྲང་བའི་སྒྲུབ་ཐབས་ཡིན་པས། མན་ངག་ལུགས་དང་ཅུང་ཟད་མི་འདྲ་བའི་ཁྱད་པར་མང་རབ་ཡོད་ལ། སྐབས་འདིར་རྡོ་རྭ་མེ་རི་ཉིས་སྦྲག་ལ་འཕར་མ་གཉིས་པར་བྱེད་པ་མན་ངག་ལུགས་དང་། འགྲེལ་པ་ལུགས་གཉིས་ཀ་མཐུན་པ་ལ། མི་འདྲ་བའི་ཁྱད་པར་མན་ངག་ལུགས་ལ། ཡབ་ཡུམ་གཉིས་ཀའི་འཁོར་གྱི་ལྷ་མོ་རྣམས་པདྨ་ཆེན་པོའི་སྟེང་དུ་སོ་སོའི་པད་ཆུང་ལ་འགོད་ལ། འགྲེལ་པ་ལུགས་ལ་ཡབ་ཡུམ་གཉིས་ཀའི་སྐབས་སུ་འཁོར་གྱི་ལྷ་མོ་པད་ཆེན་མེད་པར་སོ་སོའི་པད་ཆུང་ལ་འགོད་པ་ཡིན་པར་ཤིན་ཏུ་གསལ་བའི་ཕྱིར་རོ། །རྒྱུ་མཚན་ཌོཾ་བྷི་པའི་རྗེས་འབྲང་དང་བཅས་པའི་རྒྱ་བོད་ཀྱི་གཞུང་ལུགས་རྣམས་ལས་ཤིན་ཏུ་གསལ་བར་འབྱུང་བས་རྟོགས་ཤིང་། དེས་ན་མན་ངག་ལུགས་ཀྱི་འཕར་མ་གཉིས་པའི་ལུགས་གཉིས་པོ་རྗེ་བཙུན་གྱི་གསུང་ལས་དངོས་སུ་མི་གསལ་བར་སྙམ་པ་ལ་རང་གི་རྟོག་པས་བརྟགས་པ་ལས་འཕགས་པའི་རྗེས་སུ་འབྲང་བར་རིགས་ཏེ། འཕགས་པའི་ལུགས་འདི་གོང་དུ་བཤད་པ་ལྟར་ས་ཆེན་ཡབ་སྲས་ཀྱི་བཞེད་པར་ཤུགས་ལས་གྲུབ་པ་ཡིན་ལ། ཁྱེད་ཀྱི་རྟོག་བརྟགས་དེ་ཤུགས་ལ་ཡང་མི་འགྲུབ་པའི་ཕྱིར་རོ་ཞེས་བྲིས་སོ། །ད་ནི་འདི་ལ་ཁོ་བོས་ཞིབ་ཏུ་བརྟག་པར་བྱ་སྟེ། དེ་ལ་ལུགས་དང་པོ་རྒྱ་གར་བའི་སློབ་དཔོན་དེ་རྣམས་ཀྱི་བཞེད་པ་ཡིན་པ་ནི་དེ་བཞིན་དུ་སྣང་ཞིང་། ཁོ་བོའི་བླ་མ་ཐམས་ཅད་མཁྱེན་པས་ཀྱང་བཤད་ཟིན་ལ། རྗེ་བཙུན་རྩེ་མོའི་རྣམ་བཤད་ཉི་འོད་ཀྱི་དགོངས་པ་ཡང་དེ་བཞིན་ཡིན་མོད་ཀྱི་དེ་ལ་དགོངས་ནས་དབང་ཆུར་ཡབ་ལ་ཡང་འཕར་མ་གཉིས་པའི་ཐ་སྙད་ཡོད་པར་གསུངས་ཞེས་པ་ནི་མ་བརྟགས་པ་སྟེ། དབང་ཆུར་འཕར་མ་གཉིས་པའི་ཐ་སྙད་གསུངས་ཀྱང་དེ་ཡབ་ལ་སྦྱར་རྒྱུ་མ་ཡིན་པར་བཤད་ཟིན་པའི་ཕྱིར་དང་། རྣམ་བཤད་ཉི་འོད་ལས་ནང་དུ་པདྨ་འདབ་མ་བརྒྱད་པ་ལ་ལྷ་མོ་བཅོ་ལྔ་ལ་བསྐོར་བ་གཅིག་གོ །གྲུ་གསུམ་གྱིས་ནི་ཕྱི་མ་སྟེ། །ཞེས་ཡུམ་གྱི་སྐབས་སུ་འཕར་མ་གཉིས་པ་བཤད་ཀྱི། ཡབ་ཀྱི་སྐབས་སུ་བཤད་པ་མི་སྣང་ལ། ཡུམ་གྱི་སྐབས་སུ་འཕར་མ་གཉིས་ཡོད་པ་ལ་དགོངས་ནས། ཡབ་ཀྱི་སྐབས་སུ་འཕར་མ་གཉིས་པའི་ཐ་སྙད་ཡོད་པར་གསུངས་ཞེས་པ་ནི། རྗེ་བཙུན་རྩེ་མོ་ལ་སྐུར་འདེབས་ཤིན་ཏུ་ཆེ་བ་ཡིན་ཏེ། རྩ་རྒྱུད་ལས། ཡུམ་གྱི་སྐབས་སུ་འཕར་མ་གཉིས་དག་སྐྱོན་མེད་པ། །ཞེས་དང་། ཡབ་ཀྱི་སྐབས་སུ་འཕར་མ་གཅིག་དང་སྒོ་བཞི་པ། །ཞེས་དངོས་སུ་གསུངས་པ་དེ་རྗེ་བཙུན་རྩེ་མོས་འགོག་པར་ཁས་ལེན་དགོས་པའི་ཕྱིར་རོ། །ལུགས་གཉིས་པ་ནི་བདུད་རྩི་འོད་དང་མི་ཐུབ་ཟླ་བའི་དགོངས་པ་གཏན་མ་ཡིན་ཏེ། སྒྲུབ་བྱེད་མ་ངེས་ཤིང་གནོད་བྱེད་ཡོད་པའི་ཕྱིར་རོ། །སྒྲུབ་བྱེད་མ་ངེས་པ་ནི་མི་ཐུབ་ཟླ་བས་བདག་མེད་མའི་སྒྲུབ་ཐབས་ལ་ནི། ཁ་སྦྱོར་གཉིས་ཡོད་པར་བསྟན་གྱི་དེ་ངོས་འཛིན་མི་སྣང་ལ། ཀུ་མུ་ཏི་ལས། རྡོ་རྗེའི་ཕྲེང་བས་ཡོངས་སུ་བཅད་པ་སྦས་པ་ལ་གསུངས་ཀྱང་། དེས་རྩིག་པའི་ནང་དུ་རྡོར་ཕྲེང་ཉིས་སྦྲག་ཡོད་པར་མི་འགྲུབ་སྟེ། ནང་གི་འཕར་མ་ལ་རྡོར་ཕྲེང་ཡོད་པ་ནི་ཕྱོགས་སྔ་ཕྱི་གཉིས་མཐུན་ལ་འཕར་མ་ཕྱི་མའི་རྡོར་ཕྲེང་ནི་གཞལ་ཡས་ཁང་གི་ཕྱི་རོལ་གྱི་རྡོར་ཕྲེང་ཉིད་ཡིན་པའི་ཕྱིར་རོ། །ཡབ་ཀྱི་སྐབས་སུ་ཀུ་མུ་ཏི་དང་། ཡན་ལག་དྲུག་པར་འཕར་མ་གཅིག་པ་ལ་གཞལ་ཡས་ཁང་གི་ནང་དུ་རྡོ་རྗེ་ཕྲེང་བ་གཅིག་གསུངས་པས་འཕར་མ་གཉིས་པ་ལ་གཞལ་ཡས་ཁང་གི་ནང་དུ་རྡོར་ཕྲེང་གཉིས་ཡོད་པར་གྲུབ་ན་གོང་དུ་ཁྱེད་རང་གི་རྗེ་བཙུན་རྩེ་མོའི་རྣམ་བཤད་ཉི་འོད་དང་། དབང་ཆུ་ཆེན་མོར་ཡབ་ལ་འཕར་མ་གཉིས་ཀྱི་ཐ་སྙད་ཡོད་པར་ཁས་བླངས་པ་དེ་ལ་ཡང་གཞལ་ཡས་ཁང་གི་ནང་དུ་རྡོར་ཕྲེང་གཉིས་ཡོད་པར་འགྱུར་ཏེ། འཕར་མ་གཅིག་པ་ལ་གཞལ་ཡས་ཁང་གི་ནང་དུ་རྡོར་ཕྲེང་གཅིག་གསུངས་པའི་ཕྱིར། གསུམ་ཅར་ཁས་བླངས་ཏེ། རྟག་ཁྱབ་ད་ལྟ་ཉིད་དུ་ཁས་བླངས་ཤིང་། གསལ་བ་ནི། ལུགས་དང་པོ་ཡིན་པར་བཤད་པས་ཁས་བླངས་སོ། །རྗེ་བཙུན་རྩེ་མོའི་ལུང་གི་གཞས་ཡས་ཁང་གི་ནང་དུ་རྡོར་ཕྲེང་ཉིས་སྦྲག་བྱེད་པར་མི་འགྲུབ་སྟེ། ཕྱིའི་རྣལ་འབྱོར་མ་བཅུ་ལ་རྡོ་རྗེའི་རྭ་བ་མེ་རིས་བསྐོར་བ་ནི། གཞལ་ཡས་ཁང་གི་ཕྱི་རོལ་གྱི་རྡོ་རྭ་མེ་རི་ཡིན་པའི་ཕྱིར། གཞན་དུ་ན་ཕྱིའི་རྣལ་འབྱོར་མ་བཅུ་ལ་ཞེས་པའི་ཚིག་དང་འགལ་ཏེ། བསྒོམ་བྱའི་སྐབས་སུ་ནི་སྟེང་འོག་གི་ལྷ་མོ་གཉིས་གཙོ་མོའི་སྟེང་འོག་ཏུ་འོང་ལ། བྲི་བྱའི་སྐབས་སུ་ཁྱེད་ལྟར་ན། སྟེང་འོག་གི་ལྷ་མོ་གཉིས་པོ་དེ་རྡོ་རྭ་མེ་རི་ཕྱི་མའི་ཡང་ཕྱི་རོལ་ཏུ་འོང་དགོས་པའི་ཕྱིར། བདུད་རྩི་འོད་ཀྱི་དགོངས་པ་རོ་གདན་ལས་ལོགས་སུ་གྱུར་པའི་གདན་བཅོ་ལྔ་པར་སྟོན་པ་ཡང་མ་ཡིན་ཏེ། རོ་བཅོ་ལྔ་པོ་དེ་ཉིད་རྣལ་འབྱོར་མ་རྣམས་ཀྱི་གདན་བཅོ་ལྔ་ཉིད་དུ་བརྗོད་ཅེས་ཤིན་ཏུ་གསལ་བར་གསུངས་པའི་ཕྱིར་རོ། །གལ་ཏེ་སྟོན་ན་ཡང་ཉི་མ་བཅོ་ལྔ་སྟོན་པས་ཁྱེད་ཀྱི་འདོད་པ་འགྲུབ་པ་ལ་ནི་ཕན་པ་མེད་དོ། །གནོད་བྱེད་ཡོད་པ་ནི་ལུགས་འདི་ལ་ལྷ་མོ་བརྒྱད་ལྷ་སྣམ་ལ་འགོད་པ་དང་། རྩིག་པའི་ནང་དུ་རྡོ་རྭ་ཉིས་སྦྲག་བྱེད་པར་འདོད་པ་ནི་བློ་གྲོས་རྩིང་པོས་རང་དགར་སྨྲས་པ་སྟེ། ཕྱོགས་ཀྱི་ལྷ་མོ་བཞི་ནང་དུ་འདུས་པའི་རྡོ་རྭ་བསྐོར་ན། མཚམས་ཀྱི་ལྷ་མོ་བཞི་རྡོ་རྭའི་ཕྱི་རོལ་ཏུ་ལུས་པའི་ཕྱིར་དང་། མཚམས་ཀྱི་ལྷ་མོ་བཞི་ནང་དུ་འདུས་པར་བྱེད་ན། སྒོ་ལོགས་ཀྱི་ཕྱི་ནས་བསྐོར་དགོས་པའི་རྩིག་པའི་ནང་དུ་བསྐོར་བ་དང་འགལ་བའི་ཕྱིར་རོ། །དེས་ན་ལེགས་པར་སོམས་ལ་སྨོས་ཤིག ལུགས་གསུམ་པ་ནི་འཕར་མ་གཉིས་ཀྱི་འདོད་ཚུལ་དེ་ལྟར་དུ་སྣང་ཡང་། ཁྱེད་ཀྱིས་འགྲེལ་པ་དེའི་དགོངས་པ་པདྨ་འདབ་བརྒྱད་ཀྱི་གཙོ་མོ་ལ་ཉེ་བར་རྡོ་རྗེ་མ་སོགས་བཞི་དང་། པུཀྐ་སཱི་སོགས་བཞི་སྟེ་བརྒྱད་བསྐོར། ཕྱོགས་ཀྱི་པད་འདབ་དེ་ཉིད་ཀྱི་སྟེང་ལྷ་མོ་ནང་མ་རྣམས་ཀྱི་རྒྱབ་ཏུ་གཽ་རཱི་སོགས་བཞི་འགོད་པར་བཞེད་དོ་ཞེས་བྲིས་པ་ནི་འགྲེལ་པ་དེའི་དགོངས་པ་ནི་མ་ཡིན་ཏེ། དེའི་དགོངས་པ་ནི་དབུས་ཀྱི་པདྨའི་འདབ་མ་བརྒྱད་ལ་རྡོ་རྗེ་མ་སོགས་བཞི་དང་། པུཀྐ་སཱི་སོགས་བཞི་སྟེ་བརྒྱད་བསྐོར་སྒོ་བཞིར་པདྨ་རེ་རེའི་སྟེང་དུ་གཽ་རཱི་ལ་སོགས་པ་བཞི་དང་། ཤར་སྒོའི་པདྨའི་འདབ་མའི་སྣ་དང་། ནུབ་སྒོའི་པདྨའི་འདབ་མའི་སྣ་ལ་སྟེང་འོག་གི་ལྷ་མོ་གཉིས་འགོད་པ་ཡིན་པའི་ཕྱིར་ཏེ། འགྲེལ་པར་གོང་དུ་བསམ་པར་བྱ་ཞེ་ན། ཟེ་འབྲུ་དང་། འདབ་མ་བརྒྱད་དང་། སྒོ་བཞི་དང་། ཤར་ཕྱོགས་ཀྱི་པདྨའི་འདབ་མའི་སྣ་དང་། ནུབ་ཕྱོགས་ཀྱི་པདྨའི་འདབ་མའི་སྣར་བྱའོ་ཞེས་དང་། ཤར་གྱི་སྒོ་ལ་ཞེས་བྱ་བ་ལ་སོགས་པ་ནི་ཤར་ཕྱོགས་ཀྱི་སྒོའི་པདྨའི་འདབ་མ་རྣམས་ལ་གནས་སོ། །དེ་ལྟ་བུའི་རིམ་པས་གཽ་རཱི་དང་། ཙཽ་རཱི་དང་། བེ་ཏཱ་ལཱི་དང་། གྷསྨ་རཱིའོ། །དེ་དག་སྒོའི་པདྨའི་འདབ་མ་ལ་བསམ་པར་བྱའོ་ཞེས་ཤར་ཕྱོགས་ཀྱི་པདྨ་དང་། སྒོའི་པདྨ་ཞེས་པའི་ཐ་སྙད་གསུངས་པའི་ཕྱིར་རོ། །ལུགས་བཞི་པ་ནི་ཌཾ་ཀ་ད་ཤའི་འགྲེལ་པའི་དགོངས་པར་སྣང་མོད་ཀྱི། དེ་ཉིད་མན་ངག་ལུགས་ཀྱི་འཕར་མ་གཉིས་པའི་ལུགས་དང་མཐུན་པར་འདོད་པ་ནི་མི་འཐད་དེ། ཁྱོད་རང་གི་དྲངས་པའི་རྗེ་ས་ཆེན་གྱི་གསུངས་ལས་ཀྱང་ནང་པདྨ་འདབ་མ་བཞི་པ་ལྟེ་བ་དང་བཅས་པ་ཞེས་པ་ཙམ་ལས། ཕྱི་རོལ་འདབ་མ་བརྒྱད་ཀྱིས་བསྐོར་བ་མ་གསུངས་པའི་ཕྱིར་དང་། རྗེ་བཙུན་ཆེན་པོའི་དངོས་སློབ་དག་ལ་གྲུབ་མཐའ་མི་མཐུན་པ་དུ་མ་སྣང་བས་མཐའ་གཅིག་ཏུ་ཤེས་བྱེད་དུ་མི་རུང་བའི་ཕྱིར་རོ། །ལུགས་ལྔ་པ་ནི། ཀྱཻ་རྡོར་དོན་བསྡུས་ཀྱི་དགོངས་པར་སྣང་ཡང་དེ་ཉིད་མན་ངག་ལུགས་ཀྱི་འཕར་མ་གཉིས་པའི་ལུགས་གཅིག་དང་མཐུན་པར་འདོད་པ་ནི་མི་འཐད་དེ། མན་ངག་ལུགས་ཀྱི་ཡིག་ཆ་གང་དུ་ཡང་པད་འདབ་བརྒྱད་ཉིས་བརྩེགས་ལ་འཕར་མ་ནང་མར་བྱེད་པར་མ་གསུངས་ཤིང་། ཁྱེད་རང་གིས་ཀྱང་བསྟན་རྒྱུ་མི་འདུག་པའི་ཕྱིར་རོ། །ལུགས་དྲུག་པ་ནི་ས་ཆེན་དང་། རྗེ་བཙུན་གྱི་དགོངས་པར་མི་འཐད་དེ། དེ་གཉིས་ཀྱི་གསུང་རང་གིས་དྲངས་པ་ལས། འཕར་མ་སྔ་ཕྱི་གཉིས་ལ་རྡོ་རྗེའི་རྭ་བ་དང་། མེ་རིས་བསྐོར་བ་གསུངས་ཀྱང་པདྨ་འདབ་བརྒྱད་ཉིས་བརྩེགས་གསུངས་པ་མི་འདུག་པའི་ཕྱིར་དང་། རྗེ་བཙུན་གྱིས་བདག་མེད་མའི་སྒྲུབ་ཐབས་ཀྱི་འཕར་མ་གཉིས་པའི་ལུགས་དེ། བདུད་རྩི་འོད་ཀྱི་རྗེས་སུ་འབྲངས་ནས། ལྷ་མོ་རྣམས་ལ་ཐུན་མོང་གི་གདན་པདྨ་འདབ་བརྒྱད་མེད་པར། པདྨ་སོ་སོ་ལ་འགོད་པ་ཡིན་པར་གོང་དུ་ཁྱེད་རང་གིས་ཁས་བླངས་པ་དང་དངོས་སུ་འགལ་བའི་ཕྱིར་རོ། །ཡང་རྒྱུད་དང་རྗེ་བཙུན་ཆེན་པོའི་གསུང་རབ་ལས་ཕྱིའི་ལྷ་མོ་བརྒྱད་སྒོ་མཚམས་སུ་འགོད་པར་གསུངས་པས་གནོད་དེ་ཞེས་སོགས་ལ་ནི། གོང་དུ་འཕར་མ་གཉིས་པའི་སྐབས་སུ་བཏེག་སྟེ་ཁྱེད་ཀྱི་སྤྱི་བོར་བཞག་པར་བྱའོ་ཞེས་ཁས་བླངས་པ་དེ་འདིར་དྲན་པར་གྱིས་ཤིག ཅི་ལྟར་ཞེ་ན། ཤཱནྟི་པའི་འཁྲུལ་སྤོང་དང་། མཚོ་སྐྱེས་རྡོ་རྗེ་དང་། དག་པ་རྡོ་རྗེའི་སྒྲོན་མ་དང་། ཡན་ལག་མེད་པའི་རྡོ་རྗེ་རྣམས་ཀྱིས་ལྷ་མོ་བརྒྱད་སྒོ་མཚམས་སུ་འགོད་པར་བཤད་པས། མི་ཐུབ་ཟླ་བའི་ཡན་ལག་དྲུག་པར། ལྷ་མོ་བརྒྱད་པདྨའི་འདབ་མ་བརྒྱད་ལ་འགོད་པ་ལ་གནོད་དོ་སྙམ་ན་མི་གནོད་དེ། དེ་ལྟར་ན་མན་ངག་ལུགས་ཀྱི་སྐབས་སུ་ལྷ་མོ་བརྒྱད་ཡབ་ཀྱི་དཀྱིལ་འཁོར་དུ་དབུས་ཀྱི་པདྨ་ཆེན་པོའི་འདབ་མ་ལ་མི་འགོད་པར་འགྱུར་ཏེ། རྒྱུད་དང་རྗེ་བཙུན་གོང་མའི་གསུང་རབ་ལས་དེ་དག་སྒོ་མཚམས་སུ་འགོད་པར་གསུངས་པའི་ཕྱིར་རོ་ཞེས་སོགས་རྣམ་པ་ཀུན་ཏུ་མཚུངས་སོ། །གཞན་ཡང་རྗེ་བཙུན་རྩེ་མོས་དབང་ཆུ་ཆེན་མོར། དེའི་པདྨའི་འདབ་མ་རྣམས་ལ་ཡང་ཞེས་པ་ནས། བྱང་སྒོར་སྦྲུལ་ལྗང་ཁུ་བྲི་ཞེས་པའི་བར་གསུངས་པ་ཡང་ཚིག་མགོ་མཇུག་འགལ་བར་ཐལ་བའི་སྐྱོན་ཡོད་དེ། སྒོ་མཚམས་སུ་འགོད་པར་བཤད་པས་པད་འདབ་ལ་མི་འགོད་པར་འགྱུར་བའི་ཕྱིར་རོ། །དེས་ན་དཀར་མོ་ལ་སོགས་པའི་ལྷ་མོ་བརྒྱད་སྒོ་མཚམས་སུ་འགོད་པར་གསུངས་པའི་ཕྱིར། མི་ཐུབ་ཟླ་བའི་དགོངས་པ་པདྨའི་འདབ་མ་བརྒྱད་ལ་འགོད་པ་མ་ཡིན་ནོ་ཞེས་ཟེར་བ་ནི་རྣམ་པར་མ་བརྟགས་པ་ཁོ་ནའོ་ཞེས་བཟློག་ན་མི་སྨྲ་བའི་བརྟུལ་ཞུགས་བཟུང་དགོས་པར་འགྱུར་རོ། །རྗེ་བཙུན་གྱིས་བདག་མེད་མའི་སྒྲུབ་ཐབས་སུ་ལྷ་མོ་རྣམས་ཀྱི་གནས་སུ་པད་ཉི་དང་གདན་རོ་བཅོ་ལྔ་བསྐྱེད་པར་གསུངས་པས་ནང་གི་རྣལ་འབྱོར་མ་ལྔ་འདབ་བརྒྱད་གེ་སར་དང་བཅས་པ་ལ་འགོད་པར་འདོད་པ་ལ་མི་གནོད་དེ། པདྨའི་འདབ་མ་དེ་ཉིད་ཀྱིས་པདྨའི་གོ་ཆོད་པའི་ཕྱིར་རོ། །མན་ངག་ལུགས་ཀྱི་འཕར་མ་གཉིས་པའི་ལུགས་གཉིས་པོ་འདི་རྗེ་བཙུན་གྱི་གསུངས་ལས་དངོས་སུ་མི་གསལ་ཞེས་པ་ནི་ཤིན་ཏུ་བདེན་ཏེ། རྗེ་བཙུན་གྱི་གསུང་རབ་གང་ལས་ཀྱང་དེ་འདྲ་མ་བཤད་པའི་ཕྱིར་རོ། །འོན་ཀྱང་ས་ཆེན་ཡབ་སྲས་ཀྱི་བཞེད་པར་ཤུགས་ལས་འགྲུབ་པར་འདོད་པ་ནི་མི་འཐད་དེ། ཤུགས་ལས་འགྲུབ་ན། ནང་དུ་པདྨ་འདབ་མ་བཞི་དང་། འདབ་མ་བརྒྱད་པར་སྟོན་པའི་གསུངས་གཉིས་པོ་གང་རུང་གིས་འགྲུབ་དགོས་པ་ལས། དེས་འགྲུབ་ན་ཡབ་ཀྱི་གནས་སྐབས་སུ་ཡང་པདྨ་ཉིས་བརྩེགས་ཡོད་པར་འགྲུབ་པར་ཐལ་བའི་ཕྱིར་རོ། །དེ་ལས་གཞན་པའི་ཚིག་གིས་འགྲུབ་ན་ནི་སྨྲ་བའི་དུས་ལ་བབ་བོ། །ཁྱེད་ཀྱི་རྟོག་བརྟགས་དེ་ཤུགས་ལ་ཡང་མི་འགྲུབ་བཅས་པ་ནི་རྣམ་པར་མ་བརྟགས་པ་སྟེ། རྗེ་བཙུན་རྩེ་མོས་དབང་ཆུར་འཕར་མ་གཉིས་པར་བྱེད་ན། རྡོ་རྗེའི་རྭ་བ་སྔོན་པོ་མེ་རི་དམར་སེར་དུ་བྱ། དེ་ནས་ལྷ་སྣམ་ཤར་ཕྱོགས་ཀྱི་སྒོ་དཀར་པོ་བྱ། ལྷོ་སེར་པོ། ནུབ་དམར་པོ། བྱང་ལྗང་གུ་ཞེས་དངོས་སུ་གསུངས་པས་ཤུགས་ལ་འགྲུབ་མི་དགོས་པའི་ཕྱིར་རོ། །གལ་ཏེ་དེ་ཉིད་ཡབ་ཀྱི་དབང་དུ་བྱས་སོ་སྙམ་ན། རྒྱུད་འགོག་པ་དང་། རྗེ་བཙུན་སྐུ་མཆེད་ལ་སྐུར་པ་བཏབ་པ་ཡིན་པར་གོང་དུ་བཤད་ཟིན་ཅིང་། ཁྱེད་རང་གིས་ཚད་མར་ཁས་བླངས་པའི་གནད་ཀྱི་ལྡེ་མིག་ལས་ཀྱང་། ཡབ་ཡུམ་གྱི་དཀྱིལ་འཁོར་ཚུལ་མཚུངས་ན་མི་འདྲ་བའི་ཁྱད་པར་ཅི་ལྟ་བུ་ཞེ་ན་ཞེས་པ་ནས། འཕར་མ་གཉིས་པ་བཤད་དོ་ཞེས་པའི་བར་གྱི་ཡབ་ཡུམ་གྱི་དཀྱིལ་འཁོར་གྱི་ཁྱད་པར་སྟོན་པར་ཁྱེད་རང་གིས་བྲིས་པ་དང་འགལ་བའི་ཕྱིར་རོ། །དེས་ན་མན་ངག་ལུགས་ཀྱི་འཕར་མ་གཉིས་ཀྱི་དོན་ནི། དབུས་པདྨ་འདབ་མ་བཞི་པའམ་བརྒྱད་པ་ལ། ལྷ་མོ་ལྔ་བཀོད་ནས་རྡོ་རྗེའི་རྭ་བ་མེ་རིས་བསྐོར་བ་དང་། ལྷ་སྣམ་ལ་ལྷ་མོ་བརྒྱད་དམ་བཅུ་བཀོད་ནས་གཞལ་ཡས་ཁང་གྲུ་བཞི་དང་རྡོ་རྗེའི་རྭ་བ་མེ་རིས་བསྐོར་བ་ཉིད་ཡིན་ཏེ། རྗེ་བཙུན་རྩེ་མོས་དབང་ཆུར་གསལ་བར་གསུངས་ཤིང་། རྗེ་ས་ཆེན་དང་། རྗེ་བཙུན་གྱིས་བདག་མེད་མའི་སྒྲུབ་ཐབས་ལས། ནང་གི་འཕར་མ་ལ་རྡོ་རྗེ་རྭ་བ་མེ་རིས་བསྐོར་བ་དང་། ཕྱིའི་འཕར་མ་ལ་ཡང་རྡོ་རྗེའི་རྭ་བ་མེ་རིས་བསྐོར་བ་གསུངས་པའི་དགོངས་པ་ཡང་འདི་ཉིད་ཡིན་པའི་ཕྱིར་རོ། །སློབ་དཔོན་མི་ཐུབ་ཟླ་བའི་དགོངས་པ་ཡང་འདི་ཉིད་ཡིན་པར་གོང་དུ་བཤད་ཟིན་ཏོ། །དེས་ན་མི་ཐུབ་ཟླ་བ་དང་མན་ངག་ལུགས་ཀྱི་དགོངས་པ་ལ་ཡབ་ཀྱི་སྐབས་སུ་ལྷ་སྣམ་ལ་ལྷ་མོ་བརྒྱད་བཀོད་ནས་དེའི་ནང་དུ་པདྨ་འདབ་བརྒྱད་ལ་རྡོ་རྭ་དང་མེ་རིས་བསྐོར་བ་ནི་མི་འཐད་དེ། དེ་ལྟར་ན་དེ་གཉིས་ཀྱི་ལུགས་ལ་འཕར་མ་གཉིས་པར་འགྱུར་བ་ལས་ཡབ་ཀྱི་སྐབས་སུ་འཕར་མ་གཅིག་པར་རྒྱུད་ལས་གསུངས་པའི་ཕྱིར། ཞེས་པ་ནི་ཁོ་བོའི་བླ་མ་ཐམས་ཅད་མཁྱེན་པའི་དགོངས་པ་ཡིན་པས་དགག་པའི་ཉི་མ་ཤར་བར་འདོད་ན། ཕྱོགས་སྔའི་ནམ་ལངས་པར་གྱིས་ཤིག སྤྱིར་པདྨ་འདབ་བརྒྱད་ལ་རྡོ་རྭ་མེ་རིས་བསྐོར་ནས་ལྷ་སྣམ་ལ་ལྷ་མོ་བརྒྱད་འགོད་པ་ཙམ་གྱིས་འཕར་མ་གཉིས་པར་འགྱུར་བའི་ངེས་པ་མེད་དེ། འཕར་མ་གཉིས་ཀྱི་འདོད་ཚུལ་མི་འདྲ་བ་མང་དུ་ཡོད་པའི་ཕྱིར་དང་། རིན་ཆེན་འབར་བ་དང་། ནག་པོ་དམ་ཚིག་རྡོ་རྗེས་ཡབ་ཀྱི་སྐབས་སུ་ཡང་དེ་ལྟར་གསུང་ཤིང་། དེ་དག་གིས་ཀྱང་ཡབ་ཀྱི་སྐབས་སུ་འཕར་མ་གཉིས་པ་མི་བཞེད་པའི་ཕྱིར་ཏེ། རྒྱུད་འགོག་མི་ནུས་པའི་ཕྱིར་རོ། །ཁ་ཅིག་ཡུམ་ལ་འཕར་མ་གཉིས་པ་གསུངས་ཤིང་། ཡབ་ལ་འཕར་མ་གཅིག་པ་གསུངས་པས་དེ་ལས་བཟློག་སྟེ་སྨྲར་མི་རུང་ན། སྒོ་བཞི་ཡུམ་ལ་སྦྱར་བ་མི་རིགས་པར་ཐལ། འཕར་མ་གཅིག་དང་སྒོ་བཞི་པ། །ཞེས་པ་ཡབ་ཁོ་ན་ལ་གསུངས་པའི་ཕྱིར་ཞེས་སྨྲ་བ་ནི་ཁོ་ན་ཞེས་པའི་ཚིག་སྒོ་བཞི་པ་ཞེས་པ་ལ་སྦྱར་རྒྱུ་ཡིན་ན། ཡུམ་གྱི་སྐབས་སུ། སྒོ་བཞི་གཟི་བརྗིད་ཆེན་པོ་ཉིད། །ཅེས་པ་དེ་མ་མཐོང་བར་རང་དགར་སྨྲས་པར་སྣང་ལ་འཕར་མ་གཅིག་ལ་སྦྱར་རྒྱུ་ཡིན་ན་ནི་ཐལ་བ་དང་འབྲེལ་ཅི་ཡོད་སོམས་ཤིག