Nitartha Digital Library
Tibetan
 
no previousདམ་པའི་ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་གཞུང་དོན་རབ་ཏུ་གསལ་བའི་ཉི་མ།next

དམ་པའི་ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་གཞུང་དོན་རབ་ཏུ་གསལ་བའི་ཉི་མ།

དམ་པའི་ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་གཞུང་དོན་རབ་ཏུ་གསལ་བའི་ཉི་མ་ཞེས་བྱ་བ་བཞུགས་སོ།། དམ་པའི་ཆོས་མངོན་པར་མཛོད་ཀྱི་འགྲེལ་པ་གཞུང་དོན་རབ་ཏུ་གསལ་བའི་ཉི་མ་ཞེས་བྱ་བ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཆོས་མངོན་པའི་ཡེ་ཤེས་ཡོངས་སུ་དག་པ་བླ་མ་འཇམ་པའི་དབྱངས་ལ་སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་སྟེ་རྣམ་དག་འཆད་རྩོད་རྩོམ་པའི་བློ་གྲོས་ཐོགས་པ་མེད་པ་སྩལ་དུ་གསོལ། མཁྱེན་བརྩེའི་ཆར་གྱི་སྲིད་ཞིའི་གདུང་ལས་སྐྱོབ། །སྟོབས་བཅུའི་སྟོབས་ཀྱིས་བདུད་བཞིའི་དཔུང་ཚོགས་འཇོམས། །ཕུན་ཚོགས་བློ་གྲོས་སྩོལ་མཛད་ལྷག་པའི་ལྷ། །རབ་བརྗིད་གངས་རིའི་མདོག་ཅན་ལ་ཕྱག་འཚལ། །གྲངས་མེད་གསུམ་དུ་ཚོགས་གཉིས་ལེགས་གོམས་པས། །ཆགས་ཐོགས་ཉེས་པའི་མུན་པ་གཏན་བཅོམ་ཞིང་། །མཐའ་ཡས་འགྲོ་བའི་སྐྱབས་གཅིག་ཤཱཀྱའི་ཏོག །ཆོས་མངོན་གསུངས་པ་དེ་ལ་འཚལ་ལོ། །མཐའ་ཡས་འབུམ་སྡེའི་གཞུང་ལ་མ་རྨོངས་ཤིང་། །ལུང་རིགས་རིན་ཆེན་དབྱིག་གི་མཛོད་བཟུང་ནས། །དཔག་ཡས་གདུལ་བྱའི་གཉེན་གྱུར་མཁས་པའི་མཆོག །སྟོན་པ་གཉིས་པར་གྲགས་པ་དེ་ལ་འདུད། །ཚོགས་གཉིས་རྒྱ་མཚོའི་དབུས་སུ་གནས་བཅས་ཤིང་། །བསྟན་འཛིན་རྒྱ་མཚོའི་རྒྱན་གྱུར་བསྟན་པའི་དཔལ། །བསླབ་གསུམ་སྤྱི་གཙུག་ལུང་རྟོགས་ནོར་བུས་མཛེས། །ཡོངས་འཛིན་ཀླུ་དབང་རྣམས་ལ་གུས་ཕྱག་འཚལ། །ལེགས་བཤད་སྣོད་གྱུར་རྣམ་མང་གདུལ་བྱ་ལ། །ལེགས་པར་བཤད་པའི་དགའ་སྟོན་སྦྱིན་པ་དང་། །ལེགས་བཤད་འདི་ལ་གོམས་པ་ལྷུན་ལེན་ཕྱིར། །ལེགས་བཤད་འདི་ཉིད་རྣམ་པར་བཤད་པར་བྱ། །ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟོན་པའི་ཆོས་མངོན་པ་ལ། ཐུན་མོང་མ་ཡིན་པའི་ཆོས་མངོན་པ་བྱང་ཆུབ་སེམས་དཔའ་ཁོ་ནས་བསླབ་པར་བྱ་བ་མངོན་པའི་མདོ་སྟོང་ཕྲག་བརྒྱ་པ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་གླེགས་བམ་དུ་མ་ཞིག་སྤྲང་པོ་ཉི་མའི་དངོས་གྲུབ་ཀྱིས་བསྲེགས་པའི་ལྷག་མ་ཅུང་ཟད་ཅིག་རྙེད་པའི་དོན་བསྡུས་ནས་སྟོན་པ་ཐོགས་མེད་ཀྱིས་ཐེག་བསྡུས་ཞེས་བྱ་བ་མཛད། རིགས་ཅན་གསུམ་ཀས་བསླབ་པར་བྱ་བ་ཐུན་མོང་བའི་ཆོས་མངོན་པ་ནི་ཡུལ་སྣ་ཚོགས་སུ་གང་ཟག་སྣ་ཚོགས་ལ་གསུངས་པའི་གླེགས་བམ་དུ་མ་ཡོད་པ་ཡང་ཉི་མའི་དངོས་གྲུབ་ཀྱིས་བསྲེགས་པའི་ལྷག་མ་རྣམས་ཀྱི་དོན་ཕྱོགས་གཅིག་ཏུ་བསྡེབས་པ་ས་སྡེ་ལྔ་དང་ཀུན་བཏུས་ཀྱང་མཛད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་བཞེད་ཚུལ་ནི་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དང་འདུལ་བ་བཞིན་དུ་ཕྱོགས་གཅིག་ཏུ་མངོན་པའི་སྡེ་སྣོད་གསུངས་པ་ནི་མེད་ཀྱི། ཡུལ་སྣ་ཚོགས་སུ་གང་ཟག་སྣ་ཚོགས་ལ་ཐོར་བུར་གསུངས་པ་རྣམས་དགྲ་བཅོམ་པ་བདུན་གྱིས་བསྡུས་ནས་མངོན་པ་སྡེ་བདུན་ཞེས་བྱ་བ་མཛད་དོ། །དེ་དག་གི་དགོངས་པ་འགྲེལ་པའི་དོན་དུ་བྱང་ཕྱོགས་ཀྱི་རི་བོ་འབིགས་བྱེད་ཀྱི་གར་མཁན་གྱི་གཙུག་ལག་ཁང་དུ་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས་བྱེ་བྲག་བཤད་མཛོད་ཅེས་བྱ་བ་ཤླཽ་ཀ་འབུམ་ཡོད་པ་མཛད་དོ། །དེའི་དོན་གཅེས་པ་རྣམས་མདོར་བསྡུས་ཏེ་སྟོན་པ་ལ་སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་ཀྱི་བསྟན་བཅོས་འདི་མཛད་དོ། །འདི་ལ་གསུམ་སྟེ། སྒྱུར་བྱེད་དམ་པའི་ཀླད་ཀྱི་དོན། རྩོམ་བྱེད་དམ་པའི་གཞུང་གི་དོན། བསྒྱུར་བ་མཐར་ཕྱིན་མཇུག་གི་དོན་ཏོ། །དང་པོ་ལ་གཉིས་ཏེ། མཚན་གྱི་དོན། འགྱུར་གྱི་ཕྱག་གོ །དང་པོ་ནི། རྒྱ་གར་ན་སྐད་རིགས་བཞི་ཡོད་པ་ལས། བསྟན་བཅོས་འདི་ལ་སཾ་སྐྲྀ་ཏའི་སྐད་དུ། ཨ་བྷི་དྷརྨ་ཀོ་ཥ་ཀཱ་རི་ཀཱ་ཞེས་པ་སྟེ། བོད་སྐད་དུ་བསྒྱུར་ན། ཨ་བྷི་ནི་མངོན་པ། དྷརྨ་ནི་ཆོས། ཀོ་ཥ་ནི་མཛོད། ཀཱ་རི་ཀཱ་ནི་ཚིག་ལེའུར་བྱས་པའོ། །གཉིས་པ་ནི། འཇམ་དཔལ་སོགས་སོ། །གཉིས་པ་ལ་གསུམ་སྟེ། གཞུང་དོན་ལ་འཇུག་པའི་ཡན་ལག གཞུང་དོན་ཆོས་མངོན་པའི་ཡུལ་བཤད་པ། གཞུང་དོན་ཡོངས་སུ་རྫོགས་པའི་བྱ་བའོ། །དང་པོ་ལ་བཞི་སྟེ། མཆོད་པར་བརྗོད་པ། བཤད་པར་དམ་བཅའ་བ། བཤད་བྱའི་མཚན་དོན། མཚན་ལྡན་གཞུང་གི་དགོས་འབྲེལ་བཤད་པའོ། །དང་པོ་ནི། སངས་རྒྱས་གང་ཞིག་དེ་ལ་ཕྱག་འཚལ་ལོ་ཞེས་སྦྲེལ་ལོ། །འདི་ལ་ཡོན་ཏན་གསུམ་ལས། དང་པོ་སྤངས་པའི་ཡོན་ཏན་ནི། མདོ་ལས། བྲམ་ཟེ་ཐམས་ཅད་ཅེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་ཇི་སྙེད་པའོ། །ཞེས་བཤད་པས་ཤེས་བྱ་སྐྱེ་མཆེད་བཅུ་གཉིས་པོ་ཀུན་ལ་ཇི་ལྟ་ཇི་སྙེད་ཀྱི་དོན་མཐོང་བའི་གེགས་སུ་གྱུར་པས་ན་མུན་པ་སྟེ། ཉོན་མོངས་པ་དང་ཉོན་མོངས་ཅན་མིན་པའི་མི་ཤེས་པ་ཐམས་ཅད་སངས་རྒྱས་ཀྱིས་གཉེན་པོ་བརྙེས་ནས་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའམ་མ་ལུས་པ་སྤངས་པས་གཏན་བཅོམ་པའོ། །མུན་པ་དང་པོ་ནི་ཕྲ་རྒྱས་འཁོར་བཅས་ཡིན་ལ། མུན་པ་གཉིས་པ་ནི་ཆོས་ཐམས་ཅད་འདུས་བྱས་འདུས་མ་བྱས་གཉིས་སུ་ངེས་པ་ལས། འདུས་མ་བྱས་དང་འདུས་བྱས་ཟག་མེད་ཉོན་མོངས་ཅན་གསུམ་ནི་མ་ཡིན་ཏེ། རིམ་བཞིན་མུན་པའི་བྱེད་པས་སྟོང་པ་དང་། དེའི་གཉེན་པོ་ཡིན་པས་མཚན་ཉིད་དང་མི་ལྡན་པ་དང་། མུན་པ་དང་པོར་བཤད་ཟིན་པའི་ཕྱིར་རོ། །དེས་ན་དགེ་བ་ཟག་བཅས་དང་མ་བསྒྲིབས་ལུང་མ་བསྟན་ལ་འཇོག་ལ། དེ་ཡང་སངས་རྒྱས་ལ་ཡང་སོ་ཐར་དང་མིག་ལ་སོགས་པ་ཡོད་པས་དེའི་བྱེ་བྲག་འོག་ནས་འབྱུང་བའི་མི་ཤེས་པའི་རྒྱུ་བཞི་ལྟ་བུའོ། །འོ་ན་ཉན་རང་གི་མུན་པ་མ་བཅོམ་མམ་བཅོམ། དང་པོ་ལྟར་ན་དེ་གཉིས་སྡུག་བསྔལ་མཐར་བྱས་མ་ཡིན་པར་འགྱུར་ཏེ། ཆོས་གཅིག་མ་ཤེས་ཤིང་མ་སྤངས་པར་དུཿཁའི་མཐར་བྱེད་པར་ང་མི་སྨྲའོ་ཞེས་བཤད་པའི་ཕྱིར་རོ། །གཉིས་པ་ལྟར་ན་སངས་རྒྱས་ཀྱིས་སྤངས་པ་ཐུན་མོང་མིན་པར་མ་གྲུབ་བོ་ཞེ་ན། གཉིས་པ་ལྟར་ཡིན་པས་སྐྱོན་དང་པོ་ལས་གྲོལ་ལ། སྐྱོན་གཉིས་པ་ཡང་མེད་དེ། དེ་གཉིས་ལ་གཏན་བཅོམ་པ་མེད་པའི་ཕྱིར་ཏེ། དེ་གཉིས་ཀྱིས་མུན་པ་དང་པོའི་བག་ཆགས་མ་སྤངས་པ་ལས་སངས་རྒྱས་ཀྱིས་སྤངས་པ་དང་། མུན་པ་གཉིས་པ་མངོན་དུ་འགྱུར་བའི་ཕྱིར་ཏེ། མཽའུ་འགལ་གྱི་བུས་རང་གི་མ་འོད་ཟེར་ཅན་ན་ཡོད་པ་ཡུལ་གྱིས་བསྐལ་པས་མ་ཤེས་པ་དང་། ཤཱ་རིའི་བུས་ཁྱིམ་བདག་དཔལ་སྐྱེས་རབ་ཏུ་བྱུང་བའི་ཐར་པའི་ཆ་མཐུན་བསྐྱེད་པ་དུས་རིང་པོས་བསྐལ་པས་མི་ཤེས་པ་ལ་སྟོན་པས་གཟིགས་པ་དང་། སྟོན་པས་ཤཱ་རིའི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཤེས་སམ། གསོལ་པ་མ་འཚལ་ཏོ་ཞེས་པ་སངས་རྒྱས་ཀྱི་ཆོས་མི་ཤེས་པ་དང་། རྣམ་པར་སྨིན་པའི་འབྲས་བུས་འགྲོ་བ་དང་ཁམས་དང་སྐྱེ་གནས་ལ་སོགས་པ་རྒྱུ་ཡུལ་འདི་ཡི་ཚེ་གང་ཟག་འདིས་བསམ་པ་འདི་ལྟ་བུ་བྱས་པ་ལ་སོགས་པ་དོན་རབ་ཏུ་དབྱེ་བ་མི་ཤེས་པར་སྟོན་པས་མཁྱེན་པར་སྒྲ་གཅན་ཟིན་གྱིས་བསྟོད་པ་ལས་བཤད་དོ། །ཊཱི་ཀར་དེ་དག་ལ་ལ་ལ་གཅིག་ནས་བཞིའི་བར་དུའོ་ཞེས་པ་ནི་གང་ཟག་ལ་སྦྱར་ན་ཤེས་སྒྲིབ་ཆེ་ཆུང་ཅན་དུ་འགྱུར་བས་ཆོས་ལ་སྦྱར་ཏེ། འདི་ལྟར་འོད་ཟེར་ཅན་གྱི་མ་ནི་ཡུལ་བསྐལ་པ་མི་ཤེས་པ་གཅིག་པུ་ནས་དེའི་ས་པའི་སངས་རྒྱས་ཀྱི་ཆོས་དུ་མ་ནི་གཅིག་པར་ཡིན་པའི་བར་ཞེས་འཆད་དེ། གང་ཟག་ལ་སྦྱར་ཡང་སྐྱོན་མེད་དོ། །ཆོས་གཅིག་མ་སྤངས་ན་ཞེས་པའི་མདོ་དང་ཡང་མི་འགལ་ཏེ། མུན་པ་དང་པོ་ངོ་བོ་ཐོབ་པ་ཆད་པའི་སྒོ་ནས་སྤངས་པས་མུན་པ་གཉིས་པ་ཡང་འདུན་པའི་འདོད་ཆགས་དང་བྲལ་བའི་སྒོ་ནས་སྤངས་པ་ཡོད་པ་སྟེ། མདོ་ལས། དགེ་སློང་དག་མིག་ལ་འདུན་པའི་འདོད་ཆགས་སྤོངས་ཤིག་དང་དེ་སྤངས་ན་མིག་དེ་སྤངས་པར་འགྱུར་རོ། །ཞེས་སོ། །དེས་ན། དེ་དག་དང་སྤངས་ཙམ་དུ་ཁྱད་མེད་པ་དང་། བག་ཆགས་དང་བཅས་པ་དང་། ངོ་བོ་ཐོབ་པ་ཆད་པས་གཉིས་ཀ་ལ་ཁྱད་ཡོད་པ་དང་། དང་པོ་སྤངས་ཙམ་ལ་ཁྱད་མེད་ལ་གཉིས་པ་སྤངས་པ་ལ་ཁྱད་ཡོད་པའོ། །དེ་ལྟར་སྤངས་པ་བསྟན་ནས་རྟོགས་པ་ནི། ཞིང་ཞེས་པས་བརྗོད་པའམ་དོན་གྱིས་གོ་བར་འགྱུར་ཏེ་སྤངས་པ་བས་ཡེ་ཤེས་སླ་བའམ་སྤོང་བྱེད་ནི་གཉེན་པོ་ཡེ་ཤེས་ཡིན་པས་སོ། །གང་སྤེལ་ལྟར་ན། ཀུན་ལ་ཞེས་པས་སྤངས་པ་དང་། གཏན་ཞེས་པས་རྟོགས་པ་བསྟན་པར་བཞེད་དེ་ཤིན་ཏུ་ལེགས་སོ། །གང་ཞིག་སྤྱི་སྒྲ་ཡིན་ཡང་བྱེ་བྲག་ལ་འཇུག་པའི་རྒྱུ་གསུམ་ལས་སྐབས་ཀྱིས་བྱེ་བྲག་ལ་འཇུག་པ་ནི་སེནྡྷ་བ་འོན་ཅིག་ཅེས་བརྗོད་པ་ན། ཆོས་སྟོན་འདྲེན་པའི་ཚེ་ཉན་ཐོས་ཀྱི་དགེ་འདུན་དང་། རི་དྭགས་བཤོར་བའི་ཚེ་རྟ་དང་། ཁ་ཟས་ཟ་བའི་ཚེ་ལན་ཚྭ་དང་། ཁྲུས་ཀྱི་ཚེ་ཆུ་དང་། གཡུལ་དུ་འཇུག་པའི་ཚེ་རལ་གྲི་ལ་འཇུག་པ་ལྟ་བུའོ། །ཤུགས་ཀྱིས་འཇུག་པ་ནི་འདིར་འགའ་ཞིག་འོང་ངོ་ཞེས་བརྗོད་ན་ལྷས་བྱིན་ལ་སོགས་པ་འགྲོ་འོང་གི་བྱེད་པ་དང་བཅས་པ་ལ་གོ་བ་ལྟ་བུ། བྱེ་བྲག་གི་ཚིག་གིས་འཇུག་པ་བྲམ་ཟེ་རྣམས་ཀྱི་ནང་ནས་དཀར་ཤམ་གོས་དཀར་པོ་གོན་པ་དེ་ཁྲིད་ལ་ཤོག་ཅེས་སྨྲས་ན་བྲམ་ཟེ་ལྷ་སྐྱིད་ཁོ་ན་གོ་བ་ལྟ་བུ་སྟེ་ཆོས་དེ་གཉིས་གཞན་ལ་མེད་པས་སོ། །དེ་ལྟར་གསུམ་ལས་འདིར་བྱེ་བྲག་གི་ཚིག་གིས་ཏེ། གང་ཞིག་སྤྱི་སྒྲ་ཡིན་ཡང་ཀུན་ལ་མུན་པ་བཅོམ་པ་ལ་སོགས་པ་ཕུན་སུམ་ཚོགས་པ་གསུམ་པོ་དེ་གཞན་ལ་མེད་པའི་ཕྱིར་རོ། །གཞན་དོན་ནི་ཁམས་གསུམ་པོ་འདི་ཉིད་འཁོར་བ་སྟེ་དེ་ཉིད་ལྟ་བ་དང་ཐེ་ཚོམ་གྱིས་བསྐྱོད་པས་གཡོ་བའི་རང་བཞིན་ཡིན་པ་དང་། སྲེད་པའི་རླན་དང་བཅས་པས་ཀུན་ཏུ་ཆགས་པའི་གནས་ཡིན་པ་དང་། བརྒལ་དཀའ་བ་དང་། ཐར་པར་འདོད་ན་ཡང་སྐམ་སར་གནས་པ་སངས་རྒྱས་ཀྱིས་ཆོས་བསྟན་པའི་རྗེས་སུ་ཞུགས་པ་ལ་བརྟེན་ཏེ་བརྒལ་དགོས་པ་བཞིས་འདམ་ལྟ་བུ། དེ་ལས་འགྲོ་བ་རྣམས་དོན་ཇི་ལྟ་བ་བཞིན་ཆོས་སྟོན་པས་དྲང་བར་མཛད་པའོ། །གཉིས་པ་ནི། ནས་ཞེས་པ་ནི་ཁྲུས་བྱས་ནས་ཁ་ཟས་ཟ་ཞེས་རིམ་པ་སྟོན་པའི་ཚིག་ཡིན་པ་ལ་རག་ན་ད་ཅི་ཞིག་བྱེད་ཅེ་ན། བསྟན་བཅོས་རབ་ཏུ་བཤད་པར་བྱའོ། །བསྟན་བཅོས་གང་ཞེ་ན། ཆོས་མངོན་པ་མཛོད་ཅེས་བྱ་བའོ། །ཅིའི་ཕྱིར་བསྟན་བཅོས་ཞེས་བྱ་ཞེ་ན། རྒྱུ་ཉོན་མོངས་པ་ལས་འཆོས་ཤིང་འབྲས་བུ་ངན་འགྲོ་དང་སྲིད་པ་ལས་སྐྱོབ་པས་བསྟན་བཅོས་ཏེ། རྣམ་བཤད་རིགས་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ཞེས་སོགས་གསུངས་སོ། །གསུམ་པ་ལ་གཉིས་ཏེ། ཆོས་མངོན་པའི་དོན། མཛོད་ཀྱི་དོན་ནོ། །དང་པོ་ནི། ཆོས་མངོན་པ་ཞེས་བྱ་བ་ལ་བཞི་ལས། དབྱེ་བ་ལ་བསྡུས་པའི་སྒོ་ནས་དོན་དམ་པའམ་མཚན་ཉིད་པའི་ཆོས་མངོན་པ་ནི་ཉོན་མོངས་པའི་དྲི་མ་མེད་པ་ཟག་མེད་ཀྱི་ཤེས་རབ་རྗེས་འབྲང་དང་བཅས་པའོ། །བརྡར་བཏགས་པ་ནི་ཆོས་མངོན་པ་མཚན་ཉིད་པ་དེ་ཐོབ་པར་བྱ་བའི་ཕྱིར་དུ་ཞུགས་པའི་ཤེས་རབ་སྐྱེས་ནས་ཐོབ་པ་དང་ཐོས་པ་དང་བསམ་པ་དང་བསྒོམ་པ་ལས་བྱུང་བའི་ཤེས་རབ་ཟག་པ་དང་བཅས་པ་གང་ཡིན་པ་དང་། དེ་ཐོབ་པའི་ཐབས་སྟོན་པའི་བསྟན་བཅོས་གང་ཡིན་པའོ། །འདོགས་པའི་རྒྱུ་མཚན་ནི་རྒྱུ་ཡིན་པས་སོ། །དགོས་པ་ནི། དེའི་རྒྱུར་མཐོང་ནས་འཇུག་པའོ། །ཡང་ན་ཤེས་པ་དང་བསྟན་བཅོས་གཉིས། ཡང་ན་གཞུང་ལམ་འབྲས་གསུམ་མོ། །རྒྱས་པར་དབྱེ་ན་བཏགས་པ་བ་ལ་ལྔར་བྱས་ནས་དྲུག་གོ །གཉིས་པ་གྲངས་ངེས་པ་ནི། མངོན་པ་མ་ལུས་པ་རྒྱུ་དང་འབྲས་བུར་ངེས་ལ། རྒྱུ་ནི་ཐོབ་པར་ཞུགས་པའི་རྒྱུ་དང་། དེ་ཐོབ་པའི་ཐབས་སྟོན་པའི་རྒྱུའོ། །དང་པོ་ནི། ཟག་བཅས་ཀྱི་ཤེས་རབ་སྐྱེས་ཐོབ་ལ་བརྟེན་ནས་ཐོས་བྱུང་དང་། དེ་ལས་བསམ་བྱུང་དང་། དེ་ལས་འཇིག་རྟེན་པའི་སྒོམ་བྱུང་སྟེ་དེ་ཙམ་གྱིས་འབྲས་བུ་ཐོབ་པའི་རྒྱུ་བཞིར་ངེས་པའི་ཕྱིར་རོ། །གཉིས་པ་ནི། དེ་ཐོབ་པའི་ཐབས་སྟོན་པའི་བསྟན་བཅོས་སོ། །གསུམ་པ་རྗེས་འབྲང་བཅས་ན་ཞེས་འབྱུང་བས་འཁོར་དང་བཅས་ན་ཕུང་པོ་དུ་ཡིན་པ་ལ་གཉིས་ལས། མཚན་ཉིད་པ་ནི་ལམ་གསུམ་གྱི་ཟག་མེད་ཡིན་ལ། རྗེས་འབྲང་ནི་གཙོ་བོའི་སྟོབས་ཀྱིས་བྱུང་ཞིང་མི་འབྲལ་བ་སྟེ། དེ་ངོས་འཛིན་པ་ལ་གསུམ་སྟེ། ས་གང་ལ་བརྟེན་པ། རྟེན་དང་བརྟེན་པའི་དོན། འཁོར་ཕུང་པོ་དུ་ཡིན་པའོ། །དང་པོ་ལ། མཐོང་ལམ་ནི་བསམ་གཏན་ས་དྲུག་ལ་བརྟེན་ལ། ལམ་ཕྱི་མ་གཉིས་ནི་ཟག་མེད་ས་དགུ་ལ་བརྟེན་ནོ། །གཉིས་པ་ནི། ས་དེའི་གནས་སྐབས་སམ་གཤིས་སུ་སྐྱེས་ཞེས་པའམ་ས་དེ་གང་གི་ངོ་བོར་སྐྱེས་པ་ལ་ས་དེ་ལ་བརྟེན་ཞེས་བྱའོ། །གསུམ་པ་ལ་བསམ་གཏན་ས་དྲུག་གི་ལམ་གསུམ་ནི་འཁོར་ཕུང་པོ་ལྔ་སྟེ་ཟག་མེད་ཀྱི་སྡོམ་གཟུགས་དང་། དངོས་གཞི་དང་པོ་གཉིས་ན་ཡིད་བདེ་དང་གསུམ་པ་ན་བདེ་བ་ས་གཞན་ན་བཏང་སྙོམས་ཏེ་ཚོར་བ་དང་འདུ་ཤེས་དང་རེག་པ་སོགས་མཚུངས་ལྡན་འདུ་བྱེད་དང་། མཚན་ཉིད་དང་མཐུན་པའི་མཚན་ཉིད་དང་ཐོབ་པ་དང་རྗེས་ཀྱི་ཐོབ་པ་མི་ལྡན་པའི་འདུ་བྱེད་དང་ཡིད་ཀྱི་རྣམ་ཤེས་སོ། །ལམ་ཕྱི་མ་གཉིས་གཟུགས་མེད་ས་གསུམ་ལ་བརྟེན་ན་གཟུགས་ཕུང་མེད་པས་ཕུང་པོ་བཞི་པ་སྟེ་ཚོར་བ་བཏང་སྙོམས་ཁོ་ན་ཡིན་ལ་གཞན་སྔར་བཞིན་ནོ། །བཏགས་པ་བ་ལ་ལྔ་ལས། སྐྱེས་ཐོབ་ནི་ཁམས་དང་ས་ཐམས་ཅད་ན་ཡོད་ལ་ཕུང་པོ་བཞི་སྟེ། དེ་ནི་མཉམ་པར་མ་གཞག་པའི་ཕྱིར་རྗེས་སུ་འབྲང་བའི་གཟུགས་ཕུང་མེད་ལ། ཚོར་བ་ནི་འདོད་པ་ན་ལྔ་ཆར་དང་ལྡན་ལ་གཞན་སའི་བྱེ་བྲག་གིས་ཅི་རིགས་པ་དང་། འདུ་བྱེད་སྔར་བཞིན་འདུ་ཤེས་དང་རྣམ་ཤེས་འདོད་པ་ན་ལྔར་འབྱུང་ཞིང་གཞན་ཅི་རིགས་པའོ། །ཐོས་བྱུང་ནི་གཟུགས་མེད་ན་རྣ་བའི་རྣམ་ཤེས་མེད་ལ། གང་ཟག་ཕན་ཚུན་ཡུལ་མིན་པས་ཁམས་འོག་མ་གཉིས་ན་ཡོད་ཅིང་མཉམ་བཞག་མིན་པས་གཟུགས་མི་འབྱུང་བའི་ཕྱིར་ཕུང་པོ་བཞི་པའོ། །ཐོས་བྱུང་ཡུད་ཙམ་རྣ་བའི་རྣམ་ཤེས་ལ་ཡང་ཡོད་ཅེས་མ་ཧཱ་གསུངས་པ་ལྟར་ན་ཚོར་བ་ལྔ་ལ་སོགས་པར་འགྱུར་ཡང་མིང་གི་ཡུལ་ཅན་དུ་འཆད་པས་ཡིད་ཤེས་ཁོ་ན་ལ་ཡོད་པའི་ཕྱིར་དེའི་ཚོར་བ་ལ་སོགས་པ་ཅི་རིགས་པའོ། །བསམ་བྱུང་ནི་འདོད་པ་ཁོ་ན་ན་ཡོད་དེ་ཊཱི་ཀ་ལས་གོང་མ་མཉམ་གཞག་གི་ས་པ་ཡིན་པས་སེམས་ནང་དུ་བལྟས་པ་ན་ཏིང་ངེ་འཛིན་དུ་འགྱུར་རོ་ཞེས་འབྱུང་ལ་འཁོར་ནི་ཐོས་བྱུང་བཞིན་ནོ། །སྒོམ་བྱུང་ནི་འདོད་པ་ན་མེད་དེ། མཉམ་གཞག་གི་ས་པ་མིན་པའི་ཕྱིར་དང་། ས་ལས་འདོད་པའི་རྩེ་གཅིག་པ་ནི་མཉམ་གཞག་མིན་ཏེ་འགྱོད་པ་མེད་པ་དང་དགའ་བ་དང་ཤིན་ཏུ་སྦྱངས་པའི་བདེ་བས་མ་བསྒྲུབ་པས་སོ་ཞེས་འབྱུང་བས་སོ། །དེས་ན་གོང་མ་གཉིས་ན་ཡོད་ལ་འཁོར་ནི་ཟག་མེད་དང་འདྲའོ། །གཙོ་འཁོར་གོ་ལོག་པའི་སྐྱོན་མེད་དེ། སྤྱིར་མིའི་གཙོ་བོ་རྒྱལ་པོ་ཡིན་ཀྱང་ཡི་གེ་འབྲི་བའི་ཚེ་ཡིག་དཔོན་གཙོ་བོ་ལྟར། སེམས་སེམས་བྱུང་གི་ལྡོག་པ་ནས་རྣམ་ཤེས་གཙོ་བོ་ཡིན་ཡང་ཆོས་རབ་ཏུ་འབྱེད་པའི་ཚེ་ཤེས་རབ་གཙོ་བོར་བཞག་གོ །བསྟན་བཅོས་ཀྱིས་བསྡུས་པའི་མངོན་པ་ལ་ནི་ཁ་ཅིག་མཚུངས་ལྡན་མིན་པས་གཙོ་འཁོར་མི་སྦྱོར་ཞེས་ཟེར་ལ། ཁ་ཅིག་ན་རེ་སྦྱོར་ཏེ་མདོ་སྡེ་པས་གཙོ་བོ་གཟུགས་དང་འཁོར་སྐྱེ་སོགས་ཡིན་པས་ཕུང་པོ་གཉིས་སུ་འདོད་ཅིང་བྱེ་སྨྲས་གཙོ་བོ་མིང་ཡིན་པས་ཕུང་པོ་གཅིག་ཏུ་འདོད་ཅེས་ཟེར་ཞིང་། ཁ་ཅིག་ཡེ་ཤེས་ལ་འཇུག་པ་ལུས་ཀྱི་བསྟན་བཅོས་ཡིན་པས་གཙོ་བོ་གཞན་དྲུག་དེའི་ཡན་ལག་ཡིན་པས་འཁོར་ཞེས་ཟེར་རོ། །བཞི་པ་ངེས་ཚིག་ནི་རང་གི་མཚན་ཉིད་འཛིན་པས་ཆོས་དང་། མངོན་པ་ནི་སཾ་སྐྲྀ་ཏའི་སྐད་ལས། ཨ་བྷི་ཞེས་པ་ལ་རྐྱེན་བྱིན་ཏེ་ཨ་བྷི་མུ་ཁ་ཞེས་པ་མྱ་ངན་ལས་འདས་པ་མངོན་དུ་བྱེད་པའི་སྒོའི་དོན་དང་། ཨ་བྷི་ཀྵ་ཎ་ཞེས་པ་ཆོས་འདི་བསྟན་ཡོད་བསྟན་མེད་ལ་སོགས་པའི་བྱེ་བྲག་གིས་ཡང་ནས་ཡང་དུ་གཏན་ལ་འབེབས་པ་དང་། ཨ་བྷི་བྷུ་ཏ་ཞེས་པ་ཤེས་བྱ་རྒྱ་མཚོ་ལྟ་བུ་བསྟན་པའི་བརྒལ་བ་དང་ལན་གྱིས་ཕས་ཀྱི་རྒོལ་བ་ཟིལ་གྱིས་གནོན་པ་དང་། ཨ་བྷི་ས་མ་ཡ་ཞེས་པ་ཆོས་ཀྱི་མཚན་ཉིད་དམ་མདོ་སྡེའི་དོན་རྟོགས་པས་མངོན་པ་སྟེ། རྒྱན་ལས། མངོན་དུའི་ཕྱིར་དང་ཡང་ཡང་དང་། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་སོ། །འདིའི་འགྲེལ་པར་སྔ་ཕྱི་གཉིས་བསྟན་ལ། ངེས་ཚིག་དང་པོ་འདིས་ནི་ཁམས་གསུམ་པའི་ཤེས་རབ་ཐར་པའི་ཕྱིར་མ་ཞུགས་པ་དག་མངོན་པ་མིན་པར་འཆད་དོ། །གཉིས་པ་ནི། བསྟན་བཅོས་འདི་ཇི་ལྟར་ན་ཆོས་མངོན་པའི་མཛོད་ཡིན་ཞེ་ན། གཞུང་འདིར་མངོན་པ་སྡེ་བདུན་པོ་དེ་དག་གི་དོན་གང་གཅེས་གཅེས་རྣམས་བརྗོད་བྱའི་དོན་དུ་ཡང་དག་པར་ཆུད་པའི་ཕྱིར་འདི་ཆོས་མངོན་པ་དེའི་མཛོད་ལྟ་བུ་ཡིན་ནོ། །དཔེར་ན་ནོར་གཅེས་པའི་གནས་ལ་མཛོད་ཅེས་བརྗོད་པ་བཞིན་ནམ། རལ་གྲི་གང་དུ་གཞུག་པ་ནི་དེའི་ཤུབས་ཡིན་པ་ལྟ་བུའོ། །ཡང་ན་བསྟན་བཅོས་འདིའི་གནས་སམ་འབྱུང་ཁུངས་མངོན་པ་དེ་ཡིན་པས་དེ་ནི་འདིའི་མཛོད་ཡིན་ལ། དེ་ཕྱིར་མཛོད་ནས་བྱུང་བ་ལ་ཡང་ཆོས་མངོན་མཛོད་ཅེས་བྱ་སྟེ་རལ་གྲི་གང་ནས་འབྱིན་པ་དེ་ནི་དེའི་ཤུབས་ཡིན་པ་ལྟ་བུའོ། །དེ་ཡང་སྔ་མ་མཚན་ཉིད་པ་དང་། ཕྱི་མ་བཏགས་པ་བར་གསུངས་ལ། བརྗོད་བྱ་དང་འབྱུང་ཁུངས་བཟང་པོར་སྟོན་པའོ་ཞེས་ཀྱང་འཆད་ཅིང་། སྔ་མས་དེ་འདིར་ཆུད་པར་བསྟན། ཕྱི་མས་འདི་ཕྱི་མོར་དོགས་པ་སེལ་བའོ་ཞེས་ཀྱང་འཆད་དོ། །བཞི་པ་ལ་གཉིས་ཏེ། དགོས་འབྲེལ་དངོས། དང་པོར་སུས་བསྟན་པའོ། །དང་པོ་ནི། ཅིའི་ཕྱིར་མངོན་པ་བསྟན། འདི་དང་པོ་ཉིད་དུ་སུས་བསྟན། ཇི་ལྟར་སློབ་དཔོན་ཆོས་མངོན་པའི་མཛོད་འཆད་པར་གུས་ཤེ་ན། འདི་ཡི་ལན་ལ་གཉིས་ལས། དང་པོ་དགོས་པ་ནི། ཆོས་རྣམས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་མེད་པར་ཉོན་མོངས་པ་རྣམས་ཉེ་བར་ཞི་བའི་ཐབས་མེད་དེ། གང་གི་ཕྱིར་ཉོན་མོངས་པ་རྣམས་ནི་མ་རིག་པའི་རྩ་བ་ཅན་ཡིན་པའི་ཕྱིར་རོ། །ཉོན་མོངས་མ་ཞི་ན་ཉེས་པ་ཅི་ཡོད་ཅེ་ན། ཉོན་མོངས་པ་རྣམས་ཀྱིས་ཀྱང་ལས་བསགས་ནས་འཇིག་རྟེན་པ་རྣམས་སྲིད་པའི་རྒྱ་མཚོ་འདིར་རང་དབང་མེད་པར་འཁྱམས་ཏེ་དུཿཁ་སྣ་ཚོགས་མྱོང་བར་འགྱུར་བ་དེ་བས་ན་ཉོན་མོངས་ཞི་བའི་ཐབས་ཆོས་རབ་ཏུ་རྣམ་འབྱེད་བསྟན་པ་དེའི་ཕྱིར་དུ་ཆོས་མངོན་པ་བསྟན་ཏོ། །འཁོར་བ་འདི་ཉིད་རྒྱ་མཚོ་དང་ཆོས་བཞིས་ཆོས་མཚུངས་ཏེ། ཐོག་མ་མེད་པས་གཏིང་ཟབ་པ། མཐའ་མེད་པས་རྒྱ་ཆེ་བ། ཆགས་སོགས་ཀྱི་ཆུ་སྲིན་གྱིས་གང་བ། ལས་ཀྱི་རྦ་རླབས་དང་བཅས་པའོ། །ཚིག་འདིས་ཆོས་བཞི་ཇི་ལྟར་བསྟན་ཞེ་ན། བརྗོད་བྱ་ནི་ཆོས་རྣམས་ཞེས་དངོས་སུ་བསྟན་པས་ཤེས་རབ་མཚོན་ནས་བསྟན་ལ། རབ་ཏུ་རྣམ་འབྱེད་ཅེས་པས་དགོས་པ། མེད་པར་ལ་སོགས་པས་ཉིང་དགོས་བཟློག་ནས་བསྟན་ཞིང་། འབྲེལ་པ་ནི་མངོན་པ་ཡོད་ན་རབ་ཏུ་རྣམ་འབྱེད་ཡོད་ཅེས་ཤུགས་ལ་བསྟན་པ་སྤྱི་མཐུན་ནོ། །ཁ་ཅིག་རྣམ་འབྱེད་ཡིན་གྱི་བརྗོད་བྱ་བསྟན་ཏེ་ཆོས་རྣམས་ཏེ་དངོས་སུ་བསྟན་པ་ཟག་བཅས་ཟག་མེད་དང་བརྗོད་བྱའི་གཙོ་བོ་ནི་ཤེས་རབ་ཀྱི་བསླབ་པ་ཡིན་པས་ཆོས་རྣམས་རབ་ཏུ་རྣམ་འབྱེད་ཅེས་པས་བསྟན། མེད་པར་ཞེས་པས་དགོས་པ་ཉིང་དགོས་བཟློག་ནས་བསྟན་ཏོ་ཞེས་ཟེར་རོ། །གཉིས་པ་ནི། འདི་དང་པོ་ཡིད་ཆེས་པས་བསྟན་ནས་སློབ་དཔོན་གྱིས་བསྡུ་བར་རིགས་ན་དང་པོ་སུ་ཞིག་གིས་བསྟན་ཞེ་ན། བྱེ་སྨྲའི་ལུགས་ནི་སྡེ་བདུན་པོ་འདི་ནི་དང་པོར་སྟོན་པས་ཡུལ་དང་གང་ཟག་སྣ་ཚོགས་ལ་འཐོར་བུར་གསུངས་ལ་ཕྱིས་དགྲ་བཅོམ་པ་བདུན་གྱི་བསྡུས་ཏེ་དཔེར་ན་ཆེད་དུ་བརྗོད་པའི་ཚོམས་བཞིན་ནོ་ཞེས་འདོད་དོ། །གང་གིས་གང་བསྡུས་ན། ཡེ་ཤེས་ལ་འཇུག་ཀ་ཏིའི་བུས། །རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མཽ་འགལ་བུས། །འགྲོ་བའི་རྣམ་གྲངས་གསུས་པོ་ཆེས། །ཁམས་ཀྱི་ཚོགས་ནི་གང་པོས་བསྡུས། །ཞེས་སམ། གང་སྤེལ་ལས། འགྲོ་བའི་རྣམ་གྲངས་ཤཱ་རིའི་བུས། །ཞེས་བཤད་དོ། །དེ་ལྟར་མ་ཡིན་ན་མདོ་ལས། དགེ་སློང་སྡེ་སྣོད་གསུམ་པ་ཡིན་ཞེས་པའི་སྡེ་སྣོད་གསུམ་མ་ཚང་བར་འགྱུར་ཏེ་འདི་ལས་གཞན་པའི་མངོན་པ་མེད་པའི་ཕྱིར་ཞེས་ཟེར། མདོ་སྡེ་པ་ནི་ལོ་ཞེས་པ་མ་རངས་པའི་ཚིག་སྟེ་སྡེ་བདུན་པོ་འདི་ལས་ནི་འདུས་མ་བྱས་རྫས་སུ་གྲུབ་པ་སོགས་འཁྲུལ་པ་དུ་མ་སྣང་བས་བཀའ་མིན་ཞེས་སློབ་དཔོན་བཞེད་དོ། །སྟོན་པའི་བཀའ་ལ་སྡེ་སྣོད་གསུམ་མ་ཚང་བའི་སྐྱོན་མེད་དེ་འདུལ་བ་དང་མདོ་སྡེ་གང་ལས་ཆོས་ཀྱི་མཚན་ཉིད་དམ་ཤེས་རབ་ཀྱི་བསླབ་པ་སྟོན་པ་རྣམས་མངོན་པ་ཡིན་པའི་ཕྱིར་རོ། །གཉིས་པ་གཞུང་དོན་ཆོས་མངོན་པའི་ཡུལ་བཤད་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། ཆོས་རྣམས་ཞེས་བསྟན་པ་དེ་གང་ཞེ་ན། མངོན་པས་དབྱེ་བར་བྱ་བའི་ཆོས་རྣམས་དབྱེ་གཞི། མཚན་གཞིའི་དབྱེ་བ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་གཉིས་སུ་ངེས་ཏེ། འདིས་ཆོས་ཐམས་ཅད་བསྡུས་ཤིང་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་ཕྱིར་རོ། །འོ་ན་འདུས་བྱས་འདུས་མ་བྱས་ལ་སོགས་པ་ཡང་ཆོས་གཉིས་ཚང་བས་སྟོན་རིགས་སོ་ཞེ་ན། གང་ཞིག་བཤད་ན་བརྒལ་ཞིང་བརྟག་པ་མཉམ་པོར་མཚུངས་པའམ། བླང་དོར་གྱི་ཆོས་སུ་སྐྱེས་བུ་ལ་ཉེ་བར་མཁོ་བས་འདི་གཉིས་ཁོ་ན་བསྟན་ཏེ། ཟག་བཅས་ལས་ཚོགས་སྦྱོར་གཉིས་རེ་ཞིག་བླང་བྱ་ཡིན་ཡང་དུཿཁའི་ངོ་བོ་ཡིན་པས་སྒོམ་ལམ་གྱི་སྤང་བྱ་ཡིན་ལ། ཟག་མེད་ལས་ནམ་མཁའ་དང་བཏགས་མིན་བླང་བྱ་མིན་ཡང་མཐར་ཐུག་གི་བླང་བྱ་ཟག་མེད་འགོག་ལམ་ཁོ་ན་ཡིན་པས་སོ། །གཞན་ལ་ནི་གཅིག་ཏུ་བླང་དོར་དུ་ངེས་པ་མེད་དེ་འདུས་བྱས་ཐམས་ཅད་ཀྱང་སྤང་བྱ་མིན་ཞིང་བླང་བྱ་ཐམས་ཅད་ཀྱང་འདུས་མ་བྱས་མིན་ནོ། །གཉིས་པ་ལ་གསུམ་སྟེ། ཟག་བཅས་བཤད། ཟག་མེད་བཤད། དེ་དག་གཏན་ལ་དབབ་པའོ། །དང་པོ་ནི། ལམ་བདེན་མ་གཏོགས་པའི་འདུས་བྱས་རྣམས་ནི་ཟག་བཅས་ཞེས་བྱ་སྟེ། གང་གི་ཕྱིར་ན་དེ་དག་རྣམས་ལས་ཟག་པ་རྣམས་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཀུན་ཏུ་རྒྱས་པར་འགྱུར་བའི་ཕྱིར། རྒྱས་པ་ནི་དམིགས་པ་དང་མཚུངས་ལྡན་གྱི་སྟོབས་ཀྱིས་སྐད་ཅིག་རྒྱུན་ཆགས་སུ་སྐྱེད་ནུས་ཤིང་གནས་ཐོབ་པའོ། །སྐྱོན་སྤོང་བ་ནི། སྣོད་དང་དགྲ་བཅོམ་པའི་ཕུང་པོ་ལ་སོགས་སེམས་ཅན་གཞན་གྱི་ཟག་པ་དམིགས་པའི་སྒོ་ནས་རྒྱས་ལ་ཟག་པ་ལ་ཡང་ཟག་པ་གཉིས་པ་རྒྱས་པར་འདོད་དོ། །ཁ་ཅིག་ཟག་པ་དང་མཚུངས་པར་ལྡན་པའོ་ཞེ་ན། སེམས་སེམས་བྱུང་ཉོན་མོངས་ཅན་ཁོ་ན་དེར་འགྱུར་རོ། །ལྷན་ཅིག་འབྱུང་བ་ཡིན་ན་ཉོན་མོངས་པ་ཀུན་ཏུ་སྤྱོད་པའི་ཕུང་པོ་ལྔ་ཁོ་ན་དེར་འགྱུར་ཞིང་། དཔེ་སྟོན་པས་རྟེན་བྱེད་པའོ་ཞེས་པ་ལྟར་ན་ནང་གི་སྐྱེ་མཆེད་དྲུག་ཁོ་ན་དེར་འགྱུར་བས་ཁྱབ་ཆུང་བས་སོ། །ཟག་པའི་དམིགས་པར་འགྱུར་བ་ཡིན་ན་ཁྱབ་ཆེས་ཏེ། ཡོན་ཏན་བློ་གྲོས་ན་རེ། ཆོས་ཐམས་ཅད་དེའི་ཡུལ་ཡིན་པས་ཞེས་ཟེར་ཡང་ནམ་མཁའ་དང་བརྟགས་མིན་ཡུལ་མིན་ལ། འགོག་ལམ་ཟག་པའི་དམིགས་པར་ཕྲ་རྒྱས་སུ་འཆད་པས་ཟག་བཅས་སུ་ཐལ་ལོ། །འོན་ཀྱང་འགོག་ལམ་ལ་དངོས་སུ་ལོག་ཞུགས་ཀྱིས་ཟག་མེད་ལ་དམིགས་པའི་སྒོ་ནས་རྒྱས་པ་ནི་མ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། ཟག་མེད་སྤྱིར་བསྟན། འདུས་མ་བྱས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ལམ་གྱི་བདེན་པ་དང་འདུས་མ་བྱས་རྣམ་གསུམ་ཡང་ནི་ཟག་མེད་ཡིན་ཏེ། མཚན་ཉིད་ཟག་བཅས་ལས་ལྡོག་པའོ། །ཅི་ལམ་མ་གཏོགས་དང་འདུས་བྱས་ཞེས་པའི་ཟག་བཅས་ཀྱི་མཚན་གཞི་སྟོན་པའི་ཚིག་གཉིས་ཀྱི་དེ་གཉིས་ཟག་མེད་དུ་བསྒྲུབས་ཟིན་པའི་ཕྱིར་ལམ་དང་འདུས་མ་བྱས་ཟག་མེད་དུ་སྒྲུབ་པ་དང་ཟློས་སོ་ཞེ་ན། ལན་གསུམ་སྟེ། ཁ་ཅིག་ན་རེ། ཕུང་པོ་གསུམ་པའི་ལོག་རྟོགས་བཟློག་པའི་ཕྱིར་ཏེ། ཚོར་བ་ལ་བདེ་བ་དུཿཁ་བར་མ་བཏང་སྙོམས་ཡོད་པའམ། དཔེ་སྟོན་པས་སྣོད་དང་དགྲ་བཅོམ་པའི་ཕུང་པོ་ཟག་པའི་རྟེན་དང་གཉེན་པོ་མིན་པས་གཉིས་ཀ་མ་ཡིན་ནོ་ཞེས་པ་ལྟར་དོགས་པར་བདག་གཉིས་ཀ་མ་ཡིན་ནམ་སྙམ་པའི་དོགས་པ་བཟློག་པའི་ཕྱིར་ཞེས་ཟེར་རོ། །ཁ་ཅིག་ན་རེ། དོན་གྱི་དོན་གོ་ཡང་གསལ་བར་འཆད་པས་མི་ཟློས་ཏེ་བསྟན་བཤད་བཞིན་ནོ་ཞེས་ཟེར་ཞིང་། ཡོན་ཏན་བློ་གྲོས་ན་རེ། ལམ་མ་གཏོགས་ཞེས་བསྟན་པས་འཇིག་རྟེན་པའི་ལམ་ཡང་ཟག་མེད་ཡིན་ནམ་སྙམ་པའི་དོགས་པ་དགག་པའི་ཕྱིར་ལམ་གྱི་བདེན་པ་ཞེས་སྨོས་ལ། འདུས་མ་བྱས་ནི་མ་གྲགས་པས་ཟག་མེད་དུ་མི་གོ་བའི་ཕྱིར་རང་གི་སྒྲས་བསྟན་ཏོ་ཞེས་ཟེར་རོ། །དང་པོ་མི་འཐད་དེ། གཉིས་ཀ་མིན་པ་ཁོ་ནར་དོགས་པར་མ་ངེས་པའི་ཕྱིར་རོ། །གཉིས་པ་མི་འཐད་དེ། གཉིས་མིན་དང་ཟག་མེད་གང་ཡིན་སྙམ་དུ་དོགས་པ་སྐྱེ་བས་དོན་གྱིས་གོ་བ་མ་གྲུབ་པའི་ཕྱིར་རོ། །གསུམ་པ་མི་འཐད་དེ། འཇིག་རྟེན་པའི་ལམ་ཟག་མེད་དུ་དོགས་པའི་ངོར་ལམ་བདེན་ཟག་མེད་དུ་བསྟན་པས་དོགས་པ་ཁེགས་པར་མི་རིགས་པའི་ཕྱིར། དེས་ན་ལམ་མ་གཏོགས་པའི་འདུས་བྱས་ཞེས་སྨོས་པས་ལམ་དང་འདུས་མ་བྱས་གཉིས་མིན་དང་ཟག་མེད་གང་ཡིན་དོགས་པའི་ཚེ་གཉིས་མིན་མིན་པར་ཟག་མེད་དུ་བསྟན་པའི་ཕྱིར་གཞུང་ཕྱི་མ་སྨོས་སོ། །ཁོ་བོས་རྟོགས་སོ། །གཉིས་པ་ནི། འདུས་མ་བྱས་དེ་ལ་གསུམ་སྟེ་ནམ་མཁའ་དང་ནི་འགོག་པ་གཉིས་དང་བཅས་པའོ། །གསུམ་དུ་དབྱེ་བ་ནི་བྱེ་བྲག་པ་སྐད་ཅིག་དང་རྡུལ་ཕྲན་ལ་སོགས་པ་ཡང་འདུས་མ་བྱས་སུ་འདོད་པས་མང་བ་དང་གནས་མ་བུ་བརྟགས་འགོག་གཅིག་པུར་འདོད་པས་ཉུང་བ་འགོག་ལ། ཡང་ཞེས་པ་ནི་ཆོས་རྣམས་ལ་དབྱེ་བ་ཡོད་པར་མ་ཟད་འདི་ལ་ཡང་ཡོད་ཅེས་པའོ། །འདུས་མ་བྱས་གསུམ་ཡོད་པ་དེ་ལ་ནམ་མཁའི་མཚན་གཞི་ནི་འདུས་མ་བྱས་ལུང་མ་བསྟན་རྫས་སུ་ཡོད་དེ། མདོ་ལས། བྲམ་ཟེ་ཞིག་གིས་ཀྱེ་གོའུ་ཏ་མ་ས་ཅི་ལ་བརྟེན་ལགས། བྲམ་ཟེ་ཆུ་ལ་བརྟེན་ནོ། །ཆུ་ཅི་ལ་བརྟེན་རླུང་ལ་བརྟེན་ནོ། །རླུང་ཅི་ལ་བརྟེན་ནམ་མཁའ་ལ་བརྟེན་ནོ། །དེ་ཅི་ལ་བརྟེན་དེ་ནི་རྟེན་མེད་པ་སྣང་བ་མེད་པ་དམིགས་པ་མེད་པ་ཞེས་གསུངས་པས་རྟེན་གྱི་དོན་བྱེད་ནུས་པས་རྫས་ཡོད་དུ་བྱེ་བྲག་སྨྲ་བ་འདོད་དོ། །མདོ་སྡེ་པ་ནི་དངོས་མེད་དུ་འདོད་དོ། །མཚན་ཉིད་ནི་ཐོགས་བཅས་མིན་པས་གཟུགས་གཞན་གྱི་སྐྱེ་འགག་སོགས་གང་ལ་ཡང་མི་སྒྲིབ་པ་གོ་འབྱེད་པའི་ཆོས་སོ། །འདི་མེད་ན་སྐྱེ་འགག་དང་འགྲོ་འདུག་སོགས་ཀྱི་གོ་སྐབས་མི་རྙེད་ལ་འདི་ཡོད་པས་དེ་རྣམས་ཀྱི་གོ་རྙེད་པ་ནི་གོ་འབྱེད་པའི་དོན་ཏོ། །འོ་ན་སེམས་སེམས་བྱུང་དང་འགོག་པ་གཉིས་ཀྱང་ནམ་མཁར་ཐལ་ཏེ་མི་སྒྲིབ་པའི་ཕྱིར་རོ་ཞེ་ན། མ་གྲུབ་སྟེ། རྣལ་འབྱོར་པ་མཐུ་ལྡན་གྱི་ཤེས་པས་གཞན་གྱི་ཤེས་པ་སྨྱོ་བ་ལ་སོགས་པར་བྱེད་པས་སོ་ན་གནས་པ་ལ་སྒྲིབ་ཅིང་འགོག་པ་གཉིས་ཀྱང་མ་འོངས་པའི་ཆོས་འགའ་ཞིག་སྐྱེ་བ་ལ་སྒྲིབ་བོ་ཞེས་བཤད་པ་དེ་འཐད་དོ། །ཡང་ཅི་སྒྲིབ་པ་ཡོད་མེད་ཀྱི་ནམ་མཁའ་མེད་པ་དང་ཡོད་པར་སྣང་བས་ཐམས་ཅད་དུ་མ་ཁྱབ་པའམ་མི་རྟག་པར་འགྱུར་རོ་ཞེ་ན། རྩིག་པ་ལ་སོགས་པའི་ཡུལ་ན་ཡང་ནམ་མཁའ་ཡོད་པ་སྟེ། ཅི་སྟེ་མེད་ན་གོ་འབྱེད་པ་མེད་པས་རྩིག་པ་ཉིད་མི་རུང་ལ། གཟུགས་ཅན་གཞན་མི་འབྱུང་བ་ནི་ནམ་མཁས་གོ་མ་ཕྱེ་བ་མིན་གྱི་དེས་བསྒྲིབས་པའོ། །འགོག་པ་དང་པོའི་མཚན་གཞི་ནི་ཟག་བཅས་ཀྱི་ཆོས་གང་དང་བྲལ་བའོ། །བྱེ་སྨྲས་བདེན་པ་བཞིར་བཤད་པས་བདེན་པ་ཡིན་པའི་ཕྱིར་རྫས་སུ་ཡོད་དེ་ལྷག་མ་གསུམ་བཞིན་ནོ་ཞེས་འདོད་དོ། །དེ་ནི་བདེན་པ་ཙམ་དུ་འདྲ་ཡང་རྣམ་པ་ཐམས་ཅད་དུ་འདྲ་བ་མིན་པས་ལྷག་ལྡན་འཁྲུལ་བཅས་ཀྱི་སྦྱོར་བ་སྟེ་གཞན་དུ་ན་འདུས་བྱས་དང་ཟག་བཅས་སུའང་ཐལ་ལོ། །མདོ་སྡེ་པ་ནི་དགག་བྱ་ཞི་བ་ཙམ་དུ་འདོད་དོ། །མཚན་ཉིད་ནི་ཟག་མེད་བར་ཆད་མེད་ལམ་གྱིས་ཐོབ་པར་བྱ་བའི་འགོག་པའོ། །འཇིག་རྟེན་པའི་ཐོབ་པ་ལ་མ་ཁྱབ་བོ་ཞེ་ན། རྒྱུད་ཐ་དད་ལ་འགོག་པ་ཐ་དད་མེད་པས་འཇིག་རྟེན་པ་ཁོ་ནས་ཐོབ་པ་མེད་དོ། །འོན་ཀྱང་གཉེན་པོའི་སྟོབས་ཀྱིས་གཏན་སྐྱེ་བ་ལ་གེགས་བྱེད་པར་རིགས་སོ། །སྒྲ་དོན་ནི་བདེན་བཞི་ལ་སོ་སོར་བརྟགས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་ཐོབ་པའི་འགོག་པ་སྟེ་མར་གྱི་བུམ་པ་ཞེས་པ་ལྟར་བར་གྱི་ཚིག་མི་མངོན་པར་བྱས་པའོ། །དབྱེ་བ་ནི། ཅི་ཟག་བཅས་ཐམས་ཅད་ཀྱི་འགོག་པ་གཅིག་གམ་ཐ་དད་ཅེ་ན་སོ་སོ་སོ་སོ་ཡིན་ཏེ། ལྡན་པའི་རྫས་རྣམས་ཇི་སྙེད་པ། །བྲལ་བའི་རྫས་ཀྱང་དེ་སྙེད་དོ། །ཞེས་པས་ལྡན་རྫས་སྤང་བྱ་རིགས་ལྔ་ཐ་དད་ཅིང་གཉེན་པོའང་ཐ་དད་པའི་ཕྱིར་འགོག་པ་ཐ་དད་དོ། །གཞན་དུ་ན་དུཿཁ་མཐོང་སྤང་གི་འགོག་པ་མངོན་དུ་བྱས་པའི་ཚེ་ཐམས་ཅད་ཀྱི་འགོག་པ་འཐོབ་པར་འགྱུར་ལ། འདོད་ན་རིས་ལྷག་མའི་འགོག་པ་འཐོབ་པར་འགྱུར་བས་ལམ་ལྷག་མ་བསྒོམ་པ་དོན་མེད་པར་འགྱུར་བ་ལས་དོན་དང་བཅས་པའོ། །སོ་སོར་བརྟགས་མིན་གྱི་འགོག་པ་ལ་མཚན་གཞི་ནི་འདུས་མ་བྱས་རྫས་གྲུབ་པ་ཞིག་ཏེ། ལུང་ལས། བཅོམ་ལྡན་འདས་ཀྱི་ངན་སོང་གི་འགྲོ་བ་འགགས་སོ་ཞེས་གསུངས་སོ། །མདོ་སྡེ་པ་ནི་རྐྱེན་མ་ཚང་བས་མ་སྐྱེས་པ་ཙམ་ལ་བཏགས་པར་འདོད་དོ། །མཚན་ཉིད་ནི་དགག་བྱ་སྐྱེ་བ་ལ་གཏན་དུ་གེགས་བྱེད་པ་བརྟགས་པའི་འགོག་པ་ལས་གཞན་པ་སྟེ། སྤྱིར་འགོག་པ་ལྔ་ལས་སྐྱེ་ལ་ཞེས་པས་མཚན་ཉིད་ཀྱི་འགོག་པ་སྐྱེས་ཟིན་འཇིག་པའི་མི་རྟག་པ་གཅོད་ལ་གཏན་དུ་ཞེས་པས་སྐྱེ་བ་དང་སྙོམས་འཇུག་གི་འགོག་པ་སེམས་མེད་གསུམ་གཅོད་དེ་ཕྱིས་དགག་བྱ་སྐྱེ་བས་སོ། །འགོག་གཞན་གྱིས་བརྟགས་པའི་འགོག་པ་གཅོད་དེ་རྐྱེན་མ་ཚང་བའི་སྟོབས་ཀྱིས་སྐྱེ་བ་ལ་གཏན་དུ་གེགས་བྱེད་པར་བརྗོད་དོ། །སྒྲ་དོན་ནི་སོ་སོར་བརྟགས་པའི་ཤེས་རབ་མིན་པས་ཐོབ་པའོ། །གསུམ་པ་དེ་དག་གཏན་ལ་དབབ་པ་ལ་གནས་བརྒྱད་དོ། །ཡང་ན་མདོར་བསྟན། རྒྱས་པར་བཤད་པ་གཉིས་ལས། དང་པོ་ལ་མཚན་གཞིའི་དབྱེ་བ། དབྱེ་བ་སོ་སོའི་ངོ་བོ་གཉིས། འདི་ལ་ཟག་བཅས་བཤད། ཟག་མེད་བཤད་པའོ། །འདི་ལ་ཡང་ཟག་མེད་སྤྱིར་བསྟན། འདུས་མ་བྱས་བྱེ་བྲག་ཏུ་བཤད་པའོ། །གཉིས་པ་རྒྱས་བཤད་ལ་ཤེས་བྱའི་གནས་བཤད། བླང་དོར་གྱི་གནས་བཤད་པ་གཉིས། དང་པོ་ལ་ཁམས་བསྟན་པ་དང་། དབང་པོ་བསྟན་པ་གཉིས་སོ། །གཉིས་པ་ལ་དོར་བྱ་བཤད་པ། བླང་བྱ་བཤད་པ་གཉིས། དང་པོ་ལ། འབྲས་བུ་སྡུག་བསྔལ་བདེན་པ་བཤད། རྒྱུ་ཀུན་འབྱུང་བདེན་པ་བཤད་པ་གཉིས། འདི་ལ་ལས་ཀྱི་ཀུན་འབྱུང་དང་། ཉོན་མོངས་པའི་ཀུན་འབྱུང་བཤད་པ་གཉིས། གཉིས་པ་བླང་བྱ་བཤད་པ་ལ། ལམ་དང་གང་ཟག་བཤད་པ། ཡེ་ཤེས་བཤད་པ། ཏིང་ངེ་འཛིན་གྱི་ཁྱད་པར་བཤད་པ་གསུམ་མོ། །ཁོ་བོའི་ལེགས་བཤད་དོ། །དང་པོ་ཁམས་བསྟན་པའི་གནས་ལ་གསུམ་སྟེ། འདུས་བྱས་ཕུང་པོར་བསྟན་པ་རྣམ་གྲངས་དང་བཅས་པ། ཕུང་ཁམས་སྐྱེ་མཆེད་རྒྱས་པར་བཤད་པ། ཁམས་ཀྱི་རྣམ་པའི་རབ་དབྱེ་བཤད་པའོ། །དང་པོ་ལ་གཉིས་ཏེ། དབྱེ་བ། རྣམ་གྲངས་སོ། །དང་པོ་ནི། ལམ་མ་གཏོགས་པའི་འདུས་བྱས་རྣམས་ཞེས་གསུངས་པའི་འདུས་བྱས་དེ་དག་གང་ཞེ་ན། རྒྱུ་རྐྱེན་དུ་མ་འདུས་ཤིང་འཕྲད་ནས་བྱས་པའི་འདུས་བྱས་ཀྱི་ཆོས་རྣམས་དེ་དག་གོ །དེ་ལ་དབྱེ་ན་ལྔ་ཡོད་དེ་གཟུགས་ལ་སོགས་པའི་ཕུང་པོ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་སོ། །དེ་ཡང་གཟུགས་ལ་སོགས་ཞེས་པས་རྣམ་གྲོལ་གྱི་ཕུང་པོ་ལྔ་བསལ་ལ་ཕུང་པོ་ལྔ་ཞེས་པས་དོན་ལྔ་བསལ་ཏེ་དེ་གཉིས་ཀྱིས་འདུས་བྱས་ཐམས་ཅད་མ་བསྡུས་པའི་ཕྱིར་རོ། །ཀྱང་ཞེས་པ་ནི་སྔར་གྱི་ཆོས་རྣམས་དང་འདུས་མ་བྱས་ལ་དབྱེ་བ་ཡོད་པར་མ་ཟད་འདི་ལའང་ཡོད་ཅེས་པའོ། །གལ་ཏེ་གཟུགས་ཀྱང་ཡིན་ཕུང་པོ་ཡང་ཡིན་པས་གཟུགས་ཕུང་ཡིན་ནམ། གཟུགས་དང་འབྲེལ་བའི་ཕུང་པོ་ཡིན་པས་གཟུགས་ཕུང་ཡིན། དང་པོ་ལྟར་ན་གཟུགས་རེ་རེ་བ་རྣམས་འདུས་བྱས་མིན་པར་ཐལ། གཟུགས་ཕུང་ཡང་མིན། ཕུང་པོ་གཞན་ཡང་མིན་པའི་ཕྱིར། གལ་ཏེ་དང་པོ་མ་གྲུབ་ན་རེ་རེ་བ་ལ་ཕུང་པོའི་དོན་མེད་དེ། ཕུང་པོའི་དོན་དུ་མ་སྤུངས་པ་ལ་བཤད་པས་སོ། །ཕྱི་མ་ལྟར་ན། གཟུགས་ལས་ལོགས་ཤིག་ཏུ་གཟུགས་ཕུང་མེད་ན་ཇི་ལྟར་འབྲེལ་བར་བརྗོད་ཅེ་ན། རྡུལ་ཡན་གར་བ་རེ་རེར་གནས་པ་ནི་མེད་ལ་ཟླ་དང་བཅས་པ་ན་ཕུང་པོའི་སྒྲ་འཇུག་སྟེ། མི་རེ་རེ་བ་དམག་མིན་ཡང་ཟླ་དང་བཅས་པ་ན་དམག་ཅེས་བརྗོད་པ་བཞིན་ནོ། །ཕྱི་མ་ལྟར་ན་ཡང་འགལ་བ་མེད་དེ། གཟུགས་སུ་བྱས་པའི་ལུས་ཞེས་པ་བཞིན་ནོ། །གཉིས་པ་ལ་གཉིས་ཏེ། འདུས་བྱས་སྤྱིའི་རྣམ་གྲངས་དང་། བྱེ་བྲག་ཟག་བཅས་ཀྱི་རྣམས་གྲངས་སོ། །དང་པོ་ནི། ཆོས་མངོན་པ་ཐམས་ཅད་མདོ་འཆད་ཅིང་གཏན་ལ་འབེབས་པ་ལ། མདོ་ལས། དགེ་སློང་དག་དུས་ནི་གསུམ་སྟེ་ཞེས་པ་དང་། གཏམ་གྱི་གཞི་ནི་གསུམ་སྟེ་བཞི་པ་ཡང་མེད་ལྔ་པ་ཡང་མེད་དོ་ཞེས་དང་། གང་མངོན་པར་འདུས་བྱས་ཤིང་བསགས་པ་ནི་ངེས་པར་འབྱུང་བ་ཞེས་དང་། གཞི་དང་བཅས་པའི་ཆོས་རྣམས་གང་ཞེ་ན་འདུས་བྱས་ཐམས་ཅད་དོ་ཞེས་པའི་དོན་ཅི་ཡིན་ཞེ་ན། འདུས་བྱས་དེ་དག་ཉིད་ལ་དུས་ཞེས་བྱ་སྟེ། ཨད་ཏ་ཞེས་པ་དུས་དང་། ལམ་ལ་ཡང་འཇུག་པས་ལམ་ལ་སྦྱར་ན་དུས་གསུམ་དུ་གང་ཟག་དག་གྲོང་ཁྱེར་དུ་འོང་བ་དང་འགྲོ་བ་དང་འགྲོ་བར་འགྱུར་བས་ལམ་ཡིན་ལ། དུས་ལ་སྦྱར་ན་དུས་གསུམ་པའི་འདུས་བྱས་འགགས་པ་དང་འགག་བཞིན་པ་དང་འགག་པར་འགྱུར་བས་དུས་སམ། འདུས་བྱས་ཀྱི་མཚན་ཉིད་མི་རྟག་པས་ཟ་ཞིང་འཇོམས་པས་དུས་ཞེས་བྱའོ། །དེ་དག་ལ་གཏམ་གཞི་ཞེས་བྱ་སྟེ་གཏམ་སྟེ་ངག་གི་སྒྲ་ཡི་གེའི་རྣམ་པ་ཅན་དེས་བརྗོད་པར་བྱ་བའི་གཞི་ཡིན་པས་སམ། ཡང་ན་དོན་དང་བཅས་པའི་གཏམ་ནི་ངག་ཡིན་ལ། གཞི་ནི་མིང་སྟེ་དེ་དང་བཅས་པས་གཏམ་གཞི་ཞེས་བྱའོ། །འོ་ན་མིང་ཁོ་ན་གཏམ་གྱི་གཞིར་འགྱུར་བས་མ་ཁྱབ་བོ་ཞེ་ན། གཞིའི་གཞི་དང་བཅས་པ་བཟུང་བ་སྟེ་གཏམ་གྱི་གཞི་ནི་མིང་། མིང་གི་གཞི་ནི་འདུས་བྱས་ཐམས་ཅད་ཡིན་ཏེ། རབ་ཏུ་བྱེད་པ་ལས། གཏམ་གྱི་གཞི་ནི་ཁམས་བཅོ་བརྒྱད་ཀྱིས་བསྡུས་སོ་ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །ཡང་འདུས་མ་བྱས་ཀྱང་མིང་གི་ཡུལ་ཡིན་པས་གཏམ་གྱི་གཞིར་འགྱུར་རོ་ཞེ་ན་མིན་ཏེ། འདུས་མ་བྱས་ནི་དུས་གསུམ་དུ་མ་གཏོགས་པས་དུས་ཀྱིས་བསྡུས་པའི་མིང་དང་འབྲེལ་བ་མེད་པའི་ཕྱིར་དང་། གཞི་ཞེས་བྱ་བ་ནི་རྒྱུ་དང་ཡུལ་ཡིན་ལ་འདུས་མ་བྱས་པ་ནི་རྒྱུ་མིན་པ་དང་གཏམ་གྱི་བརྗོད་པ་ཉུང་བའི་ཕྱིར་དང་། འདུས་བྱས་དེ་གསུམ་ལས་ལོག་པའི་ཕྱིར་རོ། །ངེས་པར་འབྱུང་བ་དང་བཅས་པ་ཞེས་ཀྱང་བྱ་སྟེ། དེ་ལས་འདས་ནས་འདུས་མ་བྱས་ཐོབ་པར་བྱའོ། །གལ་ཏེ་ལམ་བདེན་སྤངས་བྱ་མིན་པས་དེ་ལྟར་མི་རུང་ངོ་ཞེ་ན། ཆུ་ལས་སྒྲོལ་བ་གྲུ་ཡིན་ཡང་ལམ་དུ་འཇུག་པ་ན་འདོར་བ་ལྟར། ཐར་པ་ཐོབ་པར་བྱེད་པ་ལམ་ཡིན་ཡང་ལྷག་མེད་དུ་འཇུག་པ་ན་འདོར་བས་དེ་ལྟར་རུང་ངོ་། །གཞི་དང་བཅས་པ་ཞེས་བྱ་སྟེ། སྤྱིར་གཞིའི་སྒྲ་དོན་ལྔ་ལ་འཇུག་པ་ལས་ངོ་བོ་ཉིད་ལ་འཇུག་པ་ནི་དེ་ནི་གཞི་གང་ཞིག་ཐོབ་པའི་གཞི་དེ་ཉིད་ལྡན་ནོ་ཞེས་དང་། དམིགས་པ་ལ་ནི་ཆོས་ཐམས་ཅད་ཤེས་པས་གཞི་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བ་ཡིན་ནོ་ཞེས་དང་། ཀུན་ཏུ་སྦྱར་བར་བྱ་བ་ལ་ནི་གཞི་གང་ཞིག་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་ཡང་ལྡན་ནོ་ཞེས་དང་། རྒྱུ་ལ་ནི་གཞི་དང་བཅས་པའི་ཆོས་གང་ཞེ་ན་འདུས་བྱས་ཐམས་ཅད་དོ་ཞེས་དང་། ཡོངས་སུ་བཟུང་བ་ལ་ནི་ཞིང་གི་གཞི་དང་ཁང་པའི་གཞི་ལ་སོགས་པ་སྤངས་ཏེ་དེ་ལས་ཕྱིར་ལོག་པ་ཡིན་ནོ་ཞེས་པ་ལྟ་བུ་ལས་འདིར་ནི་གཞིའི་དོན་རྒྱུ་ཡིན་ལ། མདོ་སྡེ་པ་ནི་ངོ་བོ་ཉིད་ལ་འདོད་དོ། །གཉིས་པ་ནི། ཡང་མདོ་ལས། ཕུང་པོ་དང་ཉེ་བར་ལེན་པའི་ཕུང་པོ་དག་བསྟན་པ་དེ་ཉོན་ཅིག་ཅེས་སོགས་ཟག་བཅས་ཀྱི་རྣམ་གྲངས་འབྱུང་བ་སྟོན་ཏེ། སྔར་གྱི་འདུས་བྱས་དག་གི་ནང་ནས་གང་དག་ཟག་བཅས་སུ་བཤད་པ་དེ་དག་ཉེ་བར་ལེན་པའི་ཕུང་པོའང་ཡིན་ཏེ་འདིར་ཉེར་ལེན་ནི་ཉོན་མོངས་ཡིན་ལ་དེ་ལས་བྱུང་བས་ཉེར་ལེན་གྱི་ཕུང་པོ་སྟེ་དཔེར་ན་རྩ་སོག་གི་མེ་བཞིན་ནོ། །ཡང་ན་ཉེར་ལེན་ལ་རག་ལས་པའི་ཕྱིར་རྒྱལ་པོའི་མི་བཞིན་ནོ། །ཡང་ན་ཉེར་ལེན་འབྱུང་བའི་དོན་གྱིས་ཏེ་མེ་ཏོག་དང་འབྲས་བུའི་ཤིང་བཞིན་ནོ། །དགྲ་བཅོམ་པའི་ཕུང་པོ་ལ་མ་ཁྱབ་པའི་སྐྱོན་མེད་དེ། རྒྱུད་གཞན་གྱི་ཆགས་སྡང་གིས་སློང་བའི་ཕན་གནོད་ཀྱི་འགྱུར་བ་སྐྱེ་ཞིང་དེ་ལ་དམིགས་ནས་གཞན་གྱི་ཉོན་མོངས་ཀྱང་སྐྱེ་ལ་སྣོད་དག་ཀྱང་དེ་བཞིན་ནོ། །ཡང་དེ་དག་ལ་འཐབ་བཅས་ཞེས་ཀྱང་བྱ་སྟེ། ཉོན་མོངས་པ་ནི་འཐབ་མོ་ལྟར་གཞན་ལ་གནོད་པས་འཐབ་པ་ཡིན་ལ་དེ་རྒྱས་པའི་ཕྱིར་བཅས་པའོ། །ཡང་ན་འཐབ་པ་ཉོན་མོངས་ཡིན་ལ་དེ་དང་བཅས་པས་ཟག་བཅས་འདི་དག་ལ་འཐབ་བཅས་ཞེས་ཀྱང་བྱའོ། །དེ་དག་ཉིད་ཅི་རིགས་པར་དུཿཁ་གསུམ་དང་ལྡན་ཞིང་འཕགས་པ་རྣམས་དང་མི་མཐུན་པས་སྡུག་བསྔལ་ཞེས་ཀྱང་བྱ་སྟེ། དེས་འདུ་བྱེད་དོན་དམ་པར་དུཿཁར་གཟིགས་པའི་ཕྱིར་རོ། །འདི་ལ་དུཿཁ་ཀུན་འབྱུང་བས་ཀུན་འབྱུང་ཞེས་བྱ་ལ། འདི་ཉིད་ལ་འཇིག་རྟེན་དུ་འདོགས་ཏེ། ཉོན་མོངས་ཀྱི་དབང་གི་འཇིག་ཅིང་ཉམས་པས་སོ། །ལྟ་བའི་དམིགས་ནས་རྒྱས་པར་འགྱུར་བས་ལྟ་གནས་ཞེས་ཀྱང་བྱ་ལ། ཐོག་མ་མེད་པའི་དུས་ནས་རྒྱུ་མཐུན་གྱི་རྒྱུ་དང་འབྲས་བུའི་ཚུལ་དུ་རྒྱུན་མ་ཆད་པར་སྐྱེ་ཞིང་ཡང་འབྱུང་བས་སྲིད་པ་ཞེས་བྱ་བའམ་ཟག་བཅས་དེ་དག་གི་རྣམ་གྲངས་ཡིན་ནོ། །གཉིས་པ་ཕུང་ཁམས་སྐྱེ་མཆེད་རྒྱས་པར་བཤད་པ་ལ་ལྔ་སྟེ། ཕུང་པོ་གཙོ་བོར་བྱས་པའི་ཆོས་གསུམ་གྱི་རྣམ་གཞག