གཞན་ཡང་ཐལ་བ་དེ་ཕྱོགས་སྔའི་འཐུར་ཁྱབ་ལ་གཏང་བར་སྣང་ཞིང་། ཡབ་ཀྱི་སྐབས་སུ། འཕར་མ་གཅིག་དང་སྒོ་བཞི་པ། །ཞེས་དང་། ཡུམ་གྱི་སྐབས་སུ། འཕར་མ་གཉིས་བཟང་རྣམ་བྲིས་ནས། །ཞེས་དང་། སྒོ་བཞི་གཟི་བརྗིད་ཆེན་པོ་ཉིད། །ཅེས་དངོས་སུ་རྒྱུད་ལས་གསུངས་བཞིན་དུ། ཡབ་ཡུམ་གྱི་འཕར་མ་གཅིག་པ་དང་། གཉིས་པ་ཕན་ཚུན་ཐུན་མོང་བར་བྱེད་པའི་དཔེ་སྒོ་བཞི་ལ་བྱེད་པ་ནི་རྡོ་རྗེ་འཆང་ལ་བརྒལ་བར་སྣང་བས་དེ་འདྲའི་རིགས་ཅན་ལ་བག་ཟོན་བྱའོ།། །།གནད་ཀྱི་ཟླ་ཟེར་ལས། གཞལ་ཡས་ཁང་གི་འོག་གཞི་ཉི་མའི་ཁ་དོག་དམར་པོ་ཞེས་གསུངས་པ་ལ། ཉི་ཟེར་ལས། རྗེ་བཙུན་ཆེན་པོས་ཉི་མའི་ཁ་དོག་ལྗང་སེར་ཞེས་གསུངས་པ་དང་འགལ་ལོ་ཞེས་བྲིས་པ་ནི་རྣམ་པར་མ་བརྟགས་པ་སྟེ། ཉི་མའི་ཁ་དོག་དམར་པོར་གསུངས་པ་ནི་རང་ངོས་ཀྱི་ཁ་དོག་ལ་དགོངས་ལ། རྗེ་བཙུན་གྱིས་པད་ལྟེ་དང་ཕྲད་པའི་ཚེ་ལྗང་སེར་དུ་འགྱུར་བ་ལ་དགོངས་ནས་ལྗང་སེར་དུ་གསུངས་ཀྱི་ཉི་མ་རང་ངོས་ནས་རྒྱུ་མེ་ཤེལ་ལས་གྲུབ་པ་ཡིན་པར་རྗེ་བཙུན་ཡང་བཞེད་པའི་ཕྱིར་རོ།། །།གནད་ཀྱི་ཟླ་ཟེར་ལས། རྩིག་པ་ནས་ཆ་ཆེན་གཅིག་དོར། ཚངས་ཐིག་ནས་ཆ་ཕྲན་ལྔ་དོར་བའི་མཐའ་རྣམས་སུ་ཀ་བ་བརྒྱད་ནི་དེ་ཉིད་སྣང་ཆེན་ལས། ཀ་བ་བརྒྱད་ཀྱི་མཛེས་བྱས་ལ། །ཞེས་བྱ་བ་ནི་ཕྱོགས་ཀྱི་ཆ་རེ་རེ་ཞིང་རྩིག་པ་ལ་བརྟེན་པའི་ཀ་བ་གཉིས་གཉིས་ཡོད་པས་དེའི་ཕྱིར་ཀ་བ་བརྒྱད་ཀྱིས་མཛེས་པར་བྱས་པ་ཡིན་ནོ་ཞེས་གསུངས་པ་ལྟར། ཀ་བ་རྣམས་རྩིག་པའི་ནང་ལ་བརྟེན་པའོ་ཞེས་གསུངས་པ་ལ། ཉི་ཟེར་ལས། ཀ་བ་རྩིག་པ་ལ་བརྟེན་པར་ལུང་དེས་གྲུབ་པ་བདེན་མོད། རང་གིས་སྨྲས་མ་ཐག་པ་དང་ནང་འགལ་བའི་སྐྱོན་ཡོད་དོ་ཞེས་བྲིས་པ་ནི་མི་འཐད་དེ། སྨྲས་མ་ཐག་པ་དང་ནང་འགལ་ཞེས་པའི་དོན། ཀ་བ་དང་རྩིག་པའི་བར་ཆ་ཆེན་གཅིག་ཡོད་པས་བར་སྟོང་དང་བཅས་པའི་ཕྱིར་ན། ཀ་བ་རྩིག་པ་ལ་བརྟེན་པ་འགལ་ཞེས་པ་ཡིན་ན་ནི། ཁྱེད་རང་གིས་ཀྱང་རྩིག་པའི་ནང་དུ་ཚངས་ཐིག་ནས་ཆ་ཆེན་དང་པོ་གཉིས་གཡས་གཡོན་དུ་དོར་བར་ཆ་ཆེན་གཉིས་པའི་ཆ་ཕྲན་དང་པོའི་སྟེང་དུ་རྩིག་པ་ལ་བརྟེན་པའི་ཀ་བ་གཉིས་གཉིས་ཕྱོགས་རེ་རེ་ལ་གནས་ལ་ཞེས་བྲིས་པ་ལ་ཡང་ནང་འགལ་བའི་སྐྱོན་ཡོད་དེ། ཚངས་ཐིག་ནས་ཆ་ཆེན་རེ་རེ་དོར་ནས་གདུང་ཟླུམ་དང་ཕྲད་པའི་སར་ཀ་བ་འཛུགས་ན་དེ་དང་རྩིག་པའི་བར་དུ་བར་སྟོང་དང་བཅས་པ་ལས་མ་འདས་ཤིང་། ཀ་བ་རྩིག་པ་ལ་བརྟེན་པ་ཁྱེད་རང་གིས་ཀྱང་སྨྲས་པའི་ཕྱིར་རོ། །གལ་ཏེ་ཚངས་ཐིག་ནས་ཆ་ཆེན་རེ་རེ་དོར་བའི་སར་རྩིག་པ་ལ་བཅར་བའི་ཚུལ་གྱིས་ཀ་བ་འཛུགས་པས་ནང་འགལ་བའི་སྐྱོན་མེད་དོ་སྙམ་ན། དེ་ལྟར་ན་ཀ་བའི་སྟེང་དུ་གདུང་ཟླུམ་ཡོད་མི་ཡོད་ལེགས་པར་སོམས་ཤིག། །།གདན་གྱི་སྐབས་སུ་གནད་ཀྱི་ཟླ་ཟེར་ལས། འདིར་རྗེ་བཙུན་ཆེན་པོས་དབུས་སུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བདུད་བཞི་དང་། འདབ་མ་བརྒྱད་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཚངས་སོགས་ཀྱི་གདན་འགོད་པར་བཞེད་ལ། སྒྲུབ་ཐབས་འདི་དང་མངོན་རྟོགས་དོན་གསལ་གྱི་དགོངས་པའང་དེ་བཞིན་དུ་ཤེས་པར་བྱའོ། །ཤཱནྟི་པ། ཉིན་འབྱུང་། ནག་པོ་པ། གཉིས་མེད་རྡོ་རྗེ། མར་མེ་མཛད། ཀཾ་པ་ལ་རྣམས་ཀྱི་ཀྱང་ལྷ་མོ་བརྒྱད་ལ་ཟླ་གདན་བཤད་དོ། །གལ་ཏེ་རྗེ་བཙུན་སྐུ་མཆེད་ཀྱི་ལུགས་ལ་ལྷ་མོ་རྣམས་ལ་ཟླ་གདན་དུ་བྱས་པ་མི་འཐད་དེ། སློབ་དཔོན་ཤཱནྟི་པ་སོགས་ཀྱིས། བདག་མེད་མ་ལ་ཟླ་གདན་བྱས་པ་ལ། རྗེ་བཙུན་གྱིས་ཟླ་བའི་གདན་ཡང་མི་རིགས་ཏེ། འདི་དག་ནི་ཁྲོ་མོ་ཡིན་ལ། ཁྲོ་བོ་ཁྲོ་མོ་རྣམས་ནི་འབར་བའི་ཕྲེང་བ་འཁྲུགས་པའི་འོད་ཅེས་བྱ་བ་ཉི་མར་བཤད་པ་དང་འགལ་བའི་ཕྱིར་རོ། །ཞེས་དགག་པ་མཛད་པའི་ཕྱིར་རོ་སྙམ་ན། དེ་ནི་བདག་མེད་ལྷ་མོ་བཅོ་ལྔ་ལ་ཟླ་གདན་བྱེད་པ་བཀག་པ་ཡིན་གྱི་ཡབ་ཀྱི་འཁོར་རྣམས་ལ་ཟླ་གདན་བྱེད་པ་བཀག་པ་མ་ཡིན་ནོ་ཞེས་པ་ནས། གཏི་མུག་གཤིན་རྗེའི་གཤེད་ལ་ཟླ་གདན་དུ་བཤད་པ་ལྟར་རོ་ཞེས་པའི་བར་གསུངས་པ་ལ། ཉི་ཟེར་བླ་མ་ན་རེ། ཟླ་ཟེར་མཁན་པོས། དེ་ལྟར་འགལ་སྤོང་དང་བཅས་ཏེ་འཆད་ཀྱང་། ཁོ་བོའི་དཔལ་ལྡན་བླ་མ་དམ་པའི་ཞལ་སྔ་ནས། ལྷ་མོ་བརྒྱད་ལ་ཟླ་གདན་མཚོ་སྐྱེས་སོགས་རྒྱ་གཞུང་རྣམས་ནས་བཤད་ཀྱང་དག་ལྡན་ནས་བཀག རྩེ་མོས་མངོན་རྟོགས་རྒྱས་པ་ལས། ཟླ་གདན་དང་ཉི་གདན་གཉིས་བཤད་པའི་དཔེ་གཉིས་མཐོང་ནའང་ཟླ་གདན་མ་དག་པར་གསལ། དེས་ན་རྗེ་བཙུན་གོང་མ་རྣམས་ལྷ་མོ་བརྒྱད་ལ་ཉི་གདན་བཞེད་དེ། རྒྱུ་མཚན་གུར་ལས། ཉི་མའི་དཀྱིལ་འཁོར་དབུས་གནས་པར། །དཀར་མོའི་གཟུགས་ཅན་བསྒོམ་པར་བྱ། །ཞེས་གསུངས་པའི་རྗེས་སུ་འབྲང་ཞེས་རྒྱལ་མཚན་བཟང་པོའི་ཞུས་ལན་དུ་གསུངས་མོད། འོན་ཀྱང་མངོན་རྟོགས་རྒྱས་པར་ཟླ་གདན་བྲིས་པའི་དཔེ་ཤིན་ཏུ་མང་བས། དེ་ལུགས་ཀྱི་འགལ་སྤོང་བྱེད་ན་དཀའ་འགྲེལ་དུ་གསུངས་པ་ལྟར། རྩེ་མོའི་མངོན་རྟོགས་རྒྱས་པར་ལྷ་མོ་རྣམས་ལ་ཟླ་གདན་བཤད་པ་ནི་མཚོ་སྐྱེས་དང་ཚུལ་མཚུངས་པའི་དབང་དུ་མཛད་ལ། འདིར་མན་ངག་ལུགས་ལ་ཉི་གདན་དུ་བླ་མ་གོང་མའི་རྣམ་འགྲེལ་ཕལ་ཆེར་ལས་བཤད་ཅིང་། ཟླ་གདན་གུར་དང་འགལ་བས་བཀག་གོ་ཞེས་གསུངས་པ་ལེགས་ཏེ། རྗེ་བཙུན་གྱི་མངོན་རྟོགས་རྒྱས་པ་འདི་ནི། རྣལ་འབྱོར་གྱི་དབང་ཕྱུག་པདྨ་བཛྲ་གྱི་དགོངས་པ་དང་ཚུལ་མཚུངས་པ་ཡིན་མོད་ཀྱི་ཞེས་གསུངས་པའི་ཕྱིར་རོ་ཞེས་བྲིས་སོ། །དེ་ལ་ཐོག་མར་དྲིས་ལན་གྱི་བཞེད་པ་ཡབ་ཀྱི་གནས་སྐབས་ཀྱི་ལྷ་མོ་བརྒྱད་ལ་ཟླ་གདན་རྒྱ་གཞུང་རྣམས་ནས་བཤད་པ་དག་ལྡན་ནས་བཀག་ཅེས་པ་མི་འཐད་དེ། དག་ལྡན་ནས་ཡུམ་གྱི་སྐབས་ཀྱི་ལྷ་མོ་རྣམས་ལ་ཟླ་གདན་བྱེད་པ་བཀག་པ་ཡིན་གྱི་ཡབ་ཀྱི་འཁོར་རྣམས་ལ་ཟླ་གདན་བྱེད་པ་བཀག་པ་མི་སྣང་བའི་ཕྱིར་རོ། །གུར་ལས་ཉི་གདན་གསུངས་པས་འདིར་ཉི་གདན་བྱེད་དགོས་པར་མི་འགྲུབ་སྟེ། དེ་ལྟར་ན་གུར་ནས་ལྷ་མོ་ཐམས་ཅད་གཡོན་ཐུགས་ཁར་སྡིགས་མཛུབ་བྱེད་པར་བཤད་པས་འདིར་ཡང་དེ་ལྟར་དུ་ཁས་ལེན་དགོས་པར་ཐལ་བའི་ཕྱིར་རོ། །དཀའ་འགྲེལ་ལས། སྐྱོན་སྤོང་ཚུལ་ཡན་ལག་བཞི་པར་ལྷ་མོ་རྣམས་ལ་ཟླ་གདན་བཤད་པ་ནི་མཚོ་སྐྱེས་དང་ཚུལ་མཚུངས་པའི་དབང་དུ་མཛད་ལ། མན་ངག་ལུགས་ལ་ཉི་གདན་ཁོ་ན་ཡིན་པར་འདོད་པ་ནི་མི་འཐད་དེ། རྗེ་བཙུན་གྱིས་མངོན་རྟོགས་རྒྱས་པ་འདི་ནི་པདྨ་བཛྲ་གྱི་དགོངས་པ་དང་ཚུལ་མཚུངས་པར་གསུངས་ནས་མི་འདྲ་བའི་ཁྱད་པར་རྣམས་ལོགས་སུ་གསུངས་ཀྱང་ཉི་གདན་བྱེད་པ་མི་འདྲ་བའི་ཁྱད་པར་ཡིན་པ་མ་གསུངས་པའི་ཕྱིར་རོ། །ཉི་གདན་དུ་བླ་མ་གོང་མའི་རྣམ་འགྲེལ་ཕལ་ཆེར་ལས་བཤད་ཅེས་པ་ཡང་མི་འཐད་དེ། བླ་མ་གོང་མའི་རྣམ་འགྲེལ་རྣམས་ལས། རྩ་རྒྱུད་ནས་གསུངས་པའི་ཡབ་ཀྱི་འཁོར་རྣམས་ལ་ཉི་གདན་བཤད་པ་གཅིག་ཡང་མི་སྣང་བའི་ཕྱིར་རོ། །ཨཱ་ལི་ཀཱ་ལི་ལ་མི་ལྟོས་པའི་མི་མཉམ་སྦྱོར་འབྲིང་པོའི་སྐབས་སུ་གནད་ཀྱི་ཟླ་ཟེར་ལས། དབུས་ཀྱི་གདན་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེ་གཉིས་ཀྱི་བར་དུ་ཧཱུྃ་ལས་ཐོད་པ་བསྒོམས་པ་ནས། རྒྱུ་རྡོ་རྗེ་འཆང་དཀར་པོར་བསྐྱེད་ཅིང་ཞེས་དང་། ས་བོན་ལས་བསྐྱེད་པའི་སྐབས་སུ་གནད་ཀྱི་ཟླ་ཟེར་ལས། འདི་ལ་བླ་མ་དག་རྒྱུ་རྡོ་རྗེ་འཛིན་པ་ནག་པོར་བྱས་ནས་ཡན་ལག་བཞིས་འཆིང་བར་འདོད་པ་ནི་མཚོ་སྐྱེས་རྩ་འགྲེལ་གྱི་ལུགས་ལ་དེ་ལྟར་དུ་ཁས་ལེན་དགོས་ཀྱང་། འདིར་ནི་འཁོར་གྱི་ལྷ་མོ་དབྱུང་བའི་སྐབས་སུ་རྗེ་བཙུན་གྱིས་ཐིག་ལེ་ལས་ས་བོན་དུ་གྱུར་ནས་ས་བོན་ལས་ལྷ་མོ་བརྒྱད་དུ་གྱུར་ཏེ་ཕྱིར་སྤྲོ་བ་ནི་ཞེས་དང་། འཁོར་རྣམས་མངལ་དུ་ས་བོན་ལས་སྐུར་གྱུར་ཏེ། ཕྱོགས་མཚམས་སུ་སྤྲོ་བ་དེའི་ཚེ། རྒྱུ་རྡོ་རྗེ་འཛིན་པ་དཀར་པོར་བྱ་སྟེ། ཞེས་གསུངས་པས་ཡན་ལག་དྲུག་གིས་བཅིངས་ནས་རྒྱུ་རྡོ་རྗེ་འཆང་དཀར་པོར་བྱའོ་ཞེས་གསུངས་པ་ལ། ཉི་ཟེར་ལས་དེ་ནི་མི་འཐད་དེ། དེ་ལྟར་ན་མཉམ་སྦྱོར་གྱི་མངོན་བྱང་རྒྱས་པའི་སྐབས་སུ་འཁོར་རྣམས་ཀྱང་མངོན་བྱང་ལས་བསྐྱེད་པའི་ཕྱིར་རྒྱུ་རྡོ་རྗེ་འཛིན་པ་ཡང་ནག་པོར་བྱེད་དགོས་པར་འགྱུར་ཏེ། ཁྱེད་རང་གིས་དྲངས་པའི་ལུང་དེའི་སྔ་རོལ་དེ་མ་ཐག་ཏུ་རྗེ་བཙུན་གྱིས་དེ་ལ་འཁོར་རྣམས་ཀྱང་མངོན་བྱང་ལས་བསྐྱེད་པར་གྱུར་པ་དེའི་ཚེ་རྒྱུ་རྡོ་རྗེ་འཛིན་པ་ནག་པོར་བྱ་སྟེ་ཞེས་གསུངས་པའི་ཕྱིར་རོ། །འདོད་ན། །རྗེ་བཙུན་གྱི་ལུང་དང་། རང་གི་ཁས་བླངས་དང་འགལ་བའི་སྐྱོན་ཡོད་དོ། །དེས་ན་རྗེ་བཙུན་གྱིས་དཀྲོང་བསྐྱེད་ཀྱི་སྐབས་སུ། སྐད་ཅིག་ཙམ་གྱིས་རྒྱུ་རྡོ་རྗེ་འཛིན་པ་ནག་པོའི་རྣམ་པར་བསྐྱེད་པ་གསལ་གདབ་པར་བྱ་སྟེ་ཞེས་དང་། དེའི་རྗེས་སུ་ས་བོན་ལས་བསྐྱེད་པའི་སྐབས་སུ་བསྐྱེད་ཆོག་མི་འདྲ་བའི་ཁྱད་པར་གསུངས་ནས་སྐུ་མདོག་གི་དམིགས་བསལ་དངོས་སུ་མ་གསུངས་པར་ཆོ་ག་ལྷག་མ་རྣམས་ནི་སྔ་མ་དང་འདྲའོ་ཞེས་དང་། དེའི་རྗེས་ཐོགས་སུ་ཨཱ་ལི་ཀཱ་ལི་ལ་མ་ལྟོས་པའི་རྒྱས་འབྲིང་གཉིས་ཀའི་སྐབས་སུ་ཡང་བསྐྱེད་ཆོག་གི་ཁྱད་པར་ཙམ་བསྟན་ནས། ཆོ་ག་ལྷག་མ་རྣམས་སྔ་མ་དང་འདྲའོ་ཞེས་གསུངས་པས་སྐུ་མདོག་ཀྱང་བསྟན་པ་ཡིན་ནོ། །གཞན་ཡང་གོང་གི་བསྐྱེད་ཆོག་གསུམ་དང་། ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མི་མཉམ་སྦྱོར་གྱི་མངོན་རྟོགས་ཏེ་ཚུལ་བཞི་གསུངས་པའི་རྗེས་ལ། རྗེ་བཙུན་གྱིས་མངོན་པར་རྟོགས་པ་རྒྱས་པ་ཡན་ཆད་ཚུལ་བཞི་ནི་རྣལ་འབྱོར་གྱི་དབང་ཕྱུག་པདྨ་བཛྲ་གྱི་སྙིང་རྗེ་ཆེན་པོ་དང་ཚུལ་མཚུངས་ལ་ཞེས་པ་དང་། ས་བོན་ལས་བསྐྱེད་པ་འབྲིང་པོའི་དབང་དུ་མཛད་ནས་རྗེ་བཙུན་གྱིས་འབྲིང་གི་དབང་དུ་བྱས་པ་ནི། ཏིང་ངེ་འཛིན་གསུམ་དང་ཡན་ལག་དྲུག་ནི་མེད་ལ་བསྙེན་སྒྲུབ་བཞིས་བསྐྱེད་ནས་མཆོད་བསྟོད་ལ་སོགས་པ་མི་བྱ་བར་བཟླས་པ་ལ་འཇུག་པ་ཡིན་ནོ་ཞེས་གསུངས་པས་ས་བོན་ལས་བསྐྱེད་པའི་སྐབས་སུ་ཡན་ལག་བཞིས་འཆིང་བ་དང་། རྒྱུ་རྡོ་རྗེ་འཆང་ནག་པོ་ཡིན་པར་གྲུབ་བོ། །འོ་ན་གོང་གི་རྗེ་བཙུན་གྱི་ལུང་ཇི་ལྟར་དྲང་སྙམ་ན། དེ་ནི་ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མི་མཉམ་སྦྱོར་རྒྱས་འབྲིང་གཉིས་ཀྱི་དོན་བསྡུ་ཡིན་གྱི་རྣམ་པ་ཐམས་ཅད་དུ་འཇུག་པ་མ་ཡིན་ནོ། །ཞིབ་པར་ནི་དག་ལྡན་དགོངས་པ་ཞིབ་ཏུ་བཤད་ཟིན་པ་ལས་ཤེས་པར་བྱའོ་ཞེས་བྲིས་སོ། །དེ་དག་ལ་ས་བོན་ལས་བསྐྱེད་པའི་སྐབས་སུ་རྒྱུ་རྡོ་རྗེ་འཆང་ནག་པོར་བྱས་ནས་ཡན་ལག་བཞིས་འཆིང་བ། རྗེ་བཙུན་གྱིས་མངོན་པར་རྟོགས་པ་རྒྱས་པ་ཡན་ཆད་ཚུལ་བཞི་ནི་རྣལ་འབྱོར་གྱི་དབང་ཕྱུག་པདྨ་བཛྲ་གྱི་སྙིང་རྗེ་ཆེན་པོ་དང་ཚུལ་མཚུངས་ལ་ཞེས་པའི་དགོངས་པར་འཆད་པ་ནི་ལེགས་ཀྱང་སྒྲུབ་བྱེད་གཞན་རྣམས་ལ་བློ་གྲོས་རྩིང་བའི་རྣམ་བཞག་འདི་ལྟར་མཐོང་སྟེ་དེའི་རྗེས་ཐོགས་སུ་ཨཱ་ལི་ཀཱ་ལི་ལ་མ་ལྟོས་པའི་རྒྱས་འབྲིང་གཉིས་ཀའི་སྐབས་སུ་ཡང་བསྐྱེད་ཆོག་གི་ཁྱད་པར་ཙམ་བསྟན་ནས་ཆོ་ག་ལྷག་མ་རྣམས་སྔ་མ་དང་འདྲའོ་ཞེས་གསུངས་པས་སྐུ་མདོག་ཀྱང་བསྟན་ཞེས་པ་ནི་རྩིངས་ཏེ། དེ་ལྟར་ན་ཨཱ་ལི་ཀཱ་ལི་ལ་མ་ལྟོས་པའི་འབྲིང་གི་སྐབས་སུ་ཡང་རྒྱུ་རྡོ་རྗེ་འཆང་ནག་པོར་ཐལ་བའི་ཕྱིར་རོ། །གོང་གི་བསྐྱེད་ཆོག་གསུམ་དང་། ཨཱ་ལི་ཀཱ་ལི་ལ་མ་ལྟོས་པའི་མི་མཉམ་སྦྱོར་གྱི་མངོན་རྟོགས་ཏེ་ཚུལ་བཞི་པོ་པདྨ་བཛྲ་དང་ཚུལ་མཚུངས་པར་འདོད་པ་ཡང་རྩིངས་ཏེ། དེ་ལྟར་ན་ཨཱ་ལི་ཀཱ་ལི་ལ་མ་ལྟོས་པ་དང་། ལྟོས་པའི་ཡན་ལག་དྲུག་པ་རྣམས་ཀྱང་དེར་ཐལ་བའི་ཕྱིར་རོ། །ས་བོན་ལས་བསྐྱེད་པ་ལ་འབྲིང་པོའི་ཐ་སྙད་བྱེད་པ་ནི་ཤིན་ཏུ་ནོར་ཏེ། རྟོགས་པ་ཡས་རིམ་དང་། བློ་གྲོས་མས་རིམ་གང་གི་ཡང་འབྲིང་གི་བསྒོམ་བྱ་མ་ཡིན་ཞིང་། ལྗོན་ཤིང་ནས་གསུངས་པའི་དངོས་གཞིའི་ཆིངས་རྒྱས་འབྲིང་བསྡུས་པ་གསུམ་ཆར་སྦྱར་དུ་རུང་བར་མཚུངས་ལ། བསྐྱེད་ཆོག་གི་སྒོ་ནས་འབྲིང་པོ་ནི་རྒྱུ་རྡོ་རྗེ་འཆང་མངོན་བྱང་ལས་བསྐྱེད་ཅིང་འཁོར་གྱི་ལྷ་མོ་ལ་མངོན་བྱང་མེད་པ་ཉིད་ཡིན་པའི་ཕྱིར་དང་། དེ་ལས་གཞན་འབྲིང་པོར་འཇོག་པའི་སྒྲུབ་བྱེད་ལན་བརྒྱར་བཙལ་ཀྱང་མི་རྙེད་པའི་ཕྱིར་རོ། །ས་བོན་ལས་བསྐྱེད་པ་འབྲིང་པོའི་དབང་དུ་མཛད་ནས་རྗེ་བཙུན་གྱིས་འབྲིང་གི་དབང་དུ་བྱས་པ་ནི། ཏིང་ངེ་འཛིན་གསུམ་དང་། ཡན་ལག་དྲུག་ནི་མེད་ལ། བསྙེན་སྒྲུབ་བཞིས་བསྐྱེད་ནས་མཆོད་བསྟོད་ལ་སོགས་པ་མི་བྱ་བར་བཟླས་པ་ལ་འཇུག་པ་ཡིན་ནོ་ཞེས་གསུངས་ཞེས་པ་ནི། མངོན་བྱང་གི་སྐབས་ཀྱི་རྒྱས་འབྲིང་དང་། མངོན་རྟོགས་ལྗོན་ཤིང་ལས་གསུངས་པའི་རྒྱས་འབྲིང་གཉིས་ཀྱི་ཁྱད་པར་མ་ཕྱེད་པའི་གཏམ་སྟེ། མངོན་བྱང་གི་སྐབས་ཀྱི་འབྲིང་པོ་ཡིན་ན། ཡན་ལག་དྲུག་གིས་འཆིང་བས་ཁྱབ་ལ་ལྗོན་ཤིང་ལས་གསུངས་པའི་འབྲིང་པོ་ཡིན་ན། ཏིང་ངེ་འཛིན་གསུམ་དང་། ཡན་ལག་དྲུག་གིས་མི་འཆིང་བས་ཁྱབ་པ་དངོས་སུ་གསུངས་པས་དེ་གཉིས་འགལ་བའི་ཕྱིར་རོ། །གལ་ཏེ་ལྗོན་ཤིང་ནས་གསུངས་པའི་འབྲིང་པོའི་འབྲིང་པོ་དེ། ས་བོན་ལས་བསྐྱེད་པ་འབྲིང་པོའི་དབང་དུ་མཛད་པ་ཡིན་ན། དེ་ནས་གསུངས་པའི་རྒྱས་པ་དེ་ཡང་མངོན་བྱང་ལས་བསྐྱེད་པ་རྒྱས་པའི་དབང་དུ་བྱས་པར་ཁས་ལེན་དགོས་ལ། དེ་ཡང་ཁས་ལེན་ན་ལྗོན་ཤིང་ནས་གསུངས་པའི་རྒྱས་འབྲིང་བསྡུས་པ་གསུམ་པོ་དེ་རྒྱུད་གསུམ་ནས་གསུངས་པའི་མཆོག་སྒྲུབ་པ་དང་། ལས་རྒྱས་པའི་ལྷ་ཐམས་ཅད་ཀྱི་མངོན་པར་རྟོགས་པ་སྟོན་པ་མ་ཡིན་པར་འགྱུར་རོ། །དགག་སྒྲུབ་བྱེད་ཚུལ་འདི་ལ་བལྟས་ན་རྒྱུད་གསུམ་གྱི་བརྡ་ཆད་ཐུན་མོང་མ་ཡིན་པ་རྣམས་ལ་ཞིབ་ཆ་ཆེ་བ་གཅིག་མེད་པ་འདྲའོ། །གཞན་ཡང་རྗེ་བཙུན་གྱིས་འབྲིང་གི་དབང་དུ་བྱས་པ་ནི། ཏིང་ངེ་འཛིན་གསུམ་དང་། ཡན་ལག་དྲུག་ནི་མེད་ལ་བསྙེན་སྒྲུབ་བཞིས་བསྐྱེད་ཅེས་གསུངས་པ་ལ་བརྟེན་ནས་འབྲིང་པོ་ས་བོན་ལས་བསྐྱེད་པའི་སྐབས་སུ་ཡན་ལག་བཞིས་འཆིང་བ་དང་། རྒྱུ་རྡོ་རྗེ་འཆང་ནག་པོ་ཡིན་པར་འགྲུབ་ན་རྒྱུ་རྡོ་རྗེ་འཆང་ཁོ་ན་མངོན་བྱང་ལས་བསྐྱེད་པའི་མངོན་པར་རྟོགས་པ་ཐམས་ཅད་ལ་ཡན་ལག་བཞིས་འཆིང་བ་དང་། རྒྱུ་རྡོ་རྗེ་འཆང་ནག་པོ་ཡིན་པར་ཁས་ལེན་དགོས་པར་འགྱུར་ཏེ། དེ་དག་འབྲིང་པོ་ཡིན་ཞིང་འདི་དང་ལྗོན་ཤིང་ནས་བཤད་པའི་འབྲིང་པོ་གཉིས་པོ་དོན་གཅིག་པར་ཁས་བླངས་པའི་ཕྱིར་རོ། །མན་ངག་གི་གཏེར་མཛོད་ལས། ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མི་མཉམ་སྦྱོར་གྱི་སྐབས་སུ་ཉི་ཟླ་གཉིས་ལ་ཨཱ་ལི་ཀཱ་ལིས་མཚན་པར་བཞེད་པ་ནི་མི་འཐད་དེ། གོང་མའི་གསུང་རབ་གང་ལས་ཀྱང་མ་བཤད་ཅིང་། མི་མཉམ་སྦྱོར་གྱི་སྐབས་སུ་ཉི་ཟླ་གཉིས་ཀྱི་ངོས་ནས་ཐབས་ཤེས་རབ་ཏུ་གྲུབ་ཟིན་པས་ཨཱ་ལི་ཀཱ་ལིས་མཚན་མི་དགོས་ལ། མཉམ་སྦྱོར་གྱི་སྐབས་སུ་ཟླ་བ་གཉིས་སུ་འདྲ་ཡང་། ཐབས་ཤེས་ལ་སོ་སོར་སྦྱོར་བའི་ཆེད་དུ་ཨཱ་ལི་ཀཱ་ལིས་མཚན་པའི་ཁྱད་པར་མ་དགོངས་འདུག་པའི་ཕྱིར་རོ། །གཙོ་བོ་མཉམ་སྦྱོར་ལས་བསྐྱེད་པའི་སྐབས་སུ་འཁོར་གྱི་ལྷ་མོ་མཉམ་སྦྱོར་ལས་བསྐྱེད་པ་ཡང་ཤིན་ཏུ་ནོར་ཏེ། དག་ལྡན་ལས། ཟླ་བ་གྲུ་གསུམ་ཉིས་བརྩེགས་ཀྱི་མངོན་བྱང་ལས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད། འཁོར་གྱི་ལྷ་མོ་རྣམས་ནི་མངལ་ནས་ས་བོན་ནམ། སྐུ་ཡོངས་སུ་རྫོགས་པ་བསྐྱེད་ཀྱང་རུང་། གཙོ་ཆེ་བ་ནི་ཨཱ་ལི་ཀཱ་ལི་ལས་ཉི་ཟླ་གྲུབ་པའི་བར་དུ་དབང་གི་གནས་ནི་ཐིག་ལེ་རྐྱང་པའམ་ས་བོན་སྤྲོས་པའི་མངོན་བྱང་མི་མཉམ་སྦྱོར་རྫོགས་པ་ལས་བསྐྱེད་པར་བྱ་སྟེ། དེའང་ལེའུ་བརྒྱད་པ་ལས། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །ཞེས་བྱ་བ་ཚིགས་སུ་བཅད་པ་གཉིས་ཀྱིས་གཙོ་བོ་བསྐྱེད་པའི་རྗེས་ཁོ་ན་ལ། ཐབས་དང་ཤེས་རབ་རང་བཞིན་ལས། །ཞེས་བྱ་བ་ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱིས་འཁོར་བསྐྱེད་པ་བསྟན་པ་ཡིན་ནོ་ཞེས་དང་། གསང་དབང་གི་བྱང་ཆུབ་ཀྱི་སེམས་ཐིག་ལེ་ལ་བརྟེན་པའམ། རང་བཞིན་བརྒྱད་ཅུའི་རྟོག་པ་དང་བྲལ་བས་ན་དཀར་བའོ་ཞེས་མཉམ་སྦྱོར་གྱི་མངོན་བྱང་ལྔ་པ་དེ་དཀར་པོ་ཁོ་ནར་གསུངས་པ་དང་འགལ་བའི་ཕྱིར་རོ། །ཡུམ་གྱི་མངོན་བྱང་ལ་ཨཱ་ལི་ཀཱ་ལི་ལ་མ་ལྟོས་པའི་མི་མཉམ་སྦྱོར་དང་། ལྟོས་པའི་མི་མཉམ་སྦྱོར་དེ་མངོན་པར་རྟོགས་པ་གཉིས་སུ་འདོད་པ་ཡང་མི་འཐད་དེ། ལེའུ་བརྒྱད་པར། དེ་ཡི་སྟེང་དུ་ཟླ་བ་ཡིན་ཞེས་སོགས་ལ་ཨཱ་ལི་ཀཱ་ལི་ལ་མི་ལྟོས་པ་དང་། ཨཱ་ལི་ཟླ་བའི་གཟུགས་ཀྱི་ནི། །ཞེས་སོགས་ལ་ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མངོན་པར་རྟོགས་པས་སོ་སོར་ཕྱེ་བ་ནི་ཡབ་ཀྱི་སྐབས་སུ་ཡིན་གྱི་ཡུམ་གྱི་སྐབས་སུ་དེ་གཉིས་མདོར་བསྟན་རྒྱས་བཤད་དུ་སྦྱར་ནས་མངོན་བྱང་གཅིག་ཏུ་བྱ་བར་དག་ལྡན་ལས་ཤིན་ཏུ་གསལ་བའི་ཕྱིར་རོ། །མངོན་རྟོགས་ཚུལ་བཅོ་ལྔ་པ་ངོས་འཛིན་པའི་སྐབས་སུ་གནད་ཀྱི་ཟླ་ཟེར་ལས། དཔལ་བིརྺ་པའི་བཞེད་པས། སྙིང་པོ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ལ་བཅུ་བཞི་པོ་འདི་ཁོ་ནར་ངེས་སོ། །འོ་ན་རྗེ་བཙུན་གྱིས་མངོན་པར་རྟོགས་པ་ཚུལ་བཅུ་བཞིའམ། བཅོ་ལྔ་སྣང་མོད་ཀྱི་རྒྱུད་ཉིད་ཀྱི་སྟེང་དུ་རྟོགས་པར་བྱའོ་ཞེས་པ་དེ་ཇི་ལྟར་དྲང་ཞེ་ན། འདི་ལ་བླ་མ་དག་གི་གསུང་སྒྲོས་ལ་ཞེས་པ་ནས་གཞུང་འཁྲུགས་ཅན་དུ་བྱས་ཏེ། སློབ་དཔོན་མི་ཐུབ་ཟླ་བའི་ལུགས་ལྟར་མངོན་རྟོགས་གཅིག་ཏུ་བྱས་པ་དང་། གཞུང་འཁྲུགས་པ་མེད་པར་ལེའུ་བརྒྱད་པ་དང་སྦྱར་ནས་མངོན་རྟོགས་བཅུ་བཞིར་བྱ་བ་སྟེ་ལུགས་གཉིས་བཤད་པའི་དང་པོ་འཁྲུགས་ཅན་ལ་ཟེར་བ་ཡིན་ཏེ། དེ་སྙིང་པོ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ལ། ཉི་ཟེར་སློབ་དཔོན་ན་རེ། འདི་ནི་ཆེས་ཤིན་ཏུ་མི་འཐད་དེ། བིརྺ་པའི་ལུགས་ཀྱི་སྙིང་པོ་ཀྱཻ་རྡོ་རྗེ་མངོན་རྟོགས་ཚུལ་བཅུ་བཞིར་གྲངས་ངེས་ན་གོང་དུ་ཌཾ་བྷི་ཧེ་རུ་ཀ་རྗེས་འབྲང་དང་བཅས་པས་སྨིན་གྲོལ་གྱི་ལམ་ཐམས་ཅད་བིརྺ་པའི་ལམ་དུ་བསྒྲུབ་པ་དང་། ཁྱད་པར་དུ་བིརྺ་པའི་ལུགས་ཀྱི་མངོན་རྟོགས་ཚུལ་བཅོ་ལྔ་པ་ལ་མི་ཐུབ་ཟླ་བའི་འཁྲུགས་ཅན་བགྲངས་པ་དང་ཁས་བླངས་ནང་འགལ་བའི་སྐྱོན་ཡང་ཡོད་ལ། མན་ངག་ལུགས་ལ་ཡང་བཅུ་བཞིར་གྲངས་ངེས་པ་མ་ཡིན་ཏེ། མངོན་རྟོགས་ཚུལ་བཅོ་ལྔར་གྲངས་ངེས་པའི་ཕྱིར་རོ། །མན་ངག་ལུགས་ལ་ལྷའི་ལེའུར་བཤད་པའི་ཆོ་ག་གསུམ་བསྐྱེད་ཀྱིས་ཁ་བསྐངས་ན། དེར་བཤད་པའི་དཀྲོང་བསྐྱེད་ཀྱིས་ཁ་བསྐང་བར་འགྱུར་ཞེས་པ་ཡང་འབྲེལ་མེད་ཡིན་ཏེ། མན་ངག་ལུགས་ལ་ལྷའི་ལེའུའི་སྐབས་འདིར་བསྡུས་པ་ས་བོན་ལས་བསྐྱེད་པ་འབྲིང་པོ་རྡོ་རྗེ་ཆོ་ག་གསུམ་ལས་བསྐྱེད་པ་རྒྱས་པ་མངོན་བྱང་ལས་བསྐྱེད་པ་གསུམ་བཤད་ཀྱི། སྐབས་འདིར་དཀྲོང་བསྐྱེད་ཀྱི་བཤད་པ་མན་ངག་ལུགས་ཀྱི་གཞུང་གི་ཆ་གང་དུ་ཡང་མི་འབྱུང་བའི་ཕྱིར་རོ། །འདིར་བཤད་པའི་ས་བོན་ལས་བསྐྱེད་པ་དང་། མངོན་བྱང་ལས་བསྐྱེད་པ་གཉིས། སྔར་གྱི་བཅུའི་ནང་དུ་འདུས་ཀྱང་། ཧེ་རུ་ཀ་གསུམ་གྱི་མངོན་རྟོགས་དང་། ཕྱག་བཅུ་དྲུག་པའི་མངོན་རྟོགས་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པར་སྨྲ་བའི་སྒྲུབ་བྱེད་དེ་དག་ཀྱང་མ་བརྟགས་པ་ཁོ་ནར་ཟད་དེ། འདི་ལྟར་ཧེ་རུ་ཀ་གསུམ་གྱི་མངོན་རྟོགས་ལ་མན་ངག་ལུགས་ལ། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ། འཁོར་གྱི་ལྷ་མོ་དབྱུང་བ། ཞུ་བ་གླུས་བསྐུལ་བ་རྣམས་ནི་ཤིན་ཏུ་གསལ་བར་བཤད་དེ། རྗེ་བཙུན་གྱིས་གུར་རྒྱན་གྱི་ལེའུ་བཞི་པར་རིགས་རྐྱང་བསྡུས་ཀྱི་དབྱེ་བས། མངོན་པར་བྱང་ཆུབ་པ་ཚན་པ་ལྔའམ་གཅིག་གིས། རྒྱུ་རྡོ་རྗེ་འཛིན་པ་དཀར་པོ་ལྔའམ་གཅིག་བསྐྱེད་པ་སྟེ། ཡན་ལག་བདུན་པ་ནས་རྒྱུ་རྡོ་རྗེ་འཛིན་པའི་མངོན་བྱང་ལྔ་ཡན་ཆད་ལེའུ་བཅུ་གཉིས་པ་ན་ཤིན་ཏུ་གསལ་བར་བཞུགས་སོ། །དེ་ནས་མཁའ་གསང་བྱིན་གྱིས་བརླབས་པ་ནས་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པའི་ཚོགས་སྤྱན་དྲངས་ནས་ཞུ་བར་གྱུར་པ་ལས། དབང་གི་གནས་སུ་རང་རང་གི་ལྷ་མོ་རྣམས་ཀྱི་མིང་གི་ཡི་གེ་དང་པོ་ལས་རང་རང་གི་ལྷ་མོ་རྣམས་བསྐྱེད། རང་རང་གི་གནས་སུ་ཕྱུང་ལ་གསལ་གདབ་པ་ནི། མཁའ་འགྲོ་མ་ཡི་དཀྱིལ་འཁོར་སྤྲོ། །ཞེས་བྱ་བ་ཡིན་ནོ། །དེ་དག་ལས་དཀྱིལ་འཁོར་གྱི་རྒྱ་ཁྱོན་ནི་ལེའུ་དྲུག་པ་ནས་འབྱུང་། དཀྱིལ་འཁོར་གྱི་བཀོད་པ་དང་། ལྷ་ཡི་གྲངས་ནི་ལེའུ་དང་པོ་ནས། གཙོ་བོ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ལེའུ་བཅུ་བཞི་པ་དང་། ལྔ་པ་དང་། དགུ་པ་ནས། ཧེ་རུ་ཀ་གསུམ་གྱི་རྣམ་པ་ནི་བཅོ་ལྔ་པའི་སྟོད་ནས། འཁོར་གྱི་ལྷ་མོ་རྣམས་ཀྱི་ཕྱག་མཚན་དག་པ་དང་བཅས་པ་ནི་ལེའུ་བཞི་པ་ལས་གསུངས། དེ་ལྟ་བུའི་རིགས་རྐྱང་བསྡུས་དང་། བསྡུས་པ་རྒྱས་བསྡུས་ཀྱི་དབྱེ་བ་ནི་ལེའུ་ལྔ་པ་ནས་འབྱུང་བས། མངོན་པར་རྟོགས་པའང་དེར་བཤད་པར་བྱའོ། །དེ་ནས་རྒྱུ་རྡོ་རྗེ་འཛིན་པ་འོད་དུ་ཞུ་བ་ནི་ཡི་གེ་གསུམ་ཧོ་གཉིས་ཀྱི་མཐའ་བསྟན་པ་ཞལ་དུ་ཞུགས་པས་ཞུ་བ་ནི། དྲི་ཟ་མཉམ་པར་ཞུགས་ནས་ནི། །ཁུ་བར་རྗེས་སུ་དྲན་པར་བྱ། །ཞེས་བྱའོ། །དེ་ནས། མཚམས་ཀྱི་ལྷ་མོས་བསྐུལ་བར་བྱ། །ཞེས་བྱ་བས་གླུས་བསྐུལ་ཏེ། གླུའི་ཚིག་ནི་ལེའུ་བརྒྱད་པ་ནས་འབྱུང་ངོ་། །འཁོར་ལོའི་འདྲེན་པ་བསྐུལ་ནས་ནི། །ཞེས་བྱ་བ་ནི་འབྲས་བུ་རྡོར་འཛིན་བཞེངས་པ་སྟེ། བཞེངས་པའི་སྔགས་ནི་ལེའུ་བཅུ་གཉིས་པ་ནས་འབྱུང་ངོ་ཞེས་ཧེ་རུ་ཀ་གསུམ་ལ་ཡང་ཡན་ལག་དྲུག་པའི་ཚུལ་དུ་སྤྱིར་གསུངས་ནས་དེ་ཉིད་གསལ་བར་བྱ་བའི་ཕྱིར། ལེའུ་བཅོ་ལྔ་པ་ལས། ཡན་ལག་གི་དོན་ནི་ཧེ་རུ་ཀ་གསུམ་ནི་འདིར་དཔའ་བོ་གཅིག་པའམ། ལྷན་གཅིག་བསྐྱེད་པའི་རྣལ་འབྱོར་དུ་གསུངས་ཏེ། དེ་ལྟ་བུའི་མངོན་པར་རྟོགས་པ་བསྒོམས་ན། འོག་ཏུ་ཀུ་རུ་ཀུལླེ་ལ་སོགས་པ་དང་འདྲ་བས་དེར་བརྗོད་པར་བྱའོ། །དཀྱིལ་འཁོར་དུ་བསྒོམས་ན་རྩ་བའི་རྒྱུད་དང་ཐུན་མོང་དུ་བྱས་ཏེ། ཚོགས་ཀྱི་ཞིང་སྤྱན་དྲང་པ་ནས་གཞལ་ཡས་ཁང་བསྒོམ་པའི་བར་ལེའུ་བཅུ་གཉིས་པ་བཞིན་བྱ། དེ་ནས་མངོན་བྱང་ལྔ་ལས་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ་དག་འཁོར་གྱི་ལྷ་མོ་དབྱུང་བ་ནས་བརྩམས་ཏེ། ཡན་ལག་ཐམས་ཅད་གོང་དུ་བསྟན་པ་བཞིན་ཤེས་པར་བྱའོ། །ཡང་ཕྱག་གཉིས་པ་ལ་ཡུམ་མེད་པས་འཁོར་གྱི་ལྷ་མོ་སྙིང་ཁ་ནས་འབྱིན་ཏེ། དེའི་ཕྱིར་རྒྱུ་རྡོ་རྗེ་འཛིན་པ་འོད་དུ་ཞུ་བ་དང་། གླུས་བསྐུལ་བ་དང་། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ་འདིའི་ཕྱོགས་ལ་མི་དགོས་སོ། །ཡང་བདག་མེད་མ་ནི་སྤྱིའི་ཡུམ་ཡིན་པས། ཡུམ་བདག་མེད་མས་བྱས་ལ་མཁའ་གསང་བྱིན་གྱིས་བརླབ་པ་ལ་སོགས་པ་ཐམས་ཅད་ཕྱག་བཅུ་དྲུག་པ་བཞིན་དུ་བྱས་པས་འགྲུབ་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །འོ་ན་གོང་གི་རྗེ་བཙུན་གྱི་ལུང་ཇི་ལྟར་དྲངས་སྙམ་ན་དེ་ནི་མི་ཐུབ་ཟླ་བའི་ལུགས་བརྗོད་པ་ཙམ་ཡིན་ཏེ། དག་ལྡན་ལས། ནམ་མཁའི་དཀྱིལ་འཁོར་ཁྱབ་པ་ཡི། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གིས་ནི་འཁོར་གྱི་ལྷ་མོ་དབྱུང་བ་བསྟན་ཏེ། སྦྱང་དཀའ་ཟླ་བའི་དགོངས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་དང་། རྗེ་བཙུན་གྱི་དགོངས་པ་མཐའ་གཅིག་ཏུ་མིན་པར་བཤད་མ་ཐག་པའི་གུར་རྒྱན་གྱི་ལུང་ལས་གསལ་ལོ། །རྗེ་བཙུན་རྩེ་མོས་ཀྱང་ཧེ་རུ་ཀའི་འཁོར་ཐུགས་ཁ་ནས་སྤྲོ་བ་འབའ་ཞིག་ཏུ་བཤད་པ་མ་ཡིན་ཏེ། རྗེ་བཙུན་རྩེ་མོས་སཾ་བུ་ཊའི་ཊཱི་ཀར། དེ་ལྟར་གཙོ་བོ་བསྐྱེད་ནས་འཁོར་བསྐྱེད་པ་ནི་ནམ་མཁའི་དཀྱིལ་འཁོར་ཞེས་བྱ་བ་ཤ་ལོ་ཀ་གཅིག་སྟེ། འདི་ནི་ཕྱག་གཉིས་པའི་དབང་དུ་བྱས་པར་བཞེད་དོ་ཞེས་དང་། ཕྱག་བཞི་པའི་སྐབས་སུ་འོན་ཀྱང་འདིའི་འཁོར་གྱི་ལྷ་མོ་ནི་མངལ་སྐྱེས་སུ་བྱའོ་ཞེས་བྱ་བ་ནི་མན་ངག་གོ་ཞེས་དང་། ཕྱག་དྲུག་པའི་སྐབས་སུ་གསུམ་པ་དེར་འཁོར་གྱི་ལྷ་མོ་དབྱུང་བ་ནི་དེ་ཡང་མངལ་སྐྱེས་ཀྱི་ཚུལ་གྱིས་དབྱུང་སྟེ་ཞེས་གསལ་བར་གསུངས་པ་དང་། རྗེ་ས་སྐྱ་པ་ཆེན་པོས་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པ་ལས། གསང་གནས་ནས་རྫུས་སྐྱེས་ཀྱི་ཚུལ་དུ་འཁོར་གྱི་ལྷ་རྣམས་ཕྱུང་སྟེ་ཞེས་གསུངས་པ་ལ་རྟོག་ཤིག ཁྱད་པར་དུ་སྐབས་འདིར་མི་ཐུབ་ཟླ་བའི་འཁྲུགས་ཅན་མངོན་པར་རྟོགས་པ་བཅོ་ལྔ་པ་ཡིན་པར་རིགས་ཏེ། དེ་སྙིང་པོ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་ནི་རིགས་པ་དང་བྲལ་བའི་རྣམ་འགྱུར་ཡིན་ཏེ། དེ་ལྟར་ན་མི་ཐུབ་ཟླ་བའི་དགོངས་པ་མཉམ་སྦྱོར་དང་མི་མཉམ་སྦྱོར་གྱི་སྒྲུབ་ཐབས་གཉིས་པོ་རེ་རེ་ལ་ཡང་ས་བོན་སྤྲོ་བ་དང་། ལྷ་མོ་སྤྲོ་བ་གཉིས་ཀྱིས་ཕྱེ་བས་སྙིང་པོ་ཀྱཻ་རྡོ་རྗེའི་མངོན་རྟོགས་བཞི་དང་། མཚོ་སྐྱེས་དགོངས་པ་དཀྲོང་བསྐྱེད། ས་བོན་ལས་བསྐྱེད་པ། རྡོ་རྗེ་ཆོ་ག་ལས་བསྐྱེད་པ། མངོན་བྱང་ལ་ཨཱ་ལི་ཀཱ་ལི་ལ་ལྟོས་མ་ལྟོས་གཉིས། དེ་རེ་རེ་ལ་ཡང་ཐིག་ལེ་སྤྲོ་བ་དང་། ས་བོན་སྤྲོ་བ་གཉིས་ཀྱིས་ཕྱེ་བས། སྙིང་པོ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་བདུན་དང་། གཞན་ཡང་ནག་པོ་དམ་ཚིག་རྡོ་རྗེས་བཤད་པ་ལ་སོགས་པ་གོང་གི་བཅུ་གཉིས་པོ་ལ་མ་གཏོགས་པའི་སྙིང་པོ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ཐམས་ཅད་སྐབས་འདིའི་མངོན་རྟོགས་བཅོ་ལྔ་པར་འགྱུར་ཏེ། དེ་རྣམས་སྙིང་པོ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ཡིན་པའི་ཕྱིར་རོ། །ཁྱད་པར་དུ་རྡོ་རྗེ་ཆོ་ག་ཡན་ལག་གསུམ་ལས་བསྐྱེད་པའི་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་དེ་སྐབས་འདིའི་མངོན་རྟོགས་ཚུལ་བཅོ་ལྔ་པར་འགྱུར་ཏེ། དེ་སྙིང་པོ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ཡིན་པའི་ཕྱིར་རོ་ཞེས་པ་ཐམས་ཅད་དུ་མཚུངས་སོ། །དེས་ན་མི་ཐུབ་ཟླ་བའི་འཁྲུགས་ཅན་སྐབས་འདིའི་མངོན་རྟོགས་བཅོ་ལྔ་པར་བགྲང་བ་མི་རིགས་ཏེ། སྐབས་འདིའི་ཚུལ་བཅོ་ལྔ་པོ་མན་ངག་ལུགས་འབའ་ཞིག་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྡོ་རྗེ་ཆོ་ག་གསུམ་ལས་བསྐྱེད་པ་བཅོ་ལྔ་པར་བགྲང་བར་རིགས་ཏེ། དག་ལྡན་ལས། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་ཧེ་རུ་ཀ་གསུམ་གྱི་དམ་ཚིག་སེམས་དཔའ་སྒོམ་པ་ནི། ཤླཽ་ཀ་ཕྱེད་དང་གསུམ་གྱིས་བསྟན་ཏེ། འདིས་མཚོན་ནས་ཨཾ་ལས་གྲི་གུག་ཨཾ་གིས་མཚན་པ་ལས་བདག་མེད་མ་བསྐྱེད་པ་ནས་བཟུང་སྟེ། ཌཾ་ལས་རྡོ་རྗེ་ཌཾ་གིས་མཚན་པ་ལས་གཡུང་མོ་བསྐྱེད་པའི་བར་དུ་ཡང་སྦྱར་རོ་ཞེས་སྐབས་འདིར་སྐུ་རྡོ་རྗེ་ལ་ཡུམ་དངོས་སུ་མ་གསུངས་ཀྱང་དེ་ལྟར་དུ་གསུངས་པས། འདི་སྙིང་པོ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ལ་སྦྱོར་བར་ཤིན་ཏུ་གསལ་ལོ། །དེས་ན་ཁོ་བོའི་དཔལ་ལྡན་བླ་མ་དམ་པས་མངོན་རྟོགས་ཚུལ་བཅུ་བཞི་པའི་རྒྱུ་རྡོ་རྗེ་འཛིན་པའི་སྐུ་མདོག་གི་ཁྱད་པར་དང་། ཚུལ་བཅོ་ལྔ་པ་རྡོ་རྗེ་ཆོ་ག་ལས་བསྐྱེད་པར་མཛད་པ་དང་། ཧེ་རུ་ཀ་གསུམ་ལ་རྒྱུ་རྡོ་རྗེ་འཆང་བསྐྱེད་པ་དང་། འཁོར་གྱི་ལྷ་མོ་མངལ་ནས་དབྱུང་བ། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ་ཡོད་པར་གསུངས་པ་རྣམས་ནི། རྗེ་བཙུན་གོང་མ་རྣམས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་ཡིན་པར་ཤེས་དགོས་ཤིང་འདི་ལྟ་བུའི་རྗེས་སུ་འཇུག་པ་ཡང་སྐལ་བ་བཟང་བར་རྟོགས་པར་བྱའོ་ཞེས་བྲིས་སོ། །དེ་དག་རིམ་པ་བཞིན་འགོག་པ་ནི། བིརྺ་པའི་ལུགས་ཀྱི་ཀྱཻ་རྡོ་རྗེའི་མངོན་རྟོགས་ཚུལ་བཅུ་བཞིར་གྲངས་ངེས་པ་ཞེས་པ་དང་། གོང་དུ་ཌོཾ་བྷི་ཧེ་རུ་ཀ་རྗེས་འབྲང་དང་བཅས་པའི་སྨིན་གྲོལ་གྱི་ལམ་ཐམས་ཅད་བིརྺ་པའི་ལམ་དུ་བསྒྲུབ་པ་དང་། མངོན་རྟོགས་ཚུལ་བཅོ་ལྔ་པ་ལ་མི་ཐུབ་ཟླ་བའི་འཁྲུགས་ཅན་བགྲངས་པ་རྣམས་ནང་འགལ་ལོ་ཞེས་པ་ནི་ཚིག་ཙམ་ལ་བརྟེན་པའི་དགག་སྒྲུབ་སྟེ། འདིར་བིརྺ་པའི་ལུགས་ཀྱི་སྙིང་པོ་ཀྱཻ་རྡོ་རྗེའི་མངོན་རྟོགས་ཚུལ་བཅུ་བཞིར་གྲངས་ངེས་ཞེས་པ་ནི་མན་ངག་ལུགས་ཀྱི་དབང་དུ་བྱས་པ་ཡིན་པའི་ཕྱིར་རོ། །མན་ངག་ལུགས་ཉིད་ལ་ཡང་བཅུ་བཞིར་གྲངས་མ་ངེས་ཏེ་མངོན་རྟོགས་ཚུལ་བཅོ་ལྔར་གྲངས་ངེས་པའི་ཕྱིར་རོ་ཞེས་པ་ནི་ཤིན་ཏུ་མི་འཐད་དེ། སྤྱིར་མན་ངག་ལུགས་ཀྱི་མངོན་རྟོགས་ལ་བཅུ་བཞིར་གྲངས་ངེས་པ་གཞན་གྱིས་ཀྱང་ཁས་མ་བླངས་ལ་མན་ངག་ལུགས་ལ་སྙིང་པོ་ཀྱཻ་རྡོ་རྗེའི་མངོན་རྟོགས་ཚུལ་བཅོ་ལྔ་པ་ནི་གཞི་མ་གྲུབ་པའི་ཕྱིར་རོ། །ལྷའི་ལེའུ་ལས་བཤད་པའི་དཀྲོང་བསྐྱེད་ཀྱིས་ཁ་བསྐང་བར་འགྱུར་ཞེས་པ་ཡང་འབྲེལ་མེད་ཡིན་ཞེས་སོགས་ཀྱི་སྐྱོན་སྤོང་ནུས་པ་ཡང་མ་ཡིན་ཏེ། ལྷའི་ལེའུ་ལས་བཤད་པའི་ས་བོན་ལས་བསྐྱེད་པ་དང་། མངོན་བྱང་ལས་བསྐྱེད་པ་གཉིས་ཀྱིས་ཀྱང་ཁ་བསྐང་དགོས་པར་འགྱུར་རོ་ཞེས་པའི་སྐྱོན་སྤོང་བའི་བརྩོན་པ་ད་དུང་བྱེད་དགོས་པའི་ཕྱིར་རོ། །རྩ་རྒྱུད་ཀྱི་ཧེ་རུ་ཀ་གསུམ་གྱི་མངོན་རྟོགས་རྒྱུ་འབྲས་ཀྱི་རྡོ་རྗེ་འཛིན་པ་དང་། ཞུ་བ་གླུས་བསྐུལ་སོགས་ཡོད་པའི་ཤེས་བྱེད་དུ་གུར་རྒྱན་གྱི་ལུང་རབ་ཏུ་མང་པོ་དྲངས་པ་རྣམས་ནི་རྩ་རྒྱུད་ཀྱི་ཧེ་རུ་ཀ་གསུམ་གྱི་བསྐྱེད་ཆོག་དང་། གུར་གྱི་ཧེ་རུ་ཀ་གསུམ་གྱི་བསྐྱེད་ཆོག་མ་ཕྱེད་པའི་གཏམ་དུ་སྣང་སྟེ། གུར་གྱི་ཧེ་རུ་ཀ་གསུམ་ལ་བསྐྱེད་ཆོག་དེ་དག་མེད་པར་གཞན་གྱིས་ཀྱང་མ་སྨྲས་པའི་ཕྱིར་དང་། རྩ་རྒྱུད་ཀྱི་ཧེ་རུ་ཀ་གསུམ་གྱི་བསྐྱེད་ཆོག་ལ་དག་ལྡན་ཚད་མ་ཡིན་པའི་ཕྱིར་རོ། །རྩ་རྒྱུད་ཀྱི་ཧེ་རུ་ཀ་གསུམ་ལ་འཁོར་གྱི་ལྷ་མོ་ཐུགས་ཀ་ནས་སྤྲོ་བ་རྗེ་བཙུན་གྱི་དགོངས་པ་མཐའ་གཅིག་ཏུ་མ་ཡིན་པར་བཤད་མ་ཐག་པའི་གུར་རྒྱན་གྱི་ལུང་དང་། སཾ་བུ་ཊའི་ཊཱི་ཀ་དང་། རྗེ་ས་ཆེན་གྱི་གསུང་རྣམས་ལས་རྟོགས་ཤིག་ཅེས་པ་ནི། རྩ་རྒྱུད་དང་། བཤད་རྒྱུད་ཀྱི་ཧེ་རུ་ཀ་གསུམ་གྱི་བསྐྱེད་ཆོག་གི་ཁྱད་པར་མ་ཕྱེད་པ་ཡིན་པར་གོང་དུ་བཤད་ཟིན་ཏོ། །གཞན་ཡང་རྩ་རྒྱུད་ཀྱི་ཧེ་རུ་ཀ་གསུམ་གྱི་བསྐྱེད་ཆོག་རྒྱས་འབྲིང་བསྡུས་པ་གསུམ་ཆར་ལ་ཡང་། དང་པོ་སྟོང་ཉིད་བྱང་ཆུབ་སེམས། །ཞེས་སོགས་བསྙེན་སྒྲུབ་ཡན་ལག་བཞིས་འཆིང་བ་དང་། གུར་གྱི་ཧེ་རུ་ཀ་གསུམ་གྱི་མངོན་རྟོགས་ལ་གུར་ནས་བཤད་པའི་ཡན་ལག་དྲུག་གིས་འཆིང་བར་རྗེ་བཙུན་གྱིས་འགྲེལ་པ་གཉིས་ལས་སོ་སོར་འབྱུང་བའི་དོན་རྟོགས་ན། རྩ་རྒྱུད་ཀྱི་ཧེ་རུ་ཀ་གསུམ་ལ་ཞུ་བ་གླུས་བསྐུལ་བ་དང་། རྒྱུ་འབྲས་ཀྱི་ཧེ་རུ་ཀ་སྦྱོར་བ་སོགས་ཀྱི་འཁྲུལ་པ་འདི་ཡོད་པའི་དོན་མེད་དོ། །འོ་ན་གུར་རྒྱན་ལས། དཀྱིལ་འཁོར་དུ་སྒོམ་ན་རྩ་བའི་རྒྱུད་དང་ཐུན་མོང་དུ་བྱས་ཏེ་ཞེས་གསུངས་པ་ཇི་ལྟར་དྲང་སྙམ་ན་དེ་ནི་གུར་ལས་ཧེ་རུ་ཀ་གསུམ་ལ་དཔའ་བོ་གཅིག་པ་ལས་མ་གསུངས་པས་རྩ་བའི་རྒྱུད་ལས་འཁོར་གསུངས་པ་དང་ཐུན་མོང་དུ་བྱེད་ཅེས་པའི་དོན་ཡིན་གྱི་མངོན་རྟོགས་ཀྱི་ཆིངས་རྩ་རྒྱུད་དང་ཐུན་མོང་དུ་བྱེད་ཅེས་པ་མིན་ཏེ་ཚོགས་ཞིང་སྤྲོ་བ་མན་ཆད་ཀྱི་མངོན་རྟོགས་ཀྱི་ཆིངས་རྣམས་གུར་དང་སྦྱར་གྱི་རྩ་རྒྱུད་དང་སྦྱར་བ་མི་སྣང་བའི་ཕྱིར་རོ། །གུར་རྒྱན་གྱི་ལུང་འདིས་ཉི་ཟེར་མཁན་པོས་རྩ་རྒྱུད་ཀྱི་ཧེ་རུ་ཀ་གསུམ་གྱི་འཁོར། ཕྱག་བཅུ་དྲུག་པའི་འཁོར་དུ་རྗེ་བཙུན་གྱི་བཞེད་པར་འཆད་པ་བཀག་པ་ཡིན་ཏེ། རྩ་རྒྱུད་ཀྱི་ཧེ་རུ་ཀ་གསུམ་གྱི་འཁོར་ལེའུ་གསུམ་པ་ཉིད་ལས་གསུངས་པའི་ལྷ་མོ་བརྒྱད་ལ་བྱེད་རིགས་པའི་ཕྱིར་རོ། །མངོན་རྟོགས་ཚུལ་བཅོ་ལྔ་པ་མི་ཐུབ་ཟླ་བའི་ལུགས་ཀྱི་འཁྲུགས་ཅན་ལ་ཟེར་ཏེ། དེ་སྙིང་པོ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ཡིན་པའི་ཕྱིར་རོ་ཞེས་པ་ལ་སྐྱོན་མང་དུ་བརྗོད་འདུག་པ་རྣམས་ནི་དོན་ལ་སྐྱོན་བརྗོད་པ་ཡིན་ནམ། ཚིག་ལ་སྐྱོན་བརྗོད་པ་ཡིན། དང་པོ་ལྟར་ན་སྐྱོན་དེ་དག་འཇུག་པའི་གོ་སྐབས་མེད་དེ། འདིའི་མངོན་རྟོགས་ཚུལ་བཅོ་ལྔ་པ་ནི་ཧེ་རུ་ཀ་གསུམ་གྱི་སྐབས་སུ་བཤད་པའི་རྡོ་རྗེ་ཆོ་ག་གསུམ་བསྐྱེད་དང་། མི་ཐུབ་ཟླ་བའི་འཁྲུགས་ཅན་གཉིས་ཀྱི་ནང་ནས་ཕྱི་མ་ཡིན་པར་རིགས་ཏེ། འདིའི་མངོན་རྟོགས་ཚུལ་བཅོ་ལྔ་པོ་ཐམས་ཅད་ཀྱང་སྙིང་པོ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ཡིན་པས་སྔ་མ་སྙིང་པོ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་མ་ཡིན། ཕྱི་མ་སྙིང་པོ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ཡིན་པའི་ཕྱིར་ཞེས་པའི་དོན་ཡིན་པས་ཁྱོད་ཀྱི་སྐྱོན་དེ་དག་གང་ལ་གཏོང་བ་ཡིན་སོམས་ཤིག ཚིག་ལ་སྐྱོན་བརྗོད་པ་ཡིན་ན་ཡང་འཇུག་པའི་གོ་སྐབས་མེད་དེ། མི་ཐུབ་ཟླ་བའི་འཁྲུགས་ཅན་དེ་མངོན་རྟོགས་ཚུལ་བཅོ་ལྔ་པ་ཡིན་ཏེ། དེ་སྙིང་པོ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ཡིན་པའི་ཕྱིར་ཞེས་པ་ཡིན་གྱི་སྙིང་པོ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ཡིན་ན་སྐབས་འདིའི་མངོན་རྟོགས་ཚུལ་བཅོ་ལྔ་པ་ཡིན་པས་ཁྱབ་པ་ཚིག་དོན་གང་དུ་ཡང་ཞལ་གྱིས་མ་བཞེས་པས་དོན་མེད་ཀྱི་ཐལ་བ་མང་པོ་བརྗོད་པའི་ངལ་བས་ཅི་ཞིག་བྱ། མི་ཐུབ་ཟླ་བའི་དགོངས་པ་མཉམ་སྦྱོར་དང་། མི་མཉམ་སྦྱོར་གྱི་སྒྲུབ་ཐབས་གཉིས་པོ་རེ་རེ་ལ་ཡང་ས་བོན་སྤྲོ་བ་དང་། ལྷ་མོ་སྤྲོ་བ་གཉིས་ཀྱིས་ཕྱེ་བས་སྙིང་པོ་ཀྱཻ་རྡོ་རྗེའི་མངོན་རྟོགས་བཞི་ཞེས་པ་ནི་སྔོན་མེད་པའི་གཏམ་སྟེ། ཀུ་མུ་ཏིར། མཉམ་སྦྱོར་ནི་རྒྱུ་རྡོ་རྗེ་འཆང་གི་མངོན་རྟོགས་ལ་སྦྱར་ལ། དེའི་ཚེ་འཁོར་གྱི་ལྷ་མོ་རྣམས་མི་མཉམ་སྦྱོར་གྱི་མངོན་བྱང་ལས་བསྐྱེད་པ་མ་གཏོགས་འཁོར་གྱི་ལྷ་མོ་སྤྲོ་བ་དང་། ཞུ་བ་གླུས་བསྐུལ་སོགས་གཏན་མེད་པའི་ཕྱིར་དང་། མི་མཉམ་སྦྱོར་ལ་ལྷ་མོ་སྤྲོ་བ་ཁོ་ན་ཡིན་གྱི་ས་བོན་སྤྲོ་བ་གཏན་མེད་པའི་ཕྱིར་ཏེ། གལ་ཏེ་ཡོད་ན་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཌཾ་འདིའི་ས་བོན་དབྱུང་བ་དང་ཞེས་པས་ས་བོན་སྤྲོ་བ་དང་། གྲོང་ཁྱེར་ཉམས་དགར་ཁྱོད་དང་ང་། །ཞེས་སོགས་ཀྱིས་ལྷ་མོ་སྤྲོ་བ་བསྟན་དགོས་པ་ལས། འཁྲུགས་ཅན་གྱི་ཚེ་དེ་གཉིས་གཅིག་ཏུ་བྱས་ནས་ལྷ་མོ་སྤྲོ་བ་ཁོ་ན་ལ་སྦྱར་བར་དག་ལྡན་ལས་གསུངས་པའི་ཕྱིར་རོ། །དེ་བས་ཆེས་མཚོ་སྐྱེས་ལུགས་ལ་མངོན་རྟོགས་ཚུལ་བདུན་དུ་ཕྱེ་བ་འདི་ངོ་མཚར་ཆེ་སྟེ་རྡོ་རྗེ་ཆོ་ག་གསུམ་བསྐྱེད་མན་ངག་ལུགས་ལའང་སྦྱར་ས་མ་རྙེད་པའི་སྙིང་ནད་མཚོ་སྐྱེས་ལུགས་ལ་ལེན་པར་སྣང་ཡང་ལུགས་དེ་ལ་དེ་ལས་ཀྱང་ཆེས་མི་འཐད་པའི་ཕྱིར་དང་། ཨཱ་ལི་ཀཱ་ལི་ལ་ལྟོས་མ་ལྟོས་ཀྱི་མངོན་བྱང་རེ་རེ་ལ་ཡང་ཐིག་ལེ་སྤྲོ་བ་དང་ས་བོན་སྤྲོ་བ་དང་གཉིས་གཉིས་སུ་ཕྱེ་བས་སྙིང་པོ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་བདུན་དུ་འགྱུར་ན། རྩ་བའི་ཚུལ་བདུན་པོ་རེ་རེ་ལ་ཡང་རྒྱུ་རྡོ་རྗེ་འཆང་བཞེངས་ཚུལ། འཁོར་གྱི་ལྷ་མོ་དབྱུང་ཚུལ། འབྲས་བུ་རྡོ་རྗེ་འཆང་བཞེངས་ཚུལ་གསུམ་གསུམ་དུ་ཕྱེ་བས་ཁྱད་པར་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་འགྱུར་ཏེ། རྗེ་ས་ཆེན་གྱིས་མཚོ་སྐྱེས་ལུགས་ཀྱི་རྩ་བའི་མངོན་པར་རྟོགས་པ་ཚུལ་རེ་རེ་ལ་ཡང་ཁྱད་པར་གསུམ་གསུམ་གྱི་སྒོ་ནས་ཕྱེ་བའི་རྣམ་བཞག་མཛད་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན་དཔལ་བརྩེ་བ་ཆེན་པོའི་ཞལ་སྔ་ནས། དེ་ཡང་གང་ཟག་དབང་པོ་རབ། །འབྲིང་སོགས་བཞི་ཡི་སྒོམ་ཐབས་ནི། །སྐབས་གསུམ་དུ་ནི་མི་འདྲ་ལ། །བཞི་གསུམ་བཅུ་གཉིས་བླ་མ་བཞེད། །ཅེས་གསུངས་པ་ལ། བཞི་གསུམ་བཅུ་གཉིས་སུ་འགྱུར་བའི་ཚུལ་ཡང་གསུངས་པ། རྒྱུ་ཡི་རྡོ་རྗེ་འཆང་བསྐྱེད་དེ། །མི་འདྲ་རྣམ་པ་བཞི་རུ་གནས། །དེ་ནས་འཁོར་གྱི་ལྷ་མོ་རྣམས། །དབྱུང་ལ་མི་འདྲ་རྣམ་པ་བཞི། །འབྲས་བུ་རྡོ་རྗེ་འཆང་བཞེངས་ལ། །མི་འདྲ་བཞི་སྟེ་དེ་ལྟར་ན། །མི་འདྲ་བཅུ་གཉིས་དེ་ལྟར་གསུངས། །ཞེས་རྩ་བའི་མངོན་པར་རྟོགས་པ་ཚུལ་བཞི་ལ་གནས་སྐབས་གསུམ་དུ་མི་འདྲ་བ་གསུམ་གསུམ་དུ་ཕྱེ་བས་མི་འདྲ་བའི་ཁྱད་པར་བཅུ་གཉིས་ཞེས་པ་བཞེད་དོ། །འདི་ལྟ་བུའི་གསལ་བ་ཡོད་བཞིན་དུ། མཚོ་སྐྱེས་ལུགས་ལ་རྩ་བའི་མངོན་པར་རྟོགས་པ་བདུན་ཞེས་པའི་རྣམ་རྟོག་གི་རྙོག་མ་དེ་ཙམ་ཞིག་སློང་བ་ལ་དགོས་པ་ཅི་ཞིག་སྒྲུབ། བཞི་གསུམ་བཅུ་གཉིས་ཞེས་པས་མངོན་རྟོགས་ཚུལ་བཅུ་གཉིས་སུ་འགྱུར་བ་ནི་མ་ཡིན་ཏེ། ཚུལ་བཞི་ཉིད་ཡིན་པའི་ཕྱིར་རོ། །ལུགས་འདི་ལ་ཚུལ་བཞི་ལས་མེད་པའི་རྒྱུ་མཚན་ཡང་ཕྱི་མའི་ལྔ་པར་གསུངས་པའི་དཀྲོང་བསྐྱེད་དང་། ས་བོན་ལས་བསྐྱེད་པ་གཉིས་དང་། དང་པོའི་བརྒྱད་པར་གསུངས་པའི་ཨཱ་ལི་ཀཱ་ལི་ལ་ལྟོས་མ་ལྟོས་ཀྱི་མི་མཉམ་སྦྱོར་གཉིས་ལ་ཡན་ལག་བཞི་པ་སྦྱར་བ་ཁོ་ན་བཞེད་ཀྱི། ཡན་ལག་དྲུག་པའི་ཕྱོགས་དང་། མཉམ་སྦྱོར་གྱི་ཕྱོགས་དང་། འཁོར་སྤྲོ་ཚུལ་གཉིས་གཉིས་སུ་ཕྱེ་བའི་ཕྱོགས་རྣམས་ཞལ་གྱིས་མི་བཞེས་པའི་ཕྱིར་རོ། དཔལ་བརྩེ་བ་ཆེན་པོ་ཡབ་སྲས་ཀྱི་འགྲེལ་པ་གཉིས་ལ་ཞིབ་པར་ལྟོས་ཤིག མི་ཐུབ་ཟླ་བའི་འཁྲུགས་ཅན་མངོན་རྟོགས་བཅོ་ལྔ་པར་མི་རིགས་ཏེ། སྐབས་འདིར་ཚུལ་བཅོ་ལྔ་པོ་མན་ངག་ལུགས་འབའ་ཞིག་ཡིན་པའི་ཕྱིར་རོ་ཞེས་པ་ཡང་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་ཏེ། གཏན་ཚིགས་སྒྲུབ་པའི་ངལ་བ་ད་དུང་བྱ་དགོས་པའི་ཕྱིར་རོ། །གལ་ཏེ་ལམ་འབྲས་ཀྱི་བསྐྱེད་རིམ་གྱི་སྐབས་སུ་བཤད་པས་མན་ངག་ལུགས་འབའ་ཞིག་ཡིན་ནོ་སྙམ་ན། ཁྱེད་མན་ངག་ལུགས་དང་འགྲེལ་པ་ལུགས་ལམ་གྱི་ངོ་བོ་ཐ་དད་དུ་འཇོག་པ་ལ་འདི་ལྟ་བུའི་རྣམ་བཞག་མི་རུང་བ་བདེན་མོད་ཀྱི་ཁོ་བོའི་བླ་མ་ཐམས་ཅད་མཁྱེན་པ་ནི་དེ་གཉིས་ལམ་གྱི་ངོ་བོ་གཅིག་ཏུ་བཞེད་པའི་འགྲེལ་པ་ལུགས་ཀྱི་བསྐྱེད་རིམ་དང་ལམ་འབྲས་ཀྱི་རྫོགས་རིམ་སྦྱར་ནས་བསྒོམ་པ་བིརྺ་པའི་ལུགས་ཀྱི་ལམ་དུ་འགྱུར་བའི་ཕྱིར་རོ། །གཞན་ཡང་དཔའ་བོ་རྡོ་རྗེས་འབྲོག་མི་ལོ་ཙྪ་བ་ལ་ལམ་འབྲས་རྩ་བ་མེད་པ་གནང་བའི་བསྐྱེད་རིམ་དེ་འགྲེལ་པ་ལུགས་དང་། མན་ངག་ལུགས་གང་ཡིན་སྨྲོས་ཤིག དེ་ལྟ་མ་ཡིན་པར་ལམ་འབྲས་ཀྱི་ཉམས་ལེན་གྱི་སྐབས་སུ་བཤད་པ་ཐམས་ཅད་མན་ངག་ལུགས་འབའ་ཞིག་ཡིན་ན། རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་། དམ་ཚིག་རྡོ་རྗེའི་སྒོམ་བཟླས་དང་། རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་རྣམས་ཀྱང་མན་ངག་ལུགས་སུ་འགྱུར་རོ། །རྡོ་རྗེ་ཆོ་ག་གསུམ་ལས་བསྐྱེད་པ་བཅོ་ལྔ་པར་རིགས་ཞེས་པའི་དོན། རྡོ་རྗེ་ཆོ་ག་གསུམ་ལས་བསྐྱེད་པའི་ཧེ་རུ་ཀ་གསུམ་གྱི་མངོན་རྟོགས་བགྲང་བ་ཡིན་ནམ། རྡོ་རྗེ་ཆོ་ག་གསུམ་ལས་བསྐྱེད་པའི་སྙིང་པོ་ཀྱཻ་རྡོ་རྗེའི་མངོན་རྟོགས་བགྲང་བ་ཡིན། དང་པོ་ལྟར་ན་ཤིན་ཏུ་མི་འཐད་དེ་འདི་ཡི་སྐབས་ཀྱི་མངོན་རྟོགས་ཚུལ་བཅོ་ལྔ་པོ་རྣམས་ལམ་འབྲས་ཀྱི་ལམ་ཡོངས་རྫོགས་བསྒོམས་ནས་ཚེ་གཅིག་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པའི་སྐབས་ཀྱི་བསྐྱེད་པའི་རིམ་པ་ཡིན་ལ་ཧེ་རུ་ཀ་གསུམ་ནི་དེའི་སྐབས་ཀྱི་བསྐྱེད་པའི་རིམ་པར་མི་རུང་བར། བདག་མེད་རྣལ་འབྱོར་ལྡན་པའམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང་། །དངོས་གྲུབ་འདོད་པས་མི་གནས་སོ། །ཞེས་པའི་དོན་ཡིན་པར་འགྲེལ་པ་ལུགས་དང་མན་ངག་ལུགས་གཉིས་མཐུན་པའི་ཕྱིར་རོ། །ཕྱི་མ་ལྟར་ན་དེ་ལྟ་བུའི་བསྐྱེད་ཆོག་མན་ངག་ལུགས་ཀྱི་ཡིག་ཆ་གང་དུ་ཡང་མེད་པས་མི་འཐད་ལ། ཚུལ་བཅོ་ལྔ་པར་བགྲང་བ་ཉིད་ཀྱིས་ཀྱང་དེ་ལྟ་བུ་མེད་པར་གསལ་ཏེ། གལ་ཏེ་ཡོད་ན་དཀྲོང་བསྐྱེད་དང་། ས་བོན་ལས་བསྐྱེད་པ་གཉིས་སོང་ནས་ཚུལ་གསུམ་པར་བགྲང་བར་རིགས་ཀྱི་ཚུལ་བཅོ་ལྔ་པར་བགྲང་བ་བཤད་པའི་གོ་རིམ་དང་། ཉམས་ལེན་གྱི་གོ་རིམ་ཡང་མེད་པའི་ཕྱིར་རོ། །སྔ་མ་ནི་བཤད་པའི་གོ་རིམ་ཡིན་ཏེ། མན་ངག་ལུགས་ཀྱི་མངོན་པར་རྟོགས་པ་ཕྱོགས་གཅིག་ཏུ་བགྲངས་ནས་འགྲེལ་པ་ལུགས་ཀྱི་མངོན་རྟོགས་ལོགས་སུ་བགྲང་བའི་དབང་དུ་བྱས་པའི་ཕྱིར་རོ། །འདིས་མཚོན་ནས་ཨཾ་ལས་གྲི་གུག་ཨཾ་གིས་མཚན་པ་ལས་བདག་མེད་མ་བསྐྱེད་པ་ནས་བཟུང་སྟེ། ཌཾ་ལས་རྡོ་རྗེ་ཌཾ་གིས་མཚན་པ་ལས་གཡུང་མོ་བསྐྱེད་པའི་བར་དུ་སྦྱར་རོ་ཞེས་སྐབས་འདིར་སྐུ་རྡོ་རྗེ་ལ་བདག་མེད་མ་དངོས་སུ་མ་གསུངས་པས་འདི་སྙིང་པོ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ལ་སྦྱོར་བ་ཤིན་ཏུ་གསལ་ལོ་ཞེས་པ་ནི། སྒྲུབ་བྱེད་ཀྱིས་ཕོངས་པས་གླང་པོ་ཆེའི་ཁྲུས་འདྲ་བར་གྱུར་ཏེ། སྔར་སྐུ་རྡོ་རྗེ་ལ་ཕྱག་བཅུ་དྲུག་པའི་འཁོར་ཡོད་པར་སྒྲུབ་པའི་སྐབས་སུ། སྐུ་རྡོ་རྗེ་ལ་ཡུམ་བདག་མེད་མ་དོན་ཐོབ་ལ་ཡོད་པའི་དབང་དུ་བྱས་ནས་འདི་གསུངས་པར་ཁས་བླངས་ལ། འདིར་ནི་སྙིང་པོ་ཀྱཻ་རྡོ་རྗེ་ལ་ཆོ་ག་གསུམ་བསྐྱེད་ཡོད་པར་སྒྲུབ་པའི་ཆེད་དུ་སྐུ་རྡོ་རྗེ་ལ་ཡུམ་བདག་མེད་མ་དངོས་སུ་མ་གསུངས་པས་འདི་སྙིང་པོ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ལ་སྦྱོར་བར་སྨྲས་པའི་ཕྱིར་རོ། །སྐྱོན་གཞན་ཡང་འདི་སྙིང་པོ་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ལ་སྦྱོར་ན་འཁོར་གྱི་ལྷ་མོ་རྣམས་ཀྱང་མངལ་དུ་རྡོ་རྗེ་ཆོ་ག་གསུམ་ལས་བསྐྱེད་པ་དགོས་པ་ལས་དེ་ལྟ་བུ་ནི་མན་ངག་ལུགས་ཀྱི་ཡིག་ཆ་གང་དུ་ཡང་མ་བཤད་ཅིང་ཁྱད་རང་གིས་ཚད་མར་ཁས་བླངས་པའི་མན་ངག་གི་གཏེར་མཛོད་ལས་ཀྱང་། ཧེ་རུ་ཀ་གསུམ་རྡོ་རྗེ་ཆོ་ག་གསུམ་ལས་བསྐྱེད་པའི་སྐབས་སུ་འཁོར་གྱི་ལྷ་མོ་རྣམས་མངལ་དུ་ས་བོན་ལས་བསྐྱེད་པ་བྱས་པ་དང་ཡང་འགལ་ལོ། །དེས་ན་ཁོ་བོའི་བླ་མ་ཐམས་ཅད་མཁྱེན་པས་མངོན་རྟོགས་ཚུལ་བཅུ་བཞི་པོའི་ཁྱད་པར་དང་། ཚུལ་བཅོ་ལྔ་པ་མི་ཐུབ་ཟླ་བའི་འཁྲུགས་ཅན་ལ་མཛད་པ་དང་། ཧེ་རུ་ཀ་གསུམ་ལ་རྒྱུ་རྡོ་རྗེ་འཆང་བསྐྱེད་པ། འཁོར་གྱི་ལྷ་མོ་མངལ་ནས་དབྱུང་བ། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ་རྣམས་བཤད་རྒྱུད་དང་། རྩ་རྒྱུད་ལ་ཡོད་མེད་སོགས་ཕྱེ་ནས་གསུངས་པ་ནི། རྗེ་བཙུན་གོང་མ་རྣམས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་ཡིན་པར་ཤེས་དགོས་ཤིང་འདི་ལྟ་བུའི་རྗེས་སུ་འཇུག་པ་ཡང་སྐལ་བ་བཟང་པོར་ཤེས་པར་བྱའོ། །འདིར་ལྟོ་གོས་ཀྱི་རེ་བ་ལྷུར་བླང་ཞིང་ངོ་ཚ་རྒྱང་དུ་དོར་བའི་རྨོངས་པའི་འཁོར་དག་གི་གཅམ་བུའི་ངོ་བོས་བསྟོད་པས་མཁས་པར་རློམ་སྟེ་བསྟན་འཛིན་ཆེན་པོ་དག་ལ་ཚམ་ཚོམ་མེད་པར་རྒོལ་བའི་མངོན་པའི་ང་རྒྱལ་ཅན་དག་རྗེ་བཙུན་གྱི་དགོངས་པ་མངོན་རྟོགས་ཚུལ་བཅུ་བཞི་འདི་ལྟར་འཆད་དེ། གང་ཟག་ལྔ་ལས་མངོན་པར་རྟོགས་པ་གསུམ་དུ་བསྡུ་བ་དང་། དེ་ལ་དོགས་པ་སྤོང་བ། དེ་ལས་བཅུ་བཞིར་དབྱེ་བའོ། །དང་པོ་ལ་གསུམ། གང་ཟག་རབ་དང་ཐ་མ་ལ་མངོན་རྟོགས་བསྡུས་པ། རབ་འོག་དང་ཐ་ལྟག་ལ་མངོན་རྟོགས་འབྲིང་པོ། གང་ཟག་འབྲིང་ལ་མངོན་རྟོགས་རྒྱས་པའོ། །དང་པོ་ནི་དཀྲོང་བསྐྱེད་དང་། གཉིས་པ་ནི་ས་བོན་ལས་བསྐྱེད་པ་ལ་འཆད། གསུམ་པ་ལ་གཉིས། གང་ཟག་ཏིང་ངེ་འཛིན་གྱི་རྟོགས་པ་ཅུང་ཟད་ཡོད་པས་བསྒོམ་པ་ཨཱ་ལི་ཀཱ་ལི་ལ་མ་ལྟོས་པ་དང་། དེ་མེད་ཀྱང་བློ་དང་ལྡན་པས་བསྒོམ་པ་ཨཱ་ལི་ཀཱ་ལི་ལ་ལྟོས་པའོ། །དང་པོ་ནི། ད་ནི་གང་ཟག་བློ་གྲོས་འབྲིང་དུ་གྱུར་པས་སྒོམ་པའི་མངོན་པར་རྟོགས་པ་ནི་ཞེས་དག་ལྡན་གྱི་ལུང་དྲངས་ནས་ཨཱ་ལི་ཀཱ་ལི་སྤངས་པའི་མངོན་བྱང་རྣམས་འཆད། གཉིས་པ་ལ་བཞི། མི་མཉམ་སྦྱོར་རྒྱས་པ། དེ་བསྡུས་པ། མཉམ་སྦྱོར་རྒྱས་པ། དེ་བསྡུས་པའོ། །དང་པོ་ནི། ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མི་མཉམ་སྦྱོར་ལས་གཙོ་འཁོར་ཐམས་ཅད་བསྐྱེད་པ་དང་། གཉིས་པ་ནི་རྒྱུ་རྡོ་རྗེ་འཆང་ཁོ་ན་བསྐྱེད་པ་དང་། གསུམ་པ་ནི་གཙོ་བོ་མཉམ་སྦྱོར་འཁོར་མི་མཉམ་སྦྱོར་ལས་བསྐྱེད་པ་དང་། བཞི་པ་ནི་གཙོ་བོ་ཁོ་ན་མཉམ་སྦྱོར་ལས་བསྐྱེད་པའོ། །གཉིས་པ་དོགས་པ་སྤོང་བ་ནི་རབ་དང་ཐ་མ་ལ་མངོན་རྟོགས་གཅིག་ཏུ་འོང་བ་ལ་སོགས་པ་ཇི་ལྟར་རིགས་སྙམ་ན་སྐྱོན་མེད་དེ། རབ་ལ་ནི་དེ་ཙམ་གྱིས་ཆོག་ཅིང་ཐ་མས་ནི་དེ་ཙམ་ལས་བསྒོམ་མི་ནུས་པའི་ཕྱིར་རོ། །གསུམ་པ་དེ་བཅུ་བཞིར་དབྱེ་བ་ནི་དག་ལྡན་ལས་གསུངས་པའི་བཅུ་བཞིའི་གྲངས་བགྲངས་ནས། དེས་ན་ངོར་པའི་བགྲང་ཚུལ་ནི་བཅུ་བཞིར་གྲངས་མཐུན་པ་ཙམ་མ་གཏོགས་རྗེ་བཙུན་གྱི་བཞེད་པ་འདི་དང་མི་མཐུན་པར་འདིར་གོང་འོག་ཏུ་བཤད་པ་རྣམས་ཀྱིས་ཤེས་སོ་ཟེར་རོ། །འདི་ལ་གང་ཟག་ལྔ་ལས་ཞེས་པ་ནོར། མངོན་རྟོགས་གསུམ་དུ་བསྡུ་བ་ནོར། རབ་དང་ཐ་མ་ཞེས་པ་ནོར། རབ་འོག་དང་ཐ་ལྟག་ཅེས་པ་ནོར། མངོན་རྟོགས་འབྲིང་པོ་ཞེས་པ་ནོར། གང་ཟག་འབྲིང་ལ་ཞེས་པ་ནོར། དེ་ལ་ཏིང་ངེ་འཛིན་གྱི་རྟོགས་པ་ཅུང་ཟད་ཡོད་པ་དང་། དེ་མེད་ཀྱང་བློ་དང་ལྡན་པ་དང་གཉིས་སུ་ཕྱེ་བ་ནོར། གང་ཟག་བློ་གྲོས་འབྲིང་དུ་གྱུར་པས་ཞེས་པའི་ལུང་སྦྱོར་ནོར། མངོན་རྟོགས་རྒྱས་པ་ཞེས་པ་ནོར། དེ་ལ་གཉིས་སུ་ཕྱེ་ནས་ཨཱ་ལི་ཀཱ་ལི་ལ་ལྟོས་པ་ལ་མི་མཉམ་སྦྱོར་རྒྱས་བསྡུས་དང་མཉམ་སྦྱོར་རྒྱས་བསྡུས་ཀྱི་ཐ་སྙད་བྱེད་པ་ནོར། དོགས་པ་སྤོང་བའི་སྐབས་ནོར། མངོན་རྟོགས་བཅུ་བཞིར་བགྲངས་ནས་གཞན་གྱི་བགྲང་ཚུལ་རྗེ་བཙུན་གྱི་བཞེད་པ་མ་ཡིན་པ་ནོར་བ་དང་བཅུ་གཉིས་ལས་དང་པོ་ནི། རྗེ་བཙུན་གྱི་རྟོགས་པ་ཡས་རིམ་གྱི་དབང་དུ་བྱས་ནས་རྟོགས་པ་རབ་དང་། དེའི་འོག་མ་དང་། འབྲིང་དང་། ཏིང་ངེ་འཛིན་གྱི་རྟོགས་པ་མེད་པ་བཞི་བློ་གྲོས་མས་རིམ་གྱི་དབང་དུ་བྱས་ནས་བློ་གྲོས་ཐ་མ་དང་། ཐ་ལྟག་དང་། འབྲིང་དང་། བློ་གྲོས་རབ་དང་ལྡན་པ་བཞི་སྟེ། སྐབས་འདིར་བཞི་ཚན་གཉིས་གསུངས་ཀྱི་ཁྱོད་འདོད་པ་ལྟར་གྱི་གང་ཟག་ལྔའི་རྣམ་བཞག་ནི་ཚིག་དང་དོན་གང་ལ་ཡང་མེད་པས་རྙོག་མ་འདི་ལྟ་བུ་ཅིའི་ཕྱིར་སློང་བར་བྱེད། གཉིས་པ་ནི་སྐབས་འདིར་སྔར་གྱི་གང་ཟག་བཞི་ཚན་གཉིས་ལ་དཀྲོང་བསྐྱེད། ས་བོན་ལས་བསྐྱེད་པ། ཨཱ་ལི་ཀཱ་ལི་ལ་མ་ལྟོས་པའི་མངོན་བྱང་། ལྟོས་པའི་མངོན་བྱང་སྟེ་བཞི་གསུངས་ཀྱི། རྒྱས་འབྲིང་བསྡུས་གསུམ་གྱི་ཐ་སྙད་མ་གསུངས་པ་ལམ་འབྲས་ཀྱི་ཡིག་ཆུང་དུ་རྒྱས་འབྲིང་བསྡུས་གསུམ་གྱི་ཐ་སྙད་གསུངས་པ་ནི་གཙོ་འཁོར་ཐམས་ཅད་མངོན་བྱང་ལས་བསྐྱེད་པ་དང་། རྒྱུ་རྡོ་རྗེ་འཛིན་པ་ཁོ་ན་མངོན་བྱང་ལས་བསྐྱེད་པ་དང་། སྐད་ཅིག་གིས་བསྐྱེད་པ་གསུམ་ལ་གསུངས་ཀྱི་ཁྱོད་འདོད་པ་ལྟར་གྱི་རྒྱས་འབྲིང་བསྡུས་གསུམ་ནི་མན་ངག་ལུགས་ཀྱི་ཡིག་ཆ་གང་ལ་ཡང་མེད་པས་ངན་རྟོག་འདི་གང་ལས་རྙེད། གསུམ་པ་ནི་རབ་དང་ཐ་མ་ནི་རྟོགས་པ་རབ་དང་བློ་གྲོས་ཐ་མ་ལ་འདོད་ན་ནི་རྟོགས་པ་ཐ་མ་དང་བློ་གྲོས་རབ་གཉིས་ཀྱང་སོ་སོར་བགྲང་དགོས་པ་ལས་དེ་གཉིས་གང་ཟག་འབྲིང་གི་ནང་དུ་བགྲང་འདུག་པ་དང་འགལ་ཞིང་དེ་ལས་གཞན་པའི་རབ་དང་ཐ་མ་བསྟན་རྒྱུ་ཡོད་ན་སྨྲ་བའི་དུས་ལ་བབ་བོ། །བཞི་པ་ནི་རབ་འོག་དང་ཐ་ལྟག་ཅེས་པ་རྟོགས་པར་རབ་འོག་དང་། བློ་གྲོས་ཐ་ལྟག་ལ་འདོད་ན་སྔར་གྱི་སྐྱོན་གནས་ཤིང་དེ་ལས་གཞན་ལ་འདོད་ན་ཡང་དེ་ལྟར་རོ། །ལྔ་པ་ནི་ས་བོན་ལས་བསྐྱེད་པ་འབྲིང་པོར་འདོད་པ་སྣང་བས་སྔར་ཉི་ཟེར་མཁན་པོ་ལ་བརྗོད་པའི་སྐྱོན་ཐམས་ཅད་དྲན་པར་གྱིས་ཤིག དྲུག་པ་ནི་ཁྱེད་རྗེ་བཙུན་གྱིས་གསུངས་པའི་གང་ཟག་ཕྱི་མ་བཞི་ཆར་ལ་གང་ཟག་འབྲིང་དུ་འདོད་པར་སྣང་བས་རྟོགས་པ་ཡས་རིམ་གྱི་ཐ་མ་དང་། བློ་གྲོས་མས་རིམ་གྱི་རབ་གཉིས་གང་ཟག་འབྲིང་དུ་ཁས་ལེན་པ་ནི་ཡོངས་འཛིན་གྱི་འཁར་བ་དང་བྲལ་ཞིང་བློ་གྲོས་ཀྱི་མིག་ཉམས་པའི་གཏམ་དུ་སྣང་ངོ་། །བདུན་པ་ནི་དེ་ལ་ཏིང་ངེ་འཛིན་གྱི་རྟོགས་པ་ཅུང་ཟད་ཡོད་པ་དང་དེ་མེད་ཀྱང་བློ་གྲོས་དང་ལྡན་པ་གཉིས་སུ་ཕྱེ་བ་འདི་ནི་རྣམ་རྟོག་གི་སྒྲོ་བཏགས་པ་སྟེ། སྐབས་འདིར་གང་ཟག་འབྲིང་ལ་རྟོགས་པ་འབྲིང་དང་བློ་གྲོས་འབྲིང་གཉིས་ཡོད་པ་ཡིན་གྱི་ཁྱེད་ཀྱི་དབྱེ་བ་གཉིས་པོ་གཏན་མེད་པའི་ཕྱིར། གང་ཟག་བཞི་པའི་སྐབས་སུ་ཏིང་ངེ་འཛིན་གྱི་རྟོགས་པ་འདི་ནི་མེད་ལ་བློ་གྲོས་དང་ལྡན་པས་བསྒོམ་པར་བྱ་བ་ཞེས་པའི་ཤུགས་ལས་ཐོབ་པ་ཡིན་ན། ཏིང་ངེ་འཛིན་གྱི་རྟོགས་པ་ཅུང་ཟད་ཡོད་ཅིང་བློ་གྲོས་དང་མི་ལྡན་པ་ཞེས་པ་ཅིག་ཐོབ་པར་ཐལ་བའི་ཕྱིར་རོ། །བརྒྱད་པ་ནི་དག་ལྡན་ལས་གང་ཟག་གསུམ་པའི་སྐབས་སུ་བློ་འབྲིང་དུ་གྱུར་པས་ཞེས་པ་ཡོད་ཀྱི་བློ་གྲོས་འབྲིང་དུ་གྱུར་པས་ཞེས་པ་མེད་ལ། བློ་འབྲིང་དུ་གྱུར་པ་ནི་རྟོགས་པ་ཡས་རིམ་དང་། བློ་གྲོས་མས་རིམ་གྱི་འབྲིང་གཉིས་ཀ་ལ་འཇུག་པའི་དོན་མ་རྟོགས་པར་བློ་གྲོས་འབྲིང་དུ་གྱུར་པས་ཞེས་པ་ནི་རང་གི་གྲུབ་མཐའ་ངན་པ་དང་འདྲེས་པའི་བརྫུན་ལུང་ཡིན་ནོ། །དགུ་པ་ནི་ཁྱོད་མངོན་བྱང་ལས་བསྐྱེད་པའི་མངོན་རྟོགས་བཅུ་གཉིས་པོ་ཐམས་ཅད་རྒྱས་པར་འདོད་པར་སྣང་བས་འདི་ལ་རྗེ་བཙུན་གྱི་གསུང་དང་འགལ་བ་དང་། རྒོལ་བ་རང་གི་ཚིག་དང་འགལ་བ་གཉིས་ལས། དང་པོ་ནི། རྗེ་བཙུན་གྱིས་གཙོ་འཁོར་ཐམས་ཅད་མངོན་བྱང་ལས་བསྐྱེད་པ་ལ་རྒྱས་པ་དང་། རྒྱུ་རྡོ་རྗེ་འཛིན་པ་ཁོ་ན་མངོན་བྱང་ལས་བསྐྱེད་པ་ལ་འབྲིང་པོའི་ཐ་སྙད་གསུང་ཞིང་ལུང་འདི་ཁྱེད་རང་གིས་ཀྱང་དྲངས་འདུག་པ་དང་འགལ་མི་འགལ་སོམས་ཤིག གཉིས་པ་ནི་ཁྱེད་རང་གིས་རྒྱས་པ་དེ་ལ་ཨཱ་ལི་ཀཱ་ལི་ལ་མི་ལྟོས་པ་དང་ལྟོས་པ་གཉིས། ལྟོས་པ་ལ་མི་མཉམ་སྦྱོར་རྒྱས་བསྡུས་གཉིས། མཉམ་སྦྱོར་རྒྱས་བསྡུས་གཉིས་ཞེས་བྲིས་པ་དང་འགལ་ཏེ། མི་མཉམ་སྦྱོར་དང་མཉམ་སྦྱོར་གྱི་བསྡུས་པ་གཉིས་ཁས་བླངས་ནས་དེ་ཉིད་རྒྱས་པའི་དབྱེ་བར་བྱས་འདུག་པའི་ཕྱིར་རོ། །བཅུ་པ་ནི་ཁྱེད་རྒྱུ་རྡོ་རྗེ་འཛིན་པ་ཁོ་ན་མངོན་བྱང་ལས་བསྐྱེད་པའི་མི་མཉམ་སྦྱོར་དང་མཉམ་སྦྱོར་གྱི་མངོན་རྟོགས་གཉིས་ཀ་ལ་བསྡུས་པའི་ཐ་སྙད་བྱེད་པར་སྣང་བས་དེ་ཡན་ལག་དྲུག་གིས་འཆིང་བའི་ཚེ་ན་བསྡུས་པ་ཡན་ལག་དྲུག་པ་ཞེས་པར་འགྱུར་བ་ལས་གོང་མའི་གསུང་རབ་རྣམས་ལས་འབྲིང་པོ་ཡན་ལག་དྲུག་པ་ཞེས་གསུངས་པ་དང་འགལ་ཞིང་། ཁྱེད་རང་གིས་ཀྱང་འདིའི་ཐད་ཀྱི་ལུང་སྦྱོར་དུ་དག་ལྡན་ལས། འཁོར་རྣམས་མངལ་དུ་ས་བོན་ལས་སྐུར་གྱུར་ཏེ། ཕྱོགས་མཚམས་སུ་སྤྲོ་བ་དེའི་ཚེ་རྒྱུ་རྡོ་རྗེ་འཛིན་པ་དཀར་པོར་བྱས་ཏེ་མངོན་པར་རྟོགས་པ་འབྲིང་པོའོ་ཞེས་གསུངས་པ་དྲངས་འདུག་པ་དང་ཅིའི་ཕྱིར་མི་འགལ། བཅུ་གཅིག་པ་ནི་ཁྱེད་རབ་དང་ཐ་མའི་འཇོག་ཚུལ་རྟོགས་པ་རབ་དང་། བློ་གྲོས་ཐ་མ་ལ་འཇོག་ན་རབ་ལ་དེ་ཙམ་གྱིས་ཆོག་ཅིང་། ཐ་མས་ནི་དེ་ཙམ་ལས་སྒོམ་མི་ནུས་པས་ཞེས་པ་འཐད་ཀྱང་དེའི་ཚེ་རྟོགས་པ་ཐ་མ་དང་། བློ་གྲོས་རབ་ཀྱིས་ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མི་མཉམ་སྦྱོར་སྒོམ་པར་ཁས་ལེན་དགོས་ལ། དེ་ཁས་ལེན་ན་ཁྱེད་མངོན་བྱང་གི་མངོན་པར་རྟོགས་པ་ཐམས་ཅད་གང་ཟག་འབྲིང་གི་བསྒོམ་བྱར་འདོད་པ་དང་འགལ་ལོ། །བཅུ་གཉིས་པ་ནི་ངོར་པའི་བགྲང་ཚུལ་ནི་བཅུ་བཞིར་གྲངས་མཐུན་པ་ཙམ་མ་གཏོགས། རྗེ་བཙུན་གྱི་བཞེད་པ་འདི་དང་མི་མཐུན་ཞེས་པ་ནི་མངོན་སུམ་ལ་སྙོན་འདིངས་པ་སྟེ། རྣམ་བཤད་ལས་ནི་རེ་ཤིག་རྟོགས་པའི་རིམ་པ་དང་སྦྱར་བའི་དབང་དུ་བྱས་ནས་ཏིང་ངེ་འཛིན་གྱི་རྟོགས་པ་ཐ་མས་བསྒོམ་པར་བྱ་བ་ལ་ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མི་མཉམ་སྦྱོར་དང་མཉམ་སྦྱོར་གཉིས། དེ་རེ་རེ་ལ་ཡང་ཡན་ལག་བཞི་པ་དང་དྲུག་པའི་ཕྱོགས་གཉིས་གཉིས། དེ་རེ་རེ་ལ་ཡང་ལྷ་མོའི་སྤྲོ་ཚུལ་གཉིས་གཉིས་ཏེ་བརྒྱད། རྟོགས་པ་འབྲིང་གིས་བསྒོམ་པར་བྱ་བ་ལ་ཨཱ་ལི་ཀཱ་ལི་ལ་མ་ལྟོས་པའི་ཡན་ལག་བཞི་དྲུག་གི་ཕྱོགས་གཉིས། དེ་རེ་རེ་ལ་ཡང་འཁོར་སྤྲོ་ཚུལ་གཉིས་གཉིས་ཏེ་བཞི། རྟོགས་པ་རབ་འོག་གིས་བསྒོམ་པར་བྱ་བ་ནི་ས་བོན་ལས་བསྐྱེད་པ། རྟོགས་པ་རབ་ཀྱིས་བསྒོམ་པར་བྱ་བ་ནི་སྐད་ཅིག་གི་བསྐྱེད་པ་ཡིན་པ་བཞེད་ཅིང་རྟོགས་པ་རིམ་པ་བཞི་པོ་ལ་ལས་དང་པོ་པ་ཞེས་སོགས་ཀྱི་ཐ་སྙད་གསུངས་པ་ཙམ་ཡིན་ལ། དེ་ཉིད་བློ་གྲོས་ཀྱི་རིམ་པ་དང་སྦྱར་བའི་ཚེ་བློ་གྲོས་རབ་དང་། འབྲིང་དང་། ཐ་ལྟག་དང་། ཐ་མ་བཞི་ལ་རིམ་པ་བཞིན་སྦྱར་བར་བཞེད་པ་དེ་མཐོང་ན་རྗེ་བཙུན་གྱིས་དག་ལྡན་ལས་དཀྲོང་བསྐྱེད་ཀྱི་སྐབས་སུ་ཐོག་མར་གང་ཟག་རྟོགས་པ་མཆོག་ཏུ་གྱུར་པའམ། རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་ཐོབ་ཅིང་དད་པ་ཆེན་པོ་དང་ལྡན་ཡང་བློ་གྲོས་ཤིན་ཏུ་དམན་པར་གྱུར་པས་བསྒོམ་པར་བྱ་བ་ནི་ཞེས་དང་། ས་བོན་ལས་བསྐྱེད་པའི་སྐབས་སུ་ཡང་ཡས་རིམ་དུ་སྦྱར་ན་རྟོགས་པ་སྔ་མ་བས་ཅུང་ཟད་དམའ་བ་དང་། མས་རིམ་དུ་སྦྱར་ན་བློ་གྲོས་ཐ་ལྟག་ཙམ་དུ་གྱུར་པས་ས་བོན་ལས་བསྐྱེད་པ་ནི་ཞེས་དང་། ཨཱ་ལི་ཀཱ་ལི་ལ་མ་ལྟོས་པའི་མངོན་བྱང་གི་སྐབས་སུ་གང་ཟག བློ་འབྲིང་དུ་གྱུར་པས་བསྒོམ་པའི་མངོན་པར་རྟོགས་པ་ནི་ཞེས་དང་། ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མངོན་བྱང་གི་སྐབས་སུ་གང་ཟག་ཏིང་ངེ་འཛིན་གྱི་རྟོགས་པ་ནི་མེད་ལ་བློ་གྲོས་དང་ལྡན་པས་བསྒོམ་པར་བྱ་བ་ནི་གཉིས་ཏེ་མངོན་པར་བྱང་ཆུབ་པ་མི་མཉམ་པར་སྦྱོར་བ་དང་མཉམ་པར་སྦྱོར་བའོ་ཞེས་གསུངས་པའི་དོན་དུ་གཟུ་བོར་གནས་པ་དག་གིས་མི་རྟོགས་པའི་དོན་མེད་ཅིང་ཁྱོད་ཀྱི་གྲུབ་མཐའི་མཚང་རྣམས་ཀྱང་ལུང་འདི་དག་གིས་རིག་པར་འགྱུར་རོ། །འདི་འདྲའི་རིགས་ཅན་དགག་སྒྲུབ་ཀྱི་ཡུལ་མ་ཡིན་ཡང་རང་ཉིད་མངོན་རྟོགས་ཚུལ་བཅུ་བཞིའི་བགྲང་ཚུལ་ལ་ནོར་བ་འདི་ཙམ་བྱས་བཞིན་དུ་གངས་ཅན་གྱི་མཁས་བཙུན་ཐམས་ཅད་ཀྱི་གཙུག་རྒྱན་ལ་ཕལ་ཚིག་སྣ་ཚོགས་ཀྱི་སྒོ་ནས་སྨོད་པའི་བསྟན་བཅོས་བརྩམས་འདུག་པས་དེའི་མཚང་གཞན་གྱིས་ཤེས་པའི་ཆེད་དུ་མདོར་བསྡུས་ཙམ་བྲིས་པའོ། །ཁོ་བོའི་རྟོག་པ་ལ་ནི་མངོན་པར་རྟོགས་པ་བཅོ་ལྔ་པོ་རྗེ་དགོན་པ་བ་ནས་བརྒྱུད་པའི་མན་ངག་ལུགས་འབའ་ཞིག་ཡིན་པས་ཡབ་ཀྱི་མངོན་རྟོགས་བཅུ་བཞིའམ་ཡུམ་གྱི་མངོན་རྟོགས་དང་བཅས་ན་བཅོ་ལྔ་ཞེས་པར་མངོན་ཏེ་རྒྱུད་ཀྱི་སྟེང་དུ་རྟོགས་པར་བྱའོ་ཞེས་པའི་དོན་ཡང་རྩ་རྒྱུད་དང་པོའི་བརྒྱད་པར་ཡུམ་གྱི་མངོན་རྟོགས་དང་ཕྱི་མའི་ལྔ་པར་ཡབ་ཀྱི་མངོན་རྟོགས་བཅུ་བཞི་དག་ལྡན་ལས་གསུངས་པའི་དབང་དུ་བྱས་པའོ། །འདི་ཉིད་རྒྱུད་ཀྱི་དགོངས་པ་ཡང་ཡིན་ཏེ། བརྟག་པ་དང་པོར་ཡུམ་གྱི་བསྐྱེད་རྫོགས་དང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བའི་ཚུལ་དུ་གསུངས་ཤིང་། བརྟག་པ་ཕྱི་མར་ཡབ་ཀྱི་བསྐྱེད་རྫོགས་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བའི་ཚུལ་གསུངས་ལ་ཧེ་རུ་ཀ་གཞན་ལ་མ་གསུངས་པ་དང་། བརྟག་པ་ཕྱི་མར། བདག་མེད་རྣལ་འབྱོར་ལྡན་པའམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང་། །དངོས་གྲུབ་འདོད་པས་མི་གནས་སོ། །ཞེས་པའི་དོན་རྩ་རྒྱུད་འདིར་སྤྱིར་མཆོག་སྒྲུབ་པའི་དཀྱིལ་འཁོར་དྲུག་གསུངས་ཀྱང་གཉིས་པོ་ཁོ་ནས་གྲོལ་བར་གསུངས་པ་མི་འགལ་བའི་གནད་ཤེས་ན་འདི་ལས་འོས་མེད་པའི་ཕྱིར་དང་། བུད་མེད་ཀྱི་རྟེན་ཅན་བདག་མེད་མའི་རྣལ་འབྱོར་བསྒོམ་པ་ཞིག་ཉེ་རྒྱུའི་སྤྱོད་པ་སྤྱོད་པའི་ཚེ་རང་དང་རྟོགས་པ་མཉམ་པའི་ཐབས་མ་རྙེད་ན་རང་ཉིད་སྐྱེས་པར་བསྒྱུར་ནས་ཕྱག་རྒྱ་གཞན་བསྟེན་པར་བཤད་པས་ཀྱང་ལས་དང་པོ་པ་ནས་བཟུང་སྟེ་འབྲས་དུས་ཀྱི་དབང་ལ་མ་ཐུག་གི་བར་གྱི་བསྐྱེད་རིམ་རུང་བར་གསལ་བའི་ཕྱིར་རོ། །མན་ངག་གི་དགོངས་པ་ཡང་འདི་ཉིད་ཡིན་ཏེ། དབང་ཆུ་ཡབ་ཡུམ་གཉིས་ཀའི་ཐུན་མོང་བ་ཡིན་པ་ལ་དགོངས་ནས་ཡུམ་གྱི་བསྐྱེད་རིམ་ལོགས་སུ་གླེགས་བམ་གྱི་དཀར་ཆག་ཏུ་བགྲངས་འདུག་པའི་ཕྱིར་དང་། ལམ་འབྲས་ཀྱི་རྒྱུ་དུས་ཀྱི་དབང་ལ་ཡབ་ཡུམ་གཉིས་ཀའི་རྡུལ་ཚོན་དུ་དབང་བསྐུར་བ་ངེས་པར་དགོས་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡུམ་གྱི་མངོན་རྟོགས་ལ་ཡན་ལག་བཞི་དྲུག་གཉིས་ཡོད་པས་བཅུ་དྲུག་ཏུ་འགྱུར་རོ་སྙམ་ན་སྐྱོན་མེད་དེ། འདིར་ནི་བསྐྱེད་ཆོག་གི་སྒོ་ནས་ཕྱེ་བའི་སྐབས་ཡིན་ཅིང་ཡབ་ཀྱི་ཡན་ལག་བཞི་དྲུག་གཉིས་ལ་ནི་བསྐྱེད་ཆོག་གི་ཁྱད་པར་ཡོད་ལ་ཡུམ་གྱི་ཡན་ལག་བཞི་དྲུག་གཉིས་ལ་བསྐྱེད་ཆོག་གི་ཁྱད་པར་མེད་པའི་ཕྱིར་རོ། །གོང་དུ་གཞན་ལ་སྐྱོན་བརྗོད་པ་རྣམས་ནི་མི་ཐུབ་ཟླ་བའི་འཁྲུགས་ཅན་སྒྲུབ་པའི་སྐབས་ཡིན་པས་འདི་དང་འགལ་བར་སེམས་པར་མི་བྱའོ། །ཞལ་གྱི་སྐབས་སུ་གནད་ཀྱི་ཟླ་ཟེར་ལས་ཞལ་བརྒྱད་ནི་མགྲིན་པའི་སྟེང་དུ་རྩ་བའི་ཞལ་མདུན་དུ་བསྟན་པ་དང་། དེའི་གཡས་སུ་ཞལ་གསུམ་འདབ་ཆགས་སུ་བསྒྲིགས་ནས་གཡས་སུ་བལྟ་བ་དང་། གཡོན་དུ་ཡང་དེའི་ཞལ་གསུམ་འདབ་ཆགས་སུ་བསྒྲིགས་ནས་གཡོན་དུ་བལྟ་བ་དང་། དེའི་སྟེང་དུ་མགྲིན་པ་དང་བཅས་པའི་སྟེང་ཞལ་མདུན་དུ་གཟིགས་པ་སྟེ། ཞལ་བརྒྱད་དེ་ལྟར་ཡིན་ལ། ཁ་ཅིག་རྒྱབ་ཞལ་བཞི་ཞེས་ཞལ་ནག་པོ་བཞི་རྒྱབ་ཏུ་བལྟ་བར་འདོད་པ་ནི་ཤིན་ཏུ་མི་འཐད་དེ། ཞེས་པ་ནས་གཡས་གཡོན་གྱི་ཞལ་གཉིས་ཀྱི་ལྟག་ན་ཡོད་པ་དང་དེ་གཉིས་ལས་གཞན་པའི་དོན་དུ་ཤེས་པར་བྱའོ་ཞེས་གསུངས་པ་ལ། ཉི་ཟེར་ལས། དེ་ལ་ཞལ་རྣམས་ཀྱིས་གཟིགས་ལུགས་དེ་ལྟར་ཡིན་ཡང་། འཕགས་པ་རིན་པོ་ཆེས་རྒྱབ་ཞལ་བཞི་ནག་པ་ཞེས་གསུངས་པ་ལ། དེའི་དགོངས་པ་ཞལ་ནག་པོ་བཞི་རྒྱབ་ཏུ་བལྟ་བར་བཞེད་པར་གཟུངས་ནས་དགག་པ་བྱེད་པ་ནི་ཕྱོགས་སྔ་སྨྲ་བ་པོའི་བཞེད་པ་མ་རྟོགས་པར་ཚིག་ཙམ་ལ་བརྟེན་པའི་དགག་པ་ཡིན་ནོ། །དེ་ལྟར་ན་དོན་གསལ་མཁན་པོས། ལྟག་པའི་ཞལ་བཞི་ནི་ནག་པོའོ་ཞེས་དང་། རྡོ་རྗེ་སྙིང་པོས་མཛད་ཟེར་བའི་དེ་ཁོ་ན་ཉིད་སྣང་བ་ལས་ནུབ་ཀྱི་ཞལ་ནི་མཆེ་བ་གཙིགས་པ་སྟེ། བདུད་བཞི་མནན་པའི་དོན་དུའོ་ཞེས་གསུངས་པ་གཉིས་པོ་འདིས་ཀྱང་ཞལ་ནག་པོ་བཞི་ལྟག་པར་བལྟ་བ་དང་། ནུབ་ཏུ་བལྟ་བར་བསྟན་པར་འགྱུར་ཏེ། འཕགས་པ་རིན་པོ་ཆེས། རྒྱབ་ཞལ་བཞི་ནག་པ་ཞེས་གསུངས་པས། ཞལ་ནག་པོ་བཞི་རྒྱབ་ཏུ་བལྟ་བར་བསྟན་པའི་ཕྱིར། སྐྱོན་མེད་དེ་ལུང་དེ་གཉིས་ཀྱི་དོན་གོང་དུ་བཤད་པ་ལྟར་གཡས་གཡོན་གྱི་ཞལ་གཉིས་ཀྱི་ལྟག་ན་ཡོད་པ་དང་། དེ་གཉིས་ལ་བལྟས་པའི་ནུབ་ན་ཡོད་པས་སོ་སྙམ་ན། འཕགས་པ་རིན་པོ་ཆེས་ཀྱང་། མངོན་རྟོགས་སུ་རྒྱབ་ཞལ་བཞི་ཞེས་དང་། བརྟག་གཉིས་ཀྱི་མཆན་བུར་ལྟག་པའི་ཞལ་བཞི་ཞེས་གསུངས་པ་ཡང་གཡས་གཡོན་གྱི་ཞལ་གཉིས་ཀྱི་རྒྱབ་དང་ལྟག་ན་ཡོད་པ་ལ་དགོངས་ནས་དེ་ལྟར་གསུངས་པ་ཡིན་པས་སྐྱོན་མེད་དོ་ཞེས་རྣམ་པ་ཐམས་ཅད་དུ་མཚུངས་སོ། །གཞན་ཡང་ཁས་བླངས་ནང་འགལ་བའི་སྐྱོན་ཡང་ཡོད་དེ། ཟླ་ཟེར་མཁན་པོས་བསྟོད་པ་ཉི་ཤུ་པའི་ཊཱི་ཀར། དེ་ལས་གང་གི་ལྷག་པའི་རྒྱབ་ཞལ་རྣམས་ནི་བུང་བ་ལྟར་ནག་པ་ཞེས་ཞལ་ནག་པོ་བཞི་རྒྱབ་ཏུ་བལྟ་བར་འདོད་པ་ནི་ཤིན་ཏུ་མི་འཐད་དེ་ཞེས་པ་ནས་ནག་པོ་བཞི་ནུབ་ཏུ་ལྟ་བ་གཏན་མ་ཡིན་ནོ་ཞེས་པའི་བར་ཁྱེད་རང་གིས་སྨྲས་པ་ཇི་ལྟ་བ་བཞིན་བརྗོད་ན། ཆོས་དང་མཐུན་པའི་ལན་ཅི་ཡང་མེད་པར་འགྱུར་རོ། །གལ་ཏེ་ཁོ་བོས་རྒྱབ་ཞལ་བཞི་ཞེས་སྨྲས་ཀྱང་། ཞེ་འདོད་ནི་དཀའ་འགྲེལ་དུ་བཤད་པ་ལྟར་ཡིན་པས་སྐྱོན་མེད་དོ་སྙམ་ན། འཕགས་པ་རིན་པོ་ཆེས་ཀྱང་། ཚིག་འདོན་བདེ་བའི་དབང་དུ་མཛད་ནས་རྒྱབ་ཞལ་ཞེས་གསུངས་པ་ཡིན་གྱི། ཐུགས་བཞེད་ལ་ཞལ་གྱི་སྒྲིག་ལུགས་རྗེ་བཙུན་ཆེན་པོས་བཞེད་པ་ལྟར་ཤིན་ཏུ་ཡང་བདེན་ཏེ། རྗེ་བཙུན་རྩེ་མོས་ཞལ་བརྒྱད་དུ་རིམ་པ་བཞིན་དུ་གཞུག་ཅེས་བྱ་བ་ནི། གཽ་རཱི་ནི་རྩ་བའི་ཞལ་ལའོ་ཞེས་སོགས་གསུངས་པ་ལྟར་དུ། འཕགས་པ་རིན་པོ་ཆེས་ལྷ་མོ་རྣམས་རང་རང་གི་ཐད་ཀར་ཞལ་རྣམས་ལ་བསྡུས་ཏེ། བཻ་ཏ་ལཱི་སྟེང་ཞལ་ལའོ་ཞེས་བཻ་ཏ་ལཱི་མ་གཏོགས་པའི་ལྷ་མོ་བདུན་པོ་ཞལ་བདུན་པོ་དང་ཐད་མཉམ་དུ་ཡོད་པར་ཤིན་ཏུ་གསལ་བར་གསུངས་པའི་ཕྱིར་རོ་ཞེས་བྱ་བ་བྲིས་སོ། །དེ་དག་ནི་ཕྱོགས་སྔ་མ་རྟོགས་པ་སྟེ། འཕགས་པ་རིན་པོ་ཆེས་རྒྱབ་ཞལ་བཞི་ནག་པ་ཞེས་གསུངས་པའི་དགོངས་པ་ཞལ་ནག་པོ་བཞི་རྒྱབ་ཏུ་བལྟ་བར་བཞེད་པར་བཟུང་ནས་དགག་པ་བྱེད་པ་མ་ཡིན་གྱི་འཕགས་པའི་གསུང་དེའི་དགོངས་པ་བླ་མ་ཕྱི་མ་དག་གིས་ཞལ་ནག་པོ་བཞི་རྒྱབ་ཏུ་ལྟ་བར་འདོད་པ་ལ་དགག་པ་བྱེད་པ་ཡིན་པའི་ཕྱིར་རོ། །དེས་ན་ཉི་ཟེར་མཁན་པོས་འཕགས་པས་རྒྱབ་ཞལ་བཞི་གནག་པ་ཞེས་གསུངས་པའི་དགོངས་པ་ཞལ་ནག་པོ་བཞི་རྒྱབ་ཏུ་བལྟ་བ་ཡིན་པར་འདོད་པ་ལ་དགག་པ་མང་དུ་བརྗོད་པ་རྣམས་ནི། གནད་ཀྱི་ཟླ་ཟེར་གྱི་ཕྱོགས་སྔ་འགོག་པའི་དཔུང་རོགས་ལ་འབྱོན་པར་གདའ་བས་ཤིན་ཏུ་ལེགས་སོ། །དེས་ན་བསྟོད་པ་ཉི་ཤུ་པའི་ཊཱི་ཀར་གང་གི་ལྷག་པའི་རྒྱབ་ཞལ་རྣམས་ནི་བུང་བ་ལྟར་ནག་པ་ཞེས་གསུངས་པ་དང་། ཁས་བླངས་འགལ་བའི་སྐྱོན་ཡང་མེད་དེ། རྒྱབ་ཞལ་གྱི་དོན་ཞལ་ནག་པོ་བཞི་ནུབ་ཏུ་བལྟ་བ་ཡིན་པ་འགོག་པའི་སྐབས་ཡིན་པའི་ཕྱིར་རོ། །འཕགས་པའི་བཞེད་པ་རྗེ་བཙུན་ཆེན་པོ་བཞེད་པ་ལྟར་ཡིན་པ་ཡང་འདིར་གནོད་བྱེད་དུ་མི་འཇུག་སྟེ། དེ་ལྟར་དུ་ཁས་ལེན་པའི་ཕྱིར་རོ། །ཞབས་ཀྱི་བཞུགས་སྟབས་ཀྱི་སྐབས་སུ་གནད་ཀྱི་ཟླ་ཟེར་ལས། ཞབས་བཞི་གཡས་གཉིས་བརྐྱང་པའི་བརླ་ལ་གཡོན་བསྐུམ་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ་ཡིན་པར་ལུང་རིགས་ཀྱི་སྒྲུབ་བྱེད་དོགས་སྤོང་དང་བཅས་ཏེ་རྒྱས་པར་གསུངས་པ་ལ། ཉི་ཟེར་ལས། འདི་ཡང་རྣམ་པར་བརྟག་པ་བྱ་སྟེ་ནག་པོ་པ་ལ་སོགས་པའི་རྒྱ་གཞུང་དུ་མའི་དགོངས་པ་ཡིན་ཀྱང་རྒྱུད་འགྲེལ་གྱི་དགོངས་པ་དེ་ཁོ་ན་མ་ཡིན་ཏེ། ནཱ་རོ་འགྲེལ་ཆེན་ལས། གཙོ་བོ་ལ་གར་སྟབས་ཀྱི་ཚུལ་གྱིས་བཞུགས་པ་ཞེས་གསུངས་ཤིང་། འཁོར་ལ་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ་ཞེས་གསུངས་པ་དང་། འཇམ་དཔལ་ཡེ་ཤེས་ཞབས་ཀྱིས་ཀྱང་། གཙོ་བོ་ལ་ཉི་མ་ལ་བཞུགས་སྟངས་མི་འདྲ་བར་ཤིན་ཏུ་གསལ་བའི་ཕྱིར་དང་། བྱང་ཆུབ་སྙིང་པོས། བདུད་བཞི་རིམ་པར་ཞབས་ཀྱིས་མནན། །ཞེས་དང་། ཞབས་བཞི་པ་ལ་མནན་པ་ཡིས། །ལྷ་དང་ལྷ་མིན་འཇིགས་པར་བྱེད། །ཅེས་པས་ཞབས་མདུན་རྒྱབ་བཞི་ཀ་མཐོ་ལྔ་རྣམ་པར་བརྒྱངས་པའི་གཡས་བརྐྱང་གིས་བདུད་རེ་རེ་མནན་པ་ལྟ་བུར་གསུངས་པའི་ཕྱིར་རོ། །ཁྱད་པར་དུ་ཡང་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་ལུགས་ལ་མཚོ་སྐྱེས་ལུགས་དང་། འགྲེལ་པ་ལུགས་དང་། མན་ངག་ལུགས་གསུམ་ཆར་གྱི་དགོངས་པ་ཡང་ཞབས་མདུན་མ་གཉིས་གཡས་བརྐྱང་ཞིང་གཡོན་བསྐུམ་པ་ལ། རྒྱབ་མ་གཉིས་གར་སྟབས་ཀྱི་བཞུགས་པ་ཡིན་ཏེ། བསྟོད་པ་ཉི་ཤུ་པར། ཞབས་བཞི་པོས་ནི་བདུད་བཞི་པོ། །མཉམ་པར་མནན་ཅིང་གཅེར་བུ་ཉིད། །ཅེས་གསུངས་པ་དང་། མི་ཐུབ་ཟླ་བས། བདུད་བཞི་ཞབས་ཀྱིས་མནན་པ་སྟེ། །ཞེས་གསུངས་པ་དང་། ཤཱནྟི་པས། དབུས་སུ་བདུད་ནི་བཞི་པོ་སྟེ། །གོང་ནས་གོང་དུ་བཀན་པའོ། །ཞེས་གསུངས་པ་རྣམས་དང་མཐུན་པར་ས་ཆེན་གྱིས། པད་ཉིའི་སྟེང་དུ་གཙོ་བོ་ལ་བདུད་བཞི་བརྩེགས་པའི་གདན་ཞེས་དང་། རྗེ་བཙུན་རྩེ་མོས་དེའི་སྟེང་དུ་བདུད་བཞི་བརྩེགས་པའི་གདན་ཞེས་དང་། རྗེ་བཙུན་ཆེན་པོས། དབུས་ཀྱི་པདྨ་དང་ཉི་མའི་སྟེང་དུ་བདུད་བཞི་བརྩེགས་པའི་གདན་ཞེས་གསུངས་པས། རྒྱ་གཞུང་དེ་རྣམས་དང་། མན་ངག་ལུགས་ཕལ་ཆེ་བ་ལ་བདུད་བཞི་རིམ་པར་སྟེང་འོག་ཏུ་བརྩེགས་པའི་གདན་དུ་བཞེད་ལ། དེའི་སྟེང་དུ་བཞུགས་ཚུལ་ཡང་བསྟོད་པ་ཉི་ཤུ་པ་ལས། ཉི་མར་ཞབས་གཡས་བརྐྱང་དང་བསྐུམ། །གར་མཛད་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཚིག་རྐང་དང་པོས་ཞབས་མདུན་མ་གཡས་བརྐྱང་ཞིང་གཡོན་བསྐུམ་པར་བསྟན་ལ། གཉིས་པས་རྒྱབ་མ་གར་སྟབས་སུ་བཞུགས་པར་བསྟན་པས། མཚོ་སྐྱེས་ཀྱི་དགོངས་པ་དེ་ལྟར་དུ་གྲུབ་བོ། །གལ་ཏེ་ལུང་དེའི་དོན་ནི་དེ་ལྟར་མ་ཡིན་ཏེ། ཟླ་ཟེར་ཉིད་ལས་གཞན་ལུགས་འགོག་པའི་སྐབས་སུ་བསྟོད་པ་ཉི་ཤུ་པར། ཉི་མར་ཞབས་གཡས་བརྐྱང་དང་སྔོ། །ཞེས་བོད་དཔེ་རྙིང་པ་ཐམས་ཅད་དང་། རྒྱ་དཔེ་ལས་འབྱུང་གི་བསྐུམ་ཞེས་པ་མི་འབྱུང་ལ་གལ་ཏེ་འབྱུང་ན་བསྟོད་པ་དེར། སྐུ་མདོག་གི་སྒོ་ནས་བསྟོད་པ་ཅིག་ཀྱང་མ་བསྟན་པར་ཐལ་བའི་སྐྱོན་ཡོད་དོ། །ཞེས་ཟེར་བ་ནི་མི་འཐད་དེ། བསྐུམ་ཞེས་པའི་དཔེ་རྙིང་མ་མཐོང་བའི་ཕྱིར་ན། བོད་དཔེ་རྙིང་པ་ཐམས་ཅད་ལས། ཉི་མར་ཞབས་གཡས་བརྐྱང་དང་སྔོ། །ཞེས་འབའ་ཞིག་འབྱུང་བའི་རྟགས་ཀྱང་མ་གྲུབ་ལ། ཁྱབ་པའང་མ་ངེས་ཏེ་དེ་ལྟར་ན་བསྐུམ་ཞེས་པ་མི་འབྱུང་ན་གཞུང་དེར་མདུན་ཞབས་གཡོན་པ་ལ་བསྟོད་པ་གཅིག་ཀྱང་མ་བསྟན་པར་ཐལ་བའི་སྐྱོན་ཡོད་དོ། །གལ་ཏེ་གར་མཛད་ཅེས་པའི་ཁོངས་ནས་མདུན་ཞབས་གཡོན་པའི་བསྟོད་པའང་སྟོན་སྙམ་ན། འོ་ན་སྤྱི་བོ་དང་སྟེང་ནག་པོ་མཛེས་ཞེས་པའི་དང་ཞེས་པ་ནི། དང་པོའི་ཞལ་དེ་རྩ་ཞལ་ཡིན་ལ། དེ་ནག་པོར་བསྟན་པའི་ཁོངས་ནས་སྐུ་མདོག་གི་བསྟོད་པའང་བསྟན་ནོ་ཞེས་མཚུངས་སོ། །དེས་ན་མཚོ་སྐྱེས་ཀྱི་དགོངས་པ་སྔར་འཆད་པ་ལྟར་ཡིན་ཏེ། རྗེ་བཙུན་རྩེ་མོས་མཚོ་སྐྱེས་ཀྱི་འགྲེལ་པའི་ལུང་ཁྱེད་རང་གིས་དྲངས་པ་ལས། ཞབས་གཡས་གཉིས་ཀྱིས་མནན་པ་ཞེས་པ་ནི་ཡི་གེ་མ་དག་པ་ཡིན་ངེས་ཀྱི་ཁོ་བོས་དཔེ་མི་གཅིག་པ་དུ་མ་མཐོང་བ་ན་ཞབས་གཡས་པ་ཉིད་ཀྱིས་མནན་པ་ཤས་དག་ཏུ་སྣང་བས་དེ་བཞིན་ཡིན་ལ་ལུང་དེར་ཡང་། གཡས་བརྐྱང་གཡོན་བསྐུམ་གར་སྟབས་ཀྱི་དག་པ་གསུམ་སོ་སོར་གསུངས་པའི་ཕྱིར་རོ། །གལ་ཏེ་སྙིང་ཁར་ཞབས་གཡས་པ་ཉིད་ཀྱིས་མནན་པ་ཞེས་གསུངས་པས། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་འབའ་ཞིག་ཏུ་བསྟན་ནོ་སྙམ་ན་མ་ཡིན་ཏེ། ལུང་དེས་བདུད་བཞི་བརྩེགས་པའི་སྙིང་ཁར་ཞབས་གཡས་པ་ཁོ་ནས་མནན་པར་བསྟན་གྱི་ཞབས་གཡོན་པས་བདུད་བཞིའི་རྐང་པ་ནས་མ་མནན་པར་དངོས་ཤུགས་གང་ལ་ཡང་མ་བསྟན་པའི་ཕྱིར་རོ། །འགྲེལ་པ་ལུགས་ལ་ཡང་འདུག་སྟངས་དེ་ཉིད་ཡིན་ཏེ་རིན་ཆེན་འབར་བ་ལས། ཉི་མར་ཞབས་གཡས་བརྐྱང་གཡོན་བསྐུམ་ལྷག་མ་གར་གྱི་ཚུལ་གྱིས་བཞེངས། ཞེས་ཤིན་ཏུ་གསལ་བར་གསུངས་པའི་ཕྱིར་རོ། །དེ་ལ་རིན་ཆེན་འབར་བ་དང་། ཨ་བྷ་ཡའི་ལུང་དེའི་དགོངས་པ་ཞབས་མདུན་མ་གཉིས་གཡས་བརྐྱང་བའི་བརླ་ལ་གཡོན་བསྐུམ་ནས་སོར་མོ་སྦྱར་བ་དང་། ལྷག་མ་རྒྱབ་མ་གཉིས་མདུན་མ་ལྟ་བུའི་གར་སྟབས་ཀྱི་ཚུལ་གྱིས་བཞེངས་པ་ལྟར་འབྲུ་བརྣན་དུ་རུང་ན་སློབ་དཔོན་ཐམས་ཅད་དགོངས་པ་གཅིག་པར་འགྱུར་བས་ཤིན་ཏུ་ལེགས་ཀྱི་གཞན་དུ་ན་སློབ་དཔོན་འདི་གཉིས་ཀྱང་མི་མཁས་པར་འགྱུར་བའི་སྐྱོན་ཡོད་དེ། རྒྱུད་དང་མི་མཐུན་པའི་ཕྱིར་ཞེས་ཟེར་བ་ནི་ཧ་ཅང་ཐལ་ཏེ། དེ་ལྟར་ན་ཁྱེད་རང་གིས་དྲངས་པའི་ཇོ་བོས། སྟེང་ན་ཞབས་བཞི་གཡས་བརྐྱང་བཞུགས། །ཞེས་དང་། ཀཾ་པ་ལས། གཙོ་བོའི་ཞབས་བཞི་གཡས་བརྐྱང་གནས། །ཞེས་གསུངས་པ་སོགས་གཡས་བརྐྱང་བའི་གར་སྟབས་ཀྱི་བཞུགས་པར་བསྟན་པའི་ལུང་ཐམས་ཅད་ཀྱང་། ཞབས་མདུན་མ་གཉིས་གཡས་བརྐྱང་ཞིང་གཡོན་བསྐུམ་པ། མཐོ་ལྔ་རྣམ་པར་བརྒྱངས་པའི་གར་གྱིས་བཞུགས་སྟབས་དང་། རྒྱབ་མ་གཉིས་གཡས་བརྐྱངས་པའི་བརླ་ལ་གཡོན་བསྐུམ་པའི་སོར་མོ་སྦྱར་བའི་གར་སྟབས་ཀྱིས་བཞུགས་པ་ཡིན་ཞེས་བཤད་ན། སློབ་དཔོན་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་པས་ལེགས་སོ་ཞེས་རྣམ་པ་ཀུན་ཏུ་མཚུངས་སོ། །མན་ངག་ལུགས་ཀྱི་དགོངས་པ་ཡང་དེ་བཞིན་ཡིན་ཏེ། རྗེ་བཙུན་རྩེ་མོས་མངོན་རྟོགས་རྒྱས་པར་བསྒོམ་བྱའི་སྐབས་སུ་གཅེར་བུ་ཞབས་གཡས་བརྐྱངས་པས་བཞུགས་པ་ཞེས་པ་ཙམ་ལས་མ་གསུངས་ཀྱང་། དག་པ་དྲན་པའི་སྐབས་སུ། ཐུགས་རྗེ་ཆེན་པོས་སེམས་ཅན་ལ་ཁྱབ་པས་ན་མྱ་ངན་ལས་འདས་པ་ལ་མི་བཞུགས་པར་བསྟན་པའི་ཕྱིར་ཞབས་གཡས་བརྐྱངས་པའོ། །ཤེས་རབ་ཀྱིས་ཆོས་གང་ཡང་མི་འཛིན་པས་འཁོར་བ་ལ་མི་བཞུགས་པར་བསྟན་པའི་ཕྱིར་ཞབས་གཡོན་བསྐུམ་པའོ། །གར་མཁན་ལྟར་ཆ་ལུགས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པས་ན་གར་མཁན་གྱི་ཆ་ལུགས་སུ་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱི་བཞུགས་པའོ་ཞེས་བདུད་བཞི་བརྩེགས་གདན་གྱི་ཚུལ་དུ་ཡོད་པ་ལ་ཞབས་གཡས་བརྐྱངས། གཡོན་བསྐུམ། གར་སྟབས་གསུམ་དག་པ་སོ་སོར་གསུངས་ལ་དེ་ཉིད་གསལ་པོར་བྱ་བའི་ཕྱིར། འཕགས་པས་ཞབས་མདུན་མ་གཉིས་གཡས་བརྐྱང་ཞིང་གཡོན་བསྐུམ་པ་རྒྱབ་མ་གཉིས་གར་སྟབས་ཀྱིས་བཞུགས་པ་ཞེས་དང་། སྲིད་ཞིའི་མཐའ་གཉིས་མནན་པས་རྩ་བའི་ཞབས་གཉིས་བརྐྱང་བསྐུམ། མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་བཞུགས་པས་རྒྱབ་མ་གཉིས་ཀྱིས་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པའོ་ཞེས་གསུངས་པས་སོ། །གཞན་ཡང་རྗེ་བཙུན་ཆེན་པོས་མཛད་པའི་གདན་གྱི་རྣམ་དག་ལས། བདུད་བཞི་བཀྲམ་གདན་གྱི་དབང་དུ་བྱས་ནས་ཀྱང་ཞབས་མདུན་མ་གཉིས་བརྐྱང་ཞིང་གཡོན་བསྐུམ། རྒྱབ་མ་གཉིས་གར་སྟབས་ཀྱིས་བཞུགས་པ་ཡིན་པར་ཤིན་ཏུ་གསལ་བར་བཤད་པས། སེམས་རྣལ་དུ་ཕོབ་ལ་གཟུ་བོའི་བློས་དཔྱོད་ཅིག འོ་ན་གོང་དུ་དྲངས་པའི་ཉི་མར་བཞུགས་ཤིང་གར་སྟབས་ལྡན་ཞེས་རྩ་རྒྱུད་ལས་གསུངས་པ་ཇི་ལྟར་དྲངས་སྙམ་ན། དེའི་དོན་སྐྱིལ་ཀྲུང་ཕྱེད་པའི་གར་དང་ལྡན་པ་ཁོ་ནར་འཆད་པ་མ་ཡིན་གྱི། དེའི་དོན་གར་མཁན་ལྟར་ཆ་ལུགས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་མཛད་པ་ཡིན་ཏེ་ཞེས་བྱ་བ་བྲིས་སོ། །འདི་དག་ནི་མི་འཐད་དེ། དེ་ལ་ཐོག་མར་ནཱ་རོ་འགྲེལ་ཆེན་དང་། འཇམ་དཔལ་ཡེ་ཤེས་ཞབས་ཀྱིས་འཁོར་ལ་སྐྱིལ་ཀྲུང་ཕྱེད་པར་གསུང་ཤིང་། གཙོ་བོ་ལ་དམིགས་བསལ་མ་གསུངས་པས། གཙོ་བོའི་སྐྱིལ་ཀྲུང་ཕྱེད་པ་འགོག་མི་ནུས་ཏེ། གལ་ཏེ་ནུས་ན་ཁྱེད་རང་མན་ངག་ལུགས་སོགས་ལུགས་གསུམ་པོ་ལ་ཞབས་རྒྱབ་མ་གཉིས་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་སུ་བཞུགས་པར་འདོད་པ་དེ་ཡང་སུན་འབྱིན་པར་འགྱུར་ཏེ། ལུགས་གསུམ་པོ་དེ་ལ་འཁོར་ལ་སྐྱིལ་ཀྲུང་ཕྱེད་པ་དངོས་སུ་མ་གསུངས་པའི་ཕྱིར་རོ། །བྱང་ཆུབ་སྙིང་པོའི་དགོངས་པ་ཞབས་བཞི་ག་མཐོ་ལྔ་རྣམ་པར་བརྒྱངས་པའི་གཡས་བརྐྱང་གིས་བདུད་རེ་རེ་མནན་པ་ལ་འཆད་པ་དང་། མཚོ་སྐྱེས་དང་། མི་ཐུབ་ཟླ་བའི་དགོངས་པ། ཞབས་མདུན་མ་གཉིས་གཡས་བརྐྱང་གཡོན་བསྐུམ། རྒྱབ་མ་གཉིས་གར་སྟབས་ཀྱིས་བཞུགས་པར་འཆད་པ་ནི་ཅི་རུང་རུང་དུ་སྨྲས་པ་སྟེ། བྱང་ཆུབ་སྙིང་པོས། བདུད་བཞི་རིམ་པར་ཞབས་ཀྱིས་མནན། །ཞེས་གསུངས་པ་བདུད་བཞི་རིམ་པ་བཞིན་དུ་ཞབས་བཞིས་རིམ་པ་བཞིན་དུ་མནན་པ་ལ་འཆད་ན། མཚོ་སྐྱེས་ཀྱིས། ཞབས་བཞི་པོས་ནི་བདུད་བཞི་པོ། །མཉམ་པར་མནན་ཅིང་ཞེས་པ་ཡང་ཞབས་རེ་རེས་བདུད་བཞི་པོ་རེ་རེ་མཉམ་པར་མནན་པ་ལ་འཆད་དགོས་ཤིང་། བདུད་བཞི་མཉམ་པར་མནན་ཅེས་པའི་དོན་བདུད་བཞི་བརྩེགས་པ་ལ་འཆད་ན། བདུད་བཞི་རིམ་པར་ཞེས་པའི་དོན་ཡང་བདུད་བཞི་རིམ་པར་བརྩེགས་པ་ལ་འཆད་དགོས་པའི་ཕྱིར་རོ། །རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་ལུགས་ལ། མཚོ་སྐྱེས་ལུགས། འགྲེལ་པ་ལུགས། མན་ངག་ལུགས་གསུམ་ཆར་གྱི་དགོངས་པ་ཞབས་མདུན་མ་གཉིས་གཡས་བརྐྱང་ཞིང་གཡོན་བསྐུམ་རྒྱབ་མ་གཉིས་གར་སྟབས་ཀྱིས་བཞུགས་པ་ཡིན་པའི་ཤེས་བྱེད་དུ། ལུགས་གསུམ་པོ་དེ་དག་གི་གཞུང་རྣམས་ལས་བདུད་བཞི་བརྩེགས་པའི་གདན་དུ་གསུངས་པ་དྲངས་པ་རྣམས་ནི་ལུགས་སྔ་ཕྱི་མ་ཕྱེད་པ་ལྟ་བུར་སྣང་སྟེ། བདུད་བཞི་བརྩེགས་གདན་ནི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་སུ་བཞུགས་པའི་ཤེས་བྱེད་དུ་འགྱུར་བའི་ཕྱིར་རོ། །བསྟོད་པ་ཉི་ཤུ་པར། ཉི་མར་ཞབས་གཡས་བརྐྱང་དང་བསྐུམ། །ཞེས་པའི་ཞབས་མདུན་མ་གཉིས་གཡས་བརྐྱང་གཡོན་བསྐུམ་བསྟན་པར་འདོད་པ་ནི་གཞུང་དེ་ཉིད་དང་འགལ་ཏེ། གཞུང་དེ་ལྟར་དུ་ཡོད་ན་ཡང་ཞབས་གཡས་པ་ལ་བརྐྱང་བ་དང་བསྐུམ་པ་གཉིས་ཡོད་ཅེས་པར་འཆད་དགོས་ཀྱི། གཡས་པ་བསྐུམ་པའི་དོན་གཡོན་པ་བསྐུམ་པ་ལ་འཆད་པ་ནི་བཞད་གད་ཀྱི་གནས་ཡིན་ནོ། །གནད་ཀྱི་ཟླ་ཟེར་ལས། ཉི་མར་ཞབས་གཡས་བརྐྱང་དང་སྔོ། །ཞེས་པའི་འགྱུར་དུ་ཡོད་པར་གསུངས་ལ། དགག་པ་བརྗོད་པ་རྣམས་ནི་མི་འཐད་དེ། སྔོ་ཞེས་པ་རྗེ་བཙུན་ཉིད་ཀྱིས་གཟིགས་པའི་བོད་དཔེ་རྙིང་པ་ཐམས་ཅད་ལས་འབྱུང་ཞེས་གསུངས་པས། ཁྱེད་དཔེ་མ་དག་པ་དང་ཐུག་པ་མི་འགོག་པའི་ཕྱིར་དང་། བསྐུམ་ཞེས་པ་མི་འབྱུང་ན་མདུན་ཞབས་གཡོན་པ་ལ་བསྟོད་པ་ཅིག་ཀྱང་མ་བསྟན་པར་ཐལ་བའི་སྐྱོན་ཡོད་དོ་ཞེས་སོགས་ཀྱི་མཚུངས་པ་བསྒྲེ་བ་ནི། ཕྱོགས་སྔ་ཕྱི་སོ་སོར་མ་ཕྱེད་པའི་མཚུངས་པ་སྣང་བའི་ཕྱིར་ཏེ། གཞུང་དེ་ལྟར་དུ་ཡོད་ན་ཡང་མདུན་ཞབས་གཡོན་པ་བསྐུམ་པ་མི་སྟོན་པར་བཤད་ཟིན་ཅིང་། གལ་ཏེ་བསྟན་ན་ཡང་ངེད་ལ་གནོད་པ་ཅུང་ཟད་ཀྱང་མེད་དེ། ངེད་ཞབས་གཡོན་པ་གཉིས་ཆར་བསྐུམ་པ་བཞེད་པའི་ཕྱིར་རོ། །མཚོ་སྐྱེས་ཀྱི་འགྲེལ་པར་ཞབས་གཡས་པ་གཉིས་ཀྱིས་མནན་པ་ཞེས་པ་དཔེ་མ་དག་པར་བྱས་ནས་ཞབས་གཡས་པ་ཉིད་ཀྱིས་མནན་པ་ཞེས་པར་ཡོད་པས། རང་ལུགས་སྒྲུབ་པར་འདོད་པ་ནི་རང་ལུགས་འགོག་པར་བྱེད་པ་སྟེ། ཁྱེད་རང་གིས་འབྲུ་གཉེར་བ་ལྟར་བདུད་བཞིའི་སྙིང་ཁར་ཞབས་གཡས་པ་ཁོ་ནས་མནན་པའི་དོན་དུ་འདོད་ན་ཡང་། ཞབས་གཡས་པ་གཉིས་ཆར་གྱིས་བདུད་བཞིའི་སྙིང་ཁ་ནས་མནན་པར་ཁས་ལེན་དགོས་ལ། དེའི་ཚེ་ཞབས་རྒྱབ་མ་གཉིས་སྐྱིལ་ཀྲུང་ཕྱེད་པར་བཞུགས་པའི་ཞབས་གཡས་པའི་ཐད་དུ་ཡང་སྙིང་ཁ་ཡོད་པར་ཁས་ལེན་དགོས་པའི་ཕྱིར་ན། བདུད་ཀྱི་སྙིང་ག་དེ་བདུད་ཀྱི་ལྟོ་བ་ཐམས་ཅད་ལ་ཁྱབ་ནས་ཡོད་པར་ཐལ་བའི་ཕྱིར་རོ། །མཚོ་སྐྱེས་ཀྱི་འགྲེལ་པར་གཡས་བརྐྱང་གཡོན་བསྐུམ་དང་། སྐྱིལ་ཀྲུང་ཕྱེད་པ་གསུམ་ལ་དག་པ་སོ་སོར་གསུངས་པས་དེ་གསུམ་སོ་སོར་ཡོད་པར་མི་འགྲུབ་སྟེ་འགྲེལ་པར་རོལ་པའི་ཚུལ་ནི་སྐྱིལ་ཀྲུང་ཕྱེད་པའོ། །དེའི་གཡས་བརྐྱང་པ་ནི་ཐུགས་རྗེ་ཆེན་པོས་སེམས་ཅན་ལ་ཁྱབ་པའོ་ཞེས་སྐྱིལ་ཀྲུང་ཕྱེད་པ་དེ་ཡི་གཡས་བརྐྱང་གཡོན་བསྐུམ་གྱི་དག་པ་གསུངས་པར་ཤིན་ཏུ་གསལ་བའི་ཕྱིར་རོ། །མན་ངག་ལུགས་ཀྱི་དགོངས་པ་ལ། རྗེ་བཙུན་རྩེ་མོས་བསྒོམ་བྱའི་སྐབས་སུ་གཅེར་བུ་གཡས་བརྐྱང་པས་བཞུགས་པ་ཞེས་པ་ཙམ་ལས་མ་གསུངས་ཀྱང་། དག་པ་དྲན་པའི་སྐབས་སུ་གཡས་བརྐྱང་། གཡོན་བསྐུམ་དང་། སྐྱིལ་ཀྲུང་ཕྱེད་པ་གསུམ་གྱིས་དག་པ་གསུངས་པས། གཡས་བརྐྱང་གཡོན་བསྐུམ་ལས་ལོགས་སུ་གྱུར་པའི་སྐྱིལ་ཀྲུང་ཕྱེད་པ་ཡོད་པར་འགྲུབ་པར་འདོད་པ་ཡང་ཤིན་ཏུ་མི་འཐད་དེ། སྔར་མཚོ་སྐྱེས་ཀྱི་འགྲེལ་པའི་ལུགས་དང་དོན་གཅིག་པའི་ཕྱིར་དང་། གཞན་དུ་རྗེ་བཙུན་ཆེན་པོས་བདེ་མཆོག་ལོ་དྲིལ་གཉིས་ཀྱི་སྐབས་སུ། གཡས་དང་པོ་རྡོ་རྗེ་དང་། གཡོན་དང་པོ་དྲིལ་བུ་འཛིན་པ་དང་། ཡུམ་ལ་འཁྱུད་པའི་དག་པ་གསུམ་སོ་སོར་གསུངས་པས་རྡོར་དྲིལ་འཛིན་པའི་ཕྱག་གཉིས་ལས་ལོགས་སུ་གྱུར་པའི་ཡུམ་ལ་འཁྱུད་པའི་ཕྱག་གཉིས་ཡོད་པར་ཁས་ལེན་དགོས་པར་ཐལ་བའི་ཕྱིར་རོ། །རྗེ་བཙུན་ཆེན་པོས་མཛད་པའི་གདན་གྱི་རྣམ་དག་ལས། གཙོ་བོའི་ཞབས་ཕྱེད་ཀྲུང་དུ་བཞུགས་པས་ཚངས་པའི་སྙིང་ཁ་ནས་མནན་པ་དང་ཞབས་གཡས་བརྐྱང་པས་དབང་ཕྱུག་ཆེན་པོའི་སྙིང་ཁ་ནས་མནན་པ་དང་། གཡོན་བསྐུམ་པས་གཞན་འཕྲུལ་དབང་བྱེད་ཀྱི་བདུད་སྡིག་ཅན་གྱི་སྙིང་ཁ་ནས་མནན་པ་དང་། ཡུམ་གྱི་ཞབས་གཡོན་པས་བརྒྱ་བྱིན་གྱིས་སྙིང་ཁ་ནས་མནན་པར་གསུངས་ཀྱི། ཞབས་མདུན་རྒྱབ་ཀྱི་གསལ་ཁ་མི་སྣང་བས་འདིའང་བདུད་བཞི་བཀྲམ་གདན་གྱི་དབང་དུ་བྱས་པ་ཡིན་པར་མི་འགྲུབ་སྟེ། འདི་ཡང་བདུད་བཞི་བརྩེགས་གདན་གྱི་དབང་དུ་བྱས་ནས་གཙོ་བོའི་ཞབས་ཐམས་ཅད་ཀྱི་ནུས་པ་སྡོམ་ནས་ཞབས་གཡས་པ་གཉིས་དང་། ཡུམ་གྱི་ཞབས་གཡོན་པ་གསུམ་གྱིས་བདུད་བཞི་བརྩེགས་པའི་སྙིང་ཁ་ནས་མནན་པའི་དོན་དུ་སྣང་བའི་ཕྱིར་རོ། །སེམས་རྣལ་དུ་ཕབ་ནས་གཟུ་བོའི་བློས་དཔྱད་པའི་ཚེ་ཇི་ལྟར་འབྱུང་བ་དགོངས་མཛོད་ཅིག ཉི་མར་བཞུགས་ཤིང་གར་སྟབས་ལྡན། །ཞེས་པའི་དོན་གར་མཁན་ལྟར་ཆ་ལུགས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ལ་འཆད་པ་ནི་རྣམ་པར་འཁྱམས་ཏེ། དེ་ལྟར་ན་སངས་རྒྱས་ཐམས་ཅད་གར་མཁན་ལྟར་ཆ་ལུགས་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་མཛད་པ་ཡིན་པས། སངས་རྒྱས་སྐྱིལ་ཀྲུང་གིས་བཞུགས་པ་རྣམས་ལ་ཡང་གར་སྟབས་ལྡན་ཞེས་གསུང་དགོས་པར་ཐལ་ལོ། །དྲན་པའི་འབྱུང་གནས་ལས་རྣམ་པ་སྣ་ཚོགས་སུ་སྤྲོ་བས་ན་གར་དང་ལྡན་ནོ་ཞེས་པའི་དོན་ནི་གར་གྱི་རྣམ་དག་འཆད་པ་ཡིན་གྱི་གར་གྱི་བཞུགས་སྟབས་འཆད་པ་མ་ཡིན་ནོ། །ཡང་ཉི་ཟེར་ལས་བོད་ཀྱི་འཁྲུལ་སྤོང་མཁན་པོས་རྩ་རྒྱུད་ཀྱི་ཊཱི་ཀར། མན་ངག་ལུགས་ལ་སེམས་དཔའ་སུམ་བརྩེགས་འཆད་པས་ནོར་རོ་ཞེས་བཀག་པ་ལ། གནད་ཀྱི་ཟླ་ཟེར་ལས། དེའི་སྐྱོན་སྤོང་ནས་མན་ངག་ལུགས་ལ་སེམས་དཔའ་སུམ་བརྩེགས་ཡོད་པར་སྒྲུབ་བོ། །དེ་ལ་ཕྱོགས་སྔ་ནི་ཟླ་ཟེར་གྱི་ལན་དེས་ཀྱང་ཁེགས་མོད་ཟླ་ཟེར་གྱི་ལུགས་དེ་ལའང་ཅུང་ཟད་དཔྱད་ན། རྗེ་བཙུན་ཆེན་པོས་བདག་མེད་མའི་སྒྲུབ་ཐབས་སུ། སེམས་དཔའ་སུམ་བརྩེགས་ཀྱི་རྣམ་བཞག་གཉིས་གསུངས་པ་ཁྱེད་ཀྱིས་བཤད་པ་ལྟར་ཡིན་མོད། དེ་ཡང་མན་ངག་ལུགས་ཀྱི་དབང་དུ་བྱས་པ་མ་ཡིན་གྱི་སྒྲུབ་ཐབས་འདི་འགྲེལ་པ་ལུགས་དང་། མན་ངག་ལུགས་ཐུན་མོང་བའི་ནང་ནས་འགྲེལ་པ་ལུགས་ཤས་ཆེ་བར་སྣང་བས། དེའི་ཕྱིར་བདུད་རྩི་འོད་ཀྱི་རྗེས་སུ་འབྲང་ནས་སེམས་དཔའ་སུམ་བརྩེགས་ཀྱི་ཐ་སྙད་གསུངས་པ་ཡིན་ལ། མན་ངག་ལུགས་ཀྱི་གསུངས་རབ་འགྲེལ་བྱེད་གང་དུ་ཡང་སེམས་དཔའ་སུམ་བརྩེགས་ཀྱི་ཐ་སྙད་གསུངས་པ་མེད་པས་ཐུགས་ཁར་ས་བོན་འགོད་པ་ཙམ་ལས་མི་མཛད་དོ། །སྒྲོན་གསལ་གྱི་ལུང་གི་དོན་ནི་ཁྱེད་ཀྱིས་བཤད་པ་ལྟར་ལེགས་པས་ས་བོན་ཐིག་ལེས་བརྒྱན་པ་ཡོད་པ་རྣམས་ལ་སེམས་དཔའ་སུམ་བརྩེགས་ཀྱི་དོན་ཚང་བ་ལེགས་པར་གྲུབ་བོ། །ཞེས་བྱ་བ་བྲིས་སོ། །དེ་ལ་བོད་ཀྱི་འཁྲུལ་སྤོང་མཁན་པོས་རྩ་རྒྱུད་ཊཱི་ཀར། དེ་ལྟར་དུ་ཡོད་པ་ཟླ་ཟེར་ལས་བཀག་ཅེས་པ་ནི་ཚོད་དཔག་ཙམ་དུ་སྣང་སྟེ། དེས་རྩ་རྒྱུད་ཀྱི་ཊཱི་ཀ་འགོག་པ་ལ་རྩོལ་བ་མི་མཛད་པའི་ཕྱིར་རོ། །འོན་ཀྱང་དེ་ཞར་ལ་ཁེགས་མོད་ཀྱི། ཟླ་ཟེར་གྱི་ཕྱོགས་སྔ་ནི་གཞན་ཞིག་ནི་ཡོད་དོ། །རྗེ་བཙུན་ཆེན་པོས་མཛད་པའི་བདག་མེད་མའི་སྒྲུབ་ཐབས་མན་ངག་ལུགས་མ་ཡིན་པར་འགྲེལ་པ་ལུགས་སུ་འདོད་པ་ནི་སྔར་བཀག་ཟིན་ལ། མན་ངག་ལུགས་ལ་སེམས་དཔའ་སུམ་བརྩེགས་ཡོད་ན་ཐུགས་ཁར་ས་བོན་འགོད་པ་ཙམ་ལས་མི་མཛད་ཅེས་པའི་ཙམ་སྒྲས་གང་གཅོད་པ་ཡིན་སྨྲ་དགོས་ལ། མེད་ན་ས་བོན་ཐིག་ལེས་བརྒྱན་པ་ཡོད་པ་རྣམས་ལ་སེམས་དཔའ་སུམ་བརྩེགས་ཀྱི་དོན་ཚང་བ་ལེགས་པར་གྲུབ་ཅེས་ཁས་བླངས་པ་དང་འགལ་ལོ། །གནད་ཀྱི་ཟླ་ཟེར་ལས། བླ་ཆེན་འཕགས་པས་རང་གི་ཐུགས་ཁ་ནས་སྔགས་ཕྲེང་ཐོན། ཡུམ་གྱི་ཁར་ཞུགས་ཐུགས་ཁར་ཐིམ། མཁའ་ནང་ནས་ཐོན། ཡབ་ཀྱི་རྡོ་རྗེར་ཞུགས་ཐུགས་ཁར་ཐིམ་པར་བསྒོམས་ལ་བཟླས་ཤིང་། འཁོར་རྣམས་ཀྱི་རང་རང་གི་ཐུགས་ཁའི་ས་བོན་ལ་འཁོར་བར་བསམ་ཞིང་བཟླའོ། །ཞེས་གསུངས་མོད། རྗེ་བཙུན་དང་མི་མཐུན་པར་མངོན་ནོ་ཞེས་གསུངས་པ་ལ། ཉི་ཟེར་ལས། དེའང་མི་འཐད་དེ་གཙོ་བོ་ཡབ་ཡུམ་གྱི་སྔགས་བཟླ་བའི་ཚེ། རྗེ་བཙུན་སྐུ་མཆེད་ཀྱི་ཞལ་ནས་ཚུར་འཁོར་དུ་བཤད་པ་ནི་རླུང་བརྟན་པར་བྱ་བའི་དབང་དུ་བྱས་ཏེ། རྗེ་ས་སྐྱ་པ་ཆེན་པོས་བཟླས་པའི་མན་ངག་ནི། ཡུམ་གྱི་ཐུགས་ཁའི་ཨཾ་ལས་སྔགས་ཀྱི་ཕྲེང་བ་བྱུང་སྟེ། རང་གི་ཁར་ཞུགས་ཏེ་ཚུར་འཁོར་བ་འདིས་ནི་རླུང་བརྟན་པར་འགྱུར་རོ་ཞེས་གསུངས་པ་ལྟར་མཛད་པ་ཡིན་ལ། དེའི་ཤུགས་ལས་བྱུང་སེམས་བརྟན་པར་འདོད་པས་ཕར་འཁོར་དུ་བཟླ་བ་སྙན་བརྒྱུད་ལ་བཞུགས་པ་འཕགས་པ་རིན་པོ་ཆེས་གསལ་བར་བཀོད་པ་ཡིན་ཏེ། རྗེ་བཙུན་གྱིས་ཡུམ་དང་བཅས་པ་ལ། འདོ་ལའི་བཟླས་པ་དང་ཞེས་པ་རྒྱས་བཤད་ཀྱི་སྐབས་སུ་འཕགས་པས་འཁོར་བའི་བཟླས་པ་ལ་གཉིས་སུ་མེད་པ་ལས་ཡབ་ཡུམ་ཞལ་སྦྱོར་གྱི་སྟེང་འོག་གི་སྒོ་གཉིས་ནས་ཕར་ཚུར་འཁོར་བས་རང་བཞིན་གྱི་དོན་བྱས་པར་བསམ་ཞིང་བཟླ་བ་དང་ཞེས་གསུངས་པས་སོ། །འདི་ཉིད་རྗེ་བཙུན་ཆེན་པོའི་དགོངས་པར་ཤིན་ཏུ་གསལ་ཏེ། དེ་ཁོ་ན་ཉིད་གསུམ་གྱི་མན་ངག་ལས། ཀྱཻ་རྡོ་རྗེ་དང་། བདེ་མཆོག་ཡུམ་ལ་འཁོར་བའི་བཟླས་པ་ཞེས་བྱ་བ་ཡུམ་ལས་ཡབ་ཀྱི་སྔགས་ཀྱི་འོད་ཟེར་དང་ཡིག་འབྲུ་ཚུར་འཁོར་བའམ། ཡབ་ལས་ཡུམ་ལ་ཕར་འཁོར་བའི་ཚུལ་དུ་བཟླས་པར་བཤད་དེ། དེ་ཡང་ཚུར་འཁོར་ནས་བཟླས་ན་རླུང་བརྟན་པར་འགྱུར། ཕར་འཁོར་དུ་བཟླས་ན་བྱང་ཆུབ་ཀྱི་སེམས་བརྟན་པར་འགྱུར་ཞེས་གསུངས་སོ། །གཞན་ཡང་བཟླས་ཐབས་གཞུང་སོ་སོ་གང་གི་ལུགས་སུ་བྱས་ཀྱང་བཏུབ་སྟེ། བཟླས་ཐབས་ཀྱི་བྱེ་བྲག་གོ་ཞེས་ཤིན་ཏུ་གསལ་བར་གསུངས་པའི་ཕྱིར་རོ། །འཁོར་གྱི་སྔགས་བཟླ་ཚུལ་ཡང་རྗེ་བཙུན་རྩེ་མོས་སྔགས་ཀྱི་འོད་ཟེར་ལྷ་མོ་ལ་ཕོག་པས། ཐུགས་བརྒྱུད་བསྐུལ་བར་བསམ་ཞེས་གསུངས་པ་ནི། བཟླ་ཚུལ་གྱི་རྣམ་གྲངས་གཞན་ཡིན་ལ། རྗེ་བཙུན་གྱི་དགོངས་པ་ཡང་མཐའ་གཅིག་པ་མ་ཡིན་ཏེ། རྗེ་བཙུན་གྱིས་ཡུམ་མེད་པ་ལ་ནི་མ་ནིང་གི་བཟླས་པ་ཞེས་གསུངས་ལ། རྒྱས་བཤད་དུ་འཕགས་པས་ཡབ་ཡུམ་རྐྱང་པ་ལ་འཁོར་བར་བསྒོམ་པ་མ་ནིང་གི་བཟླས་པ་ཞེས་གསུངས་སོ། །གལ་ཏེ་རྗེ་བཙུན་གྱིས་ཡུམ་མེད་པ་ལ་ཞེས་གསུངས་པ་ནི། སྐུ་རྡོ་རྗེ་ཡུམ་མེད་པ་ལ་དགོངས་པ་ཡིན་གྱི། ལྷ་མོ་རྣམས་ལ་མ་ཡིན་ནོ་སྙམ་ན་ལྷ་མོ་རྣམས་ལ་ཡང་ཚུལ་དེ་ཉིད་དུ་བཟླ་བ་རྗེ་བཙུན་གྱི་དགོངས་པ་ཡིན་ཏེ། རྗེ་བཙུན་གྱིས་བདག་མེད་པའི་མངོན་རྟོགས་སུ་ཐུགས་ཁའི་ཨཾ་ལས་སྔགས་ཀྱི་ཕྲེང་བ་བྱུང་སྟེ། ལྟེ་བ་ནས་ཐོན་ནས་ཞལ་ནས་ཞུགས་ཏེ། ཐུགས་ཀའི་ཨཾ་ལ་ཐིམ་པའི་ཚུལ་གྱིས་ཚུར་འཁོར་གྱི་རྣམ་པའམ་ཞལ་ནས་བྱུང་སྟེ། ལྟེ་བར་ཞུགས་ནས་ཨཾ་ལ་མས་ཡར་ཐིམ་པའི་ཚུལ་གྱིས་ཕར་འཁོར་གྱི་རྣམ་པར་བཟླས་པ་གང་རུང་ངོ་ཞེས་གསལ་བར་གསུངས་པའི་ཕྱིར་རོ། །དེས་ན་འདོ་ལའི་བཟླས་པ་དང་། མ་ནིང་གི་བཟླས་པ་གཉིས་ཀ་ལ་ཡང་ཕར་འཁོར་དང་ཚུར་འཁོར་དུ་བཟླས་པ་ལུགས་གཉིས་ཀ་ཡོད་པ་རྗེ་བཙུན་གྱི་དགོངས་པ་ཡིན་པར་གསལ་བར་བཤད་པས། འཕགས་པ་རིན་པོ་ཆེས་བཟླས་པའི་མན་ངག་རྗེ་བཙུན་སྐུ་མཆེད་དང་མི་མཐུན་པ་མ་ཡིན་པར་ཤེས་པར་གྱིས་ཤིག་ཅེས་བྱ་བ་བྲིས་སོ། །འདི་ལ་དཔྱད་པར་བྱ་སྟེ། རྗེ་བཙུན་སྐུ་མཆེད་ཀྱིས་སྒྲུབ་ཐབས་གཉིས་ལས་ཚུར་འཁོར་མ་གཏོགས་པ་ཕར་འཁོར་མ་བཤད་པས་འཕགས་པས་ཕར་འཁོར་དུ་བཤད་པ་རྗེ་བཙུན་གྱི་གསུང་དང་མི་མཐུན་པར་མངོན་ཞེས་གསུངས་ཀྱི། ཕར་འཁོར་གཏན་མི་རུང་བར་བཞེད་པ་ནི་མ་ཡིན་ལ་དེ་ཁོ་ན་ཉིད་གསུམ་གྱི་མན་ངག་ལས། ཚུར་འཁོར་མ་གཏོགས་པ་ཕར་འཁོར་ཡོད་པ་སྒྲུབ་མི་ནུས་ཏེ། ལུང་དེའི་དོན་ནི་ཀྱཻ་རྡོར་དང་། བདེ་མཆོག་གཉིས་ལ་ཚུར་འཁོར་དང་། ཕར་འཁོར་གཉིས་པོ་སོ་སོར་སྦྱར་བ་ཡིན་པའི་ཕྱིར་རོ། །དེས་ན་ཀྱཻ་རྡོར་གྱི་སྐབས་སུ་རླུང་བརྟན་པའི་དབང་དུ་བྱས་ནས་ཚུར་འཁོར་དང་། བདེ་མཆོག་གི་སྐབས་སུ་བྱང་ཆུབ་ཀྱི་སེམས་བརྟན་པའི་དབང་དུ་བྱས་ནས་ཕར་འཁོར་དུ་བྱ་བར་བཤད་པས་གནས་སྐབས་མ་འདྲེས་པ་སོ་སོར་ཉམས་སུ་ལོངས་ཤིག འཁོར་གྱི་སྔགས་བཟླས་པའི་ཚུལ་རྗེ་བཙུན་རྩེ་མོས་སྔགས་ཀྱི་འོད་ཟེར་ལྷ་མོ་ལ་ཕོག་པས་ཐུགས་རྒྱུད་བསྐུལ་བར་བསམས་ཞེས་གསུངས་པ་རྗེ་བཙུན་གྱི་དགོངས་པ་མཐའ་གཅིག་པ་མ་ཡིན་པའི་ཤེས་བྱེད་དུ། ཡུམ་མེད་པ་ལ་མ་ནིང་གི་བཟླས་པ་ཞེས་པ་དྲངས་པ་ནི་འབྲེལ་མེད་དེ། དེ་ནི་ཡུམ་མེད་པའི་དཀྱིལ་འཁོར་གྱི་གཙོ་བོའམ། དཔའ་བོ་གཅིག་པའི་བཟླས་ཚུལ་སྟོན་པའི་ཕྱིར་རོ། །ཡང་དེ་ཡུམ་མེད་པ་སྐུ་རྡོ་རྗེ་ལྟ་བུ་ལ་དགོངས་པ་མ་ཡིན་པའི་ཤེས་བྱེད་དུ་རྗེ་བཙུན་གྱི་བདག་མེད་མའི་མངོན་རྟོགས་སུ། ཐུགས་ཀའི་ཨཾ་ལས་སྔགས་ཀྱི་ཕྲེང་བ་བྱུང་སྟེ་ཞེས་སོགས་དྲངས་པས་ཀྱང་འཁོར་གྱི་ལྷ་མོ་རྣམས་ལ་འཁོར་ཚུལ་དེ་ལྟ་བུ་བྱེད་པར་སྒྲུབ་མི་ནུས་ཏེ། དེ་ནི་བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གྱི་གཙོ་མོ་ལ་དགོངས་པའི་ཕྱིར་རོ། །གལ་ཏེ་སྒྲུབ་ནུས་ན་ཡང་། དེས་འཕགས་པས་འཁོར་རྣམས་ཀྱི་ནི། རང་རང་གི་ཐུགས་ཁའི་ས་བོན་ལ་འཁོར་བར་བསམ་ཞིང་བཟླའོ་ཞེས་པ་དེ་སྒྲུབ་མི་ནུས་ཏེ། དེ་གཉིས་ལ་འབྲེལ་མི་འདུག་པའི་ཕྱིར་རོ། །དེས་ན་ཁོ་བོའི་བླ་མས་སྤྱིར་འདོ་ལའི་བཟླས་པ་དང་། མ་ནིང་གི་བཟླས་པ་གཉིས་ཀ་ལ་ཕར་འཁོར་དང་ཚུར་འཁོར་དུ་བཟླ་བའི་ལུགས་གཉིས་མེད་པ་མ་གསུངས་ལ། འོན་ཀྱང་ཀྱཻ་རྡོར་དང་བདེ་མཆོག་གཉིས་ལ་ཚུར་འཁོར་དང་ཕར་འཁོར་སོ་སོར་སྦྱར་བ་ནི་རྗེ་བཙུན་གོང་མའི་གསུང་ལ་ཤིན་ཏུ་གསལ་བས་དེ་ལས་ལྡོག་པ་གཅིག་བྱེད་པ་ལ་དགོས་པ་ཅི་ཞིག་སྒྲུབ། གཏོར་ཆོག་གི་ཊཱི་ཀར་ཁ་ཅིག་ཆོས་འབྱུང་གཅིག་གི་ནང་དུ་པདྨ་གསུམ་ཀ་འདོད་པ་ནི་མི་འཐད་དེ། དེ་ཉིད་བཅུ་པར་གོང་མ་གོང་མའི་རིམ་པས་ཆོས་འབྱུང་སུམ་བརྒྱུད་ཀྱི་དབུས་སུ་ཆུད་པ། པདྨ་དམར་པོ་འདབ་མ་བརྒྱད་པ་བལྟས་ལ་ཞེས་དང་། སློབ་དཔོན་ཀཾ་པ་ལས་ཆོས་འབྱུང་སུམ་བརྩེགས་བར་མར་ནི་ཞེས་དང་། མར་མེ་མཛད་ཀྱི་སྟེང་གི་ཆོས་འབྱུང་པདྨ་དཀར་ཞེས་དང་། འོག་གི་ཆོས་འབྱུང་པདྨ་དམར་ཞེས་དང་། རྗེ་བཙུན་རྩེ་མོས་དཀྱིལ་འཁོར་གྱི་ནུབ་ཕྱོགས་འོག་གི་ཆ་ལ་ཆོས་འབྱུང་གི་ནང་དུ་པདྨ་འདབ་བརྒྱད་ལ་ཞེས་སོགས་དཀྱིལ་འཁོར་དང་འབྲེལ་བའི་སྐབས་ནས་གསུངས་ཤིང་། རྗེ་བཙུན་གྱིས་སྟེང་གི་ཆོས་འབྱུང་གི་པདྨ་ཞེས་དང་། བར་གྱི་ཆོས་འབྱུང་གི་པདྨ་ཞེས་དང་། ཆོས་འབྱུང་འོག་མའི་པདྨ་ཞེས་དང་འགལ་བའི་ཕྱིར་རོ་ཞེས་གསུངས་པ་ལ། ཉི་ཟེར་ལས། དེ་ལ་ཆོས་འབྱུང་སུམ་བརྩེགས་ཁོ་ན་མཐའ་གཅིག་ཏུ་འདོད་པ་མི་འཐད་དེ། ཨ་ལ་ལ་བཛྲ་གྱིས་མདུན་དུ་གྲུ་གསུམ་ཆོས་འབྱུང་ནང་དུ་པདྨ་སུམ་བརྩེགས་བསམ་སྟེ་ཞེས་དང་། མི་ཐུབ་ཟླ་བས། ཆོས་ཀྱི་འབྱུང་གནས་ནང་དུ་ནི། །པདྨ་འདབ་བརྒྱད་སུམ་བརྩེགས་སུ། །ཞེས་དང་། ས་ཆེན་གྱིས་གཏོར་མ་གཏོང་ན་མདུན་དུ་ཆོས་འབྱུང་གི་ནང་དུ་པཾ་ལས་པདྨ་སུམ་བརྩེགས་བལྟས་ལ་ཞེས་དང་། རྗེ་བཙུན་རྩེ་མོས་མངོན་རྟོགས་རྒྱས་པར་ཁྱེད་རང་གི་དྲངས་པའི་ལུང་དེའི་སྔ་རོལ་དེ་ཉིད་དུ་དེ་ལ་མགྲོན་བསྐྱེད་པ་ནི་མདུན་དུ་དཀྱིལ་འཁོར་མ་བྱས་ན། སྐད་ཅིག་གིས་ཆོས་འབྱུང་བསྒོམས་ཏེ་དེའི་ནང་དུ་པཾ་སུམ་བརྩེགས་ལས་པདྨ་འདབ་བརྒྱད་སུམ་བརྩེགས་བསྒོམས་ཏེ་ཞེས་དང་། དཀྱིལ་འཁོར་དང་འབྲེལ་བའི་དབང་དུ་བྱས་ནས་ཀྱང་། ཆོས་འབྱུང་གཅིག་པོའི་ནང་དུ་གཏོར་མགྲོན་རྣམས་བསྒོམ་པར་གསུངས་པའི་ཕྱིར་རོ། །གལ་ཏེ་ནུབ་བམ་ལྷོ་ནུབ་ཀྱི་འོག་གི་ཆ་ལ་ཆོས་འབྱུང་གི་ནང་དུ་ཞེས་དྲངས་པའི་ལུང་གི་ཆོས་འབྱུང་སུམ་བརྩེགས་སུ་འགྲུབ་བོ་སྙམ་ན་མི་འགྲུབ་སྟེ། དེ་ནི་འོག་གི་གཏོར་མགྲོན་རྣམས་ཕྱིའི་ཆོས་འབྱུང་གི་ནང་དུ་ཆུད་པ་ལ་དགོངས་ཀྱི། སྒོས་ཀྱི་ཆོས་འབྱུང་ངེས་པར་བཞེད་པ་ནི་མ་ཡིན་སྟེ། ཡིན་ན་སྟེང་གི་གཏོར་མགྲོན་རྣམས་ལ་ཡང་། སྒོས་ཀྱི་ཆོས་འབྱུང་གསུངས་པར་རིགས་པ་ལ། རྗེ་བཙུན་རྩེ་མོས། དེའི་ཤར་རམ། བྱང་ཤར་གྱི་སྟེང་གི་ཆ་ལ་པདྨ་འདབ་བརྒྱད་ཀྱི་ཨོཾ་དགུ་ལས་ལྟེ་བ་ལ་སྐུ་རྡོ་རྗེ། འདབ་མ་ལ་ལྷ་ཆེན་པོ་བརྒྱད། ཅེས་པ་ཙམ་ལས་སྟེང་གི་མགྲོན་རྣམས་ལ་ཆོས་འབྱུང་མ་གསུངས་འི་ཕྱིར་རོ། །དེས་ན་ཆོས་འབྱུང་སུམ་བརྩེགས་སམ། ཆོས་འབྱུང་གཅིག་གི་ནང་དུ་པདྨ་འདབ་བརྒྱད་སུམ་བརྩེགས་བྱེད་པ་འདམ་ཁ་ཅན་དུ་ཤེས་པར་བྱའོ་ཞེས་བྱ་བ་བྲིས་སོ། །དེ་ལ་ལུང་དེ་རྣམས་ལས་ཆོས་འབྱུང་གི་ནང་དུ་པདྨ་འདབ་བརྒྱད་སུམ་བརྩེགས་ཡོད་པར་གསུངས་ཀྱི་ཆོས་འབྱུང་གཅིག་གི་ནང་དུ་པདྨ་འདབ་བརྒྱད་སུམ་བརྩེགས་ཡོད་པར་མ་གསུངས་ལ། གནད་ཀྱི་ཟླ་ཟེར་ལས་དྲངས་པའི་ལུང་རྣམས་ལས་ནི་ཆོས་འབྱུང་སུམ་བརྩེགས་དངོས་སུ་གསུངས་པས། ཨ་ལ་ལ་བཛྲ་དང་། མི་ཐུབ་ཟླ་བ་སོགས་ཀྱི་ལུང་གི་དོན་ཡང་། ཆོས་འབྱུང་གི་ནང་དུ་པདྨ་འདབ་བརྒྱད་དང་བཅས་པ་ཞེས་པའི་དོན་དུ་སྣང་སྟེ། དཔེར་ན་བུམ་པའི་ནང་དུ་ཆུས་གང་བ་སུམ་བརྩེགས་ཅེས་པས་བུམ་པ་ཆུས་གང་བ་སུམ་བརྩེགས་སྟོན་གྱི་བུམ་པའི་ནང་དུ་ཆུ་སུམ་བརྩེགས་ཡོད་པ་མི་སྟོན་པ་བཞིན་ནོ། །རྗེ་བཙུན་རྩེ་མོས་ལྷོ་ནུབ་ཀྱི་འོག་གི་ཆ་ལ་ཆོས་འབྱུང་གི་ནང་དུ་ཞེས་གསུངས་པའི་དོན། འོག་གི་གཏོར་མགྲོན་རྣམས་ཕྱིའི་ཆོས་འབྱུང་གི་ནང་དུ་ཆུད་པ་ལ་དགོངས་ཞེས་པ་ནི་ཧ་ཅང་ཐལ་ཏེ། དེ་ལྟ་བུའི་དོགས་པ་མེད་པའི་ཕྱིར་དང་། གལ་ཏེ་ཡོད་ན་སྲུང་འཁོར་གྱི་ནང་དུ་ཆུད་མི་ཆུད་ཀྱི་དོགས་པ་ཡང་ཡོད་པས། སྲུང་འཁོར་གྱི་ནང་དུ་ཞེས་པ་ཡང་དོགས་པར་ཐལ་བའི་ཕྱིར་རོ། །འོག་གི་གཏོར་མགྲོན་ལ་སྒོས་ཀྱི་ཆོས་འབྱུང་ངེས་པར་བཞེད་ནས་དེ་ལྟར་དུ་གསུངས་ན་སྟེང་གི་གཏོར་མགྲོན་ལ་ཡང་སྒོས་ཀྱི་ཆོས་འབྱུང་གསུང་བར་རིགས་ཞེས་པ་ནི། ཁྱེད་རང་ལ་མཚུངས་ཏེ། འོག་གི་གཏོར་མགྲོན་ཕྱིའི་ཆོས་འབྱུང་གི་ནང་དུ་ཆུད་པ་ལ་དགོངས་ནས་ཆོས་འབྱུང་གི་ནང་དུ་ཞེས་གསུངས་ན་སྟེང་གི་གཏོར་མགྲོན་ལ་ཡང་དེ་ལྟར་དུ་དགོས་པར་ཐལ་བར་མཚུངས་པའི་ཕྱིར་རོ། །མདོར་ན་དེ་ཉིད་བཅུ་པ་ལ་སོགས་པའི་རྒྱ་བོད་ཀྱི་གཞུང་ཁུངས་ཐུབ་རྣམས་ལས་ཆོས་འབྱུང་སུམ་བརྩེགས་དངོས་སུ་གསུངས་ཤིང་། ཆོས་འབྱུང་གཅིག་གི་ནང་དུ་པདྨ་འདབ་བརྒྱད་སུམ་བརྩེགས་བྱེད་པའི་གསལ་ཁ་ཅན་གྱི་གཞུང་ཁུངས་ཐུབ་གཅིག་ཀྱང་མེད་པའི་ཕྱིར་དང་། ཨ་ལ་ལ་བཛྲ། མི་ཐུབ་ཟླ་བ། ས་ཆེན། རྗེ་བཙུན་རྩེ་མོའི་ལུང་རྣམས་ཀྱི་དོན་ཡང་ཆོས་འབྱུང་གི་ནང་དུ་པདྨ་འདབ་བརྒྱད་ཡོད་པ་དེ་ལྟ་བུ་སུམ་བརྩེགས་ཅེས་པ་ཡིན་པས་འདམ་ཁ་ཅན་མ་ཡིན་པར་ཤེས་པར་བྱའོ། །གཏོར་ཆོག་གི་ཊཱི་ཀར། འཕགས་པ་རིན་པོ་ཆེས་རྡོ་རྗེ་གསུམ་གྱི་དབང་དུ་མཛད་ནས། གཡས་པ་རྣམས་འཁོར་ལོ། རྡོ་རྗེ། པདྨ་གཡོན་པ་རྣམས་ཀྱིས་དེ་དག་གིས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པར་བཤད་པ་ལ། ཁ་ཅིག ཨ་ལ་ལ་བཛྲ་གྱི་གཏོར་ཆོག་ལས། དཀར་པོ་བརྟག་པའི་དབུ་རྒྱན་ཅན། །འཁོར་ལོ་དྲིལ་བུས་ལག་པ་སྦྲེལ། །སྔོན་པོ་མི་བསྐྱོད་ཅོད་པཎ་ཅན། །རྡོ་རྗེ་དྲིལ་བུས་ལག་གཉིས་སྦྲེལ། །དམར་པོ་སྣང་མཐའི་དབུ་རྒྱན་ཅན། །པདྨ་དྲིལ་བུས་ལག་པ་སྦྲེལ། །ཞེས་བཤད་དོ་ཟེར་ཏེ། གཞུང་དེ་མཐོང་ན་དཔྱད་ཟེར་བ་ལ། ཉི་ཟེར་མཁན་པོ་ན་རེ། ཁོ་བོས་གཞུང་དེ་མཐོང་བ་ན་ཕྱག་མཚན་དེ་ཁོ་ན་བཞིན་དུ་བཞུགས་ཀྱིན་འདུག་ཀྱང་དེའི་ལུགས་ལ་སྟེང་མ་ཁྱུང་མགོ བར་མ་སྲིན་པོའི་མགོ འོག་མ་ཆུ་སྲིན་མགོར་བཤད་འདུག་པས་དེ་ནས་བཤད་པའི་ལུགས་དེ་འདིར་བླངས་པ་མ་ཡིན་པར་སྣང་མོད། འོན་ཀྱང་འཕགས་པ་རིན་པོ་ཆེས། དེ་ལྟར་གསུངས་པ་ནི། གོང་མའི་གདམས་ངག་སྙན་བརྒྱུད་དུ་ཤེས་པར་བྱའོ་ཞེས་བྱ་བ་བྲིས་སོ། །དེ་ནི་འཕགས་པའི་བཞེད་པ་སྒྲུབ་པར་རློམ་ཡང་། སྒྲུབ་བྱེད་གཏན་མེད་པ་གཅིག་ཐོན་སྣང་སྟེ། ལུགས་དེ་ལ་ཨ་ལ་ལ་བཛྲ་གྱི་གཏོར་ཆོག་ལས་དེ་ལྟར་དུ་བཤད་པ་ལས་གཞན་པའི་སྒྲུབ་བྱེད་མེད་ཅིང་། གཞུང་དེ་ཡང་སྒྲུབ་བྱེད་མ་ཡིན་པར་ཁས་བླངས་པའི་ཕྱིར་རོ། །གོང་མའི་མན་ངག་སྙན་བརྒྱུད་དུ་ཤེས་པར་བྱ་ཞེས་པ་ཡང་དམ་བཅའ་ཙམ་སྟེ། མན་ངག་ལུགས་ཀྱི་ཡིག་ཆ་གང་དུ་ཡང་དེ་ལྟར་མ་གསུངས་ཤིང་། རྒྱུད་ལས། རྡོ་རྗེ་དྲིལ་བུས་ལག་པ་སྦྲེལ། །ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །ཡུམ་གྱི་ཕྱག་མཚན་གྱི་སྐབས་སུ་གཏོར་ཆོག་གི་ཊཱི་ཀར། ཁ་ཅིག་གྲི་གུག་དང་ཐོད་པར་བྱེད་པ་ནི་རྒྱུད་རྒྱ་གཞུང་གོང་མའི་གསུང་རབ་ཐམས་ཅད་ནས་མི་འབྱུང་བས་འདིར། རང་མཚུངས་རིག་མས་ལུས་སྤྲད་ནས། །ཞེས་གསུངས་པ་ཡབ་དང་མཚུངས་པར་བྱའོ་ཞེས་གསུངས་པ་ལ། ཉི་ཟེར་ལས། དེ་ལ་རྒྱུད་དེའི་དོན་ཡབ་དང་མདོག་མཚུངས་པ་ཙམ་ལ་དགོངས་ཏེ་མི་ཐུབ་ཟླ་བས། རང་མདོག་རིག་མས་ཡན་ལག་འཁྱུད། །ཅེས་དང་། རིན་ཆེན་འབར་བ་ལས་ཀྱང་། ཚིག་དེ་ཉིད་གསུངས་པའི་ཕྱིར་རོ། །དེས་ན་འཕགས་པ་རིན་པོ་ཆེས། རང་དང་འདྲ་བའི་རིག་མ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་ཅེས་གསུངས་པ་ལྟར་འཐད་ཀྱི། རང་མཚུངས་ཞེས་པས་ཕྱག་མཚན་ཡང་མཚུངས་མི་དགོས་ཏེ། དགོས་ན། ཤེས་རབ་རྡོ་རྗེ་ཕག་མོ་ནི་བཅོམ་ལྡན་འདས་ཀྱི་གཟུགས་ཅན་ནོ། །ཞེས་པའི་སྐབས་ཀྱི་ཕག་མོའི་ཕྱག་མཚན་ཡང་ཡབ་དང་མཚུངས་དགོས་པར་འགྱུར་བས་ཧ་ཅང་ཐལ་ལོ་ཞེས་བྱ་བ་བྲིས་སོ། །དེ་ནི་ཤིན་ཏུ་མི་འཐད་དེ། མི་ཐུབ་ཟླ་བས། རང་མདོག་རིག་མས་ཡན་ལག་འཁྱུད། །ཅེས་མདོག་མཚུངས་ལ་སྦྱར་ཡང་། ཕྱག་མཚན་ལོགས་སུ་མ་གསུངས་པའི་ཕྱིར་དང་། ཤེས་རབ་རྡོ་རྗེ་ཕག་མོ་ནི། །བཅོམ་ལྡན་འདས་ཀྱི་གཟུགས་ཅན་ནོ། །ཞེས་པ་དང་མི་མཚུངས་ཏེ། དེར་རྡོ་རྗེ་ཕག་མོ་དང་ལུ་གུ་རྒྱུད་གཉིས་ལ་བཅོམ་ལྡན་འདས་ཀྱི་གཟུགས་ཅན་ནོ་ཞེས་སྤྱིར་བཏང་ནས། འོན་ཀྱང་གྲི་གུག་དང་ཐོད་པའོ་ཞེས་ཕྱག་མཚན་གྱི་དམིགས་བསལ་རྒྱུད་ལས་དངོས་སུ་གསུངས་ཤིང་། གུར་ལས། རང་མཚུངས་རིག་མས་ལུས་སྤྲད་ནས། །ཞེས་གསུངས་པའི་མཇུག་ཏུ། རྡོ་རྗེ་དྲིལ་བུས་ལག་པ་སྦྲེལ། །ཞེས་ཕྱག་མཚན་ཐུན་མོང་དུ་གསུངས་པའི་ཕྱིར་རོ། །དེས་ན་ལེགས་པར་སོམས་ལ་སྨྲོས་ཤིག རྒྱས་བཏབ་ཀྱི་སྐབས་སུ་གཏོར་ཆོག་གི་ཊཱི་ཀར། ཁ་ཅིག་ཀྱཻ་རྡོ་རྗེ་ཕྱོགས་སྐྱོང་བརྒྱད་དང་བཅས་པ་ལ་མི་བསྐྱོད་པ་ཞེས་ཐམས་ཅད་ལ་མི་བསྐྱོད་པས་རྒྱས་འདེབས་པ་དང་། སྲུ་ལུང་པས། གཙོ་བོ་ཡབ་ཡུམ་གཽ་རཱི་དང་། །པུཀྐ་སཱི་ལ་མི་བསྐྱོད་པ། །ཞེས་སོགས་སྒྲུབ་ཐབས་ལྟར་བྱེད་པ་གཉིས་ལས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང་མ་འབྲེལ་ན། དབུས་སུ་དཀྱིལ་འཁོར་གསར་དུ་བསྐྱེད་དགོས་ལ། དེ་ལ་ཡང་ཡན་ལག་བཞི་མ་རྫོགས་ན་ཆོ་ག་མ་ཚང་བར་རྣལ་འབྱོར་དབང་ཕྱུག་བཞེད་ཅིང་། ཐམས་ཅད་ཀྱི་རིགས་བདག་མི་བསྐྱོད་པ་མ་ཡིན་པས་ཕྱི་མ་ལེགས་པར་མཐོང་ངོ་ཞེས་གསུངས་པ་ལ། ཉི་ཟེར་ལས། གུར་རྒྱན་དུ་བར་དུ་ཧཱུྃ་དགུ་ལས་ལྟེ་བར་ཐུགས་རྡོ་རྗེའམ་ལྷ་དགུའམ། བཞི་བཅུ་ཞེ་དགུ་ཕྱོགས་སྐྱོང་བརྒྱད་ཀྱིས་བསྐོར་བ་ནག་པོ་མི་བསྐྱོད་པའི་དབུ་རྒྱན་ཅན་དང་ཞེས་གསུངས་པས་གཙོ་བོ་ལ་རྒྱས་བཏབ་དངོས་སུ་ངག་འདོན་ལ་གསུངས་ནས་འཁོར་རྣམས་ལ་རིགས་བདག་དྲན་པ་ཙམ་གྱིས་ཆོག་པ་རྗེ་བཙུན་གྱི་དགོངས་པ་ཡིན་པར་སེམས་ལ་དེ་ལྟར་བྱས་པས་ཡན་ལག་བཞི་མ་ཚང་བའི་སྐྱོན་ལས་ཀྱང་གྲོལ་ལོ། །དེས་ན་འཕགས་པ་རིན་པོ་ཆེས་ཀྱཻ་རྡོ་རྗེ་ཕྱོགས་སྐྱོང་བརྒྱད་དང་བཅས་པ་ལ་མི་བསྐྱོད་པ་ཞེས་གསུངས་པ་ཙམ་གྱིས་ལྷ་མོ་བརྒྱད་ལ་ཡང་མི་བསྐྱོད་པས་རྒྱས་བཏབ་པར་ཁས་ལེན་མི་དགོས་ཏེ། ལྷ་མོ་བརྒྱད་པོ་ཀྱཻ་རྡོར་དུ་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྲིས་སོ། །འདི་མ་བརྟགས་པ་ཆེན་པོ་སྟེ། གུར་རྒྱན་ལས། མི་བསྐྱོད་པ་ཡི་དབུ་རྒྱན་ཅན། །ཞེས་པས། གཙོ་བོ་ལ་རྒྱས་གདབ་དངོས་སུ་ངག་འདོན་ལ་གསུངས་པ་ཡིན་ན། ལུང་དེའི་གོང་གི་ནག་པོ་ཞེས་པས་ཀྱང་གཙོ་བོའི་ཁ་དོག་དངོས་སུ་གསུངས་པར་ཁས་ལེན་དགོས་པས། ལྷ་ཞེ་དགུ་བྱེད་པའི་ཚེ་རིགས་གཞན་བཞིའི་ཁ་དོག་ཀྱང་ནག་པོར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ། །དེས་ན་གུར་རྒྱན་གྱི་ལུང་གི་དོན་ནི། དབུས་སུ་དཀྱིལ་འཁོར་གང་བསྒོམས་པའི་རིགས་བདག་སྒྲུབ་ཐབས་ལྟར་དུ་སྒོམ་པ་གཞིར་བཞག་པ་ཡིན་ཏེ་རྗེ་བཙུན་རྩེ་མོས་ལྷ་ཆེན་བརྒྱད་ལ་རྣམ་པར་སྣང་མཛད། ཕྱོགས་སྐྱོང་བརྒྱད་ལ་མི་བསྐྱོད་པ། ཀླུ་ཆེན་བརྒྱད་ལ་འོད་དཔག་མེད་ཀྱིས། ལྷ་དགུའི་དཀྱིལ་འཁོར་ལ་རང་རང་གི་རིགས་བདག་གིས་དབུ་བརྒྱན་པར་བྱའོ་ཞེས་གསུངས་པས་སོ། །དེས་ན་ནག་པོ་མི་བསྐྱོད་པའི་དབུ་བརྒྱན་ཞེས་པས་ཕྱོགས་སྐྱོང་བརྒྱད་ཀྱི་ཁ་དོག་དང་རིགས་བདག་སྟོན་པ་ཡིན་ལ། དེ་ཡང་གཙོ་འཁོར་ཐམས་ཅད་རིགས་བདག་རང་ཆས་ཅན་དུ་བསྒོམས་པའི་ཡན་ལག་བཞི་རྫོགས་སུ་བྱེད་པའི་སྐབས་ཡིན་གྱི་གཙོ་བོ་ལ་དབང་བསྐུར་ནས་རྒྱས་གདབ་པ་དང་། འཁོར་རྣམས་ལ་རིགས་བདག་དྲན་པ་ཙམ་བྱེད་པའི་ལུགས་ནི་མན་ངག་ལུགས་ལ་མེད་དོ། །འཕགས་པའི་བཞེད་པ་ནི་ཀྱཻ་རྡོར་ལྷ་དགུ་ཆར་ལ་མི་བསྐྱོད་པས་རྒྱས་གདབ་པ་ཡིན་ཏེ། གཞན་དུ་འཁོར་ལ་རྒྱས་འདེབས་མི་དགོས་པའམ་རིགས་བདག་དྲན་པ་ཙམ་གྱིས་ཆོག་ན། ཕྱོགས་སྐྱོང་བརྒྱད་ལ་ཡང་མཚུངས་པ་ལས། ཕྱོགས་སྐྱོང་བརྒྱད་ལ་རྒྱས་འདེབས་དངོས་སུ་གསུངས་པའི་ཕྱིར་རོ། །དེ་ལྟར་ན་གནད་ཀྱི་ཟླ་ཟེར་ནི་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་བོད་དུ་འགྱུར་རོ་འཚལ་མཐའ་དག་དང་། ཁྱད་པར་རྗེ་བཙུན་བིརྺ་པའི་བཀའ་སྲོལ་མན་ངག་ལུགས་དང་། འགྲེལ་པ་ལུགས་གཉིས་ཀྱི་ཉམས་ལེན་གྱི་ཆ་གསལ་བར་སྟོན་པ་ལ་འཁྲུལ་པའི་དྲི་མ་ཟད་པ་ཡིན་ཀྱང་ཉི་ཟེར་མཁན་པོས། རང་གི་གྲུབ་མཐའ་སྔ་མ་ཉེས་པ་དང་མ་མཐུན་པ་རྣམས་ལ་འཁྱོག་པོའི་ཚུལ་གྱིས་སྐྱོན་སྤོང་མང་པོ་སྨྲས་འདུག་པ་རྣམས་ལ། ཁོ་བོས་ཆོས་མཐུན་གྱི་ལན་བཏབ་པ་ཡིན་པས། གཟུ་བོར་གནས་པའི་བློ་གྲོས་དང་ལྡན་པ་དག་གིས་ཚུལ་བཞིན་དུ་དཔྱད་ནས་ཕྱོགས་ལས་རྣམ་པར་རྒྱལ་བའི་སྒྲ་ཆེན་པོ་བསྒྲག་པར་གྱིས་ཤིག། ༈ །།ཀུན་མཁྱེན་གསུང་གི་ནམ་མཁའ་ཡངས་པར། །དགའ་བཞིའི་དཀྱིལ་འཁོར་ཆ་ཤས་ཡོངས་རྫོགས། །མཁས་མང་གཟའ་སྐར་དབུས་ན་ལྷམ་མེ། །སྨྲ་བའི་ཟླ་བ་བཟང་པོ་ལས་བྱུང་། །བསྐྱེད་རིམ་གསལ་བའི་གནད་ཀྱི་ཟླ་ཟེར། །མི་ཤེས་གདུང་བ་སྐྱོབ་པའི་བསིལ་ཟེར། །མཁས་པར་རློམ་པ་འགའ་ཡིས་འགོག་ཟེར། །འགོག་བྱེད་ཡི་གེའི་མིང་ལ་ཅི་ཟེར། །འཁྲུལ་འཇོམས་མིང་ཅན་འཁྲུལ་པའི་ཉི་ཟེར། །ལན་མེད་ཚེ་ན་སྨྲ་བ་མང་ཟེར། །མ་དཔྱད་བློ་ངོར་དེ་ཡིས་ཆོག་ཟེར། །འདི་ལྟར་དཔྱད་ཚེ་ལན་དུ་ཅི་ཟེར། །དེང་ནས་བཟུང་སྟེ་བློ་གྲོས་ལྡན་རྣམས། །བླ་མའི་གསུང་རབ་དབང་གི་རྒྱལ་པོ། །སྒྲིབ་པར་བྱེད་པའི་ལོག་རྟོག་དྲི་མ། །ཁོ་བོས་ལེགས་བཤད་ཆུ་འདིས་སྦྱངས་ནས། །ཐོས་བསམ་སྒོམ་པའི་རྒྱལ་མཚན་རྩེ་མོར། །མཆོད་པར་བྱེད་ན་དགོས་འདོད་མ་ལུས། །འབད་མེད་ལྷུན་གྲུབ་འབྱུང་བར་འགྱུར་ཞེས། །གསང་མཐོའི་སྐད་ཀྱིས་ཁོ་བོ་བསྒྲགས་སོ། །འདི་སྦྱར་དགེ་ཚོགས་འོད་དཀར་དྲྭ་བ། །རབ་ཏུ་གསལ་བ་གང་ཐོབ་དེ་ཡིས། །བདེ་གཤེགས་བསྟན་པ་ཀུནྡའི་ཕྲེང་བ། །རྣམ་པ་ཀུན་ཏུ་རྒྱས་པར་གྱུར་ཅིག །བདག་ཀྱང་དེང་ནས་ཚེ་རབས་ཀུན་ཏུ། །ཀུན་དགའི་ཞབས་ཀྱི་པདྨོ་དྲི་མེད། །ལུས་སྲོག་ལོངས་སྤྱོད་ཀུན་གྱིས་བསྟེན་ཅིང་། །གདམས་པ་བཟང་པོས་སྐྱོང་བར་ཤོག་ཤིག །གདམས་པའི་དོན་རྣམས་ཚུལ་བཞིན་བསྒོམས་པས། །གནས་དང་ཉེ་གནས་ལ་སོགས་ས་རྣམས། །བདེ་བླག་བགྲོད་ནས་རྡོ་རྗེ་འཛིན་པའི། །ས་མཆོག་མྱུར་དུ་ཐོབ་པར་ཤོག་ཤིག །དེ་མ་ཐོབ་ཀྱི་གནས་སྐབས་ཀུན་ཏུ། །འགལ་རྐྱེན་བར་ཆད་མཐའ་དག་ཞི་ཞིང་། །རྒྱལ་བས་བསྔགས་པའི་མཐུན་རྐྱེན་ཚང་སྟེ། །ཡང་དག་བསྟན་པའི་དཔལ་དུ་གྱུར་ཅིག །དཔལ་ཀྱཻ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་རྒྱ་ཆེར་བཤད་པ་བསྐྱེད་རིམ་གནད་ཀྱི་ཟླ་ཟེར་ལ་རྩོད་པ་སྤོང་བ་གནད་ཀྱི་གསལ་བྱེད་ཅེས་བྱ་བ་འདི་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ། ལྷ་དང་བཅས་པའི་འཇིག་རྟེན་པ་ཐམས་ཅད་ཀྱི་འདྲེན་པ་དམ་པ། གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་འཁྲུལ་པའི་དྲི་མ་ཟད་པའི་ཐུགས་མངའ་བ། མགོན་པོ་འཇམ་པའི་དབྱངས་དང་དབྱེར་མ་མཆིས་པ། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱི་བསྟན་པ་ཚུལ་བཞིན་དུ་འཛིན་པ་ལ་འགྲན་ཟླ་ཐམས་ཅད་དང་བྲལ་བ། ཐམས་ཅད་མཁྱེན་པ་ཀུན་དགའ་བཟང་པོའི་ཞལ་སྔ་ནས་དང་། གཏིང་དཔག་དཀའ་བའི་གནས་ལུགས་ཟབ་མོ་འབྱེད་པའི་མཁྱེན་རབ་དང་། འགྲོ་བ་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བའི་ཐུགས་རྗེ་ཟུང་དུ་འཇུག་པའི་སྒོ་ནས་སྙིགས་དུས་ཀྱི་གདུལ་བྱ་རྣམས་ཀྱི་མགོན་སྐྱབས་སུ་གྱུར་པ་རྗེ་བཙུན་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོ་ལ་སོགས་པའི་ཡོངས་འཛིན་དུ་མའི་ཞབས་རྡུལ་སྤྱི་བོས་བླངས་པས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་བློ་ཁ་ཅུང་ཟད་ཕྱོགས་ཤིང་། ཁྱད་པར་རྒྱུད་གསུམ་མན་ངག་དང་བཅས་པའི་དོན་ལ་གཞན་གྱི་དྲིང་མི་འཇོག་པའི་སྤོབས་པ་ཐོབ་པ། མང་དུ་ཐོས་པའི་དགེ་སློང་བསོད་ནམས་སེང་གེས། མེ་ཕོ་ཁྱིའི་ལོ་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔ་ལ་དཔལ་ངམ་རིང་གི་ཆོས་གྲྭ་ཆེན་པོར་སྦྱར་བ་ལས། སླར་ཡང་ཞུས་ཅིང་བཅོས་ཏེ་དག་པར་བགྱིས་པའི་ཡི་གེ་པ་ནི་གཞོན་ནུ་བཟང་པོས་བགྱིས་སོ།། །།འདིས་ཀྱང་རྡོ་རྗེ་ཐེག་པའི་བསྟན་པ་ཉིན་མོ་ལྟར་གྱུར་ཅིག། ༄༅། །འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་གང་ཞིག་ཐོབ་པ་དེས། །མཁའ་ཁྱབ་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་བསྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།


previousདཔལ་ཀྱཻ་རྡོ་རྗེའི་སྒྲུབ་པའི་ཐབས་ཀྱི་རྒྱ་ཆེར་བཤད་པ་བསྐྱེད་རིམ་གནད་ཀྱི་ཟླ་ཟེར་ལ་རྩོད་པ་སྤོང་བ་གནད་ཀྱི་གསལ་བྱེད།next