ཆོས་གསུམ་སོ་སོའི་སྒྲ་དོན། ཆོས་གསུམ་བསྟན་པའི་དགོས་པ། དེ་དག་ངེས་པའི་རྒྱུ་མཚན། མིང་ཅན་གཞན་ཡང་དེར་བསྡུ་བའོ། །དང་པོ་ལ་གསུམ་སྟེ། སོ་སོར་བཤད་པ། གསུམ་དུ་བསྡུ་བ། ཁམས་མང་བར་ཐལ་བ་སྤང་པའོ། །དང་པོ་ལ་གསུམ་སྟེ། གཟུགས་ཕུང་གཙོ་བོར་བྱས་པའི་ཆོས་གསུམ། ཕུང་པོ་བར་པ་གསུམ་གཙོ་བོར་བྱས་པའི་ཆོས་གསུམ། རྣམ་ཤེས་ཀྱི་ཕུང་པོ་གཙོ་བོར་བྱས་པའི་ཆོས་གསུམ་མོ། །དང་པོ་ལ་གཉིས་ཏེ། གཟུགས་ཕུང་གི་ངོ་བོ། དེ་ལས་ཕྱུང་སྟེ་གཟུགས་ཅན་གྱི་ཁམས་དང་སྐྱེ་མཆེད་དུ་བཞག་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། གཟུགས་ལ་སོགས་པའི་ཕུང་པོ་ལྔ། །ཞེས་གསུངས་པ་དེ་གང་ཞེ་ན། གཟུགས་ཕུང་དབྱེ་བ་དང་། ཚོར་བ་སོགས་མཚན་ཉིད་ཀྱི་སྒོ་ནས་བཤད་པ་ནི་ཕན་ཚུན་མཚོན་པ་ཡིན་པས། གཟུགས་ནི་དབྱེ་གཞི། དབྱེ་ན་དབང་པོ་ལྔ་དང་དོན་ལྔ་དང་རྣམ་པར་རེག་བྱེད་མིན་པ་སྟེ་བཅུ་གཅིག་ཡིན་ལ། ཉིད་ནི་དེར་ངེས་པའི་དོན་ནོ། །གོང་མར་འབྱུང་བཞི་དང་བཅོ་ལྔར་བཤད་ཀྱང་རེག་བྱར་འདུས་པས་འདིར་མ་སྨོས་སོ། །རིག་བྱེད་ནི་གཟུགས་སྒྲའི་ནང་དུ་འདུས་པ་ལ་དགོངས་སྙམ་སྟེ་དཔྱད་དོ། །གཟུགས་ཕུང་ནི་ཞེས་མི་སྨོས་པ་ནི་སྡེབ་སྦྱོར་དང་། གཟུགས་དང་དེའི་ཕུང་པོ་དོན་གཅིག་པའི་ཆེད་ཡིན་ལ། བྱེ་བཤད་ལས་རྫས་ཡོད་བཤད་པའི་སྐབས་ཡིན་ལ་ཕུང་པོ་བརྟགས་ཡོད་ཡིན་པའི་ཕྱིར་ཞེས་བཤད་དོ། །མཚན་ཉིད་ནི་གང་ཞིག་གཞིག་ཅིང་གཞོམ་དུ་རུང་བ་ཡིན་ལ། དེའི་དོན་ཡང་གཟུགས་ནང་འཕྲད་པས་སྔ་མ་ལས་མི་འདྲ་བར་འགྱུར་བ་བསྐྱེད་པའི་གནོད་པ་བྱར་རུང་བའོ། །སྐྱོན་སྤང་པ་ལ་བཞི་ལས། དང་པོ་ནི། རྡུལ་ཕྲ་རབ་ལ་ཆ་ཤས་མེད་པས་གནོད་པ་བྱར་མི་རུང་བའི་ཕྱིར་མ་ཁྱབ་བོ་ཞེ་ན། དེ་ནི་གཅིག་པུར་མི་གནས་ཀྱི་འདུས་པར་གནས་པས་འདུས་པ་འགྱུར་བ་ན་རྡུལ་ཕྲན་ཡང་འགྱུར་བའི་ཕྱིར་གཞིག་ཏུ་རུང་ངོ་། །དེའི་དོན་དུམ་བུར་གྱུར་པ་ཁོ་ན་མ་ཡིན་གྱི་སྔ་མ་ལས་གྱུར་པ་ཁོ་ན་ཡིན་ནོ། །གཉིས་པ་ནི། དུས་གཉིས་ཀྱི་གཟུགས་ཡུལ་ན་མི་གནས་པས་མ་ཁྱབ་བོ་ཞེ་ན། འདས་པ་ནི་གཞི་ཅིར་གཞོམ་རུང་དུ་བྱུང་ཟིན་ལ་མ་འོངས་པ་འབྱུང་བར་འགྱུར་ཞིང་། མི་སྐྱེ་བའི་ཆོས་ཅན་ཡང་དེ་དང་རིགས་མཐུན་པས་གཟུགས་ཡིན་ཏེ། དཔེར་ན་འབུད་པ་ད་ལྟར་ཁོ་ན་ཡིན་ཡང་། འདས་མ་འོངས་དང་དེའི་རིགས་ཐམས་ཅད་བུད་ཤིང་དུ་འཇོག་པ་བཞིན་ནོ། །གསུམ་པ་ནི། རིག་བྱེད་མ་ཡིན་པ་ཐོགས་མེད་ཡིན་པས་མ་ཁྱབ་བོ་ཞེ་ན། སྐྱོན་མེད་དེ། རྟེན་འབྱུང་བ་གཟུགས་སུ་ཡོད་པའི་ཕྱིར། འོ་ན་མིག་གི་རྣམ་ཤེས་སོགས་ཀྱང་གཟུགས་སུ་ཐལ་ལོ་ཞེ་ན། མི་མཚུངས་ཏེ་རྣམ་ཤེས་ཀྱི་རྟེན་དབང་པོ་གཟུགས་ཅན་ཡིན་ཡང་ཡིད་བྱེད་སྔ་མ་གཟུགས་མིན་ལ་རིག་བྱེད་མ་ཡིན་པའི་དངོས་རྒྱུ་འབྱུང་བ་དང་རིག་བྱེད་གཉིས་ཀ་གཟུགས་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་ལས་བྱུང་བ་ཡང་རིག་བྱེད་ལས་བྱུང་བ་དང་འབྱུང་བཞི་རྒྱུར་བྱས་རིགས་འདྲ་བས་གཟུགས་སུ་བརྗོད་དོ། །བཞི་པ་ནི། གཟུགས་ཁམས་པའི་ལུས་འོད་ལྟར་དྭངས་པས་གནོད་པ་བྱར་མི་རུང་ངོ་ཞེ་ན། དེའི་གཟི་བརྗིད་ཆེ་བ་གཞན་གྱིས་ཟིལ་གྱི་མནན་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། དབང་པོ་ལྔ་མཚན་ཉིད་ཀྱི་སྒོ་ནས་བཤད། དོན་ལྔ་དབྱེ་བའི་སྒོ་ནས་བཤད། རིག་བྱེད་མ་ཡིན་པ་ངོ་བོའི་སྒོ་ནས་བཤད་པའོ། །དང་པོ་ནི། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །གཟུགས་དྭངས་པ་ནི་མིག་ལ་སོགས། །ཞེས་འགྱུར་བཅོས་ཏེ། མིག་ལ་སོགས་ལྔ་པོ་དེ་དག་རྣམས་ཀྱི་རྣམ་ཤེས་ཀྱི་རྟེན་གཟུགས་དྭངས་པ་ནི། མིག་ལ་སོགས་པ་དབང་པོ་ལྔའི་ངོ་བོ་ཡིན་ནོ། །དབང་པོ་སྤུངྃས་པྃ་མ་གྲུབ་པས་མ་གྲུབ་པའི་དབང་པོས་མ་གྲུབ་པའི་རྣམ་ཤེས་བསྒྲུབ་པར་འགྱུར་རོ་སྙམ་ན། ཡུལ་ལྔ་པོ་དེ་དག་རྣམ་ཤེས་ཀྱི་ཡུལ་ཅན་ཞེས་སོགས་སྦྱར་རོ། །དེ་ཡང་གཟུགས་འཛིན་པའི་རྣམ་ཤེས་ཀྱི་རྟེན་ཞེས་པས་དབང་པོ་གཞན་བཞིའམ་ལྷང་ཚེར་དྭངས་པ་ལ་སོགས་པ་རྟེན་མ་ཡིན་པ་ཐམས་ཅད་གཅོད། གཟུགས་ཞེས་པས་ཡིད་བྱེད་སྔ་མ་དང་རབ་ཏུ་དྭངས་པའི་དད་པ་གཅོད་དོ། །དྭངས་པ་ཞེས་པ་ནི་ཆུ་དྭངས་པར་གཟུགས་བརྙན་འཆར་བ་ལྟ་བུ་ཡིན་པས་དབང་རྟེན་དབང་པོར་འདོད་པ་གཅོད་དེ་རྒྱུད་པའི་རྟེན་ཡིན་པས་སོ། །དེ་བཞིན་རྣ་བ་ལ་སོགས་པ་ལ་ཡང་སྦྱར་རོ། །འདིར་དབང་པོ་ལ་མཚན་ཉིད་དང་། འོག་ཏུ་ཡུལ་ལ་དབྱེ་བ་བཤད་པ་གཉིས་ཀ་ལ་གོ་བར་དགོངས་པའོ། །གཉིས་པ་ནི། གཟུགས་ལ་རྩ་བའི་དབྱེ་བ་ནི་ཁ་དོག་དང་དབྱིབས་རྣམ་པ་གཉིས་ཡིན་ལ། རྒྱས་པར་ཕྱེ་ན་རྣམ་པ་ཉི་ཤུ་ཡོད་དེ། སྔོ་སེར་དམར་དང་དཀར་བ་དང་། །རིང་ཐུང་ལྷྭམ་ཟླུམ་མཐོ་དམན་དང་། །ཕྱལ་ལེ་ཕྱལ་ལེ་མིན་པ་དང་། །སྤྲིན་དང་དུ་བ་རྡུལ་ཁུག་རྣ། །གྲིབ་མ་ཉི་མ་སྣང་མུན་ནོ། །དེ་ཡང་དང་པོ་བཞི་རྩ་བའི་ཁ་དོག བར་པ་བརྒྱད་དབྱིབས་ཀྱི་གཟུགས། ཐ་མ་བརྒྱད་ཡན་ལག་གི་ཁ་དོག་གོ །ལྗང་གུ་སོགས་ནི་རྩ་བའི་ཁ་དོག་བཞིར་འདུས་པས་མ་བཤད་ལ། སྤྲིན་ལ་སོགས་པའང་འདུས་ཀྱང་ལོགས་སུ་སྟོན་པ་ནི། འདི་དག་ཐག་རིང་པོ་ནས་རྩིག་པ་ལྟ་བུར་སྣང་སྟེ་བསྙེན་ནས་མི་སྣང་བས་མི་བདེན་ནམ་སྙམ་པའི་དོགས་པ་བཟློག་པའི་ཕྱིར་བསྟན་ཏོ་ཞེས་ཊཱི་ཀར་བཤད་དེ། སྤྲིན་དང་དུ་བ་རྡུལ་དང་ཁུག་རྣ་དག་དེ་ལྟར་ཡིན་ལ་ཉི་མ་ལ་སོགས་པ་བཞི་ལ་རྟོག་པ་དེ་མེད་ཀྱང་རྩིག་ངོས་ལ་སོགས་པའི་གཞི་ལས་གཞན་མིན་ནོ་སྙམ་པའི་རྟོག་པ་བཟློག་པའི་ཕྱིར་ཞེས་འཆད་དོ། །རྟོག་པ་འདི་ལྟ་བུ་བསལ་བ་ལ་དོན་མེད་དོ་སྙམ་ན། ཆོས་མངོན་པ་ནི་ཆོས་འགའ་ཞིག་ཁོ་ན་སྟོན་པ་མ་ཡིན་གྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་ཕྱིར་དུ་ཤེས་བྱ་མ་ལུས་པ་གཏན་ལ་འབེབས་པ་སྟེ། དེ་ནི་ཆོས་ཐམས་ཅད་ཀྱི་དོན་མ་ནོར་བར་གོམས་པ་ལ་ལྟོས་ཀྱི་གཅིག་མི་ཤེས་ཀྱང་མི་ཐོབ་པས་སོ། །སྒྲ་ཐམས་ཅད་མདོར་བསྡུས་ན་ནི་རྣམ་པ་བརྒྱད་ཡོད་དེ། ཟིན་མ་ཟིན་གཉིས་དེ་རེ་རེ་ལ་སེམས་ཅན་དུ་སྟོན་མི་སྟོན་གཉིས་གཉིས་དེ་རེ་རེ་ལ་སྙན་མི་སྙན་གཉིས་གཉིས་ཏེ་བརྒྱད་དོ། །འཇིག་ཅིང་རབ་ཏུ་འཇིག་པས་ན་སྒྲ་དེ་རྒྱུན་མེད་པའོ། །རོ་ནི་རྣམ་པ་དྲུག་ཡོད་དེ། མངར་སྐྱུར་ལན་ཚྭ་ཚ་བ་དང་། །ཁ་བ་དང་ནི་བསྐ་བ་འོ། །ནད་སྡུད་པར་བྱེད་པས་ན་རོའོ། །དྲི་ནི་རྣམ་པ་བཞི་སྟེ། སྣའི་དབང་པོ་དང་མཐུན་པའི་དྲི་ཞིམ་པ་དང་། མི་མཐུན་པའི་མི་ཞིམ་པ་དང་། དེ་གཉིས་ཤས་ཆུང་བའི་མཉམ་པ་དང་། ཤས་ཆེ་བའི་མི་མཉམ་པའོ། །རྫི་ཕྱོགས་སུ་རྒྱུ་བས་ན་དྲིའོ། །རེག་བྱ་ནི་བཅུ་གཅིག་སྟེ། རྒྱུའི་བདག་ཉིད་འབྱུང་བ་བཞི། འབྲས་བུའི་བདག་ཉིད་འཇམ་རྩུབ་ལྕི་ཡང་གྲང་བཀྲེས་སྐོམ་བདུན་ནོ། །རེག་པར་བྱ་བས་ན་རེག་བྱའོ། །འོ་ན་ཁ་དོག་ཀྱང་རེག་བྱར་ཐལ། རེག་པར་བྱ་བ་ཡིན་ཏེ། མེ་ཏོག་གི་ཁ་དོག་ལ་རེག་པས་ཉམས་པར་སྣང་བའི་ཕྱིར་ཞེ་ན། རྟེན་འབྱུང་བ་ལ་རེག་པ་ན་རྟེན་ཉམས་པས་ཁ་དོག་ཉམས་པ་ཡིན་གྱི་ཁ་དོག་ལ་རེག་པ་མིན་ནོ། །རོ་ནི་དྲིའི་འོག་ཏུ་བཤད་པར་བྱ་བ་ཡིན་ན་ཡང་གྲངས་མང་བའི་ཕྱིར་སྔར་སྨོས་ལ། རེག་བྱ་སྒྲའི་གོང་དུ་སྨོས་ན་གོང་འོག་ཧ་ཅང་འཁྲུགས་པར་འགྱུར་བས་མིན་ནོ། །གསུམ་པ་ལ་དངོས་དང་། ཞར་ལ་རྒྱུ་འབྱུང་བ་བཤད་པའོ། །དང་པོ་ལ་སྤྱི་གཞུང་གཉིས་ལས། དང་པོ་ལ་ངོ་བོ་ནི། བསྟན་མེད་ཐོགས་མེད་ཀྱི་གཟུགས་ཏེ་ཐོགས་བཅས་བཅུ་དང་གཟུགས་ཅན་མིན་པ་སེལ་ལོ། །དེ་ཡང་མིག་གི་ཡུལ་དུ་བསྟན་དུ་མེད་ཅིང་གོ་ས་ནོན་པའི་མཐུ་མེད་པས་རང་གནས་སུ་གཟུགས་ཅན་གཞན་འབྱུང་བའི་གེགས་མི་བྱེད་པའི་ཕྱིར་རོ། །སྒྲ་དོན་ནི་རིག་བྱེད་ལྟར་རང་གི་ཀུན་སློང་གཞན་ལ་རིག་པར་མི་བྱེད་པས་ན་དེ་སྐད་ཅེས་བྱའོ། །འདི་ནི་རང་གི་ཀུན་སློང་མ་གཡེངས་པའི་གནས་སྐབས་ན་ཡོད་པ་ལྟར་གཡེངས་པའི་གནས་སྐབས་ན་ཡང་ཡོད་དེ། དཔེར་ན་དགེ་སློང་ཞེ་སྡང་སྐྱེས་པའི་གནས་སྐབས་ན་སོ་སོར་ཐར་པའི་སྡོམ་པ་ཡོད་པ་ལྟ་བུའོ། །སེམས་དང་བཅས་པའི་གནས་སྐབས་ན་ཡོད་པ་ལྟར་སེམས་མེད་ཀྱི་གནས་སྐབས་ན་ཡོད་དེ། སྙོམས་འཇུག་གཉིས་ལ་གནས་པ་ན་ཡོད་པའི་ཕྱིར་རོ། །གནས་སྐབས་འདི་གཉིས་ལ་མི་དགེ་བའི་རིག་བྱེད་མིན་པ་ནི་མེད་དེ་འདོད་པ་ལ་ཆགས་པ་དང་བྲལ་བའི་ཕྱིར། དགེ་བའི་རིག་བྱེད་མིན་པ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ཡང་གནས་སྐབས་འདི་གཉིས་ལ་མེད་དེ་དེ་གཉིས་ནི་སེམས་ཀྱི་རྗེས་འབྲང་ཡིན་པའི་ཕྱིར། དེས་ན་སེམས་མེད་ཀྱི་གནས་སྐབས་ལ་ཡོད་པ་ནི་བར་མ་དགེ་བ་དང་སོ་ཐར་གྱི་བསྡུས་པའི་རིག་བྱེད་མིན་པའོ། །འདི་གཟུགས་སུ་ཡོད་པའི་སྒྲུབ་བྱེད་ཅི་ཡོད་ཅེ་ན། རྟེན་གཟུགས་སུ་ཡོད་པའི་ཕྱིར། འོ་ན་མིག་གིས་རྣམ་ཤེས་སོགས་ཀྱང་གཟུགས་སུ་ཐལ་ཞེ་ན། བརྟེན་ཚུལ་མི་འདྲ་སྟེ་དབང་པོ་ནི་རྣམ་ཤེས་སྐྱེ་བའི་སྒོ་ཙམ་ཡིན་ལ་དབྱེར་མེད་པའི་ཚུལ་གྱིས་འཇུག་པ་མིན། རིག་བྱེད་མིན་པ་ནི་རྟེན་འབྱུང་བ་དང་དབྱེར་མེད་དུ་འཇུག་པའི་ཕྱིར། འདི་ནི་འབྱུང་བ་རྒྱུར་བྱས་པའི་དོན་ཏེ། འབྱུང་བས་འབྱུང་འགྱུར་བསྐྱེད་པ་ལ་བྱེད་རྒྱུའི་སྒོ་ནས་ཕན་འདོགས་ཚུལ་ལྔ་བྱེད་པར་བཤད་པས་སོ། །གཉིས་པ་གཞུང་དོན་ནི། གནས་སྐབས་ཀྱི་ཁྱད་པར་ནི་རང་གི་ཀུན་སློང་གཞན་དུ་གཡེངས་པ་སྟེ་གཞན་ལ་གནས་པའི་ཚེ་ཡང་ཡོད་ལ། སེམས་མེད་པའི་སྙོམས་འཇུག་གཉིས་ལ་གནས་པའི་ཚེ་ཡོད་དོ། །ཡང་ཞེས་པ་ནི་མ་གཡེངས་པ་དང་སེམས་བཅས་ཀྱི་གནས་སྐབས་ན་ཡོད་པར་མ་ཟད་ཅེས་པའོ། །ངོ་བོའི་ཁྱད་པར་ནི་དགེ་མི་དགེ་གང་རུང་དུ་ངེས་ཏེ། སེམས་ལུང་མ་བསྟན་ནི་མཐུ་ཆུང་བས་ཀུན་སློང་མི་ནུས་པའི་ཕྱིར། རྒྱུན་གྱི་ཁྱད་པར་ནི་དགེ་མི་དགེ་གང་དང་རྗེས་སུ་འབྲེལ་བའི་རྒྱུན་དང་ལྡན་པའོ། །ཐོབ་པའི་རྒྱུན་ལ་ཡང་དེ་དག་ཡོད་པ་བསལ་བའི་ཕྱིར་འབྱུང་བ་ཆེན་པོ་རྣམས་ཀྱི་བསྐྱེད་རྟེན་གནས་རྟོན་འཕེལ་བའི་ཚུལ་གྱིས་རྒྱུར་བྱས་པ་སྟེ་ཁྱད་པར་དྲུག་ལྡན་དེ་ནི་རྣམ་པར་རིག་བྱེད་མིན་པར་བརྗོད་དོ་ཞེས་པ་ནི་སློབ་དཔོན་གྱི་ཚིག་ཡིན་པར་སྟོན་པའོ། །དེ་ཡང་ཁྱད་པར་དང་པོས་རྒྱལ་པོ་སྲས་ལྟར་ན་རིག་བྱེད་ཙམ་དང་། གང་སྤེལ་ལྟར་ན་ལུས་ཀྱི་རིག་བྱེད་ལས་ཁྱད་པར་དུ་བྱེད། གཉིས་པས་སེམས་སེམས་བྱུང་ལས་ཁྱད་པར་དུ་བྱེད། གསུམ་པས་སེམས་དང་འགལ་བ་མེད་པར་བསྟན། བཞི་པས་མིག་ལ་སོགས་པ་སེལ། ལྔ་པས་རིག་བྱེད་ཙམ་མམ་ངག་གི་རིག་བྱེད་ལས་ཁྱད་པར་དུ་བྱེད་དོ། །སློབ་དཔོན་འདུས་བཟང་ནི། འདི་ལ་སྐད་ཅིག་དང་པོ་རྒྱུན་མ་ཡིན་པས་མ་ཚང་བ་དང་། རྒྱུན་རྫས་སུ་མེད་ཅིང་བསྟན་བཅོས་སུ་རྫས་སུ་བཤད་པ་དང་འགལ་བ་དང་། གཡེངས་པ་དང་སེམས་མེད་ཀྱི་རྗེས་སུ་འབྲེལ་བ་མཉམ་གཞག་ལ་མེད་པས་ཉམས་པ་དང་། མ་གཡེངས་སེམས་བཅས་ལ་ཡོད་སྙམ་ན་དེ་མིན་པ་དགེ་མི་དགེའི་རིག་བྱེད་ཀྱང་དེ་ཉིད་དུ་ཐལ་བ་དང་། གཡེངས་པས་སེམས་བཅས་ཐམས་ཅད་བསྡུས་པས་ཡང་ཞེས་པའི་སྒྲ་ལྷག་པར་བརྗོད་པ་དང་། བསྟན་མེད་ཐོགས་མེད་ཀྱི་གཟུགས་ཞེས་ཁྱད་པར་དུ་བྱ་བ་ཁྱད་པར་དུ་མ་བྱས་པའོ། །ཞེས་སུན་ཕྱུང་ནས། རང་ལུགས་ནི། བྱས་པ་དང་ཡང་མི་འདྲ་བའི། །སེམས་པའང་སེམས་མེད་པ་ལ་གང་། །ལུང་བསྟན་ཐོགས་པ་མེད་པའི་གཟུགས། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །ཅེས་སོ། །མི་འཐད་དེ། དེ་དག་ཚོགས་པ་མི་སྲིད་པའི་ཕྱིར་ཡན་གར་གྱིས་མ་ཁྱབ་པའི་ཕྱིར་རོ། །གཉིས་པ་ལ། དབྱེ་བ། བྱེད་ལས། མཚན་ཉིད། འབྱུང་བ་དང་ཁམས་ཀྱི་ཁྱད་པར་རོ། །དང་པོ་ནི། འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །ཞེས་དང་། རེག་བྱ་བཅུ་གཅིག་ཅེས་པའི་འབྱུང་བ་དག་ནི་གང་ཞེ་ན། དབྱེ་ན་བཞི་སྟེ། ས་ཁམས་དང་ཆུ་དང་མེ་དང་རླུང་ཁམས་རྣམས་ཏེ་ཐོག་མ་མེད་པ་ནས་མ་བྱུང་མ་མྱོང་བའམ་འབྲས་བུའི་གཟུགས་རྣམས་རང་གི་རྣམ་པར་འབྱུང་བར་བྱེད་པས་འབྱུང་བ་དང་། རང་གི་མཚན་ཉིད་དམ་འབྲས་བུའི་གཟུགས་འཛིན་པས་ཁམས་སོ། །འབྲས་བུའི་རྒྱུར་ཆེ་བའམ་རང་གི་བྱ་བ་ལ་ཤས་ཆེ་བས་ཆེན་པོའོ། །གོང་མ་བས་ཡོད་པ་རྒྱ་ཆེ། བརྟེན་པ་གཏོས་ཆེ། གནས་པ་ཐ་གྲུ་ཆེ་བས་སོ་ཞེས་འཆད་དོ། །གཉིས་པ་ནི། ཐུན་མོང་གི་བྱེད་ལས་ལྔ་ཡིན་ལ། ཐུན་མོང་མིན་པ་ནི་སས་འབྲས་བུའི་གཟུགས་ཐུར་དུ་མི་ལྟུང་བར་འཛིན་པ་དང་། སོགས་པ་ཆུས་མི་འགྱེས་པར་སྡུད་པ་དང་། མེས་མི་རུལ་བར་སྨིན་པ་དང་། རླུང་གིས་གོང་ནས་གོང་དུ་རྒྱས་པར་བྱེད་པ་དག་ལས་སུ་གྲུབ་བོ། །གསུམ་པ་ནི། རིམ་བཞིན། སྲ་བ་དང་། གཤེར་བ་དང་། དྲོ་བ་དང་། གཡོ་བ་རྣམས་ཏེ། ཉིད་ཅེས་པ་ནི་དྲོ་བ་ཁོ་ན་དྲོ་བ་ཉིད་ཅེས་པ་དངོས་པོའི་རྐྱེན་བྱས་པའོ། །གཡོ་བ་ནི་རྒྱུན་ཡུལ་གཞན་དང་གཞན་དུ་བསྐྱེད་པའོ། །བཞི་པ་ནི། གསུང་རབ་ལས་ས་ཞེས་གསུངས་ཤིང་། སའི་ཁམས་ཞེས་ཀྱང་བཤད་ན་དེ་ཉིད་ལ་ཁྱད་པར་ཅི་ལྟ་བུ་ཞེ་ན། འཇིག་རྟེན་གྱི་ནི་ཐ་སྙད་དུ་ས་སེར་པོ་དང་གྲུ་བཞི་ཞེས་ཁ་དོག་དང་དབྱིབས་ལ་ས་ཞེས་བརྗོད་ཅིང་། བསྟན་བཅོས་ལས་ནི་སྲ་བའི་རེག་བྱ་ལ་སའི་ཁམས་སུ་འདོད་པས་ཁྱད་པར་ཤིན་ཏུ་ཆེའོ། །དེར་མ་ཟད་ཆུ་དཀར་པོ་དང་ཟླུམ་པོ། མེ་དམར་པོ་དང་གྲུ་གསུམ་སོགས་ཆུ་མེ་ཡང་ཁ་དོག་དང་དབྱིབས་ལ་བརྗོད་དོ། །རླུང་ཚོགས་ནི་འཇིག་རྟེན་པས་ཀྱང་ཁམས་ཉིད་ལ་བརྗོད་པ་ཡིན་པས་མཐུན་པའམ་ས་དེ་དང་འདྲ་བར་རླུང་སྔོན་པོ་དང་ཟླུམ་པོ་ཞེས་ཁ་དོག་དང་དབྱིབས་ལ་རླུང་དུ་འདོད་པས་བསྟན་བཅོས་དང་མི་མཐུན་པ་ཡང་ཡིན་ནོ། །ལེ་སྟོན་ན་རེ། གཞན་ལའང་མཐུན་པར་འཆད་རིགས་ཏེ་མིག་གི་མ་མཐོང་བར་སྲ་བ་ས་དང་གཤེར་བ་ཆུ་དང་དྲོ་བ་མེ་སྟོན་པའི་ཕྱིར་ཞེས་འཆད་དོ། །གཉིས་པ་ནི། གཟུགས་ཕུང་གི་ངོ་བོར་བསྟན་པའི་དབང་པོ་ལྔ་དང་དོན་ལྔ་པོ་དེ་དག་ཁོ་ན་ལ་སྐྱེ་མཆེད་རྣམ་པར་གཞག་པ་ན་གཟུགས་ཅན་གྱི་སྐྱེ་མཆེད་བཅུ་དང་ནི། ཁམས་རྣམ་པར་གཞག་པ་ན་གཟུགས་ཅན་གྱི་ཁམས་བཅུར་འདོད་དོ། །ཁོ་ནས་རིག་བྱེད་མིན་པ་གཅད་དོ། །གཉིས་པ་ལ་ཕུང་པོ་བར་པ་གསུམ་གྱི་ངོ་བོ། དེ་གསུམ་ཆོས་གཞན་དང་བཅས་ཏེ་ཆོས་ཀྱི་ཁམས་དང་སྐྱེ་མཆེད་དུ་བཞག་པའོ། །དང་པོ་ནི། །ཚོར་བ་ནི་རང་སྟོབས་ཀྱི་དོན་གྱི་ཁྱད་པར་མྱོང་བའོ། །འོ་ན་ཤེས་པ་གཞན་ལ་མྱོང་བ་མེད་ན་བེམས་པོར་འགྱུར་ཞིང་ཡོད་ན་ཚོར་བར་འགྱུར་རོ་ཞེ་ན། རང་སྟོབས་ཀྱིས་མྱོང་བ་མེད་ལ་གཞན་སྟོབས་ཀྱིས་ཡོད་པས་སྐྱོན་གཉིས་ཀ་ལས་གྲོལ་ལོ། །དབྱེ་ན་ངོ་བོའི་སྒོ་ནས་བདེ་སོགས་གསུམ་ཡིན་ལ། རྟེན་གྱི་སྒོ་ནས་དྲུག་གོ །འདུ་ཤེས་ནི་ཡུལ་གྱི་ཐུན་མོང་མིན་པའི་མཚན་མར་ཏེ་སྤུ་རིས་སོ་སོར་འཛིན་པའི་བདག་ཉིད་དོ། །དབྱེ་ན་སྔོན་པོ་ལ་སོགས་པ་དོན་དང་། འདི་ནི་སྐྱེས་པའོ་འདི་ནི་བུད་མེད་དོ་ཞེས་སོགས་ཐ་སྙད་ལ་མཚན་མར་འཛིན་པ་གཉིས་དང་། རྟེན་གྱི་སྒོ་ནས་དྲུག་གོ །འདུ་བྱེད་ནི་ཕུང་པོ་གཞན་བཞི་ལས་རྫས་གཞན་པའི་འདུས་བྱས་སོ། །དེ་ཡང་ཟུར་དང་པོས་གཞན་བཞི་དང་གཉིས་པས་འདུས་མ་བྱས་སེལ་ལོ། །དབྱེ་བ་ལ་བསྡུ་ན་མཚུངས་ལྡན་དང་མི་ལྡན་འདུ་བྱེད་གཉིས་སོ། །རྒྱས་པ་ནི། སེམས་བྱུང་བདུན་ཅུ་རྩ་གསུམ་དང་མི་ལྡན་པའི་འདུ་བྱེད་དངོས་བཅུ་བཞི་ཆ་མཐུན་དང་བཅས་པ་དང་། གནས་བཅུ་བསྟན་པའི་མདོ་ལས་བཤད་པའི་བདུན་བརྒྱ་ཡང་ཁས་ལེན་ནོ། །མདོ་ལས་སེམས་པའི་ཚོགས་དྲུག་ཅེས་བཤད་པ་ནི་ལས་ཀྱི་རང་བཞིན་ཡིན་པས་གཙོ་བོ་ལ་དགོངས་ལ་མི་ལྡན་པའི་འདུ་བྱེད་ཀྱང་དེ་དག་གི་གནས་སྐབས་ཀྱིས་བསྡུས་པས་འདུ་བྱེད་དུ་འཇོག་གོ །དེ་ལྟ་མིན་ན་སེམས་བྱུང་གཞན་དང་མི་ལྡན་པའི་འདུ་བྱེད་ཕུང་པོར་མ་འདུས་པས་དུཿཁ་དང་ཀུན་འབྱུང་དུ་མི་འགྱུར་བས་ཤེས་བྱ་དང་སྤང་བྱ་མིན་པར་ཐལ་ལོ། །འདོད་མི་ནུས་ཏེ། ཆོས་གཅིག་མི་ཤེས་ཤིང་ཞེས་སོགས་གསུངས་སོ། །གཉིས་པ་ནི། །ཕུང་པོ་བར་པ་དེ་གསུམ་དང་རྣམ་པར་རིག་བྱེད་མིན་པའི་གཟུགས་དང་འདུས་མ་བྱས་གསུམ་པོ་རྣམས་དང་བཅས་པ་ཆོས་བདུན་ནི་སྐྱེ་མཆེད་དང་ཁམས་རྣམ་པར་གཞག་པ་ན་ཆོས་ཀྱི་མཆེད་དང་ཆོས་ཀྱི་ཁམས་ཞེས་བྱའོ། །གསུམ་པ་ལ་རྣམ་ཤེས་ཀྱི་ཕུང་པོའི་ངོ་བོ། དེ་ལས་ཕྱུང་སྟེ་སེམས་ཀྱི་སྐྱེ་མཆེད་དང་ཁམས་སུ་བཞག་པའོ། །དང་པོ་ནི། རྣམ་ཤེས་ནི་རང་སྟོབས་ཀྱི་དོན་གྱི་ངོ་བོ་ཙམ་སོ་སོར་རྣམ་པར་རིག་པའོ། །དེ་ཡང་མིག་གི་རྣམ་ཤེས་ཀྱིས་གཟུགས་ནས་ཡིད་ཤེས་ཀྱིས་ཆོས་ཀྱི་བར་དུའོ། །རང་སྟོབས་དང་རིག་པ་ཞེས་པས་སེམས་བྱུང་དང་གཞི་གཞན་གསུམ་སེལ་ལོ། །དབྱེ་ན་ཚོགས་དྲུག་གོ །གཉིས་པ་ནི། རྣམ་ཤེས་དྲུག་པོ་དེ་སྐྱེ་མཆེད་རྣམ་པར་གཞག་པ་ན་ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན་ལ། དེར་མ་ཟད་ཁམས་རྣམ་པར་གཞག་པ་ན་སེམས་ཀྱི་ཁམས་བདུན་དག་ཏུའང་འདོད་པ་ཡིན་ཏེ། བདུན་པོ་གང་ཞེ་ན་མིག་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་དྲུག་དང་ཡིད་ཀྱི་ཁམས་སོ། །རྣམ་ཤེས་དྲུག་གི་ལྡོག་པ་སྐྱེ་མཆེད་དུ་མི་འཆད་པ་ནི་དེ་འབྲས་བུ་ཡིན་ལ་སྐྱེ་མཆེད་རྒྱུ་ཡིན་པས་སོ། །འོ་ན་རྣམ་ཤེས་དྲུག རྣམ་ཤེས་སོ་སོ་རྣམ་རིག་པ། །ཞེས་པས་གོ་ན། ཡིད་གང་ཞེ་ན། ཚོགས་དྲུག་ལས་རྫས་གཞན་པ་ནི་མེད་ཀྱི་རྣམ་ཤེས་དྲུག་པོ་གང་ཡང་རུང་བ་ད་ལྟ་བ་ལ་ལྟོས་ནས་སྐད་ཅིག་གང་གིས་ཀྱང་བར་མ་ཆོད་པའི་འདས་མ་ཐག་པའི་རྣམ་ཤེས་གང་ཡིན་པ་དེ་ཡིད་ཡིན་ཏེ་རྣམ་ཤེས་ཕྱི་མའི་རྟེན་བྱེད་པས་སོ། །དགྲ་བཅོམ་པའི་སེམས་ཐ་མས་རྐྱེན་མ་ཚང་བས་དངོས་སུ་ཕྱི་མའི་རྟེན་མི་བྱེད་ཀྱང་ངོ་བོར་རྟེན་ཉིད་དུ་གནས་པས་ཡིད་དོ། །དེ་ཡང་དྲུག་པོ་ཞེས་པས་རྣམ་ཤེས་དྲུག་ཀ་ལ་ཡོད་པར་བསྟན། འདས་པ་ཞེས་པས་རྣམ་ཤེས་ད་ལྟར་བ་དང་ཁྱད་པར་འབྱེད་པ་སྟེ། ད་ལྟར་བ་ལ་རྣམ་ཤེས་དང་འདས་པ་ལ་ཡིད་དབང་དུ་བསྟན་ཏོ། །འདས་མ་ཐག་པ་ཞེས་པས་འདས་མ་ཐག་པ་ཡིད་ཡིན་གྱི་འདས་ནས་རིང་པོར་ལོན་པ་ཡིད་མ་ཡིན་པར་སྟོན་ཏོ། །འོ་ན་རྣམ་ཤེས་དྲུག་དང་ཡིད་གཅིག་གིས་གཅིག་བསྡུས་པས་ཡིད་སྨོས་ན་ཁམས་བཅུ་གཉིས་དང་། རྣམ་ཤེས་སྨོས་ན་བཅུ་བདུན་དུ་འགྱུར་རོ་ཞེ་ན། ཕྱི་མ་ལྟར་ཡིན་ཡང་ཉེས་པ་མེད་དེ་རྣམ་ཤེས་ལྔའི་རྟེན་མིག་ལ་སོགས་པ་ཡིན་ལ། དྲུག་པ་ཡིད་ཀྱི་རྣམ་ཤེས་ཀྱི་རྟེན་སྡེ་པ་གཞན་ཉོན་ཡིད་དང་སྙིང་གི་དངོས་པོར་འདོད་ཀྱང་འདི་པས་མི་འདོད་ཅིང་རྟེན་གཞན་མེད་ལ། རྟེན་མེད་པར་སྐྱེ་མི་སྲིད་ཅིང་དྲུག་པོ་འདས་མ་ཐག་པའི་ཡིད་རྟེན་དུ་རུང་བས་དེའི་རྟེན་ནི་ཡོད་པར་རབ་ཏུ་བསྒྲུབ་པའི་ཕྱིར་དུ་ཡིད་ཀྱི་ཁམས་ཀྱང་ལོགས་སུ་བགྲངས་པས་རྟེན་དབང་པོ་དང་བརྟེན་པ་རྣམ་ཤེས་དང་དམིགས་པ་ཡུལ་ཏེ་ཁམས་ནི་དྲུག་གསུམ་བཅོ་བརྒྱད་དག་ཏུ་འདོད་དོ། །དེ་མཚུངས་ཐམས་ཅད་དངོས་སུ་རྟེན་དང་ཡུལ་མིན་ཡང་དེའི་རིགས་ཡིན་པས་ཁམས་སུ་འདོད་ལ། ཡིད་ལོགས་སུ་སྟོན་པའི་རྒྱུ་ནི་དྲུག་པའི་རྟེན་གྱི་ཕྱིར་ཡིན་མོད་ཀྱི་རྣམ་ཤེས་ལྔའི་རྟེན་ཡང་བྱེད་དོ། །མིག་གིས་ཡུལ་གཟུགས་ཡིན་པ་ལྟར་ཡིད་ཀྱི་ཡུལ་ཆོས་སུ་ངེས་སམ་ཞེ་ན། མིན་ཏེ། མདོ་ལས། ཆོས་ནི་ཕྱིའི་སྐྱེ་མཆེད་དེ་བཅུ་གཅིག་གིས་མ་བསྡུས་པའོ་ཞེས་གསུངས་སོ། །གནས་བརྟན་བཙུན་པ་ན་རེ་ངེས་པ་ཡིན་ཞེས་ཟེར་རོ། །རྣམ་ཤེས་ཀྱི་ཁམས་དྲུག་རྐྱེན་བཞིས་སྐྱེ་བ་ལ་རྒྱུ་དང་དེ་མ་ཐག་རྐྱེན་གྱི་ཁམས་དང་སྐྱེ་མཆེད་མི་སྟོན་པ་ཅི་ཞེ་ན། རྒྱུའི་རྐྱེན་ནི་བྱེ་སྨྲས་རྒྱུ་ལྔ་ལ་འདོད་པ་ལས། སྐལ་མཉམ་ཀུན་འགྲོ་རྣམ་སྨིན་གྱི་རྒྱུས་སེམས་རིགས་འདྲ་དང་ཉོན་མོངས་ཅན་རྣམ་སྨིན་སྐྱེས་ལ་ཁྱབ་ཀྱང་གཞན་ལ་མ་ཁྱབ་ཅིང་ཁྱབ་པ་ལ་ཡང་འདི་འདིའི་རྒྱུ་ཁོ་ན་ཞེས་སོ་སོར་ངེས་པ་མེད་པས་མི་བཞག་ལ། རྣམ་ཤེས་ཀྱི་གྲོགས་དེ་དག་ཁྱད་པར་དུ་བྱས་ཀྱི་གྲོགས་ཀྱིས་རྣམ་ཤེས་ཁྱད་པར་དུ་མ་བྱས་པས་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་ཁམས་དང་སྐྱེ་མཆེད་མི་བཞག་གོ །མདོ་སྡེ་པས་དབང་པོ་དང་བཅས་པའི་ལུས་དང་སེམས་ལ་རྣམ་ཤེས་དྲུག་གི་ས་བོན་ཡོད་པ་ལ་འདོད་ལ། དེ་ནི་རྣམ་ཤེས་དྲུག་པོ་བསྟན་པ་ཉིད་ཀྱིས་གོ་བ་འགྱུར་གྱི་འབྲས་བུ་དྲུག་མ་བསྟན་ན་དེའི་ནུས་པའམ་རྟོགས་པར་མི་འགྱུར་བས་སོ། །སེམས་ཙམ་པས་རྒྱུ་ལྔའམ་ཀུན་གཞིའི་སྟེང་གི་ས་བོན་ལ་འདོད་དེ་སྔར་བཞིན་ནོ། །དེ་མ་ཐག་རྐྱེན་ནི་ཤེས་པ་སྔ་མ་སྟེ་ཚོགས་དྲུག་ཀའི་རྐྱེན་དུ་དྲུག་ཀ་འགྲོ་བ་སྲིད་དེ། སོ་སོར་མ་ངེས་པས་མི་བཞག་གོ །དེ་ལྟར་རྐྱེན་གཉིས་ཀྱི་ལྡོག་པ་ཁམས་དང་སྐྱེ་མཆེད་ལོགས་སུ་མ་བྱས་པ་ཡིན་གྱི་རྫས་ནི་བཞག་པ་ཁོ་ནའོ། །གཉིས་པ་གསུམ་དུ་བསྡུ་བ་ནི། དེ་ལྟར་ཕུང་པོ་ལྔས་འདུས་བྱས་དང་། ཁམས་དང་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་བསྡུས་ན་དེ་བས་ཀྱང་མདོར་བསྡུས་པ་དག་གིས་ཆོས་ཐམས་ཅད་བསྡུས་པ་ཡོད་དམ་ཞེ་ན་ཡོད་དེ། གཟུགས་ཀྱི་ཕུང་པོ་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་ཁམས་གཅིག་སྟེ་གསུམ་གྱིས་ཆོས་ཐམས་ཅད་བསྡུས་ཏེ་དང་པོས་ནི་གཟུགས་ཅན་གྱི་སྐྱེ་མཆེད་དང་ཁམས་བཅུ་བཅུ་དང་རིག་བྱེད་མིན་པར་བསྡུས། གཉིས་པས་རྣམ་ཤེས་ཀྱི་ཕུང་པོ་དང་སེམས་ཀྱི་ཁམས་བདུན་བསྡུས། གསུམ་པས་ཕུང་པོ་བར་པ་གསུམ་དང་རིག་བྱེད་མ་ཡིན་པ་དང་ཆོས་ཀྱི་སྐྱེ་མཆེད་བསྡུས་པའི་ཕྱིར་རོ། །ཅི་བསྡུ་བ་དེ་དག་བྱས་པས་མི་རྟག་པ་ལྟར་རང་གི་རང་བསྡུས་པའི་མཚན་ཉིད་པའམ། སངས་རྒྱས་ཀྱིས་བསྡུ་དངོས་བཞིས་འཁོར་རྣམ་བཞི་ལྟར་གཞན་གྱིས་གཞན་བསྡུས་པའི་བཏགས་པ་བ་ཡིན་ཞེ་ན། སྡུད་བྱེད་དེ་རྣམས་ཀྱིས་བསྡུ་བྱ་དེ་རྣམས་རང་གི་ངོ་བོ་ཉིད་ཡིན་པའི་ཚུལ་གྱིས་བསྡུ་སྟེ། བསྡུ་བྱ་རྣམས་སྡུད་བྱེད་རང་གི་ངོ་བོ་ཡིན་གྱི་སྡུད་བྱེད་ལས་གཞན་གྱི་དངོས་པོའམ་མཚན་ཉིད་དང་མི་ལྡན་པའི་ཕྱིར་རོ། །གསུམ་པ་ཁམས་མང་བར་ཐལ་བ་སྤང་བ་ལ། མིག་ལ་སོགས་པ་གསུམ་ལ་གཉིས་གཉིས་ཡོད་པས་ཁམས་ཉི་ཤུ་རྩ་གཅིག་ཏུ་འགྱུར་རོ་ཞེ་ན། མིག་ལ་སོགས་པ་གཉིས་གཉིས་ཡོད་མོད་ཀྱི། འོན་ཀྱང་ཁམས་ནི་གཅིག་ཉིད་ཡིན་ཏེ། གཉིས་ཀ་ཡང་གཟུགས་སོགས་འཛིན་པའི་རྣམ་ཤེས་ཀྱི་རྟེན་གཟུགས་དྭངས་བར་རིག་འདྲ་བ་སྟེ་མཚན་ཉིད་གཅིག་པའི་ཕྱིར་དང་། སྤྱོད་ཡུལ་གཟུགས་སུ་འདྲ་བའི་ཕྱིར་དང་། བརྟེན་པ་གཟུགས་འཛིན་པའི་རྣམ་པར་ཤེས་པ་རིགས་གཅིག་བསྐྱེད་པར་འདྲ་བའི་ཕྱིར་རོ། །འོ་ན་ཅིའི་ཕྱིར་གཉིས་གཉིས་འབྱུང་ཞེ་ན། གཅིག་ཏུ་བྱུང་ན་ཤིན་ཏུ་མི་མཛེས་པས་རྟེན་མཛེས་པར་བྱ་བའི་ཕྱིར་དུ་གཉིས་གཉིས་བྱུང་ངོ་། །གང་མཛེས་པ་འབྱུང་ན་མི་མཛེས་པ་རྒྱུན་ཆད་དུ་འགྱུར་རོ་ཞེ་ན། རྒྱུ་མེད་པ་ཅན་མིན་ཏེ་སེམས་ཅན་རྣམས་ཐོག་མ་མེད་པ་ནས་རྟེན་གཉིས་ལ་མཛེས་པའི་ང་རྒྱལ་བྱེད་པས་དེས་འདོད་པའི་དབང་གིས་ལས་བསགས་པའི་ཕྱིར་གྲུབ་ཅིང་བྱུང་བ་ཡིན་ནོ། །སློབ་དཔོན་འདུས་བཟང་ནི་བདག་པོའི་ཕྱིར་ཏེ་རྣམ་ཤེས་གསལ་པོའི་བདག་པོ་བྱེད་པའོ་ཞེས་ཟེར་ལ། ཊཱི་ཀ་ལས་དེ་ནི་རྒྱ་ཆེན་པོ་གཅིག་གྲུབ་ཀྱང་འགྲུབ་སྟེ། བྱེ་བཤད་ལས་ཁ་ཅིག་ནི་མཛེས་བྱའི་ཕྱིར་ཟེར་རོ། །གཞན་དག་ན་རེ་གསལ་བའི་ཕྱིར་ཞེས་ཟེར་རོ། །གཉིས་པ་ཆོས་གསུམ་སོ་སོའི་སྒྲ་དོན་ནི། འབྲས་བུ་ཕུང་པོ་ལྟར་དུ་དུ་མ་སྤུངས་པས་ན་ཕུང་པོ་སྟེ། མདོ་ལས། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའི་འམ། རགས་པའམ། ཕྲ་བའམ། ངན་པའམ། གྱ་ནོམ་པའམ། ཐག་རིང་བའམ། ཉེ་བ་གང་ཡིན་པ་དེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་པ་ནས་རྣམ་ཤེས་ཀྱི་བར་དུ་དེ་བཞིན་དུ་གསུངས་སོ། །དེ་ལ་དུས་ཀྱི་སྒོ་ནས་དང་པོ་གསུམ། རྒྱུད་ཀྱི་སྒོ་ནས་ཕྱི་ནང་གཉིས། རྣམ་པའི་སྒོ་ནས་ཕྲ་རགས་གཉིས། བཟང་ངན་གྱི་སྒོ་ནས་ངན་པ་དང་གྱ་ནོམ་པ་གཉིས། ཡུལ་གྱི་སྒོ་ནས་ཉེ་རིང་གཉིས་སོ། །ཚོར་སོགས་ཕལ་ཆེར་འདྲ་ལ་ཁྱད་པར་ནི་ཕྲ་རགས་ནི་ཡིད་དང་དབང་པོ་ལྔ་ལ་བརྟེན་པའམ་ས་ལ་ལྟོས་པའོ། །སེམས་ཙམ་པ་ནི་ས་རུ་རྣམ་པ་འགྲོ་བ་ཡུལ་གྱི་བསྡུས་པར་འདོད་དོ། །དེ་ཡང་བྱེ་སྨྲ་ནི་གཟུགས་རེ་རེ་ཡང་ཕུང་པོར་འདོད་པས་ཕུང་པོ་རྫས་ཡོད་དུ་འདོད། སློབ་དཔོན་ནི་གཅིག་པུ་ལ་སྤུངས་པའི་དོན་མེད་པས་ཕུང་པོའི་དོན་མི་གནས་ཤིང་། མདོ་ལས། གཅིག་ཏུ་བསྡུས་ནས་ཞེས་པ་དང་ཡང་འགལ་བས་ཕུང་པོ་བཏགས་ཡོད་དུ་བཞེད་དོ། །བྱེ་བྲག་ཟག་བཅས་ལ་བྱ་བའི་ཁུར་ཁྱེར་བའམ། དུཿཁ་ཡོངས་སུ་རྒྱས་པའམ་ཡོངས་སུ་ཆད་པའི་དོན་གྱིས་ཕུང་པོ་ཞེས་པའང་ཡོད་དོ། །དབང་པོ་དང་ཡུལ་རྣམས་བདག་པོ་དང་དམིགས་རྐྱེན་གྱི་ཚུལ་གྱིས་རྣམ་པར་ཤེས་པ་སྐྱེ་ཞིང་མཆེད་པའི་སྒོ་འབྱེད་པའི་དོན་གྱིས་སྐྱེ་མཆེད་དོ། །བྱེ་བྲག་ཏུ་མིག་གི་སྐྱེ་མཆེད་ནི་གཟུགས་འཛིན་མིག་ཤེས་སྐྱེ་བའི་སྒོར་གྱུར་པའི་བདག་རྐྱེན་ཐུན་མོང་མིན་པའི་རིགས་ཞེས་བྱ་ལ་ལུས་ཀྱི་བར་དུ་དེ་བཞིན་ནོ། །གཟུགས་ནི་དམིགས་རྐྱེན་གྱི་ཚུལ་གྱི་མིག་ཤེས་སྐྱེ་བའི་སྒོར་གྱུར་པའི་རིགས་ཏེ་རེག་བྱའི་བར་དུའོ། །ཆོས་ནི་དམིགས་རྐྱེན་གྱི་ཚུལ་གྱིས་ཡིད་ཤེས་སྐྱེ་བའི་སྒོར་གྱུར་པ་སྐྱེ་མཆེད་བཅུ་གཅིག་གིས་མ་བསྡུས་པའོ། །འོ་ན་འདུས་མ་བྱས་སྐྱེ་མཆེད་མིན་པར་ཐལ་ཞེ་ན། དམིགས་པའི་སྒོ་ནས་རྣམ་ཤེས་མཆེད་པར་བྱེད་དོ། །རིགས་ཀྱི་དོན་གྱིས་ན་ཁམས་རྣམས་ཡིན་ཏེ་འབྱུང་གནས་རྒྱུའི་མཚན་ཉིད་འཛིན་པས་སོ། །རིགས་ཀྱི་དོན་འབྱུང་གནས་ལ་འདོད་ན་མིག་ལ་སོགས་པའི་འདུས་བྱས་ཐམས་ཅད་རང་གི་རིགས་འདྲ་ཕྱི་མའི་འབྱུང་ཁུངས་སུ་གྱུར་པས་ཁམས་ཏེ་དེ་དག་གི་རིགས་ཡིན་ལ། རང་བཞིན་ལ་འདོད་ན་བཅོ་བརྒྱད་པོ་ཐམས་ཅད་རང་རང་གི་མཚན་ཉིད་འཛིན་པས་ཁམས་སོ། །གསུམ་པ་ཆོས་གསུམ་བསྟན་པའི་དགོས་པ་ནི། ཅི་ཕུང་པོ་ལ་སོགས་པ་འདི་དག་ངོ་བོ་གཅིག་བཞིན་དུ་གསུམ་རྩོམ་པར་མཛད་ཅེ་ན། སྨྲས་པ་ལྡོག་པ་ཐ་དད་ལ་བརྟེན་ནས་གསུམ་དུ་བསྟན་པ་ལ་དགོས་པ་ཆེན་པོ་ཡོད་པའི་ཕྱིར་ཏེ། འདི་ལྟར་གདུལ་བྱའི་ཁམས་ལ་རྨོངས་པ་རྣམ་པ་གསུམ་ཡོད་ལ་དེ་བསལ་བའི་ཕྱིར་ཕུང་པོ་ལ་སོགས་པ་གསུམ་བསྟན་ཏེ། དེ་ལ་སེམས་བྱུང་ལ་རིལ་པོ་རྟག་པ་གཅིག་པུའི་བདག་ཏུ་འཛིན་པའི་རྨོངས་པ་ལ་ཕུང་པོ་བསྟན་པས་སེམས་བྱུང་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་ཐ་དད་པའི་ཕྱིར་དེ་ནི་རིལ་པོ་མིན་གྱིས་ཆོས་ཙམ་མོ་ཞེས་གོ་ནས་རྨོངས་པ་དེ་བཟློག་ཅིང་བདག་མེད་པ་ལ་སྦྱོར་བའམ། ཡང་ན་བདག་རིལ་པོའི་ངོ་བོ་ཚོར་བ་པོ་དང་འདུ་ཤེས་པ་པོ་དང་སེམས་པ་པོར་རྨོངས་པ་ལ་ཕུང་པོ་བསྟན་པས་སེམས་བྱུང་དེ་དག་ཡུལ་ལ་འཇུག་པ་ཙམ་ལ་ཚོར་བ་པོ་ལ་སོགས་པར་བཏགས་པར་གོ་ནས་རྨོངས་པ་སེལ་ལོ། །ཁ་ཅིག་གཟུགས་ལ་རིལ་པོའི་བདག་ཏུ་རྨོངས་པ་ལ་སྐྱེ་མཆེད་བསྟན་པས་མིག་སོགས་མང་པོར་གོ་ནས་རྨོངས་པ་བཟློག་ལ། ཁ་ཅིག་གཟུགས་སེམས་གཉིས་ཀ་ལ་རིལ་པོའི་བདག་ཏུ་རྨོངས་པ་ལ་ཁམས་བསྟན་པས་མིག་སོགས་བཅུ་དང་སེམས་ཀྱི་ཁམས་བདུན་གོ་ནས་རྨོངས་པ་སེལ་ལོ། །ཡང་གདུལ་བྱ་དག་ལ་དབང་པོ་གསུམ་ཡོད་དེ། དབང་པོ་རྣོན་པོ་མགོ་སྨོས་པས་གོ་བ་ལ་ཕུང་པོ་ཙམ་བསྟན་པས་དབང་པོ་རྣོ་བའི་ཕྱིར་སྐྱེ་མཆེད་དང་ཁམས་ཀྱི་དབྱེ་བ་ཡང་རྟོགས་པར་ནུས་ཏེ། མདོ་ལས། དགེ་སློང་ཁྱོད་མིན་པ་དེ་ཁྱོད་ཀྱིས་སྤང་བར་བྱའོ། །གསོལ་པ་གློ་བར་ཆུད་དོ། །དགེ་སློང་མདོར་བསྡུས་ཏེ་བཤད་པ་འདིའི་དོན་ཇི་ལྟར་ཤེས། བཙུན་པ་གཟུགས་ནི་བདག་མ་ལགས་ཏེ་ཆོས་དེ་ནི་བདག་གིས་སྤང་བར་བགྱིའོ་ཞེས་སོ། །དབང་པོ་འབྲིང་པོ་རྣམ་པར་སྤྲོས་ན་གོ་ལ་བསྡུས་པས་མི་གོ་ཞིང་རྒྱས་པར་མི་དགོས་པས་སྐྱེ་མཆེད་བསྟན་ལ། དབང་པོ་རྟུལ་པོ་ཚིག་ལྷུར་ལེན་པ་ལ་རྣམ་པར་ཕྱེ་སྟེ་མ་བསྟན་ན་རང་གི་བློས་དབྱེ་བ་མི་རྟོགས་པས་ཁམས་བསྟན་ཏོ། །ཡང་གདུལ་བྱ་དག་ལ་འདོད་པ་གསུམ་སྟེ། སྔོན་གོམས་པའི་སྦྱོར་བའམ་ཞི་གནས་དང་གཉིས་ཀ་ཆ་མཉམ་པ་དང་ལྷག་མཐོང་སྤྱད་པས་བསྡུས་པ་དང་འབྲིང་དང་རྒྱས་པ་འདོད་དེ། དགེ་སློང་ཞིག་གིས་བདག་ལ་མདོར་བསྡུས་པ་དེ་བཞིན་དུ་ཆོས་བཤད་དུ་གསོལ་ཞེས་པ་ལྟ་བུའོ། །དེས་ན་འདོད་པ་དང་མཐུན་པར་གསུམ་བསྟན་ཏེ། མི་མཐུན་ན་བསྟན་པ་ལ་མི་འཇུག་པས་སོ། །བཞི་པ་དེ་དག་ངེས་པའི་རྒྱུ་མཚན་ལ་བཞི་སྟེ། སེམས་བྱུང་ལས་ཚོར་འདུ་ཕུང་པོ་ལོགས་སུ་སྟོན་པའི་རྒྱུ་མཚན། འདུས་མ་བྱས་ཕུང་པོར་མི་འཇོག་པའི་རྒྱུ་མཚན། ཕུང་པོ་ཁམས་སྐྱེ་མཆེད་ཀྱི་གོ་རིམ་ངེས་ཚུལ། གཟུགས་དང་ཆོས་ཀྱི་སྐྱེ་མཆེད་གཉིས་བྱེ་བྲག་ལ་བཞག་པའི་རྒྱུ་མཚན་ནོ། །དང་པོ་ནི། ཅིའི་ཕྱིར་སེམས་བྱུང་རྣམས་ལས་ཚོར་འདུ་གཉིས་ཕུང་པོ་ལོགས་ཤིག་ཏུ་སྟོན་ཞེ་ན། སེམས་བྱུང་རྣམས་ལས་གཞན་མང་པོ་འདུ་བྱེད་ཀྱི་ཕུང་པོ་གཅིག་ཏུ་བསྡུས་ལ། ཚོར་བ་དང་འདུ་ཤེས་རྫས་རེ་རེ་ཡིན་ཡང་ལོགས་ཤིག་ཏུ་ཕུང་པོར་བཞག་པའི་རྒྱུ་མཚན་ཡོད་དེ། འདོད་པ་ལ་ཞེན་པ་ཁྱིམ་པའི་ཕྱོགས་ནི་བུད་མེད་སོགས་ལ་རྩོད་པར་གྲགས་ལ་དེའི་རྩ་བའམ་རྒྱུའི་གཙོ་བོ་ནི་ཚོར་བ་སྟེ་རང་བདེ་བ་དང་གཞན་དུཿཁར་འདོད་ནས་དེའི་རྒྱུ་ལ་རྩོད། ལྟ་བ་ལ་ཞེན་པ་རབ་བྱུང་གི་ཕྱོགས་ནི་རང་བཞིན་གྱི་ལྟ་བ་བཟང་ངན་དུ་འདུ་ཤེས་ནས་སྒྲུབ་ཅིང་སུན་འབྱིན་པར་རྩོད་ལ་དེའི་རྩ་བའམ་རྒྱུའི་གཙོ་བོ་ནི་འདུ་ཤེས་ཕྱིན་ཅི་ལོག་སྟེ། མདོ་ལས། འདོད་པ་ལ་ཆགས་པའི་རྒྱུས། རྒྱལ་པོ་ལ་རྒྱལ་པོས། ཞིང་པ་ལ་ཞིང་པས། བྲམ་ཟེ་ལ་བྲམ་ཟེས། ཁྱིམ་བདག་ལ་ཁྱིམ་བདག་གིས་རྩོད་དོ། །ལྟ་བ་ལ་ཆགས་པའི་རྒྱུས་རབ་ཏུ་བྱུང་བ་དང་རབ་ཏུ་བྱུང་བ་རྣམས་རྩོད་དོ་ཞེས་གསུངས། ཡང་འཁོར་བའི་རྒྱུའི་གཙོ་བོ་ཡང་ཡིན་ཏེ། ཚོར་བ་དང་ལྟ་བ་ལ་ཞེན་པས་དེ་ལ་བླང་དོར་བྱ་བའི་ཕྱིར་ལས་གསོག་ལ། དེ་ཡང་འདུ་ཤེས་ཕྱིན་ཅི་ལོག་གིྃ་གོ་རིྃམ་གྱིས་ཕྱིན་ཅི་ལོག་བཞིའི་འདུ་ཤེས་ཀྱིས་ཉོན་མོངས་པའི་རྟེན་བྱེད་པའི་ཕྱིར་རོ། །དེས་ན་འདི་གཉིས་ཉེས་པའི་རྩ་བ་ཡིན་པས་སྤངས་དགོས་སོ་ཞེས་པས་ཐ་ཚིག་གོ །ཡང་ཕུང་པོ་ལྔའི་གོ་རིམ་སྟོན་པའི་རྒྱུ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སྐྱེ་མཆེད་དང་ཁམས་སུ་འདུས་མ་བྱས་བཤད་ལ་ཕུང་པོ་དག་ཏུ་འདུས་མ་བྱས་མ་བཤད་པའི་རྒྱུ་མཚན་ཡོད་དེ། ཕུང་པོའི་དོན་དུ་མི་རུང་བའི་ཕྱིར་གཞིག་ཅིང་གཞོམ་པ་ལ་སོགས་པར་མེད་པས་ཕུང་པོ་ལྔར་མི་རུང་ལ། འདས་སོགས་ཆོས་བཅུ་གཅིག་ལ་སྤུངས་པའི་དོན་མ་ཚང་བས་ཕུང་པོ་ཙམ་གྱི་དོན་དུ་མི་རུང་བའི་ཕྱིར་ཕུང་པོ་དྲུག་པར་མི་བཞག་ཅིང་། ཡང་ཀུན་ནས་ཉོན་མོངས་ཀྱི་གཞི་ཤེས་པར་བྱ་བའི་ཕྱིར་ཉེར་ལེན་གྱི་ཕུང་པོ་དང་ཀུན་བྱང་གཉིས་ཀའི་གཞི་ཤེས་པར་བྱ་བའི་ཕྱིར་ཕུང་པོ་ཞེས་བྱ་ན་འདུས་མ་བྱས་ནི་གཞིའི་དོན་དུ་མི་རུང་ངོ་། །གསུམ་པ་ལ་གཉིས་ཏེ། ཕུང་པོའི་གོ་རིམ་དང་། སྐྱེ་མཆེད་དང་ཁམས་ཀྱི་གོ་རིམ་མོ། །དང་པོ་ནི། བཞི་ལས་རགས་པ་སྟེ་རྟོགས་སླ་བ་སྔར་བཤད་པས་དཀའ་བ་ཡང་རིམ་གྱིས་རྟོགས་པའི་ཕྱིར་ཏེ། གཟུགས་ནི་ཐོགས་བཅས་ཡིན་པས་ཐམས་ཅད་པས་རགས་ཤིང་དང་པོར་བཤད་ལ། གཟུགས་ཅན་མིན་པ་རྣམས་ལས་ཚོར་བ་ནི་རྒྱུ་བ་རགས་ཤིང་འདུ་ཤེས་ནི་མཚན་མར་འཛིན་པས་ཤེས་སླ་བའི་ཕྱིར་ན་གཞན་གཉིས་ལས་རགས་པ་དང་། འདུ་བྱེད་དོན་གྱི་ཁྱད་པར་འཛིན་པས་རགས་ལ་རྣམ་ཤེས་དོན་ཙམ་འཛིན་པས་ཆེས་དཀའོ། །ཡང་ཉེར་ལེན་གྱི་ཕུང་པོ་ལས་ཉོན་མོངས་པ་འཇུག་ལ་དེ་ཡང་དང་པོར་གང་ལ་ཀུན་ནས་ཉོན་མོངས་པ་རྣམ་པར་འགྱུར་བ་དེ་ལ་ཉོན་མོངས་སྤངས་པས་གཞན་ལའང་མི་འཇུག་པར་བསྟན་པའི་ཕྱིར་ཉོན་མོངས་པ་རྣམ་པར་འགྱུར་སྔ་བ་དེ་དང་པོར་བསྟན་ཏེ། ཐོག་མར་ཕོ་མོ་དག་གཟུགས་ལ་དགའ་ལ། དེ་སྡུག་མི་སྡུག་ལ་ཚོར་བ་བདེ་སྡུག་ཏུ་འགྱུར་བ་དང་། དེ་མྱོང་བའི་ཚོར་བ་ལ་བདེའོ་སྡུག་གོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་ཏུ་འགྱུར་བ་དང་། དེས་འདུས་བྱེད་ཆགས་སྡང་སོགས་འཕེལ་བ་དང་། དེས་རྣམ་ཤེས་ཉོན་མོངས་ཅན་དུ་བྱེད་པས་སོ། །ཡང་དཔེ་སྣོད་ལ་སོགས་པས་མཚོན་པར་དོན་གྱི་རིམ་པར་བསྟན་ཏེ། འཇིག་རྟེན་ན་ཟས་ལ་ལོངས་སྤྱོད་པ་ལྟར་ཁམས་གཉིས་སུ་རྣམ་སྨིན་ལ་ལོངས་སྤྱོད་པ་ཡང་གཟུགས་ནི་ཚོར་བའི་རྟེན་ཡིན་པས་སྣོད་དང་། ཚོར་བ་ནི་རྣམ་སྨིན་གྱི་གཙོ་བོ་མྱང་བྱ་ཡིན་པས་ཟན་དང་། འདུ་ཤེས་ནི་བདེ་སྡུག་གི་ཐ་སྙད་འདོགས་པ་པོ་ཡིན་པས་ཟན་ཞིམ་མི་ཞིམ་དུ་བྱེད་པའི་ཚོད་མ་དང་། འདུ་བྱེད་སེམས་པ་ནི་དེ་དག་སྐྱེད་པར་བྱེད་པས་བྱན་པོ་དང་། རྣམ་ཤེས་ནི་དེ་དག་ལ་ལོངས་སྤྱོད་པས་ཟ་བ་པོ་ལྟ་བུ་སྟེ་ཇི་ལྟར་རྟོགས་པའི་རིམ་པའོ། །ཡང་ཁམས་གསུམ་ནི་ཆགས་བྲལ་གྱི་རིམ་པ་ཡིན་ལ་དེ་ཇི་ལྟ་བ་བཞིན་དུ་བསྟན་ཏེ། འདོད་པ་ནི་འདོད་པའི་ཡོན་ཏན་གཟུགས་བཟང་ངན་གྱི་ཕྱེ་བ་དང་། གཟུགས་ནི་ཚོར་བས་ཕྱེ་བ་དང་། གཟུགས་མེད་དང་པོ་གསུམ་ནི་འདུ་ཤེས་དང་སྲིད་རྩེ་ནི་འདུ་བྱེད་སེམས་པས་རབ་ཏུ་ཕྱེ་ལ། རྣམ་ཤེས་ནི་དེ་དག་ལ་བརྟེན་པའི་ཕྱིར་ཐ་མར་བསྟན་ཏེ། ཞིང་དང་མྱུ་གུའི་རིམ་པ་ལྟ་བུའོ། །གཉིས་པ་ལ་དབང་པོ་དྲུག་གི་རགས་པའི་རིམ་པ་ནི། ད་ལྟར་བའི་དོན་གྱི་ཡུལ་ཅན་ཡིན་པའི་ཕྱིར་རྟོགས་སླ་བས་དང་པོར་གཟུགས་ཅན་ལྔ་བཤད་ལ། ཡིད་ནི་ཡུལ་དུས་གསུམ་དང་དུས་ཀྱིས་མ་བསྡུས་པ་ཡང་ཡོད་པས་རྟོགས་དཀའ་བའི་ཕྱིར་ཐ་མར་བཤད་དོ། །ལྔ་པོ་ལས་ཀྱང་འབྱུང་བ་ལས་གྱུར་པའི་དོན་གྱི་ཡུལ་ཅན་ཡིན་པའི་ཕྱིར་བཞི་དང་པོར་བཤད་ལ། ལུས་ནི་ཡུལ་འབྱུང་བ་དང་འབྱུང་གྱུར་གཉིས་ཀ་ཡིན་པས་ཐ་མར་བཤད་ཅིང་། བཞི་ལས་ཀྱང་གཞན་མིག་རྣ་གཉིས་ནི་མ་ཕྲད་པར་འཛིན་པས་རིང་བ་དང་མྱུར་དུ་འཇུག་པའི་ཕྱིར་སྔར་སྨོས་ལ། དེ་ལས་ཀྱང་མིག་ནི་ཆེས་རིང་བ་ལ་འཇུག་པས་སྔར་སྨོས་ཏེ་ཆུ་ཀླུང་རྒྱང་རིང་པོ་ནས་མཐོང་ཡང་དེའི་སྒྲ་མི་ཐོས་པ་བཞིན་ནོ། །སྣ་ལྕེ་གཉིས་ནི་རིང་པོ་ལ་མི་འཇུག་ཀྱང་ལྕེ་བས་སྣ་ཡུལ་ལ་མྱུར་བར་འཇུག་པའི་ཕྱིར་དང་པོར་བཤད་དེ། ཟས་ཀྱི་རོ་མ་མྱོང་བར་དྲི་ཚོར་བའི་ཕྱིར་རོ། །གནས་པའི་རིམ་པ་ནི། ཡང་ན་དབང་པོ་ལྔ་ལུས་འདི་ལ་རྟེན་ཇི་ལྟར་མཐོ་བར་གནས་པའི་རིམ་པ་བཞིན་ཡིན་ཏེ། ལུས་འདི་ལ་མིག་གི་རྟེན་སྟེང་ན་གནས་པ་ནས་ལུས་ཀྱི་ནི་ཕལ་ཆེར་འོག་ན་གནས་སོ། །ཡིད་ནི་དེ་དག་ལ་བརྟེན་པ་དང་ཡུལ་ན་མི་གནས་པའི་ཕྱིར་ཐ་མར་བསྟན་ཏོ། །དེ་ལྟར་རྟེན་དབང་པོ་དྲུག་གི་གོ་རིམ་འགྲུབ་པས་ཡུལ་དྲུག་གི་ཡང་འགྲུབ་ལ། དེ་གྲུབ་པས་རྣམ་ཤེས་དྲུག་གི་ཡང་འགྲུབ་སྟེ། དཔེར་ན་རྒྱལ་པོ་དྲུག་གི་གོ་རིམ་གྲུབ་ན་བཙུན་མོ་དང་རྒྱལ་བུའི་འགྲུབ་པ་བཞིན་ནོ། །བཞི་པ་ནི། ཅི་སྐྱེ་མཆེད་དང་པོ་བཅུ་ཀ་གཟུགས་ཡིན་བཞིན་དུ་མིག་གི་ཡུལ་ཁོ་ན་ལ་གཟུགས་སུ་བསྟན། སྐྱེ་མཆེད་བཅུ་གཉིས་པོ་ཐམས་ཅད་ཡིད་ཀྱི་ཡུལ་ཆོས་ཡིན་བཞིན་དུ་ཆོས་བདུན་ལ་ཆོས་སུ་བསྟན་ཞེ་ན། བྱེ་བྲག་གི་དོན་ཏེ་ཡུལ་དང་ཡུལ་ཅན་ཉིད་དུ་རྣམ་པར་གཞག་པའི་སྒོ་ནས་བཅུ་པོ་སོ་སོར་སྐྱེ་མཆེད་ཡིན་གྱི། སྤྱིར་གཟུགས་ཁོ་ནའི་སྐྱེ་མཆེད་མིན་པར་སྟོན་པ་ལ། ཐམས་ཅད་གཟུགས་ཀྱི་སྐྱེ་མཆེད་དུ་བསྟན་ན་བྱེ་བྲག་མི་རྟོགས་སོ། །མིག་ལ་སོགས་པའི་མིང་སོ་སོར་བཏགས་ནས་འདི་ལ་གཟུགས་ཞེས་སྤྱི་མིང་བྱེ་བྲག་ལ་བཞག་པ་སྟེ། བ་གླང་འགའ་ཞིག་ལ་མཚན་མ་མེད་པ་ཤུགས་ཀྱིས་མཚན་མར་སོང་བར་ལྟ་བུའོ། །ཡང་ཐོགས་པ་དང་བཅས་ཤིང་བསྟན་དུ་རུང་བ་དང་གཟུགས་སུ་གྲགས་པས་སམ། གཟུགས་བཅུའི་ནང་ནས་རགས་པ་དང་། ཤ་ལྷ་ཤེས་རབ་ཀྱི་མིག་གསུམ་གྱི་ཡུལ་ཡིན་པས་གཟུགས་ཀྱི་གཙོ་བོ་ཡིན་པའི་ཕྱིར་མིག་གི་ཡུལ་གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་ཅེས་བྱ་བར་བརྗོད་དོ། །ཐམས་ཅད་ལ་ཆོས་སུ་བརྗོད་ན་སྐྱེ་མཆེད་བྱེ་བྲག་ཅན་དུ་མི་རྟོགས་ལ། འདི་ཁོ་ན་ཆོས་སུ་བརྗོད་པས་བྱེ་བྲག་ཅན་དུ་རྟོགས་པའི་དོན་གྱི་ཕྱིར་ཏེ་མིང་མེད་མིང་དུ་སོང་བ་ལྟ་བུའོ། །སེམས་བྱུང་དང་མི་ལྡན་པའི་འདུ་བྱེད་དང་འདུས་མ་བྱས་གསུམ་རིག་མིན་བཅས་ཆོས་མང་པོ་བསྡུས་པའི་ཕྱིར་མི་མང་པོ་ལ་མི་འདུག་ཅེས་ཟེར་བ་བཞིན་ནོ། །ཆོས་རྣམས་ཀྱི་མཆོག་མྱ་ངན་ལས་འདས་པ་བསྡུས་པའི་ཕྱིར་རོ། །སྐྱེ་མཆེད་ཐ་མ་འདི་གཅིག་པུ་ནི་ཆོས་ཀྱི་སྐྱེ་མཆེད་ཅེས་བྱ་བར་བརྗོད་དོ། །དཔེར་ན་མིའི་མཆོག་རྒྱལ་པོ་གང་ན་ཡོད་པའི་མིའི་ཕུང་པོ་ལ་མི་འདུག་ཅེས་པ་བཞིན་ནོ། །ལྔ་པ་མིང་ཅན་གཞན་ཡང་དེར་བསྡུ་བ་ལ་གཉིས་ཏེ། ཕུང་པོའི་མིང་ཅན་ཕུང་པོར་བསྡུ་བ། ཕུང་ཁམས་སྐྱེ་མཆེད་ཀྱི་མིང་ཅན་གཞན་ཡང་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཆོས་ཕུང་གཟུགས་དང་འདུ་བྱེད་དུ་བསྡུ་བ། ཞར་ལ་ཆོས་ཕུང་གི་ཚད་བསྟན་པའོ། །དང་པོ་ནི། ཅི་མདོ་ལས། ཕུང་ཁམས་སྐྱེ་མཆེད་ཀྱི་མིང་ཅན་གཞན་ཡང་བཤད་པ་དག་འདི་དག་གཉིས་ཀྱིས་བསྡུས་སམ་འོན་ཏེ་ཐ་དད་ཅེ་ན། བསྡུས་པ་ཁོ་ན་སྟེ། རེ་ཞིག་ཕུང་པོའི་མིང་ཅན་ལ་ཐེག་ཆེན་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང་། མདོ་སྡེ་པས་བརྒྱད་ཁྲི་པོ་དག་ཆགས་སོགས་ཀྱི་གཉེན་པོ་གང་རྣམས་ཐུབ་པ་གསུམ་ལྡན་གྱི་སངས་རྒྱས་ཀྱི་གསུངས་པ་དེ་དག་མདོ་སྡེ་པ་ལྟར་ན་ཚིག་ཡིན་པས་གཟུགས་ཕུང་དག་ཏུ་འདུས་ཏེ་སྒྲའི་སྐྱེ་མཆེད་གཟུགས་ཕུང་གིས་བསྡུས་པའི་ཕྱིར། བྱེ་སྨྲ་ལྟར་ན་མིང་དུ་སྣང་བའི་རྣམ་པ་ཡིན་པར་འདོད་པས་དེ་དག་ནི་མི་ལྡན་པའི་འདུ་བྱེད་ཡིན་པས་འདུ་བྱེད་ཀྱི་ཕུང་པོ་དག་ཏུ་འདུས་སོ། །འགྲེལ་བཤད་གཉིས་སུ་ཆོས་མངོན་པ་བ་རྣམས་སངས་རྒྱས་ཀྱི་གསུང་མིང་ཚིག་གཉིས་ཀའི་རང་བཞིན་དུ་འདོད་ཅེས་པ་ལྟར་ན་གཟུགས་ཕུང་དང་འདུ་བྱེད་ཀྱི་ཕུང་པོ་གཉིས་ཀས་བསྡུས་སོ། །གམ་ཞེས་པ་ནི་གདམ་ཀའི་ཚིག་གོ །རིགས་པ་སྨྲ་བའི་མདོ་སྡེ་པ་ནི་འཆད་འཇུག་གཉིས་ལས་འཆད་པའི་ཚེ་སྒྲ་སྤྱི་དང་། འཇུག་པའི་ཚེ་རང་མཚན་དུ་འཁྲུལ་བའི་སྒྲར་བཞེད་དོ། །གཉིས་པ་ནི། འོ་ན་ཆོས་ཕུང་གི་ཚད་ཇི་ཙམ་ཞེ་ན། སྡེ་པ་ཁ་ཅིག་བསྟན་བཅོས་ཆོས་ཀྱི་ཕུང་པོའི་ཚད་དང་མཉམ་སྟེ་ཤླཽ་ཀ་དྲུག་སྟོང་ཡོད་པའོ་ཞེས་ཟེར་རོ། །སྡེ་པ་གཞན་དག་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་གཏམ་རྒྱུད་རེ་རེ་ཚང་བ་ནི་ཕུང་པོའི་ཚད་ཡིན་པས་གཏམ་རྒྱུད་མདོ་གང་ནས་འབྱུང་ཡང་བརྒྱད་ཁྲིའི་གྲངས་སུ་བགྲང་ངོ་ཞེས་ཟེར་རོ། །རང་ལུགས་དགོས་ཆེད་ཀྱི་སྒོ་ནས་ཚད་བསྟན་པ་ནི། སེམས་ཅན་རྣམས་ཀྱི་དུག་གསུམ་དང་ང་རྒྱལ་སོགས་ལ་སྤྱོད་པ་ཐ་དད་པ་རྣམས་ཀྱི་གཉེན་པོར་ནི་ཆོས་ཀྱི་ཕུང་པོ་ཡང་མི་སྡུག་པ་ལ་སོགས་པ་མཐུན་པར་གསུངས་པ་ཆགས་སོགས་ལ་སྤྱོད་པའི་གཉེན་པོར་མི་སྡུག་པ་ལ་སོགས་པའི་གཏམ་རྫོགས་པ་རེ་རེ་ལ་ཆོས་ཕུང་གི་ཚད་དུ་འདོད་པའམ། ཡང་ན་མི་མཐུན་ཕྱོགས་ཀྱི་གྲངས་དང་མཐུན་པར་བརྒྱད་ཁྲི་གསུངས་སོ། །གཉིས་པ་ལ་དངོས་དང་། ཞར་ལ་ཁམས་གཉིས་ཀྱི་ངོ་བོ་བཤད་པའོ། །དང་པོ་ནི། ཆོས་ཕུང་ཕུང་པོར་བསྡུས་པ་དེ་བཞིན་དུ་གཞན་ཡང་མདོ་ལས་ཅི་རིགས་པར་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་མིང་ཅན་གསུངས་པ་རྣམས་ནི་རང་རང་གི་མཚན་ཉིད་ལ་ལེགས་པར་དཔྱད་དེ་ཇི་སྐད་བཤད་པའི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་པོར་བསྡུ་བར་བྱའོ། །ཇི་ལྟར་ན་ཕུང་པོའི་མིང་ཅན་རྣམ་གྲོལ་གྱི་ཕུང་པོ་ལྔ་ལས། དང་པོ་ལུས་ངག་གི་ལས་ཡིན་པས་གཟུགས་ཕུང་དང་ཕྱི་མ་བཞི་སེམས་བྱུང་ཡིན་པས་འདུ་བྱེད་དུ་བསྡུའོ། །ཡང་སྡིག་པ་བཤགས་པ་དང་ཡི་རང་བ་དང་གསོལ་གདབ་ཀྱི་ཕུང་པོ་ཞེས་པའི་བསྡུ་བ་ཡང་བསམ་མོ། །ཡང་མདོ་ལས་རྣམ་གྲོལ་གྱི་སྐྱེ་མཆེད་ལྔ་ནི་ཐོས་པ་དང་། དབྱངས་ཀྱི་ཁ་ཏོན་བྱས་པ་དང་། གཞན་ལ་བཤད་པ་དང་། ཐོས་པའི་དོན་སེམས་པ་དང་། ཏིང་ངེ་འཛིན་གྱི་མཚན་མ་བསྒོམ་པ་ལས་བྱུང་བའི་ཤེས་རབ་སྟེ་དེ་དག་བསྒོམ་པ་ལས་རྣམ་གྲོལ་སྐྱེ་བའི་ཕྱིར་རོ། །དེ་ཐམས་ཅད་ཤེས་རབ་ཡིན་པས་ཆོས་སུ་འདུ་ལ། ཐོས་འཆད་ཁ་ཏོན་ལ་སྒྲ་ཡང་ཡོད་ལ་སྤྱིར་རྣམ་ཤེས་དང་ཚོར་བ་ལ་སོགས་པ་ཡང་ཤེས་རབ་དེའི་འཁོར་དུ་འབྱུང་བས་སྒྲ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་ཀྱང་བསྡུས་སོ། །ཟད་བར་གྱི་སྐྱེ་མཆེད་བཅུའི་དང་པོ་བརྒྱད་མ་ཆགས་པ་ཡིན་པས་ཆོས་དང་། འཁོར་དང་བཅས་ན་ཕུང་པོ་ལྔ་ཡོད་པས་ཡིད་དང་ཆོས་གཉིས་སུ་འདུས་ཤིང་། ཕྱི་མ་གཉིས་དང་གཟུགས་མེད་སྐྱེ་མཆེད་མུ་བཞི་དང་། སྐྱེ་མཆེད་དེ་ནི་གཉིས་ཏེ་འདུ་ཤེས་མེད་པ་དང་འདུ་ཤེས་མེད་མིན་ནོ་ཞེས་པ་རྣམས་ནི་སེམས་དང་སེམས་བྱུང་གི་ངོ་བོ་ཡིན་པས་ཡིད་དང་ཆོས་ཀྱིས་བསྡུས་ལ། འདུ་ཤེས་མེད་པ་ནི་དྲི་རོ་ལས་གཞན་བཅུར་འདུས་སོ། །ཁམས་ཀྱི་མིང་ཡང་བསྟན་ལ་ཁམས་མང་པོ་པ་ཞེས་ཀྱང་བྱ་ཆོས་ཀྱི་མེ་ལོང་ཆེན་པོ་ཞེས་ཀྱང་བྱ་བ་ལས། བཙུན་པ་ཇི་ཙམ་གྱིས་ཁམས་ལ་མཁས་པ་ལགས། ཀུན་དགའ་བོ་ཁམས་དྲུག་ཅུ་རྩ་གཉིས་ལ་མཁས་ན་ཁམས་ལ་མཁས་པའོ། །ཞེས་པའི་སྡོམ་ནི། མིག་སོགས་ཁམས་ནི་བཅོ་བརྒྱད་དང་། །འབྱུང་བཞི་ནམ་མཁའ་རྣམ་ཤེས་དང་། །ཚོར་བ་ལྔ་དང་མ་རིག་པ། །འདོད་ཁམས་གནོད་སེམས་རྣམ་པར་འཚེ། །ངེས་འབྱུང་གནོད་སེམས་མེད་པ་དང་། །རྣམ་མི་འཚེ་སྟེ་དྲུག་ཚན་གསུམ། །གཟུགས་མ་གཏོགས་པའི་ཕུང་པོ་བཞི། །འདོད་དང་གཟུགས་དང་གཟུགས་མེད་ཁམས། །ངན་པ་བར་མ་གྱ་ནོམ་ཁམས། །གཟུགས་དང་གཟུགས་མེད་འགོག་པའི་ཁམས། །དགེ་དང་མི་དགེ་ལུང་མ་བསྟན། །སློབ་དང་མི་སློབ་གཉིས་ཀ་མིན། །འདས་དང་མ་འོངས་ད་ལྟར་ཏེ། །དེ་ལྟ་ན་ནི་གསུམ་ཚན་དྲུག །ཟག་བཅས་ཟག་པ་མེད་ཁམས་དང་། །འདུས་བྱས་འདུས་མ་བྱས་ཁམས་ཏེ། །ཁམས་ནི་དྲུག་ཅུ་རྩ་གཉིས་སོ། །ཞེས་པའི་བསྡུ་བ་ནི་ཅི་རིགས་པར་སྦྱར་རོ། །གཉིས་པ་ནི། འོ་ན་དྲུག་ཚན་དང་པོའི་ནམ་མཁའ་དང་རྣམ་ཤེས་ཇི་ལྟ་བུ་ཞེ་ན། སྤྱིར་ནམ་མཁའ་ལ་གསུམ་ལས། བུ་ག་ནམ་མཁའ་ལ་འདིར་ནམ་མཁའི་ཁམས་ཞེས་བྱ་སྟེ། དེ་ནི་ཁ་ལ་སོགས་པའི་སྣང་བ་སྐྱ་སེང་སེང་པོ་དང་མུན་པ་ནག་ཐིབས་ཐིབས་པའི་རྡུལ་དག་ཡིན་པས་རང་གི་ངོ་བོ་གནོད་པ་བྱར་རུང་གི་ཐོགས་བཅས་ཀྱང་ཡིན་ལ་རྩིག་པ་ལ་སོགས་པ་ཐོགས་བཅས་ཀྱི་ཉེ་འཁོར་ན་གནས་པའི་ཕྱིར་ན་ཐོགས་བཅས་ཉེ་འཁོར་བ་ཞེས་བྱའོ། །དེས་ན་མདོ་ལས་སྐྱེས་བུ་འདི་ནི་ཁམས་དྲུག་པའོ་ཞེས་པས་སེམས་ཅན་ལ་ཡོད་པའི་ནམ་མཁའ་ཁོ་ནའོ་ཞེས་བྱེ་སྨྲ་འདོད་དོ། །མདོ་སྡེ་པའི་ཕྱོགས་བསྟན་པའི་ཕྱིར་ལོ་ཞེས་སྨོས་ཏེ། བུ་གའི་སྣང་མུན་ནི་རྡུལ་ཕྲ་རབ་ཀྱི་གཟུགས་ཡིན་ལ་ནམ་མཁའ་ནི་ཐོགས་བར་མེད་པའི་རེག་བྱ་དང་བྲལ་བའི་འདུས་མ་བྱས་ཁོ་ན་ཡིན་པས་གཟུགས་གཞན་ལ་མི་སྒྲིབ་པའི་ཐོགས་མེད་དང་བསགས་པར་གནས་པའི་གཟུགས་ཀྱི་ཉེ་འཁོར་ན་གནས་པའི་ཕྱིར་ཐོགས་མེད་ཉེ་འཁོར་བ་ཞེས་ཟེར་རོ། །ཡང་ཟག་པ་དང་བཅས་པའི་རྣམ་ཤེས་ཁོ་ན་ནི་འདིར་རྣམ་ཤེས་ཀྱི་ཁམས་ཡིན་ཏེ་ཟག་མེད་ནི་སྲིད་པ་གཅོད་བྱེད་ཡིན་ལ་འདི་ནི་མདོ་ལས་ཁམས་དྲུག་ལ་བརྟེན་ནས་མའི་མངལ་དུ་འཇུག་གོ་ཞེས་སེམས་ཅན་རྣམས་སྐྱེ་བའི་རྟེན་དུ་བཤད་པའི་ཕྱིར་རོ། །དེ་ཡང་རྣམ་ཤེས་ནི་ཉིང་མཚམས་སྦྱོར་བའི་ས་བོན་ཡིན་པས་མ་སྐྱེས་པ་བསྐྱེད་པ་དང་། འབྱུང་བ་ནི་རྟེན་དུ་གྱུར་པས་སྐྱེས་པ་གནས་པ་དང་། ནམ་མཁའ་ནི་གོ་འབྱེད་པས་གནས་པ་འཕེལ་བར་བྱེད་པའོ། །ཅི་ཁམས་དྲུག་ཅུ་རྩ་གཉིས་ལས་འདི་གཉིས་ཁོ་ན་བསྟན་ཞེ་ན། རྒྱུ་གསུམ་སྟེ། སློབ་དཔོན་ཉིད་ཀྱིས་བཤད་ཟིན་འཆད་པར་འགྱུར་བས་གཞན་ཞེས་གསུངས་པས་གཞན་འདིར་མི་སྟོན་ཏེ། དེ་ལ། ཁམས་ནི་བཅོ་བརྒྱད་འབྱུང་བ་བཞི། །དུས་གསུམ་ཚོར་བ་ལ་སོགས་བཞི། །ཟག་བཅས་ཟག་མེད་འདུས་བྱས་དང་། །འདུས་མ་བྱས་དང་འགོག་ཁམས་ཏེ། །བཤད་ཟིན་སུམ་ཅུ་རྩ་བཞིའོ། །ཞེས་དང་། ས་སོགས་ལས་གཞན་དྲུག་ཚན་དང་། །དུས་གསུམ་འགོག་པ་ལ་གནས་པའི། །གསུམ་ཚན་འཆད་འགྱུར་ཉི་ཤུ་དྲུག །ཅེས་པ་འདི་གཉིས་བཤད་འཆད་མིན་པས་སྐབས་སུ་བབ་པའོ། །འོན་ཀྱང་ཁམས་མང་པོའི་མདོའི་བཤད་པའི་དོན་དུ་བྱས་པ་མིན་གྱི་བསྟན་བཅོས་ཀྱི་ལུས་བཀོད་པའི་ཞར་ལ་བཤད་པའོ། །ཡང་ན་གཞན་ནི་འཕྲོར་ལུས་པ་མེད་ལ་འདི་གཉིས་ཀྱི་ཟླ་འབྱུང་བཞི་བཤད་པས་འཕྲོར་ལུས་པ་ཁ་བསྐང་བའི་ཕྱིར་རོ། །ཡང་ན་འདི་གཉིས་ལ་ལོག་རྟོག་ཡོད་པས་དེ་བཟློག་པའི་ཕྱིར་རོ། །གསུམ་པ་ཁམས་ཀྱི་རྣམ་པའི་རབ་དབྱེ་བཤད་པ་ལ་གཉིས་ལས། དང་པོ་དགོས་པ་ནི། སློབ་མ་ཆོས་ཀྱི་བྱེ་བྲག་ལ་མཁས་པ་དང་། དེ་ལ་མཁས་པས་ཐེ་ཚོམ་དང་ཀུན་ཏུ་རྨོངས་པ་སྣ་ཚོགས་པ་བསལ་ཏེ་ཐམས་ཅད་མཁྱེན་པའི་རྒྱུ་ལ་གནས་པར་བྱ་བའི་ཕྱིར་རོ། །ཁམས་ཁོ་ན་ལ་འབྱེད་པའི་རྒྱུ་མཚན་ནི་གཟུགས་དང་སེམས་ལ་ལྟོས་པའི་ཆོས་རྒྱས་པར་རྟོགས་པར་འདོད་པས་སོ། །གཉིས་པ་རབ་དབྱེ་དངོས་ལ་བདུན་ཏེ། གཉིས་ཚན། གསུམ་ཚན། བཅས་མ་བཅས། གཟུགས་ཅན་གྱི་དབྱེ་བ། བྱུང་བ་གསུམ། ཐོབ་པའི་ཁྱད་པར། ཕྱི་ནང་ལ་སོགས་པའི་དབྱེ་བའོ། །དང་པོ་ལ་གཉིས་ཏེ། བསྟན་ཡོད་བསྟན་མེད། ཐོགས་བཅས་ཐོགས་མེད་དོ། །དང་པོ་ནི། དེ་ཡང་མདོ་ལས། མིག་ནི་བསྟན་དུ་མེད་ལ་ཐོགས་པ་དང་བཅས་པའོ་ཞེས་པའི་དོན་འཆད་དེ། ཁམས་བཅོ་བརྒྱད་ལས་བསྟན་དུ་ཡོད་པ་ནི་དུ། མེད་པ་ནི་དུ་ཞེ་ན། འདི་ནི་འདི་ནའོ་ཞེས་གཞན་ལ་བསྟན་དུ་ཡོད་པ་ནི་འདིར་གཟུགས་ཀྱི་ཁམས་གཅིག་པུ་སྟེ་ལྷག་མ་བཅུ་བདུན་ནི་བསྟན་མེད་དུ་གྲུབ་བོ། །མཚན་ཉིད་ནི་ཡུལ་ཐུན་མོང་དང་རྟེན་རྣམ་པར་ཆད་པ་ལ་བསྟན་དུ་རུང་བ་ཡིན་ཏེ། སྒྲ་ནི་རྟེན་རྣམ་པར་ཆད་པ་མ་ཡིན། དྲི་རོ་རེག་བྱ་དང་དབང་པོ་ལྔ་ནི་ཡུལ་ལྔ་ཐུན་མོང་བ་མིན། ཐོགས་མེད་བརྒྱད་ནི་གཉིས་ཀ་མིན་ནོ་ཞེས་ཟེར་ཡང་དེ་ལྟར་ན་སྒྲ་ཡང་ཡོད་སྒྲ་དྲག་ཅེས་བསྟན་དུ་རུང་བས་བསྟན་ཡོད་དུ་འགྱུར་བའི་ཕྱིར། དེས་ན་ཊཱི་ཀ་ལས་གཞན་གྱི་མིག་ཤེས་བསྐྱེད་པ་ནི་བསྟན་པ་ཡིན་ལ། ཞེས་པ་ལྟར་གཞན་གྱི་མིག་ཤེས་ལ་བསྟན་དུ་ཡོད་པའོ། །གཉིས་པ་ནི། དེ་ལ་ཐོགས་བཅས་དང་ཐོགས་མེད་དུ་ཞེ་ན། བཅོ་བརྒྱད་ལས་ཐོགས་པ་དང་བཅས་པ་ནི་ཁམས་གཟུགས་ཅན་བཅུ་ཁོ་ན་སྟེ་གཞན་བརྒྱད་ཐོགས་མེད་དུ་གྲུབ་བོ། །ཐོགས་པའི་དོན་ནི་རྡུགས་པ་ཡིན་ལ་དེ་གསུམ་ལས། ཡུལ་ལ་ཐོགས་པ་ནི། ཡུལ་ཅན་རྣམས་རང་གི་ཡུལ་ལ་རྡུགས་ནས་ཡུལ་གཞན་འཛིན་པའོ། །དམིགས་པ་ལ་ཐོགས་པ་ནི་སེམས་སེམས་བྱུང་རྣམས་རང་གི་དམིགས་པ་ལ་རྡུགས་པའོ། །སྒྲིབ་ཐོགས་ནི་བསགས་པའི་གཟུགས་གཅིག་གི་གོ་སར་གཟུགས་གཞན་འབྱུང་བ་ལ་གེགས་བྱེད་པའོ། །དང་པོ་གཉིས་ཀྱི་ཁྱད་པར་ནི་སྐྱེ་བ་ཡུལ་ལ་མི་ལྟོས་པ་དང་ལྟོས་པའོ། །འདིར་ནི་ཐ་མ་བཟུང་ངོ་། །འོ་ན། འདོད་ན་དབང་པོ་མེད་པ་དང་། །ཞེས་སོགས་དང་འགལ་ལོ་སྙམ་ན། འདིར་རིགས་མཐུན་ཐོགས་པར་བཤད་ལ་དེར་རིགས་མི་མཐུན་ལྷན་ཅིག་སྐྱེ་བའོ་ཞེས་འཆད་ཀྱང་འདྲེས་པར་སྐྱེས་པའོ་ཞེས་འཆད་པ་དང་། ཁ་ཅིག་ཚོགས་པ་གཅིག་ཏུ་སྐྱེས་པའོ་ཞེས་སོ། །གཉིས་པ་ལ་གཉིས་ཏེ། དགེ་སོགས་གསུམ་གྱི་ཁྱད་པར། ཁམས་གསུམ་གྱི་ཁྱད་པར་རོ། །དང་པོ་ནི། ཁམས་བཅོ་བརྒྱད་ལས་གཅིག་ཏུ་ལུང་དུ་མ་བསྟན་པ་ནི་བརྒྱད་དེ། ཐོགས་བཅས་སུ་བཤད་པ་དེ་དག་ཉིད་ལས་གཟུགས་སྒྲའི་ཁམས་མ་གཏོགས་པ་རྣམས་ངོ་བོ་ཉིད་ཀྱི་ལུང་མ་བསྟན་ནོ། །བརྒྱད་པོ་ལས་གཞན་པ་བཅུ་པོ་རྣམས་ནི་རིགས་ལ་རྣམ་པ་གསུམ་ཀ་ཡོད་དེ། གཟུགས་སྒྲ་སེམས་ཅན་གྱི་རྒྱུད་ལ་ཡོད་པ་དགེ་མི་དགེའི་སེམས་ཀྱི་བསླངས་པའི་རིག་བྱེད་ནི་ཀུན་ནས་སློང་བའི་དགེ་མི་དགེ་ཡིན་ལ་གཞན་ནི་ལུང་མ་བསྟན་ནོ། །དེའི་དྲི་རོ་རེག་བྱ་ཡང་དགེ་མི་དགེར་འགྱུར་རོ་ཞེ་ན་མིན་ཏེ། ཀུན་སློང་གི་དེ་གསུམ་ལ་མ་དམིགས་པའི་ཕྱིར་རོ། །འོ་ན་མཉམ་གཞག་གི་རིག་བྱེད་མིན་པ་ཡང་དགེ་བ་མིན་པར་འགྱུར་རོ་ཞེ་ན་མིན་ཏེ། རྟེན་མཉམ་གཞག་གི་སེམས་དགེ་བ་ཡིན་པས་སོ། །འོ་ན་ལྷའི་མིག་དང་སྤྲུལ་སེམས་ཀྱང་དགེ་བར་འགྱུར་རོ་ཞེས་སློབ་དཔོན་གྱི་སུན་ཕྱུང་ནས་བཞེད་པ་མ་བཀོད་དོ། །ཁ་ཅིག་མཉམ་གཞག་གི་རིག་བྱེད་མ་ཡིན་པ་མཚུངས་ལྡན་མིན་ལ་སེམས་ཀྱི་རྗེས་འབྲང་ཡིན་པས་ཀུན་སློང་གི་དགེ་བའོ་ཞེས་འཆད་དོ། །སེམས་ཀྱི་ཁམས་བདུན་ལ་དད་སོགས་དང་མཚུངས་ལྡན་དགེ་བ། ཆགས་སོགས་དང་མི་མཚུངས་ལྡན་དགེ་བ། གཞན་ནི་ལུང་མ་བསྟན་ནོ། །ཆོས་ཀྱི་བརྟགས་འགོག་ནི་དོན་དམ་དང་། དད་སོགས་དགེ་བའི་ས་མང་རྣམས་ནི་ངོ་བོ་ཉིད་དང་། དེ་དག་གི་གྲོགས་སེམས་བྱུང་རྣམས་མཚུངས་ལྡན་དང་། དགེ་བའི་རིག་བྱེད་མིན་པ་དང་ཐོབ་པ་དང་མཚན་ཉིད་སྙོམས་འཇུག་གཉིས་ཀུན་སློང་གི་དགེ་བ་ཡིན་ཞིང་། དུག་གསུམ་ངོ་ཚ་ཁྲེལ་མེད་ནི་ངོ་བོ་ཉིད་དང་། དེ་དག་གི་གྲོགས་སེམས་བྱུང་རྣམས་མཚུངས་ལྡན་མི་དགེ་བའི་རིག་བྱེད་མིན་པ་དང་ཐོབ་པ་དང་མཚན་ཉིད་རྣམས་ཀུན་སློང་གི་མི་དགེ་བ་ཡིན་ལ། རྣམ་སྨིན་སྐྱེས་ལ་སོགས་པའི་སེམས་བྱུང་དང་། སྲོག་དང་སྐལ་བ་མཉམ་པ་སོགས་ནི་ལུང་མ་བསྟན་ནོ། །དེ་དག་གི་མཚན་ཉིད་ནི་ལུང་མ་བསྟན་ནོ། །གཉིས་པ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་དུ་གཏོགས་པ་དུ་ཞེ་ན། འདོད་ཁམས་ཀྱི་སྲེད་པ་རྒྱས་པ་དེར་གཏོགས་པ་ནི་རིགས་ལ་བཅོ་བརྒྱད་པོ་ཐམས་ཅད་ཡོད་ཀྱི་རྫས་གོང་མ་གཉིས་སུ་གཏོགས་པ་དང་ཟག་མེད་ཀྱང་ཡོད་དོ། །གཟུགས་ཀྱི་ཁམས་ན་ཡོད་པ་ནི་བཅུ་བཞི་སྟེ། བཅོ་བརྒྱད་ཀྱི་ནང་ནས་ཡུལ་དྲི་དང་རོ་དང་ཡུལ་ཅན་སྣའི་རྣམ་ཤེས་དང་ནི་ལྕེའི་རྣམ་ཤེས་ཀྱི་ཁམས་མ་གཏོགས་པའོ། །དྲི་རོ་གཉིས་མེད་དེ། དེ་གཉིས་ཁམ་ཟས་ཀྱི་རང་བཞིན་ཡིན་ཞིང་དེར་ཁམ་ཟས་ལ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །ཡུལ་ཅན་གཉིས་ཀྱང་མེད་དེ་ཡུལ་མེད་པའི་ཕྱིར་རོ། །འོ་ན་རེག་བྱ་ཡང་ཁམ་ཟས་ཡིན་པས་མེད་པར་འགྱུར་རོ་ཞེ་ན། ཁམ་ཟས་མིན་པའི་རེག་བྱ་ཡོད་ཅིང་དྲི་རོ་ལ་ནི་ཁམ་ཟས་མིན་པ་མེད་པའི་ཕྱིར་རོ། །རེག་བྱ་ནི་གོས་ལ་སོགས་པའི་དགོས་པ་ཡོད་པས་འགྲུབ་བོ། །རང་རང་གི་རྣམ་ཤེས་སྐྱེད་པའི་དགོས་པ་མེད་པས་སྣ་ལྕེའི་དབང་པོ་མེད་པར་འགྱུར་རོ་ཞེ་ན། བྱེ་སྨྲ་དང་འཕགས་པ་ཐོགས་མེད་གཉིས་ནི་རྟེན་མཛེས་པ་དང་ངག་སྨྲ་བའི་དགོས་པ་ཡོད་ཅིང་དབང་པོ་ལ་སྲེད་པས་བསླང་བའི་ལས་ཀྱིས་བསྐྱེད་པས་སྣ་ལྕེའི་དབང་པོ་ཡོད་པར་འཆད་དོ། །སློབ་དཔོན་ནི་རྟེན་མཛེས་པ་ནི་དབང་རྟེན་ཁོ་ནས་བྱེད་པས་དབང་པོ་མི་དགོས་སོ་ཞེས་གསུངས་པ་ལ། དབང་པོ་མེད་ན་རྟེན་མཛེས་པར་ཡང་མི་འགྱུར་ཏེ་ཤི་བའི་ལུས་བཞིན་ནོ། །དབང་པོ་མེད་པའི་རྟེན་མེད་དེ་ཕོ་མོའི་དབང་རྟེན་བཞིན་ནོ། །གལ་ཏེ་དབང་པོ་ལྔ་ལ་སྲེད་པ་མེད་ན་ཡུལ་ལྔ་ལ་དང་པོ་ནས་ཆགས་པ་དང་བྲལ་ཟིན་པས་གཟུགས་ལ་འདོད་ཆགས་དང་བྲལ་བ་ཉིད་དུ་ཐལ་ལོ། །མདོ་ལས་ཀྱང་དབང་པོ་རྣམས་མ་ཚང་བ་མེད་ཅིང་མེད་པ་མིན་ནོ་ཞེས་པ་དང་འགལ་ལོ། །མི་འགལ་ཏེ་གང་སྲིད་པ་མ་ཚང་བ་མེད་དོ་གཞན་དུ་ན་ཕོ་མོའི་དབང་པོ་ཡང་ཡོད་པར་འགྱུར་རོ། །གཟུགས་མེད་པར་གཏོགས་པ་ནི་ཡིད་དང་ནི་ཆོས་དང་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་ཀྱི་རིགས་ཁོ་ན་སྟེ། གཟུགས་ལ་སྲེད་པ་དང་བྲལ་བས་གཟུགས་ཅན་བཅུ་མེད་ལ་དེས་ན་དེ་དག་ལས་སྐྱེས་པའི་རྣམ་ཤེས་ལྔ་ཡང་མེད་དོ། །གསུམ་པ་ལ་གསུམ་སྟེ། ཟག་བཅས་ཟག་མེད། རྟོགས་བཅས་དཔྱོད་བཅས། དམིགས་བཅས་དམིགས་མེད་དོ། །དང་པོ་ནི། ཁམས་བཅོ་བརྒྱད་ལས་གཟུགས་མེད་པར་གཏོགས་པ་གསུམ་ནི་ཟག་བཅས་སུ་ངེས་པས་རིགས་ལ་ཐ་མ་དེ་གསུམ་ལམ་གསུམ་གྱི་མཉམ་གཞག་ན་ཡོད་པ་དང་། ཆོས་ཁམས་འདུས་མ་བྱས་ནི་ཟག་མེད་ཡིན་ལ་གཞན་ཐམས་ཅད་ཟག་བཅས་ཡིན་ཞིང་། ཁམས་ལྷག་མ་བཅོ་ལྔ་པོ་རྣམས་ནི་གཅིག་ཏུ་ཟག་བཅས་ཏེ་མཉམ་གཞག་ཏུ་འབྱུང་བ་མི་སྲིད་པས་ལམ་བདེན་མ་ཡིན་པའི་འདུས་བྱས་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ཁམས་བཅོ་བརྒྱད་པོ་ལ་རྟོགས་དཔྱོད་དང་བཅས་པ་ནི་དུ། རྟོགས་པ་མེད་ལ་དཔྱོད་པ་ཙམ་ནི་དུ། གཉིས་ཀ་མེད་པ་དུ་ཞེ་ན། ལན་ལ། དངོས་དང་། ལུང་འགལ་སྤང་བ་གཉིས། དང་པོ་ནི། རྣམ་པར་ཤེས་པའི་ཁམས་ལྔ་པོ། །རྟོག་དང་དཔྱོད་དང་བཅས་ཁོ་ན། །ཞེས་བཅོས་ལ་བཅས་ཞེས་པའི་དོན་ངོ་བོ་ཡིན་པ་ལ་མི་བྱའི་གྲོགས་སུ་ལྡན་པ་ཡིན་ལ། རྣམ་པར་ཤེས་པའི་ཁམས་ལྔ་པོ་ནི་བསམ་གཏན་དང་པོ་མན་ཆད་ན་ཡོད་ཅིང་། དེ་རྟོག་དཔྱོད་གཉིས་ཀ་དང་བཅས་པ་ཁོ་ན་སྟེ། ཁ་ཕྱིར་བལྟས་པས་སོ། །གྲངས་འདོན་པའི་ཐ་མ་གསུམ་ནི་རྟོག་བཅས་དཔྱོད་བཅས་སོགས་རྣམ་པ་གསུམ་དུ་འགྱུར་ཏེ། འདོད་པ་དང་པོའི་དེ་གསུམ་རྟོག་དཔྱོད་ལས་གཞན་པའི་མཚུངས་ལྡན་རྣམས་ལ་གྲོགས་སུ་དེ་གཉིས་ངེས་པར་ཡོད་པས་རྟོག་བཅས་དཔྱོད་བཅས་ཡིན་ལ། ཁྱད་པར་ཅན་གྱི་དེ་གསུམ་དཔྱོད་པ་ལས་གཞན་པ་དང་། འདོད་པ་དང་དང་པོའི་རྟོག་པ་ནི་གྲོགས་སུ་དཔྱོད་པ་ངེས་པར་ཡོད་ལ། རྟོག་པ་མེད་པས་དཔྱོད་པ་ཙམ་ཡིན་ཞིང་། གཉིས་པ་ཡན་གྱི་དེ་གསུམ་རྟོག་དཔྱོད་ལས་འདས་པའི་ས་པ་ཡིན་པ་དང་། ཁྱད་པར་ཅན་གྱི་དཔྱོད་པ་ལ་དཔྱོད་པ་གཉིས་པ་མི་ལྡན་པ་དང་། ཆོས་ཀྱི་ཁམས་མཚུངས་ལྡན་མིན་པ་རྣམས་བེམས་པོ་དང་མི་ལྡན་པའི་འདུ་བྱེད་དང་། འདུས་མ་བྱས་ནི་ཡིན་པས་རྟོག་མེད་དཔྱོད་མེད་དེ་ཅི་འདོད་པ་དང་དང་པོའི་དཔྱོད་པ་གང་དུ་འགྱུར་ཞེ་ན། དཔྱོད་པ་ལ་རྟོག་པ་གྲོགས་སུ་ངེས་པར་ལྡན་ལ་དཔྱོད་པ་གཉིས་པ་མེད་པས་དཔྱོད་མེད་རྟོག་བཅས་ཙམ་མོ། །འོ་ན་ཐ་མ་གསུམ་རྣམ་པ་བཞིར་འགྱུར་རོ་ཞེ་ན། བདེན་མོད་ཀྱི། འོན་ཀྱང་རྟོག་བཅས་སོགས་པ་གསུམ་དང་ཏིང་ངེ་འཛིན་གསུམ་སྟེ་ཞེས་གསུམ་ཚན་དུ་བཤད་པ་དང་མཐུན་པར་བྱས་པའོ། །ཁམས་ལྷག་མ་གཟུགས་ཅན་བཅུ་པོ་རྣམས་ནི་བེམས་པོ་ཡིན་པས་རྟོག་དཔྱོད་དང་མཚུངས་པར་ལྡན་པ་མི་སྲིད་པའི་ཕྱིར་དེ་གཉིས་ཀ་སྤངས་པའོ། །གཉིས་པ་ལུང་དང་འགལ་བ་སྤང་བ་ལ། འོ་ན་མདོ་ལས་རྣམ་ཤེས་ལྔ་རྟོག་མེད་དུ་བཤད་པ་དང་འགལ་ལོ་ཞེ་ན། མིན་ཏེ་རྟོག་པ་གསུམ་ལས་ངོ་བོ་ཉིད་ཀྱིས་རྟོག་པ་དང་བཅས་ཀྱང་ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་མེད་པས་རྣམ་པར་མི་རྟོག་སྟེ། རྟ་རྐང་གཅིག་པ་ལ་རྐང་མེད་ཅེས་པ་བཞིན་ནོ། །འོ་ན་རྟོག་པ་གཉིས་ཀྱི་ངོ་བོ་གང་ཞེ་ན། རྟོག་པ་དེ་དག་ལས་དང་པོ་ནི་འོག་ཏུ་འཆད་ལ། གཉིས་པ་ནི། ཡིད་ཀྱི་རྣམ་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་མཉམ་གཞག་ལས་གཞན་དུ་རྣམ་པར་གཡེངས་བ་སྐྱེས་ཐོབ་དང་ཐོས་བསམ་ལས་བྱུང་བ་ནི་མིང་ལ་བརྟེན་ནས་དོན་ལ་འཇུག་ཅིང་ངེས་པར་རྟོག་པས་དེ་སྐད་ཅེས་བྱ་ལ། གསུམ་པ་ནི། ཡིད་ཤེས་དང་མཚུངས་ལྡན་གྱི་དྲན་པ་མཉམ་པར་མ་གཞག་པ་ཐམས་ཅད་ནི་སེམས་ཀྱིས་མངོན་པར་བརྗོད་པའི་མཚན་ཉིད་ཀྱི་མིང་ལ་མི་ལྟོས་པར་དོན་ཉམས་སུ་མྱོང་བ་ཙམ་ལ་འཇུག་པས་རྗེས་སུ་དྲན་པའི་རྟོག་པའོ། །གསུམ་པ་ནི། ཁམས་བཅོ་བརྒྱད་ལས་གཅིག་ཏུ་དམིགས་པ་དང་བཅས་པ་ནི་སེམས་ཀྱི་ཁམས་བདུན་དང་ཆོས་ཁམས་ཀྱི་ཕྱེད་སེམས་བྱུང་རྣམས་ཏེ་འཁར་བ་ལ་བརྟེན་ནས་རྒན་པོ་ལྡང་བ་ལྟར་འདི་དག་སྐྱེ་བ་དམིགས་པ་ལ་ངེས་པར་ལྟོས་པའི་ཕྱིར་རོ། །ཁམས་ལྷག་མ་གཟུགས་ཅན་བཅུ་དང་ཆོས་ཀྱི་ཕྱེད་མཚུངས་ལྡན་མིན་པ་རྣམས་ནི་དམིགས་བཅས་མིན་ཏེ། དབང་པོ་ལྔ་ཡུལ་ཅན་ཡིན་ཡང་དེ་ལས་མི་སྐྱེ་ལ་གཞན་ཡུལ་ཅན་ཡང་མིན་པའི་ཕྱིར་རོ། །བཞི་པ་ལ་བཞི་སྟེ། ཟིན་མ་ཟིན། འབྱུང་བ་འབྱུང་གྱུར། བསགས་མ་བསགས། གཅོད་བྱེད་གཅད་བྱ་སོགས་སོ། །དང་པོ་ནི། ཟིན་པའི་དོན་གཟུགས་ཅན་ནང་འཕྲད་པའི་ཕན་གནོད་ལ་བརྟེན་ནས་ཚོར་བ་བདེ་སྡུག་སྐྱེ་བའི་རྟེན་དུ་རུང་བ་ཡིན་ལ། མ་ཟིན་པ་ནི་དེ་ལས་བཟློག་པ་ཡིན་པས་ཁམས་བཅོ་བརྒྱད་ལས་གཅིག་ཏུ་མ་ཟིན་པ་ནི་དགུ་སྟེ། དམིགས་བཅས་སུ་བཤད་པ་ཕྱེད་དང་བརྒྱད་ཀྱི་ཕྱེད་མའང་བླན་ཏེ། བརྒྱད་པོ་དེ་དག་རྣམས་དང་སྒྲ་སྟེ། དང་པོ་བརྒྱད་དབང་པོའི་ཚོགས་པ་ན་མེད་པས་ཕན་གནོད་བྱར་མི་ནུས་ལ་སྒྲ་ནི་རྒྱུད་དང་འབྲེལ་བ་དག་ཀྱང་དབང་པོའི་ཚོགས་པ་ན་མེད་པས་དེར་མི་རུང་ངོ་། །དགུ་པོ་གཞན་ནི་ཟིན་མ་ཟིན་རྣམ་པ་གཉིས་ཀ་སྟེ། དབང་པོ་ལྔ་ད་ལྟར་བ་ནི་ཚོར་བའི་རྟེན་དུ་རུང་ལ། འདས་མ་འོངས་ནི་ཡུལ་ན་མི་གནས་པའི་ཕྱིར་ཕན་གནོད་བྱ་བར་མི་ནུས་པས་གཉིས་ཀ་མིན་ལ། ཕྱི་རོལ་གྱི་ཁམས་བཞི་ལ་ད་ལྟར་བའི་དབང་པོ་དང་ཐ་མི་དད་པ་ཟིན་པ་ཡིན་ལ་དབང་པོ་དང་ཐ་དད་པ་རྩ་བ་མ་གཏོགས་པའི་སྐྲ་སྤུ་སོགས་དང་རྒྱུད་ཀྱི་མ་བསྡུས་པ་འདས་མ་འོངས་ཐམས་ཅད་མ་ཟིན་པའོ། །གོང་མར་དབང་པོ་དང་ཚོགས་པ་ཐ་མི་དད་པའི་སྒྲ་ནི་ཟིན་པར་བཤད་དོ། །གཉིས་པ་ལ། ཁམས་བཅོ་བརྒྱད་ལས་རེག་བྱ་ནི་འབྱུང་བ་དང་འབྱུང་འགྱུར་རྣམ་པ་གཉིས་ཀྱང་ཡིན་ཏེ། བཅུ་གཅིག་ལས་བཞི་ནི་འབྱུང་བ་དང་བདུན་འབྱུང་གྱུར་ཡིན་པའི་ཕྱིར་རོ། །ལྷག་མ་གཟུགས་ཅན་དགུ་པོ་དང་དེར་མ་ཟད་ཆོས་ཁམས་ཀྱི་ཕྱོགས་གཅིག་རིག་བྱེད་མིན་པའི་གཟུགས་ནི་འབྱུང་གྱུར་ཁོ་ན་སྟེ། གཟུགས་ཅན་རྣམས་འབྱུང་བ་ལ་ངེས་པར་ལྟོས་པའི་ཕྱིར་རོ། །གཟུགས་ཅན་མིན་པ་རྣམས་ནི་གཉིས་ཀ་མིན་ནོ། །འདིའི་དགོས་པ་ནི་སློབ་མ་ཆོས་ཀྱི་བྱེ་བྲག་ལ་མཁས་པ་དང་བཙུན་པ་སངས་རྒྱས་ལྷས་ལག་པ་བསྡབས་པའི་མདོ་དོན་ལ་འཁྲུལ་ནས་སྐྱེ་མཆེད་བཅུ་འབྱུང་བར་འདོད་པའི་ལོག་རྟོག་འགོག་པའི་ཆེད་དོ། །གསུམ་པ་ནི། ཁམས་བཅོ་བརྒྱད་ལས་གཟུགས་ཅན་གྱི་ཁམས་བཅུ་ནི་རྡུལ་ཕྲན་དུ་མ་འདུས་པའི་བསགས་པ་ཡིན་ཏེ། ནི་ཞེས་པ་ངེས་བཟུང་ཡིན་པས་ཐོགས་མེད་བརྒྱད་མ་བསགས་པར་གྲུབ་བོ། །བཞི་པ་ནི། ཁམས་བཅོ་བརྒྱད་ལ་གཅོད་བྱེད་དགྲ་སཏྭ་དང་བཅད་བྱ་ཤིང་ལ་སོགས་པ་ནི་སྒྲ་བོར་བའི་ཕྱི་རོལ་གྱི་ནི་ཁམས་བཞི་ཡིན་ཏེ། གཅོད་པའི་དོན་ནི་འདུས་པའི་དོན་འབྲེལ་བར་འབྱུང་བ་རྣམས་བར་བཅད་དེ་དུམ་བུའི་རྒྱུན་དུ་སྐྱེད་པར་བྱེད་པ་ཡིན་ལ། ཐོགས་མེད་བརྒྱད་གཟུགས་ཅན་མིན་པ་དང་། སྒྲ་རྒྱུན་མེད་ཡིན་པ་དང་། དབང་པོ་འོད་ལྟར་དྭངས་པས་གཉིས་ཀ་མིན་པའི་ཕྱིར་རོ། །འོན་ཀྱང་སྣའི་རྩེ་མོ་ཆད་པ་སྦྱར་བ་རྣམ་ཤེས་སྐྱེ་བ་ནི་དབང་པོ་ཅན་དང་འབྲེལ་པས་རྒྱས་བྱུང་གི་དབང་པོ་སླར་མཆེད་པ་ཡིན་ལ་དམིགས་བུའི་མཇུག་མ་བཅད་པ་འགུལ་བ་ནི་སེམས་ཅན་དུ་གཏོགས་པའི་རླུང་གི་ཡིན་གྱི་དབང་པོའི་ལས་ནི་མ་ཡིན་ནོ། །དེ་དག་ཁམས་བཞི་ཡིན་པ་དེ་བཞིན་དུ་བསྲེག་བྱ་བུད་ཤིང་ལ་སོགས་པ་དང་འཇལ་བྱེད་སྲང་ལ་སོགས་པ་ཡང་ཁམས་བཞི་ཁོ་ན་ཡིན་ཞིང་། སྲེག་བྱེད་ནི་ཁ་ཅིག་རྒྱུའི་རེག་བྱ་མེ་དང་། ཁ་ཅིག་དེ་ན་ཁམས་བཞི་ཡོད་པས་དེ་དག་སྤྱིས་ཐལ་བར་བྱེད་དོ་ཞེས་དང་། གཞལ་བྱ་ནི་ཁ་ཅིག་རེག་བྱ་ལྕི་བ་ཁོ་ནའོ་ཞེས་ཟེར་ལ། ཁ་ཅིག་གཞལ་བྱ་མར་ལ་སོགས་པའི་ཚོགས་པ་ན་ཡོད་པའི་ཁམས་བཞི་པོ་སྤྱིས་སྲང་མདའི་མགོ་མཇུག་མཐོ་དམན་དུ་བྱེད་དོ་ཞེས་དེ་གཉིས་ལ་གྲུབ་མཐའ་མི་མཐུན་པར་སྨྲའོ། །ལི་སྟོན་ན་རེ། གཅོད་བྱེད་ཀྱང་རྩུབ་པ་ཁོ་ན་དང་འཇལ་བྱེད་ཀྱང་རེག་བྱའི་བྱེ་བྲག་ཁོ་ནའོ་ཞེས་མི་མཐུན་པར་སྨྲ་རིགས་ཞེས་ཁོ་ན་འཆད་དོ། །དོན་འདི་ལྟ་བུ་བསྟན་བཅོས་སུ་གླེང་བའི་དགོས་པ་ནི། དམིགས་བུའི་མཇུག་མ་ཆད་པ་འགུལ་བས་དབང་པོ་ཡང་ཆད་དམ་སྙམ་པ་དང་། གསོན་བསྲེགས་བྱས་པ་ན་དབང་པོ་ཡང་ཚིག་གམ་སྙམ་པའི་ལོག་རྟོག་བཟློག་པའི་ཕྱིར་རོ། །ལྔ་པ་ལ་སྤྱི་བཏང་དང་། དམིགས་ཀྱིས་བསལ་བའོ། །དང་པོ་ནི། ཁམས་བཅོ་བརྒྱད་ལས་གཅིག་ཏུ་རྣམ་པར་སྨིན་པ་ལས་བྱུང་བ་དང་རྒྱས་པ་ལས་བྱུང་བ་ནི་མིག་སོགས་ནང་གི་ཁམས་ལྔ་སྟེ། དབང་པོ་རྣམས་ནི་དགེ་མི་དགེའི་ལས་ཀྱི་རྣམ་སྨིན་ལས་བྱུང་བའི་ཕྱིར། ངེས་ཚིག་ནི་འབྲས་བུ་དུས་སུ་འབྱིན་པའི་ལས་ནུས་པ་མཐུ་ཅན་ནི་རྣམ་སྨིན་ཡིན་ལ་དེ་ལས་སྐྱེས་པའམ། རྣམ་སྨིན་གྱི་རྒྱུ་ལས་སྐྱེས་པའམ། རྒྱུ་དགེ་མི་དགེ་ལ་འབྲས་བུའི་མིང་གིས་བཏགས་ནས་རྣམ་སྨིན་ཞེས་བྱའོ། །རྒྱས་པའི་རྒྱུ་དང་མི་ལྡན་ན་དབང་པོ་རྣམས་མི་གསལ་བ་ལས་ཟས་དང་། ལེགས་པར་བྱ་བ་དང་། གཉིད་དང་ཏིང་ངེ་འཛིན་ལ་བརྟེན་པ་ན་གསལ་བའི་ཕྱིར་རོ། །འཕགས་པས་ཚངས་སྤྱོད་དང་རྒྱས་པའི་རྒྱུ་ལྔར་བཤད་ཀྱང་དེ་ནི་མི་གནོད་པ་ཙམ་མོ་ཞེས་བཤད་དོ། །རྒྱས་པའི་དབང་པོ་ནི་རྣམ་སྨིན་གྱི་དབང་པོ་ལ་ཕྱིར་བཞིན་དུ་ཀུན་ཏུ་བསྲུངས་ཏེ་བསྐོར་ནས་གནས་སོ། །དེ་ཡང་ནང་གི་ཡུལ་རྣམས་དང་ལྔས་ཡིད་བསལ་ལོ། །དེ་གཉིས་ལ་ནང་གི་རྒྱུ་མཐུན་ཡོད་ཀྱང་དེ་གཉིས་ལས་མ་གཏོགས་པའི་གསུམ་པ་མེད་དེ། ཤི་བའི་རོ་ལ་མིག་སོགས་མི་འཇུག་པའི་ཕྱིར་ཏེ། ཤི་བ་ལ་འཇུག་ན་དེ་ལས་རྣམ་ཤེས་སྐྱེ་བ་དང་མ་ཤི་བར་འགྱུར་རོ། །ངག་གི་སྒྲ་ནི་བྱུང་བ་གཞན་གཉིས་ལས་སྐྱེས་ཀྱི་འདོད་རྒུར་འབྱུང་བ་དང་ཆད་ནས་ཀྱང་མཚམས་སྦྱོར་བས་མཚན་ཉིད་དང་མི་ལྡན་པས་རྣམ་སྨིན་ལས་སྐྱེས་པ་མིན་ན་གཞན་རྣམས་ལྟ་ཅི་སྨོས། འོ་ན་གདགས་པའི་བསྟན་བཅོས་ལས། ཚིག་རྩུབ་སྤངས་པའི་རྣམ་སྨིན་ལ་ཚངས་པའི་དབྱངས་འགྲུབ་པར་བཤད་པ་མིན་ནམ་ཞེ་ན། ཉི་འོག་པ་ན་རེ། དེ་ནི་བརྒྱུད་པ་གསུམ་པ་སྟེ། དེ་ལས་རྣམ་སྨིན་གྱི་ངོ་བོ་འབྱུང་བ་ཁྱད་པར་ཅན་འགྲུབ་ཅིང་དེ་ལས་སྒྲ་གྲུབ་བོ་ཞེས་ཟེར་ལ། ཁ་ཆེ་བ་ན་རེ། བརྒྱུད་པ་ལྔ་པ་སྟེ། ལས་ལས་འབྱུང་བ། དེ་ལས་རྒྱས་བྱུང་དང་རྒྱུ་མཐུན་དང་སྒྲ་རིམ་བཞིན་གྲུབ་བོ་ཞེས་ཟེར་རོ། །དེས་ན་རྒྱས་བྱུང་ནི་རྒྱས་པའི་རྒྱུ་ལས་ལུས་ཉམས་ཆེ་བར་གྱུར་པ་ལས་ང་རོ་སྐད་གསངས་མཐོ་བས་སེམས་ཅན་གྱི་ངག་སྒྲ་དང་། རྒྱུ་མཐུན་ལས་འབྱུང་བ་ནི་ངག་གི་རིག་བྱེད་ཉོན་མོངས་ཅན་ནི་ཀུན་འགྲོ་དང་། སེམས་ཅན་གྱི་སྒྲ་ཐམས་ཅད་ནི་ཕུང་པོ་ལྔ་ཅི་རིགས་པའི་སྐལ་མཉམ་དང་ཕྱི་རོལ་གྱི་སྒྲ་ནི་འབྲས་བུ་གཟུགས་གཞན་གྱི་རྒྱུ་མཐུན་ལས་བྱུང་བ་ཡིན་གྱི། སྒྲ་ཉིད་ཀྱི་རྒྱུ་མཐུན་མ་ཡིན་ཏེ་རྒྱུན་མེད་པའི་ཕྱིར་རོ། །ཁམས་ཐོགས་པ་མེད་པ་བརྒྱད་པོ་སྐལ་མཉམ་དང་ཀུན་འགྲོའི་རྒྱུ་ལས་བྱུང་བ་ནི་རྒྱུ་མཐུན་པ་ལས་བྱུང་བ་དང་རྣམ་སྨིན་ལས་སྐྱེས་པ་ཡོད་ལ་རྒྱས་བྱུང་ནི་མེད་དེ། བསགས་པ་མིན་པས་རྐྱལ་སྟོང་བུས་པ་ལྟར་ཆེར་འགྲོ་བ་མིན་པའི་ཕྱིར་རོ། །གཞན་ཕྱི་རོལ་གྱི་ཁམས་ལ་བྱུང་བ་རྣམ་པ་གསུམ་ཀ་ཡོད་དེ། རྣམ་སྨིན་གྱི་དབང་པོ་དང་ཐ་མི་དད་པའི་གཟུགས་སོགས་རྣམ་སྨིན་དང་ཐ་མི་དད་པ་དང་། ཐ་དད་ཀྱང་རྒྱུད་དང་འབྲེལ་བའི་མ་ཟིན་པ་ཁ་ཅིག་རྒྱས་པ་ལས་བྱུང་བ་དང་། དེ་དག་སྔ་མ་ལས་ཕྱི་མ་འབྱུང་བ་དང་རྒྱུད་དང་མ་འབྲེལ་བ་ཤི་ལུས་ལའང་རྗེས་སུ་འཇུག་པ་དང་། དེ་རྣམས་རྒྱུ་མཐུན་པ་ལས་བྱུང་བའི་ཕྱིར་རོ། །གཉིས་པ་ནི། ཁམས་བཅོ་བརྒྱད་ལ་རྟག་པའི་རྫས་དང་ངོ་བོ་ཡིན་པར་ལྡན་པ་ནི་ཆོས་ཁམས་ཀྱི་འདུས་མ་བྱས་གཅིག་པུའོ། །རྒྱུ་མཐུན་ལས་མ་བྱུང་བ་ནི་ཁམས་ཐ་མ་གསུམ་གྱི་ཆ་དུཿཁ་ལ་ཆོས་བཟོད་ཀྱི་སྐད་ཅིག་མ་དང་པོའི་གཙོ་བོ་ཤེས་རབ་དང་འཁོར་རིག་བྱེད་མིན་པ་དང་སེམས་བྱུང་དང་ཐོབ་པ་དང་མཚན་ཉིད་སྟེ་ཆོས་ཁམས་དང་ཡིད་ཀྱི་རྣམ་ཤེས་ཁོ་ན་ལ་ཡིད་དང་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་ཞེས་ལྡོག་པ་ཐ་དད་དུ་བྱས་པ་རྣམས་ཏེ་ཟག་མེད་སྔོན་དུ་མ་སོང་བའི་ཕྱིར་རོ། །དྲུག་པ་དབང་ཡུལ་རྣམ་ཤེས་གསུམ་གྱིས་ཐོབ་པའི་བྱེ་བྲག་ལ་གང་མིག་གི་ཁམས་སྔར་མི་ལྡན་པ་ལས་གསར་དུ་ཐོབ་པ་དེ་མིག་གི་རྣམ་ཤེས་ཀྱང་སྔར་མི་ལྡན་པ་ལས་གསར་དུ་ཐོབ་བམ་ཞེ་ན། མིག་དང་མིག་གི་རྣམ་ཤེས་ཀྱི་ཁམས་དག་ལ་སོ་སོར་ཐོབ་པ་དང་། ལྷན་ཅིག་ཏུ་ཐོབ་པ་དང་ཡང་སྒྲས་གཉིས་ཀ་མིན་པ་དང་མུ་བཞི་ཡོད་དེ། མུ་དང་པོ་ནི་བར་དོར་རིམ་གྱིས་སྐྱེ་བ་དང་གཟུགས་མེད་ནས་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་རྣམས་ཏེ། སྔ་མ་ལ་རྣམ་ཤེས་དགེ་བ་དང་ཉོན་མོངས་ཅན་གྱི་ཐོབ་པ་སྔར་ནས་ཡོད་པ་དང་ཕྱི་མ་ལ་རང་ས་ན་མིག་གི་རྣམ་ཤེས་མེད་པའི་ཕྱིར་རོ། །མུ་གཉིས་པ་ནི། གཉིས་པ་ལ་སོགས་པ་ནས་དང་པོ་དང་འདོད་པར་སྐྱེས་པ་སྲིད་པ་བར་མར་ཉིང་མཚམས་སྦྱོར་བ་དང་། གཉིས་པ་ལ་སོགས་པར་དང་པོའི་མིག་ཤེས་མངོན་དུ་བྱས་པ་ན་ཡིན་ཏེ་མིག་གིས་རིགས་སམ་རྫས་སྔར་ནས་ཡོད་པའི་ཕྱིར་རོ། །མུ་གསུམ་པ་ནི། གཟུགས་མེད་ནས་བསམ་གཏན་དང་པོ་དང་འདོད་པའི་བར་སྲིད་དུ་སྐྱེས་པ་ནའོ། །མུ་བཞི་པ་ནི། གཟུགས་མེད་ནས་དེ་ཉིད་དུ་སྐྱེ་བ་ནའོ། །ཡང་གི་སྒྲས་ལྡན་པ་ཙམ་གྱིས་མུ་བཞི་བསྟན་ཏེ། མིག་ཁོ་ན་དང་ལྡན་པ་ནི། བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་གཟུགས་ལ་མི་ལྟ་བའི་དུས་དེའི་ཚེ་རང་ས་ན་མིག་ཤེས་མེད་ཅིང་དང་པོའི་ལུང་མ་བསྟན་དེ་མངོན་དུ་མ་བྱས་པ་ན་ཐོབ་པ་མེད་པས་སོ། །མིག་ཤེས་ཁོ་ན་དང་ལྡན་པ་ནི། འདོད་པའི་མིག་མ་ཐོབ་པའམ་ཉོན་མོངས་པ་རྣམས་ཏེ། མིག་ལུང་མ་བསྟན་ཡིན་པས་ཐོབ་པ་སྔ་ཕྱི་མི་རུང་ལ་རྣམ་ཤེས་དགེ་བ་དང་ཉོན་མོངས་ཅན་ལྡན་པའོ། །མུ་གསུམ་པ་ནི། འདོད་པའི་མིག་ཐོབ་ལ་མ་ཉམས་པ་ལ་སོགས་པའོ། །བཞི་པ་ནི། གཟུགས་མེད་པར་སྐྱེས་པའོ། །དེ་བཞིན་དུ་མིག་དང་གཟུགས་དང་མིག་ཤེས་ལ་ཡང་སྦྱར་ཞིང་། རྣ་བ་ལ་སོགས་པ་ལ་ཡང་ཚུལ་འདིས་མཚོན་ཞིང་ཅི་རིགས་པར་སྦྱར་བར་བྱའོ། །བདུན་པ་ཕྱི་ནང་ལ་སོགས་པའི་དབྱེ་བ་ལ་བདུན་ཏེ། ཕྱི་ནང་གི་དབྱེ་བ་རྟེན་བཅས་དེ་མཚུངས། མཐོང་སྤང་སོགས་ཀྱི་བྱེ་བྲག ལྟ་བ་ཡིན་མིན་གྱི་བྱེ་བྲག རྣམ་ཤེས་གང་གིས་ཤེས་པར་བྱ་བ། རྟག་མི་རྟག་གི་དབྱེ་བ། དབང་པོ་ཡིན་མིན་གྱི་དབྱེ་བའོ། །དང་པོ་ནི། ཁམས་བཅོ་བརྒྱད་ལས་ནང་གི་ཁམས་ནི་བཅུ་གཉིས་ཏེ་གཟུགས་ལ་སོགས་པ་ཡུལ་དྲུག་མ་གཏོགས་པའི་ལྷག་མ་རྣམས་སོ། །ཡུལ་དྲུག་ཕྱིའི་ཁམས་ཡིན་པའི་ཕྱིར་རོ། །ཕྱི་ནང་གི་ཁྱད་པར་ལ་བདག་དང་བདག་གི་བ་དང་། རྒྱུད་དང་གྲུབ་མཐའ་དང་། ཡུལ་ཡུལ་ཅན་དང་། སྐྱེ་མཆེད་ཀྱི་དབང་དུ་བྱས་པ་སོགས་ལས་འདིར་ཕྱི་མའི་དབང་དུ་བྱས་སོ། །གཉིས་པ་ནི། ཁམས་བཅོ་བརྒྱད་ལས་ཆོས་ཀྱི་ཁམས་ཞེས་བྱ་བ་ནི་གཅིག་ཏུ་བརྟེན་པ་དང་བཅས་པ་ཡིན་ཏེ། ཚོགས་ལམ་ཆེན་པོ་དང་འཕགས་པ་ཐམས་ཅད་ལ་ཆོས་ཐམས་ཅད་བདག་མེད་པའོ་སྙམ་པའི་ཡེ་ཤེས་སྐྱེ་བས་སོ། །ཁམས་ལྷག་མ་བཅུ་པོ་ནི་རྟེན་བཅས་སུ་མ་ཟད་དེ་དང་མཚུངས་པ་དག་ཀྱང་ཡིན་ཏེ། དེ་ལ་མིག་གང་གིས་འདས་པ་ན་གཟུགས་བལྟས་པ་དང་ད་ལྟ་ལྟ་བཞིན་པ་དང་མ་འོངས་པ་ན་བལྟ་བར་འགྱུར་བ་ནི་རང་གི་བྱ་བ་ཡུལ་ལ་ལོངས་སྤྱོད་པའམ་རྣམ་ཤེས་སྐྱེད་པའི་ཕྱིར་རྟེན་བཅས་ཡིན་ལ། ཁ་ཆེ་བ་ནི། མིག་གཟུགས་མ་མཐོང་བར་འགགས་པ་དང་འགག་པ་དང་འགག་པར་འགྱུར་བ་དང་མི་སྐྱེ་བའི་ཆོས་ཅན་ཏེ་བཞི་ནི་རང་གི་བྱ་བ་མི་བརྟེན་ལ་རྟེན་བཅས་དང་གཟུགས་ཅན་དང་རིགས་འདྲ་བས་དེ་མཚུངས་སུ་འདོད་ལ། ཉི་འོག་པ་ནི། མི་སྐྱེ་བའི་ཆོས་ཅན་ལ་ཡུལ་འཛིན་ལ་མ་སྐྱེས་པའམ་འདོད་པ་དང་དང་པོའི་མིག་རྣམ་ཤེས་དང་བཅས་པ་དང་། ཡུལ་མི་འཛིན་ལ་མ་སྐྱེས་པའམ་གཉིས་པ་ཡན་ཆད་ཀྱི་མིག་རྣམ་ཤེས་མེད་པ་གཉིས་སུ་ཕྱེ་ནས་སྔར་འདོད་དེ་ལུས་ཀྱི་བར་དུ་ཡང་དེ་བཞིན་ནོ། །གཟུགས་ནི་མིག་གི་རྣམ་ཤེས་བསྐྱེད་ནས་འགགས་པ་དང་འགག་པ་དང་འགག་པར་འགྱུར་བ་དག་རྟེན་བཅས་ཡིན་ལ། མིག་གི་རྣམ་ཤེས་མ་སྐྱེད་པར་དེ་གསུམ་དང་མི་སྐྱེ་བའི་ཆོས་ཅན་ནི་རང་གི་བྱ་བ་མི་བརྟེན་ལ་མིག་གི་ཡུལ་དུ་འགྱུར་རུང་དུ་མཚན་ཉིད་འདྲ་བས་དེ་མཚུངས་ཏེ་རེག་བྱའི་བར་དུ་དེ་བཞིན་ནོ། །སེམས་ཀྱི་ཁམས་བདུན་ནི་སྐྱེ་ན་རང་གི་བྱ་བ་ཡུལ་ལ་ལོངས་སྤྱོད་པར་ངེས་པའི་ཕྱིར་དུས་གསུམ་གྱི་སྐྱེ་འགྱུར་ཐམས་ཅད་རྟེན་བཅས་ཡིན་ལ། མི་སྐྱེ་བའི་ཆོས་ཅན་ཁོ་ན་དེ་མཚུངས་སོ། །དེ་མཚུངས་དེའི་མཚན་ཉིད་གང་ཞེ་ན། ཁམས་གང་ཞིག་རང་གི་ལས་མི་བྱེད་པ་སྟེ་དེས་ན་རྟེན་བཅས་མིན་ལ། དེས་གང་རང་གི་ལས་བྱེད་པ་རྟེན་བཅས་སུ་བཤད་དོ། །དེ་ལ་དབང་པོའི་ལས་ནི་ཡུལ་གྱི་ཡུལ་ཅན་དང་རྣམ་ཤེས་ཀྱི་རྟེན་གྱི་ངོ་བོར་བསྟན། ཡུལ་ནི་དབང་པོ་དང་རྣམ་ཤེས་ཀྱི་ཡུལ་དང་དམིགས་པའི་ངོ་བོར་བསྟན། རྣམ་ཤེས་ནི་དབང་པོའི་རྟེན་པ་དང་ཡུལ་འཛིན་བྱེད་ཀྱི་ངོ་བོར་བསྟན་པའམ། མིག་གིས་ལྟ་བའི་བྱེད་པ་བརྟེན་པ་ལ་སོགས་པའོ། །གང་ལ་ལྟོས་ནས་རྟེན་བཅས་དང་དེ་མཚུངས་སུ་བཞག་པ་ནི་དབང་པོ་དང་རྣམ་ཤེས་ནི་གཅིག་གི་རྟེན་བཅས་ཡིན་པ་དེ་ཀུན་གྱི་རྟེན་བཅས་ཏེ། རང་གི་བྱ་བ་བརྟེན་ཅིང་གཞན་གྱི་བལྟ་བ་ལ་སོགས་པ་དེའི་བྱ་བ་ཡིན་པས་སོ། །དེ་མཚུངས་ཀྱང་དེ་ལྟར་ཡིན་ལ། ཡུལ་རྣམས་ནི་ཐུན་མོང་བ་ཡིན་པའི་ཕྱིར་རྒྱུད་ཐ་དད་ཀྱིས་བྱ་བ་བྱས་པ་དང་མ་བྱས་པའི་བྱེ་བྲག་གིས་གཉིས་ཀར་བཞག་གོ །གལ་ཏེ་དྲི་རོ་རེག་བྱ་གསུམ་ནི་ཕྲད་ནས་འཛིན་པའི་ཕྱིར་གཅིག་དང་ཕྲད་པ་དེ་གཞན་དང་མི་འཕྲད་པས་མིག་ལ་སོགས་པ་བཞིན་དུ་བཞག་པར་མི་རིགས་སོ་ཞེ་ན། མིན་ཏེ། དེ་དག་རྒྱུད་འདི་ཁོ་ནས་འཛིན་གྱི་གཞན་གྱིས་མིན་ནོ་ཞེས་པའི་ངེས་པ་མེད་ཀྱི་ཐུན་མོང་གིས་འཛིན་དུ་རུང་བས་རྒྱུད་སྤྱིའི་དབང་གིས་བཞག་གོ་ཞེས་འགྲེལ་པས་བཤད་ལ། ཊཱི་ཀ་ལས་ནི་གླང་པོ་དང་སྣ་བུག་གི་སྲིན་བུས་དྲི་གཅིག་པ་ཐུན་མོང་དུ་འཛིན་སྲིད་དོ་ཞེས་ཏེ་དེ་ནི་རྡུལ་ཕྲ་རགས་ཐ་དད་པས་ལན་དུ་མི་ཆེ་བར་འཆད་དོ། །གོང་མ་བ་ནི་དབང་པོ་ལྔ་ཁོ་ན་ལ་བརྟེན་བཅས་དེ་མཚུངས་སུ་འཇོག་གི་གཞན་ལ་མི་བཞེད་དོ། །གསུམ་པ་ལ་དངོས་དང་། རྩོད་སྤོང་གཉིས་ལས། དང་པོ་ནི། ཁམས་བཅོ་བརྒྱད་ལས་གཟུགས་ཅན་བཅུ་ནི་གཅིག་ཏུ་སྒོམ་པས་སྤང་བྱ་ཡིན་ལ། དེར་མ་ཟད་རྣམ་ཤེས་ཀྱི་ཁམས་དང་པོ་ལྔ་ཡང་སྒོམ་སྤང་ཡིན་ཏེ་བེམས་པོ་དང་རྟོག་མེད་ཡིན་པས་བདེན་པ་ལ་ལོག་པར་མི་རྟོག་ཅིང་ལོག་པར་རྟོག་པ་དང་འབྲེལ་བ་ཡང་མིན་པས་མཐོང་སྤང་མིན་ལ་ཟག་བཅས་ཡིན་པས་སྤང་བྱ་ཡིན་པའི་ཕྱིར་རོ། །ཁམས་ཐ་མ་གསུམ་ལ་མཐོང་སྤང་དང་། སྒོམ་སྤང་དང་། སྤང་བྱ་མིན་པ་རྣམ་པ་གསུམ་ཀ་ཡོད་དེ་ཕྲ་རྒྱས་བརྒྱད་ཅུ་རྩ་བརྒྱད་ཐོབ་པ་དང་བཅས་པ་དང་པོ། གཞན་ཕྲ་རྒྱས་བཅུ་འཁོར་དང་བཅས་པ་དང་དགེ་བ་ཟག་བཅས་མ་བསྒྲིབས་ལུང་མ་བསྟན་ཐམས་ཅད་སྒོམ་སྤང་དང་ཟག་མེད་རྣམས་སྤང་བྱ་མིན་པའི་ཕྱིར་རོ། །མཐོང་སྤང་གི་མཚན་ཉིད། འཕགས་པའི་བདེན་པ་ལ་དངོས་དང་བརྒྱུད་ནས་ལོག་པར་རྟོག་པའོ། །ཞེས་གསུངས་ཀྱང་མཚུངས་ལྡན་མ་ཡིན་པ་ལ་ལོག་རྟོག་མེད་པས་སྒོམ་སྤང་ལས་གཞན་པའི་སྤང་བྱ་ཟག་བཅས་སམ། གཉེན་པོ་མཐོང་ལམ་གྱིས་སྤངས་པར་བྱ་བའོ། །སྒོམ་སྤང་གི་མཚན་ཉིད། ཤེས་བྱ་རང་གི་མཚན་ཉིད་ལ་ལོགས་པར་ཞུགས་པའོ། །ཞེས་གསུངས་ཀྱང་མཚུངས་ལྡན་དང་ཉོན་མོངས་ཅན་མ་ཡིན་པ་ལ་མཚན་ཉིད་མེད་པས་མཐོང་སྤང་ལས་གཞན་པའི་སྤང་བྱ་ཟག་བཅས་སམ། འཕགས་པ་ལ་ལྟོས་ནས་གཉེན་པོ་སྒོམ་ལམ་གྱི་སྤང་བྱར་བྱས་པའོ། །གཉིས་པ་ནི། གནས་མ་བུའི་སྡེ་པ་ན་རེ། སོ་སྐྱེ་དང་ངན་སོང་དུ་སྐྱེ་བའི་རྒྱུ་ལུས་ངག་གི་ལས་རྣམས་མཐོང་སྤང་ཡིན་ཏེ་མཐོང་ལམ་སྐྱེས་པ་ན་དེ་དག་བཟློག་པས་སོ་ཞེ་ན། སོ་སྐྱེ་ནི་མཐོང་སྤང་མིན་ཏེ་ཉོན་མོངས་པ་ཅན་མིན་པའི་ཕྱིར། དེ་དག་དགེ་བ་ཡིན་ན་དགེ་རྩ་ཆད་པ་ལ་མི་ལྡན་ཞིང་ཉོན་མོངས་ཅན་ཡིན་ན་ཆགས་བྲལ་ལ་མི་ལྡན་པར་འགྱུར་བས་མ་བསྒྲིབས་ལུང་མ་བསྟན་ཡིན་པའི་ཕྱིར་རོ། །གཞན་དུ་ན་ལམ་འགག་འགྱུར་གྱིས་སྒྲིབ་པ་སྤང་བའི་ཕྱིར་དུཿཁ་ཆོས་བཟོད་ཀྱི་ཚེ་ཡང་སོ་སྐྱེར་འགྱུར་རོ། །ངན་སོང་གི་རྒྱུ་ལས་ཀྱང་མཐོང་སྤང་མིན་ཏེ་གཟུགས་ཅན་ཡིན་པའི་ཕྱིར། གོང་མ་ལས་མཐོང་སྤང་དུ་བཤད་པ་ནི་སེམས་ཅན་ཀུན་སློང་གི་ཉོན་མོངས་ལ་དགོངས་ཞེས་གསུངས་པ་ནི་མི་འཐད་པས་མཚན་ཉིད་པའོ། །ཡང་དེ་གཉིས་ཀ་མཐོང་སྤང་མིན་ཏེ་དྲུག་པ་ཡིད་ལས་སྐྱེས་པ་མིན་པའི་ཕྱིར། འགྲེལ་པ་ལས་དབང་པོ་ལྔ་ལས་སྐྱེས་པ་གང་ཡིན་པ་སྟེ་ཞེས་པའི་དོན་དུ་བསམ་ནས་སྒོ་ལྔའི་རྣམ་ཤེས་མཐོང་སྤང་དུ་འདོད་པ་ནི་མི་འཐད་ལ། འགྲེལ་པ་ལས་དཔེ་སྟོན་པའི་དབང་དུ་མཛད་པའོ། །འདིར་བྲལ་ལ་མ་སྤངས་པ་དང་། དེ་ལས་ལོག་པ་དང་། གཉིས་ཀ་དང་། གཉིས་ཀ་མིན་པ་བཞི་ལས། དང་པོ་ནི། མཐོང་ལམ་ཐོབ་པ་ན་སོ་སྐྱེ་ལྟ་བུ། གཉིས་པ་ནི། དགྲ་བཅོམ་པའི་དབང་པོ་གཟུགས་ཅན་ལྟ་བུ། གསུམ་པ་ནི། མཐོང་ལམ་རྫོགས་པར་ཐོབ་པ་ན་མཐོང་སྤང་ལྟ་བུ། བཞི་པ་ནི། དེ་དག་ལས་གཞན་པ་དག་གོ །བཞི་པ་ལ་གཉིས་ཏེ། དངོས་དང་། དེ་ལས་འཕྲོས་པའོ། །དང་པོ་ནི། ཁམས་བཅོ་བརྒྱད་ལས་མིག་དང་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ནི་ལྟ་བ་ཡིན་ཏེ། གང་ཞེ་ན། ཉོན་མོངས་ཅན་ལྔ་དང་འཇིག་རྟེན་པ་དང་སློབ་པ་དང་མི་སློབ་པའི་ཡང་དག་པའི་ལྟ་བ་སྟེ་རྣམ་པ་བརྒྱད་དོ། །ལྷག་མ་ཕྱེད་དང་བཅུ་བདུན་ནི་ལྟ་བ་མ་ཡིན་ཏེ་གཟུགས་ལ་ལྟ་བ་མིན་པ་དང་ཤེས་བྱ་ལ་ངེས་པར་རྟོག་པ་མེད་པའི་ཕྱིར་རོ། །གཉིས་པ་ལ་བདུན་ཏེ། སྒོ་ལྔའི་རྣམ་ཤེས་ལྟ་བར་འདོད་པ་དགག རྟེན་བཅས་ཀྱི་མིག་ལྟ་བར་བསྒྲུབ། དབང་པོས་ཡུལ་འཛིན་པའི་ཚུལ། རྟེན་བཅས་ཀྱི་དུས་ངེས་པ། དབང་པོ་རྟེན་དུ་འཇོག་པའི་ཚུལ། དབང་ཤེས་རྟེན་གྱི་འདོགས་པའི་རྒྱུ་མཚན། རྟེན་སོགས་བཞིའི་མཚུངས་ལྡན་གྱི་ཁྱད་པར་རོ། །དང་པོ་ནི། ལྟ་བ་བརྒྱད་པོ་ནི་ཡིད་ཤེས་དང་མཚུངས་ལྡན་ཁོ་ནར་ངེས་ན། སྒོ་ལྔའི་རྣམ་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་ཉོན་མོངས་ཅན་དང་ཟག་མེད་ཀྱི་ལྟ་བ་མིན་ཀྱང་། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཅི་སྟེ་མིན་ཞེ་ན། རྣམ་ཤེས་དང་པོ་ལྔ་དང་མཚུངས་ལྡན་དུ་སྐྱེས་པའི་བློ་ནི་ཡང་དག་པའི་ལྟ་བ་མིན་ཏེ་ཡུལ་ལ་ངེས་པར་རྟོག་པ་མེད་པའི་ཕྱིར། གཉིས་པ་ནི། འོ་ན་མིག་ཀྱང་ལྟ་བ་མིན་པར་འགྱུར་རོ་ཞེ་ན། མིག་ནི་རྟོག་པར་བྱེད་པའི་ལྟ་བ་མིན་ཡང་གཟུགས་ལ་ལྟ་བའི་ཆ་ནས་ལྟ་བ་ཡིན་ཏེ། མིག་གིས་གཟུགས་རྣམས་མཐོང་བའི་ཕྱིར་རོ། །མིག་ཐམས་ཅད་ཀྱིས་མཐོང་བ་ནི་མིན་ཏེ། བརྟེན་པ་དང་བཅས་པ་ཁོ་ནས་མཐོང་ངོ་། །མདོ་སྡེ་པ་ནི་རྣམ་ཤེས་ཁོ་ནས་མཐོང་བར་འདོད་དོ། །བྱེ་སྨྲ་ན་རེ། མིག་དེ་ལ་བརྟེན་པའི་རྣམ་ཤེས་ཁོ་ནས་གཟུགས་མཐོང་བ་མིན་ཏེ། གང་གི་ཕྱིར་ན་རྩིག་པ་སོགས་ཀྱི་བར་དུ་ཆོད་པ་ཡི་གཟུགས་ནི་མཐོང་བ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རྣམ་ཤེས་ཁོ་ནས་མཐོང་ན་ཐོགས་མེད་ཡིན་པས་ཆོད་པའང་མཐོང་རིགས་པ་ལས་དབང་པོ་ཐོགས་བཅས་དང་སྡོམས་ནས་མཐོང་བའོ་ཞེས་སོ། །ལོ་ཞེས་པ་ནི་སློབ་དཔོན་མ་རངས་པ་སྟེ། ཆུ་དྭངས་པ་སོགས་ཀྱིས་ཆོད་ཀྱང་མཐོང་ལ་རི་རབ་ནི་གང་གིས་མ་ཆོད་ཀྱང་མི་མཐོང་བས། མཐོང་བ་ནི་སྣང་བ་ལ་གེགས་ཡོད་མེད་ཀྱི་རྣམ་ཤེས་སྐྱེ་མི་སྐྱེ་བའི་རྗེས་སུ་བྱེད་པའི་ཕྱིར་རྟགས་མ་གྲུབ་ལ། ཁྱབ་པའང་མ་གྲུབ་སྟེ་དབང་པོས་ཀྱང་མ་འཕྲད་པར་འཛིན་པས་བར་དུ་ཆོད་པ་མཐོང་རིགས་པར་ཐལ། རྣམ་ཤེས་དམིགས་པ་དང་ཡུལ་ལ་ཐོགས་བཅས་ཡིན་པས་ཐོགས་པ་གཏན་མེད་དུ་མ་གྲུབ་ཅིང་སྒྲིབ་པ་ལ་ཐོགས་མེད་ཡིན་ཡང་མ་ངེས་སོ། །ཉི་འོག་པ་ནི་མདོ་སྡེ་པ་དང་མཐུན་ནོ། །གསུམ་པ་ལ་གསུམ་སྟེ། མིག་གཉིས་ཀས་མཐོང་བ། ཕྲད་མ་ཕྲད་ཀྱིས་འཛིན་ཚུལ། མཉམ་མི་མཉམ་གྱིས་འཛིན་ཚུལ་ལོ། །དང་པོ་ནི། མིག་གིས་གཟུགས་རྣམས་མཐོང་ཞེས་པའི་མིག་གཉིས་ཀས་རྣམ་ཤེས་སོ་སོའམ་གཅིག་བསྐྱེད་ནས་མཐོང་ཞེ་ན། མིག་ནི་གཉིས་ཀ་དག་གིས་ཀྱང་རྣམ་ཤེས་རྫས་གཅིག་བསྐྱེད་པའི་ཚུལ་གྱིས་མཐོང་སྟེ། མིག་གཅིག་གིས་མཐོང་ན་མི་གསལ་བ་ལས་གཉིས་པ་ཕྱེ་བའི་ཚེ་སྔར་བས་གསལ་བར་མཐོང་བའི་ཕྱིར་རོ། །དཔེར་ན་ཁང་པ་གཅིག་ཏུ་མར་མེ་གཉིས་བྱས་ན་ཤིན་ཏུ་གསལ་བ་བཞིན་ནོ། །དེ་ལྟར་མིན་ན་གྲངས་མང་དུ་འགྱུར་གྱི་གསལ་བར་འགྱུར་བར་མི་རིགས་ཏེ་སྔ་མའི་གྲོགས་མིན་པའི་ཕྱིར། དཔེར་ན་ལྷ་བྱིན་གྱིས་མིག་ཕྱེ་བས་མཆོད་སྦྱིན་གྱིས་མཐོང་བ་གསལ་བར་མི་འགྱུར་བ་བཞིན་ནོ། །རྟེན་གཉིས་སུ་ཆད་པས་བརྟེན་པ་གཉིས་སུ་འགྱུར་བ་ཡང་མིན་ཏེ་རྣམ་ཤེས་ནི་ལུས་ཅན་མིན་པས་ཡུལ་ན་མི་གནས་པའི་ཕྱིར་རོ། །མདོ་སྡེ་པ་ནི་རེས་འགའ་གཅིག་ལ་རེས་འགའ་ཐ་དད་པར་འདོད་པར་མངོན་ཞེས་འཆད་དོ། །གཉིས་པ་ནི། །དབང་པོ་དྲུག་གིས་ཡུལ་དང་ཕྲད་ནས་སམ་མ་ཕྲད་པར་འཛིན་ཞེ་ན། མིག་དང་ཡིད་དང་རྣ་བ་གསུམ་ནི་ཡུལ་དང་མ་ཕྲད་པར་འཛིན་ཏེ། རིམ་བཞིན་རྒྱང་རིང་པོ་ནས་གཟུགས་མཐོང་ཞིང་སྒྲ་ཐོས་པ་དང་། ཡིད་ནི་ལུས་ཅན་མིན་པས་ཕྲད་པར་མི་རུང་བའི་ཕྱིར་རོ། །ཕྲད་ནས་འཛིན་ན་དེ་གསུམ་ལ་མངོན་ཤེས་མེད་པར་འགྱུར་རོ། །ཁ་ཅིག་རྣ་བས་ཕྲད་ནས་ཀྱང་འཛིན་པར་འདོད་དོ། །སྣ་ལྕེ་ལུས་གསུམ་ནི་མ་ཕྲད་པ་ལས་གཞན་དུ་ཕྲད་ནས་འཛིན་ཏེ། དབུགས་མ་རྔུབས་པར་དྲི་མི་འཛིན་ཅིང་རྒྱང་རིང་པོའི་རོ་རེག་མི་འཛིན་པར་ཡང་གྲུབ་བོ། །འོ་ན་རང་དང་ལྷན་ཅིག་པའི་ཡུལ་ཅི་སྟེ་མི་འཛིན་ཞེ་ན། ནུས་པའི་ཆོས་ཉིད་དེ་མ་ཕྲད་པར་འཛིན་པས་ཀྱང་ཐམས་ཅད་མི་འཛིན་པ་བཞིན་ནོ། །ཕྲད་པ་དང་མ་ཕྲད་པའི་དོན་ནི་ཐམས་ཅད་ཀྱིས་འདབ་འབྱོར་པ་ལ་འདོད་དོ། །གསུམ་པ་ནི། ཅི་དབང་པོ་དྲུག་གིས་ཡུལ་མཉམ་པའམ་འོན་ཏེ་མི་མཉམ་པ་ཞིག་འཛིན་ཞེ་ན། སྣ་ལ་སོགས་པ་གསུམ་གྱིས་རང་དང་ཕྲད་པར་འཛིན་པས་མཉམ་པ་སྟེ་དབང་པོའི་རྒྱ་ཇི་ཙམ་པའི་ཡུལ་འཛིན་པར་འདོད་ལ། མིག་རྣ་གཉིས་ནི་ཡུལ་མཉམ་པར་མ་ངེས་ཤིང་ཡིད་ནི་ལུས་ཅན་མིན་པས་ཚད་ཡོངས་སུ་ཆད་པ་མེད་དོ། །གལ་ཏེ་དབང་པོས་ཡུལ་ཕྲད་ནས་འཛིན་པ་མི་འཐད་དེ། རྡུལ་འདུས་པ་ནི་བསྐོར་བ་བར་བཅས་ཡིན་པས་ཕན་ཚུན་ཕྲད་པ་མེད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ་ཕན་ཚུན་འདབ་འབྲེལ་བ་ལ་ཕྲད་པའི་ཐ་སྙད་བྱས་པའོ། །བཞི་པ་ནི། ཐ་མའི་ཡུལ་ལྔ་དུས་གསུམ་ཡིན་པ་ལྟར་རྟེན་ཡང་དེ་ལྟར་ཡིན་ནམ་ཞེ་ན། མིན་ཏེ། རྣམ་ཤེས་དྲུག་ལས་ཐ་མ་ཡིད་ཀྱི་ཤེས་པའི་རྟེན་ནི་རྣམ་ཤེས་གཉིས་དུས་མཉམ་དུ་མི་འབྱུང་བས་འདས་མ་ཐག་པའི་ཡིད་ཁོ་ན་ཡིན་ལ། རྣམ་ཤེས་ཚོགས་ལྔ་པོ་རྣམས་ཀྱི་རྟེན་མིག་ལ་སོགས་པ་ནི་དེ་དག་དང་ལྷན་ཅིག་སྐྱེས་པ་སྟེ་དུས་མཉམ་པ་ཡིན་ཞིང་། འང་གི་སྒྲས་འདས་པའི་ཡིད་ཀྱང་ཐུན་མོང་གི་རྟེན་ཡིན་ནོ། །ལྔ་པ་ནི། རྣམ་ཤེས་ནི་དབང་པོ་དང་ཡུལ་གཉིས་ཀ་ལས་སྐྱེ་ན་དབང་པོ་ཁོ་ན་རྟེན་དུ་འདོད་ཅེ་ན། མིག་ལ་སོགས་པའི་དབང་པོ་དེ་དག་གསལ་མི་གསལ་དུ་གྱུར་པས་རྣམ་ཤེས་གསལ་མི་གསལ་དུ་འགྱུར་བ་ཉིད་ཡིན་པའི་ཕྱིར་མིག་ལ་སོགས་པ་ནི་རྟེན་ཡིན་ལ་གཟུགས་སོགས་ནི་དེ་ལྟར་མིན་པས་རྟེན་དུ་མ་བཤད་དོ། །དྲུག་པ་ནི། དབང་པོ་རྟེན་ཡིན་དུ་ཆུག་ནའང་རྣམ་ཤེས་རྟེན་གྱིས་མཚོན་གྱི་ཡུལ་གྱིས་མ་ཡིན་ཞེ་ན། དབང་པོ་རྟེན་ཡིན་པ་དེའི་ཕྱིར་རྒྱུད་གཅིག་ལ་ལྟོས་ནས་གཟུགས་ནི་མིག་ཤེས་དང་ཡིད་ཤེས་ཀྱི་ཐུན་མོང་དང་མིག་ནི་མིག་ཤེས་ཁོ་ནའི་རྒྱུ་ཡིན་ལ་གཟུགས་ནི་རྒྱུད་གཞན་གྱི་ཡང་མིག་ཤེས་ཀྱི་རྒྱུ་དང་མིག་ནི་རྒྱུད་གཅིག་ཁོ་ནའི་མིག་ཤེས་ཀྱི་རྒྱུ་ཡིན་པས་ཐུན་མོང་མ་ཡིན་པ་ཡིན་པའི་ཕྱིར་མིག་སོགས་དེ་དག་ཉིད་ཀྱི་སྒོ་ནས་ནི་རྣམ་ཤེས་ཀྱི་ཐ་སྙད་བསྟན་ལ། ཡུལ་གྱི་སྒོ་ནས་མ་བསྟན་ཏེ། རྔའི་སྒྲ་དང་ནས་ཀྱི་མྱུ་གུ་ཞེས་པ་བཞིན་ནོ། །བདུན་པ་ལ་བཞི་སྟེ། མིག་སོགས་བཞིའི་ཁྱད་པར། རྣ་བའང་དེ་དང་མཐུན་པར་བསྟན་པ། སྣ་སོགས་གསུམ་གྱི་ངེས་པ། ཡིད་མ་ངེས་པར་བསྟན་པའོ། །དང་པོ་ནི། ཅི་རྟེན་ཁོག་པ་ལ་མིག་གི་རྣམ་ཤེས་བསྐྱེད་དེ་གཟུགས་ལ་ལྟ་བ་ན་བཞི་པོ་དེ་དག་ས་གཅིག་གམ་ཐ་དད་ཅེ་ན། སྤྱིར་རྟེན་དང་མིག་དང་གཟུགས་ནི་འདོད་པ་དང་བསམ་གཏན་བཞི་སྟེ་ས་ལྔ་པ་ཡིན་ལ། རྣམ་ཤེས་ནི་འདོད་པ་དང་བསམ་གཏན་དང་པོའོ། །དེ་དག་གི་ངེས་པ་ནི་ས་གོང་མའི་ལུས་ལ་ས་འོག་མའི་མིག་མངོན་དུ་བྱེད་པ་མ་ཡིན་ཏེ། རང་སའི་མིག་མཆོག་ཡོད་བཞིན་དུ་འོག་མའི་དམན་པས་དགོས་པ་མེད་པའི་ཕྱིར་རོ། །དོན་གྱི་ས་ན་རང་སའི་ལུས་ལ་རང་སའི་མིག་དང་འོག་སའི་ལུས་ལ་གོང་མའི་མིག་མངོན་དུ་བྱེད་རུང་བས་འདོད་པའི་མིག་ས་གཅིག་ནས་བཞི་པའི་མིག་ས་ལྔ་པའི་བར་གྱི་རྟེན་དུ་སྦྱར་རོ། །ས་འོག་མའི་མིག་གིས་ས་གོང་མའི་གཟུགས་མཐོང་བ་མིན་ཏེ། དམན་པའི་ཡུལ་མཆོག་མིན་པའི་ཕྱིར་རོ། །རང་དང་འོག་སའི་མཐོང་བས་འདོད་པའི་མིག་གིས་ཡུལ་ས་གཅིག་ནས་བཞི་པའི་མིག་གིས་ཡུལ་ས་ལྔའི་བར་དུ་སྦྱར་རོ། །རྣམ་པར་ཤེས་པའང་ཞེས་པ་ནི་འོག་སའི་མིག་ལ་གོང་མའི་ཤེས་མ་ཡིན་ཞེས་སྦྱར་ཏེ། སེངྒེའི་འོ་མ་རྫ་ལ་མི་བརྟེན་པ་ལྟར་རྟེན་དམན་པ་འོག་མའི་མིག་ལ་བརྟེན་པ་ཁྱད་པར་ཅན་གོང་མའི་རྣམ་ཤེས་རྟེན་དུ་མི་རུང་བས་འདོད་པ་དང་དང་པོའི་མིག་ལ་རང་སའི་རྣམ་ཤེས་བརྟེན་ལ། གཉིས་པ་ཡན་ཆད་རང་ས་ན་རྣམ་ཤེས་མེད་པས་གོང་མའི་མིག་ལ་འོག་ས་དང་པོའི་རྣམ་ཤེས་མངོན་དུ་བྱེད་པའོ། །འོན་ཀྱང་གོང་མ་བསམ་གཏན་བཞི་པར་འདོད་པའི་རྣམ་ཤེས་མངོན་དུ་མི་བྱེད་དེ་དང་པོ་ན་མཆོག་ཡོད་པས་སོ། །བཤད་མ་ཐག་པ་དང་པོའི་མིག་ཤེས་དེའི་ཡུལ་གཟུགས་ལའང་འོག་གི་ཐམས་ཅད་དུ་ཞེས་པ་སྦྱར་ཏེ། དང་པོ་ཉིད་ཀྱི་མིག་ལ་བརྟེན་པའི་ཚེ་འདོད་པ་དང་དེའི་གཟུགས་མཐོང་བ་ནས་བཞི་པའི་མིག་ལ་བརྟེན་པའི་ཚེ་ལྔ་ཆར་གྱི་གཟུགས་མཐོང་བའི་བར་དུའོ། །དམན་པའི་ཡུལ་མཆོག་མིན་པར་འདོད་ན་གོང་མའི་གཟུགས་ཇི་ལྟར་ཡུལ་ཡིན་ཞེ་ན། མི་སྟོབས་ཆུང་ངུ་ཡང་རྒྱལ་པོ་ལ་བརྟེན་ན་སྟོབས་ཆེ་བར་འགྱུར་བ་ལྟར་གོང་མའི་མིག་མཆོག་ལ་བརྟེན་པས་སོ། །རྟེན་ལུས་ཀྱིའང་ཡུལ་གཟུགས་དང་ཡུལ་ཅན་རྣམ་ཤེས་གཉིས་ཀ་ཐམས་ཅད་ཀྱི་རྟེན་དུ་རུང་བ་ཡིན་ཏེ། བསམ་གཏན་དང་པོའི་ལུས་ནི་དང་པོའི་རྣམ་ཤེས་ཀྱིས་དང་པོའི་གཟུགས་དང་། འདོད་པ་དང་གཉིས་པ་ཡན་ཆད་ཀྱི་གཟུགས་མཐོང་བའི་རྟེན་ཡིན་ལ། འདོད་པའི་ལུས་ནི་རང་སའི་རྣམ་ཤེས་དང་དང་པོའི་རྣམ་ཤེས་ཀྱི་གཟུགས་མཐོང་བའི་རྟེན་ཡིན་ཞིང་གཉིས་པ་ཡན་གྱི་ལུས་ནི་དང་པོའི་རྣམ་ཤེས་ཀྱིས་གོང་འོག་རང་ས་ཐམས་ཅད་ཀྱིས་གཟུགས་མཐོང་བའི་རྟེན་དུ་རུང་བ་ལྟ་བུའོ། །དེ་ན་འདིར་འདོད་པའི་ལུས་ཀྱི་དེའི་མིག་ལ་བརྟེན་ནས་དེའི་རྣམ་ཤེས་ཀྱི་དེའི་གཟུགས་ལ་བལྟ་ན་ཐམས་ཅད་ས་གཅིག་ཅིང་། འདོད་པའི་ལུས་ཀྱིས་གསུམ་པའི་མིག་ལ་བརྟེན་ནས་དང་པོའི་རྣམ་ཤེས་མངོན་དུ་བྱས་ཏེ་གཉིས་པའི་གཟུགས་ལ་ལྟ་ན་ཐམས་ཅད་ས་ཐ་དད་པ་ལ་སོགས་པ་ཅི་རིགས་སུ་སྦྱར་རོ། །གཉིས་པ་ནི། རྣ་བའི་དྲི་བ་དང་ས་གང་ཡིན་པ་དང་སོ་སོའི་ངེས་པའང་མིག་ལ་བཤད་པ་དེ་བཞིན་ཏེ། ལུས་ལ་འོག་མའི་རྣ་མ་ཡིན། །རྣ་བས་གོང་མའི་སྒྲ་མ་ཡིན། །རྣམ་པར་ཤེས་པའང་དེ་ཡི་སྒྲ། །ལུས་ཀྱིའང་གཉིས་ཀ་ཐམས་ཅད་དུ། །ཞེས་རྒྱ་ཆེར་སྦྱར་རོ། །གསུམ་པ་ནི། སྣ་ལྕེ་ལུས་གསུམ་གྱི་དྲི་བ་སྔར་བཞིན་ཡིན་ལ། ས་ནི་རྟེན་དང་དབང་པོ་དང་རེག་བྱ་ནི་ས་ལྔ་པ་དང་། དྲི་རོ་དང་སྣ་ལྕེའི་རྣམ་ཤེས་ནི་འདོད་པ་ཁོ་ན་ན་ཡོད། ལུས་ཀྱི་རྣམ་ཤེས་ནི་འདོད་པ་དང་དང་པོ་པའོ། །གསུམ་པོ་དག་གི་ངེས་པ་ནི་ཡུལ་དང་ཕྲད་ནས་འཛིན་པས་ཚེད་པ་དང་རྒྱང་རིང་པོ་ཡུལ་དུ་བྱེད་པའི་མངོན་ཤེས་མེད་པའི་ཕྱིར། རྟེན་དང་དབང་པོ་དང་ཡུལ་དང་རྣམ་ཤེས་ཐམས་ཅད་རང་གི་ས་པ་ཉིད་ཡིན་ལ། དྲན་པ་ཉེར་གཞག་ལས། སྣ་སྤྲུལ་ན་དཔག་ཚད་ལྔ་བརྒྱའི་དྲི་ཚོར་ཞེས་བཤད་པ་ཡོད་དོ། །ཐམས་ཅད་དེ་ལྟར་ཡིན་ནམ་ཞེ་ན། སྤྱིར་བཏང་ནས་དམིགས་བསལ་ནི། བསམ་གཏན་གཉིས་པ་ལ་སོགས་པ་ས་གསུམ་དུ་སྐྱེས་པའི་རེག་བྱ་རེག་པ་ན། ལུས་ཀྱི་རྣམ་ཤེས་འོག་ས་དང་པོའི་འདྲེན་པ་དང་། འདོད་པ་དང་དང་པོའི་རེག་བྱ་རེག་པ་ན་རང་གི་ས་པའི་རྣམ་ཤེས་སོ། །བཞི་པ་ནི། །ཡིད་ལ་སོགས་པ་གསུམ་ནི་ས་ཐམས་ཅད་ན་ཡོད་ཅིང་རྟེན་ནི་ལུས་ལ་བྱས་ན་ས་ལྔ་པ་དང་རྒྱུད་ལ་བྱས་ན་ས་དགུ་པའོ། །དེ་ནི་མིག་ལ་སོགས་པ་ལྟར་ས་གོང་འོག་མ་ངེས་པ་ཡིན་ཏེ། འདོད་པ་ཞིག་དེའི་ཡིད་ཀྱིས་དེའི་ཆོས་ལ་དམིགས་པའི་ཡིད་ཤེས་བསྐྱེད་ན་ས་གཅིག་པ་དང་། སྲིད་རྩེའི་བར་གྱིས་ཡིད་ཤེས་བསྐྱེད་ན་མི་གཅིག་པ་ཡོད་དེ་བསམ་གཏན་བཞི་པའི་རྟེན་ལ་འོག་མའི་ཡིད་དང་ཡིད་ཤེས་སྤྲུལ་སེམས་དང་སྤྱོད་ལམ་པ་དང་། ཟག་བཅས་སྲིད་རྩེ་ལ་ཅི་ཡང་མེད་ཀྱི་ཟག་མེད་འབྱུང་ཞིང་ཉིང་མཚམས་སྦྱོར་བའི་ཚེ་མ་གཏོགས་གཟུགས་མེད་དང་པོ་གསུམ་ལ་འོག་མའི་ཡིད་ཤེས་མི་འབྱུང་ལ་གཟུགས་མེད་ཀྱིས་འདོད་པའི་ཆོས་ལ་མ་དམིགས་པ་ལ་སོགས་པའོ། །ལྔ་པ་ནི། ཁམས་བཅོ་བརྒྱད་པོ་དག་རྣམ་ཤེས་དྲུག་པོ་གང་གིས་ཤེས་པར་བྱ་ཞེ་ན། རྣམ་ཤེས་གཉིས་ཀྱིས་ཕྱི་ཡི་ལྔ། །ཞེས་བཅོས་ཏེ། གཟུགས་སོགས་ཕྱིའི་ཡུལ་ལྔ་ནི་རྣམ་ཤེས་གཉིས་གཉིས་ཀྱིས་ཤེས་པར་བྱ་བ་ཡིན་ཏེ། མིག་དང་ཡིད་ཤེས་གཉིས་ཀྱིས་གཟུགས་ཤེས་པ་ལ་སོགས་པའོ། །ནང་གི་བཅུ་གཉིས་དང་ཆོས་ནི་ཡིད་ཤེས་ཁོ་ནས་ཤེས་སོ། །དྲུག་པ་ནི། ཁམས་བཅོ་བརྒྱད་ལས་རིལ་པོར་རྟག་པ་ནི་མེད་ལ། ཆོས་ཁམས་ཀྱི་ཕྱེད་འདུས་མ་བྱས་གསུམ་ནི་རྟག་པ་དང་ལྷག་མ་ཕྱེད་དང་བཅོ་བརྒྱད་ནི་མི་རྟག་པའོ། །འདི་རྫས་ལྡན་དང་ཟློས་སོ་ཞེ་ན། འདིར་མི་རྟག་པ་བཅད་ཙམ་གྱི་སྐྱེ་འཇིག་མེད་པའི་རྟག་པ་མདོ་སྡེ་པ་དང་མཐུན་པར་བསྟན་ལ། སྔ་མ་ནི་བྱེ་སྨྲའི་འདོད་པ་ལྟར་གྱི་རྟག་རྫས་བསྟན་ཏོ། །བདུན་པ་ནི། ཁམས་བཅོ་བརྒྱད་ལས་དབང་པོ་ནི་དུ་དབང་པོ་མིན་པ་ནི་དུ་ཞེ་ན། ཆོས་ཁམས་ཀྱི་ཕྱེད་ཚོར་བ་ལྔ་སྲོག་དང་དད་སོགས་ལྔ་དབང་པོ་ཐ་མ་གསུམ་གྱི་ཆ་རྣམས་ཏེ་ཕྱེད་དང་བཅུ་བཞི་དང་། ཁམས་གང་དག་ནང་གི་ཁམས་སུ་བཤད་པ་བཅུ་གཉིས་ནི་མིག་སོགས་རང་གི་མིང་གིས་སྨོས་པ་ལྔ། ལུས་དབང་གི་ཕྱོགས་གཅིག་ཕོ་མོའི་དབང་པོ་གཉིས་སེམས་ཀྱི་ཁམས་བདུན་ནི་ཡིད་དབང་དང་། ཐ་མ་གསུམ་གྱི་ཆ་སྟེ་ཕྱེད་དང་བཅུ་གཅིག་གོ །བྱེ་སྨྲ་ནི་རིག་པ་དང་རིག་པ་མིན་པར་ཕྱེ་ནས་ཡིད་སྲོག་གི་འོག་ཏུ་འདོན་ལ། མདོ་སྡེ་པ་ནི་དེ་ལྟར་ན་མདོ་ལས་གསུངས་པའི་རིམ་པ་ལ་མ་གུས་པར་འགྱུར་བས་མདོ་ཇི་ལྟ་བར་ཡིད་ལུས་ཀྱི་འོག་ཏུ་འདོན་ཏོ། །ལྷག་མ་ཕྱིའི་ལྔ་དང་ཆོས་ཁམས་ཀྱི་ཕྱེད་ནི་དབང་པོ་མིན་པར་གྲུབ་བོ། །དགོས་པ་ནི་དབང་པོའི་སྐབས་འབྲེལ་བར་བྱ་བ་དང་། ཆོས་ཀྱི་མཚན་ཉིད་རྟོགས་པའི་ཆེད་དོ། །ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་གཞུང་དོན་རབ་ཏུ་གསལ་བའི་ཉི་མ་ལེགས་བཤད་སྒྲོགས་པའི་རྔ་ཆེན་ཞེས་བྱ་བ་ལས་ཁམས་བསྟན་པ་ཞེས་བྱ་བ་གནས་དང་པོའི་བཤད་པའོ།། ༈ །།ད་ནི་གནས་གཉིས་པ་འཆད་དེ། དབང་པོ་ཞེས་པའི་དབང་པོ་ནི་གང་། འདུས་བྱས་ཆོས་རྣམས་དེ་དག་ཀྱང་། །ཞེས་པའི་སྐྱེ་ཚུལ་ནི་གང་ཞེ་ན། ལན་ལ། སྐབས་དོན་དབང་པོའི་རང་བཞིན། འདུས་བྱས་ཆོས་ཀྱི་སྐྱེ་ཚུལ། སྐྱེ་བྱེད་རྒྱུ་རྐྱེན་འབྲས་བུ་དང་བཅས་པའོ། །དང་པོ་ལ་དྲུག་སྟེ། དབང་པོའི་རྣམ་བཞག རྣམ་པའི་རབ་དབྱེ། རྙེད་པའི་ཚུལ། གཏོང་བའི་ཚུལ། དགེ་སྦྱོང་ཚུལ་གྱི་འབྲས་བུ་དབང་པོ་དུས་ཐོབ་པ། དབང་པོའི་ལྡན་ཚུལ་ལོ། །དང་པོ་ལ་གསུམ་སྟེ། དབང་བསྒྱུར་བའི་སྒོ་ནས་ངོ་བོ་བཤད། དབང་བསྒྱུར་བྱའི་སྒོ་ནས་གྲངས་ངེས་བཤད། སྐབས་སུ་བབ་པའི་དབང་པོ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། བྲེ་བྲག་ཏུ་སྨྲ་བའི་ལུགས། མདོ་སྡེ་པའི་ལུགས་སོ། །དང་པོ་ནི། དབང་པོའི་སྐད་དོད་ལ་ཨིནྡྲ་ཞེས་འབྱུང་བ་ལ་རྐྱེན་བྱིན་ཏེ་ཨིནྡྲ་ཨཱི་ཤྭ་ར་ཞེས་བྱ་བ་དབང་ཕྱུག་དམ་པའོ། །ཞེས་པར་འགྱུར་ལ། དེ་ནི་ཤིན་ཏུའམ་ལྷག་པར་དབང་བྱེད་པས་ན་དབང་པོ་ཞེས་བྱའོ། །གང་ཞིག་གང་ལ་དབང་བྱེད་ཅེ་ན། མིག་སོགས་ལྔ་པོ་རྣམས་ནི་དོན་བཞི་བཞི་ལ་དབང་བྱེད་དེ། མིག་ལོང་བ་སོགས་ནི་མི་མཛེས་པས་དེ་དག་གིས་རྟེན་མཛེས་པ་དང་། གཟུགས་སྒྲ་ཡང་བ་སྤངས་པ་དང་། ཁམ་ཟས་གསུམ་ལ་ལོངས་སྤྱོད་པས་དབང་པོ་རྟེན་བཅས་རྒྱས་ཤིང་ལུས་བསྲུང་བ་དང་། མཐོང་ཐོས་ལ་སོགས་པ་གཞན་ལ་མེད་པའི་ཐ་སྙད་ཐུན་མོང་མིན་པ་དང་། རང་རང་གི་རྣམ་ཤེས་མཚུངས་ལྡན་དང་བཅས་པ་བསྐྱེད་པ་ལ་དབང་བྱེད་དོ། །ཕོ་མོ་སྲོག་ཡིད་བཞི་པོ་རྣམས་ནི་དོན་གཉིས་གཉིས་ལ་དབང་བྱེད་དེ། ཕོ་མོས་ནི་འདི་ནི་ཕོའོ་འདི་ནི་མོའོ་ཞེས་སེམས་ཅན་གྱི་བྱེ་བྲག་དང་། ཕོ་ནི་ཁ་དོག་དཀར་བ་དང་དབྱིབས་འཛར་བ་དང་ནུ་མ་ཆུང་བ་དང་ང་རོ་སྐད་གསང་མཐོ་བ་དང་བསམ་པ་བུད་མེད་ལ་སེམས་པ་དང་འདུན་པ་དྲག་པོ་ལ་སོགས་པ་ཡིན་ལ་མོ་ནི་དེ་དག་ལས་བཟློག་པས་ཁྱད་པར་ལ་དབང་བྱེད་ཅིང་། གཞན་དག་ན་རེ། ཀུན་བྱང་ལ་དབང་བྱེད་དེ་དེ་དང་མི་ལྡན་པ་ལ་སྡོམ་མིན་དང་སྡོམ་པ་ལ་སོགས་པ་མེད་པའི་ཕྱིར་རོ། །ཞེས་སོ། །སྲོག་ནི་བར་སྲིད་ཀྱི་ཚེ་སྲོག་གཞིར་གནས་པ་ལས་ཕུང་པོ་སྐྱེ་བས་རིགས་མཐུན་པར་ཉིང་མཚམས་སྦྱོར་བ་དང་། དེ་མ་ཤིའི་བར་དུ་གནས་པར་བྱེད་པས་རིགས་མཐུན་གནས་པ་ལ་དབང་བྱེད། ཡིད་ནི་ཡང་སྲིད་པར་ཉིང་མཚམས་སྦྱོར་བ་དང་། ལུས་ངག་གི་ལས་ཡིད་དང་རྗེས་སུ་མཐུན་པར་འཇུག་པ་ལ་དབང་བྱེད་དོ། །འདི་དང་སྲོག་གི་ཁྱད་པར་ནི་དེས་བར་སྲིད་ཁོ་ན་དང་འདིས་བར་སྲིད་དང་སྐྱེ་སྲིད་གཉིས་སུ་ཉིང་མཚམས་སྦྱོར་བ་དང་། དེ་དུས་མཉམ་པ་དང་འདི་སྐད་ཅིག་སྔ་མའི་ཡིད་ཀྱིས་གཉིས་པའི་སྲིད་པ་ལེན་པས་དུས་ཐ་དད་པའོ། །ལོ་ཞེས་པ་ནི་སློབ་དཔོན་དེ་དག་ལ་མ་རངས་པ་སྟེ། ལྔ་བཞི་ལ་དབང་བྱེད་པ་མ་ཡིན་ཏེ། རྟེན་མཛེས་པར་ནི་དབང་རྟེན་གྱིས་བྱེད་ལ། ལུས་བསྲུང་བ་དང་ཐ་སྙད་ཐུན་མོང་མིན་པ་ནི་ཡུལ་འཛིན་པ་ལ་ལྟོས་པས་རྣམ་ཤེས་ཁོ་ནས་བྱེད་པའི་ཕྱིར་ཐ་མ་གཅིག་པུ་འཐད་ཅིང་། བསྐལ་པ་དང་པོའི་མི་དང་གཟུགས་ཀྱི་ལྷ་ཡང་ཕོ་མོ་ཡིན་པས་དེ་གཉིས་ཀྱི་བྱེ་བྲག་དེའི་དབང་པོས་བྱས་པ་མིན་གྱི། ཁྱད་པར་ཁོ་ནས་བྱས་པ་ཡིན་ལ། སྲོག་ཀྱང་ཉིང་མཚམས་སྦྱོར་བ་མིན་ཞིང་ཡིད་ཀྱི་གཉིས་པོ་སྐྱོན་མེད་དོ། །ཞེས་གསུངས་སོ། །ཚོར་བ་ལྔ་ནི་ཀུན་ནས་ཉོན་མོངས་ལ་དབང་བྱེད་དེ། བདེ་བ་ལ་འདོད་ཆགས། དུཿཁ་ལ་ཞེ་སྡང་། བཏང་སྙོམས་ལ་གཏི་མུག་རྒྱས་སོ། །ཁ་ཅིག་ནི་རྣམ་བྱང་ལ་དབང་བྱེད་དེ། མདོ་ལས། བདེ་བར་གྱུར་པའི་སེམས་ནི་མཉམ་པར་གཞག་གོ །ཞེས་དང་། དུཿཁའི་རྒྱུ་ཅན་གྱི་དད་པ་ཞེས་པས་སོ་ཟེར་རོ། །ཐ་མ་བརྒྱད་པོ་དེ་རྣམས་ནི་རྣམ་པར་བྱང་བ་མྱང་འདས་ལ་དབང་བྱེད་དེ། ཚོགས་སྦྱོར་གྱི་དད་སོགས་ཐར་པའི་བརྒྱུད་རྒྱུ་དང་། ཟག་མེད་དང་པོ་གཉིས་ཀྱིས་ལྷག་བཅས་ཐ་མས་ལྷག་མེད་ཐོབ་པར་བྱེད་དོ། །གཉིས་པ་ནི། མིག་ལ་སོགས་པ་ནི་རང་གི་དོན་གཟུགས་ལ་སོགས་པ་ལ་དམིགས་པའི་རྣམ་ཤེས་མཚུངས་ལྡན་དང་བཅས་པ་བསྐྱེད་པ་དང་། ཡིད་ནི་ཆོས་ཐམས་ཅད་ལ་དམིགས་པར་དབང་བྱེད་པའི་ཕྱིར་ནང་གི་དབང་པོ་དྲུག་གཞག་གོ །འོ་ན་ཡུལ་གྱིས་ཀྱང་རྣམ་ཤེས་བསྐྱེད་པས་དབང་པོར་ཐལ་ལོ་ཞེ་ན། མིན་ཏེ། མིག་སོགས་ནི་ལྷག་པར་དབང་བྱེད་ལ། གཟུགས་སོགས་ནི་དེ་ལྟ་མིན་པའི་ཕྱིར་རོ། །མོའི་དབང་པོ་ནི་མོའི་ཁྱད་པར་ཉིད་ལ་དབང་བྱེད་ལ་ཕོ་ཡང་དེ་ཉིད་ལ་དབང་བྱེད་པའི་ཕྱིར་དབང་པོ་ཡིན་ལ། དེ་ཡང་མུ་སྟེགས་འདོད་པ་ལྟར་ལུས་ལས་ཐ་དད་མིན་གྱི་ལུས་ཀྱི་བྱེ་བྲག་འདོམས་ཀྱི་ཕྱོགས་དག་ལ་མོ་དང་ཕོའི་དབང་པོ་དག་བཞག་སྟེ། རེག་བྱ་ལ་དམིགས་པའི་རྣམ་ཤེས་བསྐྱེད་པའི་ཕྱིར་དཔེར་ན་ལག་པ་བཞིན་ནོ། །ཞེས་མདོ་སྡེ་པ་འདོད་ཅིང་བྱེ་སྨྲ་ནི་རེག་བྱ་འཛིན་པའི་ཕྱིར་ཞེས་གསུངས་སོ། །རིས་མཐུན་གནས་པ་དང་སྔར་ལྟར་ཀུན་ནས་ཉོན་མོངས་དང་ཉོན་མོངས་པའི་མགོ་གནོན་ཅིང་ལམ་འདྲེན་པའི་ཕྱིར་རྣམ་པར་བྱང་བ་ལ་དབང་བྱེད་པའི་ཕྱིར་རིམ་བཞིན་སྲོག་དང་ཚོར་བ་ལྔ་པོ་རྣམས་དང་དད་སོགས་དབང་པོ་ལྔར་འདོད་དོ། །གོང་དང་གོང་ནས་མྱང་འདས་ཐོབ། །སོགས་པ་ལ་ནི་དབང་བྱེད་ཕྱིར། །ཞེས་འགྱུར་བཅོས་ཏེ། གོང་མ་ཀུན་ཤེས་པ་ཐོབ་པ་ལ་དབང་ཐོབ་པས་ཀུན་ཤེས་བྱེད་པ་དང་། གོང་མ་ཀུན་ཤེས་ལྡན་པ་ཐོབ་པ་ལ་དབང་བྱེད་པས་ཀུན་ཤེས་པ་དང་། ལྷག་མེད་ཀྱི་མྱ་ངན་ལས་འདས་པ་ཐོབ་པ་ལ་དབང་བྱེད་པའི་ཕྱིར་ཀུན་ཤེས་ལྡན་པའི་དབང་པོ་གཞག་སྟེ། དབང་པོ་གཉིས་རྒྱུ་མཐུན་དང་ཐ་མ་སྐྱེས་བུ་བྱེད་པའི་འབྲས་བུའོ། །སོགས་པས་མཐོང་སྤང་སྤོང་བ་དང་སྒོམ་སྤང་སྤོང་བ་དང་མཐོང་ཆོས་ལ་བདེ་བར་གནས་པ་སྟེ་ཉོན་མོངས་སྤངས་པའི་རྣམ་གྲོལ་དང་ཡིད་བདེ་བ་མྱོང་བར་དབང་བྱེད་པའི་ཕྱིར་དེ་གསུམ་བཞག་སྟེ། དང་པོ་གཉིས་བྲལ་འབྲས་དང་ཐ་མ་བདག་པོའམ་སྐྱེས་བུའི་བྱེད་པའོ། །དེ་བཞིན་ཞེས་པ་བྱེ་སྨྲས་ཐ་མ་བརྒྱད་སྤྱིར་བསྟན་པ་ལས། མདོ་སྡེ་པས། དད་སོགས་ལ་ལོགས་སུ་བཤད་པ་དེ་བཞིན་དུ་ཟག་མེད་གསུམ་ལ་ཡང་ཡོད་པར་སྟོན་པའོ། །ཅི་ལྷག་པར་དབང་བྱེད་པས་དབང་པོ་ཡིན་ན་ཉུང་བར་སྨྲས་པ་སྟེ། གྲངས་ཅན་འདོད་པའི་ཁའི་དབང་པོ་སོགས་ཀྱང་སྨྲ་བ་སོགས་ལ་དབང་བ་དང་། རང་ལ་གྲགས་པའི་མ་རིག་པ་སོགས་ཀྱང་འདུ་བྱེད་སོགས་ལ་དབང་བས་ཁ་བསྐང་དགོས་སོ་ཞེ་ན། ལན་ལ། གཉིས་པ་ལ་གཉིས་ཏེ། བྱེ་བྲག་ཏུ་སྨྲ་བའི་ལུགས་དང་། མདོ་སྡེ་པའི་ལུགས་གཉིས། དང་པོ་ནི། ཀུན་བྱང་རྟེན་དང་བཅས་པའི་དབང་དུ་བྱས་པ་སྟེ། སེམས་ཀྱི་རྟེན་མིག་སོགས་དྲུག་དང་རྟེན་དེ་བླང་དོར་གྱི་རྟེན་དུ་རུང་བའི་སྐྱེས་པ་དང་བུད་མེད་བྱེ་བྲག་དུ་བྱེད་པ་ཕོ་མོ་དང་། སེམས་ཅན་དེ་མ་ཤིའི་བར་དུ་གནས་པ་སྲོག་དང་དགུ་པོ་འདི་ནི་ཀུན་བྱང་གཉིས་ཀའི་ཐུན་མོང་བའི་གཞིའོ། །སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པ་ཉིད་དུ་བྱེད་པ་ཚོར་བ་ལྔ་དང་དད་སོགས་ལྔས་ཚོགས་གསོག་པར་བྱེད་པ་དང་། ཟག་མེད་གསུམ་གྱིས་དངོས་སུ་རྣམ་པར་བྱང་བ་ལྷག་བཅས་ལྷག་མེད་གཉིས་ཐོབ་པར་བྱེད་པས་དབང་བསྒྱུར་བྱ་ཇི་སྙེད་པ་ལ་ལྟོས་ནས་དབང་པོ་དག་ཀྱང་ཉེར་གཉིས་པོ་དེ་སྙེད་དུ་ངེས་སོ། །གཉིས་པ་ནི། ཡང་ན་འཁོར་བར་འཇུག་ལྡོག་གི་དབང་དུ་བྱས་པ་སྟེ། སྔར་འཁོར་བར་གཏན་མ་ཞུགས་པ་འཇུག་པ་ནི་མེད་ཀྱི་ལས་བསགས་པས་བསྒྲུབས་པས་འཁོར་བའི་གཙོ་བོ་སྔོན་དུས་ཀྱི་སྲིད་པ་ཡིན་པས་དེར་འཇུག་པའི་རྟེན་ནི་སྲིད་པ་བར་མའི་མིག་སོགས་དྲུག་དང་ནི་དེའི་སྐྱེ་མཆེད་དྲུག་སྐྱེ་བར་བྱེད་པ་ཕོ་མོའི་དབང་པོ་གཉིས་དང་། སྐྱེས་པ་གནས་པར་བྱེད་པ་སྲོག་དང་། ཡུལ་ལ་ཉེ་བར་ལོངས་སྤྱོད་པ་ནི་ངན་སོང་ན་དུཿཁ་གཉིས་མཐོ་རིས་ན་བདེ་བ་གཉིས་ཤས་ཆེ་བ་ལ་བཏང་སྙོམས་གཉིས་ཀ་ན་ཡོད་པས་ཚོར་བ་ལྔ་སྟེ་དེ་ལྟར་ན་འཇུག་པ་ལ་དབང་པོ་བཅུ་བཞིའོ། །འཇུག་པའི་ཕྱོགས་ལ་དབང་པོ་བཅུ་བཞི་བཞག་པ་དེ་བཞིན་དུ། འཁོར་བ་ལས་ལྡོག་པ་ལ་ཀུན་ནས་ཉོན་མོངས་ཀྱི་དབང་པོ་ལས་གཞན་རྣམ་བྱང་གི་དབང་པོ་བརྒྱད་པོ་རྣམས་ནི་གཞག་པ་ཡིན་ཏེ། མྱང་འདས་ཀྱི་རྟེན་ཚོགས་སྦྱོར་གྱི་དད་སོགས་ལྔ། དང་པོར་ཟག་མེད་སྐྱེ་བ་ལ་དབང་བྱེད་པ་ཀུན་ཤེས་བྱེད་པ། ས་དགུའི་སྤངས་བྱ་སྤོང་བའི་ཕྱིར་དུ་རྒྱུན་གནས་པར་བྱེད་པ་ཀུན་ཤེས་པ། རྣམ་གྲོལ་གྱི་དགའ་བདེ་ལ་ཉེ་བར་ལོངས་སྤྱོད་པ་ཀུན་ཤེས་ལྡན་པ་སྟེ་དེ་ལྟར་ན་དབང་པོ་བརྒྱད་དོ། །གོ་རིམ་ཀྱང་འཁོར་བར་འཇུག་བཟློག་གི་ཤུགས་ལ་གྲུབ་བོ། །གསུམ་པ་ནི། མིག་སོགས་དྲུག་ནི། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །ཞེས་དང་། རྣམ་ཤེས་སོ་སོ་རྣམ་རིག་པ། །ཞེས་པར་བཤད་ཟིན་ཞིང་། ཕོ་མོ་གཉིས་ནི། ལུས་ལ་ཕོ་དབང་ཞེས་སོགས་སུ་བཤད་ལ། སྲོག་དང་དད་སོགས་ནི། སྲོག་ནི་ཚེ་ཡིན་དྲོད་དང་ནི། །ཞེས་དང་། བློ་གྲོས་དྲན། །ཏིང་ངེ་འཛིན་སེམས་ཐམས་ཅད་ལ། །ཞེས་དང་། དད་དང་བརྩོན་འགྲུས་ཞེས་པར་འཆད་པར་འགྱུར་ལ། འདིར་ཚོར་བ་ལྔ་དང་ཟག་མེད་གསུམ་སྟོན་པས་འདི་ལ་གཉིས་ཏེ། ཚོར་བ་ལྔའི་ངོ་བོ། དྲི་མེད་གསུམ་གྱི་ངོ་བོའོ། །དང་པོ་ནི། ལུས་ཀྱི་ཚོར་བ་སིམ་པ་མིན་པ་སྟེ་གདུང་བར་མྱོང་བ་གང་ཡིན་པ་ནི་དུཿཁའི་དབང་པོའོ། །ལུས་ཞེས་པའི་སྒྲ་ལུས་དབང་། རྟེན་ཁོག་པ། དབང་པོ་གཟུགས་ཅན་ལྔ། གཟུགས་ཅན་ཐམས་ཅད་ལ་འཇུག་པ་ལས་འདིར་གསུམ་པ་ཡིན་པས་ཡིད་མི་བདེ་དང་། ཚོར་བས་སེམས་བྱུང་གཞན་དང་། སེམས་པ་མ་ཡིན་པས་ལུས་བདེ་དང་བཏང་སྙོམས་གཅོད་དོ། །ལུས་ཀྱི་ཚོར་བ་སིམ་པ་ནི་བདེ་བའི་དབང་པོའོ། །བསམ་གཏན་གསུམ་པ་ན་སེམས་ཀྱི་ཚོར་བ་སིམ་པ་དེ་ནི་བདེ་བའི་དབང་པོ་སྟེ། ཡིད་བདེ་མིན་ཞིང་ལུས་ཚོར་མེད་པས་སོ། །གསུམ་པ་ལས་གཞན་དང་པོ་གསུམ་དང་འདོད་པ་ན་སེམས་ཀྱི་ཚོར་བ་སིམ་པ་དེ་ཡིད་བདེ་བའི་དབང་པོ་ཡིན་ཏེ། སེམས་ཚོར་བརྟན་པ་མ་ཡིན་པའི་ཕྱིར་རོ། །སེམས་ཀྱི་ཚོར་བ་སིམ་པ་མིན་པ་གདུང་བར་མྱོང་བ་ནི་ཡིད་མི་བདེ་བའི་དབང་པོའོ། །བཏང་སྙོམས་ཀྱི་དབང་པོ་ནི་དེ་གཉིས་ཀྱི་བར་མ་སྟེ་སིམ་མི་སིམ་ལས་གཞན་པའི་མྱོང་བའོ། །ལུས་སེམས་གང་གི་བར་མ་ཡིན་ཞེ་ན། གཉིས་ཀའི་བར་མ་ཡིན་ནོ། །འོ་ན་བདེ་སྡུག་ལུས་སེམས་ཐ་དད་དུ་བྱེད་ལ་བཏང་སྙོམས་གཅིག་ཏུ་བྱེད་པའི་རྒྱུ་ཅི་ཡིན་ཞེ་ན། གཉིས་ཏེ། རྒྱུ་ཐ་དད་པ་དང་། བྱེད་ལས་ཕན་གནོད་མི་མངོན་པའོ། །དང་པོ་སེམས་ཀྱི་བདེ་སྡུག་ནི། ཏིང་ངེ་འཛིན་དང་རྣམ་སྨིན་ལས་སྐྱེས་པ་ཅུང་ཟད་རྟོག་པས་མི་སྐྱེ་ཡང་ཕལ་ཆེར་རྣམ་རྟོག་ལེགས་ཉེས་ལས་སྐྱེ་ཞིང་། ལུས་ཀྱི་དེ་གཉིས་ནི་རྣམ་པར་མི་རྟོག་བཞིན་དུ་ཡུལ་སྡུག་མི་སྡུག་གི་སྟོབས་ཀྱིས་དགྲ་བཅོམ་པ་ལ་ཡང་སྐྱེ་བས་རྒྱུ་ཐ་དད་ལ། བཏང་སྙོམས་ནི་གཉིས་ཀ་མི་རྟོག་པ་ཁོ་ནར་རང་གི་ངང་གིས་སྐྱེ་བའི་ཕྱིར་གཅིག་ཏུ་གཞག་གོ །གཉིས་པ་ནི། ལུས་སེམས་ཀྱི་དེ་གཉིས་ཀྱིས་ལུས་སེམས་སོ་སོ་ལ་བརྟན་མི་བརྟན་དུ་ཕན་གནོད་སོ་སོར་མངོན་ལ། བཏང་སྙོམས་ནི་ལུས་སེམས་ལ་ཕན་གནོད་ཀྱི་བྱེ་བྲག་མི་ཕྱེད་པས་གཅིག་ཏུ་སྡོམས་ཏེ་དེས་ན་བཏང་སྙོམས་མེད་པར་སྨྲ་བ་ཡང་བྱུང་ངོ་། །གཉིས་པ་ཟག་མེད་ཀྱི་ངོ་བོ་ནི། གདགས་གཞི་དད་སོགས་ལྔ་ཡིད་དང་བདེ་བ་ཡིད་བདེ་བཏང་སྙོམས་གསུམ་ལ་གང་རུང་གཅིག་ལས་མེད་ཀྱང་རེས་འཇོག་ཏུ་ཡོད་པས་རིགས་ལ་ལྟོས་ནས་དགུ་པོ་དེ་མཐོང་ལམ་གྱི་ཚེ་བདེན་པའི་དོན་སྔར་མ་ཤེས་པ་ཤེས་པར་བྱེད་པས་ཀུན་ཤེས་བྱེད་པ་དང་། སྒོམ་ལམ་གྱི་ཚེ་མངོན་སུམ་དུ་མཐོང་ཟིན་གོམས་པར་བྱེད་པས་ཀུན་ཤེས་པ་དང་། མི་སློབ་ལམ་ལ་བདེན་པ་ཀུན་རྟོགས་སོ་ཞེས་སམ་ཟད་མི་སྐྱེ་ཤེས་པས་དུཿཁ་ཤེས་ཡང་ཤེས་པར་བྱར་མེད་དོ་ཞེས་ཤེས་པ་དང་ལྡན་པས་ཀུན་ཤེས་ལྡན་པའི་དབང་པོ་གསུམ་ཡིན་ནོ། །ཀུན་བཏུས་ལས་གོང་མ་གཉིས་ལ་ཡིད་མི་བདེ་ཡང་ཡོད་པས་དབང་པོ་བཅུའོ་ཞེས་བཤད་དོ། །ས་མཚམས་ནི་བསྡུ་བ་ལས་ཚོགས་ལམ་ནས་ཡོད་པར་བཤད། ཀུན་བཏུས་དང་ཤེར་ཕྱིན་ལས་སྦྱོར་ལམ་ནས་ཡོད་པར་བཤད་དོ། །གཉིས་པ་རྣམ་པའི་རབ་དབྱེ་ལ་དྲུག་སྟེ། ཟག་བཅས་ཟག་མེད། རྣམ་སྨིན་ཡིན་མིན། རྣམ་སྨིན་དང་བཅས་མ་བཅས། དགེ་སོགས་གསུམ་གྱི་ཁྱད་པར། ཁམས་གསུམ་གྱི་ཁྱད་པར། སྤང་བྱ་ཡིན་མིན་གྱི་དབྱེ་བའོ། །དང་པོ་ནི། འོ་ན་དབང་པོ་ཉེར་གཉིས་པོ་དག་ལས་ཟག་བཅས་ཟག་མེད་དུ་ཞེ་ན། བཤད་མ་ཐག་པ་གསུམ་ནི་གཅིག་ཏུ་དྲི་མ་མེད་པ་ཡིན་ཏེ། ལམ་གསུམ་ཁོ་ན་ལ་བཞག་པའི་ཕྱིར་རོ། །གཟུགས་ཅན་བདུན་དང་སྲོག་དང་ལུས་སེམས་ཀྱི་དུཿཁ་དག་སྟེ་བཅུ་ནི་ཟག་པ་དང་བཅས་པ་ཁོ་ན་སྟེ་ལམ་བདེན་དང་འདུས་མ་བྱས་མིན་པས་སོ། །གཞན་དགུ་ལ་ཟག་མེད་གསུམ་གྱི་གདགས་གཞིར་གྱུར་པ་ཟག་མེད་དང་། མ་གྱུར་པ་ཟག་བཅས་ཡིན་པས་རྣམ་པ་གཉིས་ཀ་ཡོད་དོ། །ཟག་མེད་ལམ་གྱི་བདེན་པ་དང་། །ཞེས་དང་། དེ་གསུམ་ཟག་བཅས་ཟག་པ་མེད། །ཅེས་པ་དང་དགོས་པ་ཐ་དད་པས་མི་ཟློས་སོ། །ཁ་ཅིག་མདོ་དོན་ལ་འཁྲུལ་ནས་དད་སོགས་ལྔ་ཟག་མེད་ཁོ་ནར་འདོད་པའང་ཡོད་དོ། །གཉིས་པ་ལ། སྲོག་ནི་མཐོ་རིས་དང་ངན་སོང་ན་དགེ་མི་དགེའི་འབྲས་བུ་རྣམ་སྨིན་ཁོ་ནའོ། །འོ་ན་དགྲ་བཅོམ་པ་སྐུ་ཚེའི་གཏོང་འཇོག་བྱེད་པར་བཤད་ལ། རྣམ་སྨིན་ནི་སྔོན་གྱི་འབྲས་བུ་ཡིན་པས་འདོད་དགུར་འབྱུང་བ་འགལ་ལོ་ཞེ་ན། འདིར་རྣམ་སྨིན་ཁོ་ནར་འདོད་པ། ཕལ་ཆེར་རྣམ་སྨིན་དུ་འདོད་པ། ཞར་ལ་སྐུ་ཚེའི་གཏོང་འཇོག་བཤད་པ་གསུམ་ལས། དང་པོ་ནི། ཁ་ཅིག་ན་རེ། བསྟན་བཅོས་ལས་དགྲ་བཅོམ་པ་རབ་མཐའི་བསམ་གཏན་ལ་སྙོམས་པར་འཇུག་ཅིང་དེ་ལས་ལངས་ནས་དགེ་འདུན་ནམ་གང་ཟག་ལ་འཚོ་བའི་ཡོ་བྱད་ཕུལ་ཏེ་བདག་གི་ལོངས་སྤྱོད་ཀྱི་རྣམ་སྨིན་དེ་ཚེའི་རྣམ་སྨིན་དུ་གྱུར་ཅིག་ཅེས་སྨོན་ཞིང་ངག་ཏུ་ཡང་སྨྲས་པས་ལོངས་སྤྱོད་ཚེ་འགྱུར་རོ། །ཞེས་འབྱུང་བས་དེ་ཉིད་མཐོང་ཆོས་ཀྱི་ལས་འཕེན་རྫོགས་གཉིས་ཀ་ཡིན་པའམ། བདེན་པ་མཐོང་ལ་འཕེན་པ་མེད་པར་བྱས་ན་རྫོགས་བྱེད་ཀྱི་རྣམ་སྨིན་དེ་འདིས་མཐོང་ཆོས་ཀྱི་འབྲས་བུ་རྣམ་སྨིན་དངོས་སུ་ཁས་བླངས་དགོས་སོ། །ཁ་ཅིག་ནི་དགྲ་བཅོམ་པ་ཐམས་ཅད་ལ་ཚེ་བསྲིངས་སུ་ཡོད་པ་མིན་གྱི་སྔོན་ལོ་བརྒྱ་ཐུབ་པར་འཕངས་པ་ལས་རྐྱེན་གྱི་དུས་མིན་པར་ཤི་ནས་ཚེ་ལྷག་ལུས་པ་འགའ་ཞིག་དེས་མཐོང་སྟེ་སྔར་གྱི་སྦྱོར་བས་འདིར་འདྲེན་པར་འདོད་དེ། འདིར་མཐོང་ཆོས་ཀྱི་འབྲས་བུ་རྣམ་སྨིན་གྱི་རྒྱུས་འབྲས་བུ་བསྐྱེད་པ་དང་འདྲ་བས་རྣམ་སྨིན་དུ་བཏགས་པ་ཙམ་དུ་ཁས་བླངས་སོ། །གཉིས་པ་ནི། བཙུན་པ་དབྱངས་སྒྲོག་ན་རེ། ཚེ་བསྲིངས་བ་ལུས་དེ་ཉིད་ལ་རབ་མཐའི་བསམ་གཏན་གྱི་སྟོབས་ཀྱི་བསམ་གཏན་བཞི་པའི་འབྱུང་བ་ཚེ་དང་མཐུན་པར་དག་བསྐྱེད་ནས་ལས་ལས་བྱུང་བའི་དབང་པོའི་འབྱུང་བ་དང་སྡོམ་ནས་བསྲིངས་ལ། གཏོང་བ་ན་ཚེ་དང་འགལ་བའི་འབྱུང་བ་བསྐྱེད་པ་སྟེ། དེས་ན་དེ་ནི་ལས་ཀྱི་འཕེན་པ་ཟད་ནས་ཏིང་ངེ་འཛིན་གྱི་མཐུས་འཕེན་པས་རྣམ་སྨིན་མིན་ཡང་སྲོག་རྣམ་སྨིན་ཞེས་པ་ཕལ་ཆེ་བ་ལ་དགོངས་སོ་ཞེས་སོ། །གསུམ་པ་ལ་དྲུག་ལས། རྟེན་ནི། བློ་གསལ་བས་གླིང་གསུམ་གྱི་ཕོ་མོའི་རྟེན་ནོ། །གང་ཟག་ནི། དགྲ་བཅོམ་པ་རབ་མཐའི་བསམ་གཏན་ཐོབ་པ་དུས་དང་མི་སྦྱོར་གཉིས་ཀའི་ཆ་ལས་རྣམ་གྲོལ་ལོ། །ཚུལ་ནི། འཇོག་ཚུལ་ནི་སྔར་བཞིན་དང་གཏང་ཚུལ་ནི་བསམ་གཏན་ལ་འཇུག་ཅིང་ཡོ་བྱད་ཕུལ་ནས་བདག་གི་ཚེའི་རྣམ་སྨིན་ལོངས་སྤྱོད་དུ་གྱུར་ཅིག་ཅེས་སྨོན་ལམ་འདེབས་ཏེ་ཡིད་དང་ལུས་དང་ངག་ལས་རིམ་བཞིན་ནོ། །དགོས་པ་ནི། གཞན་ལ་ཕན་པའམ་བསྟན་པ་སྲུང་ཞིང་གནས་པའི་དོན་དུ་ཚེ་བསྲིངས་བ་ལས་ནུས་པ་གཞན་མ་མཐོང་བས་བསྲིངས་ལ་གསོན་ཡང་དོན་གཉིས་མ་མཐོང་བ་དང་འཁོར་བ་ལ་སྐྱོ་བས་གཏོང་ངོ་། །ཚེ་སྲོག་གི་ཁྱད་པར་ནི། མདོ་ལས། སྲོག་གི་འདུ་བྱེད་དག་བྱིན་གྱིས་བརླབས་ནས་ཚེའི་འདུ་བྱེད་དག་གཏོང་ངོ་ཞེས་གསུངས་ན། དེ་གཉིས་ཀྱི་ཁྱད་པར་གང་ཞེ་ན། བྱེ་སྨྲ་ན་རེ། ཁྱད་པར་མེད་དེ། གདགས་པ་ལས་སྲོག་གང་ཞེ་ན། ཁམས་གསུམ་པའི་ཚེའོ་ཞེས་བཤད་པས་སོ། །མདོ་སྡེ་པ་ནི། སྔོན་དང་ད་ལྟར་གྱི་ལས་ཀྱི་འབྲས་བུ་ཚེ་དང་སྲོག་ཅེས་ཟེར་ལ། འདུ་བྱེད་ཅེས་པ་ནི་རྟག་པ་གཅིག་པུར་མེད་པའམ་མི་ལྡན་འདུ་བྱེད་ཀྱི་རྫས་མེད་ཀྱི་ཕུང་པོའི་རྒྱུན་གནས་པ་ཙམ་དུ་སྟོན་པའོ། །དག་ཅེས་པ་ནི་མང་པོའི་ཚིག་སྟེ་སྐད་ཅིག་གི་དོན་བསྒྲུབ་པ་དང་སྐྱོ་བ་མེད་པའི་ཕྱིར་རོ། །བྱེ་བྲག་ཏུ་སྟོན་པའི་སྐུ་ཚེ་གཏོང་འཇོག་བྱས་པའི་དགོས་པ་ནི་སྐུ་ཚེ་ལ་མངའ་བརྙེས་པར་བསྟན་པའི་ཕྱིར་ཏེ། དེ་ཡང་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམས་པས་འདོད་ན་བསྐལ་པའམ་དེ་བས་ལྷག་པར་བཞུགས་པར་ནུས་སོ་ཞེས་པའི་དམ་བཅའ་བསྒྲུབ་པའི་ཆེད་དང་། ཀུན་ཏུ་རྒྱུ་རབ་བཟང་འདུལ་བའི་ཕྱིར་ཟླ་བ་གསུམ་བྱིན་གྱིས་བརླབས་ལ་དེ་ཕྱིན་ཆད་གདུལ་བྱའི་དོན་བྱེད་པའི་ཕྱིར་གཏང་ཞེས་སློབ་དཔོན་བཞེད་དོ། །བྱེ་སྨྲ་ནི། བདུད་བཞི་ལས་རྒྱལ་བར་བསྟན་པའི་ཕྱིར་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་ཐུན་དང་པོ་ལ་ལྷའི་བུ་དང་། ཐུན་གཉིས་པ་ལ་ལྷའི་སྤྱན་གྱི་འཇིག་རྟེན་ལ་གཟིགས་ནས་གསུམ་པ་ལ་ཉོན་མོངས་པ་དང་། ཡངས་པ་ཅན་དུ་སྲོག་གི་འདུ་བྱེད་བྱིན་གྱིས་བརླབས་པས་འཆི་བདག་དང་། ཀུ་ཤའི་གྲོང་གྱད་ཀྱི་ཉེ་འཁོར་དུ་ཚེའི་འདུ་བྱེད་གཏང་བས་ཕུང་པོའི་བདུད་ལས་རྒྱལ་ལོ་ཞེས་ཟེར་ལ། ཡེ་ཤེས་རྒྱས་པའི་མདོ་ལས། ལས་ཀྱི་བདུད་ཅེས་པ་དང་ལྔ་འབྱུང་ངོ་། །དབང་པོ་བཅུ་གཉིས་ནི་རྣམ་སྨིན་ཡིན་པ་དང་མིན་པ་གཉིས་གཉིས་ཏེ། གཟུགས་ཅན་བདུན་ལ་རྣམ་སྨིན་སྐྱེས་དང་རྒྱས་བྱུང་གཉིས་དང་། ཡིད་དང་ཚོར་བ་བཞི་ལ་ལུང་མ་བསྟན་རྣམ་སྨིན་སྐྱེས་དང་དེ་ལས་གཞན་པ་གཉིས་གཉིས་ཡིན་ལ། ཐ་མ་བརྒྱད་དགེ་བར་ངེས་པ་དང་ཡིད་མི་བདེ་དགེ་མི་དགེ་གང་རུང་དུ་ངེས་པས་རྣམ་སྨིན་དུ་མ་གཏོགས་པ་ཁོ་ནའོ། །འོ་ན་མདོ་ལས་ལས་ནི་གསུམ་སྟེ་ཞེས་ཡིད་མི་བདེ་མྱོང་བར་འགྱུར་བའི་ལས་གསུངས་པ་དང་འགལ་ལོ་ཞེ་ན། མྱོང་འགྱུར་ལྔས་མཚུངས་ལྡན་གྱི་མྱོང་འགྱུར་ལ་བསམ་གྱི་རྣམ་སྨིན་མིན་ཏེ། འདོད་པ་དང་མི་འདོད་པ་སེམས་པའི་རྣམ་རྟོག་ཙམ་ལས་སྐྱེས་ཤིང་ཞི་བའི་ཕྱིར་རོ། །གསུམ་པ་ནི། ཡིད་མི་བདེ་དེ་གཅིག་པུ་ནི་དགེ་བ་ཟག་བཅས་དང་མི་དགེ་བ་གང་རུང་དུ་ངེས་པས་རྣམ་པར་སྨིན་པའི་འབྲས་བུ་དང་བཅས་པ་ཁོ་ན་ཡིན་ལ། དབང་པོ་བཅུ་ནི་རྣམ་སྨིན་དང་བཅས་མ་བཅས་རྣམ་པ་གཉིས་ཏེ། ཡིད་དང་ཚོར་བ་གཞན་བཞིའི་མི་དགེ་བ་དང་དགེ་བ་ཟག་བཅས་ནི་རྣམ་སྨིན་དང་བཅས་ཤིང་ལུང་མ་བསྟན་དང་། ཟག་མེད་ནི་རྣམ་སྨིན་དང་མ་བཅས་ཤིང་དད་པ་ལ་སོགས་པ་ནི་ཟག་བཅས་ཟག་མེད་ཀྱི་བྱེ་བྲག་གོ །ལྷག་མ་གཟུགས་ཅན་བདུན་དང་སྲོག་ནི་ལུང་མ་བསྟན་ཁོ་ན་ཡིན་ལ། ཐ་མ་གསུམ་ནི་ཟག་མེད་ཡིན་པས་རྣམ་སྨིན་གྱི་རྒྱུ་མི་རུང་བའི་ཕྱིར་རྣམ་སྨིན་མེད་པར་གྲུབ་བོ། །བཞི་པ་ནི། དགེ་བ་ཁོ་ནར་ངེས་པ་ཐ་མ་བརྒྱད་ཡིན་ཞིང་། ཡིད་མི་བདེ་བ་ནི་རྣམ་རྟོག་གིས་བསྐྱེད་པས་དགེ་མི་དགེ་རྣམ་པ་གཉིས་སུ་ངེས་པར་ཁ་ཆེ་བ་འདོད་ལ། ཉི་འོག་པ་ནི་ལུང་མ་བསྟན་ཡང་ཡོད་པར་འདོད་དོ། །ཡིད་དང་ཚོར་བ་གཞན་ནི་དགེ་བ་ལ་སོགས་པས་རྣམ་པ་གསུམ་ཀ་དང་། གཞན་གཟུགས་ཅན་བདུན་དང་སྲོག་ནི་རྣམ་པ་གཅིག་སྟེ་ལུང་མ་བསྟན་ཁོ་ནའོ། །ལྔ་པ་ནི། དྲི་མེད་གསུམ་མ་གཏོགས་པ་བཅུ་དགུ་པོའི་རིགས་ནི་འདོད་པའི་སྲེད་པ་རྒྱས་པར་གཏོགས་ལ། དྲི་མེད་གསུམ་དང་དེའི་སྟེང་དུ་འཁྲིག་པའི་འདོད་ཆགས་དང་བྲལ་བ་དང་རྟེན་མི་མཛེས་པར་བྱེད་པས་ཕོ་མོའི་དབང་པོ་ཡང་མེད་ཅིང་། མདོ་ལས། མོས་ཚངས་པ་བྱེད་པ་ནི་གནས་མེད་ཅིང་ཕོ་ནི་གནས་ཡོད་དོ་ཞེས་པ་ནི་ཕོའི་ཁྱད་པར་གཞན་དང་ལྡན་པ་ཙམ་མོ། །ལུས་འོད་ལྟར་དྭངས་པ་ནི་འཕྲལ་གྱི་རྐྱེན་མཚོན་བསྣུན་པ་ལ་སོགས་པ་ལས་བྱུང་བ་དང་མི་དགེ་བ་སྤངས་པས་རྣམ་སྨིན་གྱི་རྒྱུ་ལས་བྱུང་བའི་དུཿཁ་དང་། རྒྱུད་ཞི་གནས་ཀྱིས་བརླན་ཞིང་ཁོང་ཁྲོ་སྤངས་པས་ཀུན་ནས་མནར་སེམས་པའི་གཞི་དགུ་མེད་པས་རྐྱེན་གྱིས་བྱས་པའི་ཡིད་མི་བདེ་བ་དག་མ་གཏོགས་པ་བཅོ་ལྔ་གཟུགས་སུ་གཏོགས་ཏེ་དང་པོ་ན་ཚང་མ་ཡོད་ཅིང་གཉིས་པ་ན་བདེ་བ། གསུམ་པ་ན་ཡིད་བདེ། བཞི་པ་ན་དེ་གཉིས་ཀ་མེད་དོ། །གཞི་དགུ་ནི། བདག་ལ་གནོད་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ། །མཛའ་བོ་ལ་དེ་ལྟར་གསུམ། དགྲ་བོ་ལ་ཕན་བཏགས་སོ་འདོགས་སོ་འདོག་པར་འགྱུར་རོ་ཞེས་པའོ། །སྔར་གྱི་རྣམས་ཤིན་ཏུའང་མེད་ལ་དེའི་སྟེང་དུ་གཟུགས་ཅན་ལྔ་དང་བདེ་བ་གཉིས་པོའང་མ་གཏོགས་པ་བརྒྱད་པོ་གཟུགས་མེད་དུ་གཏོགས་ལ། ཁམས་གསུམ་དུ་མ་གཏོགས་པ་རྫས་ལ་ཟག་མེད་གསུམ་དང་རིགས་ལ་དེ་དག་གི་གདགས་གཞི་དགུ་སྟེ་བཅུ་གཉིས་སོ། །དྲུག་པ་ནི། ཡིད་དང་ཚོར་བ་བདེ་བ་ཡིད་བདེ་བཏང་སྙོམས་གསུམ་ནི་མཐོང་སྤང་དང་མཚུངས་ལྡན་མཐོང་སྤང་། ཟག་མེད་སྤང་བྱ་མིན་པ་དེ་ལས་གཞན་སྒོམ་སྤང་སྟེ་རྣམ་པ་གསུམ་ཆར་དང་། ཡིད་མི་བདེ་བ་ནི་ཟག་བཅས་སུ་ངེས་པས་སྤང་བྱ་གཉིས་དང་། གཟུགས་ཅན་བདུན་སྲོག་དང་དུཿཁ་དགུ་ནི་བདེན་པ་ལ་ལོག་པར་མི་རྟོག་ཅིང་མཉམ་གཞག་ཏུ་མི་རུང་བའི་འདུས་བྱས་ཡིན་པས་སྒོམ་པས་སྤང་བྱ་ཁོ་ན་དང་། དད་སོགས་ལྔ་པོ་ནི་ཟག་མེད་སྤང་བར་བྱ་བ་མིན་ལ། ཡང་གི་སྒྲས་ཟག་བཅས་ནི་སྒོམ་སྤང་དང་ཟག་མེད་གསུམ་ནི་སྤང་བྱ་མིན་པ་ཁོ་ནའོ། །གསུམ་པ་ནི། འདོད་པར་སྐྱེ་གནས་དང་པོ་གསུམ་ནི་དབང་པོ་གཟུགས་ཅན་རིམ་གྱིས་སྐྱེ་བས་དང་པོར་སྐྱེ་སྲིད་ཀྱི་ཚེ་རྣམ་སྨིན་གྱི་ངོ་བོ་ལུས་སྲོག་གི་དབང་པོ་གཉིས་རྙེད་དེ། མིག་སོགས་མེད་ཅིང་ཡིད་དང་བཏང་སྙོམས་ཡོད་ཀྱང་སྐྱེ་བའི་སྲིད་པ་ཉོན་མོངས་ཅན་དུ་ངེས་པས་སོ། །རྫུས་སྐྱེས་ཀྱིས་དུ་རྙེད་ཅེ་ན། རྫུས་ཏེ་སྐྱེ་བས་ནི་དང་པོར་རྣམ་སྨིན་གྱི་ངོ་བོ་གཉིས་ཁོ་ན་ལྷན་ཅིག་རྙེད་པ་མིན་ཏེ། འོ་ན་ཅི་ཞེ་ན། རྫུས་སྐྱེས་དེ་ཡིས་ནི་མཚན་མེད་པ་བསྐལ་པ་དང་པོའི་མི་ལྟ་བུ་ཡིན་ན་གཟུགས་ཅན་ལྔ་གཅིག་ཆར་དུ་གྲུབ་ཅིང་མ་ཚང་བར་མེད་པས་དེ་ལྔ་དང་སྲོག་སྟེ་དྲུག་གམ་ལྷ་ལ་སོགས་མཚན་གཅིག་པ་ལ་དེ་དང་བདུན་ནམ་མཚན་གཉིས་པ་ལ་དེ་གཉིས་ཏེ་བརྒྱད་གཅིག་ཆར་རྙེད་དོ། །དེ་སྐྱེ་གནས་བཟང་པོ་ཡིན་པས་དམན་པའི་མཚན་གཉིས་པ་ཇི་ལྟར་འགྲུབ་ཅེ་ན། བདེ་འགྲོ་ན་མེད་ཀྱང་འགྲོ་བའང་དམན་པའི་ངན་འགྲོ་ན་མི་དགེ་བའི་འབྲས་བུ་དེ་ཡོད་དོ། །གཟུགས་ཀྱི་རྫུས་སྐྱེས་ལ་དང་པོ་ལྟར་དྲུག་གོ །གཟུགས་ལས་སྙོམས་འཇུག་དང་སྐྱེ་བའི་སྒོ་ནས་མཆོག་ཡིན་པས་གོང་མ་གཟུགས་མེད་པར་རྣམ་སྨིན་གྱི་ངོ་བོ་སྲོག་གཅིག་པུ་རྙེད་དོ། །རྣམ་སྨིན་གྱི་ངོ་བོ་ཁོ་ནའི་རྙེད་པ་འཆད་པ་ནི་བཞེད་པ་ཙམ་མམ་གཏོང་བ་ལ་ཐམས་ཅད་སྨོས་པས་ཕན་ཚུན་མཚོན་ཏེ་གཉིས་ཀ་གོ་བར་དགོངས་པའོ། །བཞི་པ་ནི། ཉོན་མོངས་ཅན་ལུང་མ་བསྟན་གྱི་སེམས་ལ་གནས་ཏེ། གཟུགས་མེད་དག་ཏུ་འཆི་བ་ནི་སྲོག་དང་ཡིད་དང་བཏང་སྙོམས་ཉིད་ཐམས་ཅད་ཀྱི་ཐ་མར་འགག་པར་འགྱུར་རོ། །གཟུགས་ན་རྙེད་པའི་གྲངས་ལ་ཡིད་དང་བཏང་སྙོམས་བསྣན་ཏེ་བརྒྱད་དང་། འདོད་པར་ངན་འགྲོའི་རྫུས་སྐྱེས་མཚན་གཉིས་པ་གཅིག་ཆར་དབང་པོ་འགག་ཅིང་འཆི་བ་ལ་ནི་སྔ་མ་བརྒྱད་དང་མཚན་གཉིས་བསྣན་ཏེ་བཅུའམ་མཚན་གཅིག་པ་ལ་དགུའམ་མཚན་མེད་པ་ལ་བརྒྱད་ལྷན་ཅིག་འགག་གོ །རིམ་གྱིས་འཆི་བ་མངལ་སྒོང་དྲོད་གཤེར་སྐྱེས་ལྟ་བུ་དག་ལ་ནི་ལུས་སྲོག་ཡིད་བཏང་སྙོམས་བཞི་འགག་གོ །དགེ་སེམས་ལ་གནས་ཏེ་འཆི་ན་གནས་སྐབས་ཐམས་ཅད་དག་ཏུ་སྔར་གྱི་དབང་པོ་གང་དང་ལྡན་པ་དང་དད་སོགས་ལྔ་ཡང་འགག་པར་འགྱུར་ཏེ། དགེ་སེམས་དང་ལྡན་པ་ལ་དད་སོགས་ལྔ་གདོན་མི་ཟ་བར་ཡོད་པའི་ཕྱིར་རོ། །ལྔ་པ་ནི། དབང་པོའི་ཆོས་ཐམས་ཅད་དཔྱད་པར་བྱ་སྟེ་དགེ་སྦྱོང་ཚུལ་གྱི་འབྲས་བུ་གང་ཞིག་དབང་པོ་དུས་ཐོབ་ཅེ་ན། དེ་ལ་འབྲས་བུ་དམན་པའམ། གྲངས་འདོན་པའི་ཐ་མ་མིན་གྱི་དབྱུག་པའི་ཐ་མ་ལྟར་རྒྱུན་ཞུགས་དང་དགྲ་བཅོམ་གྱིས་འབྲས་བུ་གཉིས་ནི་དབང་པོ་དགུ་དགུས་ཐོབ་སྟེ་དད་སོགས་ལྔ་དང་ཡིད་དང་བཏང་སྙོམས་དང་བར་ཆད་མེད་ལམ་གྱི་དུས་སུ་ཀུན་ཤེས་བྱེད་པ་དང་། རྣམ་གྲོལ་ལམ་གྱི་དུས་སུ་ཀུན་ཤེས་པའི་དབང་པོ་དང་དགུའོ། །རྒྱུན་ཞུགས་ཀྱི་འབྲས་བུ་ནི་དང་པོའི་ཉེར་བསྡོགས་ལ་བརྟེན་དགོས་པས་བཏང་སྙོམས་ཁོ་ན་དང་། དགྲ་བཅོམ་གྱི་འབྲས་བུ་ནི་དང་པོའི་ཉེར་བསྡོགས་དང་བཞི་པ་ལ་བརྟེན་ན་བཏང་སྙོམས་ཁོ་ན་དང་། དང་པོ་གཉིས་ཀྱི་དངོས་གཞི་ལ་བརྟེན་ན་ཡིད་བདེ་དང་། གསུམ་པའི་དངོས་གཞི་ལ་བརྟེན་ན་སེམས་བདེ་ཁོ་ན་དང་། བར་ཆད་མེད་ལམ་གྱི་དུས་སུ་ཀུན་ཤེས་པ་དང་། རྣམ་གྲོལ་ལམ་གྱི་ཚེ་ཀུན་ཤེས་ལྡན་པ་སྟེ་དགུའོ། །འབྲས་བུ་བར་པ་གཉིས་ནི་འཇིག་རྟེན་པའི་ལམ་གྱིས་ཐོབ་ན་དད་སོགས་ལྔ་དང་ཡིད་དང་བཏང་སྙོམས་ཏེ་བདུན་དང་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་ན་དེའི་སྟེང་དུ་ཀུན་ཤེས་པ་སྟེ་བརྒྱད་དང་། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ནི་རྒྱུན་ཞུགས་ཐོབ་བྱེད་དང་དོན་གཅིག་ཅིང་དེའི་ཕྱིར་མི་འོང་ཡིན་ན་ཚོར་བ་གཉིས་པོ་གང་རུང་ཅིག་སྟེ་དགུས་འཐོབ་བོ། །འོ་ན་ཡེ་ཤེས་ལ་འཇུག་པ་ལས་དགྲ་བཅོམ་པ་དབང་པོ་བཅུ་གཅིག་གིས་ཐོབ་པར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དབང་པོ་བཅུ་གཅིག་དག་གིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་བཤད་པ་ཉིད་ནི་དགྲ་བཅོམ་པ་ཉམས་པའི་ཆོས་ཅན་འགའ་ཞིག་འབྲས་བུ་ལས་ཉམས་ནས་ཉམས་པ་སོར་ཆུད་པར་བྱེད་པའི་ཚོར་བ་རིགས་མི་འདྲ་བ་བགྲངས་པས་སྲིད་པའི་ཕྱིར་བཅུ་གཅིག་གིས་ཐོབ་པར་བཤད་པ་ཡིན་ཏེ། དབང་རྟུལ་འགའ་ཞིག་བཏང་སྙོམས་ཀྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ལས་ཉམས་ཏེ་དང་པོ་གཉིས་གང་རུང་ལ་བརྟེན་ཏེ་སོར་ཆུད་ན་ཡིད་བདེ་དང་། སླར་ཡང་ཉམས་ཏེ་སོར་ཆུད་ན་བདེ་བས་ཐོབ་པ་ལྟ་བུའོ། །འོ་ན་སླར་ཡང་ཉམས་ཏེ་བཞི་པ་ལ་བརྟེན་ནས་སོར་ཆུད་ན་བཅུ་གཉིས་སུ་འགྱུར་རོ་ཞེ་ན། ཚོར་བ་གསུམ་པོ་དེའི་རིགས་ལས་མ་འདས་པའི་ཕྱིར་དང་། གསུམ་ཀ་དུས་གཅིག་པ་མི་སྲིད་པའི་ཕྱིར་རོ། །དྲུག་པ་ལ་གསུམ་སྟེ། ངེས་ལྡན། ཉུང་ལྡན། མང་ལྡན་ནོ། །དང་པོ་ནི། དབང་པོ་གང་དང་ལྡན་པ་ལ་ཟླའི་དབང་པོ་དུ་དང་ལྡན་པར་ངེས་ཤེ་ན། བཏང་སྙོམས་དང་ནི་སྲོག་དང་ཡིད་གསུམ་ལས་གང་རུང་གཅིག་དང་ལྡན་པ་ལ་སེམས་ཅན་ཡིན་པས་ངེས་པར་གསུམ་དང་ལྡན་ལ་གཞན་ནི་ལྡན་པར་མ་ངེས་ཏེ། འདོད་པ་ན་ལུས་ལས་གཞན་པའི་གཟུགས་ཅན་དྲུག་མ་ཐོབ་པ་ནུར་ནུར་པོ་ལ་སོགས་པ་དང་ཉམས་པ་ལོང་བ་སོགས་དང་རིམ་གྱིས་འཆི་བ་ན་མི་ལྡན། ཡིད་མི་བདེ་ཆགས་བྲལ་དང་དད་སོགས་དགེ་རྩ་ཆད་པ་དང་ཟག་མེད་གསུམ་སོ་སྐྱེ་ལ་མི་ལྡན། གཟུགས་ན་ཕོ་མོ་དང་དུཿཁ་གཉིས་དང་བྱིས་པ་ལ་ཟག་མེད་གསུམ་མི་ལྡན། གཟུགས་མེད་ན་གཟུགས་ཅན་བདུན་ཚོར་བ་བཞི་དང་བྱིས་པ་ལ་ཟག་མེད་མི་ལྡན་ནོ། །འོ་ན་སྙོམས་འཇུག་གཉིས་ལ་གནས་པ་ན་ཡིད་དང་བཏང་སྙོམས་ཡོད་པར་ཐལ། སྲོག་དབང་ལྡན་པའི་ཕྱིར་མ་ཁྱབ་ན་ངེས་ལྡན་ཉམས་སོ། །འདོད་མི་ནུས་ཏེ། སེམས་མེད་ཡིན་པའི་ཕྱིར་ཞེ་ན། ཡིད་ཀྱིས་ལྡན་པ་ཡོད་པས་དེ་ཡོད་མི་དགོས་ཏེ་གཟུགས་མེད་ཀྱི་འཕགས་པ་ལ་ཟག་མེད་ཀྱི་སྡོམ་པ་ལྡན་པ་ཡོད་ཀྱང་སྡོམ་གཟུགས་མེད་པ་དང་འཕགས་པ་ལ་སྦྱོར་ལམ་གྱི་ཐོབ་པ་ཡོད་ཀྱང་སྦྱོར་ལམ་མེད་པ་བཞིན་ནོ། །བདེ་བ་དང་ལུས་དབང་རེ་རེ་དང་ལྡན་པ་ལ་ངེས་ལྡན་གསུམ་དང་རང་རང་བསྣན་པས་བཞི་དང་ལྡན་ལ་གཞན་མ་ངེས་པ་ནི་སྔར་བཞིན་ལ་བདེ་བ་དང་ལྡན་ལ་ཡིད་བདེ་མི་ལྡན་པ་ནི་གསུམ་པའི་བྱིས་པའོ། །འོ་ན་བདེ་བ་དང་ལྡན་པ་དེ་ལུས་དབང་ལྡན་པར་ངེས་པ་མིན་ནམ་ཞེ་ན། མིན་ཏེ། གཟུགས་མེད་ཀྱི་འཕགས་པ་ལ་གསུམ་པའི་བདེ་བ་ཟག་མེད་ཀྱི་ཐོབ་པ་ཡོད་ཀྱང་ལུས་དབང་དང་མི་ལྡན་པའི་ཕྱིར། མིག་ལ་སོགས་པ་རེ་རེ་དང་ལྡན་པ་ལ་རང་རང་དང་ལུས་སྲོག་སོགས་གསུམ་སྟེ། ལྔ་དང་ལྡན་ལ་ཡིད་བདེ་དང་ལྡན་པ་ལ་ཡང་ལྔ་དང་ལྡན་ཏེ། བསམ་གཏན་གསུམ་པ་མན་ཆད་ཀྱི་བྱིས་པ་ལས་གཞན་པ་ལ་བདེ་བ་ནི་འདོད་པ་ན་རང་དང་དང་པོ་དང་གསུམ་པའི་དགེ་བ་ཉོན་མོངས་ཅན་ཅི་རིགས་པ་དང་། དང་པོ་ན་རང་དང་གསུམ་པའི་དང་གཉིས་པ་ན་གསུམ་པའི་སེམས་མ་ཐོབ་ན་དེའི་ཉོན་མོངས་ཅན་དང་ཐོབ་ན་དགེ་བ་དང་གསུམ་པའི་འཕགས་པ་ལ་ཟག་མེད་དང་བཅས་པ་གསུམ་དང་བཞི་པ་ཡན་ཆད་ཀྱི་འཕགས་པ་ལ་ཟག་མེད་ཁོ་ན་དང་ལྡན་ནོ། །དུཿཁ་དང་ལྡན་པ་འདོད་པའི་གང་ཟག་ལ་ཡིད་མི་བདེ་བ་ལས་གཞན་པའི་ཚོར་བ་བཞི་དང་། ལུས་སྲོག་ཡིད་དེ་བདུན་དང་ལྡན་ནོ། །ཡིད་མི་བདེ་ནི་འདོད་པའི་རྟེན་ཅན་ཆགས་བྲལ་ལ་མེད་པས་མ་སྨོས་སོ། །མོའི་དབང་པོ་དང་སོགས་པ་ཕོ་དང་ཡིད་མི་བདེ་དང་དད་སོགས་ལྔ་སྟེ་བརྒྱད་པོ་རེ་རེ་དང་ལྡན་པ་ལ་བརྒྱད་དང་ལྡན་ཏེ། དང་པོ་གསུམ་ལ་རང་རང་དང་སྔ་མ་བདུན་ལྡན་ཞིང་། དད་སོགས་ལྔ་དང་ལྡན་པ་ལ་ལྔ་པོ་དང་ངེས་ལྡན་གསུམ་མོ། །དེ་ཡང་ཕོ་མོ་ནི་འདོད་པའི་ཕོ་མོ་ཉིད་དང་མཚན་གཉིས་པ་དང་། མ་ནིང་ཁ་ཅིག་ལྡན་པས་འདོད་པའི་རྟེན་ཅན་དུ་ངེས་ལ། དད་སོགས་ནི་དགེ་རྩ་ཆད་པ་ལས་གཞན་པའི་ཁམས་གསུམ་པ་ཐམས་ཅད་ལ་ལྡན་ནོ། །ཀུན་ཤེས་པའི་དབང་པོ་དང་ལྡན་པ་དང་ཀུན་ཤེས་ལྡན་པ་ཡི་དབང་པོ་རེ་རེ་དང་ལྡན་པ་ནི་ཁམས་གསུམ་ན་ཡོད་པས་གདགས་གཞི་དགུ་དང་སྲོག་དང་རང་རང་བསྣན་པས་བཅུ་གཅིག་དང་ལྡན་ནོ། །ཀུན་ཤེས་པར་བྱེད་པའི་དབང་པོ་དང་ལྡན་པ་ལ་གདགས་གཞི་དགུ་དང་ལུས་སྲོག་དུཿཁ་རང་དང་བཅུ་གསུམ་དག་དང་ལྡན་ནོ། །འདི་ནི་འདོད་པའི་རྟེན་ཅན་ཡིན་པས་དུཿཁ་དང་ལྡན་ཞིང་འདོད་ཆགས་དང་བྲལ་ན་ཡིད་མི་བདེ་མི་ལྡན་མིག་མ་ཐོབ་པའམ་ཉམས་པ་ལ་མིག་མི་ལྡན་པ་ལ་སོགས་པ་སྦྱར་རོ། །ཕོ་མོའི་དབང་པོ་མ་ཚང་བ་ལ་མཐོང་ལམ་མི་སྐྱེ་བས་དེ་གཉིས་གང་རུང་གཅིག་བསྣན་པར་བྱའོ། །ཁ་ཅིག་ན་རེ། གཉིས་བྱུང་ན་སྡོམ་པ་གཏོང་གི་ཉམས་པས་མིན་པས་དེའམ། སྦྱོར་ལམ་སྔར་གོམས་པས་རིམ་གྱིས་འཆི་བའི་ཕོ་མོ་འགགས་པའི་ཚེ་མཐོང་ལམ་སྐྱེས་ན་མི་ལྡན་ནོ་ཞེས་ཟེར་ཏེ། སྔ་མ་ལ་རུང་ཡང་ཕྱི་མ་ལ་སེམས་མི་གསལ་བ་ལ་མཐོང་ལམ་སྐྱེ་མི་སྲིད་པས་སོ། །ཁ་ཅིག་ན་རེ། འདི་སྤྱིའི་དབང་དུ་བྱས་ནས་ངེས་ལྡན་བརྩི་བ་ལ་ཕོ་མོ་ཕན་ཚུན་མི་ལྡན་ཞིང་གཉིས་ཀ་ཡང་མི་ལྡན་པས་སོ་ཞེས་ཟེར་བ་ལེགས་སོ་མ་ཧཱ་གསུངས་སོ། །གཉིས་པ་ནི། དབང་པོ་ཉུང་ངུ་དང་ལྡན་པ་དེ་དབང་པོ་དུ་དང་ལྡན་ཞེ་ན། ཐམས་ཅད་ཀྱི་ནང་ན་ཉུང་བ་དང་ལྡན་པ་དགེ་རྩ་ཆད་ནས་མེད་པ་གཟུགས་ཅན་དྲུག་རིམ་གྱིས་འགག་པ་ལ་ནི་ལུས་དང་ཚོར་བ་ལྔ་སྲོག་ཡིད་དང་བརྒྱད་དང་ལྡན་ནོ། །གཟུགས་མེད་ཀྱི་བྱིས་པ་ལའང་གྲངས་དེ་བཞིན་དུ་བརྒྱད་དང་ལྡན་ཏེ། བཏང་སྙོམས་སྲོག་ཡིད་གསུམ་དགེ་བ་དང་སོགས་ལྔ་པོ་རྣམས་དང་ལྡན་ནོ། །གསུམ་པ་ནི། དབང་པོ་མང་པོར་ལྡན་པ་ལ་བཅུ་དགུ་དང་ལྡན་ཏེ། དྲི་མ་མེད་པའི་དབང་པོ་གསུམ་པོ་རྣམས་མ་གཏོགས་པའི་ལྷག་མ་རྣམས་སོ། །དེའང་དབང་པོ་གཞན་ཚང་བའི་མཚན་གཉིས་པ་ཅན་ནོ། །འཕགས་པ་ཆགས་བཅས་ཀྱང་ཡིད་མི་བདེ་ཡོད་པས་བཅུ་དགུ་དང་ལྡན་ཏེ། མཚན་གཅིག་དང་དྲི་མེད་སྔ་ཕྱིའམ་ཐ་མ་གཉིས་མ་གཏོགས་པའོ། །དེ་ལྟར་དོན་ཚན་དྲུག་གི་དང་པོ་གསུམ་དང་ཐ་མས་ཀུན་བྱང་ཐུན་མོང་བ་དང་། བཞི་པས་ཀུན་ནས་ཉོན་མོངས་པ་ཅན་དང་། ལྔ་པས་རྣམ་བྱང་ཐུན་མོང་མིན་པ་བསྟན་ཏོ། །གཉིས་པ་འདུས་བྱས་ཆོས་ཀྱི་སྐྱེ་ཚུལ་ལ་གཉིས་ཏེ། གཟུགས་ཅན་གྱི་སྐྱེ་ཚུལ་དང་། གཟུགས་ཅན་མ་ཡིན་པའི་སྐྱེ་ཚུལ་ལོ། །དང་པོ་ནི། ཅི་འདུས་བྱས་འདི་དག་ཇི་ལྟར་མཚན་ཉིད་ཐ་དད་པ་བཞིན་དུ་ཐ་དད་པར་སྐྱེའམ་ཁ་ཅིག་ངེས་པར་ལྷན་ཅིག་སྐྱེ་བའང་ཡོད་ཅེ་ན། ཡོད་དེ། འདོད་ཁམས་ན་དབང་པོ་མེད་ཅིང་སྒྲ་ཡང་མེད་པ་བསགས་པའི་རྡུལ་ཕྲ་རབ་བློ་ལ་ཆ་བཅས་སུ་སྣང་བའི་ཆུང་ཚད་ལ་འབྱུང་བ་བཞི་དང་འབྱུང་གྱུར་བཞི་སྟེ་རྫས་བརྒྱད་ངེས་པར་ལྷན་ཅིག་སྐྱེའོ། །ལུས་ཀྱི་དབང་པོ་དང་ལྡན་པ་ལ་བརྒྱད་པོ་དེ་དག་དང་རང་ཉིད་དེ་རྫས་དགུ་ལྷན་ཅིག་སྐྱེས་ཤིང་། དབང་པོ་གཞན་མིག་སོགས་དང་ལྡན་པ་ལ་རྟེན་དུ་གྱུར་པའི་ལུས་ངེས་པར་ཡོད་པས་དགུའི་སྟེང་དུ་རང་རང་སྟེ་རྫས་བཅུ་ལྷན་ཅིག་སྐྱེས་ཤིང་། གོ་ྃརྣ་ྃཅྃན་ཞེས་མིག་རྣ་གཉིས་ལྷན་ཅིག་པ་ལ་བཅུ་གཅིག་སྐྱེའམ་ཞེ་ན། སྦྲུལ་དང་བགྃས་སྤྱོད་པ་གཉིས་དེར་བཤད་པ་ནི་ལས་ལས་དབང་པོ་གཉིས་ཡུལ་གཅིག་ཏུ་གྲུབ་པ་ཙམ་ཡིན་པས་བཅུ་ཉིད་དོ། །དེ་རྣམས་ལ་སྒྲ་ཡོད་ན་རེ་རེ་བསྣན་ནོ། །གཟུགས་ན་དྲི་རོ་གཉིས་མེད་པས། །གཟུགས་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་བར་རྡུལ་རྫས་དྲུག །ཅེས་སྦྱར་རོ། །གཉིས་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། སེམས་དང་སེམས་བྱུང་གི་གཞི་དག་ངེས་པར་ལྷན་ཅིག་སྐྱེ་སྟེ། མདོ་ལས། སེམས་ལས་བྱུང་བ་མེད་པ་ཡི། །སེམས་ནི་ནམ་ཡང་མི་རུང་སྟེ། །ཉི་མ་དང་ནི་འོད་ཟེར་བཞིན། །དེ་དག་ཉིད་དང་ལྷན་ཅིག་འཇུག །ཅེས་སོ། །འདུས་བྱས་ཐམས་ཅད་འདུས་བྱས་ཀྱི་མཚན་ཉིད་བཞི་དང་ངེས་པར་ལྷན་ཅིག་སྐྱེ་ཞིང་སེམས་ཅན་དུ་སྟོན་པ་དག་དེ་ཉིད་ཀྱིས་ཐོབ་པ་དང་ལྷན་ཅིག་སྐྱེའོ། །འམ་ཞེས་པས་སེམས་ཅན་དུ་མི་སྟོན་པ་ནི་ཐོབ་པ་དང་ལྷན་ཅིག་སྐྱེ་བ་མིན་ཏེ། ཐོབ་པ་མེད་ཅིང་འགོག་པ་གཉིས་མི་སྐྱེ་བའི་ཕྱིར་རོ། །སེམས་ཅན་གྱི་རྒྱུད་དག་སྲོག་དང་སྐལ་མཉམ་དང་སོ་སོ་སྐྱེ་བོ་དང་ཡང་ལྷན་ཅིག་སྐྱེ་མོད་ཀྱི་འདིར་མ་སྨོས་པ་ནི་མཚོན་པའམ་ཡང་ན་མ་ངེས་ཏེ། མཚན་ཉིད་དང་ཐོབ་པ་ནི་མཚན་གཞི་དང་ཐོབ་བྱ་སོ་སོར་ངེས་པ་དང་། ལྷན་ཅིག་སྐྱེ་བས་དེ་བརྗོད་ལ་གཞན་ལ་དེ་མེད་པས་སོ་སྙམ་ན། འདིར་ངེས་པར་ལྷན་ཅིག་སྐྱེ་བ་ཙམ་གྱིས་ཆོག་གི་སོ་སོར་ངེས་པ་ཁོ་ན་མི་དགོས་པའི་ཕྱིར་ཞེས་གསུངས་སོ། །དེས་ན་གཟུགས་ནི་ནང་དང་མི་ལྡན་པའི་ཁྱད་པར་དེ་དག་དང་ལྷན་ཅིག་པར་ངེས་ལ། སེམས་དང་སེམས་བྱུང་ཡང་དེ་དང་ལྷན་ཅིག་པར་ངེས་ཤིང་རེས་འགའ་བཞིར་ལྷན་ཅིག་པ་ཡོད་དེ། མིག་དང་དེའི་རྣམ་ཤེས་སེམས་བྱུང་དང་མཚན་ཉིད་དང་བཅས་པར་སྐྱེ་བའི་ཚེའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སེམས་དང་མཚུངས་ལྡན་གྱི་སྐྱེ་ཚུལ། མི་ལྡན་པའི་འདུ་བྱེད་ཀྱི་སྐྱེ་ཚུལ་ལོ། །དང་པོ་ལ་བཞི་སྟེ། ངེས་པ་ལས་བརྩམས་པའི་སྡེ་ཚན། མ་ངེས་པ་ལས་བརྩམས་པའི་མཚུངས་ལྡན། གཅིག་པ་ལྟ་བུའི་ཐ་དད། ཐ་དད་པ་ལྟ་བུའི་གཅིག་པའོ། །དང་པོ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། སེམས་གང་དང་སེམས་བྱུང་གང་ལྷན་ཅིག་སྐྱེ་བའི་ཚུལ་སེམས་བྱུང་ལ་སྡེ་ཚན་རྣམ་པ་ལྔར་ཕྱེ་བས་རྟོགས་པར་འགྱུར་ཏེ་སེམས་ཀྱི་ས་མང་པོ་ལ་སོགས་པ་ཐ་དད་པའི་ཕྱིར་རོ། །གཉིས་པ་ལ་ལྔ་སྟེ། སེམས་ཀྱི་ས་མང་པོ་པ། དགེ་བའི་ས་མང་པོ་པ། ཉོན་མོངས་ཆེན་པོའི་ས་མང་པོ་པ། མི་དགེ་བའི་ས་མང་པོ་པ། ཉོན་མོངས་ཆུང་ངུའི་ས་པའོ། །དང་པོ་ནི། རང་སྟོབས་ཀྱིས་མྱོང་བའི་ཚོར་བ་དང་། བྱེད་ལས་ནི་ཟག་བཅས་ཀྱིས་སྲེད་པ་སྐྱེ་བའི་རྟེན་དང་ཟག་མེད་ཀྱིས་བཏང་སྙོམས་སུ་འཇོག་པའོ། །སེམས་མངོན་པར་འདུ་བྱེད་པའི་སེམས་པ་དང་། དེའི་ལས་ནི་སྒོ་གསུམ་དགེ་བ་ལ་སོགས་པར་འཇུག་པར་བྱེད་དོ། །ཡུལ་ལ་མཚན་མར་འཛིན་པའི་འདུ་ཤེས་དང་། ལས་ནི་ཟག་བཅས་ཀྱིས་ཐ་སྙད་འདོགས་པ་དང་། ཟག་མེད་ཀྱིས་བཏང་སྙོམས་སུ་འཇོག་གོ །བྱེད་པར་འདོད་པའི་འདུན་པ་དང་། ལས་ནི་བརྩོན་འགྲུས་རྩོམ་པའི་རྟེན་བྱེད་དོ། །རྐྱེན་འདུས་ནས་ཡུལ་གྱི་འགྱུར་བ་གཅོད་པའི་རེག་པ་དང་། ལས་ནི་ཚོར་བའི་རྟེན་བྱེད་དོ། །ཆོས་རབ་ཏུ་འབྱེད་པའི་བློ་གྲོས་ཏེ་ཤེས་རབ་དང་། ལས་ནི་སོམ་ཉི་བཟློག་པའོ། །དམིགས་པ་མི་བརྗེད་པར་འཛིན་པའི་དྲན་པ་དང་། ལས་ནི་སེམས་མི་གཡེང་བའོ། །ཡིད་ལ་བྱེད་པ་ནི་སེམས་ཀྱི་འཇུག་པ་སྟེ་སེམས་ཡུལ་ལ་གཏོད་པའོ། །ལས་ནི་ཁྱད་པར་ཅན་གྱི་དམིགས་པ་ལ་སེམས་འཛིན་པའོ། །མོས་པ་ནི་དམིགས་པ་ལ་ཡོན་ཏན་དུ་འཛིན་པའམ་འདོད་པའོ། །ལས་ནི་མི་འཕྲོག་པའོ། །ཏིང་ངེ་འཛིན་ནི་སེམས་དམིགས་པ་ལ་རྩེ་གཅིག་ཏུ་འཇུག་པའོ། །ལས་ནི་ཇི་ལྟ་བ་བཞིན་ཤེས་པའི་ཤེས་རབ་ཀྱི་རྟེན་བྱེད་དོ། །དེ་ལྟར་བཅུ་པོ་དེ་སེམས་ཐམས་ཅད་ལ་བྃརྟེན་ནམ་གོ་སྐབས་མཐོང་ནས་འབྱུང་བས་སེམས་ཀྱི་ས་མང་པོ་པ་ཞེས་བྱའོ། །གཉིས་པ་ནི། དད་པ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་རྙོགས་མ་དང་བྲལ་བར་བྱེད་པའོ། །ལས་ནི་འདུན་པའི་རྟེན་བྱེད་དོ། །བག་ཡོད་པ་ནི་དད་སོགས་དགེ་བའི་ཆོས་བསྒོམ་སྟེ་གཅེས་སྤྲས་སུ་བྱེད་པའོ། །ལས་ནི་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་རྫོགས་པར་བྱེད་དོ། །ཤིན་ཏུ་སྦྱངས་པ་ནི་སེམས་ལས་སུ་རུང་སྟེ་དམིགས་པ་ལ་གཏད་བཟོད་པ་ཡིན་ལ། ལས་ནི་སྒྲིབ་པ་ལྔ་སེལ་ལོ། །བཏང་སྙོམས་ནི་སེམས་མཉམ་ཞིང་ལྷུན་གྱིས་གྲུབ་པའོ། །ལས་ནི་ཉོན་མོངས་པ་གཉིས་ཀྱི་སྐབས་མི་འབྱེད་པའོ། །ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་གཉིས་ནི་འོག་ནས་འཆད་ལ། ལས་ཉེས་སྤྱོད་སྡོམ་པའོ། །དགེ་བའི་རྩ་བ་གཉིས་ནི་ཉེར་ལེན་གྱི་ཕུང་པོ་ལ་ཞེན་པ་དང་དོན་དུ་གཉེར་བའི་འདོད་ཆགས་མེད་པ་དང་། དེ་ལ་མནར་སེམས་པའི་ཞེ་སྡང་མེད་པའོ། །གཏི་མུག་མེད་པ་ནི་ཤེས་རབ་ལ་བཏགས་པས་སྤྱིའི་ས་མང་ངོ་། །གཉིས་ཀ་ཡང་ཉེས་སྤྱོད་ལ་མི་འཇུག་པའི་ལས་ཅན་ནོ། །རྣམ་པར་མི་འཚེ་བ་ནི་སྙིང་བརྩེ་བ་སྟེ་རྣམ་པར་མཐོ་མི་འཚམས་པའི་ལས་ཅན་ནོ། །བརྩོན་འགྲུས་ནི་དགེ་བ་ལ་མངོན་པར་སྤྲོ་བ་སྟེ། ལས་ནི་དགེ་བ་རྫོགས་པར་སྒྲུབ་པའོ། །བཅུ་པོ་དེ་དག་ནི་རྟག་ཏུ་དགེ་བའི་སེམས་ཐམས་ཅད་ལའམ་རྟེན་ཚོགས་དྲུག་དང་ཁམས་གསུམ་དང་ཟག་བཅས་ཟག་མེད་ལ་སོགས་པ་མང་པོ་ནས་འབྱུང་བས་དགེ་བའི་ས་མང་པོ་པའོ། །གསུམ་པ་ནི། རྨོངས་པ་ནི་འོག་ཏུ་འཆད་པའི་མ་རིག་པའོ། །ལས་ནི་ཉོན་མོངས་པ་གཉིས་ཀྱི་གྲོགས་བྱེད་དོ། །བག་མེད་ནི་དགེ་བ་མི་བསྒོམ་པ་ཟག་པ་ལ་སེམས་མི་བསྲུང་བའོ། །ལས་ནི་ཉེས་སྤྱོད་ཀྱི་རྟེན་བྱེད་པའོ། །ལེ་ལོ་ནི་དགེ་བ་ལ་མི་སྤྲོ་བའོ། །ལས་ནི་དགེ་བ་ལ་བར་དུ་གཅོད་པར་བྱེད་པའོ། །མ་དད་པ་ནི་སེམས་མ་རངས་པའམ་ཡིད་མི་ཆེས་པའོ། །ལས་ནི་ལེ་ལོའི་རྟེན་བྱེད་པའོ། །རྨུགས་པ་ནི་སེམས་ལས་སུ་མི་རུང་བའི་རློང་རློང་པོའོ། །ལས་ནི་ཟག་པའི་གྲོགས་བྱེད་དོ། །རྒོད་པ་ནི་སྔོན་རྒོད་རྒོད་པ་དང་རྩེ་རྩེ་བ་ལ་སོགས་པ་ལ་སེམས་འཕྱར་ཞིང་འཕྲོ་བའོ། །ལས་ནི་ཞི་གནས་ཀྱི་བར་དུ་གཅོད་པའོ། །དྲུག་པོ་དེ་དག་ནི་ཉོན་མོངས་ཅན་གྱི་སེམས་ལ་རྟག་ཏུ་འབྱུང་བས་ཉོན་མོངས་པའི་ས་མང་ངོ་། །མངོན་པའི་བསྟན་བཅོས་ལས་རྨུགས་པ་ལས་གཞན་ལྔ་དང་བརྗེད་ངས་དང་རྣམ་གཡེང་དང་ཤེས་བཞིན་མ་ཡིན་པ་དང་ཚུལ་མིན་ཡིད་བྱེད་དང་ལོག་པར་མོས་པ་སྟེ་བཅུ་བཤད་པ་ལས་འདིར་ལྔ་མི་སྨོས་པ་ནི་དྲན་པ་ལ་སོགས་པ་ལ་བཏགས་པ་ཡིན་པས་སོ། །དེར་རྨུགས་པ་མི་སྨོས་པ་ནི་བྱེ་སྨྲ་ན་རེ། ཏིང་ངེ་འཛིན་དང་མཐུན་པའི་ཕྱིར་ཏེ། རྨུགས་པ་སྤྱོད་པ་ནི་ཏིང་ངེ་འཛིན་མྱུར་དུ་སྐྱེ་ལ། རྒོད་པ་སྤྱོད་པ་ནི་མིན་ནོ་ཞེས་ཟེར་ལ། སློབ་དཔོན་ནི་རྨུགས་རྒོད་གཉིས་ཀ་ཏིང་ངེ་འཛིན་གྱི་བར་ཆད་ཡིན་པར་མཚུངས་ཤིང་དེ་གཉིས་ལྷན་ཅིག་སྤྱོད་པ་འདིར་མི་སྲིད་པས་ཉོན་མོངས་པའི་ས་པ་ཡིན་བཞིན་དུ་མ་སྨོས་པ་ནི་བསྟན་བཅོས་མཁན་པོ་ཉིད་ཀྱི་ཉེས་པའོ་ཞེས་སོ། །བཞི་པ་ནི། མི་དགེ་བའི་སེམས་ཐམས་ཅད་ལ་འབྱུང་བར་ངེས་པའི་ས་མང་པོ་པ་ཁྲེལ་མེད་དང་ངོ་ཚ་མེད་པ་སྟེ་མཚན་ཉིད་འོག་ནས་འཆད་དོ། །ལྔ་པ་ནི། ཁྲོ་བ་ནི་གནོད་པ་བྱེད་པའི་སེམས་ཅན་ལ་དམིགས་ནས་མནར་སེམས་པའམ་ཁོང་ནས་འཁྲུགས་པ་སྟེ། ལས་ནི་དབྱུག་པས་རྡེགས་པ་ལ་སོགས་པ་བྱེད་དོ། །ཁོན་དུ་འཛིན་པ་ནི་དམིགས་པ་དེ་ཉིད་ལ་ཁྲོས་པའི་འོག་ཏུ་ཤར་གཉེར་ཞིང་འདུད་པར་མི་འཛིན་པ་སྟེ། ལས་ནི་མི་བཟོད་པའི་རྟེན་བྱེད་དོ། །གཡོ་ནི་གཞན་གྱིས་ཉེས་པ་བཤགས་པར་བསྐུལ་ན་ཁས་མི་ལེན་པར་གྱ་གྱུ་བའི་བསམ་པས་གཏམ་རླུང་ལ་བསྐུར་བ་ལ་སོགས་པར་བྱེད་པའོ། །ལས་ནི་ཡང་དག་པའི་གདམས་ངག་ཐོབ་པ་ལ་བར་དུ་གཅོད་པའོ། །ཕྲག་དོག་ནི་གཞན་གྱི་ཕུན་སུམ་ཚོགས་པ་ལ་མི་བཟོད་པ་སྟེ། ལས་ནི་བློ་མི་བདེ་བའི་རྟེན་ནོ། །འཚིག་པ་ནི་སྡིག་པའི་བྱ་བ་ལ་དམ་དུ་འཁྱུད་པའོ། །ལས་ནི་བསོད་ནམས་མ་ཡིན་པ་བསྐྱེད་པའོ། །འཆབ་པ་ནི་སྡིག་པ་སྦེད་པའོ། །ལས་ནི་གདམས་ངག་གི་བར་དུ་གཅོད་པའོ། །སེར་སྣ་ནི་རང་གི་ཆོས་དང་ཟང་ཟིང་དང་མཁས་པའི་དངོས་པོ་ལ་ཀུན་ཏུ་འཛིན་ཞིང་མི་གཏོང་བའོ། །ལས་ནི་ཡོ་བྱད་མི་སྙུངས་པར་བྱེད་དོ། །སྒྱུ་ནི་དགོས་པ་གཞན་གྱི་རྙེད་བཀུར་དང་བྲལ་གྱིས་དོགས་ནས་ཡང་དག་པ་མིན་པའི་བསླབ་པ་གསུམ་ལ་དམིགས་ནས་མེད་བཞིན་དུ་ཡོད་པར་སྟོན་པ་སྟེ། ལས་ནི་ལོག་འཚོའི་རྟེན་བྱེད་དོ། །རྒྱགས་པ་ནི་མཚན་ཉིད་འོག་ཏུ་འཆད་ལ། ལས་ནི་ཟག་པའི་རྟེན་བྱེད་དོ། །རྣམ་འཚེ་ནི་སེམས་ཅན་ལ་དུཿཁར་འདོད་པའོ། །ལས་ནི་དབྱུག་པ་ལ་སོགས་པས་ཐོ་འཚམས་པར་བྱེད་དོ། །དེ་ལྟ་བུ་བཅུ་ནི་ཉོན་མོངས་པ་ཅན་ཆུང་ངུའི་ས་པ་སྟེ། རྣམ་པ་རགས་པས་ཆགས་སོགས་ལྔ་དང་འགལ་བའི་ཕྱིར་མ་རིག་པ་དང་བདེན་པ་ལ་ལོག་པར་མི་རྟོག་པས་སྒོམ་སྤང་གི་སེམས་དང་ཡིད་ཙམ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །ཁ་ཅིག་མཚུངས་ལྡན་གྲོགས་དང་སྤངས་བྱ་རིས་དང་འབྱུང་ས་རྟེན་གྱིས་ཆུང་ཞེས་ཐ་སྙད་བྱེད་དོ། །སྡེ་ཚན་ལྔའི་གོ་རིམ་ནི། དང་པོ་ནི་སེམས་ཐམས་ཅད་ལ་འབྱུང་བས་ཁྱབ་ཆེ་བ་དང་། གཉིས་པ་ནི་མཆོད་པར་འོས་པ་དང་། གསུམ་པ་ནི་ཉོན་མོངས་པ་ཐམས་ཅད་ལ་འབྱུང་བས་འོག་མ་གཉིས་ལས་ཁྱབ་ཆེ་བ་དང་། བཞི་པ་ནི་མི་དགེ་བ་ཐམས་ཅད་ལ་འབྱུང་སྟེ་ཐ་མ་བས་ཁྱབ་ཆེ་བས་གོང་དུ་བསྟན་ཏོ། །གཉིས་པ་མ་ངེས་པ་ལས་བརྩམས་པའི་མཚུངས་ལྡན་ལ་གཉིས་ཏེ། འདོད་པའི་མཚུངས་ལྡན་དང་། ཁམས་གོང་མའི་མཚུངས་ལྡན་ནོ། །དང་པོ་ནི། མ་ངེས་པ་བརྒྱད་དེ་དབྱིག་བཤེས་ཀྱི་ཊཱི་ཀ་ལས། རྟོག་དང་དཔྱོད་དང་འགྱོད་པ་དང་། །གཉིས་དང་ཁོང་ཁྲོ་ཆགས་ཉིད་དང་། །ང་རྒྱལ་ཐེ་ཚོམ་ཞེས་བྱ་བ། །བརྒྱད་ནི་ངེས་པ་མིན་པར་བཤད། །ཅེས་སོ། །དེ་དག་ནི་སྡེ་ཚན་མ་ངེས་པ་སྟེ་གཞན་སླ་ཞིང་ཉོན་མོངས་པའི་ངེས་པ་གསུམ་ལས་རྟོག་དཔྱོད་ལ་གསུམ་ཆར་དང་། གཉིད་ལ་དང་པོ་གཉིས་དང་། འགྱོད་པ་ལ་དང་པོ་དང་། ཆགས་སྡང་ལ་ཐ་མ་གཉིས་དང་། ང་རྒྱལ་དང་ཐེ་ཚོམ་ལ་བར་པ་མེད་དོ། །དེ་ལྟར་ཞེ་དྲུག་དང་ལྟ་བ་སྟེ་ཞེ་བདུན་རྩ་བར་དངོས་སུ་བཤད་ཅིང་། རྒྱལ་པོ་སྲས་ཀྱིས་ལྟ་བའང་མ་ངེས་པ་ཡིན་པས་སྡོམ་ཚིག་རྣ་བར་མི་འོང་ཞེས་བཤད་ཀྱང་ལྟ་བ་ཤེས་རབ་ལ་བཏགས་པས་སྡོམ་ཚིག་རིགས་སོ། །དེ་ལྟར་ན་ཞེ་དྲུག་རྫས་ཡོད་དང་། ལྟ་བ་དང་འབྲེལ་བར་འབྱུང་བ་དྲུག་ནི་བཏགས་ཡོད་དོ། །དེ་ལ་བརྟེན་ནས་ཁམས་གང་གི་སེམས་ལ་འཁོར་དུ་སེམས་བྱུང་དུ་འབྱུང་བ་རྩི་བ་སྟེ། དེ་ལ་འདོད་པའི་དགེ་བའི་སེམས་ཐམས་ཅད་ལ་ནི་སེམས་དང་དགེ་བ་ཡིན་པས་སྡེ་ཚན་དང་པོ་གཉིས་དང་། རྟོག་པ་དང་དཔྱོད་པ་དང་བཅས་པ་འབྱུང་བའི་ཕྱིར་སེམས་ལས་བྱུང་བ་ཉི་ཤུ་རྩ་གཉིས་ཏེ། འདོད་སེམས་ངེས་པར་རྟོག་དཔྱོད་དང་བཅས་པ་ཡིན་པས་སོ། །སེམས་ལ་ལ་དག་ཏུ་འགྱོད་པ་ཡོད་པ་དེར་དེ་བསྣན་པས་ཉི་ཤུ་རྩ་གསུམ་ལྷན་ཅིག་འབྱུང་ལ། དེ་ནི་ཀཱཽ་ཀྲི་ཏ་ཞེས་ངན་པར་བྱས་པ་ཡིན་ལ་འདིར་དེ་ལ་དམིགས་པའི་བློ་ཡིད་ལ་བཅགས་པ་ནི་འགྱོད་པ་སྟེ་ཡུལ་གྱི་མིང་གིས་བཏགས་པའོ། །འདི་ལ་ལུང་མ་བསྟན་མེད་པར་ཁ་ཆེ་བ་འདོད་ཅིང་ཉི་འོག་པ་སོགས་ནི་ཡོད་པར་འདོད་དོ། །མི་དགེ་བའི་སེམས་ལ་ནི་གཉིས་ལས་ཆགས་སོགས་དང་མཚུངས་པར་མི་ལྡན་པའི་མ་འདྲེས་པ་ལ་སྡེ་ཚན་དང་པོ་དང་གསུམ་པ་དང་བཞི་པ་དང་རྟོག་དཔྱོད་དེ་སེམས་བྱུང་ཉི་ཤུ་དང་ལྷན་ཅིག་འབྱུང་གི་མ་རིག་པ་རྨོངས་པ་དང་གཅིག་པས་ལོགས་སུ་མི་བགྲང་ངོ་། །ཆགས་སོགས་གཞན་དང་ལྡན་པའི་སེམས་ལོག་ལྟ་དང་། མཆོག་འཛིན་གཉིས་དང་ལྡན་པ་ལའང་ཉི་ཤུ་འབྱུང་སྟེ་དེ་དག་ཉིད་དོ། །ལྟ་བ་ནི་ཤེས་རབ་ཏུ་འདུ་བས་ལོགས་པ་མིན་ནོ། །རྩ་བའི་ཉོན་མོངས་ལྷག་མ་བཞི་དང་། ཁྲོ་བ་ལ་སོགས་སོགས་པ་བཅུ་དང་འགྱོད་པ་མི་དགེ་བ་དང་ལྡན་པའི་སེམས་ནི་སྔར་གྱི་ཉི་ཤུ་དང་རང་རང་བསྣན་པས་ཉི་ཤུ་རྩ་གཅིག་དང་ལྷན་ཅིག་སྐྱེ་ལ། འཇིག་མཐར་གཉིས་དང་ལྡན་པའི་སྒྲིབ་པའི་སེམས་ལ་སྡེ་ཚན་དང་པོ་དང་གསུམ་པ་དང་རྟོག་དཔྱོད་གཉིས་ཏེ་བཅོ་བརྒྱད་འབྱུང་ཞིང་སྒྲིབ་ལུང་མ་བསྟན་ལས་གཞན་མ་སྒྲིབ་པའི་སེམས་ལ་སྡེ་ཚན་དང་པོ་དང་རྟོག་དཔྱོད་དེ་བཅུ་གཉིས་དག་ཏུ་འབྱུང་བར་འདོད་ལ་ཉི་འོག་པས་འགྱོད་པ་ལུང་མ་བསྟན་དང་ལྡན་པ་ལ་བཅུ་གསུམ་འབྱུང་བར་འདོད་དོ། །སེམས་བྱུང་གཉིས་ནི་རྨི་ལམ་རྨི་བའི་གནས་སྐབས་ཏེ་དགེ་མི་དགེ་ལུང་མ་བསྟན་གསུམ་ཀ་ཡོད་པས་སེམས་ལྔ་པོ་ཀུན་ལ་མི་འགལ་བའི་ཕྱིར། སེམས་གང་ལ་ཡོད་པ་ལ་དེ་བསྣན་པས་ཉི་ཤུ་རྩ་གཉིས་པ་ལ་རྩ་གསུམ་ལ་སོགས་པར་སྦྱར་རོ། །གཉིས་པ་ནི། འདོད་པའི་མཚུངས་ལྡན་བཤད་པ་དེ་ལས་ཡིད་མི་བདེ་མེད་པས་འགྱོད་པ་དང་། ཏིང་ངེ་འཛིན་གྱི་སྐྱོན་སྤངས་པས་གཉིད་དང་། ཞི་གནས་ཀྱིས་བརླན་པའི་རྒྱུད་ལ་ཉོན་མོངས་སྐྱེས་ཀྱང་རྣམ་སྨིན་དུཿཁ་མི་འབྱིན་ཞིང་ལུས་ངག་གི་ཉེས་སྤྱོད་མི་སློང་བས་སེམས་བྱུང་མི་དགེ་བ་གཡོ་སྒྱུ་རྒྱགས་པ་བོར་བའི་ཁྲོ་སོགས་བདུན་དང་། ཁོང་ཁྲོ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་རྣམས་བསམ་གཏན་དང་པོ་དག་ན་མེད་པས་སྒྲིབ་པའི་སེམས་འདྲེས་མ་འདྲེས་གཉིས་གཅིག་ཏུ་བྱས་ཏེ་སྔར་གྱི་ཚིག་བཅོས་ལ་ཅི་རིགས་པར་སྦྱར་རོ། །དེ་དག་གི་སྟེང་དུ་རྟོག་པའང་བསམ་གཏན་ཁྱད་པར་ཅན་ན་མེད་ལ་གཞན་དེ་དང་འདྲའོ། །དེའི་གོང་གཉིས་པ་ནས་སྲིད་རྩེའི་བར་ན་དེ་དག་དང་དཔྱོད་པའང་མེད་ལ། འང་གི་སྒྲས་གཡོ་སྒྱུ་ཡང་མེད་པར་སྟོན་ཏེ་གཙོ་འཁོར་གྱི་བྱེ་བྲག་མེད་པར་སྟོན་པའི་ཕྱིར་རོ། །དེས་ན་གཙོ་འཁོར་ནི་བརྒྱད་དེ། མིའི་ཡུལ་ན་དབང་ཕྱུག་དང་རིགས་དང་ནོར་དང་སྒྲུབ་པ་ལ་ལྟོས་ཏེ། རྒྱལ་རིགས་དང་བྲམ་ཟེ་དང་ཁྱིམ་པ་དང་དགེ་སྦྱོང་གི་གཙོ་འཁོར་སྡེ་བཞི་དང་། ལྷའི་ཡུལ་ན་དབང་ཕྱུག་ལ་ལྟོས་ཏེ་རྒྱལ་ཆེན་བཞི་དང་སུམ་ཅུ་རྩ་གསུམ་དང་བདུད་དང་། དག་པ་ལ་ལྟོས་ཏེ་ཚངས་པའི་གཙོ་འཁོར་དང་བཞིའོ། །དེས་ན་གཙོ་བོ་འདོད་པ་དང་བསམ་གཏན་དང་པོ་ན་བཟང་བར་བསྟན་པའི་ཕྱིར་གཡོ་སྒྱུ་ཡོད་དོ། །གསུམ་པ་ལ་བཞི་སྟེ། ངོ་ཚ་མེད་པ་དང་ཁྲེལ་མེད་ཀྱི་ཁྱད་པར། དགའ་བ་དང་གུས་པའི་ཁྱད་པར། རྟོགས་པ་དང་དཔྱོད་པའི་ཁྱད་པར། ང་རྒྱལ་དང་རྒྱགས་པའི་ཁྱད་པར་རོ། །དང་པོ་ནི། ངོ་ཚ་མེད་ཁྲེལ་མེད་ཅེས་འབྱུང་བ་གཅིག་གམ་ཞེ་ན་ཐ་དད་དེ། རང་བཞིན་གྱི་ཡོན་ཏན་དང་ཡོན་ཏན་ཅན་ལ་མ་གུས་པ་ནི་ངོ་ཚ་མེད་པ་ཡིན་ལ། ཁྲེལ་མེད་ནི་ཁ་ན་མ་ཐོ་བ་མི་དགེ་བ་ལ་འཇིགས་པར་མི་ལྟ་བ་སྟེ་འཛེམ་ཞིང་བག་འཁུམ་པ་མེད་པའོ། །དེ་དག་ལས་བཟློག་པ་ནི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་དོ། །མདོ་སེམས་གཉིས་ནི་བདག་གམ་ཆོས་དང་། གཞན་ནམ་འཇིག་རྟེན་ལ་ལྟོས་ནས་ཉེས་པ་ལ་མི་འཛེམ་པར་འདོད་ལ། བཟློག་པ་ངོ་ཚ་དང་ཁྲེལ་ཡོད་དོ། །གཉིས་པ་ནི། དགའ་བ་དང་གུས་པ་ཞེས་འབྱུང་བ་གཅིག་གམ་ཞེ་ན་ཐ་དད་དེ། དགའ་བ་ཉོན་མོངས་ཅན་མིན་པ་ནི་དད་པ་ཡིན་ལ་ཉོན་མོངས་ཅན་ནི་སྲེད་པའོ། །དགའ་བ་ལ་ཆོས་དང་གང་ཟག་ལ་དམིགས་པ་གཉིས་ལས་འདིར་གང་ཟག་ལ་དམིགས་པ་གཟུང་ངོ་། །གུས་པ་ཉིད་ནི་ཐམས་ཅད་དུ་ངོ་ཚ་ཤེས་པ་ཡིན་ལ། འདིར་ཡོན་ཏན་ཅན་གྱི་གང་ཟག་ལ་དམིགས་པ་གཟུང་ངོ་། །སློབ་དཔོན་ནི་དད་པ་ནི་ཡོན་ཏན་ལ་ཡིད་ཆེས་པ་དང་། གུས་པ་ནི་བཀུར་བ་དང་བཅས་པ་ཡིན་ལ་དེ་སྔོན་དུ་འགྲོ་བའི་དགའ་བ་དང་ཉེས་པ་ལ་འཛེམ་པའོ་ཞེས་གསུངས་སོ། །དད་པ་དང་ངོ་ཚ་ཤེས་པ་སྤྱིར་ཁམས་གསུམ་པ་ཡིན་ཞིང་དགའ་གུས་དེ་གཉིས་ནི་འདིར་གང་ཟག་ལ་དམིགས་པ་གཟུང་བས་འདོད་དང་གཟུགས་དག་ན་ཡོད་དེ། གཟུགས་མེད་དུ་ཕན་ཚུན་གང་ཟག་ཡུལ་དུ་མི་འགྲོ་བའི་ཕྱིར་རོ། །གསུམ་པ་ནི། ཡང་རྟོགས་པ་དང་དཔྱོད་པ་དག་གཅིག་གམ་ཞེ་ན། ཐ་དད་དེ། རྟོག་པ་དང་དཔྱོད་པ་གཉིས་རིམ་བཞིན་སེམས་རྩིང་བ་དང་ཞིབ་པ་ཉིད་དོ། །བཞི་པ་ནི། ཡང་ང་རྒྱལ་དང་རྒྱགས་པ་གཅིག་གམ་ཞེ་ན། ཐ་དད་དེ། ང་རྒྱལ་ནི་བདག་ནི་ཕ་རོལ་པོ་ལས་བློ་དང་ལྡན་ནོ་ཞེས་སོགས་སེམས་ཁེངས་པ་སྟེ་རློམ་ཞིང་མཐོ་ཡེང་ངེ་བ་ཡིན་ལ། རྒྱགས་པ་ནི་རང་གི་ཆོས་རིགས་ལ་སོགས་པ་ལ་ཆགས་པ་སྔོན་དུ་སོང་བས་མཆོག་དང་དམ་པར་གཟུང་ནས་སེམས་མི་ཁྲེལ་ཞིང་འཆུམས་པའི་ངང་ལ་ཡོངས་སུ་གཏུགས་ཤིང་འགགས་པའོ། །བཞི་པ་ཐ་དད་པ་ལྟ་བུའི་གཅིག་པ་ནི། སེམས་དང་ཡིད་དང་རྣམ་པར་ཤེས་པ་ནི་ཐ་དད་པ་ལྟར་སྣང་ཡང་དོན་གཅིག་སྟེ། དོན་ཙམ་རིག་པའི་རྣམ་གྲངས་སོ། །གསུམ་དུ་བཞག་པ་ནི་ངེས་ཚིག་ཐ་དད་པ་སྟེ། དགེ་མི་དགེ་སོགས་འབྱེད་པ་དང་། ཤེས་པ་དང་དམིགས་པ་རྣམ་པར་ཤེས་པའམ། མདོ་སེམས་གཉིས་ནི་དགེ་མི་དགེའི་བག་ཆགས་བསགས་པ་དང་། རྟེན་དུ་གྱུར་པ་དང་བརྟེན་པར་གྱུར་པས་སམ། དུས་ལ་ལྟོས་ཏེ་མ་འོངས་པ་དང་འདས་པ་དང་། ད་ལྟར་བྱུང་བས་སམ། གདུལ་བྱ་སྐྱོ་བ་སྤང་བའི་ཕྱིར་ཁམས་དང་། སྐྱེ་མཆེད་དང་ཕུང་པོ་བསྟན་པའི་ཕྱིར་གསུམ་དུ་བསྟན་ཏོ། །སེམས་ཙམ་པས་བཤད་སྦྱར་དུ། ཀུན་གཞི་དང་། ཉོན་ཡིད་དང་། རྣམ་ཤེས་ལ་ཐ་དད་པར་བཤད་དོ། །ཡང་སེམས་དང་སེམས་བྱུང་དེ་ཉིད་དབང་པོ་ལ་བརྟེན་པས་རྟེན་བཅས་དང་། ཡུལ་གཅིག་འཛིན་པས་དམིགས་བཅས་དང་། དེ་ཉིད་ལ་སེམས་ཀྱི་དོན་གྱི་ངོ་བོ་ཙམ་དང་སེམས་བྱུང་གིས་ཁྱད་པར་འཛིན་པས་རྣམ་པ་དང་བཅས་པ་དང་། མཚུངས་པར་ལྡན་པའང་དོན་གཅིག་པ་དེ་ནི་རྟེན་ལ་སོགས་པ་རྣམ་པ་ལྔས་མཚུངས་པར་བཤད་ཟིན་ཏོ། །ཁ་ཅིག་དེ་ལྟ་ན་སེམས་སེམས་བྱུང་གཉིས་རྣམ་གྲངས་ཙམ་དུ་འགྲོ་བས་དེ་གཉིས་དོན་གཅིག་སྟེ་རྟེན་བཅས་ལ་སོགས་པར་རོ་ཞེས་ཟེར་བ་ནི་དགོངས་པ་མིན་ནོ་ཞེས་གསུངས་སོ། །གཉིས་པ་མི་ལྡན་པའི་འདུ་བྱེད་ལ། ཐམས་ཅད་འདུས་བྱས་མཚན་ཉིད་དང་། ཐོབ་པ་ཞེས་གསུངས་པ་དེ་གང་ཞེ་ན། མདོར་བསྟན། རྒྱས་པར་བཤད། ཆོས་ཀྱི་ཁྱད་པར་གཞན་བསྟན་ནས་མཇུག་བསྡུ་བའོ། །དང་པོ་ནི། མདོ་ལས། འདུ་བྱེད་ཕུང་པོ་ཐ་དད་ཅེས་གསུངས་པ་ལ་རྟེན་ནས་ལྡན་པ་མ་ཡིན་པའི་འདུ་བྱེད་ནི་བེམས་རིག་གང་ཡང་མིན་པའི་འདུས་བྱས་སུ་མངོན་པ་བ་ཁ་ཅིག་བཞེད་ལ། དེ་ཡང་གཟུགས་སེམས་སེམས་བྱུང་ལས་རྫས་གཞན་ཡིན་པར་སྨྲའོ། །མདོ་སེམས་གཉིས་དེ་གསུམ་གྱི་གནས་སྐབས་ལ་བཞག་པའི་བཏགས་ཡོད་ཡིན་པས་རྫས་སུ་མ་གྲུབ་པའི་ཕྱིར་གནས་སྐབས་ཅན་ལས་རྫས་གཅིག་དང་ཐ་དད་གང་ཡང་མིན་ཏེ། གཅིག་ཡིན་ན་གནས་སྐབས་མི་རྟག་པ་སོགས་དུ་མ་ཡིན་པ་བཞིན་དུ་གནས་སྐབས་ཅན་སེམས་སོགས་ཀྱང་དུ་མར་ཐལ་ཞིང་། གནས་སྐབས་ཅན་སེམས་ནི་གཅིག་ཡིན་པ་ལྟར་དེའི་གནས་སྐབས་སྐྱེ་འཇིག་སོགས་ཀྱང་གཅིག་ཏུ་ཐལ་ལོ། །གཞན་ཡིན་ན་འདུས་བྱས་རྟག་པར་ཐལ་ཞིང་། གཟུགས་སེམས་སེམས་བྱུང་གསུམ་ལས་རྫས་གཞན་དུ་ཚད་མས་མ་དམིགས་པའི་ཕྱིར་ཞེས་འཆད་དོ། །རིགས་པའི་བསྟན་བཅོས་ལྟར་ན་བེམས་རིག་ཏུ་མ་འདུས་པའི་འདུས་བྱས་མེད་ཅིང་། གནས་སྐབས་དང་གནས་སྐབས་ཅན་རྫས་གཅིག་ལ་ལྡོག་པ་ཐ་དད་པ་སྟེ། མདོར་ཕུང་པོ་ཐ་དད་དུ་གསུངས་པ་ཡང་སེམས་དང་དེའི་མི་རྟག་སོགས་རྟོག་ངོར་ལྡོག་པ་ཐ་དད་ལ་དགོངས་སོ། །དེས་ན་སེམས་ཀྱི་སྐྱེ་འཇིག་སོགས་སེམས་ཉིད་དུ་བཞེད་དོ་ཞེས་པ་སྤྱིའི་དོན་ནོ། །གཞུང་དོན་ནི་སེམས་དང་མཚུངས་པར་མི་ལྡན་ཞིང་གཟུགས་ཀྱི་རང་བཞིན་མིན་ལ་རྒྱུ་རྐྱེན་གྱིས་འདུས་བྱས་པའི་འདུ་བྱེད་རྣམས་ནི་དབྱེ་གཞི། དབྱེ་ན་བཅུ་བཞི་ཡོད་དེ། ཐོབ་པ་དང་མ་ཐོབ་པ་དང་། སྐལ་མཉམ་དང་འདུ་ཤེས་མེད་པ་པ་དང་། འདུ་ཤེས་མེད་པ་དང་འགོག་པའི་སྙོམས་འཇུག་གཉིས་དག་དང་། སྲོག་དང་མཚན་ཉིད་སྐྱེ་སོགས་བཞི་པོ་རྣམས་དང་ནི། མིང་གི་ཚོགས་དང་སོགས་པས་ཚིག་དང་ཡི་གེའི་ཚོགས་རྣམས་སོ། །ཡང་ཞེས་པས་དངོས་སུ་བསྟན་པ་དེ་རྣམས་དང་མཚན་ཉིད་འདྲ་བ་དེ་ལྟ་བུའི་ཆ་དང་མཐུན་པ་དག་སྡུད་པ་སྟེ། དགེ་འདུན་དབྱེན་དང་། ལ་ལར་ཆུད་མི་ཟ་དང་། མདོར་མི་ལྡན་པའི་འདུ་བྱེད་བདུན་བརྒྱ་གསུངས་པ་རྣམས་སོ། །གཉིས་པ་ལ་བདུན་ཏེ། ཐོབ་མ་ཐོབ། སྐལ་མཉམ། འདུ་ཤེས་མེད་པ་པ། སྙོམས་འཇུག་གཉིས། སྲོག མཚན་ཉིད། མིང་གི་ཚོགས་ལ་སོགས་པ་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། ཐོབ་མ་ཐོབ་ཀྱི་ངོ་བོ། དེ་གཉིས་གང་གི་ཡིན་པ། དེ་དག་གི་ཆོས་ཀྱི་ཁྱད་པར་རོ། །དང་པོ་ནི། ཐོབ་པའི་མཚན་ཉིད་ནི་ཐོབ་བྱའི་ཆོས་གང་ཟག་ལ་ལྡན་པར་བྱེད་པའི་རྫས་ཏེ། གླང་ཁལ་ལྡན་བྱེད་ཐག་པའམ། འབྱར་བྱེད་སྤྱིན་ལྟ་བུའོ། །སྒྲ་དོན་ནི་ཐོབ་བྱ་དང་ལྡན་པར་བྱེད་པས་སོ། །དབྱེ་ན་རྩ་བའི་སྒོ་ནས་གསར་དུ་རྙེད་པ་དང་དེའི་རྒྱུན་ལྡན་པ་གཉིས་ཡིན་ལ། ཡན་ལག་གི་སྒོ་ནས་ལྔ་སྟེ། ཟག་མེད་དང་པོའི་ཐོབ་པ་ལྟ་བུ་གཏན་མ་རྙེད་པ་ལས་གསར་རྙེད་དང་། བསམ་གཏན་གྱི་སྡོམ་པ་སོགས་སྔོན་ཐོབ་པ་དག་ཉམས་ནས་སླར་ཐོབ་པའི་སྐད་ཅིག་དང་པོ་ལྟ་བུ་ཉམས་པ་ལས་གསར་རྙེད་གཉིས་དང་། དེ་གཉིས་ཀྱི་རྒྱུན་ལྡན་པ་དང་། སོ་སོ་སྐྱེ་བོ་ལ་སྲིད་རྩེའི་ཉོན་མོངས་ཡེ་ནས་ལྡན་པ་སྟེ་ལྔའོ། །མ་ཐོབ་པ་ནི་ཐོབ་བྱ་ལྡན་པའི་གེགས་སུ་གྱུར་པ་སྟེ། ཐོབ་བྱ་མི་ལྡན་པར་བྱེད་པས་སོ། །དབྱེ་ན་གསུམ་སྟེ། སྐད་ཅིག་མ་བཅུ་དྲུག་པའི་ཚེ་དང་པོའི་མ་ཐོབ་པ་ཡོད་ཀྱང་དེ་རྣམ་པར་ཉམས་པ་ཡིན་གྱི་གཏན་མ་རྙེད་པ་མིན་པས་རྣམ་པར་ཉམས་པའི་མ་རྙེད་པ་དང་། དེའི་རྒྱུན་མི་ལྡན་པ་དང་། སོ་སྐྱེ་ལ་ལམ་ཡེ་ནས་མི་ལྡན་པ་སྟེ་གསུམ་མོ། །ཁ་ཅིག་མ་ཐོབ་པ་ཉིད་ལ་ལྟོས་ཏེ་ཟད་པ་ཤེས་པ་སྐྱེས་པའི་ཚེ་སྲིད་རྩེའི་ཉོན་མོངས་པའི་མ་ཐོབ་པ་བྱུང་བ་ནི་གཏན་མ་རྙེད་པ་ལས་རྙེད་པའི་མ་རྙེད་པའོ་ཞེས་ཀླུ་མེས་གསུངས་སོ། །ཐོབ་པ་རྫས་སུ་ཡོད་པའི་ལུང་ནི། མདོ་ལས། མི་སློབ་པའི་ཆོས་བཅུ་ཐོབ་ཅིང་ལྡན་ན་ཡན་ལག་ལྔ་སྤངས་པའི་འཕགས་པར་འགྱུར་རོ་ཞེས་གསུངས་ལ། རིགས་པ་ནི་ཐོབ་པ་མེད་ན་འཇིག་རྟེན་པའི་ཡིད་དང་ལྡན་པའི་འཕགས་པ་དང་སོ་སྐྱེ་དག་དང་། འཕགས་པ་ནང་ཡང་ཁྱད་པར་མེད་པར་ཐལ་བ་ལས་ཟག་མེད་ཀྱི་ལམ་ཐོབ་པ་འཕགས་པ་དང་། མ་ཐོབ་པ་བྱས་པར་འཇོག་པའི་ཕྱིར་ཏེ། དེའི་ཕྱིར་མ་ཐོབ་པ་ཡང་རྫས་སུ་ཡོད་དེ་ཐོབ་པ་གང་ལ་ཡོད་པ་ལ་དེ་ཡང་ཡོད་པའི་ཕྱིར་གསུང་ངོ་། །སློབ་དཔོན་ནི་དེ་མི་འཐད་དེ། ལུང་དོན་ནི་དབང་ཐོབ་པ་ཙམ་ལ་བྱ་སྟེ། དཔེར་ན་འཁོར་ལོ་ལ་སོགས་པ་ཐོབ་པ་མེད་ཀྱང་དབང་བ་ཙམ་ལ་མདོར་འཁོར་ལོས་སྒྱུར་བ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཡིན་ནོ་ཞེས་པ་བཞིན་ནོ། །གནོད་བྱེད་ཡང་ཡོད་དེ། ཐོབ་པ་ཞེས་པ་འདི་ཅི་ཞིག་ཡིན། ཆོས་སྐྱེ་བའི་རྒྱུ་ཡིན་ན་འདུས་མ་བྱས་ཀྱི་མིན་པར་འགྱུར་ཞིང་། ས་འཕོས་པ་དང་འདོད་ཆགས་དང་བྲལ་བས་བཏང་བ་དག་སྐྱེ་བ་ཡང་མི་འཐད་ལ། སྐྱེ་བའམ་སྐྱེ་བའི་སྐྱེ་བས་ཅི་ཞིག་གི་ལས་བྱེད་པར་འགྱུར། སྐྱེ་བའི་རྒྱུ་ག་ལ་ཡིན། འཕགས་པ་དང་བྱིས་པ་ལ་སོགས་པར་རྣམ་འཇོག་གི་རྒྱུ་ཡིན་ནོ་ཞེ་ན། དེ་ནི་ཉོན་མོངས་པའི་ས་བོན་སྤངས་པ་དང་མ་སྤངས་པ་ཁོ་ན་ལས་འགྱུར་བར་འོས་སོ། །གཞན་ཡང་རྫས་ཡིན་ན་ཚད་མའི་ཡུལ་དུ་འགྱུར་བར་རིགས་པ་ལས། ཚད་མ་གཉིས་ཀྱིས་མ་དམིགས་པའི་ཕྱིར་རོ། །དེས་ན་དབང་དང་ས་བོན་དང་། མངོན་གྱུར་གསུམ་ལས། དང་པོ་གཉིས་ཡོད་པ་དང་མེད་པ་ལ་ཐོབ་མ་ཐོབ་ཏུ་གདགས་སོ་ཞེས་གསུངས་སོ། །གཉིས་པ་ནི། གཉིས་པོ་དེ་དག་གང་གི་ཡིན་ཞེ་ན། སྤྱིར་ཐོབ་པ་དང་མ་ཐོབ་པ་ནི་རང་རྒྱུད་དུ་གཏོགས་པའི་ཆོས་རྣམས་ཀྱི་ཡིན་ཏེ། གཞན་རྒྱུད་དང་སེམས་ཅན་གྱི་རྒྱུད་ཀྱིས་མ་བསྡུས་པའི་ཆོས་ལ་རང་རྒྱུད་ལ་ཐོབ་མ་ཐོབ་ཀྱི་རྣམ་དབྱེ་མི་རུང་བའི་ཕྱིར་རོ། །དེ་ཡང་རྒྱུད་དང་མ་འབྲེལ་བའི་ཕྱི་རོལ་གྱི་དངོས་པོ་ལ་དེའི་རྣམ་དབྱེ་མི་བཞག་སྟེ། ལྷ་སྦྱིན་གྱི་ལག་གི་བུམ་པ་ལྟ་བུ་དེ་མ་ཐག་ཏུ་གཞན་གྱི་བདག་གིར་བྱ་བར་འགྱུར་བའི་ཕྱིར་མཐའ་གཅིག་ཏུ་གཅིག་ཁོ་ན་ལ་ལྡན་མི་ལྡན་གྱི་རྣམ་དབྱེ་ངེས་པ་ཅན་མི་རུང་བས་ཐུན་མོང་བར་འགྱུར་བ་དང་། གཞན་རྒྱུད་ཀྱི་འབྱུང་ན་དགྲ་བཅོམ་པ་ལ་བྱིས་པའི་ཉོན་མོངས་དང་བྱིས་པ་ལའང་འཕགས་ལམ་གྱི་ཐོབ་པར་འབྱུང་བས་འབད་པ་དོན་མེད་པ་དང་། མ་འབད་པར་གྲོལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཐོབ་བྱའི་ཆོས་རང་རྒྱུད་ལ་འབྱུང་མོད་ཀྱི་མ་ཐོབ་པའི་ཆོས་རང་རྒྱུད་ལ་ཇི་ལྟར་རིགས་ཤེ་ན། མ་ཐོབ་པ་ཡོད་པ་དེ་སྲིད་དུ་རང་རྒྱུད་ལ་མེད་ཀྱང་མ་ཐོབ་པ་དང་བྲལ་བ་ན་རང་རྒྱུད་ལ་ངེས་པར་ལྡན་དགོས་པས་རང་རྒྱུད་དུ་གཏོགས་པ་རྣམས་ཀྱིའོ་ཞེས་གཉིས་ཀ་ལ་སྤྱིར་སྨོས་སོ། །དམིགས་བསལ་ནི་འགོག་གཉིས་རྒྱུད་དང་མ་འབྲེལ་ཡང་དེ་གཉིས་ཀྱི་དགག་བྱ་རྒྱུད་དང་འབྲེལ་བའི་དེ་གཉིས་ཀྱིས་ཐོབ་པ་དང་མ་ཐོབ་པ་ཡོད་དེ། བརྟགས་མིན་ནི་ཆོས་ཅི་རིགས་པའི་རྐྱེན་མ་ཚང་བས་སེམས་ཅན་ཐམས་ཅད་ལ་ལྡན་པའི་ཕྱིར་ཏེ། བསྟན་བཅོས་ལས་ཟག་མེད་ཀྱི་ཆོས་དང་སུ་ལྡན་ཞེ་ན་སེམས་ཅན་ཐམས་ཅད་དོ་ཞེས་འབྱུང་ལ། བརྟགས་འགོག་ནི་འཆིང་བ་མཐའ་དག་དང་ལྡན་པ་སྐད་ཅིག་དང་པོ་ལ་གནས་པ་མ་གཏོགས་པ་འཕགས་པ་ཐམས་ཅད་དང་ས་དང་ས་ལས་འདོད་ཆགས་དང་བྲལ་བའི་བྱིས་པ་ལ་ལྡན་ནོ། །ནམ་མཁའ་ལ་ནི་ཐོབ་པ་མེད་པར་འགྲེལ་བཤད་གཉིས་ལས་འབྱུང་ངོ་། །གང་ཐོབ་པ་ཡོད་མེད་ལ་མ་ཐོབ་པ་ཡོད་པ་དང་མེད་པ་གྲུབ་པའི་མཐའོ། །གསུམ་པ་ལ་གཉིས་ཏེ། ཐོབ་པའི་ཆོས་ཀྱི་ཁྱད་པར། མ་ཐོབ་པའི་ཆོས་ཀྱི་ཁྱད་པར་རོ། །དང་པོ་ལ། དངོས་དང་། དམིགས་བསལ་གཉིས། དང་པོ་ལ་དུས་གསུམ་གྱི། དགེ་སོགས་ཀྱི། འདོད་སོགས་ཀྱི། སློབ་སོགས་ཀྱི། མཐོང་སོགས་ཀྱི་ཁྱད་པར་རོ། །དང་པོ་ནི། ཆོས་དུས་གསུམ་པའི་ཐོབ་པ་ནི་ཐོབ་བྱའི་ཆོས་ལ་ལྟོས་ནས་ཁྱུ་མཆོག་ལྟར་དང་ལྃ་ལྡིངྃ་བ་དང་ལུས་དང་གྲིབ་མ་ལྟ་བུ་མཉམ་དུ་དང་། བེའུ་ལྟར་ཕྱི་འབྲང་རྣམ་པ་གསུམ་གསུམ་སྟེ། ཐོབ་བྱའི་ཆོས་འདས་པ་རྣམས་ཀྱི་ཐོབ་པ་འདས་པ་ད་ལྟར་མ་འོངས་པ་གསུམ། ཐོབ་བྱའི་ཆོས་ད་ལྟར་བའི་གསུམ། ཐོབ་བྱའི་ཆོས་མ་འོངས་པའི་གསུམ་རྣམས་སོ། །དེ་ལ་མཐོང་ལམ་སྐྱེས་པའི་ཚེ་སྦྱོར་ལམ་ནི་འདས་པ་ཡིན་ལ། དེའི་ཐོབ་པ་ཞག་སྔ་མར་འདས་པ་ནི་ཐོབ་པ་འདས་པ་དང་། ད་ལྟར་བའི་སྐབས་སུ་ཡོད་པ་ནི་ད་ལྟར་བ་དང་། ཞག་ཕྱི་མར་འབྱུང་བ་ནི་མ་འོངས་པའོ། །ཟག་མེད་ཀྱི་སྡོམ་པ་ད་ལྟར་བའི་ཐོབ་པ་ཞག་སྔ་མར་འདས་པ་ནི་འདས་པ་དང་། རང་དང་དུས་མཉམ་པ་ནི་ད་ལྟར་བ་དང་། ཞག་ཕྱི་མར་འབྱུང་བ་ནི་མ་འོངས་པའོ། །བསམ་གཏན་གྱི་སྡོམ་པ་ལ་ཐོབ་པ་སྔར་སྐྱེ་ཡོད་པས་དེ་མ་འོངས་པའི་ཐོབ་པ་ཞག་སྔ་མར་འདས་པ་ནི་འདས་པ་དང་། དེ་རིང་ཡོད་པ་ནི་ད་ལྟར་བ། ཞག་ཕྱི་མར་འབྱུང་བ་ནི་མ་འོངས་པའོ། །དེ་གསུམ་ཚང་བའི་ངེས་པ་མེད་དེ་མ་འོངས་པ་ལ་སྔ་ཕྱི་མེད་པས་བེའུ་ལྟར་ཕྱི་འབྲང་སྦྱར་དུ་མེད་པའི་ཕྱིར་རོ། །གཉིས་པ་ནི། དགེ་ལ་སོགས་པ་གསུམ་གྱི་ཐོབ་པ་ཡང་ཆོས་དབང་བཙན་པས་དགེ་བ་ལ་སོགས་པ་གསུམ་རིམ་བཞིན་ནོ། །གསུམ་པ་ནི། ཆོས་ཁམས་གསུམ་པོ་དེར་གཏོགས་པ་རྣམས་ཀྱི་ཐོབ་པ་རྟེན་གང་ལ་ཡོད་ཀྱང་ཆོས་རང་གི་ཁམས་པ་སྟེ། འདོད་པའི་རྟེན་ལ་འདོད་པའི་ཆོས་ཐོབ་ན་འདོད་པ་དེ་ཉིད་དུ་དང་གོང་མའི་ཆོས་ཐོབ་ན་གོང་མ་དེ་ཉིད་དུ་གཏོགས་པ་ལ་སོགས་པའོ། །ཆོས་ཁམས་གསུམ་དུ་མ་གཏོགས་པ་ལམ་དང་འགོག་པ་གཉིས་ལ་སོགས་པ་རྣམས་ཀྱི་ཐོབ་པ་ནི་རྣམ་པ་བཞི་སྟེ་བརྟགས་མིན་གྱི་ཐོབ་པ་ཁམས་གསུམ་པ་དང་བརྟགས་འགོག་འཇིག་རྟེན་པས་ཐོབ་པ་གོང་མ་གཉིས་དང་། འདས་པས་ཐོབ་པ་དང་ལམ་གྱིས་ཐོབ་པ་ཁམས་གསུམ་དུ་མ་གཏོགས་པའོ། །བཞི་པ་ནི། ཆོས་དབང་བཙན་པའི་ཕྱིར་སློབ་པའི་ཐོབ་པ་སློབ་པ་དང་། མི་སློབ་པའི་ཐོབ་པ་མི་སློབ་པ་ཡིན་པ་ནི་གོ་སླ་བའི་ཕྱིར་འདིར་མ་སྨོས་ལ། དེ་གཉིས་ཀ་མིན་པར་འདུས་མ་བྱས་དང་ཟག་བཅས་ཀྱི་ཐོབ་པ་ནི་གསུམ་སྟེ། བརྟགས་འགོག་ཟག་མེད་སློབ་ལམ་གྱིས་ཐོབ་པ་སློབ་པ་དང་། མི་སློབ་ལམ་གྱིས་དེའི་རྟེན་བྱེད་པའི་ཚུལ་གྱིས་ཐོབ་པ་མི་སློབ་པ་དེ་བྱིས་པ་དང་འཕགས་པས་འཇིག་རྟེན་པའི་ལམ་གྱིས་ཐོབ་པ་དང་ཟག་བཅས་དང་བརྟགས་མིན་གྱི་ཐོབ་པ་གཉིས་ཀ་མིན་ནོ། །ལྔ་པ་ནི། མཐོང་སྤང་དང་སྒོམ་སྤང་གིས་ཐོབ་པ་དེ་གཉིས་སུ་གོ་སླ་ཞིང་། སྤང་བྱ་མིན་པའི་ཐོབ་པ་མཐོང་སྤང་ཡིན་པ་མེད་པས་བརྟགས་མིན་དང་བརྟགས་འགོག་གི་ཐོབ་པ་ཟག་བཅས་ནི་སྒོམ་སྤང་དང་། དེའི་ཐོབ་པ་ཟག་མེད་དང་ལམ་བདེན་གྱིས་ཐོབ་པ་ནི་སྤང་བྱ་མིན་པ་རྣམ་པ་གཉིས་སུ་འདོད་དོ། །གཉིས་པ་དམིགས་བསལ་ལ། ལུང་མ་བསྟན་ལ་བརྟེན་པ་དང་། ལུང་དུ་བསྟན་པ་ལ་བརྟེན་པ་གཉིས། དང་པོ་ལ་ཡང་དངོས་དང་དམིགས་བསལ་གཉིས། དང་པོ་ནི། དུས་གསུམ་པ་ཡི་རྣམ་པ་གསུམ། །ཞེས་པ་ཐམས་ཅད་དུ་ངེས་སམ་ཞེ་ན། མིན་ཏེ། མ་བསྒྲིབ་ལ་ལུང་དུ་བསྟན་པ་མིན་པའི་ཐོབ་པ་ནི་དུས་གསུམ་པའི་ཆོས་རང་དང་ལྷན་ཅིག་སྐྱེ་བ་ཁོ་ན་སྟེ། འབད་རྩོལ་མེད་པར་འབྱུང་བས་སྟོབས་ཆུང་བའི་ཕྱིར་ཐོབ་པ་སྔར་སྐྱེ་མེད་པས་སོ། །གཉིས་པ་ནི། འོན་ཀྱང་ལྷའི་མིག་རྣའི་མངོན་ཤེས་དང་སྤྲུལ་པའི་སེམས་ལུང་མ་བསྟན་ནི་མ་གཏོགས་པ་སྟེ་བསམ་གཏན་གྱི་སྦྱོར་བས་འགྲུབ་པས་སྟོབས་ཆེ་བའི་ཕྱིར་སྔ་ཕྱིར་སྐྱེ་བ་དང་ལྷན་ཅིག་སྐྱེ་བ་གསུམ་ཀ་ཡོད་དོ། །བི་ཤྭ་ཀརྨ་ལྟ་བུ་དང་། གནས་བརྟན་རྟ་ཐུལ་ལྟ་བུའི་བཟོ་གནས་དང་སྤྱོད་ལམ་པ་གཉིས་ཀྱི་ཐོབ་པ་ནི་དུས་གསུམ་པ་ཅན་ཏེ་ཀློང་དུ་གྱུར་པའི་ཕྱིར་རོ་ཞེས་བྱེ་སྨྲ་འདོད་དོ། །མ་བསྒྲིབ་པར་མ་ཟད་བསྒྲིབ་ལ་ལུང་དུ་མ་བསྟན་པའི་གཟུགས་ན་ཚངས་པའི་གཡོས་ཀུན་ནས་བསླངས་པའི་ལུས་ངག་གི་རིག་བྱེད་ཀྱི་ཐོབ་པའང་ལྷན་ཅིག་སྐྱེ་སྟེ་ཀུན་སློང་སྟོབས་ཆུང་ཞིང་རིག་བྱེད་བླུན་པའི་ཕྱིར་རོ། །གཉིས་པ་ལ། ལུང་བསྟན་སྤྱི་ལ་བརྟེན་པ་དགེ་མི་དགེ་ཡིན་ཡང་འདོད་པ་ན་དེ་གཉིས་ཀྱི་རིག་མིན་གྱི་གཟུགས་ནི་སེམས་ཀྱི་རྗེས་འབྲང་མིན་པས་དེའི་ཐོབ་པ་སྔར་སྐྱེ་བ་མེད་པས་ལྷན་ཅིག་པ་དང་ཕྱིས་སྐྱེ་བ་ཡོད་མེད་ལས་བསྟན་དུ་འབྱུང་ངོ་། །འདི་ནི་དོན་རྫོགས་པ་མིན་གྱི་སྙོམས་འཇུག་གཉིས་དང་སྐྱེ་བའི་ཆོས་ཅན་གྱི་མཐོང་ལམ་ཐམས་ཅད་དང་མངོན་ཤེས་ཚད་མེད་ལ་སོགས་པ་མ་འདྲིས་པ་རྣམས་དང་ཡེ་ཤེས་བསྟན་པའི་ཤེས་པ་དང་ལྟ་བའི་ཐོབ་པ་ལ་སོགས་པ་སྦྱོར་བས་ཐོབ་པ་ཕལ་ཆེར་ལ་སྔར་སྐྱེ་མེད་དོ། །གཉིས་པ་ནི། མ་ཐོབ་པ་ནི་མ་བསྒྲིབ་ལུང་མ་བསྟན་ཁོ་ན་སྟེ་དགྲ་བཅོམ་པ་དང་དགེ་རྩ་ཆད་པ་ལ་ཡང་ཡོད་པའི་ཕྱིར་རོ། །ཆོས་འདས་པ་དང་མ་སྐྱེས་པ་རྣམས་ཀྱི་མ་ཐོབ་པ་དེ་དུས་རྣམ་པ་གསུམ་ཆར་བ་ཡིན་ཡང་འདས་པའི་མ་ཐོབ་པ་འདས་པ་དང་། མ་འོངས་པའི་མ་ཐོབ་པ་མ་འོངས་པ་ནི། ཆོས་ཉིད་ཀྱི་དུས་ན་མ་ཐོབ་པ་མི་སྲིད་པས་སྔ་ཕྱིར་སྐྱེས་པ་ཡིན་ལ། ད་ལྟར་བའི་ནི་ཆོས་དང་མ་ཐོབ་པ་ལྷན་ཅིག་མི་གནས་པས་འདས་མ་འོངས་ཁོ་ན་ཡོད་དོ། །ཆོས་འདོད་པ་སོགས་སུ་གཏོགས་པ་ས་གསུམ་དང་དྲི་མེད་ཀྱི་མ་ཐོབ་པའང་། ཁམས་གསུམ་གྱི་རྟེན་ལ་མ་ཐོབ་པའི་བྱེ་བྲག་གིས་གསུམ་གསུམ་སྟེ་གསུམ་མཚན་བཞི་ཡོད་དེ། མ་ཐོབ་པ་ནི་རྟེན་དབང་བཙན་གྱི་ཐོབ་པ་བཞིན་དུ་ཆོས་དབང་མི་བཙན་པའི་ཕྱིར་རོ། །ཐོབ་པ་ལྟར་མ་ཐོབ་པ་ཟག་མེད་ནི་འགའ་ཡང་མེད་དེ་ཟག་མེད་ཀྱི་ལམ་མ་ཐོབ་པ་སོ་སོ་སྐྱེ་བོར་བྱེ་སྨྲ་འདོད་ལ། དེ་ནི་ཟག་མེད་དུ་མི་འོས་པའི་ཕྱིར་རམ། ཟག་བཅས་ཟག་མེད་གང་གི་མ་ཐོབ་པ་ཡིན་ཡང་ཟག་མེད་ཡིན་ན་ལམ་བདེན་ཡིན་པས་སོ་སོའི་སྐྱེ་བོ་ལ་དེ་དག་གི་མ་ཐོབ་པ་ཡོད་པའི་ཕྱིར། ལམ་མངོན་དུ་འགྱུར་བར་ཁས་བླངས་པས་བསྟན་བཅོས་དང་འགལ་ཏེ། བསྟན་བཅོས་ལས། སོ་སོའི་སྐྱེ་བོ་ཉིད་གང་ཞེ་ན་འཕགས་པའི་ཆོས་མ་རྙེད་པའོ་ཞེས་གསུངས་སོ། །དེ་ཡང་ཉན་ཐོས་ཀྱི་ལམ་ལྟ་བུ་རེ་རེ་ཁོ་ན་མིན་གྱི་བསྟན་བཅོས་ལས་སྤྱིར་འབྱུང་བས་ཐམས་ཅད་ཀྱི་མ་ཐོབ་པ་ཡིན་ནོ། །འོ་ན་ལམ་གྱི་མ་ཐོབ་པ་ཁོ་ནའོ་ཞེས་པའི་སྒྲ་འདོན་དགོས་སོ་ཞེ་ན། དོན་གྱི་གོ་བའི་ཕྱིར་མི་དགོས་ཏེ་ཆུ་འཐུང་རླུང་ཟ་ཞེས་པ་བཞིན་ནོ། །དེས་ན་བྱེ་སྨྲས། སོ་སོའི་སྐྱེ་བོ་ཉིད་དང་དེ་དང་ལྡན་པའི་གང་ཟག་ཐ་དད་དུ་བྱེད་ལ། མདོ་སྡེ་པས་འཕགས་པའི་ལམ་མ་སྐྱེས་པའི་རྒྱུད་ནི་སོ་སོའི་སྐྱེ་བོ་ཞེས་འདོད་དོ། །འོ་ན་མ་ཐོབ་པ་དེ་གང་གིས་གཏོང་ན། ཆོས་གང་གི་མ་ཐོབ་པ་ནི་ཆོས་དེ་ཐོབ་པ་དང་། གོང་འོག་ཏུ་སྐྱེ་བའི་ས་འཕོས་ནས་ནི་མ་ཐོབ་པའི་ཐོབ་པ་ཆད་ཅིང་མ་ཐོབ་པ་སྐྱེ་བས་རྣམ་པར་ཉམས་པར་འགྱུར་ཏེ། དཔེར་ན་ལམ་མ་ཐོབ་པའི་སྐྱེ་བོ་ནི་མཐོང་ལམ་ཐོབ་པས་ཉམས་ལ། འདོད་པའི་སྐྱེ་བོ་ནི་བསམ་གཏན་དང་པོར་སྐྱེས་པ་དང་། སྲིད་རྩེའི་སྐྱེ་བོ་ནི་ཅི་ཡང་མེད་དུ་སྐྱེས་པས་གཏོང་བའི་ཕྱིར་རིས་མཐུན་འདོར་བ་དང་སོ་སྐྱེ་གཏོང་བ་ལ་མུ་བཞི་སྟེ། དང་པོ་ནི་འདོད་པ་ནས་འདོད་པར་སྐྱེ་བ། གཉིས་པ་ནི་བདེན་པ་མཐོང་བ། གསུམ་པ་ནི་འདོད་པ་ནས་དང་པོར་སྐྱེ་བ། བཞི་པ་དེ་ལས་གཞན་པའོ། །ཅི་མ་ཐོབ་པ་དང་ཐོབ་པའི་ཐོབ་པ་དང་མ་ཐོབ་པ་ཡོད་དམ་ཞེ་ན། གཉིས་ཀའི་གཉིས་ཀ་ཡོད་དོ། །འོ་ན་ཐོབ་པ་ཐུག་མེད་དུ་འགྱུར་རོ་ཞེ་ན། ཕན་ཚུན་ལྡན་པའི་ཕྱིར་མ་ཡིན་ཏེ། ཆོས་དང་ཐོབ་པ་དང་ཐོབ་པའི་ཐོབ་པ་གསུམ་སྐྱེ་བ་ལས། ཐོབ་པའི་ཆོས་དང་ཐོབ་པའི་ཐོབ་པ་དང་ལྡན་པར་བྱེད་ཅིང་། གསུམ་པས་ཐོབ་པ་ལྡན་པར་བྱེད་པའོ། །དེའི་སྐད་ཅིག་གཉིས་པ་ལ་དེ་གསུམ་གྱི་ཐོབ་པ་གསུམ་དང་། ཐོབ་པའི་ཐོབ་པ་གསུམ་སྟེ་དགུ་དང་། གསུམ་པ་ལ་དེ་དགུའི་ཐོབ་པ་དགུ་དང་རྗེས་ཀྱི་ཐོབ་པ་དགུ་སྟེ་ཉི་ཤུ་རྩ་བདུན་དང་། བཞི་པ་ལ་ཉི་ཤུ་རྩ་བདུན་ཕྲག་གཉིས་ཏེ་ལྔ་བཅུ་རྩ་བཞི་དང་། ལྔ་པ་ལ་ལྔ་བཅུ་རྩ་བཞི་ཕྲག་གསུམ་ཞེས་ཊཱི་ཀར་བཤད་ཀྱང་བཞི་པ་ལ་ཡང་སུམ་འགྱུར་དུ་རིགས་སོ་ཞེས་གསུངས་སོ། །སློབ་དཔོན་ནི་ཀྱེ་མ་འདི་ནི་ཐོབ་པའི་དགའ་སྟོན་ཆེན་པོ་ཞིག་སྟེ་དེ་ཐོགས་པ་མེད་པས་འདི་ལྟར་གོ་སྐབས་རྙེད་དོ་ཞེས་མི་འཐད་པར་གསུངས་སོ། །གཉིས་པ་ལ། །སྐལ་མཉམ་གྱི་ངོ་བོ་ནི་སེམས་ཅན་རྣམས་ཕན་ཚུན་འདྲ་བར་བྱེད་པའི་རྫས་ཏེ་སྐལ་བ་མཚུངས་པས་སོ། །རིས་མཐུན་པ་ཞེས་ཀྱང་འབྱུང་ངོ་། །དབྱེ་ན་སེམས་ཅན་ཙམ་དུ་འདྲ་བའི་སྤྱི་དང་། ཁམས་དང་ས་དང་སྐྱེ་གནས་དང་རིགས་དང་ཕོ་མོ་ལ་སོགས་པར་འདྲ་བའི་བྱེ་བྲག་གཉིས་སམ། ཆོས་དང་སེམས་ཅན་གཉིས་སོ། །གོང་མ་བ་ནི་སེམས་ཅན་གྱི་གནས་སྐབས་ཕུང་པོ་འདྲ་བ་ལ་འདོད་དོ། །སྒྲུབ་བྱེད་ནི་སེམས་ཅན་ཐམས་ཅད་ལ་འདྲ་བྱེད་ཀྱི་རྫས་མེད་ན་གཅིག་ཏུ་འཛིན་པའི་སྒྲ་བློ་འཇུག་པར་མི་རིགས་པ་ལས་འཇུག་པའི་ཕྱིར་ཡོད་དོ། །ལུང་ནི་མདོ་ལས་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཞེས་གསུངས་སོ། །གསུམ་པ་ནི། འདུ་ཤེས་མེད་པ་པ་ནི་ལྷ་འདུ་ཤེས་མེད་པ་ཚེ་རིང་པོར་སྐྱེས་པའི་རྟེན་ལ་མ་འོངས་པ་ན་སྐྱེ་བའི་སེམས་དང་སེམས་བྱུང་རྣམས་དུས་གཞན་གྱི་བར་དུ་ཆུ་ལོན་ལྟར་འགོག་པའི་རྫས་སོ། །སྐྱེ་འཆིའི་ཚེ་ནི་སེམས་ཡོད་དེ། མདོ་ལས། སེམས་ཅན་དེ་དག་ནི་དུས་རིང་མོ་ཞིག་ནས་འདུག་སྟེ། འདུ་ཤེས་སྐྱེས་ནས་གནས་དེ་ནས་འཆི་འཕོ་བར་འགྱུར་རོ་ཞེས་སོ། །ཤི་ནས་སྔོན་གྱི་འཕེན་པ་ཟད་པ་དང་ལས་གསར་པ་མ་བསགས་པའི་ཕྱིར་ལན་གྲངས་གཞན་ལ་མྱོང་འགྱུར་གྱིས་འདོད་པ་ཁོ་ནར་སྐྱེའོ་ཞེས་ཟེར་ཡང་། གོང་མར་སྐྱེ་བའི་ལས་མེད་པའི་རྒྱུ་བྱེད་ཅེས་འཆད་དོ། །བཞི་པ་ནི། ལས་ཀྱི་འཕངས་ཤིང་འདུ་ཤེས་མེད་པའི་སྙོམས་འཇུག་གི་རྫོགས་པའི་རྣམ་སྨིན་ཡིན་ལ་གཟུགས་ཅན་མིན་པས་རྒྱས་བྱུང་མེད་དོ། །ས་ནི་སྤྱིར་བསམ་གཏན་བཞི་པ་བྱེ་བྲག་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་འདུ་ཤེས་མེད་པའི་ཁྲོད་ཅེས་པ་དེ་ཡིན་ཏེ་ཚངས་ཆེན་གྱི་གནས་བཞིན་ནོ། །ངོ་བོ་མ་བསྒྲིབ་པ་གང་ཟག་བྱིས་པ། སྐྱེ་བ་སྙོམས་འཇུག་དེའི་འབྲས་བུ་སྐྱེ་ནས་སོ་ཞེས་སོ། །བཞི་པ་ལ་གཉིས་ཏེ། ངོ་བོ་སོ་སོར་བཤད། རྟེན་ཐུན་མོང་དུ་བསྟན་པའོ། །དང་པོ་ལའང་གཉིས་ཏེ། འདུ་ཤེས་མེད་པའི་སྙོམས་འཇུག འགོག་པའི་སྙོམས་འཇུག་གོ །དང་པོ་ལ་བདུན་ཏེ། དགག་བྱ། ས། ཡིད་བྱེད། ངོ་བོ། མྱོང་འགྱུར། གང་ཟག ཐོབ་ཚུལ་ལོ། །དང་པོ་ནི། འདུ་ཤེས་མེད་པ་པས་མཚུངས་ལྡན་འགོག་པ་དེ་བཞིན་དུ་འདུ་ཤེས་མེད་པའི་སྙོམས་འཇུག་གིས་ཀྱང་ཞུགས་ནས་མ་ལངས་བར་དུ་འགོག་གོ །གཉིས་པ་ནི། བསམ་གཏན་ཐ་མ་བཞི་པར་གཏོགས་སོ། །གསུམ་པ་ནི། འཁོར་བ་ལ་ངེས་པར་འབྱུང་བ་ཐར་པ་འདོད་པས་འཇུག་གོ །བཞི་པ་ནི། བསམ་པ་དེ་ལྟ་བུས་སློང་བས་དགེ་བའོ། །ལྔ་པ་ནི། མྱོང་བ་ངེས་ཤིང་རྟེན་དེ་ལ་འདུ་ཤེས་མེད་པར་སྐྱེ་མི་སྲིད་ལ་ཉམས་ཀྱང་སོར་ཆུད་པར་བྱེད་པའི་ཕྱིར་སྐྱེས་ནས་མྱོང་འགྱུར་ཉིད་དོ། །དྲུག་པ་ནི། སོ་སྐྱེ་འཇུག་གི་འཕགས་པའི་གང་ཟག་ནི་མིན་ཏེ། འཕགས་པ་ནི་འདུ་ཤེས་མེད་པའི་ལྷ་ལ་ཐར་པ་དང་། དེ་ལ་ལམ་དུ་མི་འཛིན་པར་ལྷུང་བའི་གནས་ལྟ་བུར་གཟིགས་པའི་ཕྱིར་རོ། །བྱིས་པ་ཡང་བཟོད་པ་ཐོབ་པ་དང་སངས་རྒྱས་ཀྱི་བཀའ་ཐོས་པ་དག་མི་འཇུག་པས་ཕྱི་རོལ་པའོ། །བདུན་པ་ནི། འདི་བསམ་གཏན་ལྟར་དུས་གསུམ་པ་ཐོབ་བམ་ཞེ་ན། འབད་པས་བསྒྲུབ་དགོས་པ་དང་། སེམས་མེད་པས་སྐད་ཅིག་དང་པོ་ལ་དུས་གཅིག་པ་སྟེ་ད་ལྟར་བ་ཁོ་ན་ཐོབ་ཅིང་གཉིས་པ་ཕན་འདས་པ་དང་ཡང་ལྡན་གྱི་སེམས་མེད་ཡིན་པས་མ་འོངས་པ་མི་ཐོབ་སྟེ་སོ་ཐར་གྱི་སྡོམ་པ་བཞིན་ནོ། །མངོན་ཤེས་སྤྲུལ་པ་དང་མི་མཚུངས་ཏེ། དེ་ནི་འདོད་ཆགས་དང་བྲལ་བས་ཐོབ་པ་དང་། སེམས་ཡོད་ཡིན་ལ་འདི་ནི་དེ་ལྟར་མིན་པའི་ཕྱིར་རོ་ཞེས་སམ། ཡང་ན་གཉིས་ཀར་སྐད་ཅིག་དང་པོའི་ཚེ་ད་ལྟར་བ་ཁོ་ན་ཐོབ་ལ། གཉིས་པ་ཕན་ཆད་འདས་པ་དང་ཡང་ལྡན་ཞེས་གསུངས་སོ། །གཉིས་པ་ལ་བདུན་ཏེ། དགག་བྱ། ཡིད་བྱེད། ས། ངོ་བོ། མྱོང་འགྱུར། གང་ཟག ཐོབ་ཚུལ་ལོ། །དང་པོ་ནི། འགོག་པའི་སྙོམས་འཇུག་ཅེས་པའང་སྔ་མ་དེ་བཞིན་དུ་མཚུངས་ལྡན་ཐམས་ཅད་འགོག་པའོ། །འོ་ན་སྔ་མ་དང་ཁྱད་པར་ཅི་ཡོད་ཅེ་ན། གཉིས་པ་ནི། འདི་ཚོར་འདུས་སྐྱོ་ནས་ཐར་པ་དང་འདྲ་བའི་ཚོར་འདུ་ཞི་བའི་འགོག་པ་ལ་གནས་པའི་དོན་དུ་འཇུག་པའམ་ཚེ་འདི་ལ་བདེ་བར་གནས་པའི་དོན་དུ་འཇུག་གི་ངེས་འབྱུང་གི་བསམ་པས་མི་འཇུག་གོ །གསུམ་པ་ནི། སྲིད་རྩེ་ལས་སྐྱེས་ཏེ་རྣམ་སྨིན་ས་དེའི་ཕུང་པོ་བཞི་འགྲུབ་པས་སོ། །བཞི་པ་ནི། བསམ་པ་དེས་སློང་བའི་དགེ་བའོ། །ལྔ་པ་ནི། ཕྱིར་མི་འོང་ཡང་བསྐྱེད་པ་ནི་མ་ཉམས་ན་ཕྱི་མ་ཉིད་ལ་སྲིད་རྩེར་སྐྱེས་ནས་རྣམ་སྨིན་མྱོང་བ་དང་། ཉམས་པ་འོག་ཏུ་སྐྱེས་ནས་སྲིད་རྩེའི་སེམས་ཐོབ་སྟེ་དེར་སྐྱེ་བ་ལན་གྲངས་གཞན་གཉིས་སུ་མྱོང་འགྱུར་དང་། ཕྱིར་མི་འོང་ཁ་ཅིག་དང་དགྲ་བཅོམ་པ་ཐམས་ཅད་ཀྱིས་མྱོང་བར་མ་ངེས་པའོ། །དྲུག་པ་ནི། འཕགས་པའི་གང་ཟག་སྲིད་རྩེའི་སེམས་ཐོབ་པའི་ཕྱིར་མི་འོང་དང་དགྲ་བཅོམ་གཉིས་འཇུག་གི་བྱིས་པ་རྣམས་མི་འཇུག་སྟེ་དེ་ནི་བདག་ཆད་ཀྱི་དོགས་པ་དང་འཕགས་ལམ་གྱི་སྟོབས་ཀྱིས་བསྐྱེད་པའི་ཕྱིར་རོ། །བདུན་པ་ནི། སྦྱོར་བ་འབད་པས་འཐོབ་ཀྱི་འདོད་ཆགས་དང་བྲལ་ཙམ་གྱིས་མ་ཡིན་པས་སྔ་མ་བཞིན་སྐད་ཅིག་དང་པོ་ལ་ད་ལྟ་བ་དང་། གཉིས་པ་ཕན་ཆད་འདས་པའང་ལྡན་གྱི་མ་འོངས་པ་མི་ཐོབ་བོ། །དམིགས་བསལ་ནི་ཐམས་ཅད་དམ་ཞེ་ན། ཐུབ་པའི་འགོག་པ་ནི་སྦྱོར་བས་མིན་གྱི་ཟད་མི་སྐྱེ་ཤེས་པ་དང་མཉམ་དུ་བྱང་ཆུབ་ཀྱིས་འཐོབ་ཅེས་བྱའོ། །དེ་ཡང་མངའ་བརྙེས་པ་ཙམ་ཡིན་གྱི་རྗེས་འབྲང་མིན་པས་ཐོབ་པ་སྐྱེ་བ་ནི་མེད་དོ། །ཐུབ་པ་ནི་གནས་བརྟན་ཉི་སྲུང་གི་ལུང་གི་ཚིག དེ་བཞིན་གཤེགས་པ་ནི་འགོག་པའི་སྙོམས་འཇུག་བསྐྱེད་ནས་ཟད་པ་ཤེས་པ་བསྐྱེད་དོ་ཞེས་པ་ཚད་མར་བྱས་ནས་སློབ་པའི་ཚེ་སྲོད་ལ་བདུད་བཏུལ། ནམ་གུང་ལྷའི་མིག་གིས་སེམས་ཅན་གྱི་སྐྱེ་འཆི་ལ་གཟིགས། ཐོ་རངས་སྐད་ཅིག་བཅུ་དྲུག་བསྐྱེད་དེ་འགོག་པ་ལ་ཞུགས་པ་ལས་ལངས་ནས་སྲིད་རྩེའི་གཉེན་པོ་བསྐྱེད་དེ་སངས་རྒྱས་ཞེས་ཟེར་རོ། །ཁ་ཆེ་བ་ནི་དང་པོར་སློབ་པའི་ཚེ་ནི་དེ་བསྐྱེད་པ་མིན་ཏེ། བྱང་ཆུབ་སེམས་དཔས་བདེན་པ་མངོན་པར་རྟོགས་པ་བཅུ་དྲུག་དང་སྲིད་རྩེའི་གཉེན་པོ་བར་ཆད་མེད་ལམ་དགུ་རྣམ་གྲོལ་ལམ་དགུ་སྟེ་སྐད་ཅིག་མ་སུམ་ཅུ་རྩ་བཞི་བར་མ་ཆད་དུ་བསྐྱེད་ནས་བྱང་ཆུབ་ཐོབ་པའི་ཕྱིར་ཏེ། ཅི་ཡང་མེད་མན་ཆད་ཀྱི་སྒོམ་སྤང་རིང་འཕུར་ལྷག་སྤྱོད་ཀྱི་ཚེ་སྤངས་ཟིན་པའི་ཕྱིར་རོ། །ཕྱོགས་ཆོས་ནི་བར་སྐབས་སུ་སྙོམས་འཇུག་དེ་མངོན་དུ་བྱས་ན་བསམ་པ་ལྡང་བ་ཅན་དུ་འགྱུར་བའི་ཕྱིར་གྲུབ་བོ། །འདོད་པའི་མཐོང་སྤང་ཡང་ཆོས་བཟོད་ཆོས་ཤེས་བསྐྱེད་པ་ནི་སྤང་བྱ་སྤང་དུ་མེད་ཀྱང་དེ་མེད་པར་རྗེས་སུ་ཤེས་པའི་ཕྱོགས་དག་མེད་པའི་ཕྱིར་རོ། །ཉི་འོག་པ་ནི་བསམ་པ་ལྡང་བ་ཅན་མིན་པའི་དོན་སྐྱིལ་ཀྲུང་མི་བཤིག་པར་སྟན་གཅིག་ལ་བྱང་ཆུབ་ཐོབ་པར་བྱའོ་ཞེས་དམ་བཅས་ཀྱི་སྒོམ་ལས་མི་སྡང་བ་མིན་ཞེས་ཟེར་རོ། །གཉིས་པ་ནི། སྙོམས་འཇུག་དེ་གཉིས་ཀ་ཡང་འདོད་པ་དང་གཟུགས་ཀྱི་རྟེན་ཅན་ཡིན་གྱི་གཟུགས་མེད་ཀྱི་མིན་ཏེ། དང་པོ་བཞི་པའི་ས་པ་ཡིན་པའི་ཕྱིར་དང་། གཉིས་པ་ནི་ལུང་ལ་ལྟོས་པའམ། གཟུགས་མེད་ན་གཟུགས་མེད་ཅིང་མཚུངས་ལྡན་འགགས་ན་མི་ལྡན་པའི་འདུ་བྱེད་གཅིག་པུས་གནས་མི་ནུས་པས་དུས་མིན་པར་ལྷག་མེད་དུ་འཇུག་པར་འགྱུར་བས་སམ། ཁམས་དེ་མཚུངས་ལྡན་ཞི་བས་མི་སྐྱོ་བའི་ཕྱིར་རོ། །འོན་ཀྱང་འགོག་པ་དང་པོར་གསར་དུ་སྐྱེད་པ་ནི་བློ་གསལ་བས་གླིང་གསུམ་གྱི་མིའི་ནང་དུ་བསྐྱེད་དགོས་ཏེ། མ་འདྲིས་པས་སྐྱེད་དཀའ་བའི་ཕྱིར་རོ། །ཕྱིས་ནི་གཟུགས་ཀྱི་ཁམས་སུ་ཡང་སྐྱེད་ལ། སྔ་མ་ནི་འདྲིས་པས་བསྐྱེད་སླ་བའི་ཕྱིར་དང་པོར་ཡང་གཉིས་ཀའི་རྟེན་ཅན་ནོ། །གལ་ཏེ་གཟུགས་ཀྱི་རྟེན་ཅན་གྱི་འགོག་སྙོམས་མེད་པར་ཐལ། དེ་དང་པོར་མིའི་རྟེན་ལ་སྐྱེད་དགོས་ཤིང་མིའི་རྟེན་ལ་འགོག་སྙོམས་ཐོབ་པ་གཟུགས་སུ་སྐྱེ་མི་སྲིད་པའི་ཕྱིར་ཏེ། གཟུགས་ལ་ཆགས་པ་དང་བྲལ་བའི་ཕྱིར་ཞེ་ན། ཟག་བཅས་ཞི་རགས་ཀྱི་རྣམ་པ་ཅན་གྱིས་གཟུགས་ལ་ཆགས་པ་དང་བྲལ་ནས་སྲིད་རྩེའི་སེམས་ཐོབ་པའི་ཕྱིར་མི་འོང་ཞིག་གིས་འགོག་པ་ལ་སྙོམས་པར་ཞུགས་པས་ཕྱིས་གཟུགས་མེད་ཀྱི་ཆགས་བྲལ་ལས་ཉམས་པ་གཟུགས་སུ་སྐྱེས་ནས་འགོག་པ་མངོན་དུ་བྱེད་པའི་དབང་དུ་བྱས་པས་སྐྱོན་མེད་དོ། །འོ་ན་འཕགས་པའི་མངོན་རྟོགས་ལྡོག་སྲིད་པར་ཐལ་ལོ་ཞེ་ན། བྱེ་སྨྲའི་ལུགས་ལ་འདོད་དེ་དགྲ་བཅོམ་པ་ཉམས་པའི་ཆོས་ཅན་བཞིན་ནོ། །མདོ་སྡེ་པ་ཟག་མེད་ཀྱི་སྤངས་པ་མི་བཟློག་ཀྱང་ཟག་བཅས་ཀྱི་དེ་བཟློག་པར་འདོད་དོ་ཞེས་རོང་ཊཱིཀ་ཏུ་གསུང་། སྙོམས་འཇུག་ཉིད་ལས་ཉམས་པར་མདོ་སྡེ་པ་དང་སེམས་ཙམ་པ་འདོད་དོ། །ལྡང་སེམས་ནི་བྱེ་སྨྲ་འཇུག་སེམས་རྫས་གྲུབ་ལས་སྐྱེ་བར་འདོད། མདོ་སྡེ་པ་དབང་པོ་དང་བཅས་པའི་ལུས་ལ་སེམས་ཀྱི་ས་བོན་ཡོད་པས་དེ་ལས་སྐྱེ་བར་སྨྲ། སེམས་ཙམ་པ་ཀུན་གཞི་ལ་ཡོད་པའི་སེམས་ཀྱི་ས་བོན་ལས་སྐྱེ་བར་བཞེད། བཙུན་པ་དབྱིག་བཤེས་ནི་ཡིད་ཤེས་མི་གསལ་བ་ཡོད་པས་དེ་ལས་སྐྱེ་བར་ཁས་ལེན་ནོ། །མདོ་སེམས་གཉིས་ནི་གཟུགས་མེད་པར་བཞེད་དོ། །ལྔ་པ་ནི། སྲོག་གི་ངོ་བོ་ནི་ཁམས་གསུམ་པའི་ཚེའོ། །ཚེ་དེ་ཡང་འདོད་གཟུགས་གཉིས་སུ་དྲོད་དང་ཐམས་ཅད་དུ་རྣམ་ཤེས་ནི་སྲོག་ལ་རག་ལས་ནས་འཇུག་པས་དེ་དག་གི་རྟེན་གང་ཡིན་པའོ། །སྲོག་གི་རྟེན་ཡང་དེ་དག་ཡིན་ལ་ཕན་ཚུན་ལྟོས་ཏེ་འཇུག་པའི་ཕྱིར་བཟློག་པ་མེད་པར་ཐལ་ལོ་ཞེ་ན། མདུང་ཁྱིམ་ལྟར་འཇུག་ལྡོག་བྱེད་དོ་ཞེས་དོནྃ་དེྃ་གསུང་ངོ་། །སྒྲུབ་བྱེད་ལུང་ནི། ཚེ་དང་དྲོད་དང་རྣམ་ཤེས་འདིས། །གང་ཚེ་ལུས་འདི་འདོར་བྱེད་ཅིང་། །བོར་ནས་དེ་ཚེ་འདུག་པ་ནི། །སེམས་མེད་ཇི་ལྟར་ཤི་བཞིན་ནོ། །ཞེས་དང་། རིགས་པ་ནི་ཕུང་པོའི་རྒྱུན་གནས་པའི་ཕྱིར་རྟེན་ཡོད་པར་གྲུབ་བོ། །ཞེས་སོ། །མདོ་སྡེ་པ་ན་རེ། སྲོག་རྫས་སུ་གྲུབ་པ་ཡོད་ཀྱང་། དྲོད་དང་རྣམ་ཤེས་ཕན་ཚུན་ལ་བརྟེན་ཅིང་གཉིས་ཀ་ཡང་སྔོན་ལས་ལ་བརྟེན་ཏེ། དེས་རིས་མཐུན་ཇི་སྲིད་དུ་གནས་པར་འཕངས་པ་ལ་སྲོག་ཏུ་བཏགས་པའོ་ཞེས་ཟེར་བ་ལ། བྱེ་སྨྲ་ན་རེ། གཟུགས་མེད་པའི་སེམས་ཅན་ཐམས་ཅད་རྣམ་སྨིན་ཁོ་ནར་ཐལ་ལོ་ཞེས་པའི་སྐྱོན་འཇུག་པས་སྲོག་བྱེ་སྨྲ་ལྟར་རམ། སེམས་ཙམ་པ་ལྟར་ཀུན་གཞི་ཁས་བླངས་སོ་ཞེས་གསུང་ངོ་། །དྲུག་པ་ལ་དབྱེ་བ་དང་། སྐྱོན་སྤོང་གཉིས་ལས། དང་པོ་ནི། མདོ་ལས། མཚན་ཉིད་དག་ནི་བཞི་འབྱུང་སྟེ། མ་འོངས་པའི་འདུས་བྱས་ད་ལྟར་དུ་སྐྱེས་པའི་སྐྱེ་བ་དང་། སྐད་ཅིག་མ་གཉིས་པ་ལ་འཇིག་ཏུ་རུང་བའི་རྒ་བ་དང་། སྐད་ཅིག་མ་གཅིག་ལ་འཇུག་པར་བྱེད་པའི་གནས་པ་དང་། དངོས་སུ་འཇིག་པར་བྱེད་པའི་མི་རྟག་པ་ཉིད་དོ། །འོ་ན་མདོ་ལས། གནས་པ་མ་གསུངས་པ་ནི་གདུལ་བྱ་སྐྱོ་བར་བྱ་བའི་ཕྱིར་ཆགས་པའི་གནས་སུ་གྱུར་པའི་གནས་པ་མ་བཤད་པ་ཡིན་ནོ། །གཉིས་པ་ལ་གསུམ་ལས། དང་པོ་ནི། འདུས་བྱས་མཚན་ཉིད་དང་ལྡན་ཡང་སྐྱེ་སོགས་ཉིད་དེ་དང་མི་ལྡན་པས་མ་ཁྱབ་བོ་ཞེ་ན། རྩ་བའི་མཚན་ཉིད་དེ་དག་ལ་ཡང་མཐུན་པའི་མཚན་ཉིད་སྐྱེ་བའི་སྐྱེ་བ་དང་ལ་སོགས་པ་རྒ་བའི་རྒ་བ་དང་། གནས་པའི་གནས་པ་དང་། མི་རྟག་པའི་མི་རྟག་པ་ཡོད་པས་མ་ཁྱབ་པ་མེད་དོ། །གཉིས་པ་ནི། དེ་དག་ལའང་མཐུན་པའི་མཚན་ཉིད་ཡོད་པས་རེ་རེ་ལ་བཞི་བཞི་ཚང་བ་དང་ཐུག་མེད་དུ་ཐལ་ལོ་ཞེ་ན། སྔ་མ་འདོད་ཅིང་ཐུག་མེད་དུ་མི་འགྱུར་ཏེ་ཕན་ཚུན་གཅིག་གིས་གཅིག་མཚོན་པའི་ཕྱིར་མཚན་ཉིད་གཞན་མི་དགོས་སོ། །ཇི་ལྟར་མཚོན་ཞེ་ན། རྩ་བའི་མཚན་ཉིད་བཞི་པོ་དེ་ཆོས་བརྒྱད་བརྒྱད་ལ་འཇུག མཐུན་པའི་མཚན་ཉིད་བཞི་པོ་རྩ་བའི་མཚན་ཉིད་ཀྱི་ཆོས་གཅིག་སྟེ་རེ་རེ་ལ་འཇུག་སྟེ། རྩ་སྐྱེ་དེས་མཚན་གཞི་འདུས་བྱས་དང་རྩ་བའི་མཚན་ཉིད་གཞན་གསུམ་དང་མཐུན་པའི་མཚན་ཉིད་བཞི་སྟེ་བརྒྱད་པོ་བསྐྱེད་ལ་སྐྱེ་བའི་སྐྱེ་བས་རྩ་སྐྱེ་གཅིག་པུ་བསྐྱེད། དེ་བཞིན་དུ་རྩ་བའི་རྒ་བས་ཆོས་བརྒྱད་རྙིང་པར་བྱེད་མཐུན་པའི་རྒ་བས་རྒ་བ་གཅིག་པོ་རྙིང་པར་བྱེད། རྩ་བའི་གནས་པས་ཆོས་བརྒྱད་གནས་པར་བྱེད། མཐུན་པའི་གནས་པས་གནས་པ་གཅིག་པོ་གནས་པར་བྱེད། རྩ་བའི་མི་རྟག་པས་དོན་བརྒྱད་འཇིག་པར་བྱེད། མཐུན་པའི་མི་རྟག་པས་མི་རྟག་པ་གཅིག་པོ་འཇིག་པར་བྱེད་དོ། །དེས་ན་རྩ་སྐྱེ་ལ་སྐྱེད་བྱེད་གཉིས་པ་དགོས་ཀྱང་དེ་ལ་གསུམ་པ་མི་དགོས་པའི་ཕྱིར་ཐུག་མེད་དུ་མི་འགྱུར་རོ། །གཞན་ལའང་དེ་བཞིན་དུ་སྦྱར་རོ། །འོ་ན་འདུས་བྱས་མི་སྐྱེ་བའི་ཆོས་ཅན་འདུས་བྱས་མིན་པར་འགྱུར་ཏེ་མཚན་ཉིད་སྐྱེ་བ་མ་ཚང་བས་སོ། །ཚང་ན་སྐྱེ་བས་མི་སྐྱེ་བ་ཞེས་ཇི་ལྟར་བྱ་ཞེ་ན། སྐྱེ་བ་ཚང་ཡང་བྱ་བ་མེད་པའི་ཕྱིར་གནས་པས་སྐྱོན་མེད་དོ། །གསུམ་པ་ནི། སྐྱེ་བས་མ་འོངས་པ་བསྐྱེད་པའི་ཕྱིར་མ་འོངས་པ་ཅིག་ཅར་སྐྱེ་བར་ཐལ་ལོ་ཞེ་ན། ད་ལྟར་སྐྱེ་བའི་རྒྱུ་དང་རྐྱེན་དག་གི་ཚོགས་པ་མེད་པར་ནི་སྐྱེ་བ་ཁོ་ནས་བསྐྱེད་བྱ་ད་ལྟར་དུ་སྐྱེད་པར་བྱེད་པ་མིན་ཏེ། མིག་ཡོད་ཀྱང་ཡུལ་མི་ལྡན་ན་རྣམ་ཤེས་མི་སྐྱེ་བ་བཞིན་ནོ། །སྒྲུབ་བྱེད་ལུང་ནི་འདུས་བྱས་སྐྱེ་བར་ཡང་མངོན་ཞེས་གསུངས་སོ། །རིགས་པ་ནི་ཐ་སྙད་ལ་དོན་ལྡོག་ཡོད་པས་ཁྱབ་པའི་ཕྱིར་རོ། །མདོ་སྡེ་པ་ནི་འདུས་བྱས་ཀྱི་རྒྱུན་ལ་ལྟོས་ནས་སྐྱེ་སོགས་བཞི་བཞག་པ་ཡིན་གྱི་སྐད་ཅིག་རེ་རེ་ལ་བཞི་ཚང་བར་མི་འདོད་དོ། །ཀུན་བཏུས་ལྟར་ན་ཕུང་པོའི་རྒྱུན་ལ་སྐྱེ་སོགས་བཞི་འདོད་ཀྱི་ཕྱི་རོལ་ལ་མིན་ཏེ། སྟོན་པས་འཇིག་ཆགས་ཀྱི་རབ་ཏུ་ཕྱེ་བར་གསུངས་པའི་ཕྱིར་རོ། །བདུན་པ་ལ་གཉིས་ཏེ། ཚོགས་གསུམ་གྱི་ངོ་བོ། ཆོས་ཀྱི་ཁྱད་པར་རོ། །དང་པོ་ནི། མིང་གི་ཚོགས་ལ་སོགས་པའི་ངོ་བོ་ནི། དོན་གྱི་ངོ་བོ་ཙམ་སྟོན་པ་མིང་ཡིན་ལ། ཚོགས་ནི་དུ་མའོ། །འདུ་བྱེད་མི་རྟག་ཅེས་པ་ལྟ་བུ་ཅི་ཙམ་གྱིས་དོན་རྫོགས་ཤིང་བྱ་བ་དང་ཡོན་ཏན་དང་དུས་དང་འབྲེལ་པའི་ཁྱད་པར་སྟོན་པའི་ཚིག་དང་ཨཱ་ལི་སོགས་དོན་མི་སྟོན་པའི་སྒྲ་སྤྱི་ནི་ཡི་གེའོ། །ཡང་ན་རྗོད་བྱེད་ཀྱི་ཆ་ཤས་སུ་སྣང་བའོ། །གསུམ་པོ་ཡང་རྣ་བས་ཐོས་པའི་སྒྲ་མིན་གྱི་ཉན་ཤེས་ཀྱི་རྗེས་སུ་སྐྱེས་པའི་ཡིད་ལ་སྣང་བ་སྒྲ་ལས་རྫས་གཞན་མི་ལྡན་པའི་འདུ་བྱེད་དོ། །གཉིས་པ་ནི། དེ་དག་ངག་ལ་ལྟོས་པའི་ཕྱིར་འདོད་པ་དང་གཟུགས་ཁོ་ནར་གཏོགས་སོ། །རྩོལ་བ་ལས་བྱུང་བས་སེམས་ཅན་དུ་སྟོན་པ་དང་། འདོད་དགུར་འབྱུང་ཞིང་གཟུགས་ཅན་མིན་པས་རྣམ་སྨིན་དང་རྒྱས་བྱུང་མིན་པའི་སྐལ་མཉམ་གྱི་རྒྱུ་མཐུན་ལས་བྱུང་བ་དང་། དགེ་རྩ་ཆད་པ་དང་དགྲ་བཅོམ་པ་ལ་ཡང་ལྡན་པས་ལུང་བསྟན་དགེ་མི་དགེ་མིན་གྱིས་མ་བསྒྲིབས་པ་ཁོ་ནའོ། །གསུམ་པ་ཆོས་ཀྱི་ཁྱད་པར་གཞན་བསྟན་ནས་མཇུག་བསྡུ་བ་ལ་བཞི་སྟེ། སྐལ་མཉམ། ཐོབ་པ། མཚན་ཉིད། སྙོམས་འཇུག་དང་མི་ལྡན་པའི་ཁྱད་པར་རོ། །དང་པོ་ནི། ཚོགས་གསུམ་ཁྱད་པར་ཕྱི་མ་གསུམ་ལྡན་ཡིན་པ་དེ་བཞིན་དུ་སྐལ་མཉམ་གསུམ་པོ་དེ་དག་སྟེ། རྣམ་སྨིན་འདྲ་བའི་ཆ་རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་ཡོད་པས་ཁམས་གསུམ་པའོ། །འང་ཞེས་པ་ནི་རྒྱུ་མཐུན་དུ་མ་ཟད་ཅེས་པའོ། །གཉིས་པ་ཐོབ་པ་ནི། རྣམ་སྨིན་གྱི་ཐོབ་པ་རྣམ་སྨིན་དང་། གཞན་གྱི་ཐོབ་པ་རྒྱུ་མཐུན་སྐྱེས་ཏེ་རྣམ་པ་གཉིས་སོ། །ཁྱད་པར་གཞན་ནི་རང་རྒྱུད་དུ་གཏོགས་ཞེས་དང་། དགེ་ལ་སོགས་ཀྱི་ཞེས་སོགས་བཤད་ཟིན་ཏོ། །གསུམ་པ་མཚན་ཉིད་རྣམས་ཀྱང་ཐོབ་པ་བཞིན་དུ་གཉིས་ཏེ། རྣམ་སྨིན་སྐྱེས་ཀྱི་མཚན་ཉིད་རྣམ་སྨིན་དང་། གཞན་རྣམས་ཀྱི་མཚན་ཉིད་རྒྱུ་མཐུན་ལས་བྱུང་བ་སྟེ་ཟག་མེད་དང་པོ་དམིགས་བསལ་ལོ། །དགེ་སོགས་གསུམ་ཀ་ཡོད་དེ་འདུས་བྱས་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །བཞི་པ་སྙོམས་འཇུག་གཉིས་ནི། དགེ་བ་དང་། གཟུགས་ཅན་མིན་པས་རྣམ་སྨིན་དང་རྒྱས་བྱུང་མིན་གྱི། རྒྱུ་མཐུན་དང་འདུས་བྱས་ཀྱི་དགེ་བ་ཡིན་པས་སེམས་ཅན་དུ་སྟོན་པ་ཁོ་ནར་ངེས་སོ། །མི་ལྡན་པ་ཡང་གཟུགས་ཅན་མིན་ཞིང་ལས་ཀྱིས་མ་བྱས་པས་རྒྱས་པ་དང་རྣམ་སྨིན་སྐྱེས་མིན་གྱི་རྒྱུ་མཐུན་པ་ཁོ་ནའོ། །གཞན་ནི་མ་ཐོབ་མ་བསྒྲིབས་ལུང་མ་བསྟན་ཞེས་བཤད་ཟིན་ཏོ། །སྲོག་དང་འདུ་ཤེས་མེད་པ་ནི། ཚེ་ཞེས་དང་། དེ་འབྲས་ཆེ་ཞེས་དང་། རྣམ་སྨིན་ཆེ་ཞེས་ཏེ། དེ་ནི་སེམས་ཅན་བརྗོད་ཅེས་འཆད་པས་སེམས་ཅན་དུ་སྟོན་པ་དང་ལུང་མ་བསྟན་དུ་གྲུབ་པས་མ་བཤད་དོ། །གསུམ་པ་སྐྱེ་བྱེད་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་བཤད་པ་ལ། འདུས་བྱས་ཀྱི་སྐྱེ་ཚུལ་དེ་ལྟར་ན་རྒྱུ་རྐྱེན་གང་ལས་སྐྱེས་ཞེས་པའམ། རྒྱུ་དང་རྐྱེན་དག་མེད་པར་ནི་ཞེས་པའི་རྒྱུ་རྐྱེན་གང་ཞེ་ན། ལན་ལ་གཉིས་ཏེ། རྒྱུ་འབྲས་བཤད་པ། རྐྱེན་བཤད་པའོ། །དང་པོ་ལ་གསུམ་སྟེ། རྒྱུ་དྲུག་བཤད་པ། འབྲས་བུ་ལྔ་བཤད་པ། རྒྱུ་འབྲས་ཐུན་མོང་གི་ཆོས་སོ། །དང་པོ་ལ་གསུམ་སྟེ། དབྱེ་བ། སོ་སོའི་རང་བཞིན། དུས་ངེས་པས་མཇུག་བསྡུ་བའོ། །དང་པོ་ལ་སྤྱི་དོན་དང་། གཞུང་དོན་ནོ། །དང་པོ་ནི། སྤྱིར་རྒྱུ་ལ། ཐུན་མོང་གི་རྒྱུ་དང་། སོ་སོར་ངེས་པའི་རྒྱུ་གཉིས་ལས། དང་པོ་ནི། བྱེད་རྒྱུ་སྟེ་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་ཀྱི་ཐུན་མོང་གི་རྒྱུ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། འདུས་བྱས་ཁོ་ན་སྟེ་རྒྱུ་ཕྱི་མ་འདི་རྣམས་ལ་འདུས་མ་བྱས་མི་རུང་བའི་ཕྱིར་རོ། །དེ་ལ་རྒྱུ་འབྲས་དུས་མཉམ་པ་དང་མི་མཉམ་པ་གཉིས་ལས། མཉམ་པ་ནི་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་གཉིས་ཡིན་ལ། མི་མཉམ་པ་ནི་གཞན་གསུམ་མོ། །མཉམ་པ་ལའང་དང་པོ་ནི་སྤྱི་དང་། གཉིས་པ་དེའི་བྱེ་བྲག་གོ །མི་མཉམ་པ་ལ་ཡང་རྒྱུ་འབྲས་རིགས་འདྲ་བ་དང་། མི་འདྲ་བ་གཉིས་ལས། དང་པོ་ནི། སྐལ་མཉམ་དང་ཀུན་འགྲོ་གཉིས་ཡིན་ལ། དེ་ལའང་སྤྱི་འདྲ་བ་དང་བྱེ་བྲག་འདྲ་བའི་སྒོ་ནས་གཉིས་སུ་ཕྱེའོ། །གཉིས་པ་མི་འདྲ་བ་ནི། རྣམ་སྨིན་གྱི་རྒྱུའོ། །དེ་ཡང་བྱེད་རྒྱུ་ནུས་མེད་ནི་རང་ལས་གཞན་པའི་འདུས་བྱས་སྐྱེ་བ་ལ་གེགས་མི་བྱེད་པ་སྟེ་འདུས་མ་བྱས་ལྟ་བུའོ། །བྱེད་རྒྱུ་ནུས་བཅས་ནི་ས་བོན་གྱི་མྱུ་གུ་བསྐྱེད་པ་ལྟ་བུའོ། །ལྷན་ཅིག་འབྱུང་རྒྱུ་ནི་རང་རང་གི་མཚན་ཉིད་སྐྱེ་སོགས་དང་། རང་གི་རིགས་འདྲ་ཕྱི་མ་སྐྱེད་པ་ལ་ལྟོས་ཏེ་བྱེད་རྒྱུ་ནུས་བཅས་དང་སྐལ་མཉམ་གྱི་རྒྱུ་གཉིས་ཀྱང་ཡིན་མོད་ཀྱི། འདིར་རང་དང་ལྷན་ཅིག་པའི་ཆོས་གཞན་སྐྱེ་བའི་གྲོགས་སུ་གྱུར་པ་ལ་ལྟོས་ནས་ལྷན་ཅིག་འབྱུང་རྒྱུ་ཞེས་ཐ་སྙད་བྱས་སོ། །རང་རང་གི་འདུས་བྱས་ཀྱི་མཚན་ཉིད་དང་རིགས་འདྲ་ཕྱི་མ་ལ་ལྟོས་ཏེ་རྒྱུ་ལྔ་པོ་ཐམས་ཅད་བྱེད་རྒྱུ་དང་ལྷན་ཅིག་འབྱུང་བ་དང་སྐལ་མཉམ་གསུམ་ཀ་ཡིན་ཡང་། རང་གི་བྱེད་ལས་ཐུན་མོང་མ་ཡིན་པ་རེ་ལ་ལྟོས་ཏེ་སོ་སོར་ཐ་སྙད་བྱས་སོ། །དེ་ལ་འབྱུང་བ་རྣམས་ནི་རང་དང་ཚོགས་པ་གཅིག་པའི་ཟླའི་འབྱུང་བ་རྣམས་ཀྱི་ལྷན་ཅིག་འབྱུང་རྒྱུ་ཡིན་ལ། ལྷན་ཅིག་པའི་འབྱུང་གྱུར་རྣམས་ཀྱི་དེ་མིན་ཏེ། འབྱུང་བའི་ནུས་པས་ལྷན་ཅིག་པའི་འབྱུང་གྱུར་བསྐྱེད་པ་ཡིན་གྱི་འབྱུང་གྱུར་དང་འགྲོགས་སྟོབས་ཀྱིས་འབྱུང་གྱུར་གྱི་ནུས་པ་འབྱུང་བ་ལ་འཇུག་པ་མ་ཡིན་པའི་ཕྱིར། འབྱུང་གྱུར་ནང་ཕན་ཚུན་ལྷན་ཅིག་འབྱུང་རྒྱུ་ཡིན་པ་ནི་བསམ་གཏན་གྱི་སྡོམ་པའི་སྤོང་བདུན་ནང་ཕན་ཚུན་དང་། ཟག་མེད་ཀྱི་སྡོམ་པའི་སྤོང་བདུན་ནང་ཕན་ཚུན་ནོ། །དེ་ལས་གཞན་པའི་འབྱུང་གྱུར་ནང་ཕན་ཚུན་ལྷན་ཅིག་འབྱུང་རྒྱུ་ཡིན་པ་ནི་མེད་དོ། །འབྱུང་གྱུར་གྱིས་འབྱུང་བའི་ལྷན་ཅིག་འབྱུང་རྒྱུ་མི་བྱེད་པ་ཡིན་གྱི་སྤྱིར་འབྱུང་གྱུར་གྱིས་འབྱུང་བ་མི་སྐྱེད་པ་མིན་ཏེ། འབྱུང་བ་རྣམས་ཀྱིས་དེ་རྣམས་གཅིག་ཅེས་འབྱུང་བས་སོ། །མཚུངས་ལྡན་གྱི་རྒྱུ་ནི་སེམས་དང་སེམས་བྱུང་ཁོ་ན་སྟེ། མི་ལྡན་པའི་འདུ་བྱེད་དང་གཟུགས་དང་གཟུགས་ཅན་མིན་པ་རྣམས་ལ་མཚུངས་ལྡན་གྱི་དོན་མེད་པས་སོ། །དེས་ན་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཀྱི་སྒོ་ནས་ཕན་ཚུན་གྲོགས་སུ་གྱུར་པས་མཚུངས་ལྡན་གྱི་རྒྱུ་སྟེ་འདི་ནི་ལྷན་ཅིག་འབྱུང་རྒྱུའི་བྱེ་བྲག་གོ །ལྷན་ཅིག་འབྱུང་བ་ཡིན་ལ་དེའི་རྒྱུ་མིན་པ་ནི་མཐུན་པའི་མཚན་ཉིད་ཀྱིས་མཚན་གཞི་འདུས་བྱས་ཀྱི་ལྷན་ཅིག་འབྱུང་རྒྱུ་མི་བྱེད་པ་ལྟ་བུའོ། །སྐལ་མཉམ་གྱི་རྒྱུ་ནི་རིགས་འདྲ་སྔ་མས་རིགས་འདྲ་ཕྱི་མ་བསྐྱེད་པ་ལ་ལྟོས་ནས་སྐལ་མཉམ་ཞེས་བྱ་སྟེ། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་མ་བསྡུས་གཉིས་ཀ་ཡོད་དེ། དང་པོ་ནི། དགེ་བ་སྦྱོར་བྱུང་གིས་རང་དང་མཉམ་པ་དང་ཁྱད་པར་ཅན་གྱི་རྒྱུ་བྱེད་པ་དང་། ཉོན་མོངས་པ་རྣམས་ཀྱིས་དེ་ཕྱི་མ་དང་ལུང་མ་བསྟན་ལ་ཡང་དེ་བཞིན་ནོ། །རྒྱུད་ཀྱིས་མ་བསྡུས་པ་ཡང་ནས་ཀྱིས་ནས་དང་སྲན་མས་དེའི་རྒྱུད་བྱེད་ཅིང་གོ་འབྱེད་པ་ལྟ་བུའོ། །འོ་ན་འདྲ་བ་ཐམས་ཅད་དེ་ཐམས་ཅད་ཀྱི་སྐལ་མཉམ་གྱི་རྒྱུ་ཡིན་ནམ་ཞེ་ན། སྤང་བྱ་རིས་ལྔ་ལས་དུཿཁ་མཐོང་སྤང་གིས་དེ་ཁོ་ནའི་སྐལ་མཉམ་གྱི་རྒྱུ་བྱེད་ལ། སྤང་བྱ་ལྷག་མ་རྣམས་ཀྱང་དེ་བཞིན་ནོ། །འོ་ན་གོང་འོག་གི་དུཿཁ་མཐོང་སྤང་རྣམས་སྤང་བྱ་རིས་གཅིག་པས་ཕན་ཚུན་སྐལ་མཉམ་གྱི་རྒྱུ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཟག་བཅས་རྣམས་ནི་སྲེད་པས་རིས་སུ་གཅད་པའི་ཕྱིར་རོ། །ཟག་མེད་རྣམས་ནི་ལུགས་མཐུན་དུ་འཇུག་པའི་ཚེ་ས་འོག་མའི་ལམ་གྱིས་གོང་མའི་སྐལ་མཉམ་གྱི་རྒྱུ་བྱེད་ལ། དེ་ཡང་དབང་རྟུལ་གྱི་ལམ་གྱིས་དེ་ཉིད་དབང་པོ་ཕོ་བའི་ཚེ་དབང་རྣོན་གྱི་ལམ་གྱིས་སྐལ་མཉམ་གྱི་རྒྱུ་ཡང་བྱེད་དོ། །རྣོན་པོས་རྣོན་པོ་ཁོ་ནའི་བྱེད་ཀྱི་འབྲིང་དང་རྟུལ་པོའི་མི་བྱེད་དོ། །ཀུན་འགྲོའི་རྒྱུ་ནི་རང་དང་ས་གཅིག་པའི་ཉོན་མོངས་ཅན་ཕྱི་མ་སྐྱེ་བའི་གོ་འབྱེད་པ་ལ་ལྟོས་ཏེ་ཀུན་འགྲོའི་རྒྱུ་སྟེ། འདི་ནི་སྐལ་མཉམ་ལྟར་སྤང་བྱ་རིས་མཐུན་ཁོ་ནའི་རྒྱུ་བྱེད་པ་མིན་གྱི་སྤང་བྱ་རིས་ལྔ་ཆར་གྱི་རྒྱུ་བྱེད་པས་ཀུན་འགྲོ་ཞེས་བྱའོ། །རྣམ་སྨིན་གྱི་རྒྱུ་ནི་མི་དགེ་བ་དང་དགེ་བ་ཟག་བཅས་ཁོ་ན་སྟེ། ལུང་མ་བསྟན་སྟོབས་ཆུང་བས་རྣམ་སྨིན་སྐྱེད་མི་ནུས་པའི་ཕྱིར་དང་། ཟག་མེད་སྲེད་པའི་རླན་དང་བྲལ་བས་རྣམ་སྨིན་མི་འབྱེད་པའི་ཕྱིར། འགའ་ཞིག་མཚུངས་ལྡན་གྱི་རྩ་བའི་མཚན་ཉིད་བཞི་པོ་ཡང་མཚུངས་ལྡན་གྱི་རྒྱུ་ཡིན་ཏེ་མཚུངས་ལྡན་གྱི་བྱེད་རྒྱུ་ཡིན་པའི་ཕྱིར་རོ། །འོ་ན་སེམས་སེམས་བྱུང་གང་རུང་དུ་ཐལ། ཁས་ལེན་དེའི་ཕྱིར། ཁྱབ་སྟེ། མཚུངས་ལྡན་རྒྱུ་ནི་ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་རྣམ་སྨིན་གྱི་རྒྱུ་འདུས་བྱས་ཀྱི་མཚན་ཉིད་རྣམས་རྣམ་སྨིན་གྱི་རྒྱུར་འདོད་པ་རིགས་པ་འདིས་ཁེགས་སོ། །གཉིས་པ་ཚིག་དོན་ལ། འབྲས་བུའི་རིགས་ལ་ལྟོས་ནས་རྒྱུ་ནི་རྣམ་པ་དྲུག་ཏུ་གྲངས་ངེས་ཏེ། གང་ཞེ་ན། བྱེད་རྒྱུ་དང་། ལྷག་ཅིག་འབྱུང་བའི་རྒྱུ་དང་། སྐལ་མཉམ་གྱི་དང་། མཚུངས་པར་ལྡན་པའི་དང་། ཀུན་ཏུ་འགྲོ་བའི་དང་། རྣམ་སྨིན་གྱི་རྒྱུ་ཞེས་བྱ་བ་རྣམས་སོ། །དེ་ཡང་བྱེ་བྲག་སྨྲ་བ་ནི་ཡང་དག་པར་བསྡུས་པའི་གཞི་ཉམས་པས་རྒྱུ་དྲུག་ཚང་བར་སྟོན་པའི་མདོ་ནི་ནུབ་ལ། སོ་སོར་སྟོན་པ་བསྡུས་ནས་དྲུག་ཏུ་འདོད་ཅེས་པའོ། །གཉིས་པ་ལ་དྲུག་ལས། དང་པོ་བྱེད་རྒྱུའི་མཚན་གཞི་ནི། རང་ཉིད་རང་ལ་བྱེད་པ་འགལ་བས་རང་ལས་གཞན་པ་ཐམས་ཅད་འདུས་བྱས་ཀྱི་བྱེད་རྒྱུ་སྟེ། མཚན་ཉིད་ནི་སྐྱེ་བ་ལ་མ་སྒྲིབ་པའོ། །སྒྲ་དོན་ནི་འདིས་སྐྱེད་པར་བྱེད་པས་བྱེད་རྒྱུའོ། །དབྱེ་ན་ནུས་བཅས་ནུས་མེད་གཉིས་སོ། །གཉིས་པ་ལ་མཚན་ཉིད་དང་། མཚན་གཞི་གཉིས་ལས། དང་པོ་ནི། ལྷན་ཅིག་འབྱུང་བའི་རྒྱུའི་མཚན་ཉིད་ནི། ཆོས་གང་ཕན་ཚུན་ཟླ་དང་བཅས་པ་གཅིག་ལ་གཅིག་འབྲས་བུའམ་རྒྱུར་གྱུར་པས་བསྐྱེད་པའམ་དུས་མཉམ་པའི་རྒྱུ་འབྲས་སོ། །ཊཱི་ཀ་ལས་འདི་ཡང་ཆོས་དག་མཐུན་པའི་མཚན་ཉིད་ཀྱི་རྒྱུ་ཡིན་ཡང་དེ་ཆོས་ཀྱི་མིན་པས་ཕར་འབྲས་ལ་ཚུར་འབྲས་ཀྱིས་མ་ཁྱབ་པའི་ཕྱིར་ཁ་བསྐང་བ་དང་བཅས་པ་སྟེ་བསྟན་བཅོས་ཆེན་པོར་བསྟན་པའི་ཕྱིར་བརྡ་སྤྲོད་པའི་བསྟན་བཅོས་བཞིན་ཞེས་སོ། །བསྟན་བཅོས་ཆེན་པོ་ཚིག་གི་འབྱུང་གནས་ཡིན་པས་ཁ་བསྐང་མི་དགོས་ཀྱི་མཚན་ཉིད་དེ་དག་མེད་བཞིན་དུ་སྒྲོ་འདོགས་པའི་གྲུབ་མཐའི་ཉེས་པའོ་ཞེས་གསུངས་སོ། །དེ་ཡང་མཚན་ཉིད་མེད་པ་མིན་ཏེ། རྩ་བའི་མཚན་ཉིད་དང་ཕན་ཚུན་རྒྱུ་ཡིན་པས་སོ། །གཉིས་པ་མཚན་གཞི་ལ་སྤྱིར་བསྟན་པ། སེམས་ཀྱི་རྗེས་འཇུག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཚོགས་པ་གཅིག་པའི་འབྱུང་བ་བཞི་ཕན་ཚུན་རྒྱུ་འབྲས་སུ་གྱུར་པ་བཞིན་དང་། སེམས་ཀྱི་རྗེས་འཇུག་དང་སེམས་གཉིས་བཞིན་དང་། འདུས་བྱས་ཀྱི་མཚན་ཉིད་སྐྱེ་སོགས་བཞི་དང་། མཚན་གཞི་འདུས་བྱས་གཉིས་བཞིན་ཏེ། ལྷན་ཅིག་འགྲོགས་སྟོབས་ཀྱིས་གཅིག་གིས་གཅིག་སྐྱེ་བའི་རྐྱེན་བྱས་པས་སོ། །གཉིས་པ་ལ་རྗེས་འཇུག་ངོས་བཟུང་། འཇུག་ཚུལ་བཤད་པའོ། །དང་པོ་སེམས་ཀྱི་རྗེས་འཇུག་གང་ཞེ་ན། སེམས་ལས་བྱུང་བ་ཐམས་ཅད་དང་། བསམ་གཏན་དང་། ཟག་མེད་ཀྱི་སྡོམ་པ་གཉིས་དང་། སེམས་ཀྱི་མཚན་ཉིད་སྐྱེ་སོགས་བཞི་དང་། སེམས་བྱུང་དང་སྡོམ་པ་གཉིས་དེ་དག་གི་མཚན་ཉིད་སྐྱེ་སོགས་ནི་སེམས་ཀྱི་རྗེས་འཇུག་ཡིན་ནོ། །གཉིས་པ་ཇི་ལྟར་འཇུག་ཅེ་ན། དུས་ལས་ནི་དེ་དག་སེམས་དང་སྐྱེ་འགག་གནས་གསུམ་གཅིག་པ་དང་མི་སྐྱེ་བའི་ཆོས་ཅན་དེ་དག་ཏུ་མ་འདུས་པས་སྤྱིར་དུས་ཙམ་གྱིས་བསྡུས་པར་གཅིག་པ་དང་། སྐྱེས་བུས་བྱེད་པ་བདག་པོ་བྲལ་བའི་འབྲས་བུ་གསུམ་དང་། སོགས་པ་རྒྱུ་མཐུན་དང་། རྣམ་སྨིན་གཅིག་པ་སྟེ་གསུམ་དང་། དགེ་བ་དང་སོགས་པ་མི་དགེ་བ་དང་ལུང་མ་བསྟན་གཅིག་པ་སྟེ་བཅུ་ལས་ཅི་རིགས་གཅིག་པའོ། །དེ་ཡང་དུས་དང་དགེ་སོགས་འདྲ་བ་ཙམ་དང་འབྲས་སོགས་ཐུན་མོང་བ་ལ་གཅིག་པར་བརྗོད་ལ། མཚན་ཉིད་མང་ན་ནི་དགེ་བ་ཟག་བཅས་སྐྱེ་བའི་ཆོས་ཅན་ལ་ཐ་མ་གཉིས་ལས་གཞན་བརྒྱད་ཡོད་ལ། ཉུང་ན་མི་སྐྱེ་བའི་ཆོས་ཅན་ལུང་མ་བསྟན་ལ་དེ་ཉིད་དང་དུས་དང་འབྲས་བུ་གསུམ་སྟེ། གཞན་ལ་ཡང་ཅི་རིགས་སུ་སྦྱར་རོ། །དེ་ལ་བརྟེན་ནས་ལྷན་ཅིག་འབྱུང་བའི་རྒྱུ་དཔེར་བརྗོད་པ་ནི་སེམས་ཀྱི་རྗེས་འཇུག་ནི་ཉུང་བས་བསམ་གཏན་གཉིས་པ་ལ་སོགས་པའི་མ་བསྒྲིབ་པ་ནི་ས་མང་པོ་པ་བཅུ་དང་། དེ་དག་གི་མཚན་ཉིད་བཞི་བཅུ་དང་། སེམས་ཀྱི་མཚན་ཉིད་བཞི་དང་། དེ་དག་གི་མཚན་ཉིད་བཞི་སྟེ་ལྔ་བཅུ་རྩ་བརྒྱད་ཀྱིས་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ། ཚུར་མཐུན་པའི་མཚན་ཉིད་བཞི་རྒྱལ་པོའི་ཉིང་གཡོག་ལྟར་རང་གི་མཚན་ཉིད་བཞི་ལ་ལྷུར་ལེན་པས་གཞན་ལྔ་བཅུ་རྩ་བཞི་རྒྱུ་ཡིན་ནོ་ཞེས་ཁ་ཆེ་བ་ཟེར་རོ། །ཉི་འོག་པ་ནི་ས་མང་པོ་པའི་མཚན་ཉིད་བཅུ་ཡང་རྒྱལ་པོ་ཉིང་གཡོག་དང་འདྲ་བས་བཅུ་བཞི་ཚུར་རྒྱུ་བྱེད་དོ་ཞེས་པ་ལ། ཁ་ཆེ་བ་ན་རེ། དེ་ལ་རྩ་བའི་མཚན་ཉིད་ཡིན་ཞིང་སྟོབས་ཆེ་བས་ཚུར་རྒྱུ་ཡིན་ཏེ། རབ་ཏུ་བྱེད་པ་ལས་བདེན་པ་བཞི་ལས་འཇིགས་ཚོགས་ལ་ལྟ་བའི་རྒྱུ་དང་རྒྱུ་ཅན་གྱི་མུ་བཞིའི་དབྱེ་བ་བྱས་པས་ཤེས་སོ་ཞེས་སོ། །སྒྲ་དོན་ནི། གཞི་མཐུན་ནམ་གཞི་ཐ་དད་གཉིས་ཀ་རུང་ངོ་། །གསུམ་པ་སྐལ་མཉམ་གྱི་རྒྱུའི་མཚན་གཞི་ནི། དགྲ་བཅོམ་པའི་ཕུང་པོ་ཐ་མ་མི་སྐྱེ་བའི་ཆོས་ཅན་གྱི་རྒྱུར་འདོད་ན་འདུས་བྱས་ཐམས་ཅད་མི་འདོད་ན་དེ་མ་གཏོགས་པའོ། །མཚན་ཉིད་ནི། འདྲ་བ་སྔ་མས་འདྲ་བ་ཕྱི་མ་སྐྱེད་ཅིང་གོ་འབྱེད་པ་སྟེ་དགེ་སོགས་གསུམ་པོ་གང་རུང་དུ་འདྲ་བའོ། །སྒྲ་དོན་ནི་ཆོས་འདྲ་བའི་རྒྱུ་ཡིན་པས་སོ། །བྱེ་བྲག་ཟག་བཅས་ཀྱི་འདྲ་བ་ནི་སྤང་བྱ་རིས་ལྔ་ལས་རིགས་གཞན་གྱིས་གོ་མི་འབྱེད་པས་རང་གི་རིས་སུ་གཅིག་པ་སྟེ། དེ་བཞིན་དུ་དུཿཁ་མཐོང་སྤང་གི་མི་དགེ་བ་དང་སྒྲིབ་པ་ཡང་ཕན་ཚུན་རྒྱུ་ཡིན་ལ། དེ་ཡང་ས་ཐ་དད་པ་ནི་སྲེད་པའི་འཆིང་བས་རིས་སུ་ཆད་པས་ཕན་ཚུན་ནུས་པ་མི་འཇུག་པའི་ཕྱིར་རང་གི་ས་པ་ཁོ་ན་ཡིན་ཞིང་། དེ་ཡང་རྒྱུད་གཅིག་པ་དང་དེ་ཡང་ནུས་པ་འཇུག་པ་དགོས་ཀྱི་མིག་འདྲ་བ་ལྟ་བུ་ནི་མིན་ནོ་ཞེས་སོ། །འོན་ཀྱང་ཕ་མའི་ས་བོན་ལས་བུའི་ལུས་དང་ཕྱིའི་དྲོད་གཤེར་ལས་དེ་ལས་སྐྱེས་པའི་ལུས་འགྲུབ་པ་དག་ཏུ་དེ་ཡིན་པ་ལ་གནོད་པ་མེད་དོ་ཞེས་འཆད་དོ། །དེའང་དུས་མཉམ་པ་དང་ཕྱིས་བྱུང་གི་གོ་མི་འབྱེད་པས་འབྲས་བུའི་སྔར་སྐྱེས་འདས་ད་ལྟར་བ་རྣམས་ཕྱིས་སྐྱེ་བ་དང་མི་སྐྱེ་བའི་རྒྱུ་ཡིན་ནོ། །རང་རིས་ས་པ་ནི་ཟག་བཅས་ལ་ཡིན་གྱི་མི་ལྕོགས་མེད་སོགས་ས་དགུའི་ཟག་མེད་ཀྱི་ལམ་ནི་ས་དེར་གློ་བུར་དུ་འོངས་པའི་མགྲོན་པོ་ལྟར་སྲེད་པས་མཚམས་བཅད་པ་མེད་པས་གོང་འོག་ཕན་ཚུན་དུ་རྒྱུ་ཡིན་ལ་དེ་ཡང་སྦྱོར་བྱུང་ཡིན་པས་དམན་པའི་རྒྱུ་མིན་གྱི་མཉམ་པ་དང་ཁྱད་པར་ཅན་གྱི་ཡིན་ཏེ། མཐོང་ལམ་ནི་མཐོང་ལམ་ཉིད་སྐྱེ་བ་དང་། མི་སྐྱེ་བ་དང་ཁྱད་པར་ཅན་ལམ་གོང་མ་གཉིས་ཀྱི་རྒྱུ་ཡིན་ལ། སྒོམ་ལམ་ནི་དེ་ཉིད་དང་མི་སློབ་པའི་རྒྱུ་ཡིན་གྱི་དམན་པ་མཐོང་ལམ་གྱི་མིན་ལ། མི་སློབ་པ་ནི་དེ་ཉིད་ཀྱི་རྒྱུ་ཡིན་ནོ། །གཞན་ལ་ཡང་སྦྱར་རོ། །ཟག་བཅས་ཀྱི་སྦྱོར་བྱུང་ཡང་མཉམ་པ་དང་ཁྱད་པར་ཅན་དེ་གཉིས་ཁོ་ནའི་ཡིན་གྱི་འབད་པ་དོན་མེད་དུ་འགྱུར་བས་དམན་པའི་མིན་ལ་དེ་ནི་ཐོས་དང་བསམ་བྱུང་ལ་སོགས་པ་སྟེ་ཐོས་བྱུང་ནི་དེ་ཉིད་དང་བསམ་སྒོམ་གྱི་རྒྱུ་ཡིན་ལ། བསམ་བྱུང་ནི་དེ་ཉིད་དང་སྒོམ་བྱུང་གི་རྒྱུ་ཡིན་ཞིང་སྒོམ་བྱུང་ནི་དེ་ཉིད་ཀྱི་རྒྱུ་ཡིན་ནོ། །སྦྱོར་བྱུང་གཞན་ཡང་དེ་བཞིན་དུ་སྦྱར་ལ། དོན་གྱིས་དགེ་བ་སྐྱེས་ཐོབ་དང་ཉོན་མོངས་ཅན་ནི་ཆེ་འབྲིང་ཕན་ཚུན་དུ་རྒྱུ་ཡིན་ཞིང་། ལུང་མ་བསྟན་བཞི་ཡང་རང་དང་གོང་མའི་རྒྱུ་ཡིན་ནོ། །བཞི་པ་མཚུངས་ལྡན་གྱི་རྒྱུའི་མཚན་གཞི་ནི། སེམས་དག་དང་སེམས་བྱུང་ཡིན་ལ། མཚན་ཉིད་ནི་རྟེན་དབང་པོ་མཚུངས་པ་ཅན་ཏེ་དེ་ལ་གཞན་བཞི་ངེས་པར་མཚུངས་པས་དོན་མཚུངས་ལྡན་རྣམ་པ་ལྔ་མཚུངས་རྣམས་སོ། །ལྷན་ཅིག་འབྱུང་བ་དང་འདི་གཉིས་ཀྱི་ཁྱད་པར་ནི་ཕན་ཚུན་རྒྱུ་འབྲས་སུ་གྱུར་པའི་ལྡོག་པ་ནས་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་ལྔས་འདྲ་བས་ནུས་པ་འཇུག་པའི་ལྡོག་པ་ནས་མཚུངས་ལྡན་ཏེ། དཔེར་ན་མགྲོན་པོ་ཐམས་ཅད་ལམ་གྱི་འཇིགས་པ་དང་བྲལ་བའི་གྲོགས་ཡིན་པ་དང་བྱེ་བྲག་ཏུ་མགྲོན་ཚོ་གཅིག་པ་དག་ཁལ་འགེལ་བ་ལ་སོགས་པའི་ཡང་གྲོགས་ཡིན་པ་ལྟ་བུ་ཡིན་ལ། རྒྱལ་པོ་སྲས་ཀྱི་འགྲེལ་པ་གཉིས་ལས་དམིགས་པ་རྟོགས་པའི་ཁྱད་པར་ཡོད་ཅེས་གསུངས་སོ། །སྒྲ་དོན་ནི་ལྷན་ཅིག་འབྱུང་བ་བཞིན་ནོ། །ལྔ་པ་ཀུན་འགྲོའི་རྒྱུའི་མཚན་གཞི་ནི། ཀུན་འགྲོ་ཞེས་བྱ་བ་སུམ་ཅུ་རྩ་གསུམ་ཐོབ་པ་ལས་གཞན་པ་འཁོར་དང་བཅས་པ་དག་ཡིན་ལ། མཚན་ཉིད་ནི་ཉོན་མོངས་པ་ཅན་རྣམས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་སྟེ། དཔེར་ན་བདག་འཛིན་གྱི་ཆགས་སྡང་དང་ལོག་ལྟ་སྲོག་གཅོད་པ་ལ་སོགས་པ་བསྐྱེད་པ་ལྟ་བུའོ། །འདི་ནི་ཀུན་ནས་སློང་བ་ཡིན་པས་རིགས་གཅིག་པ་མི་དགོས་ཀྱང་། ས་ནི་གཞན་ལ་ནུས་པ་མི་འཇུག་པས་རང་གི་ས་པ་ཁོ་ནའོ། །དུས་མཉམ་པ་དང་ཕྱིས་བྱུང་གི་ཀུན་ནས་མི་སློང་བས་ཀུན་འགྲོ་ཡང་འབྲས་བུ་བས་སྔ་བ་ཁོ་ན་སྟེ། སྐལ་མཉམ་ནི་གོ་བྱེད་པ་ཁོ་ནའོ། །སྒྲ་དོན་ནི་ཉོན་མོངས་ཅན་ཐམས་ཅད་ལ་ཁྱབ་པའི་རྒྱུ་ཡིན་པས་སོ། །དྲུག་པ་རྣམ་སྨིན་གྱི་རྒྱུའི་མཚན་གཞི་ནི་རང་གི་ངོ་བོ་སྟོབས་དང་ལྡན་ཞིང་སྲེད་པའི་རླན་དང་བཅས་པའི་མི་དགེ་བ་དང་དགེ་བ་ཟག་བཅས་ཁོ་ན་སྟེ། ལུང་མ་བསྟན་ནི་སྲེད་པའི་རླན་ཡོད་ཀྱང་ས་བོན་རུལ་བ་ལྟར་རྣམ་སྨིན་བསྐྱེད་པའི་ནུས་པ་མེད་ལ། ཟག་མེད་ནི་སྟོབས་དང་ལྡན་ཡང་སྦྱངས་ནང་གི་ས་བོན་གྲུང་པོ་ལྟར་སྲེད་པའི་རླན་མེད་པའི་ཕྱིར་རྣམ་སྨིན་གྱིས་རྒྱུ་མིན་ནོ། །མཚན་ཉིད་ནི་རྒྱུ་བས་ཆེས་སྟོབས་ཆུང་ཞིང་ཚེད་པའི་འབྲས་བུ་བསྐྱེད་པའམ་མི་འདྲ་བ་སྐྱེད་པ་སྟེ། ངོ་བོ་དང་དུས་དང་ལུས་མི་འདྲ་བའོ། །སྒྲ་དོན་ནི་རྣམ་པར་སྨིན་པར་བྱེད་པའི་རྒྱུ་ཡིན་པས་སོ། །གསུམ་པ་དུས་ངེས་པས་མཇུག་བསྡུ་བ་ནི། ཀུན་འགྲོ་དང་སྐལ་མཉམ་ནི་རྒྱུ་འབྲས་སྔ་ཕྱི་ལ་ལྟོས་ཤིང་མ་འོངས་པ་ལ་སྔ་ཕྱི་མེད་པའི་ཕྱིར། དུས་གཉིས་པ་ཁོ་ནའོ། །རྒྱུ་གསུམ་པོ་དག་ནི་དུས་གསུམ་པ་ཡིན་ལ། བྱེད་རྒྱུ་ནི་དུས་ཀྱིས་མ་བསྡུས་པ་ཡང་ཡོད་ཅིང་བསྡུས་པ་དག་ནི་ལྔར་འདུས་པའོ། །གཉིས་པ་ད་ནི་རྒྱུ་ཞེས་པ་འབྲས་བུ་ལ་ལྟོས་པ་དང་ཕན་ཚུན་འབྲས་ཞེས་པའི་འབྲས་བུ་སྟོན་པ་ལ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། རྒྱུ་དེ་རྣམས་ཀྱི་འབྲས་བུ་གང་ཞེ་ན། འདུས་བྱས་ལས་རྣམ་སྨིན་དང་རྒྱུ་མཐུན་དང་བདག་འབྲས་རིལ་པོ་དང་། སྐྱེས་བུའི་བྱེད་པའི་ཕྱོགས་གཅིག་ཡིན་ལ། བྲལ་བ་བརྟགས་པའི་འགོག་པ་དང་བཅས་པ་ལས་བྲལ་བའི་འབྲས་བུ་དང་སྐྱེས་བུ་བྱེད་པའི་ཕྱོགས་གཅིག་ཡིན་ནོ། །འོ་ན་འདུས་མ་བྱས་ཐམས་ཅད་བྱེད་རྒྱུ་དང་བརྟགས་འགོག་འབྲས་བུར་བཤད་པས་མི་རྟག་པར་འགྱུར་རོ་ཞེ་ན། འདུས་མ་བྱས་ལ་མི་རྟག་པར་འགྱུར་བའི་རྒྱུ་འབྲས་དེ་དག་མེད་དེ་རྒྱུར་བཞག་པའི་ཚེ་འབྲས་བུ་ལྔ་མི་སྲིད་ཅིང་འཛིན་འབྱིན་ལས་གྲོལ་བས་འབྲས་བུ་སྐྱེད་པའི་རྒྱུ་ཡིན་པ་མ་གྲུབ་སྟེ། སྐྱེ་བ་ལ་མི་སྒྲིབ་ཙམ་གྱི་རྒྱུ་འབྲས་མེད་པ་ཡིན་ལ། རྒྱུ་ཙམ་ཡིན་ཡང་འབྲས་བུ་མི་སྐྱེད་པས་རྟག་པར་མི་འགལ་བས་མ་ངེས་སོ། །འབྲས་བུར་བཞག་པའི་ཚེ་རྒྱུ་གྲུབ་མི་སྲིད་པས་རྒྱུས་བསྐྱེད་པའི་འབྲས་བུ་ཡིན་པ་མ་གྲུབ་སྟེ་ལམ་གྱི་ཐོབ་པ་ཙམ་གྱི་འབྲས་བུ་རྒྱུ་མེད་པ་ཡིན་ལ། འབྲས་བུ་ཙམ་ཡིན་ཡང་རྟག་པར་མི་འགལ་ཏེ་སྔར་མེད་སྐྱེས་པ་མིན་པས་སོ། །གཉིས་པ་ལ་རྒྱུ་གང་གི་འབྲས་བུ་གང་ཡིན། འབྲས་བུ་ལྔ་པོ་སོ་སོའི་ངོ་བོ། དང་པོ་ནི། རྣམ་སྨིན་གྱི་འབྲས་བུ་ནི་རྒྱུ་ཐ་མ་རྣམ་སྨིན་གྱི་རྒྱུའི་འབྲས་བུ་ཡིན་ལ། བདག་པོའི་འབྲས་བུ་ནི་དང་པོ་བྱེད་རྒྱུའི་འབྲས་བུ་ཡིན་ཞིང་། རྒྱུ་མཐུན་གྱི་འབྲས་བུ་ནི་སྐལ་མཉམ་དང་ཀུན་འགྲོའི་འབྲས་བུའོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི་ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་གཉིས་ཀྱི་འབྲས་བུ་ཡིན་ཏེ། འབྲས་བུ་དེ་ནི་དེ་མ་ཐག་གམ་ཅིག་ཅར་འབྱུང་བ་ཡིན་པས་རྣམ་སྨིན་ལས་གཞན་ལྔ་ཆར་གྱིས་བསྐྱེད་ཀྱང་རྒྱུ་དེ་གཉིས་ལ་འབྲས་བུ་གཞན་མེད་པས་གཉིས་ཀྱི་ཡིན་ཞེས་བྱ་ལ། ཁ་ཅིག་ཞིང་པ་རྣམས་ཀྱིས་དཔྱིད་ཀའི་འབྲས་བུ་སྟོན་འབྱུང་བ་ལྟ་བུ་ཆོད་པའི་སྐྱེས་བུ་བྱེད་པ་ཡང་ཡོད་པས་དེ་རྣམ་སྨིན་ལས་སྐྱེའོ་ཞེས་ཟེར་རོ། །དེ་དག་ཀྱང་རྒྱུ་གང་གི་མཚན་ཉིད་དང་ལྡན་པ་ལས་འབྲས་བུ་གང་གི་མཚན་ཉིད་དང་ལྡན་པར་སྐྱེ་བ་བརྩིས་པ་ཡིན་གྱི་དངོས་པོ་ནི་ངེས་པ་མེད་དོ། །གཉིས་པ་ལ་ལྔ་ལས། དང་པོ་ནི་རྣམ་སྨིན་གྱི་འབྲས་བུའི་མཚན་གཞི་ནི། ལུང་མ་བསྟན་བཞི་ལས་རྣམ་སྨིན་སྐྱེས་ཡིན་ལ། འདི་ནི་དགེ་བ་དང་ཉོན་མོངས་ཅན་ཡིན་ན་དགེ་རྩ་ཆད་པ་དང་། དགྲ་བཅོམ་པ་ལ་མི་ལྡན་པའི་ཕྱིར་དང་རྣམ་སྨིན་སྐྱེས་ཀྱི་སེམས་ལས་ལྷག་མེད་དུ་འཇུག་པ་མི་སྲིད་པར་ཐལ་བའི་ཕྱིར་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ཆོས་ཡིན་ལ། དེ་ཡང་རྒྱུད་ཀྱིས་མ་བསྡུས་པ་ནི་ཐུན་མོང་བ་ཡིན་པས་ལས་བྱས་པ་ཆུད་ཟོས་ཤིང་མ་བྱས་པ་དང་འཕྲད་པར་འགྱུར་བའི་ཕྱིར་སེམས་ཅན་དུ་བརྗོད་པ་ཡིན་ལ། དེ་ཙམ་རྒྱས་པ་དང་རྒྱུ་མཐུན་ཁ་ཅིག་ལ་ཡང་ཡོད་པས་རྒྱུ་ལུང་བསྟན་པ་ལས་བྱུང་བ་དང་། དེ་ཙམ་ཏིང་ངེ་འཛིན་གྱིས་རྒྱས་པ་དང་། སྤྲུལ་སེམས་ལ་ཡང་ཡོད་པས་ཕྱིས་ལས་ཀྱི་ནུས་པ་སྨིན་པ་ལས་འབྱུང་བ་སྟེ་དེ་དག་ནི་ལྷན་ཅིག་གམ་དེ་མ་ཐག་ཏུ་འབྱུང་བའོ། །མཚན་ཉིད་ནི་རྒྱུ་ལས་གཅིག་ཆར་རམ་དེ་མ་ཐག་མིན་པར་འབྱུང་བར་ངེས་པའོ། །སྒྲ་དོན་ནི་མི་འདྲ་བར་སྨིན་པའམ་འབྲས་བུ་ལ་རྒྱུས་བཏགས་པའམ་གཞི་མཐུན་ནོ། །གཉིས་པ་རྒྱུ་མཐུན་གྱི་འབྲས་བུའི་མཚན་གཞི་ནི། ཟག་མེད་དང་པོ་མ་གཏོགས་པའི་འདུས་བྱས་ཐམས་ཅད་དོ། །མཚན་ཉིད་ནི་རྒྱུ་དང་འདྲ་བར་ཕྱིས་བྱུང་བ་དང་། སྒྲ་དོན་ནི་རྒྱུ་དང་འདྲ་བར་སྐྱེ་བས་སོ། །གསུམ་པ་བྲལ་འབྲས་ཀྱི་མཚན་གཞི་ནི་བརྟགས་འགོག མཚན་ཉིད་ནི་ཟག་མེད་བར་ཆད་མེད་པའི་བློ་ཡིས་ཟག་བཅས་ཟད་པའི་ཐོབ་པའོ། །སྒྲ་དོན་ནི་ཟག་བཅས་དང་བྲལ་བ་ལས་ཐོབ་པས་སོ། །བཞི་པ་སྐྱེས་བུ་བྱེད་འབྲས་ཀྱི་མཚན་གཞི་ནི། འདུས་བྱས་ཐམས་ཅད་དང་བརྟགས་འགོག་ཡིན་ལ། མཚན་ཉིད་ནི་རྒྱུ་གང་གི་སྟོབས་ཀྱིས་འབྲས་བུ་གང་དེ་མ་ཐག་གམ་གཅིག་ཆར་སྐྱེས་པའམ་ཐོབ་པའོ། །དེ་ཡང་ལམ་འདས་ད་ལྟར་བས་མ་འོངས་པ་ཐོབ་པའི་འདུས་བྱས་ཁ་ཅིག་དང་བརྟགས་པ་ནི་ཐོབ་པའི་སྐྱེས་བུས་བྱེད་པ་ཡིན་ལ་ཆོད་པའང་འདོད་པ་ལྟར་ན་རྒྱུ་གང་གིས་འབྲས་བུ་བྱུང་བ་ཙམ་མོ། །སྒྲ་དོན་ནི་འབྲས་བུ་དེ་མུ་སྟེགས་བྱེད་ཀྱི་སྐྱེས་བུ་ལྟར་འབྲས་བུ་ལ་བྱེད་པ་འཇུག་པའི་རྒྱུ་ལས་སྐྱེས་པའི་ཕྱིར། འདྲ་བ་རྒྱུ་མཚན་དུ་བྱས་པ་སྟེ་དཔེར་ན་སྨན་བྱ་རོག་རྐང་ཞེས་པ་བཞིན་ནོ། །ལྔ་པ་བདག་འབྲས་ཀྱི་མཚན་གཞི་ནི། རྒྱུ་ལས་འབྲས་བུ་སྔ་བ་མི་སྲིད་ཀྱང་འདུས་མ་བྱས་ནི་སྐྱེ་བ་མེད་པས་རྒྱུ་ལ་ལྟོས་ནས་སྔོན་དུ་བྱུང་བ་མིན་པའི་འདུས་བྱས་དང་། དེ་ཡང་རྒྱུ་ནི་འདུས་བྱས་ཕྱིས་བྱུང་དང་འདུས་མ་བྱས་བྱེད་རྒྱུ་ཙམ་ཡིན་ཡང་ནུས་བཅས་མིན་པས་དུས་མཉམ་པ་དང་སྔར་སྐྱེས་པའི་འདུས་བྱས་ཁོ་ནའི་བདག་པོའི་འབྲས་བུའོ། །མཚན་ཉིད་ནི་སྐྱེ་བ་ལ་མི་སྒྲིབ་པའི་རྒྱུ་ལས་སྐྱེས་པའོ། །སྒྲ་དོན་ནི་རྒྱུས་དབང་བྱས་ཏེ་བྱུང་བས་སོ། །སྐྱེས་བུས་བྱེད་པ་དང་བདག་པོའི་འབྲས་བུའི་ཁྱད་པར་ནི་ཅིག་ཆར་རམ་དེ་མ་ཐག་ཁོ་ནར་སྐྱེས་པ་དང་དེ་ལས་གཞན་པ་ཡང་ཡིན་པའམ་རྒྱུ་ནུས་བཅས་ཁོ་ནའི་འབྲས་བུ་དང་ནུས་མེད་ཀྱིའང་ཡིན་པའོ། །གསུམ་པ་རྒྱུ་འབྲས་ཐུན་མོང་གི་ཆོས་ལ་གཉིས་ཏེ། རྒྱུས་འབྲས་བུ་འཛིན་འབྱིན་གྱི་དུས་དང་། འབྲས་བུ་གང་རྒྱུ་གང་ལས་སྐྱེ་དཔྱད་པའོ། །དང་པོ་ནི། རྒྱུ་གང་ཞིག་གིས་གནས་སྐབས་གང་དུ་འབྲས་བུ་འཛིན་པ་དང་འབྱིན་པ་ཡིན་ཞེ་ན། རྒྱུ་ཕྱི་མ་ལྔ་པོ་དུས་གསུམ་གྱི་ནང་ནས་ད་ལྟར་བས་འབྲས་བུ་འཛིན་ཅིང་སྐྱེད་པའི་མཐུ་དངོས་སུ་ཐོབ་སྟེ་སྐད་ཅིག་གཉིས་པ་ལ་འགགས་པས་འཛིན་པའི་བྱ་བ་མེད་པའི་ཕྱིར་རོ། །ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུ་གཉིས་ཀྱིས་ནི་རྒྱུ་འབྲས་དུས་མཉམ་པས་ད་ལྟར་བའི་དུས་ཁོ་ནར་འབྲས་བུ་རབ་ཏུ་འབྱིན་པར་བྱེད་དོ། །སྐལ་མཉམ་ཀུན་འགྲོ་ནི་རྒྱུ་འབྲས་སྔ་ཕྱི་ཡོད་པས་རྒྱུ་ཉིད་ཀྱི་དུས་སུ་འབྲས་བུ་སྐྱེད་པ་མེད་ཀྱང་སྐད་ཅིག་གཞན་གྱིས་བར་མ་ཆོད་པར་གཉིས་པ་ལ་འབྲས་བུ་སྐྱེད་ན་ད་ལྟར་བ་དང་བར་ཆོད་ནས་སྐྱེད་ན་འདས་པ་བས་འབྱིན་ཏེ་དག་ནི་གཉིས་ཀྱི་ཚིག་ཡིན་པས་སོ། །ཀླུ་མེས་ནི། གཉིས་ནི་ད་ལྟར་འདས་དག་གིས། །ཞེས་སོ། །རྣམ་སྨིན་གྱི་རྒྱུ་གཅིག་པོ་ནི་འདས་པར་འགྱུར་བ་ཁོ་ནས་འབྱིན་པར་འགྱུར་ཏེ་ལྷན་ཅིག་གམ་དེ་མ་ཐག་རྣམ་སྨིན་འབྱིན་པར་མེད་པས་སོ། །བྱེད་རྒྱུ་ནི་འཛིན་འབྱིན་ལས་གྲོལ་བ་ཡང་ཡོད་ལ་མ་གྲོལ་བ་ནི་ལྔ་པོར་འདུས་སོ། །འབྲས་བུ་འཛིན་པ་དང་འབྱིན་པའི་ཁྱད་པར་ནི། དང་པོ་ནི། འབྲས་བུ་སྐྱེད་པའི་ནུས་པ་ཡོད་པ་ཡིན་ལ། འབྱིན་པ་ནི་ནུས་པ་དེས་འབྲས་བུ་མངོན་གྱུར་དུ་སྒྲུབ་པའོ། །གཉིས་པ་ནི། འབྲས་བུ་གང་ཞིག་རྒྱུ་དུས་བསྐྱེད་ཅེ་ན། མཚུངས་ལྡན་ཉོན་མོངས་ཅན་མི་དགེ་བ་དང་སྒྲིབ་པ་གཉིས་དང་། རྣམ་སྨིན་སྐྱེད་དང་ལྷག་མ་རྣམ་སྨིན་སྐྱེས་མིན་པའི་ལུང་མ་བསྟན་གསུམ་དང་། ཟག་མེད་དང་པོ་མིན་པའི་དགེ་བ་དང་། དང་པོ་འཕགས་པ་སྟེ་ཟག་མེད་དང་པོ་རྣམས་གོ་རིམ་བཞིན་དུ་དང་པོ་གཉིས་རྣམ་སྨིན་གྱི་རྒྱུ་ལས་སྐྱེས་ན་ལུང་མ་བསྟན་དུ་ངེས་པས། དེ་ལས་གཞན་ལྔ་ལས་སྐྱེས་ལ། གསུམ་པ་ནི་ལོག་ལྟས་དམྱལ་བར་སྐྱེ་བ་རྣམ་སྨིན་གྱི་ལྡོག་པ་ཡིན་པ་དང་། ཉོན་མོངས་ཅན་མིན་པས་ཀུན་འགྲོ་ལས་མི་སྐྱེའི་གཞན་ལྔ་ལས་སྐྱེ་ཞིང་། བཞི་པ་དང་ལྔ་པ་རྒྱུ་དེ་གཉིས་ལས་གཞན་བཞི་ལས་སྐྱེ་ལ། དྲུག་པ་ནི་རྒྱུ་དེ་གཉིས་དང་ཟག་མེད་སྔོན་དུ་མ་སོང་བས་སྐལ་མཉམ་ཡང་མ་གཏོགས་པའི་རྒྱུ་ལྷག་མ་གསུམ་ལས་སྐྱེ་བ་ཡིན་ཏེ། དེ་ཡང་སེམས་དང་སེམས་ལས་བྱུང་བའི་དབང་དུ་བྱས་པ་ཡིན་ནོ། །འོ་ན་གཟུགས་དང་ལྡན་མིན་འདུ་བྱེད་རྒྱུ་དུ་ལས་སྐྱེ་ཞེ་ན། མཚུངས་ལྡན་གྱི་རྒྱུ་མ་གཏོགས་པའི་རྒྱུ་གཞན་ལྔ་དངོས་པོ་བཞི་བཤད་པ་དེ་བཞིན་དུ་སྦྱར་ཏེ། ཆོས་བཞི་པོ་རྣམས་རྒྱུ་བཞི་དང་གཅིག་དང་གསུམ་དང་གཉིས་ལས་སྐྱེའོ། །དེ་ལྟར་ན་དངོས་པོ་གཅིག་རྒྱུ་དྲུག་ཆར་ལས་སྐྱེ་བ་ནི་མི་སྲིད་ཀྱི་མང་ན་ལྔ་ལས་སྐྱེའོ། །འོན་ཀྱང་དངོས་པོ་གཅིག་རྒྱུ་དྲུག་ཆར་དུ་འགྲོ་བ་ལོག་ལྟ་ལྟ་བུའོ། །གཉིས་པ་རྐྱེན་བཤད་པ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། རྐྱེན་གང་ཞེ་ན། རྐྱེན་ནི་རྒྱུ་དང་དེ་མ་ཐག་པ་དང་དམིགས་པ་དང་བདག་པོའི་རྐྱེན་བཞི་པོ་དག་ཏུ་མདོ་ཉིད་ལས་ཕྱོགས་གཅིག་ཏུ་གསུངས་ལ། རྒྱུ་རྐྱེན་གཉིས་ནི་བྱེ་བྲག་སྨྲ་བ་རྣམ་གྲངས་སུ་འདོད་ལ། འོན་ཀྱང་གདུལ་བྱ་སྐྱོ་བ་སྤང་བའི་ཕྱིར་དུ་ཐ་དད་དུ་གསུང་ཞིང་དྲུག་དང་བཞི་ནི་རྫས་མཉམ་ལ། ལྡོག་པ་ནི་རྐྱེན་ཁྱབ་ཆེས་ཏེ་བར་པ་གཉིས་ལྷག་གོ །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། རྐྱེན་བཞི་སོ་སོའི་རང་བཞིན། རྐྱེན་གང་དུས་གང་ལ་བྱ་བ་བྱེད་པ། དངོས་པོ་གང་རྐྱེན་དུ་ལས་སྐྱེ་བ། དེ་མ་ཐག་རྐྱེན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བཞི་ལས། དང་པོ་རྒྱུའི་རྐྱེན་ཞེས་བྱ་བ་མཚན་གཞི་འདུས་བྱས་ཐམས་ཅད། མཚན་ཉིད་ནི་རྒྱུ་ཕྱི་མ་ལྔ་ཡིས་ཅི་རིགས་པར་འབྲས་བུ་ལ་ཕན་འདོགས་པའོ། །སྒྲ་དོན་ནི་རྒྱུ་རྐྱེན་གཉིས་ཀ་ཡིན་པས་སོ། །གཉིས་པ་དེ་མ་ཐག་རྐྱེན་གྱི་མཚན་གཞི་ནི་སེམས་དང་སེམས་བྱུང་ཡིན་གྱི་གཞན་ནི་མིན་ཏེ་འཆོལ་བའི་ཕྱིར་དེ་ཡང་དུས་མཉམ་པ་དང་ཕྱིས་འབྱུང་གོ་མི་འབྱེད་པས་སྔར་སྐྱེས་པ་རྣམས་མ་སྐྱེས་པའི་རྐྱེན་ཡིན་ལ། དེ་ཡང་དགྲ་བཅོམ་ཐ་མའི་ཤེས་པ་མིན་པ་སྟེ་དེས་ཤེས་པ་ཕྱི་མ་མི་བསྐྱེད་པས་སོ། །མཚན་ཉིད་ནི་མཚུངས་ལྡན་དག་ཤེས་པ་གཞན་གྱིས་མ་ཆོད་པར་དེ་མ་ཐག་ཏུ་བསྐྱེད་པའོ། །སྒྲ་དོན་ནི་རྐྱེན་དང་རྐྱེན་ཅན་གཉིས་ཀ་སེམས་ཀྱིས་འདུས་བྱས་པར་མཚུངས་པ་དང་དེ་མ་ཐག་ཏུ་བསྐྱེད་པས་སོ། །མཚུངས་པ་དེ་མ་ཐག་རྐྱེན་དང་། དེ་མ་ཐག་རྐྱེན་ལ་ཁྱད་པར་ཕྱེ་ནས། སྙོམས་འཇུག་གཉིས་ལ་དང་པོ་མེད་ཅིང་ཕྱི་མ་ཡོད་པར་བཞེད་པའང་ཡོད་དོ། །དེ་ཡང་སེམས་སེམས་བྱུང་རེ་རེས་རེ་རེའི་དེ་མ་ཐག་རྐྱེན་བྱེད་པ་ཡིན་གྱི་རེ་རེས་དུ་མའི་དང་། དུ་མས་རེ་རེའི་བྱེད་པ་ནི་མི་བཞེད་དོ། །གསུམ་པ་དམིགས་པའི་རྐྱེན་གྱི་མཚན་གཞི་ནི་ཆོས་རྣམས་ཐམས་ཅད་ཡིན་ལ། མཚན་ཉིད་ནི་ཡུལ་གྱི་རྣམ་པར་བསྐྱེད་པའི་རྐྱེན་ནོ། །སྒྲ་དོན་ནི་དམིགས་པ་དང་རྐྱེན་གྱི་གཞི་མཐུན་ནོ། །བཞི་པ་བྱེད་རྒྱུ་ཞེས་བྱ་བ་ནི། བདག་པོའི་རྐྱེན་དུ་བཤད་དེ། དང་པོ་གཉིས་འདྲ་ལ། སྒྲ་དོན་ནི་ལྷག་པའི་རྐྱེན་ནོ། །གཉིས་པ་ནི། རྐྱེན་གྱི་དངོས་པོ་འགའ་ཞིག་གནས་སྐབས་གང་དུ་བྱ་བ་བྱེད་པ་ནི། རྒྱུའི་རྐྱེན་ལྔ་ལས་དུས་མཉམ་གཉིས་པོ་དག་རྒྱུ་ཉིད་ལ་ལྟོས་ནས་འགག་པ་ལ་ཕྱོགས་པའི་ད་ལྟར་བ་ལ་བྱ་བ་བྱེད་ཅིང་། རྒྱུ་ལྷག་མ་གསུམ་པོ་ནི་རྒྱུ་སྔ་མས་འབྲས་བུ་ཕྱི་མ་སྐྱེ་བ་ལ་ཕྱོགས་པའི་མ་འོངས་པ་ལ་བྱ་བ་བྱེད་ལ། དེ་ལས་གཞན་པའི་རྐྱེན་བར་མ་གཉིས་པོ་དག་དེ་ལས་བཟློག་པ་ཡིན་ཏེ། རྐྱེན་སྔ་མ་མཚུངས་པ་དེ་མ་ཐག་རྐྱེན་ནི་ཕྱི་མ་གོ་འབྱེད་ཅིང་སྐྱེ་བ་དང་ཕྱི་མ་དམིགས་རྐྱེན་ནི་འགག་པ་ལ་བྱ་བ་བྱེད་དོ། །དེ་ཡང་རྐྱེན་ཉིད་འདས་མ་འོངས་དང་དུས་ཀྱིས་མ་འདུས་པ་ཡང་ཡོད་པས་རྐྱེན་ལ་ལྟོས་པའི་ད་ལྟ་བ་མིན་གྱི། ད་ལྟར་བའི་སེམས་དང་སེམས་བྱུང་གི་ཕུང་པོ་ཞེས་གསུངས་སོ། །བདག་རྐྱེན་ནི་བྱ་བ་བྱེད་པར་མ་ངེས་ཤིང་བྱེད་པ་དག་འདིར་འདུས་པས་མ་སྨོས་སོ། །གསུམ་པ་དངོས་པོ་གང་རྐྱེན་དུ་ལས་སྐྱེ་བ་ནི། རྐྱེན་བཞི་ཚང་བ་ཡིས་སེམས་དང་སེམས་བྱུང་རྣམས་སྐྱེད་ཅིང་དམིགས་རྐྱེན་མིན་པ་གསུམ་གྱིས་སྙོམས་པར་འཇུག་པ་གཉིས་སྐྱེད་ལ། དེ་དག་ཤེས་པ་མིན་པས་དམིགས་རྐྱེན་གྱིས་མི་སྐྱེད་ཅིང་དེ་མ་ཐག་རྐྱེན་ཅན་ཡིན་གྱི་རང་ཉིད་དེ་མ་ཐག་རྐྱེན་ནི་མིན་ནོ། །གཞན་མི་ལྡན་པའི་འདུ་བྱེད་ལྷག་མ་དང་གཟུགས་ནི་འཕྲལ་དུ་སེམས་ཀྱི་འདུ་བྱ་བ་ལ་མི་ལྟོས་ཤིང་དམིགས་བཅས་མིན་པས་རྐྱེན་སྔ་ཕྱི་གཉིས་པོ་དག་ལས་སྐྱེའོ། །དབང་ཕྱུག་པ་ནི་ཕྱི་ནང་གི་དངོས་པོ་རྣམས་ཆོས་ལྔ་ལྡན་གྱི་དབང་ཕྱུག་གིས་སྐྱེད་པར་འདོད། གྲངས་ཅན་པ་ནི་དངོས་པོ་རྣམས་གཙོ་བོས་བྱས་པར་འདོད་དོ། །དེ་དགག་པ་ལ་དངོས་པོ་རྣམས་ཆོས་ཅན། དབང་ཕྱུག་ལས་བྱུང་བ་མིན་ཏེ། རྟག་པ་ལས་སྐྱེ་ན་ནུས་པ་ལ་བྱེ་བྲག་མེད་པས་ཅིག་ཅར་སྐྱེ་བར་ཐལ་བ་ལས་རིམ་གྱིས་འབྱུང་བར་མཐོང་བའི་ཕྱིར་རོ། །གལ་ཏེ་དབང་ཕྱུག་ལས་སྐྱེ་ཡང་འདོད་པའི་དབང་གིས་རིམ་བཞིན་སྐྱེའོ་ཞེ་ན། སོགས་པའི་ཕྱིར་ཞེས་ཏེ་འདོད་པ་དང་དབང་ཕྱུག་གཅིག་ན་དབང་ཕྱུག་དུ་མ་དང་དབང་ཕྱུག་དང་འདོད་པ་གཅིག་ན་འབྲས་བུ་རིམ་གྱིས་འབྱུང་བར་མི་རུང་ཞིང་། རྒྱུ་འབྲས་ཡིན་པས་ཐ་དད་ན་རྒྱུ་གཅིག་པས་འབྲས་བུ་ཡང་ཅིག་ཅར་འབྱུང་བར་འགྱུར་རོ། །འདོད་པ་རྒྱུ་གཞན་ལ་ཡང་ལྟོས་པས་རིམ་གྱིས་སྐྱེའོ་ཞེ་ན། འོ་ན་དབང་ཕྱུག་རྒྱུ་མིན་པར་འགྱུར་ཞིང་རྒྱུ་གཞན་ཡང་རྒྱུ་གཞན་ལ་ལྟོས་པས་ཐུག་མེད་དུ་འགྱུར་བས་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་བྱུང་བས་སངས་རྒྱས་པའི་ལུགས་ལས་མ་འདས་སོ། །ད་ནི་གཞན་ནི་གཉིས་པོ་དག་ལས་སྐྱེ། །ཞེས་པ་སྟེ་བྱེ་བྲག་མང་བས་རྒྱས་པར་འཆད་ལ། དེ་ཞེས་པ་འདས་པ་ལ་སྦྱར་བའམ་འདི་ཉིད་དུ་སྦྱར་ཏེ་འབྱུང་བ་དེའི་རྒྱུ་ཡང་འབྱུང་བ་ཡིན་ན། ལྷན་ཅིག་འབྱུང་བ་དང་སྐལ་མཉམ་གྱི་རྒྱུ་རྣམ་པ་གཉིས་པོ་ཁོ་ན་ལས་སྐྱེ་སྟེ་མཚུངས་ལྡན་དང་ཉོན་མོངས་ཅན་དང་དགེ་མི་དགེ་མིན་པའི་ཕྱིར་རོ། །འབྱུང་བ་དག་འབྱུང་བ་ལས་གྱུར་པའི་བདག་རྐྱེན་དུ་གྱུར་པ་ནི་རྣམ་པ་ལྔ་སྟེ། བསྐྱེད་ཕྱིར་བརྟེན་ཕྱིར་གནས་ཕྱིར་དང་། །རྟོན་པའི་ཕྱིར་དང་འཕེལ་བའི་ཕྱིར། །ཞེས་པ་སྟེ། འབྲས་བུའི་གཟུགས་སྔར་མེད་སྐྱེད་པ་དང་། སྐྱེས་ཟིན་འཕེལ་འགྲིབ་འབྱུང་བའི་རྗེས་སུ་བྱེད་པ་བརྟེན་པ་དང་། རྟེན་འབྱུང་བ་འཕེལ་འགྲིབ་མེད་པར་གནས་པ་ན་འབྲས་བུ་ཡང་དེ་ལྟར་གནས་པ་དང་། འཕེལ་འགྲིབ་ཀྱང་རང་རྒྱུ་འབྱུང་བ་ཙམ་རྒྱུན་མ་ཆད་པས་འབྲས་བུ་ཡང་རྒྱུན་མི་ཆད་པའི་རྟོན་པ་དང་། འབྱུང་བ་འཕེལ་བས་འབྲས་བུ་ཡང་འཕེལ་བར་བྱེད་པའི་རྒྱུའོ། །འབྱུང་བས་འབྱུང་འགྱུར་བསྐྱེད་པ་ན་བྱེད་རྒྱུ་གཅིག་པུས་བྱེད་ཀྱིས་རྒྱུ་གཞན་ལྔ་པོ་མེད་དོ། །འབྱུང་འགྱུར་ཕན་ཚུན་དུ་རྣམ་གསུམ། །ཞེས་འགྱུར་བཅོས་ཏེ་འབྱུང་འགྱུར་དེ་དག་ཕན་ཚུན་རྒྱུའི་རྐྱེན་དུ་འགྱུར་བ་ནི་རྣམ་པ་གསུམ་སྟེ། སྔ་མ་རྣམས་ཀྱིས་ཕྱི་མའི་སྐལ་མཉམ་དང་། ལུས་ངག་གི་རིག་བྱེད་དང་རིག་བྱེད་མིན་པ་དག་ཕྱི་མའི་མིག་སོགས་ཀྱི་རྣམ་སྨིན་དང་། བསམ་གཏན་དང་ཟག་མེད་ཀྱི་སྤོང་བདུན་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུའོ། །འབྱུང་བ་རྣམས་ཀྱི་རྒྱུ་རྐྱེན་འབྱུང་འགྱུར་དེ་ཡིན་ན་ལུས་ངག་གི་ལས་ཀྱིས་དབང་པོའི་ཚོགས་པའི་འབྱུང་བ་བསྐྱེད་པ་རྣམ་སྨིན་གྱི་རྒྱུ་གཅིག་པུ་སྟེ་གཞན་མིན་པ་སྔར་བཞིན་ནོ། །བཞི་པ་ལ་གསུམ་སྟེ། སེམས་བཅུ་གཉིས་ཀྱི་དེ་མ་ཐག་རྐྱེན་གྱི་ཚུལ། དེ་ཉིད་སེམས་ཉི་ཤུར་བཤད་པ། སེམས་བཅུ་གཉིས་གང་ལས་དུ་རྙེད་པའོ། །དང་པོ་ལ་གཉིས་ཏེ། སེམས་བཅུ་གཉིས་སུ་དབྱེ་བ་དངོས། དེ་མ་ཐག་རྐྱེན་བྱེད་ཚུལ་ལོ། །དང་པོ་ནི། འདོད་པའི་ཁམས་ན་ཡིད་དེ་སེམས་དགེ་བ་དང་མི་དགེ་བ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་ནི། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་སྟེ་བཞི་དང་། གཟུགས་དང་གཟུགས་མེད་པའི་ཁམས་གཉིས་དག་ན་མི་དགེ་བའི་སེམས་ལས་གཞན་གསུམ་གསུམ་སྟེ་ཟག་བཅས་བཅུ་དང་སློབ་པ་དང་མི་སློབ་པ་ཟག་མེད་གཉིས་ཏེ་བཅུ་གཉིས་སོ། །གཉིས་པ་དེ་མ་ཐག་རྐྱེན་བྱེད་ཚུལ་ལ། ཟག་བཅས་ཀྱི་དབང་དུ་བྱས་པ། ཟག་མེད་ཀྱི་དབང་དུ་བྱས་པའོ། །དང་པོ་ལ་གསུམ་ལས། དང་པོ་འདོད་སེམས་ཀྱི་དབང་དུ་བྱས་པ་ནི། རྒྱུན་ཚེའམ་གནས་སྐབས་བརྒྱད་ཀྱིས་རྟོག་པར་བྱ་སྟེ། རིགས་འདྲ་སྔ་མ་ལས་ཕྱི་མ་འབྱུང་བ་རྒྱུན་གྱི་ཚེ་དང་། ས་གཅིག་པ་དག་སྲེད་པའི་འཆིང་བ་ཐ་དད་མེད་པས་རིགས་མི་འདྲ་བ་ལས་ཀྱང་འབྱུང་བས་མཚུངས་པའི་ཚེ་དང་། ཁམས་གསུམ་གྱི་སེམས་གང་ལས་ཤི་འཕོས་ཏེ་སྐྱེ་བའི་སེམས་ནི་ཉོན་མོངས་ཅན་ཁོ་ན་འབྱུང་བ་ཉིང་མཚམས་སྦྱོར་བའི་ཚེ་དང་། ཁམས་གསུམ་གྱི་དགེ་བ་སྦྱོར་བྱུང་གིས་མཉམ་གཞག་ལ་སྦྱོར་བ་སྙོམས་པར་འཇུག་པའི་ཚེ་དང་། དེ་དག་གིས་དེ་ལས་ལྡང་བ་སྙོམས་འཇུག་ལས་ལྡང་བའི་ཚེ་དང་། གོང་མའི་དགེ་བ་དག་པ་པ་བསྒོམ་པར་བྱ་ལ་ཅི་སྟེ་ཉོན་མོངས་ཅན་དུ་གྱུར་ན་འོག་མའི་དགེ་བ་ལ་ལྡང་བར་གྱུར་ཅིག་ཅེས་འཕངས་པའི་ཚེ་ཉོན་མོངས་ཅན་དུ་གྱུར་པ་དེ་མ་ཐག་ཏུ་འོག་མའི་དགེ་བ་ལ་གནས་པར་འགྱུར་བ་ནི་སྙོམས་འཇུག་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་སྟེ། དཔེར་ན་ཐོ་རངས་ཕྱེ་བཏགས་པར་ཁས་བླངས་ནས་ཉལ་བ་དུས་ཚོད་ལ་གཉིད་སད་པ་བཞིན་དང་། གཟུགས་ཀྱི་དགེ་བས་འདོད་གཟུགས་ཀྱི་སྤྲུལ་པ་ལ་འཇུག་ལྡང་གི་ཚེ་གཉིས་རྣམས་ལས་ཕྱི་མ་འདི་གཉིས་སྙོམས་པར་འཇུག་ལྡང་གིས་བསྡུས་སོ། །དེ་ལ་ཉིང་མཚམས་སྦྱོར་བའི་སེམས་ནི་ཉོན་མོངས་ཅན་ཁོ་ན་ཡིན་ཞིང་འོག་མའི་དགེ་བ་དང་མ་བསྒྲིབས་པའི་སེམས་ལས་ཤི་བ་གོང་མར་སྐྱེ་ཡང་འོག་མའི་ཉོན་མོངས་ཅན་ལས་ཤི་བ་གོང་མར་མི་སྐྱེ་བ་ནི་ངེས་པའོ། །དེ་ལ་འདོད་པའི་སེམས་དགེ་བ་སེམས་བྱུང་དང་བཅས་པ་ལས་སེམས་དགུ་སེམས་བྱུང་དང་བཅས་པ་འཇུག་ཐོགས་སུ་འབྱུང་སྟེ། རང་གི་དགེ་བ་ཉིད་འབྱུང་བ་རྒྱུན་གྱི་ཚེ་དང་གཞན་གསུམ་འབྱུང་བ་ས་མཚུངས་པ་དང་། དགེ་བ་སྦྱོར་བྱུང་ལས་གཟུགས་ཀྱི་དགེ་བ་སྦྱོར་བྱུང་འབྱུང་བ་སྙོམས་པར་འཇུག་པའི་ཚེ་སྟེ། གང་འབྱུང་ན་གང་སྤེལ་ལས། ཁ་ཅིག་མི་ལྕོགས་པ་མེད་པ་ཁོ་ནའོ་ཞེས་དང་། ཁ་ཅིག་དངོས་གཞི་ཡང་ཞེས་དང་། ཁ་ཅིག་ཁྱད་པར་ཅན་ཡང་ཞེས་དང་། དབྱངས་སྒྲོག་གཉིས་པའི་བར་དུ་ཡང་འབྱུང་ཞེས་དང་། ཁ་ཅིག་མཉམ་པར་མ་གཞག་པས་ཐོད་རྒལ་ལྟར་སས་བར་དུ་ཆོད་པ་འདྲེན་མི་ནུས་ཞེས་ཟེར་རོ། །དགེ་བ་སྐྱེས་ཐོབ་ལ་ཤི་ནས་གོང་དུ་སྐྱེས་ན་ཉིང་མཚམས་སྦྱོར་བའི་ཚེ་སྒྲིབ་པ་གཉིས་པོ་འབྱུང་བ་དང་། འདོད་པའི་སེམས་རྩེ་གཅིག་པས་སྙོམས་པར་འཇུག་པའི་ཚེ་སློབ་པ་སྒོམ་ལམ་དང་མི་སློབ་པའི་སེམས་སོ། །འདོད་པའི་དགེ་བས་གཟུགས་མེད་ཀྱི་དགེ་བ་ལ་མི་སྦྱོར་བ་ནི་རིང་བ་རྣམ་པ་བཞིས་རིང་བའི་ཕྱིར་རོ། །ཡང་ན་ས་མང་པོས་ཆོད་པས་ཐོད་རྒལ་དུ་འཇུག་མི་ནུས་སོ་ཞེས་འཆད་དོ། །གོང་མ་གཉིས་ཀྱིས་མ་བསྒྲིབ་པ་དང་ས་མི་གཅིག་ཅིང་ཉིང་མཚམས་སྦྱོར་སེམས་དང་མཉམ་གཞག་གི་ངོ་བོ་མིན་པ་ལ་སོགས་པས་ཚེ་གཞན་བཞི་མི་སྲིད་པའི་ཕྱིར་རོ། །འདོད་པའི་དགེ་བ་དེ་ནི་གཟུགས་མེད་ཀྱི་བསྒྲིབས་པ་ལས་མི་འབྱུང་བས་གཞན་བརྒྱད་པོ་ཁོ་ན་ལས་འབྱུང་སྟེ། རང་གི་དགེ་བ་ལས་བྱུང་བ་རྒྱུན་དང་། གཞན་གསུམ་ལས་བྱུང་བ་ས་མཚུངས་པ་དང་། གཟུགས་ཀྱི་བསམ་གཏན་དང་པོའི་བསྒྲིབས་པ་ལས་བྱུང་བ་ཉོན་མོངས་ཅན་པས་གཟིར་བ་དང་། དེའི་དགེ་བ་དང་ཟག་མེད་གཉིས་ལས་བྱུང་བ་སྙོམས་འཇུག་ལས་ལྡང་བའི་ཚེའོ། །འདོད་པའི་མི་དགེ་བ་ནི་ཟག་མེད་གཉིས་ལས་གཞན་པའི་སེམས་བཅུ་ལས་འབྱུང་སྟེ་རྒྱུན་དང་ས་མཚུངས་པའི་ཚེ་རང་གི་བཞི་དང་། ཉིང་མཚམས་སྦྱོར་བའི་ཚེ་གོང་མའི་སེམས་དྲུག་ལས་སོ། །དེ་ལས་རང་སའི་བཞི་ཁོ་ན་འབྱུང་སྟེ། དེ་ལས་གོང་མའི་སེམས་འབྱུང་བ་མི་སྲིད་པའི་ཕྱིར། དེ་ཡང་རྒྱུན་དང་སའི་ཚེའོ། །འདོད་པའི་བསྒྲིབས་པའང་མི་དགེ་བ་དེ་བཞིན་དུ་བཅུའི་མཇུག་ཐོགས་སུ་འབྱུང་བ་ཡིན་ལ་དེ་ལས་བཞི་ཁོ་ནའོ། །འདོད་པའི་མ་བསྒྲིབས་པ་ནི་རང་སའི་བཞི་དང་སྤྲུལ་པ་ལ་འཇུག་པའི་ཚེ་གཟུགས་ཀྱི་དགེ་བ་སྟེ་ལྔ་དག་ལས་སོ། །དེ་ལས་ནི་མཇུག་ཐོགས་སུ་ལྔ་པོ་དེ་དང་དེ་ལས་ཤི་ནས་ཉིང་མཚམས་སྦྱོར་བའི་ཚེ་གོང་མའི་བསྒྲིབས་པ་གཉིས་ཏེ་སེམས་བདུན་ནོ། །གཉིས་པ་ནི། གཟུགས་ན་ཡོད་པའི་དགེ་བ་ལས་གཟུགས་མེད་ཀྱི་མ་བསྒྲིབས་པ་ལས་གཞན་བཅུ་གཅིག་སྟེ། རང་གི་དགེ་བ་རྒྱུན་དང་། མ་བསྒྲིབས་པ་དང་བསྒྲིབས་པ་གཉིས་ས་མཚུངས་པ་དང་། དགེ་བ་སྐྱེས་ཐོབ་ལ་ཤི་ནས་ཁམས་གསུམ་དུ་སྐྱེ་བ་ན་གོང་འོག་གི་ཉོན་མོངས་ཅན་གསུམ་དང་། སྙོམས་འཇུག་ལས་ལྡང་བ་ན་འདོད་པའི་དགེ་བ་དང་སྤྲུལ་པ་ལ་འཇུག་པ་ན་སྤྲུལ་སེམས། སྙོམས་འཇུག་གི་ཚེ་གཟུགས་མེད་ཀྱི་དགེ་བ་དང་ཟག་མེད་གཉིས་སོ། །དེ་ནི་འདོད་པའི་ཉོན་མོངས་ཅན་ལས་གཞན་པ་དགུའི་མཇུག་ཐོགས་སུ་འབྱུང་སྟེ། གཟུགས་མེད་ཀྱི་བསྒྲིབས་པ་ལས་ཉོན་མོངས་ཅན་གྱིས་གཟིར་བའི་ཚེའོ། །རྒྱུན་དང་སའི་ཚེ་རང་གི་གསུམ་དང་། སྙོམས་འཇུག་གི་ཚེ་འདོད་པའི་དགེ་བ་དང་། དེ་ལས་ལྡང་བའི་ཚེ་གཟུགས་མེད་ཀྱི་དགེ་བ་དང་ཟག་མེད་གཉིས་ལས་དང་། སྤྲུལ་པ་ལས་ལྡང་བའི་ཚེ་འདོད་པའི་མ་བསྒྲིབས་པ་དང་དགུའོ། །བསྒྲིབས་པ་ནི་འདོད་པའི་ཉོན་མོངས་ཅན་ལས་ཤི་བ་གོང་དུ་མི་སྐྱེ་བ་དང་། ཟག་མེད་གཉིས་ལས་འཆི་བ་མེད་པས་གཞན་བརྒྱད་ལས་འབྱུང་སྟེ་རང་གི་གསུམ་དང་ཉིང་མཚམས་སྦྱོར་བའི་ཚེ་འདོད་པའི་གཉིས་དང་གཟུགས་མེད་ཀྱི་གསུམ་མོ། །འདོད་པའི་ཉོན་མོངས་ཅན་དང་ཟག་མེད་གཉིས་ལས་མི་འབྱུང་སྟེ་འདོད་པའི་ཉོན་མོངས་མ་སྤངས་པར་གཟུགས་སུ་ཉིང་མཚམས་སྦྱོར་ཞིང་ཟག་མེད་ལས་གཟུགས་ཀྱི་བསྒྲིབས་པར་ལྡང་བ་མི་སྲིད་པའི་ཕྱིར་རོ། །དེ་ལས་ནི་སེམས་དྲུག་འབྱུང་སྟེ་རང་གི་གསུམ་དང་འདོད་པའི་དང་པོ་གསུམ། མ་བསྒྲིབས་པ་ནི་རང་སའི་གསུམ་ཁོ་ན་ལས་འབྱུང་ཞིང་། དེ་ལས་དེའི་སྟེང་དུ་ཤི་ནས་འདོད་པ་དང་གཟུགས་མེད་དུ་སྐྱེ་ཉོན་མོངས་ཅན་གསུམ་སྟེ་དྲུག་འབྱུང་ངོ་། །གཟུགས་མེད་པའི་མ་བསྒྲིབས་པའང་དེའི་ཚུལ་ཏེ། དེ་རང་སའི་གསུམ་ལས་བྱུང་ཞིང་། དེ་ལས་དེའི་སྟེང་དུ་ཉིང་མཚམས་སྦྱོར་བའི་ཚེ་འོག་སའི་ཉོན་མོངས་ཅན་གསུམ་མོ། །ཚིག་ཚོགས་ཆུང་བས་དང་པོར་སྨོས་སོ། །དགེ་བའི་སེམས་ལས་འདོད་པའི་དགེ་བ་དང་འོག་མའི་མ་བསྒྲིབས་པ་གཉིས་བོར་བའི་སེམས་དགུ་དག་འབྱུང་སྟེ། རང་གི་གསུམ་དང་མཚམས་སྦྱོར་བའི་ཚེ་འོག་མའི་ཉོན་མོངས་ཅན་གསུམ་དང་། ལྡང་བ་དང་ལུགས་ལྡོག་ཏུ་འཇུག་པའི་ཚེ་གཟུགས་ཀྱི་དགེ་བ་དང་། སྙོམས་འཇུག་གི་ཚེ་ཟག་མེད་གཉིས་སོ། །དེ་ནི་རང་སའི་གསུམ་དང་ཟག་མེད་གཉིས་དང་གཟུགས་ཀྱི་དགེ་བ་སྟེ་དྲུག་གི་རྗེས་སུ་འབྱུང་ངོ་། བསྒྲིབས་པ་ལས་རང་སའི་གསུམ་དང་སྐྱེ་བའི་ཚེ་འོག་མའི་ཉོན་མོངས་ཅན་གསུམ་དང་ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་གཟུགས་ཀྱི་དགེ་བ་སྟེ་བདུན་འབྱུང་ངོ་། །དེ་ཡང་དེ་བཞིན་ཏེ་རང་སའི་གསུམ་དང་སྐྱེ་བའི་ཚེ་འོག་མ་གཉིས་ཀྱི་དགེ་བ་གཉིས་མ་བསྒྲིབས་པ་གཉིས་སོ། །གཉིས་པ་ཟག་མེད་ཀྱི་དབང་དུ་བྱས་པ་གཉིས་ལས་དང་པོ་སློབ་པའི་དབང་དུ་བྱས་པ་ནི། སློབ་པ་ནི་སྙོམས་འཇུག་གི་ཚེ་ཁམས་གསུམ་གྱི་དགེ་བ་དང་རང་སྟེ་བཞི་ལས་བྱུང་ལ། དེ་ལས་ནི་བཞི་པོ་དེ་དང་རྡོ་རྗེ་ལྟ་བུ་ལས་ཟད་པ་ཤེས་པ་སྟེ་ལྔ་འབྱུང་ངོ་། །གཉིས་པ་ནི། མི་སློབ་པའི་དབང་དུ་བྱས་པ་ནི། མི་སློབ་པ་ནི་ལྔ་པོ་དེ་ལས་འབྱུང་ངོ་། །དེ་ལས་སེམས་ནི་དེ་ཉིད་དང་ཁམས་གསུམ་གྱི་དགེ་བ་སྟེ་བཞི་པོ་དག་འབྱུང་ངོ་། །ཉམས་པའི་ཚེ་སློབ་པ་འབྱུང་ངོ་ཞེ་ན་མིན་ཏེ། སེམས་ཟག་མེད་ཉིད་ལས་ཉམས་པ་མེད་ཀྱི་གང་ཟག་ཚུལ་བཞིན་མིན་པའི་རྟོག་པས་ཉམས་པའམ། དེའི་ཚེ་སློབ་པ་ཟག་མེད་ཀྱི་ཐོབ་པ་ཙམ་འབྱུང་གི་མངོན་དུ་མི་འགྱུར་བས་སོ། །གཉིས་པ་སེམས་ཉི་ཤུར་དབྱེ་བ་ནི། སེམས་བཅུ་གཉིས་པོ་དེ་དག་ཕྱེ་ན་ཉི་ཤུར་ཡང་འགྱུར་ཏེ། ཁམས་གསུམ་གྱི་ནང་ནས་འོག་མ་གཉིས་སུ་སྲིད་པ་བར་མ་དང་གཟུགས་མེད་དུ་སྐྱེ་སྲིད་ཀྱི་ཚེ་ཐོབ་པ་དཔེྃར་ནྃ་འབྱུང་བ་སྐྱེས་ནས་ཐོབ་པ་དང་། ཐོབ་པ་དང་མངོན་འགྱུར་བ་སྦྱོར་བ་ལ་ལྟོས་པའི་སྦྱོར་བྱུང་སྟེ་དགེ་བ་རྣམ་པ་གཉིས་གཉིས་སུ་ཕྱེ་ནས་དྲུག་སྟེ། རྣམ་སྨིན་གྱི་རྒྱུ་ལས་འབྱུང་བས་རྩོལ་བ་མེད་ཅིང་རང་གི་འཇུག་པའི་རྣམ་སྨིན་སྐྱེས་དང་། འགྲོ་འཆག་ཉལ་འདུག་གི་གཟུགས་དྲི་རོ་རེག་ལ་དམིགས་པའི་སྤྱོད་ལམ་པ་དང་། རྔ་བ་དབུག་པ་ལ་སོགས་པའི་ཡུལ་བཞི་དང་སློབ་པའི་ལུང་གི་སྒྲ་ལ་ཡང་དམིགས་པའི་བཟོ་ཡི་གནས་པ་དང་། སྤྲུལ་པ་བྱ་བར་སེམས་པའམ་སྤྲུལ་པའི་དུས་ཀྱི་ཡུལ་བཞི་ལ་དམིགས་པའི་སྤྲུལ་པའི་སེམས་ཏེ་འདོད་པ་ན་རྒྱུས་གཞག་པ་གཅིག་དང་བྱེད་ལས་ཀྱིས་གཞག་པ་གསུམ་སྟེ་མ་བསྒྲིབས་ལ་ལུང་བསྟན་མིན་རྣམ་པ་བཞིར་དབྱེ་བ་དང་། གཟུགས་ན་སྣོད་དང་གོས་ལ་སོགས་པ་རང་ཆས་སུ་འབྱུང་བས་བཟོ་ཡི་གནས་མ་གཏོགས་པ་གསུམ་ཡོད་ལ། གཟུགས་མེད་ན་རྣམ་སྨིན་སྐྱེས་ཁོ་ནའོ། །དེས་ན་འདོད་པ་ན་བརྒྱད། གཟུགས་ན་དྲུག གཟུགས་མེད་ན་བཞི་དང་ཟག་མེད་གཉིས་ཏེ་ཉི་ཤུའམ། དགེ་བ་བརྒྱད་དང་ཉོན་མོངས་ཅན་བཞི་དང་མ་བསྒྲིབས་པ་བརྒྱད་དེ་ཉི་ཤུའོ། །སེམས་བཅུ་གཉིས་དང་འདི་གང་ཁྱབ་ཆེ་ཞེ་ན། བཅུ་གཉིས་ཁྱབ་ཆེ་སྟེ། འགྲེལ་པ་ལས་གཞན་དག་ནི་བཟོ་ཡིས་གནས་པས་སྒྲུབ་པའི་ཡིད་ཤེས་སྐྱེ་མཆེད་བཅུ་གཉིས་ལ་དམིགས་པ་ཡོད་ཅེས་གསུངས་པ་བཞིར་མ་འདུས་པའི་མ་བསྒྲིབས་པ་ནི། དེ་ལུང་མ་བསྟན་ཉོན་མོངས་མིན། །ཞེས་དང་། ཊཱི་ཀ་ལས། གཉིས་པ་སོགས་ན་ལུས་མིག་དང་། །ཞེས་དང་། སྨྲར་འཇུག་པ་ནི་འོག་མས་ཀྱང་། །ཞེས་པའང་བཞི་པོར་མི་རུང་ཞིང་། བཙུན་པ་གོ་ཆ་མཐའ་ཡས་ན་རེ། ཡང་བཞི་ལས་གཞན་ཡོད་པས་འདི་ནི་ཁ་བསྐང་བ་དང་བཅས་པའོ་ཞེས་སོ། །སློབ་དཔོན་འཕགས་པས་ངོ་བོ་ཉིད་ཀྱི་ལུང་མ་བསྟན་བུམ་པ་ལྟ་བུར་གསལ་གྱི། སེམས་ལའང་ཡོད་པར་སྟོན་པའོ་ཞེས་འཆད་དོ། །འོན་ཀྱང་ཉི་ཤུར་འབྱེད་པ་ནི། འདོད་པའི་དགེ་བས་གཟུགས་ཀྱི་དགེ་བ་དང་། དེས་གཟུགས་མེད་ཀྱི་དགེ་བ་དང་གསུམ་ཆར་གྱིས་ཟག་མེད་ལ་འཇུག་པར་བྱེད་པ་སྦྱོར་བྱུང་ཁོ་ན་དང་། ལྡང་སེམས་ཀྱང་ཕལ་ཆེར་སྦྱོར་བྱུང་ཡིན་ལ། འདོད་པའི་དགེ་བ་སྐྱེས་ཐོབ་ནི་གསལ་བས་མཉམ་གཞག་ལྔ་ཆར་གྱི་སྡང་སེམས་སུ་བཤད་དོ། །འཆི་སེམས་ཀྱི་དགེ་བ་སྐྱེས་ཐོབ་དང་། མ་བསྒྲིབས་པ་ནི་རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ་ཁོ་ན་དང་། དགེ་བ་སྦྱོར་བྱུང་དང་ལུང་མ་བསྟན་བཟོ་སྤྲུལ་གཉིས་འཆི་སེམས་སུ་མི་རུང་ལ། འདོད་པའི་སྤྲུལ་སེམས་ནི་གཟུགས་ཀྱི་དགེ་བ་སྦྱོར་བྱུང་གི་འབྲས་བུ་ཡིན་པའི་ཕྱིར། དགེ་བ་དང་མ་བསྒྲིབས་པ་ཁོ་ན་ཕྱེ་ནས་ཉི་ཤུར་བཤད་དོ། །ཡིད་ལ་བྱེད་པ་གང་གིས་ཟག་མེད་ལ་ལྡང་འཇུག་བྱེད་པ་ནི། ཁམས་གསུམ་པའི་དགེ་བ་སྦྱོར་བྱུང་ནི། གཟུགས་ནི་གཞིག་ཅིང་གཞོམ་དུ་རུང་བའོ་སྙམ་པ་ལ་སོགས་པའི་རང་གི་མཚན་ཉིད་དང་། རྣམ་པ་བཅུ་དྲུག་དང་ལྡན་པའི་སྤྱིའི་མཚན་ཉིད་དང་། མི་སྡུག་པ་དང་ཚད་མེད་པ་ལ་སོགས་པ་མོས་པ་ཡིད་ལ་བྱེད་པ་སྟེ་གསུམ་དུ་འདུས་པ་ལས་གང་ཡང་རུང་བས་ཟག་མེད་ལ་འཇུག་ཅིང་ལྡང་ངོ་། །ཁ་ཅིག་སྤྱི་ཡིད་ལ་བྱེད་པས་འཇུག་ཅིང་གསུམ་ཆར་གྱིས་ལྡང་ངོ་ཞེས་འཆད། ཁ་ཅིག་ལྡང་བ་ཡང་སྤྱི་ཡིད་ལ་བྱེད་པ་ཁོ་ནའོ་ཞེས་སོ། །གསུམ་པ་སེམས་བཅུ་གཉིས་པོ་གང་ལས་དུ་རྙེད་པ་ནི། སེམས་བཅུ་གཉིས་པོ་གང་ཞིག་མངོན་དུ་གྱུར་པས་གཞན་དུ་ཞིག་གི་ཐོབ་པ་འབྲེལ་བར་འབྱུང་བའི་གསལ་བའི་རྒྱུ་ནི་ཚེ་ལྔ་སྟེ། ཁམས་གོང་ནས་འོག་ཏུ་སླར་ལོག་པའི་སྐྱེ་བའི་ཚེ་དང་། གཟུགས་གཟུགས་མེད་དང་ཟག་མེད་ལ་སྙོམས་པར་འཇུག་པའི་ཚེ་དང་། ས་དང་ས་ལ་འདོད་ཆགས་དང་བྲལ་བ་དང་། དེ་ལས་ཡོངས་སུ་ཉམས་པ་དང་། དགེ་རྩ་ཆད་པ་ལས་མཚམས་སྦྱོར་བའི་ཚེ་རྣམས་ལས་སེམས་དེ་ལྡན་པ་མིན་པ་ལས་རྙེད་ཅེས་པ་སྟེ། དེ་ལ་ཁམས་གསུམ་ཡོད་པའི་འདོད་པའི་ཉོན་མོངས་ཅན་གཉིས་པོ་མངོན་དུ་གྱུར་པས་སེམས་དྲུག་རྙེད་དེ། དགེ་རྩ་ཐེ་ཚོམ་གྱིས་མཚམས་སྦྱོར་བའི་ཚེ་འདོད་པའི་དགེ་བ་སྐྱེས་ཐོབ་དང་། གོང་མ་གཉིས་ནས་འདོད་པར་སྐྱེ་བའི་ཚེ་ཉོན་མོངས་ཅན་གཉིས་པོ་གང་མངོན་དུ་གྱུར་ཀྱང་དེ་གཉིས་དང་དགེ་བ་སྐྱེས་ཐོབ་དང་། མི་དགེ་བས་དགྲ་བཅོམ་ལས་ཉམས་པའི་ཚེ་དེ་ཉིད་དང་གོང་མའི་བསྒྲིབས་པ་གཉིས་དང་སློབ་པའི་སེམས་ཏེ་སྡོམ་པས་རིགས་དྲུག་རྙེད་དོ། །དེ་ཡང་མི་དགེ་བ་ལ་ཚང་གི་བསྒྲིབས་པ་ནི་མཐོང་སྤང་གི་སེམས་ཡིན་པས་དགྲ་བཅོམ་ལས་ཉམས་མི་སྲིད་པའི་ཕྱིར་བཞི་ལས་མི་ཐོབ་ཀྱང་སྤྱིར་དེ་གཉིས་ཀྱིས་དྲུག་གོ །གཟུགས་ཀྱི་བསྒྲིབས་པས་ཀྱང་དྲུག་རྙེད་དེ། གཟུགས་མེད་ནས་གཟུགས་སུ་སྐྱེས་པའི་ཚེ་དེ་ཉིད་དགེ་བ་སྐྱེས་ཐོབ་དང་འདོད་གཟུགས་ཀྱི་སྤྲུལ་སེམས་ལུང་མ་བསྟན་གཉིས་དང་། དེས་དགྲ་བཅོམ་ལས་ཉམས་པའི་ཚེ་གཟུགས་མེད་ཀྱི་བསྒྲིབས་པ་དང་སློབ་པའོ། །གཟུགས་མེད་ཀྱི་བསྒྲིབས་པས་དགྲ་བཅོམ་ལས་ཉམས་པའི་ཚེ་དེ་ཉིད་དང་། སློབ་པའི་སེམས་གཉིས་རྙེད་དོ། །གཟུགས་སུ་སྐྱེས་པའི་དགེ་བ་ལས་ནི་མི་ལྕོགས་མེད་དང་པོ་ལ་སྙོམས་པར་འཇུག་པའི་ཚེ་དེ་ཉིད་དང་འདོད་པ་ལ་ཆགས་པ་དང་བྲལ་བའི་རྣམ་གྲོལ་ལམ་དགུ་པའི་ཚེ་སྤྲུལ་སེམས་གཉིས་ཏེ་སྤྱིར་གསུམ་དག་རྙེད་དོ། །སློབ་པ་མངོན་དུ་གྱུར་པ་ལ་བཞི་རྙེད་དེ། ཟག་མེད་དང་པོའི་སྙོམས་འཇུག་གི་ཚེ་དེ་ཉིད་དང་མི་ལྕོགས་མེད་ཀྱི་ཟག་མེད་རྣམ་གྲོལ་ལམ་དགུའི་ཚེ་དངོས་གཞིའི་དགེ་བ་རྙེད་ཀྱང་དེའི་རིགས་ཙམ་སྔར་ནས་ཡོད་པས་མི་བགྲང་ལ། དེའི་ཚེ་སྤྲུལ་སེམས་གཉིས་ངེས་པར་ཐོབ་པ་དང་། ཟག་མེད་ཀྱི་བསམ་གཏན་བཞི་པ་ལ་ཆགས་པ་དང་བྲལ་བའི་རྣམ་གྲོལ་ལམ་དགུ་པའི་ཚེ་གཟུགས་མེད་ཀྱི་དགེ་བ་རྙེད་དོ། །ལྷག་མ་འདོད་པ་དང་གཟུགས་མེད་ཀྱི་དགེ་བ་གཉིས་མ་བསྒྲིབས་པ་གཉིས་གཟུགས་ཀྱི་མ་བསྒྲིབས་པ་མི་སློབ་པ་སྟེ། དྲུག་པོ་གང་མངོན་དུ་གྱུར་པ་ལ་དེ་ཉིད་ཀྱི་ཐོབ་པ་འབྱུང་གི་གཞན་ནི་མིན་ཏེ། ཡང་དག་པའི་ལྟ་བས་དགེ་བ་མཚམས་སྦྱོར་བའི་ཚེ་དགེ་བ་སྐྱེས་ཐོབ་དང་ཕྱིས་སྦྱོར་བྱུང་གི་ཚེའང་དེ་ཉིད་དང་ཁམས་གསུམ་གྱི་མ་བསྒྲིབས་པའང་། ལུང་བསྟན་མིན་ཐོབ་ལྷན་ཅིག་སྐྱེས། །ཞེས་པའི་ཚུལ་གྱི་རང་མངོན་དུ་གྱུར་པས་རང་ཉིད་དང་། གཟུགས་མེད་ཀྱི་དགེ་བའང་སྙོམས་པར་འཇུག་པའི་ཚེ་རང་ཉིད་དང་། ཟག་པ་ཤེས་པའི་ཚེ་མི་སློབ་པའང་རང་ཉིད་རྙེད་དོ། །དེ་ལ་བརྟེན་ནས་སེམས་ཉི་ཤུ་པོ་ལ་རང་དང་གཞན་དང་གཉིས་ཀས་རྙེད་པ་སྦྱར་བར་བྱའོ་ཞེས་གསུངས་སྟེ། སྤྲུལ་སེམས་ལས་གཞན་པའི་ལུང་མ་བསྟན་དྲུག་ལ་ཐོབ་པ་སྔར་སྐྱེ་མེད་པས་རང་ཉིད་མངོན་དུ་གྱུར་པ་དང་། འདོད་གཟུགས་ཀྱི་དགེ་བ་སྦྱོར་བྱུང་གཉིས་པོ་རང་གི་སྦྱོར་བ་དང་མི་སློབ་པ་ཟད་པ་ཤེས་པས་ཐོབ་པའི་ཕྱིར་རང་ཁོ་ནས་རྙེད་པ་དགུ་དང་། སྤྲུལ་སེམས་གཟུགས་ཀྱི་དགེ་བ་དང་བསྒྲིབས་པ་དང་སློབ་པས་རྙེད་ལ། གོང་མ་གཉིས་ཀྱི་སྐྱེས་ཐོབ་གོང་འོག་ཏུ་སྐྱེས་ཀྱང་ཉིང་མཚམས་སྦྱོར་བའི་ཚེ་བསྒྲིབས་པས་རྙེད་པའི་ཕྱིར་གཞན་ཁོ་ནས་རྙེད་པ་བཞི་དང་། འདོད་པའི་སྐྱེས་ཐོབ་ཡང་དག་པའི་ལྟ་བས་མཚམས་སྦྱོར་ན་རང་དང་། ཐེ་ཚོམ་གྱིས་མཚམས་སྦྱོར་བ་དང་སྐྱེ་བའི་ཚེ་གཞན་གྱིས་རྙེད་པ་དང་། ཉོན་མོངས་ཅན་གཉིས་པོ་སྐྱེ་བའི་ཚེ་གང་མངོན་དུ་གྱུར་པ་རང་དང་ཅིག་ཤོས་གཞན་གྱིས་རྙེད་པ་དང་། གོང་མའི་བསྒྲིབས་པ་གཉིས་རང་རང་གིས་ཉམས་ན་རང་དང་འོག་མས་ཉམས་ན་གཞན་གྱིས་རྙེད་པ་དང་། གཟུགས་མེད་ཀྱི་སྦྱོར་བྱུང་ནམ་མཁའི་ཉེར་བསྡོགས་ལ་ཞུགས་པའི་ཚེ་རང་དང་སློབ་པས་རྙེད་པའི་ཚེ་གཞན་གྱིས་རྙེད་པ་དང་། སློབ་པ་ཡང་ཟག་མེད་དང་པོའི་ཚེ་རང་དང་དགྲ་བཅོམ་ལས་ཉམས་པའི་ཚེ་གཞན་གྱི་རྙེད་པའི་ཕྱིར་གཉིས་ཀས་རྙེད་པ་བདུན་ནོ། །ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་གཞུང་དོན་རབ་ཏུ་གསལ་བའི་ཉི་མ་ལས་དབང་པོ་བསྟན་པའི་གནས་བཤད་ཟིན་ཏོ།། ༈ །།ད་ནི་གནས་གསུམ་པ་འཆད་དེ། འདི་ཡི་ཚིག་འགྲེལ་ནི་གོང་དུ། འདོད་ཁམས་གཏོགས་པ་ཐམས་ཅད་དོ། །ཞེས་སོགས་ཁམས་གསུམ་གྱི་མིང་ཡང་ཡང་དུ་གླེངས་པའི་ཁམས་གསུམ་པོ་ནི་འདི་ལྟར་ཡིན་ཞེས་སྟོན་པའོ། །དོན་འགྲེལ་ནི་དམིགས་ཡུལ་བདེན་པ་བཞི་ལས་ཐར་པ་འདོད་པའི་གང་ཟག་གིས། དང་པོར་སྡུག་བདེན་གྱི་མཚན་ཉིད་དང་མཚན་གཞི་ཁོང་དུ་ཆུད་པར་བྱས་ལ་སྐྱོ་བར་བྱའོ། །དེ་ལ་མཚན་ཉིད་ནི་ཟག་བཅས་ཐམས་ཅད་དུཿཁ་གསུམ་མམ་བརྒྱད་ཀྱིས་ཅི་རིགས་པར་དུཿཁ་ཞིང་འཕགས་པ་དང་མི་མཐུན་པ་ཡིན་ལ། མཚན་གཞི་ནི་གང་སྐྱེ་བ་སེམས་ཅན་དང་གང་དུ་སྐྱེ་བ་སྣོད་ཀྱི་འཇིག་རྟེན་ནོ། །དང་པོ་ནི། ཐུན་མོང་མིན་པའི་ལས་ལས་གྲུབ་པ་ཁམས་སོགས་ཐ་དད་པའི་སེམས་ཅན་གྱི་ཚོགས་ཏེ་ཁམས་འོག་མ་གཉིས་ནི་བརྟེན་པས་བསྡུས་པ་ཡིན་ཞིང་། གཉིས་པ་ནི། ཐུན་མོང་གི་ལས་ལས་གྲུབ་པ་འོག་གཞིར་གནས་པ་རི་མཚོ་སོགས་སྣོད་དེ། ཁམས་འོག་མ་གཉིས་སུ་སེམས་ཅན་གྱི་རྟེན་དུ་གྱུར་པ་ཡིན་ནོ། །ངེས་ཚིག་ནི་ཁ་ཅིག་སྣོད་འཇིག་པའི་རང་བཞིན་ལ་བཅུད་བརྟེན་པས་སོ་ཞེས་པ་ནི་གང་རུང་རེ་རེས་སྒྲ་མི་ཐོབ་པར་འགྱུར་བས་ལོ་ཀའི་སྒྲ་ལས་དྲངས་ནས་འཇིག་ཅིང་ཉམས་པས་འཇིག་རྟེན་ནོ། །འོ་ན་འཇིག་རྟེན་ཐམས་ཅད་དུཿཁ་ཡིན་ནམ་ཞེ་ན། སློབ་དཔོན་འཕགས་པ་ལས་ཉོན་གྱི་དབང་གིས་བྱུང་བའི་མ་དག་པའི་འཇིག་རྟེན་དུཿཁ་ཡིན་ལ། ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་ནི་དུཿཁ་མིན་གྱི་ལམ་བདེན་གྱིས་བསྡུས་པར་བཞེད་དེ། སྡེ་པ་གཉིས་ནི་དེ་ཡང་ཕྱིའི་སྐྱེ་མཆེད་ཡིན་པས་དུཿཁ་ཁོ་ན་སྟེ་ལུགས་ལས། དེ་གསུམ་ཟག་བཅས་ཟག་པ་མེད། །ལྷག་མ་རྣམས་ནི་ཟག་བཅས་སོ། །ཞེས་འབྱུང་བས་སོ། །འོན་ཀྱང་དུཿཁའི་དུཿཁ་དང་མི་ལྡན་པ་ལ་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་ཞེས་འདོད་དོ། །དེ་ལ་གཉིས་ཏེ། སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་ནོ། །དེ་ཡང་ལས་གསོག་པ་པོ་ཡིན་པས་དང་པོ་ཐོག་མར་འཆད་པ་ལ་ལྔ་སྟེ། སེམས་ཅན་སྐྱེ་བ་པོ་འགྲོ་བའི་དབྱེ་བ། སྐྱེ་ཚུལ་རྟེན་འབྲེལ་གྱི་རང་བཞིན། སྐྱེས་པ་གནས་པའི་རྟེན། གནས་པ་འཆི་འཕོ་བའི་སེམས། སེམས་ཅན་གྱི་ཚོགས་གསུམ་དུ་བསྡུ་བའོ། །དང་པོ་ལ་གསུམ་སྟེ། ཁམས་གསུམ་དུ་དབྱེ་བ། འགྲོ་བ་ལྔར་དབྱེ་བ། སྐྱེ་གནས་བཞིར་དབྱེ་བའོ། །དང་པོ་ལ་གསུམ་སྟེ། འདོད་པའི་དབྱེ་བ། གཟུགས་ཀྱི་དབྱེ་བ། གཟུགས་མེད་པའི་དབྱེ་བའོ། །དང་པོ་ལ། མཚན་གཞི་ནི། བསོད་ནམས་མིན་པའི་ལས་ཀྱིས་ཁྲིད་པའམ་ར་ཀ་ཞེས་པ་དགའ་བའམ་ཆགས་པ་ཡིན་ལ། དེ་ན་ཞེས་པས་བཀག་པས་དགའ་བར་མི་བྱེད་པའམ། སློབ་དཔོན་འདུས་བཟང་ལྟར་ན་སྐྱབས་མི་རྙེད་པའམ་སྨད་པའི་གཞིར་གྱུར་པས་ན་དམྱལ་བ། དེར་སོང་བ་རྣམས་ཕྱིར་མི་ལྡོག་པའི་སྐོམ་པ་དང་ལྡན་པའི་ཕྱིར་ཡི་དྭགས་དང་། དུད་དེ་འགྲོ་བས་དུད་འགྲོ་དང་། ཡིད་ཤས་ཆེ་བས་མི་དང་ནི། འདི་ལ་འཇིག་རྟེན་ཁ་ཅིག་ན་ཡིད་ཀྱི་བུ་ཞེས་གྲགས་སོ། །རྣམས་ཞེས་པ་འགྲོ་བ་བཞི་པོ་མ་ལུས་པའི་དོན་ནོ། །གཞལ་ཡས་ཁང་པ་རྣམས་ཁྱིམ་ནམ་མཁའ་ལ་ཡོད་པ་དང་། འདོད་པའི་ལྷ་དག་ཟས་སུ་བདུད་རྩི་ཟ་བ་དང་། གཟུགས་ཅན་རྣམས་ལུས་ལ་འོད་ཡོད་པ་དང་། གཟུགས་མེད་པ་རྣམས་མི་འཆི་བས་ལྷ་སྟེ་ཐམས་ཅད་མིན་གྱི་གཞན་འཕྲུལ་དབང་བྱེད་ཀྱི་བར་དྲུག་དག་སྣོད་དང་བཅས་པ་ནི་འདོད་པའི་ཁམས་ཡིན་ནོ། །མཚན་ཉིད་ནི། ཁམ་ཟས་དང་འཁྲིགས་པའི་འདོད་ཆགས་རྒྱས་པའམ་སྣོད་དང་བཅས་པ་ནི་འདོད་པའི་ཉོན་མོངས་ཅན་རྒྱས་པའོ། །འོ་ན་འདོད་པའི་སྤྲུལ་སེམས་ཀྱང་འདོད་ཆགས་དང་བྲལ་བ་ལ་སྐྱེ་བས་འདོད་པའི་ཉོན་མོངས་ཅན་ཇི་ལྟར་རྒྱས་ཞེ་ན། བསམ་གཏན་ཐོབ་པ་དག་འདོད་པའི་སྤྲུལ་སེམས་ཀྱི་སྤྲུལ་པ་བྱེད་དོ་ཞེས་ཐོས་ནས་ཆགས་པའམ། སྔོན་ཐོབ་པ་ཉམས་ནས་དྲན་པའམ། སྤྲུལ་པ་ཡིད་འཕྲོག་པའི་རྒྱུ་སྤྲུལ་སེམས་སུ་ཤེས་པའམ། འདོད་པའི་ཆོས་དྲི་རོ་སྤྲུལ་པས་འདོད་པའོ། །སྒྲ་དོན་ནི་འདོད་པའི་ཡོན་ཏན་ལྔ་ལ་དམིགས་པའི་འདོད་པ་དང་ལྡན་པའི་ཕྱིར་ཏེ། རྡོ་རྗེའི་སོར་གདུབ་དང་ན་ལེ་ཤམ་གྱི་བཏུང་བ་བཞིན་ནོ། །དེ་ལ་རྒྱས་པར་དབྱེ་ན་དམྱལ་བ་ལ་ཡང་སོས་ལ་སོགས་པ་བརྒྱད་དང་། དེའི་སྟེང་དུ་ཡི་དྭགས་དང་དུད་འགྲོ་གཉིས་ཏེ་ངན་སོང་གི་གནས་བཅུ་དང་། ལྷ་དྲུག་དང་མི་ལ་གླིང་བཞིར་དབྱེ་བ་ལས་མཐོ་རིས་ཀྱི་གནས་བཅུ་སྟེ་འདོད་པ་ཉི་ཤུའོ། །གྲང་དམྱལ་ནི་དེའི་ཐད་ཀ་ན་གནས་པའམ། གང་སྤེལ་ལས་ངོས་བཞི་ན་དེའི་འཁོར་གྱི་ཚུལ་དུ་གནས་པས་གཙོ་བོ་མིན་ལ། ཉི་ཚེ་བ་ནི་ཡུལ་དང་གྲངས་དང་ཚད་མེད་པའི་ཕྱིར་མ་བགྲངས་སོ། །ས་ལས་ནི་དམྱལ་བ་བཅུ་དྲུག་དང་། དུད་འགྲོ་ནི་གནས་ངེས་པ་མེད་པས་མ་བགྲངས་པར་ཡི་དྭགས་དང་ལྷ་མིན་དང་། མིའི་གླིང་བཅུ་གཉིས་དང་ལྷ་དྲུག་སྟེ་སུམ་ཅུ་རྩ་དྲུག་ཏུ་བཤད་དོ། །གཉིས་པ་ནི། །འདོད་པ་ལས་གནས་དང་ཡོན་ཏན་གྱི་གོང་མའི་གནས་དག་བཅུ་བདུན་ནི། གཟུགས་དང་ལྡན་པའི་ཁམས་ཡིན་ཏེ། ཉི་མདོ་གཉིས་ཀྱི་འདོད་པའོ། །ཁ་ཆེ་བ་ནི་ཚངས་པ་ཆེན་པོ་མདུན་ན་འདོན་གྱི་གནས་ནས་གྲོང་ལས་དགོན་པའི་ཚུལ་དུ་གནས་ཀྱི་བར་དག་གིས་ཚད་ལ་སོགས་པ་མེད་པས་བཅུ་དྲུག་ཏུ་འདོད་ལ། སྐུ་མཆེད་ནི་འོག་མིན་སྟུག་པོ་བཀོད་པའི་ཞིང་དབང་ཕྱུག་ཆེན་པོའི་གནས་དང་བཅོ་བརྒྱད་དུ་བཞེད་ཅིང་། མདོ་ལས་ཉི་ཤུ་རྩ་གཅིག་འབྱུང་བ་ནི་སྡེ་ཚན་གྱི་དང་པོ་སྤྱི་མིང་ངོ་ཞེས་གསུངས་སོ། །མཚན་ཉིད་ནི་ཁམ་ཟས་དང་འཁྲིག་པ་ལ་འདོད་ཆགས་དང་བྲལ་ལ་གཟུགས་ལ་འདོད་ཆགས་རྒྱས་པའམ་སྣོད་དང་བཅས་པ་ནི་དེའི་ཉོན་མོངས་རྒྱས་པའོ། །སྒྲ་དོན་ནི་གཟུགས་མཆོག་དང་ལྡན་པའོ། །བཅུ་བདུན་དུ་ངེས་པ་ནི་རྒྱུ་ཏིང་ངེ་འཛིན་གྱི་དབྱེ་བས་ཏེ། གཟུགས་ཁམས་དེར་བསམ་གཏན་དང་པོ་གསུམ་པོ་སོ་སོའི་ས་ནི་ཆུང་འབྲིང་ཆེན་པོའི་བྱེ་བྲག་གིས་གསུམ་པ་ཡིན་ལ་བཞི་པ་ནི་ཆུང་འབྲིང་ཆེན་པོ་དང་སྤེལ་བསྒོམ་ལྔའི་བྱེ་བྲག་གི་ས་ལྔ་སྟེ་སྡོམ་པས་ས་བརྒྱད་པ་ཡིན་ནོ། །གསུམ་པ་ལ། གཟུགས་མེད་པའི་ཁམས་ཀྱི་དབྱེ་བ་ནི་རྒྱུའི་དུས་ན་གཟུགས་ཙམ་ལས་འདོད་ཆགས་དང་བྲལ་བས། གནས་ངེས་པ་ནི་མེད་ཀྱི་གོང་དུ་ཤི་བའི་གོ་སྐབས་དེ་ཉིད་དུ་སྐྱེ་བས་ཕུང་པོ་བཞི་འགྲུབ་ལ། འོན་ཀྱང་རྒྱུ་སྙོམས་འཇུག་བཟང་ངན་གྱིས་བྱུང་བའི་སྐྱེ་བ་ལས་ནི་རྣམ་པ་བཞིར་དབྱེ་བའོ། །འོ་ན་ཁམས་འོག་མ་གཉིས་སུ་སེམས་ཀྱི་རྒྱུད་གཟུགས་ལ་བརྟེན་ཏེ་འབྱུང་ན་དེར་ནི་ཅི་ལ་བརྟེན་ནས་འཇུག་ཅེ་ན། རིས་མཐུན་པ་དང་སྲོག་དང་སོ་སོའི་སྐྱེ་བོ་དང་ཐོབ་པ་ལ་སོགས་པ་ལ་ཡང་སེམས་ཀྱི་རྒྱུད་ནི་བརྟེན་ནས་འཇུག་པ་ཡིན་ནོ། །འོག་མ་གཉིས་ཀྱིའང་དེ་ལ་ཅི་སྟེ་མི་བརྟེན་ཞེ་ན། དེ་ནི་སྟོབས་ཆུང་བ་ཡིན་ལ་འདི་ནི་གཟུགས་དང་བྲལ་བའི་འདུ་ཤེས་ཅན་གྱི་སྙོམས་འཇུག་ལས་སྐྱེས་པས་སྟོབས་དང་ལྡན་པའོ། །དེ་དག་ཕན་ཚུན་དང་སྔོན་གྱི་ལས་ལ་བརྟེན་ལ། མདོ་སྡེ་པ་ནི་དེ་ལྟར་ན་བརྟེན་པ་འཇུག་པ་བརྟེན་ལ་རག་ལས་པས་ལྡོག་པས་མི་སྲིད་པར་ཐལ་ལོ་ཞེས་ཏེ། ལྡོག་པ་མེད་པའམ་མཚུངས་མོད་ཀྱི་མདུང་ཁྱིམ་ལྟར་འཇུག་ལྡོག་བྱེད་དོ་ཞེས་དོན་དེ་གསུངས་སོ། །མཚན་ཉིད་ནི་གཟུགས་ལ་འདོད་ཆགས་དང་བྲལ་ཞིང་མིང་གི་ཕུང་པོ་བཞི་ལས་རྒྱས་པའོ། །སྒྲ་དོན་ནི་གནས་བརྒྱད་པར་སྟོན་ནོ། །དེ་ལྟར་སྲེད་པས་ཕྱི་མཚམས་གསུམ་དུ་བཅད་པས་ཁམས་གསུམ་ཡིན་ལ། འདོད་པ་ལ་གནས་རིས་ཉི་ཤུ་ཡོད་ཀྱང་འདོད་ཆགས་དང་བྲལ་བའི་བྱེ་བྲག་མེད་པས་ས་གཅིག་ཡིན་ཞིང་གོང་མ་གཉིས་ལ་བཞི་བཞི་ཡོད་པས་སྤྱིར་ས་དགུའོ། །གཉིས་པ་འགྲོ་བ་ལྔར་དབྱེ་བ་ལ། དབྱེ་བ་དངོས། དེའི་རང་བཞིན། དེ་དག་གི་ཁྱད་པར་བསྟན་པའོ། །དང་པོ་ནི། མདོ་ལས་འགྲོ་བ་ལྔ་ཞེས་འབྱུང་བའི་དོན་འཆད་དེ། ཁམས་གསུམ་པོ་དེར་ནི་དམྱལ་བ་དང་སོགས་པ་ཡི་དྭགས་དུད་འགྲོ་མི་ལྷ་སྟེ་འགྲོ་བ་ལྔ་རང་རང་གི་མིང་གིས་བསྟན་ཏེ། འདོད་པ་ན་འགྲོ་བ་བཞི་རིལ་པོ། ལྷའི་ཕྱོགས་གཅིག་དང་གོང་མ་གཉིས་ན་ལྷའི་ཕྱོགས་གཅིག་གོ །ལྷ་མིན་ལྷ་ལ་ལོངས་སྤྱོད་དང་ལུས་སོགས་འགྲན་བཟོད་པ་དང་། གཉེན་ཟླ་ཡིན་པས་ལྷ་ཡིན་ཡང་དམན་པ་ལ་དགག་སྒྲ་སྦྱར་ནས་ལྷ་མིན་དུ་བརྗོད་ཅེས་དང་། འདུས་བཟང་ཡི་དྭགས་དང་། དྲན་པ་ཉེར་བཞག་ལས་ནག་པོ་དང་དཀར་པོའི་ཕྱོགས་དུད་འགྲོ་དང་ལྷའོ་ཞེས་འབྱུང་། མདོ་ཁ་ཅིག་ལས་འགྲོ་བ་དྲུག་པར་བཤད་དོ། །ཡང་གྲུལ་བུམ་དང་། ཤ་ཟ་དང་། འབྱུང་པོ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། སྨྱོ་བྱེད་དང་། བརྗེད་བྱེད་དང་། སྐེམ་བྱེད་དང་། གྲིབ་གནོན་དང་། སྲིན་པོ་དང་། ནམ་གྲུའི་གདོན་དང་། བྱའི་གདོན་རྣམས་ཡི་དྭགས་ཡིན་ལ། ཀླུ་དང་ལྟོ་འཕྱེ་དང་། ནམ་མཁའ་ལྡིང་ནི་དུད་འགྲོ། སྲིན་པོ་མིའི་བྱེ་བྲག་གོ །གཉིས་པ་ནི། འགྲོ་བ་དེ་དག་གི་རང་ལྡོག་དག་མི་དགེ་ཡིན་ན་འགྲོ་བའི་རྒྱུ་ཡིན་པས་འགྲོ་བར་བཞག་དགོས་ན་རེ་རེ་ལ་ཡང་སྔར་གྱི་ལས་ཡོད་པས་འགྲོ་བ་འཆོལ་བར་འགྱུར་བ་དང་། དགྲ་བཅོམ་པ་དང་། དགེ་རྩ་ཆད་པ་ཡང་འགྲོ་བར་བསྡུས་པའི་ཕྱིར་ཉོན་མོངས་ཅན་མིན་ཞིང་ལུང་བསྟན་དགེ་བ་ཡང་མིན་པས་མ་བསྒྲིབས་ལུང་མ་བསྟན་ཁོ་ན་ཡིན་ཏེ། མདོ་ལས་ཀྱང་ལས་ཀྱི་སྲིད་པ་ལོགས་སུ་བཤད་དོ། །ཁ་ཅིག་རྣམ་སྨིན་ཁོ་ནར་འདོད་ལ། ཁ་ཅིག་རྒྱས་པ་ལས་བྱུང་བ་ཡང་ཅུང་ཟད་ཡོད་ཅེས་འདོད། མདོ་སྡེ་པ་ནི་དགེ་བ་དང་ཉོན་མོངས་ཅན་ཡང་ཡོད་ཅེས་ཟེར་རོ། །དེ་ཡང་སྣོད་ཡིན་ན་གླིང་བཞི་མིར་བགྲང་དགོས་ན་འགྲོ་བ་ལྔ་ཆར་གྱིས་ལོངས་སྤྱོད་པས་འགྲོ་བ་འཆོལ་པ་དང་ལས་བྱས་པ་ཆུད་ཟོས་ཤིང་མ་བྱས་པ་དང་ཕྲད་པར་འགྱུར་བས་སེམས་ཅན་ཞེས་བྱ་བ་སྟེ། ལས་དང་མཐུན་པར་འགྲོ་བའི་ཕྱིར་དང་། ལུང་ལས། བསོད་ནམས་སྡིག་འབྲས་ཉེར་འགྲོ་རྣམས། །ལས་བཞིན་དུ་ནི་འགྲོ་བར་འགྱུར། །ཞེས་གསུངས་སོ། །རྒྱུད་བླའི་འགྲེལ་པར་ཆོས་དང་གང་ཟག་གི་འགྲོ་བ་གཉིས་གསུངས་སོ། །འོན་ཀྱང་བར་སྲིད་ནི་འགྲོ་བ་མིན་ཏེ། མདོ་ལས་སྲིད་པ་ནི་བདུན་ཏེ། འགྲོ་བ་ལྔ་དང་ལས་དང་སྲིད་པ་བར་མའོ་ཞེས་ལོགས་སུ་མཛད་པ་དང་། གདགས་པ་ལས་འགྲོ་བ་ལྔས་ནི་སྐྱེ་གནས་བཞི་མ་བསྡུས་ཏེ་སྲིད་པ་བར་མའོ་ཞེས་དང་། ཆོས་ཀྱི་ཕུང་པོ་ལས། མིག་གང་ཞེ་ན་འགྲོ་བ་ལྔ་དང་སྲིད་པ་བར་མའི་མིག་གོ་ཞེས་བཤད་པའི་ཕྱིར། གསུམ་པ་ལ་བཞི་སྟེ། རྣམ་ཤེས་ཀྱི་གནས་པ་བདུན་བཤད་པ། སེམས་ཅན་གྱི་གནས་དགུ་བཤད་པ། རྣམ་ཤེས་ཀྱི་གནས་པ་བཞི་བཤད་པ། བདུན་དང་བཞིའི་མུ་བཞི་བཤད་པའོ། །དང་པོ་ནི། མདོ་ལས། རྣམ་ཤེས་ཀྱི་གནས་པ་བདུན་ཞེས་འབྱུང་བ་ནི། འགྲོ་བ་ལྔ་ལས་ལུས་དང་འདུ་ཤེས་གཉིས་ཀ་ཐ་དད་པ་ནི། འདོད་པ་དང་བསམ་གཏན་དང་པོར་ཕྱིས་སྐྱེས་པ་རྣམས་ཏེ། ལུས་དང་ཁ་དོག་དང་དབྱིབས་དང་རྟགས་ཐ་དད་ལ། འདུ་ཤེས་བསམ་པ་ནི་བདེ་སྡུག་བཏང་སྙོམས་སོགས་ཐ་དད་དོ། །དེ་ལྟ་བུའི་སེམས་ཅན་གྱི་ཕུང་པོ་ལ་རྣམ་ཤེས་སྲེད་པའི་ཚུལ་གྱིས་བརྟེན་པ་ནི་རྣམ་ཤེས་ཀྱི་གནས་སོ། །ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་ནི། བསམ་གཏན་དང་པོར་ཐོག་མར་སྐྱེས་པ་རྣམས་ཏེ། ལུས་ནི་ཚངས་ཆེན་དང་འཁོར་དག ཚད་དང་། དབྱིབས་དང་སྨྲ་བ་དང་གོས་གྱོན་པ་ལ་སོགས་པ་ཐ་དད་ལ། འདུ་ཤེས་ནི་གཉིས་ཀའང་ཚངས་པ་རྒྱུ་མིན་པ་ལ་རྒྱུར་འཛིན་པའི་འདུ་ཤེས་གཅིག་པའོ། །འོ་ན་འཁོར་རྣམས་ཀྱིས་དེ་སྨོན་ལམ་འདེབས་པ་ཇི་ལྟར་མཐོང་ཞེ་ན། བསམ་གཏན་དང་པོ་རང་སའི་སྔོན་གྱི་གནས་དྲན་པ་སྐྱེས་ཐོབ་ཀྱི་དྲན་པའམ། ཊཱི་ཀ་ལས་དེ་ལས་ཐོས་པའི་ཕྱིར། །ཞེས་གསུངས་སོ། །དེ་ལས་བཟློག་པ་ནི། བསམ་གཏན་གཉིས་པ་རྣམས་ལུས་འོད་ཀྱི་རང་བཞིན་དུ་གཅིག་ལ། འདུ་ཤེས་ནི་དང་པོའི་ཡིད་བདེ་ཡང་སེམས་གཡོ་བར་བྱེད་པས་སྐྱོ་ནས་ཉེར་བསྡོགས་ཀྱི་བཏང་སྙོམས་དང་དེས་སྐྱོ་ནས་ཡིད་བདེ་ལ་འཇུག་པའི་ཕྱིར་རོ། །ཡང་ན་ཁ་ཅིག་ཡིད་བདེ་བས་སྐྱོ་བ་ན། ཁ་ཅིག་ཡོན་ཏན་དུ་བལྟ་བ་ལ་སོགས་པའམ། མདོ་སྡེ་པ་སོགས་ནི་བསམ་གཏན་དང་པོའི་སྣོད་མེར་འབར་བ་ན་ལྷ་གཞོན་ནུ་དག་དེར་ཡང་མེ་འོང་བར་སེམས་ཤིང་སྐྲག་ལ། རྒན་པོ་འཆགས་འཇིག་མཐོང་བ་དག་མི་སྐྲག་པ་འདུ་ཤེས་ཐ་དད་དོ། །ལུས་དང་འདུ་ཤེས་གཅིག་པ་ནི་བསམ་གཏན་གསུམ་པ་བ་རྣམས་ཏེ། ལུས་འོད་ཀྱི་རང་བཞིན་དང་བདེ་བ་ལ་ཡོན་ཏན་དུ་བལྟ་བར་གཅིག་པའོ། །དེ་བཞི་དང་གཟུགས་ཅན་མིན་པ་དང་པོ་གསུམ་པོ་དག་སྟེ་དེ་ལྟར་ན་རྣམ་ཤེས་ཀྱི་གནས་པ་བདུན་ནོ། །ལྷག་མ་ངན་སོང་དང་བསམ་གཏན་བཞི་པ་དང་སྲིད་རྩེ་དག་ནི་རྣམ་ཤེས་དེ་རྒྱས་ཤིང་འཕེལ་བར་མི་བྱེད་ཀྱི་འཇོམས་པར་བྱེད་པ་དང་ལྡན་པས་རྣམ་ཤེས་ཀྱི་གནས་མིན་ཏེ། ངན་སོང་ན་ཚོར་བ་དུཿཁ་དང་འདུ་ཤེས་མེད་པ་རྒྱུ་འབྲས་དང་འགོག་པའི་སྙོམས་འཇུག་གིས་སེམས་རྒྱུན་གཅོད་པའི་ཕྱིར་རོ། །གཉིས་པ་ནི། བདུན་པོ་དེའི་སྟེང་དུ་སྲིད་རྩེ་དང་འདུ་ཤེས་མེད་པ་བསྣན་ནས་དགུ་ནི་སེམས་ཅན་གྱི་ནི་གནས་དགུར་མདོ་ལས་བཤད་དེ། དེ་དག་ཏུ་སེམས་ཅན་རྣམས་རང་བཞིན་གྱིས་དགའ་བཞིན་དུ་གནས་པའི་ཕྱིར་རོ། །ལས་ཀྱི་སྲིན་པོས་མི་འདོད་བཞིན་དབང་མེད་དུ་གནས་པའི་ཕྱིར་གཞན་ངན་སོང་ནི་སེམས་ཅན་གྱི་གནས་མིན་ཏེ་བཙོན་རྭ་བཞིན་ནོ། །གསུམ་པ་ནི། ཡང་མདོ་ལས་རྣམ་ཤེས་གནས་པ་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དུ་ཉེ་བར་འགྲོ་བ་དག་ནི་བཞི་གསུངས་ལ་དེ་ཡང་སྲེད་པའི་དབང་གིས་གནས་པ་ཡིན་ཞིང་ཟག་མེད་དང་ས་གཞན་གྱི་ཕུང་པོ་ལ་རྣམ་ཤེས་སྲེད་པས་མི་བརྟེན་པའི་ཕྱིར་ཟག་པ་དང་བཅས་པ་རང་གི་ས་པ་ཁོ་ནའི་ཕུང་པོ་བཞི་ཡིན་ལ། རྣམ་ཤེས་འབའ་ཞིག་ནི་བྱེ་སྨྲ་ནི་གནས་དང་གནས་པ་པོ་ཕྱེ་ནས་སྟོན་པས་གནས་པ་པོ་ཉིད་གནས་ཡིན་པར་མ་བཤད་དེ་རྒྱལ་པོ་ཉིད་བསྟན་དུ་མི་རུང་བ་བཞིན་ནོ། །ཞེས་འདོད་ཅིང་། མདོ་སྡེ་པ་ནི་གྲུ་དང་མཉན་པའི་ཚུལ་དུ་རྣམ་ཤེས་གཉིས་ལྷན་ཅིག་འབྱུང་བ་མིན་པའི་ཕྱིར་ཞེས་གསུངས་སོ། །བཞི་པ་ནི། །འོ་ན་རྣམ་ཤེས་ཀྱི་གནས་པ་བདུན་གྱིས་བཞི་བསྡུས་སམ་བཞིས་བདུན་བསྡུས་ཞེས་ན། རྣམ་ཤེས་གནས་པ་བདུན་དུ་གནས་གཞན་དོར་ལ། བཞི་པར་ཕུང་པོ་དོར་བས་བསྡུ་བ་དཔྱད་ན་མུ་བཞི་སྟེ། བདུན་གྱིས་བསྡུས་ལ་བཞིས་མ་བསྡུས་པ་བདུན་པོའི་རྣམ་ཤེས་དང་། མུ་གཉིས་པ་ངན་སོང་དང་བསམ་གཏན་བཞི་པ་དང་སྲིད་རྩེའི་ཟག་བཅས་ཀྱི་ཕུང་པོ་བཞི་དང་། གསུམ་པ་བདུན་པོའི་དེ་བཞི་དང་། བཞི་པ་ངན་སོང་ལ་སོགས་པའི་རྣམ་ཤེས་དང་ཟག་མེད་དོ། །གསུམ་པ་སྐྱེ་གནས་བཞིར་དབྱེ་བ་ལ་གསུམ་སྟེ། གང་དུ་འཇུག་པའི་སྐྱེ་གནས་ཀྱི་དབྱེ་བ། གང་གིས་འཇུག་པའི་བར་སྲིད་བཤད་པ། དེ་ཉིད་སྐྱེ་གནས་སུ་འཇུག་པའི་ཚུལ་ལོ། །དང་པོ་ནི། ཁམས་གསུམ་པོ་དེར་སྐྱེ་བ་ནི་སྐྱེ་གནས་ལ་བརྟེན་པར་སྟོན་པས་སྒོ་ང་ལས་སྐྱེས་པ་དང་སོགས་པ་མངལ་ལས་སྐྱེས་པ་དང་། ཕ་མའི་ས་བོན་ལ་མི་ལྟོས་པར་འབྱུང་བའི་དྲོད་གཤེར་ལས་སྐྱེས་པ་དང་། མཛེས་པའམ་གནོད་པ་མེད་པའི་སྐྱེ་བ་ཡིན་པས་རྫུས་སྐྱེས་ཏེ་སེམས་ཅན་གྱི་སྐྱེ་གནས་བཞི་དག་ཏུ་མདོ་ལས་གསུངས་སོ། །ངོ་བོ་མ་བསྒྲིབས་ལུང་མ་བསྟན་ནོ། །དེ་ལ་མི་དང་དུད་འགྲོ་ལ་སྐྱེ་གནས་རྣམ་པ་བཞི་སྟེ། མི་སྒོང་སྐྱེས་ནི། ཚོང་པ་གྲུ་ཆག་ཤིང་ལེབ་ཀྱིས། །རྒྱ་མཚོའི་མཐར་ཕྱིན་ཁྲུང་ཁྲུང་དང་། །འདུས་པས་བྲག་དང་ཉེ་བྲག་གཉིས། །བྱུང་བ་ཕྱིས་ནི་རང་རྒྱལ་འགྱུར། །བློན་པོ་རི་དྭགས་འཛིན་མ་ཞེས། །མྃནའང་མིན་ཏེ་དེ་ཡི་བུ། །སུམ་ཅུ་རྩ་གཉིས་མཛངས་བླུན་ལས། །རྒྱལ་པོ་ལྔ་ལེན་བཙུན་པོ་ཆེན། །སྒོ་ང་ལྔ་བརྒྱ་ལྟས་ངན་ཞེས། །སྒྲོམ་དུ་བཅུག་སྟེ་གངྒཱར་བོར། །ལི་ཙའི་རྒྱལ་པོ་བཙུན་མོར་བཅས། །ཁྲུས་བྱེད་པས་མཐོང་ཁ་ཕྱེ་བས། །ཁྱེའུ་ལྔ་བརྒྱ་སྲིད་ཐ་མའི། །གང་ཟག་དུས་མིན་འཆི་བ་མེད། །མངལ་སྐྱེས་ད་ལྟའི་ཕལ་ཆེའོ། །རྒྱལ་པོ་བསྙེན་གནས་སྤྱི་བོ་རུ། །འབུར་བྱུང་སྨིན་ལས་ང་ལས་ནུ། །དེ་ཡི་པུས་མོའི་འབུར་འབུར་གཉིས། །ཁྱེའུ་མཛེས་དང་ཉེར་མཛེས་སོ། །རྒྱལ་པོ་ཚངས་བྱིན་བྲང་ནས་ནི། །བུ་མོ་ཐི་བའི་ཕྲེང་བ་ཅན། །ཆུ་ཤིང་སྡོང་པོ་ཨ་མྲ་སྐྱོང་། །དྲོད་གཤེར་སྐྱེས་ཏེ་མདོ་ལས་བལྟ། །རྫུས་སྐྱེས་བསྐལ་པ་དང་པོའི་མི། །ཕྱིས་ཀྱང་སངས་རྒྱས་བཞུགས་པའི་ཚེ། །དགེ་སློང་སྤུན་གཉིས་གང་རྟོགས་བརྒྱ། །ཨཱརྻ་དེ་བ་རྫུས་སྐྱེས་སོ། །དུད་འགྲོའི་དང་པོ་གསུམ་ནི་སྣང་བར་ཟད་ལ་རྫུས་སྐྱེས་ནི་ཀླུ་དང་འདབ་བཟང་སོགས་སོ། །སྟོབས་ཆེན་ལས་ནི་མྱུར་བ་ཉིད། །རྣམ་སྨིན་རྫོགས་སྒྲུབ་དམྱལ་རྣམས་དང་། །ལྷ་རྣམས་རྫུས་ཏེ་སྐྱེ་བ་ཡིན། །མཚམས་སྦྱོར་རིང་པོ་མི་རུང་བས། །སྲིད་པ་བར་མ་རྫུས་ཏེ་སྐྱེ། །སྟོབས་ཆེན་འབྲས་ཕྱིར་ཡི་དྭགས་ཕལ། །རྫུས་སྐྱེས་མཽ་གལ་བུ་ཡི་ལམ། །ཞིག་ན་ཤ་ཟ་མོ་བཀྲེས་པ། །བདག་གིས་མཚན་མོ་བུ་ལྔ་དང་། །དེ་བཞིན་ཉིན་མོ་བུ་ལྔ་དག །བསྐྱེད་ནས་དེ་དག་ཟ་མོད་ཀྱི། །འོན་ཀྱང་བདག་ནི་ཚིམ་པ་མེད། །ཅེས་པ་ཚིམ་མེད་ཡི་དྭགས་ཏེ། །མངལ་ནས་སྐྱེ་བའང་ཡོད་པ་ཡིན། །སྐྱེ་གནས་བཟང་བ་རྫུས་སྐྱེས་སོ། །གཞན་སྡུག་མེད་ཕྱིར་དེ་ནས་ནི། །དྲོད་གཤེར་སྐྱེས་བཟང་མངལ་སྐྱེས་དམན། །སྐྱེ་བས་བདག་དང་མ་སྡུག་ཕྱིར། །ལན་གཉིས་གཉིས་སྡུག་སྒོང་སྐྱེས་དམན། །འོ་ན་སྐྱེ་ལ་དབང་ཐོབ་པའི། །སྲིད་མཐའི་རྒྱལ་སྲས་མངལ་སྐྱེས་སྟོན། །ཉེ་དུ་ཆོས་འཇུག་མི་རྣམས་སྤྲོ། །སྒྱུ་མར་རྟོག་པ་སྤང་བ་དང་། །སྐུ་གདུང་གཞག་ཕྱིར་སྲིད་ཐ་མའི། །རྒྱལ་སྲས་རྫུས་ཏེ་སྐྱེ་བ་མིན། །ཤཱཀྱ་འཁོར་ལོ་སྒྱུར་བའི་རིགས། །གདོལ་པར་དོགས་ནས་རྗེས་འཇུག་མིན། །མངལ་སྐྱེས་མི་ཡིས་གྲུབ་པ་འདི། །ཐོབ་ཅེས་མི་རྣམས་སྤྲོ་བ་བསྐྱེད། །མུ་སྟེགས་མ་ཀ་རའི་ལུང་ལས། བསྐལ་པ་བརྒྱ་འདས་སྒྱུ་མ་ཞིག །འཇིག་རྟེན་ཟ་འབྱུང་འདི་ཉིད་ཅེས། །མངལ་སྐྱེས་སྒྱུ་མར་མི་རྟོག་གོ །དྲིན་ལན་གསབ་པ་ལས་ཀྱང་འབྱུང་། །བྱེ་བྲག་སྨྲ་བ་རིང་བསྲེལ་ནི། །བཞག་ཕྱིར་རྫུས་ཏེ་སྐྱེ་བ་ནི། །ས་བོན་མེད་ཕྱིར་ལུས་མི་གནས། །སློབ་དཔོན་བྱིན་རླབས་ལས་བྱུང་བའི། །ལན་དེ་རིགས་པ་མིན་ནོ་ཞེས། །དྲི་བས་དྲི་བ་བཞིན་འབྱུང་སྟེ། །རྫུས་སྐྱེས་ཤི་བར་རོ་མེད་ན། །མདོ་ལས་སྐྱེ་གནས་བཞི་ཡི་ཀླུ། །མཁའ་སྡིང་བཞི་པོས་ཟ་བ་ལ། །རྫུས་སྐྱེས་ཀླུ་ནི་བཟའ་ཕྱིར་འབྱིན། །འགལ་ལོ་ཞེ་ན་བཟའོ་ཞེས། །མ་གསུངས་མི་ཤེས་པས་འབྱིན་པའམ། །མ་ཤི་བར་ཟ་ཚིམ་པར་འགྱུར། །སྐྱེ་གནས་མང་བའང་རྫུས་སྐྱེས་ཏེ། །ལྷ་དང་དམྱལ་བ་ཐམས་ཅད་དང་། །ཡི་དྭགས་ཕལ་ཆེར་དུད་འགྲོ་མིའི། །ཕྱོགས་གཅིག་བར་སྲིད་ཀུན་ཡིན་ཕྱིར། །དེ་ནས་མང་བའང་གང་བཟང་རྣམས། །ཞེས་སོ། །གཉིས་པ་ལ་བར་སྲིད་ཀྱི་ངོ་བོ། དེའི་སྒྲུབ་བྱེད། དེ་ཉིད་གཏན་ལ་ཕབ་པའོ། །དང་པོ་ནི། སྲིད་པ་བར་མ་གང་ཞེ་ན། འདིར་ཕུང་པོ་ལྔའི་རྒྱུན་གང་ཞིག་ཡུལ་གཞན་དུ་སྐྱེ་བར་བྱ་བའི་ཕྱིར། སྔར་གྱི་འཆི་སྲིད་དང་ཕྱིས་ཀྱི་སྐྱེ་བའི་སྲིད་པའི་བར་དུ་འབྱུང་བའོ། །ངེས་ཚིག་ནི་འཆི་སྲིད་སྐྱེ་སྲིད་གཉིས་ཀྱི་བར་མ་ཞེས་གཞི་ཐམས་ཅད་ཟག་བཅས་སྲིད་པའང་ཡིན་ལ། སྲིད་པ་གཉིས་ཀྱི་བར་མའང་ཡིན་པས་ཞེས་མཐུན་ནོ། །དབྱེ་བ་ནི་ཁམས་ཀྱི་གཉིས་དང་། སས་ལྔ་དང་། གནས་གཞན་གྱི་སུམ་ཅུ་རྩ་བདུན་དང་། རྣམ་པ་རབ་འབྲིང་གི་སངས་རྒྱས་དང་། རང་རྒྱལ་དང་འཁོར་ལོ་སྒྱུར་བ་དང་། དེ་ལས་གཞན་པའི་སྲིད་པ་བར་མ་སྟེ་བཞིའོ། །རྣམ་གྲངས་ནི་འོག་ནས་ལྔར་འཆད་དོ། །བར་སྲིད་འདས་པ་ཡང་ཡོད་པས་བྱུང་བ་ཞེས་ཅི་སྟེ་མི་བྱ་ཞེ་ན། སྲིད་པ་བར་མ་ནི་བྱུང་བ་མིན་ཏེ། བགྲོད་པའི་ཡུལ་དུ་འཕེན་བྱེད་ཀྱིས་འཕངས་ཤིང་རྫོགས་བྱེད་ཀྱིས་རྫོགས་པའི་སྔོན་དུས་སུ་མ་ཕྱིན་པའི་ཕྱིར་མགྲོན་པོ་ལམ་དུ་ཞུགས་པ་བཞིན་ནོ། །གཉིས་པ་སྒྲུབ་བྱེད་ལ་གཉིས་ཏེ། རིགས་པའི་སྒྲུབ་བྱེད་དང་། ལུང་གི་སྒྲུབ་བྱེད་དོ། །དང་པོ་ནི། ཕལ་ཆེན་སྡེ་པ་དང་ཡོད་པར་སྨྲ་བའི་བྱེ་བྲག་ས་སྟོན་སྡེ་པ་དག་བར་སྲིད་ཁས་མི་ལེན་ཏེ། འཆི་སྲིད་ནས་སྐྱེ་སྲིད་དུ་འཇུག་པ་ནི་སྲོག་ཆགས་འདས་པའི་འགྲོས་སམ་རྣལ་འབྱོར་པ་གྲོང་ལས་རྒྱལ་བའི་སྦྱོར་བ་ལྟར་ལུས་ཀྱི་རྒྱུན་གྱིས་འགྲོ་བ་མེད་ལ། དུས་སྲང་མདའི་མཐོ་དམན་ལྟར་འཆི་སྲིད་འགགས་པ་དང་སྐྱེ་སྲིད་འབྱུང་ངོ་ཞེས་ཟེར་རོ། །དེ་དག་དགག་ཅིང་ཡོད་པར་སྒྲུབ་པ་ནི་བསྡུ་བ་དང་། སློབ་དཔོན་སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་གཉིས་ཀས་བཤད་ལ། འདིར་རིགས་པ་ནི་གང་རྒྱུན་གྱིས་འཇུག་པའི་ཆོས་རྣམས་ནི། རྒྱུན་མ་ཆད་པར་ཡུལ་གཞན་དུ་འཇུག་པ་མཐོང་སྟེ། དཔེར་ན་འབྲུ་སྣོད་དུ་བླུགས་པའི་ཁུར་པོ་ཞིག་གྲོང་གཞན་དུ་ཁྱེར་བ་ན་བར་མ་ཆད་པར་རིམ་གྱིས་གྲོང་གཞན་དུ་ཕྱིན་པ་བཞིན། ཁམས་འོག་མ་གཉིས་ཀྱི་སྐྱེ་སྲིད་ཀྱང་སྔ་མའི་འཆི་སྲིད་ཀྱི་རྒྱུན་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་སྔོན་སོང་སྒྲུབ་བྱེད་ཀྱི་འབྲས་རྟགས་སོ། །སྐྱེ་སྲིད་ནི་བར་སྲིད་མེད་པར་འཆི་སྲིད་ཆད་པ་ཙམ་ལས་བྱུང་བ་མིན་ཏེ། འབྲས་བུའི་རྒྱུན་དང་རྒྱུན་མ་ཆད་པར་ཡུལ་གཞན་དུ་འགྲོ་བར་ཆོས་མཐུན་པའི་ཕྱིར་ཞེས་པས་རྟགས་ཀྱི་དོན་ཙམ་བསྟན་གྱི། སྦྱོར་བ་སྐྱོན་མེད་མིན་ཏེ། སྒྲ་ནི་བུམ་པ་དང་ཆོས་མཐུན་པའི་ཕྱིར་མི་རྟག་གོ་ཞེས་པ་དཔེ་སྒྲུབ་བྱེད་ཀྱིས་སྟོང་པའི་རྟགས་ལྟར་སྣང་ངོ་། །དེས་ན་ཁམས་འོག་མ་གཉིས་ཀྱི་སྐྱེ་སྲིད་ནི་འཆི་སྲིད་ལས་ཡུལ་གཟུགས་བར་མ་ཆད་པ་སྔོན་དུ་འགྲོ་བ་ཡིན་ཏེ། སྔ་མའི་རྒྱུན་གྱི་འཇུག་པ་ཡིན་པའི་ཕྱིར་འབྲས་བུའི་རྒྱུན་བཞིན་ནོ་ཞེས་པའོ། །འདིར་ཆོས་ཅན་ནི་གཉིས་ཀ་ཁས་ལེན་པའི་སྐྱེ་སྲིད་ཙམ་མོ། །བསྒྲུབ་བྱའི་ཆོས་ནི་ཕུང་པོ་ལྔའི་རྒྱུན་གྱི་འཇུག་པའི་བར་སྲིད་ཙམ། དབང་པོ་ཀུན་ཚང་ཐོགས་མེད་ལྡན། །ལ་སོགས་པ་ལུང་ལས་འབྱུང་བ་སྟེ། མེ་ནི་མེྃ་ཙམྃ་བཀག་པའི་ཆོས་ཡིན་པ་བཞིན་ནོ། །རྟགས་ཀྱི་མཚན་གཞི་ནི་རྒྱུན་གྱིས་འཇུག་པའོ། །མཚན་ཉིད་ཕྱོགས་ཆོས་ནི་གཉིས་ཀས་འཆི་སྲིད་རྒྱུ་དང་སྐྱེ་སྲིད་འབྲས་བུར་འདོད་པས་གྲུབ་ལ། ཁྱབ་པ་ལ་གསུམ་ལས་རྟགས་ཀྱི་མཚན་གཞི་འཛིན་པའི་ཚད་མ་ནི་གང་དང་གང་སྔ་མའི་རྒྱུན་ཡིན་པ་དེ་ནི་ཡུལ་བར་མ་ཆད་དུ་འཇུག་སྟེ། འབྲས་བུ་འཕངས་པའམ་འཕེན་པའི་རྒྱུ་བཞིན་ནོ། །མི་མཐུན་པའི་ཕྱོགས་ལ་འཇུག་པར་དོགས་པའི་རྒོལ་བ་ནི་རྒྱུ་ཡིན་ཡང་བར་ཆད་པར་མཐོང་སྟེ། གཟུགས་བརྙན་གྱི་གཟུགས་ཞེས་པའམ་མ་ངེས་པར་བསྟན་པའི་ཕྱིར་སྐྱེ་སྲིད་ནི་འཆི་སྲིད་ཆད་པ་ལས་བྱུང་བ་ཡིན་ཏེ། རྒྱུན་ཡིན་པའི་ཕྱིར། གཟུགས་བརྙན་བཞིན་ཞེས་བཟློག་པ་བསྒྲུབ་པ་སྲིད་དེ། སྒྲ་ནི་གཞལ་བྱ་ཡིན་པས་མི་རྟག་གོ་ཞེས་པ་དང་། གཞལ་བྱ་ཡིན་པའི་ཕྱིར་རྟག་གོ་ཞེས་རྒོལ་བ་དང་འདྲའོ། །དེ་འགོག་པ་ལ་མདོ་སྡེ་པ་ན་རེ། ཟླ་བའི་གཟུགས་བརྙན་ཆོས་ཅན། ཁྱོད་ཁ་དོག་གི་རྫས་གཞན་ཞིག་ཆུ་ནང་དུ་གསར་དུ་བྱུང་བ་མིན་པར་ཐལ། ཁྱོད་ཐོགས་བཅས་ཀྱིས་གཟུགས་སུ་མ་གྲུབ་པའི་ཕྱིར། གལ་ཏེ་གྲུབ་ཏུ་ཆུག་ཀྱང་བར་སྲིད་མེད་པར་འཆི་སྲིད་ཆད་པ་ཙམ་ལས་སྐྱེ་སྲིད་འབྱུང་བའི་དཔེ་ཡང་དག་མིན་པར་ཐལ། དེ་དང་ཚུལ་མི་འདྲ་བའི་ཕྱིར། གཏན་ཚིགས་སྔ་མ་གྲུབ་སྟེ། ཆུ་དང་གོ་ས་གཅིག་ན་དམིགས་ཤིང་གོ་ས་གཅིག་ན་ཐོགས་བཅས་ཀྱི་རྫས་ཐ་དད་པ་གཉིས་ལྷན་ཅིག་ཏུ་གནས་པ་མེད་པའི་ཕྱིར། གཏན་ཚིགས་ཕྱི་མ་གྲུབ་སྟེ། སྐྱེ་སྲིད་འཆི་སྲིད་ཀྱི་རྒྱུན་ཡིན་པ་ལྟར་གཟུགས་བརྙན་ནི་ཐོགས་བཅས་ཀྱི་གཟུགས་ཀྱི་རྒྱུན་མིན་པའི་ཕྱིར་དང་། སྐྱེ་སྲིད་ནི་འཆི་སྲིད་གཅིག་པུ་ལས་བྱུང་ལ། གཟུགས་བརྙན་ནི་གཙོ་བོའི་རྒྱུ་ཆུ་དང་གཙོ་བོ་མིན་པ་ཟླ་བ་གཉིས་ལས་བྱུང་བའི་ཕྱིར་རོ། །དེས་ན་གཟུགས་བརྙན་མི་མཐུན་ཕྱོགས་ཡིན་ཡང་རྟགས་རྒྱུན་ཡིན་པ་ཞུགས་པ་མེད་པའི་ཕྱིར་མེད་པར་མི་འགྱུར་སྟེ། རྒྱ་མཚོའི་སྟེང་ན་མེ་མེད་ཀྱང་དུ་བས་མེ་སྒྲུབ་པ་མ་ངེས་པ་མིན་པ་བཞིན་ནོ། །དེས་རྗེས་འགྲོ་འཕེན་ཚུལ་ནི་རྒྱུ་ཡིན་པ་ལ་བར་མ་ཆད་པར་འཇུག་པ་མཐུན་དཔེ་འབྲས་བུའི་རྒྱུན་ལ་མཐོང་ཞིང་མི་མཐུན་ཕྱོགས་བར་ཆད་པ་གཟུགས་བརྙན་ལ་སོགས་པ་ལ་ཁེགས་པས་རྒྱུན་ཡིན་པ་ལ་བར་མ་ཆད་པར་འཇུག་པའི་ཁྱབ་པ་གྲུབ་བོ། །གཉིས་པ་ལུང་ནི། སྟོན་པའི་སློབ་མ་རྣམས་ཀྱིས་སྟོན་པའི་ལུང་ཁས་ལེན་འོས་ལ། དང་པོ་ནི་སྟོན་པའི་མགུར་ཉིད་ནས་སྲིད་པ་བར་མའོ་ཞེས་རང་གི་སྒྲས་གསུངས་པའི་ཕྱིར་ཡོད་དོ། །མདོ་སྡེ་ནི་མི་འདོན་ཏེ་ཁོ་བོ་ཅག་གི་ལུང་ལས་མི་འབྱུང་ལ་སྡུད་པ་པོ་འགའ་ཞིག་གིས་སྒྲོ་བཏགས་པ་སྲིད་པའི་ཕྱིར་ཞེ་ན། འོ་ན་མདོ་གཉིས་པ་ལས་གནས་གསུམ་མངོན་དུ་གྱུར་ན་མའི་མངལ་དུ་བུ་ཆགས་ཏེ། མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང་། ཕ་མ་ཆགས་ཤིང་ཕྲད་པ་དང་དྲི་ཟ་ཉེ་བར་གནས་པར་གྱུར་ནའོ་ཞེས་གསུངས་ལ། སྐབས་དེར་བར་སྲིད་ལས་གཞན་པའི་དྲི་ཟ་མེད་དོ། །མདོ་སྡེའི་ཡང་ཚིག་ཕྱི་མ་དེ་སྐད་དུ་མི་འདོན་ཏེ་ཕུང་པོ་ཞིག་པ་ཉེ་བར་གནས་པར་གྱུར་པའོ་ཞེས་འདོན་ཏོ་ཞེ་ན། འོ་ན་མདོ་གསུམ་པ་ལས་རྔ་ལེན་གྱི་བུ་ཁྱོད་ཀྱིས་མཆིས་བྲང་ལ་དྲི་ཟ་ཉེ་བར་འཁོར་བ་དེ་རྒྱལ་རིགས་ལ་སོགས་པའམ་ཤར་ཕྱོགས་ལ་སོགས་པ་ནས་འོང་བ་ཞིག་ཤེས་སམ་ཞེས་རིགས་དང་ཕྱོགས་ཀྱི་བརྟག་པ་མཛད་དེ་ཕུང་པོ་ཞིག་པ་ནི་འོང་བར་རུང་བ་མིན་ནོ། །མདོ་སྡེ་ཡང་མི་འདོན་ནོ་ཞེ་ན། བཞི་པ་ལས་ཕྱིར་མི་འོང་ལྔར་གསུངས་པའི་བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནི་བར་སྲིད་མེད་ན་མི་རུང་ངོ་། །དེ་ནི་ཚེའི་ཚད་ཀྱི་བར་མའམ་གནས་གཞན་གྱི་བར་མ་དོར་མྱ་ངན་ལས་འདའ་བ་ཡིན་ནོ་ཞེ་ན། ལྔ་པ་སྐྱེས་བུ་དམ་པའི་འགྲོ་བ་བདུན་གྱི་མདོ་ལས་ཡུལ་དང་དུས་ཀྱི་བྱེ་བྲག་གིས་བར་མ་དོར་མྱ་ངན་ལས་འདའ་བ་གསུམ་གསུངས་པའི་དཔེ་ནི་ཚེ་ཚད་གནས་གཞན་གྱི་བར་དོ་ལ་མི་འབྱོར་བའི་ཕྱིར་རོ། །ཚེ་ཚད་ཀྱི་བར་དོ་ཡིན་ན་ཡང་ཞེས་པས་བསྡུས་ཏེ། གཟུགས་མེད་དུ་ཡང་གསུངས་རིགས་པ་ལས་མདོ་དྲུག་པ། སེམས་རྣམ་པར་གྲོལ་བ་དང་འཆི་བ་མེད་པའི་བྱིངས་ལ་སེམས་གཏོད་པ་དང་། བར་དོ་གསུམ་སྐྱེས་ནས་སོགས་པ་བཞི། །བསམ་གཏན་དག་གི་བཅུ་ཚན་བཞི། །གཟུགས་མེད་དག་གི་བདུན་ཚན་གསུམ། །འདུ་ཤེས་དག་གི་དྲུག་ཚན་དུ། །མཛད་ནས་ཚོམས་སུ་ཡང་དག་བསྡེབས། །ཞེས་པ་ལས་མ་གསུངས་པའི་ཕྱིར་སྲིད་པ་བར་མ་ཡོད་པར་གྲུབ་བོ། །མདོ་སྡེ་ཡང་མི་འདོན་ནོ་ཞེ་ན། སྟོན་པ་ནི་མྱ་ངན་ལས་འདས་དཔང་དུ་གྱུར་པ་གཞན་ཕལ་ཆེར་ཡང་ཟད་ལ་སྡེ་པ་བཅོ་བརྒྱད་དུ་གྱེས་ཀྱི་སྟེང་དུ་ཡང་མདོའི་ཚིག་དང་དོན་ལ་དགའ་མགུར་བྱེད་ན་དབང་ཅི་ཞིག་ཡོད་ཅེས་སྨྲེ་སྔགས་གསུངས་སོ། །ཕལ་ཆེན་པ་ན་རེ། མེད་པའི་ལུང་ཡང་ཡོད་དེ། སངས་རྒྱས་འོད་སྲུང་གི་ཉན་ཐོས་མཁས་མགུ་ཞེས་བྱ་བ་དགྲ་བཅོམ་པ་ཞིག་གི་མགོ་ལ་བདུད་སུན་འབྱིན་བྱེད་ཅེས་པས་ཁུ་ཚུར་བསྣུན་ཏེ་བསད་པས་དེ་སྐད་ཅིག་དེ་ཉིད་ལ་རང་གི་ལུས་ཁོ་ནས་མནར་མེད་དུ་ལྟུང་ངོ་ཞེས་པས་བར་སྲིད་མེད་པའོ་ཞེ་ན། ལས་ཆེས་དྲག་པོ་ནི་ལུས་མ་དོར་བ་ལ་མི་སྡོད་པར་དང་པོ་མཐོང་ཆོས་ལ་རྣམ་སྨིན་འབྱུང་བས་གསོན་པོར་མེས་བསྐོར་ཏེ་ཤི་བས་བར་སྲིད་ཀྱི་རྒྱུན་གྱིས་མནར་མེད་དུ་སོང་བ་ལ་དགོངས་ཏེ། མ་ཤི་བར་མིའི་འགྲོ་བ་ཁོ་ན་དམྱལ་བར་སྐྱེ་མི་སྲིད་དོ། །ཡང་མཚམས་མེད་པ་ལྔ་བྱས་ན་དེ་མ་ཐག་ཏུ་དམྱལ་བར་སྐྱེ་བར་གསུངས་པས་དེ་མ་ཐག་ཅེས་པ་བར་སྲིད་མེད་པའོ་ཞེ་ན། དེ་ནི་འགྲོ་བ་གཞན་དུ་མི་འགྲོ་བས་ཉེ་བ་ཙམ་ལ་དགོངས་ཏེ། སྒྲ་ཇི་བཞིན་དུ་བརྟགས་ན་ལྔ་ཁོ་ནས་ཡིན་གྱི། གཅིག་གིས་མིན་པ་དང་ལས་བྱས་པའི་སྐད་ཅིག་གཉིས་པ་ཁོ་ན་ལ་སྐྱེ་བར་འགྱུར་རོ། །ཁོ་བོ་ཅག་གི་མེད་པའི་ཁུངས་དགོངས་པ་ཅན་ཡིན་ལ་ཁྱོད་ཀྱི་ཡོད་པའི་ཁུངས་དགོངས་པ་ཅན་མིན་པར་གང་ལས་ཤེས་ཤེ་ན། བརྟག་པ་འདི་ནི་ཁྱོད་ལ་ཡང་མཚུངས་ཤིང་། ཤེས་བྱེད་ནི་གཞན་དུ་དྲངས་མི་ནུས་པ་དགོས་པ་ལས་ཁྱོད་ཀྱིས་ངེད་ཀྱི་ལུང་མི་འདོན་པ་ཙམ་ལས་དྲང་བར་མ་ནུས་ལ། ངེད་ཀྱིས་ནི་ཁྱེད་ཀྱི་ལུང་ཡོད་ཀྱང་འགལ་བ་མེད་པར་བསྟན་པའི་ཕྱིར་རོ། །གསུམ་པ་ནི། །འོ་ན་བར་སྲིད་ཡོད་ན་ཤ་ཚུགས་ཇི་ལྟ་བུ་ཞེ་ན། དེ་ལ་གཉིས་ཀྱི་དངོས་ལ་བཞི་ལས། དབྱིབས་དེ་ནི་སྔོན་དུས་ཀྱི་སྲིད་པ་གདོད་འབྱུང་བར་འགྱུར་བའི་ཤ་ཚུགས་ཅན་ཏེ། སྔོན་དུས་དང་འཕེན་པའི་ལས་གཅིག་པའི་ཕྱིར་བྱིས་པ་དང་རྒན་པོའི་བར་བཞིན་ནོ། །གོང་མར་ནི་གང་དུ་སྐྱེ་བར་འགྱུར་བའི་བྱད་གཟུགས་སོ་ཞེས་སོ། །སྔོན་དུས་ཞེས་པ་སྐྱེ་བ་སྔ་མ་ལྟ་བུར་འཆད་པར་མི་འཐད་དེ། འཕེན་པ་གཅིག་པའི་རྟགས་མེད་ཅིང་གཟུགས་མེད་ནས་སྐྱེས་པ་ལ་དབྱིབས་མེད་པར་འགྱུར་རོ། །ཚད་ནི་བྱིས་པ་ལོ་ལྔ་ལོན་པའམ་དྲུག་ལོན་པ་ལྟ་བུ་ཞེས་པ་ནི་མིའི་ལ་བསམ་པ་སྟེ་དུད་འགྲོ་ལ་སོགས་པ་དབྱིབས་མི་འདྲ་བས་མཚོན་དུ་མི་རུང་ལ། ལྷའི་བོང་ཚོད་རྫོགས་པ་དང་ངོ་ཚ་ཤེས་པས་གོས་དང་བཅས་པར་འཆད་པའོ། །འདོད་པའི་ཡང་སྲིད་པ་ཐ་མའི་རྒྱལ་སྲས་དང་དགེ་སློང་མ་དཀར་མོ་གོས་དང་བཅས་པའོ། །མདོག་ནི་འགྲོ་བ་ལྔའི་སྡོང་དུམ་ཚིག་པ་དང་། ཆུ་དང་དུད་པ་དང་སེར་པོ་དང་དཀར་པོ་ཞེས་སྲིད་པ་འཕོ་བའི་མདོ་ལས་བཤད་དོ། །རྩོད་པ་སྤང་བ་ལ། འོ་ན་ཁྱི་མོའི་མངལ་དུ་ཁྱི་གུ་མང་པོ་ཤི་བ་ན་དམྱལ་བའི་བར་སྲིད་མེ་འབར་བ་གྲུབ་པས་ཟླ་གཞན་དང་། མའི་མངལ་འཚིག་པར་འགྱུར་རོ་ཞེ་ན། དམྱལ་བ་ཉིད་ན་ཡང་ལྷག་པ་ན་འཕྱན་པ་ལྟར་རྟག་ཏུ་འབར་བ་མིན་ན་བར་སྲིད་ན་ལྟ་ཅི་སྨོས་སོ། །འབར་དུ་ཆུག་ཀྱང་ལུས་དྭངས་པས་བལྟ་བ་མི་ནུས་པ་ལྟར་རེག་པ་ཡང་མི་ནུས་པའི་ཕྱིར་དང་། ལས་ཀྱི་མཚམས་བཅད་པའི་ཕྱིར་མི་འཚིག་གོ །ཡང་བྱང་ཆུབ་སེམས་དཔའི་བར་སྲིད་གཞོན་ནུ་ཐོར་གཙུག་མཚན་དཔེས་སྤྲས་པར་འགྱུར་རོ་ཞེ་ན། འདོད་པ་ཉིད་དེ་དེ་ཉིད་ཀྱི་ཕྱིར་ཡུམ་གྱི་ལྷུམས་སུ་འཇུག་པ་ན་སྟོང་གསུམ་གསལ་བར་མཛད་དོ། །འོ་ན་ཡུམ་གྱི་རྨི་ལམ་དུ་གླང་པོ་ཆེའི་ཕྲུག་གུ་དཀར་པོ་མཆེ་བ་དྲུག་དང་ལྡན་པ། རྐང་བཞིས་མཛེས་པར་སྤྲས་པ་གསེར་གྱི་དྲྭ་བས་གཡོགས་པ་ཞིག་ཞུགས་པ་རྨིས་པ་ཇི་ལྟ་བུ་ཞེ་ན། དེ་ནི་དུད་འགྲོའི་སྐྱེ་བ་ལྡོག་ནས་ཡུན་རིང་དུ་ལོན་པ་དང་། དཀར་པོའི་ཆོས་དང་ཕར་ཕྱིན་དྲུག་དང་། ངོ་ཚ་ཁྲེལ་ཡོད་དང་ལྡན་པར་སྟོན་པའོ། །གཉིས་པ་སྔོན་དུས་ཀྱི་སྲིད་པ་དེ་ནི་འཆི་བའི་སྲིད་པའི་སྔོན་རོལ་ཚུན་ཆད་ནས་སྐྱེ་བའི་སྲིད་པའི་སྐད་ཅིག་མ་གཉིས་པ་ཕན་ཆད་དོ། །ཁྱད་པར་གྱི་ཆོས་ནི་བར་སྲིད་དེ་ཡང་འགྲོ་བ་རིས་མཐུན་པའི་བར་སྲིད་ནང་དང་སྐྱོན་བཅུ་གཅིག་དང་བྲལ་བའི་ལྷའི་མིག་དག་པས་མཐོང་ལ་ཤིན་ཏུ་དྭངས་པས་ལྷའི་མིག་སྐྱེས་ཐོབ་ཀྱིས་ནི་མི་མཐོང་ངོ་། །གཞན་དག་ནི་ཐད་ཀ་དང་འོག་མ་མཐོང་བར་འདོད་ལ། ཀུན་བཏུས་ལས་སྐལ་བ་མཉམ་པ་རྣམས་ཀྱང་མཐོང་ཞེས་སྔོན་གྱི་རིས་མཐུན་པ་ཕ་མ་སོགས་ཀྱང་མཐོང་བར་བཤད་དོ། །ལས་ལས་བྱུང་བའི་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་ཞིང་ཤུགས་མགྱོགས་ཁྱད་དང་ལྡན་ཏེ་སངས་རྒྱས་ཀྱིས་ཀྱང་དགག་པར་མི་སྤྱོད་དོ། །ལུས་ནི་དབང་པོ་ལྔ་པོ་ཀུན་ཚང་བ་སྟེ་གང་སྤེལ་ལས་རྣམ་སྨིན་གྱི་སྙིང་པོ་ཡིན་པ་དང་མིག་དང་སྣ་མེད་ན་སྐྱེ་སྲིད་དུ་འཇུག་མི་ནུས་པས་སྲིད་པ་ཚོལ་བ་ཡིན་པའི་ཕྱིར་རོ་ཞེས་གསུངས་ལ། སྔོན་དུས་སུ་མ་ཚང་བ་ནི་རྫོགས་བྱེད་ཀྱིས་གེགས་བྱས་པའོ་ཞེས་གསུངས། མཁས་པ་དག་གསུངས་པ་ཤིན་ཏུ་ལེགས་སོ། །དེ་ཡང་རི་ལ་སོགས་པ་ལ་ཡང་ཐོགས་པ་མེད་པ་དང་ལྡན་ལ་འོན་ཀྱང་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་བསྐྱེད་པའི་རྡོ་རྗེའི་གདན་དང་། མའི་ལྟོ་ལ་ཐོགས་ཏེ་མངལ་སྒོ་ནས་འཇུག་པའི་ཚེ་མ་དག་གི་སྔར་སྐྱེས་པ་ནུ་བོ་དང་ཕྱིས་སྐྱེས་པ་ཕུ་བོའོ། །ཡང་འགྲོ་བ་གང་དུ་སྐྱེས་པའི་བར་སྲིད་ནི་དེ་ལས་གཞན་པའི་འགྲོ་བར་མི་བཟློག་སྟེ་ལས་གཅིག་གིས་འཕེན་པ་དང་། བར་སྲིད་ནི་བློ་མི་གསལ་བས་ལས་སྟོབས་ལྡན་གསར་པ་མི་བསོག་པར་ལས་བསྟན་དུ་འཆད་དོ། །དྲིན་ལན་བསབ་པ་དང་ཀུན་བཏུས་ལས་སོགས་པར་ནུས་པས་ལྡོག་པར་བཤད་དོ། །ཅི་འདོད་པའི་བར་སྲིད་ཀྱང་ཁམ་ཟས་ཟའམ་ཞེ་ན། དེ་ནི་ལུས་དྭངས་པས་རགས་པ་ནི་མི་ཟ་དབང་ཆུང་བ་དང་ཆེ་བ་དག་དྲི་ཞིམ་པ་དང་མི་ཞིམ་པ་ཟའོ། །ཚེའི་ཚད་ནི་བཙུན་པ་ཇི་སྲིད་སྐྱེ་བའི་ཚོགས་པ་མ་རྙེད་ཀྱི་བར་དུ་གནས་ཀྱི་ངེས་པ་མེད་དེ་དེའི་ཚེའི་འཕེན་པ་ལོགས་ན་མེད་པས་དེའི་ཕྱིར་རིང་ཐུང་གིས་སྔོན་དུས་རིང་ཐུང་དུ་འགྱུར་རོ་ཞེས་གསུངས་སོ། །བཙུན་པ་དབྱིག་བཤེས་ནི་ཞག་བདུན་དུ་གནས་ཤིང་དེ་སྲིད་ཀྱི་ཚོགས་པ་མ་རྙེད་ན་ཤི་ཞིང་བར་སྲིད་དེ་ཉིད་དུ་སྐྱེ་བར་འདོད་ལ་དེ་ལྟར་ན་འཆི་སྲིད་དང་སྐྱེ་སྲིད་དུའང་འགྱུར་རོ་ཞེས་སོ། །སེམས་ཙམ་པ་ནི་ཞག་བདུན་ཕྲག་བདུན་དུའོ་ཞེས་སོ། །བྱེ་སྨྲ་བ་ན་རེ་དེ་ནི་སྲིད་པ་ཚོལ་བའི་ཕྱིར་མྱུར་བ་ཁོ་ནར་ཉིང་མཚམས་སྦྱོར་བས་ཚེ་ཐུང་ལ་གལ་ཏེ་སྐྱེ་བའི་རྐྱེན་ལ་ལྟོས་པའི་རྐྱེན་མ་ཚོགས་པའི་ཚེ་ཕ་མ་དང་ཡུལ་མ་ངེས་ན་གཞན་དུ་སྐྱེ་ཞིང་ངེས་ན་དེར་བར་སྲིད་ཀྱི་ལས་ཀྱིས་སྐྱེ་གནས་ཀྱི་ཚོགས་པ་འདྲེན་ནོ་ཞེས་སོ། །གསུམ་པ་དེ་ཉིད་སྐྱེ་གནས་སུ་བགྲོད་པའི་ཚུལ་ལ་གསུམ་སྟེ། བསམ་པ་གང་གིས་བགྲོད་ཚུལ། དབྱིབས་གང་གིས་འཇུག་ཚུལ། མངལ་དུ་འཇུག་པའི་རབ་དབྱེའོ། །དང་པོ་ནི། སྐྱེ་གནས་དང་པོ་གཉིས་ཀྱི་བར་སྲིད་ལས་ཀྱི་མཐུས་རྒྱང་རིང་པོ་ནས་སྐྱེ་བའི་ཡུལ་མཐོང་ནས་ཕྱིན་པ་དང་། ཕ་མ་ཉལ་པོ་བྱེད་པ་མཐོང་སྟེ། བློ་ནི་ཕྱིན་ཅི་ལོག་ཏུ་གྱུར་པས་རྩེ་བ་དང་དགའ་བར་བྱའོ་སྙམ་པས་འགྲོ་བའི་ཡུལ་དབང་པོ་གཉིས་ཀྱི་གནས་ཕོ་བ་དང་ལོང་ཁའི་ཁྲོད་བུ་སྣོད་ཅེས་པའི་ནང་དུ་འགྲོ་ལ། ཕོ་ཞིག་ཡིན་ན་མའི་ལྟོ་གཡས་ཕྱོགས་སུ་སྙེས་རྒྱབ་ཏུ་ཁ་བལྟས་ནས་ཙོག་པུར་འདུག་སྟེ་ཕ་ལ་འགྲན་ཟླ་ལྟར་ཞེ་སྡང་དང་། མ་ལ་མཛའ་མོའི་འདུ་ཤེས་ཀྱིས་ཆགས་པ་སྐྱེས་པ་དང་སྲིད་པ་བར་མ་ནི་འགག་ཅིང་ཕུང་པོ་མཁྲང་བོར་གྱུར་པ་སྐྱེའོ། །མོ་ཡིན་ན་ལྡོག་པས་གནས་ཤིང་སེམས་མངོན་དུ་གྱུར་ལ། མ་ནིང་ནི་གང་གི་འདོད་ཆགས་ཤས་ཆེ་བ་ལྟར་རོ། །དེ་གཉིས་ལས་གཞན་དྲོད་གཤེར་ལས་སྐྱེ་བ་ནི་ལས་ཇི་ལྟ་བ་བཞིན་དུ་སྐྱེ་བའི་གནས་ཀྱི་དྲི་ཚོར་ནས་དེར་འདོད་པས་འགྲོའོ། །རྫུས་ཏེ་སྐྱེ་བ་ནི་སྐྱེ་བའི་གནས་མཐོང་ནས་དེ་ལ་མངོན་པར་འདོད་པས་འགྲོའོ། །འོ་ན་དམྱལ་གནས་ཇི་ལྟར་འདོད་ཅེ་ན། བྱེ་སྨྲ་ནི་བློ་ནི་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་ཏེ་ལམ་དུ་ཚ་བ་དང་གྲང་བས་ཉེན་ཏེ། བསིལ་བ་དང་དྲོ་བ་འདོད་ནས་གྲང་བ་དང་ཚ་བར་རྒྱུག་གོ་ཞེས་གསུངས་ལ། སློབ་དཔོན་འཕགས་པ་ནི། ལས་གང་གིས་དེར་སྐྱེ་བའི་ལས་བྱས་པའི་གནས་སྐབས་དང་མཐུན་པའི་སེམས་ཅན་དུ་འཁྲུལ་པས་རྒྱུག་སྟེ། ཇི་ལྟར་གྱུར་པ་དེ་མྱོང་ལ། །སྔར་བྱས་པ་ནི་རྨི་ལམ་ལྟར། །སེམས་ཅན་དེ་འདྲ་མཐོང་གྱུར་ནས། །དམྱལ་བ་རབ་ཏུ་རྒྱུག་པར་འགྱུར། །ཞེས་གང་སྤེལ་དུ་མདོ་དྲངས་སོ། །གཉིས་པ་ནི། དབྱིབས་གང་གིས་འཇུག་ཅེ་ན། སྐྱེ་བའི་གནས་སུ་འགྲོ་བ་ན། དམྱལ་བ་ཡི་བར་དོ་ནི་གཤིན་རྗེའི་ཞགས་པས་བཏབ་སྟེ་མཚོན་ཆའི་གསེབ་ཏུ་སྤྱིའུ་ཚུགས་སུ་འགྲོ་སྟེ། ཡང་དག་སྡོམ་དང་དཀའ་ཐུབ་ཅན། །དྲང་སྲོང་རྣམས་ལ་སྐུར་འདེབས་པ། །དེ་དག་སྤྱི་ཚུགས་དག་ཏུ་ནི། །དམྱལ་བ་ཁོ་ནར་ལྟུང་བར་འགྱུར། །ཞེས་སོ། །ལྷའི་ནི་སྐས་ལ་འཛེག་པ་དང་། མིའི་སྟན་ལས་ལྡང་བ་དང་། ཡི་དྭགས་དང་དུད་འགྲོའི་སྐས་ལ་འབབ་པ་ལྟ་བུའོ་ཞེས་གསུངས་སོ། །གསུམ་པ་ནི། འོ་ན་མངལ་དུ་འཇུག་པ་ཐམས་ཅད་གོང་གི་བསམ་པ་དེར་ངེས་སམ་ཞེ་ན། མདོ་ལས་བཞི་གསུངས་ཏེ། གཅིག་ནི་མངལ་ཉིད་དུ་ཤེས་བཞིན་དུ་འཇུག་ལ། མངལ་གྱི་ཟུག་རྔུས་དཀྲུགས་ནས་གནས་པ་དང་འབྱུང་བ་མི་ཤེས་པ་དང་། གཞན་ནི་དེ་དང་གནས་པ་ཡང་ཤེས་པ་དང་། གཞན་ནི་འབྱུང་བ་དང་གསུམ་ཀའང་ཤེས་པ་དང་། གཞན་ནི་གསུམ་པོ་ཐམས་ཅད་རྨོངས་པའོ། །སྒོ་ང་ལས་སྐྱེས་པ་ནི་རང་རྒྱལ་དུ་འགྱུར་ཡང་རྟག་ཏུ་གསུམ་ཀ་ལ་རྨོངས་པ་ཁོ་ནའོ། །མངལ་དུ་འཇུག་པའི་གང་ཟག་གསུམ་དག་སྟེ། གོ་རིམ་བཞིན་དུ་འཁོར་ལོས་སྒྱུར་བ་ནི་ལས་བསོད་ནམས་རྒྱ་ཆེ་བས་འཇུག་པར་ཤེས་པ་དང་། རང་བྱུང་རང་རྒྱལ་ནི་བསྐལ་པ་བརྒྱར་ཐོས་པ་མང་བ་དང་མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པའི་ཡེ་ཤེས་རྒྱ་ཆེ་བས་གནས་པ་ཡང་ཤེས་པ་དང་། རང་བྱུང་གཉིས་པ་རྫོགས་པའི་སངས་རྒྱས་ནི་གྲངས་མེད་གསུམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀ་རྒྱ་ཆེ་བའི་ཕྱིར་གསུམ་ཀ་ཤེས་པའོ། །གཉིས་པ་སྐྱེ་ཚུལ་རྟེན་འབྲེལ་གྱི་རང་བཞིན་ལ་གསུམ་སྟེ། བདག་མེད་ཀྱང་ཕུང་པོ་ཉིང་མཚམས་སྦྱོར་བ། ཕུང་པོའི་རྒྱུན་ཐོག་མ་མེད་པར་བསྟན་པ། དེ་རྟེན་འབྲེལ་བཅུ་གཉིས་སུ་བཞག་པའོ། །དང་པོ་ནི། ཕྱི་རོལ་པ་ཁ་ཅིག་སངས་རྒྱས་པ་དག་བར་སྲིད་ཁས་ལེན་ཞིང་དེས་འདོར་ལེན་བྱེད་པས་བདག་གྲུབ་བོ་ཞེས་ཟེར་རོ། །དེ་འགོག་པ་ལ་བར་སྲིད་ནི་ནང་གི་བྱེད་པ་པོའི་བདག་ཏུ་མེད་དེ། འཆི་སྲིད་སྐྱེ་སྲིད་དུ་མ་དང་འབྲེལ་བའི་ཕྱིར་རོ། །ཚུལ་བསྒྲུབ་པ་ལ་ཆོས་ཅན་དང་རྟགས་ཁས་བླངས་ཀྱིས་གྲུབ་ཅིང་། ཁྱབ་པ་ནི་རྟག་པ་གཅིག་པུའི་བདག་ཡིན་ན། རྟག་ཏུ་ཕུང་པོ་འདོར་བའམ་ལེན་པ་ཁོ་ནར་འགྱུར་གྱི་རེས་འཇོག་མི་སྲིད་པ་ལས། འདོར་ལེན་དུ་མ་དང་འབྲེལ་བའི་ཕྱིར་མི་རྟག་སྟེ་མར་མེ་བཞིན་ནོ། །འོ་ན་གང་གིས་མཚམས་སྦྱོར་ཞེ་ན། སྐད་ཅིག་དུ་མ་བརྒྱུད་པའི་ཕུང་པོའི་རྒྱུན་ཙམ་གྱིས་སོ། །འོ་ན་ཕུང་པོ་ཉིད་འཕོ་བར་འགྱུར་ཏེ་དེས་ཡུལ་དུས་གཞན་དུ་མཚམས་སྦྱོར་བས་སོ་ཞེ་ན། ཕུང་པོ་སྐད་ཅིག་མ་ལ་ནི་འཕོ་བའི་མཐུ་མེད་ཀྱི་སྔོན་གྱི་ཉོན་མོངས་པ་དང་ལས་ཀྱི་འདུས་བྱས་པས་འགྲུབ་པའི་སྲིད་པ་བར་མའི་ཕུང་པོ་སྐད་ཅིག་དུ་མའི་རྒྱུན་གྱི་ནི་མངལ་དུ་འགྲོ་སྟེ། དཔེར་ན་མར་མེ་སྐད་ཅིག་མ་ཡིན་ཡང་སྣུམ་རས་ཀྱིས་བསྐྱེད་པའི་རྒྱུན་གྱིས་ཡུལ་དུས་གཞན་དུ་ཕྱིན་པ་བཞིན་ནོ། །གཉིས་པ་ནི། ཇི་ལྟར་ཞེས་པ་དཔེར་བརྗོད་དང་སྤོང་ཚིག་དང་ཚད་འཛིན་གསུམ་ལ་འཇུག་པ་ལས་འདི་ཐ་མ་ཡིན་ཏེ། སེམས་ཅན་གྱི་ཚེའི་འཕེན་པ་མི་འདྲ་བས་ལས་ཀྱིས་ཇི་ལྟར་འཕང་པ་བཞིན་དུ་རིམ་གྱིས་ཏེ། ནུར་ནུར་པོ་ལ་སོགས་པ་མངལ་གྱི་གནས་སྐབས་ལྔ་དང་སྐྱེ་མཆེད་དྲུག་དོད་པ་སྟེ་མངལ་དང་། བཙས་པ་དང་། བྱིས་པ་གཞོན་ནུ་དར་བབ་དར་ཡོལ་རྒས་ཤིང་འཁོགས་པ་སྟེ་བཙས་པའི་གནས་སྐབས་ཀྱི་རྒྱུན་རྣམས་ཅི་རིགས་པར་སྐྱེས་ཏེ། དེ་ནས་སྲེད་པ་ཟད་པ་མི་སྐྱེ་ཡང་མ་ཟད་པ་དག་ཚེ་འདིའམ་སྔ་མའི་ལས་དང་ཉོན་མོངས་ཀྱིས་འཇིག་རྟེན་ཕ་རོལ་དག་ཏུ་འགྲོ་སྟེ་འདིས་ཀྱང་ཡན་ལག་བཅུ་གཉིས་སྟོན་པར་ནུས་སོ། །སྔ་མའི་ལས་ཉོན་བརྒྱུད་པ་ལས་འོང་བའི་སྲིད་པ་རྒྱུ་ཞིང་མི་སྡོད་པར་འགྲོ་བས་འཁོར་ལོ་འདི་ལ་ཐོག་མ་མེད་དེ་གལ་ཏེ་ཡོད་ན་རྣམ་སྨིན་གྱི་འབྲས་བུ་ནི་དུས་མཉམ་པ་དང་། མཐོང་ཆོས་ལྟར་སྔ་ཕྱི་ཅུང་ཟད་པ་མི་རུང་གི་སྐྱེ་བ་གཞན་གྱིས་ཆོད་པ་ལ་ལྟོས་པས་དེ་རྒྱུ་མེད་དུ་འགྱུར་བའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། ཉོན་མོངས་གསུམ་གྱིས་བསྡུས་པའི་རྟེན་འབྲེལ། ཉོན་མོངས་གསུམ་པོ་དཔེས་བསྟན་པ། དེ་རྣམས་སྲིད་པ་བཞིར་བསྟན་པའོ། །དང་པོ་ལ་གཉིས་ཏེ། གནས་སྐབས་པའི་རྟེན་འབྲེལ་བཤད་པ། སྐབས་སུ་བབ་པའི་ངོ་བོ་བཤད་པའོ། །དང་པོ་ལ་གཉིས་ཏེ། དབྱེ་བ་མདོར་བསྟན། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ནི། ཕུང་པོའི་རྒྱུན་སྐྱེ་བའི་གནས་སྐབས་གསུམ་པོ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ཡིན་ལ། དེ་ཡང་ཆའམ་སྡེ་ཚན་གསུམ་སྟེ། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་བར་རྣམས་སོ། །གཉིས་པ་ལ་བཞི་སྟེ། ཚེ་གསུམ་ལ་རྫོགས་པའི་ཚུལ། ཉོན་མོངས་པ་གསུམ་དུ་བསྡུ་བ། ཚེ་གཉིས་ཀྱི་ཡན་ལག་མདོར་བསྡུས་པའི་རྒྱུ་མཚན། ཡན་ལག་བཅུ་གཉིས་ཀྱི་གྲངས་ངེས་པའོ། །དང་པོ་ལ་ལྔ་སྟེ། ཚེ་གསུམ་ལ་བཞག་པའི་རྒྱུ་མཚན། དེ་ལྟར་བཞག་པའི་ཡན་ལག་ངོས་གཟུང་བ། དེ་ཉིད་གནས་སྐབས་པར་བསྟན་པ། ཡན་ལག་གཙོ་བོའི་སྒོ་ནས་བཞག་པ། ཚེ་གསུམ་ལ་བཞག་པའི་དགོས་པའོ། །དང་པོ་ནི། འོ་ན་ཡན་ལག་བཅུ་གཉིས་ཆ་གསུམ་དུ་ཇི་ལྟར་བཞག་ཅེ་ན། སྔོན་གྱི་མཐར་མ་རིག་པ་དང་འདུ་བྱེད་དང་། ཕྱི་མའི་མཐར་སྐྱེ་བ་དང་རྒ་ཤི་སྟེ་གཉིས་གཉིས་དང་། དབུས་ཀྱི་ཆ་བར་དུ་ལྷག་མ་བརྒྱད་ཡིན་ལ། དེ་ཡང་ཐམས་ཅད་ལ་ཚང་བར་མ་ངེས་ཀྱི་འདོད་པའི་སྐྱེ་གནས་གསུམ་གྱི་སེམས་ཅན་ཚེ་ཡོངས་སུ་རྫོགས་པ་དང་ལྡན་པ་ཁོ་ན་ལ་ཚང་ངོ་། །གཉིས་པ་ནི། མ་རིག་པ་སོགས་འདི་དག་གང་ཞེ་ན། དེ་ལ་མ་རིག་པ་ནི་ཚེ་འདི་དབུས་སུ་བྱས་པའི་སྔོན་ཚེ་སྔ་མའི་ཉོན་མོངས་པ་སྤྱོད་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་ཆར་རོ། །འོན་ཀྱང་འགྲེལ་པར་མ་རིག་པ་ཉིད་སྨོས་པ་ནི་དེ་ལྷན་ཅིག་སྤྱོད་པ་དང་། དེའི་དབང་གིས་དེ་དག་འབྱུང་བས་གཙོ་བོ་ཡིན་པའི་ཕྱིར་མ་རིག་པ་ཞེས་བྱ་སྟེ། འཁོར་དང་བཅས་པ་ལ་རྒྱལ་པོ་གཤེགས་སོ་ཞེས་བརྗོད་པ་བཞིན་ནོ་ཞེས་བཤད་ལ། གང་སྤེལ་ལས་ཆགས་སྡང་གཉིས་ནི་འདུ་བྱེད་ཐམས་ཅད་ཀྱི་རྒྱུར་མ་ཁྱབ་ཅིང་མ་རིག་པ་ནི་ཁྱབ་པའི་ཕྱིར་ན་གཙོ་བོ་ཡིན་པར་བཤད་དོ། །འདུ་བྱེད་དག་ནི་སྔོན་སྒོ་གསུམ་ལས་སོགས་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་ཡིན་ནོ། །རྣམ་ཤེས་ནི་སྔོན་གྱི་རྒྱུ་གཉིས་ལ་བརྟེན་པའི་ཡིད་དེ་ཉོན་མོངས་ཅན་གྱི་ཚེ་འདིར་མཚམས་སྦྱོར་བའི་ཕུང་པོ་ལྔའོ། །གང་སྤེལ་ལས་དེ་དང་སྐྱེ་བ་ནི་སྐད་ཅིག་རེ་རེ་ལ་གཞན་ནི་རྒྱུན་ཆགས་པའོ་ཞེས་སོ། །མིང་དང་གཟུགས་ནི་མཚམས་སྦྱོར་དེ་ཕན་ཆད་ལུས་ཡིད་སྔར་ནས་ཡོད་ཀྱང་སྐྱེ་མཆེད་ཀྱི་མིང་མི་ཐོབ་པས་མིང་ཐོབ་པ་ལ་ལྟོས་ཏེ་སྐྱེ་མཆེད་དྲུག་དོད་པ་ཚུན་ཆད་ཀྱི་མིང་བཞིའི་ཕུང་པོ་དང་ནུར་ནུར་པོ་ལ་སོགས་པ་གནས་སྐབས་ལྔའོ། །སྐྱེ་མཆེད་དྲུག་པོ་དེ་ནི་དོད་ཅིང་ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་སྤྱོད་པར་མི་ནུས་པའི་དུས་ཚུན་ཆད་དོ། །རེག་པ་ནི་དེ་ནས་བདེ་སྡུག་བཏང་སྙོམས་ཀྱི་རྒྱུ་བ་ཤེས་པར་མི་ནུས་པ་མེ་ལ་རེག་པ་ལ་སོགས་པ་བྱེད་པའི་དུས་ཚུན་ཆད་དོ། །ཚོར་བ་ནི་དེ་ནས་ཚོར་བ་གསལ་བའི་དུས་འཁྲིག་པ་སྤྱོད་མི་ནུས་པ་ཚུན་ཆད་དོ། །སྲེད་པ་ནི་དེ་ནས་མང་དུ་ཟ་བ་དང་འདུས་ཤིང་ཟ་བ་ལ་སོགས་པའི་ལོངས་སྤྱོད་དང་འཁྲིགས་པ་ལ་ལྷག་པར་ཆགས་པ་ཅན་གྱིས་གནས་སྐབས་ཏེ་དེ་དག་གི་ཡུལ་ཚོལ་བ་ལ་མ་ཞུགས་པའི་བར་རོ། །ཉེ་བར་ལེན་པ་ནི་ཡུལ་ལོངས་སྤྱོད་རྣམས་ཡོད་ན་བདེ་བ་འབྱུང་བར་ཤེས་ནས་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་རྒྱུག་པའི་དུས་ཀྱི་སྲིད་པ་ཕྱི་མའི་ལས་སློང་བྱེད་ཚོར་བའི་རྒྱུ་ལ་དམིགས་པ་འདོད་ཆགས་ཀྱི་རྗེས་སུ་བྱེད་པའི་ཕུང་པོ་ལྔའོ། །དེ་ལྟར་རྒྱུག་པ་དེའི་ཚེ་བདེ་བའི་དོན་དུ་ཡང་སྲིད་པའི་འབྲས་བུ་འབྱུང་བར་འགྱུར་བའི་ལས་བྱེད་པའི་ཕུང་པོ་ལྔ་པོ་ཐམས་ཅད་དེ་ཉིད་ཀྱི་རྗེས་སུ་བྱེད་པའམ་ཕྱི་མའི་རྒྱུ་ཡིན་པས་སྲིད་པ་ཡིན་ཏེ། དེ་ཡང་རིམ་པ་མ་ཉམས་པར་བྱ་བ་དང་། ཕལ་ཆེ་བས་དེར་བསྟན་གྱི་སྲེད་པ་དང་། རྒན་པོ་རྒྱུག་མི་ནུས་པའི་དུས་ཀྱི་ཡང་སྲིད་ཀྱི་ལས་བྱེད་པའམ་དེར་བསྡུའོ། །འདིའི་རྒྱུའི་ཡན་ལག་གསུམ་ལ་བརྟེན་ནས་སྐྱེ་བ་ཕྱི་མར་ཉིང་མཚམས་སྦྱོར་བའི་ཕུང་པོ་ལྔ་པོ་ནི་སྐྱེ་བ་ཡིན་ལ། དེ་ནས་ཚེ་འདིར་མིང་གཟུགས་ནས་ཚོར་བའི་བར་དུ་བཞག་པ་དེ་ཉིད་ནི་འདི་དབུས་སུ་བཞག་པའི་རྒ་ཤི་ཡིན་ཏེ། གདུལ་བྱ་སྐྱོ་བར་བྱ་བའི་ཕྱིར་དགེ་སློང་དག་མིང་དང་གཟུགས་ཀྱི་སྐྱེ་བ་གང་ཡིན་པ་དེ་ནི་རྒ་ཤིའི་སྐྱེ་བ་ཡིན་ཏེ་ཚོར་བའི་བར་དུ་ཡང་དེ་བཞིན་ནོ་ཞེས་སོ། །གསུམ་པ་ནི། སྤྱིར་རྟེན་འབྲེལ་ལ། སྐད་ཅིག་པ། རྒྱུན་ཆགས་པ། འབྲེལ་པ་ཅན། གནས་སྐབས་པ་སྟེ་བཞི་ལས། སྔར་བཤད་པ་འདི་ནི་ཚེ་གསུམ་གྱི། ཕུང་པོ་ལྔའི་གནས་སྐབས་བཅུ་གཉིས་ཡིན་པས་གནས་སྐབས་པར་འདོད་དེ་དེ་ཉིད་རྒྱུན་ཆགས་པའི་ཡང་ངོ་། །ལོ་ཞེས་པ་ནི་དེ་ལ་མ་རངས་ནས་གཞན་ལུགས་སྟོན་པ་སྟེ། མདོ་སྡེ་པ་ན་རེ་ཁྱོད་ཀྱི་འདི་རང་དགའ་འམ་མདོའི་དོན་ཡིན། མདོའི་དོན་ནོ་ཞེ་ན། སྔོན་གྱི་མཐའ་མི་ཤེས་པ་ལ་སོགས་པར་བཤད་པ་དང་འགལ་ལོ། །བཞི་པ་ནི། བྱེ་སྨྲ་ན་རེ་ཕུང་པོ་ལྔ་ཡོད་ཀྱང་གཙོ་བོ་མ་རིག་པ་ལ་སོགས་པ་ཡིན་པའི་ཕྱིར་དེའི་ཡན་ལག་ཏུ་བསྒྲགས་པ་སྟེ། དཔེར་ན་གླང་པོ་ཆེའི་རྗེས་ལྟ་བུའི་མདོ་ལས། སའི་ཁམས་གང་ཞེ་ན། སྐྲ་དང་སྤུ་དག་གོ་ཞེས་དངོས་སུ་ས་ལས་མ་བསྟན་ཀྱང་། སྐྲ་སྤུའི་ཚོགས་པ་ན་དྲི་རོ་ལ་སོགས་པ་གཞན་ཡང་ཡོད་པ་བཞིན་ཆོས་ལྷག་མ་དང་བཅས་ནས་བསྟན་པའོ་ཞེ་ན། མ་ཡིན་ཏེ། སའི་ཁམས་ཀྱིས་སྐྲ་སྤུ་སྟོན་པ་མིན་གྱི་སྐྲ་ལ་སོགས་པ་མ་གཏོགས་པའི་ས་མེད་པར་བསྟན་པ་ཡིན་ནོ། །ལྔ་པ་ནི། ཆོས་མངོན་པར་འདུས་བྱས་ཐམས་ཅད་རྟེན་འབྲེལ་དུ་བཤད་ལ། མདོ་ལས་སེམས་ཅན་དུ་སྟོན་པ་ཁོ་ན་གསུངས་པ་ཅི་ཞེ་ན། མངོན་པར་བཤད་པ་ནི་མཚན་ཉིད་པ་ཡིན་ལ། མདོ་ལས་ནི་སྔོན་གྱི་མཐའ་ལ་ཅི་འདས་པའི་དུས་ན་བདག་བྱུང་ངམ་མ་བྱུང་ཞེས་དང་། ཕྱི་མའི་མཐའ་ལ་མ་འོངས་པ་ན་བདག་འབྱུང་ངམ་མི་འབྱུང་། བར་ལ་བདག་འདིའི་ངོ་བོ་ཅི་ཞིག་རྣམ་པ་ཅི་ཞིག་ཅེས་བདག་ཏུ་རྨོངས་པ་རྣམས་བཟློག་པའི་ཕྱིར་དུ་རྟེན་འབྲེལ་ཆ་གསུམ་དུ་བསྟན་ནས། བདག་ནི་མེད་ཀྱི་ཆོས་ཙམ་གྱི་རྟེན་འབྲེལ་ལོ་ཞེས་རྟོགས་པར་འགྱུར་ལ། རྒྱུ་འབྲས་ཚར་གང་རུང་གཅིག་ལས་མ་བསྟན་ན་དུས་གསུམ་ལ་རྨོངས་པ་བཟློག་པར་མི་ནུས་པས་གཉིས་ཀ་བསྟན་པའོ། །གཉིས་པ་ཉོན་མོངས་པ་གསུམ་དུ་བསྡུ་བ་ནི། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ནི་མ་རིག་པ་དང་སྲེད་ལན་གཉིས་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་ནི་འདུ་བྱེད་དང་སྲིད་པ་གཉིས་དང་། ལས་ཉོན་སྐྱེ་བའི་གཞིའི་ཀུན་ནས་ཉོན་མོངས་པ་ནི་ལྷག་མ་བདུན་ཡིན་པ་དེ་བཞིན་དུ་བདུན་པོ་འབྲས་བུ་ཡིན་པས་རྒྱུའམ་ཀུན་འབྱུང་གཙོ་ཆེ་བ་ལྔ་འབྲས་བུའམ་དུཿཁ་གཙོ་ཆེ་བ་བདུན་ནོ། །གསུམ་པ་ནི། ཅིའི་ཕྱིར་བར་གྱི་རྒྱུ་འབྲས་ལ་རྒྱས་པར་ཕྱེ་ལ། སྔོན་དང་ཕྱི་མའི་ཡན་ལག་བསྡུས་ཤེ་ན། སྔ་ཕྱི་གཉིས་ཀྱི་རྒྱུ་དང་འབྲས་བུ་མདོར་བསྡུས་པ་ནི། བར་མ་ཚེ་འདིའི་འབྲས་བུ་ལ་རྣམ་ཤེས་སོགས་ལྔ་དང་། ཕྱི་མའི་རྒྱུ་ལ་སྲེད་ལེན་གཉིས་སུ་ཕྱེ་བའི་རྗེས་སུ་དཔག་པ་སྟེ་དཔེ་ལས་གཉིས་པོ་ལའང་དབྱེ་བ་ཡོད་པར་བསྟན་པའི་ཕྱིར་རོ། །དེ་ཡང་མ་རིག་པ་ནི་སྲེད་ལེན་གཉིས་སུ་དབྱེ་སྟེ། རྒྱུའི་ཡན་ལག་ཉོན་མོངས་ཡིན་པའི་ཕྱིར་འདིར་ཕྱེ་བ་བཞིན་ནོ་ཞེས་པས་མ་རིག་པའི་གོ་སར་སྲེད་ལེན་ཡང་རུང་བར་སྟོན་པའམ། མ་རིག་པ་དང་འདུ་བྱེད་གཉིས་ཀ་རྒྱུ་ཡིན་པས་གསུམ་དུ་ཡང་དབྱེ་རུང་ཞིང་། རྒ་ཤི་ནི་མིང་གཟུགས་སོགས་བཞིར་དབྱེར་རུང་སྟེ། མཚམས་སྦྱོར་ལས་གཞན་པའི་འབྲས་བུ་ཡིན་པའི་ཕྱིར་འདིར་ཕྱེ་བ་བཞིན་ནོ་ཞེས་སམ། འབྲས་བུ་གཉིས་ཀ་ལྔར་ཕྱེ་བ་ཡང་རུང་ངོ་། །བཞི་པ་ཡན་ལག་བཅུ་གཉིས་སུ་གྲངས་ངེས་པ་ལ་གཉིས་ཏེ། གྲངས་ངེས་དངོས། འབྱུང་བ་དང་བྱུང་བའི་ཁྱད་པར་རོ། །དང་པོ་ནི། མ་རིག་པ་དང་རྒ་ཤི་ལ་རྒྱུ་འབྲས་མེད་ན་འཁོར་བ་ཐོག་མཐའ་དང་བཅས་པར་འགྱུར་ལ་ཡོད་ན་བཅུ་གཉིས་སུ་མ་ངེས་པར་འགྱུར་རོ་ཞེ་ན། གནས་སྐབས་པ་ཚེ་གསུམ་ལ་རྫོགས་པ་འདིའི་ལྟར་ན་དེ་ཙམ་གྱིས་རྫོགས་ཏེ། རྒྱུ་འབྲས་མེད་ཅིང་སྤྱིའི་དབང་དུ་བྱས་ན་ཡོད་པས་སྐྱོན་གཉིས་ཀ་མེད་དོ། །དེས་ན་རྫས་ནི་འཁོར་བ་ཐོག་མེད་ཡིན་པས་ཐུག་མེད་ཁོ་ན་ཡིན་ཞིང་། རིགས་དེ་ནི་དེ་དག་ཀྱང་བཅུ་གཉིས་པོ་ལས་མ་འདས་སོ་ཞེས་སྟོན་པ་ནི། ཉོན་མོངས་པ་སྲེད་པ་ལས་ཉོན་མོངས་པ་ལེན་པ་དང་། ཉོན་མོངས་པ་མ་རིག་པ་དང་ལེན་པ་ལས་བྱ་བ་སྟེ་ལས་འདུ་བྱེད་དང་སྲིད་པ་དང་། བྱ་བ་དེ་གཉིས་ལས་གཞི་རྣམ་ཤེས་དང་སྐྱེ་བ་དང་། གཞི་དེ་གཉིས་ལས་གཞི་ཚོར་བའི་བར་དང་རྒ་ཤི་དང་། གཞི་ཚོར་བ་ལས་ཉོན་མོངས་པ་སྲེད་པ་སྐྱེ་བ་འདི་ནི་སྲིད་པའི་ཡན་ལག་གི་སྐྱེ་བའི་ལུགས་ཡིན་ལ། འདིའི་སྲེད་ལེན་ལ་ཕྱི་མ་དབུས་སུ་བྱས་པའི་རྒ་ཤིར་འདོགས་པས་དོན་གཅིག་ཅིང་ཚོར་བ་ལས་སྲེད་པ་སྐྱེ་བའི་ཕྱིར། རྒ་ཤི་ལས་མ་རིག་པ་འབྱུང་བར་གྲུབ་བོ། །གཉིས་པ་ནི། མདོ་ལས། དགེ་སློང་དག་ཁྱོད་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། བྱུང་བའི་ཆོས་ཀྱང་བསྟན་པར་བྱའོ་ཞེས་གསུངས་ན། དེ་གཉིས་ཀྱི་ཁྱད་པར་གང་ཞེ་ན། བསྟན་བཅོས་ལས་ནི་འདུས་བྱས་ཐམས་ཅད་དེ་གཉིས་ཀ་ཡིན་པར་བཤད་ལ། མདོའི་དགོངས་པ་འདིར་འབྱུང་བ་ནི་རྒྱུ་ཡིན་ལ་རྒྱུ་ལས་བྱུང་བ་ནི་འབྲས་བུ་ཡིན་པས་རྒྱུ་ལྔ་འབྱུང་བ་དང་འབྲས་བུ་ལྔ་བྱུང་བའམ། རྟེན་འབྲེལ་གཅིག་ལ་འབྱུང་བ་ཁོ་ན་མ་རིག་པ་དང་། བྱུང་བ་ཁོ་ན་རྒ་ཤི་དང་གཉིས་ཀ་ཡིན་པས་བཅུའམ་སྤྱིར་ནི་ཐམས་ཅད་གཉིས་ཀའོ། །གཉིས་པ་སྐབས་སུ་བབ་པའི་ངོ་བོ་བཤད་པ་ནི། མདོ་སྡེ་པའི་ལུགས་སམ། དེ་འགྲེལ་པར་བཤད་ཟིན་ནས་བྱེ་བྲག་སྨྲ་བའི་སྐབས་ཀྱི་ཡན་ལག་གི་གཙོ་བོ་ཉིད་འདི་ལྟ་བུའོ་ཞེས་སྟོན་པའམ། འགྲེལ་པར་བྱེ་བྲག་ཏུ་སྨྲ་བའི་ལུགས་ནི་སྔར་བཤད་པ་ཁོ་ནའོ་ཞེས་གསུངས་པས་མདོ་སྡེ་པའི་ལུགས་སུ་སྔ་མ་རྣམས་བཞེད་དོ། །འདི་ལ་ཡན་ལག་བཞི་དངོས་སུ་བསྟན། ལྷག་མ་བཤད་འཆད་ལ་ལྟོས་པའོ། །དང་པོ་ལ་བཞི་སྟེ། མ་རིག་པ། མིང་། རེག་པ། ཚོར་བ་བཤད་དོ། །དང་པོ་ལ་གཉིས་ཏེ། ངོ་བོ་ངོས་གཟུང་། ངོ་བོ་གཞན་དུ་འདོད་པ་དགག་པའོ། །དང་པོ་ནི། རིག་པ་ཡེ་ཤེས་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཆོས་རྫས་གཞན་མ་རིག་པ་ཡིན་ལ། དེའི་མི་མཐུན་པའི་ཕྱོགས་ཉོན་མོངས་པ་ཐམས་ཅད་ཡིན་ཡང་ཐམས་ཅད་ཀྱི་སྔོན་དུ་འགྲོ་ཞིང་གསལ་མི་གསལ་རྣམ་པ་དགྲ་ཟླ་ལྟ་བུར་གྱུར་པ་ལ་བྱ་སྟེ་ཆགས་མ་ཆགས་དང་འདྲ་ཞིང་ལས་འབྲས་སོགས་མི་གསལ་བ་སྟེ། དཔེར་ན་མི་མཛའ་བ་མཛའ་བའི་མི་མཐུན་ཕྱོགས་དང་། བརྫུན་ནི་འགྱུར་དྲག་པ་ཡིན་པས་མི་བདེན་པ་བདེན་པའི་མི་མཐུན་ཕྱོགས་ཡིན་པ་བཞིན་ནོ། །སོགས་པ་ནི་བསོད་ནམས་དང་ཐར་པ་དང་བྱ་བར་འོས་པ་དང་འགལ་བ་ལ། ཆོས་དང་དོན་དང་བྱ་བ་མིན་པ་བྱེད་ཅེས་བརྗོད་པ་བཞིན་ནོ། །གཉིས་པ་ནི། བཙུན་པ་དཔལ་ལེན་ཉོན་མོངས་སྤྱིའི་མིང་དུ་འདོད་པ་འགོག་པ་ནི། མདོ་ལས་ཀུན་སྦྱོར་དང་སོགས་པ་འཆིང་བ་དང་ཕྲ་རྒྱས་དང་ཆུ་བོ་དང་སྦྱོར་བའི་ཚིག་ཏུ་མ་རིག་པ་ཞེས་ཐ་དད་དུ་གསུངས་ལ། སྤྱི་མིང་ཡིན་ན་ལྡོག་པའི་ཕྱིར་མིན་ནོ། །དམན་པའི་རིག་པར་དོགས་པ་དགག་པ་ལ་གསུམ་ལས་ལྟ་བར་འདོད་པ་དགག་པ་ནི། གལ་ཏེ་ཤེས་རབ་ངན་པ་ཉོན་མོངས་ཅན་ལྔ་ལ་དམན་པ་དགག་པའི་སྒྲར་མ་རིག་པ་ཞེས་བྱ་སྟེ། བུ་ངན་པ་ལ་བུ་མིན་ནོ་ཞེས་བརྗོད་པ་བཞིན་ནོ་ཞེ་ན། མིན་ཏེ་མ་རིག་པ་དང་། ལྟ་བ་དང་ཀུན་སྦྱོར་སོགས་ཐ་དད་དུ་བཤད་པའི་ཕྱིར་རོ། །ལྟ་བ་ལས་གཞན་པའི་ཤེས་རབ་ཉོན་མོངས་ཅན་དུ་འདོད་པ་དགག་པ་ནི། ལྟ་བ་མིན་པའི་ཤེས་རབ་ཆགས་སོགས་དང་མཚུངས་པར་ལྡན་པ་ཡིན་ནོ་ཞེ་ན། མིན་ཏེ། ལྟ་བ་ཡང་མ་རིག་པ་དང་མཚུངས་ལྡན་དུ་བཤད་ལ། ཤེས་རབ་ཀྱི་རྫས་གཉིས་ལྷན་ཅིག་མི་འབྱུང་བའི་ཕྱིར་དང་། ཆགས་སོགས་དང་འདྲེས་པས་མ་འདྲེས་པའི་མ་རིག་པ་མི་རུང་བར་འགྱུར་བའི་ཕྱིར་རོ། །དགག་པ་སྤྱིར་བསྟན་ནས་དེ་གཉིས་ཀ་མིན་ཏེ། མདོ་ལས་མ་རིག་པས་ཤེས་རབ་ཉོན་མོངས་པར་བྱེད་པར་བསྟན་པའི་ཕྱིར་སེམས་དང་འདོད་ཆགས་ལྟར་ཐ་དད་པའོ། །འགྲེལ་པ་ལྟར་ན་རིག་པ་མིན་ཙམ་དང་། རིག་པ་མེད་ཙམ་ནི་མིན་ཏེ། མདོ་ལས་ཀུན་སྦྱོར་དང་ཆུ་བོ་སོགས་ཀྱི་ཚིགས་གསུངས་པའི་ཕྱིར་ཞེས་སྦྱར་རོ། །གཉིས་པ་ནི། མིང་ནི་གཟུགས་ཅན་མིན་པའི་ཕུང་པོ་བཞི་ནི་མིང་དང་འདྲ་བས་ན་མིང་སྟེ། ཡིད་ཤེས་འཁོར་བཅས་ནི་འཇིག་རྟེན་ན་གྲགས་པའི་མིང་སྣང་བ་ལ་བརྟེན་ནས་ཀྱང་དོན་ལ་གཞོལ་ཞིང་། ཐམས་ཅད་དབང་པོ་དང་ཡུལ་ལ་བརྟེན་ནས་སྐྱེ་སྟེ་དོན་ལ་གཞོལ་བས་སོ། །གསུམ་པ་ལ་ལྔ་ལས། རྟེན་རྒྱས་པའི་དབྱེ་བ་ནི། མིག་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་དྲུག་ཡིན་ལ། མཚན་ཉིད་ནི་ཡུལ་དབང་རྣམ་ཤེས་གསུམ་འདུས་ཤིང་ཚོགས་ཏེ་འབྱུང་བ་ཡིན་ནོ། །གཉིས་པ་རྟེན་དང་དམིགས་པའི་དབྱེ་བ་ནི། དྲུག་ལས་དང་པོ་ལྔ་ནི་རྟེན་ཐོགས་བཅས་ཀྱི་དབང་པོ་ལ་བརྟེན་པས་ཐོགས་པའི་རེག་པ་ཡིན་ལ། དྲུག་པ་ནི་དོན་གཅིག་ལ་མིང་དུ་མ་གདགས་སུ་རུང་བས་ཚིག་བླ་དྭགས་པ་མིང་ལ་དམིགས་པའི་ཕྱིར། ཡུལ་གྱི་མིང་གིས་བཏགས་ནས་ཚིག་བླ་དྭགས་ཞེས་བྱ་བའི་རེག་པའོ་ཞེས་ཡིད་མིང་ལ་དམིགས་པས་ཡུལ་གྱི་མིང་བཏགས་ལ། རེག་པ་ནི་གྲོགས་ཀྱི་མིང་བཏགས་པའོ་ཞེས་སོ། །གསུམ་པ་ཀུན་བྱང་གི་དབྱེ་བ་ནི། རིག་པ་དང་མ་རིག་དང་དེ་ལས་གཞན་པའི་རེག་པ་གསུམ་ནི་རིམ་བཞིན། དྲི་མེད་ཀྱི་དང་ཉོན་མོངས་ཅན་དང་ལྷག་མ་དགེ་བ་ཟག་བཅས་དང་མ་བསྒྲིབ་པ་གཉིས་དང་མཚུངས་ལྡན་གྱི་རེག་པའོ། །བཞི་པ་ཀུན་ནས་ཉོན་མོངས་གཉིས་སུ་དབྱེ་བ་ནི། མ་རིག་པའི་རེག་པའི་ནང་ནས་གནོད་སེམས་དང་རྗེས་སུ་ཆགས་པ་དང་མཚུངས་པར་ལྡན་པ་རེག་པ་གཉིས་མདོ་ལས་གསུངས་ཏེ་འབྱུང་ཉེ་ཞིང་ཉེས་པ་ཆེ་བས་སོ། །ལྔ་པ་འབྲས་བུ་ལ་ལྟོས་པའི་དབྱེ་བ་ནི། ཚོར་བ་བདེ་བ་ནི་མྱང་བར་བྱ་བའམ་མྱོང་བའི་འོས་སུ་གྱུར་པ་ཡིན་ལ། དེའི་རྒྱུ་ཡུལ་ཡིད་དུ་འོང་བ་གཅོད་པའམ་བདེ་བ་དང་མཚུངས་ལྡན་ནི་མྱོང་འགྱུར་གྱི་རེག་པ་དང་། ལ་སོགས་པ་སྟེ་དུཿཁ་དང་བཏང་སྙོམས་མྱོང་བའི་རེག་པ་གསུམ་སྟེ་རེག་པ་བཅུ་དྲུག་པོ་བཞི་པ་ལས་གཞན་པའི་ཚན་པ་རེ་རེས་ཀྱང་ཐམས་ཅད་བསྡུས་སོ། །བཞི་པ་ལ་གཉིས་ཏེ། དབྱེ་བ་སྤྱིར་བསྟན། སེམས་ཚོར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རེག་པ་དེ་ལས་བྱུང་བའི་ཚོར་བ་དྲུག་སྟེ། མིག་གི་འདུས་ཏེ་རིག་པ་ལས་བྱུང་བའི་ཚོར་བ་སོགས་སོ། །དྲུག་ལས་དང་པོ་ལྔ་ནི་རྟེན་ལུས་ཀྱི་ཚོར་བ་ཡིན་ལ། རྟེན་སེམས་ཀྱི་ཚོར་བ་ནི་གཞན་དྲུག་པའོ། །རྟེན་རྒྱས་བསྡུས་ཀྱི་དབྱེ་བ་རིམ་བཞིན་ནོ། །གཉིས་པ་ལ་མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། སེམས་ཚོར་དེ་ཉིད་ཡིད་རྟོག་བཅས་མི་བརྟན་པའི་ཚུལ་གྱིས་ཉེ་བར་རྒྱུ་བའི་བྱེ་བྲག་ལས་ངོ་བོ་ཡིད་བདེ་སོགས་དང་དམིགས་པ་དང་མཚུངས་ལྡན་ལ་ལྟོས་ནས་ཕྱེ་བ་ཡང་རྣམ་པ་དག་ནི་བཅོ་བརྒྱད་དེ། བྱེ་སྨྲ་ནི་གཞོན་པ་ལྟ་བུའི་ཡིད་ལ་བརྟེན་ནས་ཚོར་བ་ཡུལ་ལ་རྒྱུ་བར་འདོད་ལ། མདོ་སྡེ་པས་བཟློག་པར་འདོད་དོ། །གཉིས་པ་ལ་འདོད་པ་ན། གཟུགས་ཁམས་ན། གཟུགས་མེད་ན་དུ་ཡོད་པའོ། །དང་པོ་ནི། འདོད་པ་ན་ཐམས་ཅད་ཡོད་ལ་རང་གི་ས་པའི་ཡུལ་དྲུག་སྡུག་མི་སྡུག་བར་མ་ལ་དམིགས་པ་ཅན་ཡིན་ཞིང་། དེ་སྤྱོད་ཡུལ་གཟུགས་ཅན་ལ་དམིགས་ན་དྲི་རོ་ལས་གཞན་བཞི་ལ་ཚོར་བ་གསུམ་རྒྱུ་བས་བཅུ་གཉིས་ཡིན་ལ་གོང་མ་གཟུགས་མེད་ལ་དམིགས་ན་ཆོས་གཅིག་པུ་ལ་ཚོར་བ་གསུམ་རྒྱུའོ། །གཉིས་པ་ནི། བསམ་གཏན་ནི་དང་པོ་གཉིས་ན་ཡིད་མི་བདེ་མེད་པས་བཅུ་གཉིས་ཏེ་ཚོར་བ་གཉིས་འདོད་པའི་ཡུལ་དྲུག་ལ་འགྲོ་ཞིང་རྒྱུ་བ་རྣམས་སོ། །རང་གི་ཁམས་ལ་དམིགས་ན་ཡུལ་བཞི་ལ་ཚོར་བ་གཉིས་ཏེ་བརྒྱད་ཡིན་ཞིང་། གཟུགས་མེད་པ་ན་ཚོར་བ་གཉིས་ཀྱིས་ཆོས་ལ་དམིགས་པ་ནི་གཉིས་སོ། །བསམ་གཏན་གོང་མ་གཉིས་ན་བཏང་སྙོམས་དྲུག་ཡོད་ཅིང་དྲུག་པོའི་དམིགས་པ་ནི་འདོད་པའི་ཡུལ་དྲུག་ཡིན་ནོ། །རང་གི་ཁམས་ན་ཡུལ་བཞི་ལ་དམིགས་ཤིང་། གོང་མ་གཟུགས་མེད་པ་ནི་ཆོས་ལ་བཏང་སྙོམས་རྒྱུ་བ་གཅིག་པུའི་དམིགས་པ་ཡིན་ནོ། །ཅི་བསམ་གཏན་གསུམ་པ་ན་སེམས་བདེ་ཡོད་པས་ཉེ་བར་རྒྱུ་བ་བཅུ་གཉིས་སུ་རིགས་སོ་ཞེ་ན། ཉེ་བར་རྒྱུ་བ་ནི་མི་བརྟན་པ་ཡིན་ལ། དེ་ནི་བརྟན་པས་སོ་ཞེས་གང་སྤེལ་ལས་བཤད་དོ། །གསུམ་པ་ནི། གཟུགས་མེད་ནམ་མཁའི་ཉེར་བསྡོགས་ན་བཞི་སྟེ། གཟུགས་བསམ་གཏན་བཞི་པའི་ཡུལ་ལ་སུན་འབྱིན་པའི་རྣམ་པར་བཏང་སྙོམས་འགྲོ་ཞིང་རྒྱུ་ལ། གོང་མ་གཟུགས་མེད་ཀྱི་དངོས་གཞི་ལ་ཡོན་ཏན་དུ་བལྟ་བས་འགྲོ་ན་གཅིག་ཡིན་ཞིང་། ཉེར་བསྡོགས་གཞན་གསུམ་དང་དངོས་གཞི་བཞི་པོ་ཐམས་ཅད་ན་ནི་དམིགས་པ་ལས་ངེས་འབྱུང་ཡིན་པས་གཅིག་ཁོ་ན་སྟེ་དེ་ཡང་རང་ཡུལ་ཅན་ནོ། །གསུམ་པ་དོན་བསྡུ་བ་ནི། བཅོ་བརྒྱད་པོ་ཐམས་ཅད་ནི་ཟག་པ་དང་བཅས་པ་སྟེ། ཟག་མེད་ངེས་པར་རྟོག་པའི་ཚུལ་གྱིས་ཡུལ་ལ་མི་འཇུག་པའི་ཕྱིར་དང་། མདོ་ལས་ཀུན་ནས་ཉོན་མོངས་པ་དང་མཐུན་པར་བཤད་པས་སོ། །སློབ་དཔོན་ནི་བྱེ་སྨྲ་ལྟར་ཡིད་གོང་དང་འོག་ཏུ་དམིགས་པ་ལ་དམིགས་པ་ཡོད་མོད་ཀྱི་ཉོན་མོངས་ཅན་ཁོ་ན་རྒྱུ་བ་མདོ་དོན་དུ་བཞེད། བཙུན་པ་གོ་ཆ་མཐའ་ཡས་ནི་མདོ་ལས་གཉེན་པོ་ཡང་གསུངས་པས་ཉོན་མོངས་ཅན་ཁོ་ནར་མ་ངེས་པར་བཞེད་དེ། ཊཱིཀ་བྱེད་ཀྱིས་ཉོན་མོངས་ཉིད་དུ་ཕན་ཚུན་འགལ་བས་འཇུག་པའི་ཕྱིར་ལྟོས་ནས་ཡོན་ཏན་དང་ལྡན་ནས་གཉེན་པོ་བྱེད་པ་སྟེ། ང་རྒྱལ་ང་རྒྱལ་གྱིས་སྤོང་ངོ་། །ཞེས་དང་། དགའ་བོ་ཆུང་མ་ལ་ཆགས་པ་ལྷ་མོ་ལ་ཆགས་པས་སྤོང་བའོ་ཞེས་སོ། །བྱེ་སྨྲ་ནི་ཞེན་པ་ལ་བརྟེན་པ་བཅོ་བརྒྱད་ཉོན་མོངས་ཅན་དང་། ངེས་པར་འབྱུང་བ་ལ་བརྟེན་པ་བཅོ་བརྒྱད་ཉོན་མོངས་ཅན་མིན་པར་འདོད། སློབ་དཔོན་ནི་ཐམས་ཅད་ཡིད་ཀྱི་ཉེ་བར་རྒྱུ་བ་མིན་ནོ་ཞེས་གསུངས་སོ། །གཉིས་པ་ནི། བཅུ་གཉིས་ལས་རྣམ་ཤེས་དང་སྐྱེ་མཆེད་དྲུག་དང་གཟུགས་ནི། རྣམ་ཤེས་སོ་སོར་རྣམ་རིག་པ། །ཞེས་སོགས་དང་། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །ཞེས་དང་། །ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། །ཞེས་དང་། གཟུགས་ནི་དབང་པོ་ལྔ་དང་དོན། །ཞེས་པར་བཤད་ཟིན་ལ། ལས་གཉིས་བསོད་ནམས་དང་མི་གཡོ། །ཞེས་དང་། སྲེད་ལེན་ནི། འདོད་ཆགས་དབྱེ་བས་བདུན་དུ་བཤད། །ཅེས་དང་། ཉེར་ལེན་བཞི་ཞེས་པར་འཆད་པར་འགྱུར་ཞིང་། ཐ་མ་གཉིས་ནི་བྱེ་སྨྲས་སྔར་བཞིན་དང་། མདོ་སྡེ་པས་སྐྱེ་བ་ཕྱི་མར་དང་པོར་འབྱུང་བ་དང་། ན་ཚོད་འགྱུར་བ་དང་། སྲོག་འགྱུར་བར་འདོད་པས་ཕྱེད་དང་བཞི་ལས་གཞན་མ་བཤད་དོ། །གཉིས་པ་ཉོན་མོངས་གསུམ་པོ་དཔེས་བསྟན་པ་ནི། སྐབས་འདིར་ནི་ཉོན་མོངས་པའི་ཡན་ལག་གསུམ་ནི་ས་བོན་ལས་སྡོང་བུ་སོགས་སྐྱེ་བ་བཞིན་ཏེ། དེ་ལས་ཉོན་མོངས་དང་ལས་དང་གཞི་སྐྱེ་བས་སོ། །ཀླུ་གནས་པའི་རྒྱ་མཚོ་མི་སྐམ་པ་བཞིན་ཏེ། དེ་ཡོད་པས་སྐྱེ་བའི་རྒྱ་མཚོ་མི་སྐམ་པའི་ཕྱིར་རོ། །ནགས་རྩ་བ་ནས་མ་ཕྱུང་ན་ཡལ་ག་བཅད་ཀྱང་སླར་སྐྱེ་བ་བཞིན་ཏེ། དེའི་རྩ་བ་ནས་མ་ཕྱུང་ན་ཡང་སྲིད་པར་སྐྱེས་བས་སོ། །ལྗོན་ཤིང་གི་དུས་སུ་མེ་ཏོག་སྐྱེད་པ་བཞིན་ཏེ། དེས་ཡང་དང་ཡང་དུ་ལས་ཉོན་སྐྱེད་པས་སོ། །དེ་བཞིན་དུ་ཤུན་པ་དང་བཅས་པའི་འབྲས་སླར་སྐྱེའི་འབྲས་རྐྱང་པ་མི་སྐྱེ་བ་བཞིན་ཏེ། དེའི་ཕྱི་ཤུན་དང་བཅས་པའི་ལས་གཉིས་ཀྱིས་རྣམ་སྨིན་གྱི་མྱུ་གུ་སྐྱེད་པར་འདོད་ཀྱི་ལས་རྐྱང་པས་མི་སྐྱེད་དོ། །ལས་ཀྱི་ཡན་ལག་གཉིས་ནི་ཤུན་པ་དང་བཅས་པའི་འབྲས་དང་འདྲ་སྟེ། ཉོན་མོངས་པའི་ཤུན་པ་དང་བཅས་པས་སོ། །དེ་བཞིན་དུ་སྨན་ལན་གཅིག་ཁོ་ན་ནུས་པ་འབྱིན་པ་བཞིན་ཏེ་ལན་གཅིག་ཁོ་ན་རྣམ་སྨིན་འབྱིན་པས་སོ། །མེ་ཏོག་འབྲས་བུའི་ཉེ་རྒྱུ་ཡིན་པ་བཞིན་ཏེ་རྣམ་སྨིན་གྱི་ཉེ་རྒྱུ་ཡིན་པས་སོ། །གཞིའི་ཡན་ལག་བདུན་བཟའ་བཏུང་གཡོས་གྲུབ་པ་བཞིན་ཏེ་ལོངས་སྤྱོད་ཁོ་ན་ཡིན་གྱི་སྤང་བྱ་མིན་པས་སོ། །གསུམ་པ་དེ་རྣམས་སྲིད་པ་བཞིར་བསྟན་པ་ནི། སྲིད་པ་ཆེད་དུ་བཤད་པའི་སྲིད་པ་བར་མ་དང་། སྐྱེ་བའི་སྲིད་པ་དང་སྔོན་དུས་དང་ཞར་ལ་བཤད་པའི་འཆི་སྲིད་དེ་བཞི་པོའི་བར་སྲིད་རྟེན་འབྲེལ་དུ་བསྡུས་པར་གསུངས་ཏེ། རྒྱུག་མི་ནུས་པ་རྒན་པོའི་དུས་ཀྱང་སྲིད་པར་འདུ་བ་ལྟར་སྔོན་ལས་ཀྱི་ཞེས་པ་གཙོ་བོ་ལ་བསམ་གྱི། དེས་ན་མཐོང་ཆོས་ཀྱི་ལས་ཅུང་ཟད་གསོག་པས་འདུ་བྱེད་དུ་བསྡུས་ལ་གཞན་མཐའ་དག་འདུས་མ་འདུས་དཔྱད་དགོས་སོ་ཞེས་འཆད་དོ། །སྲིད་པ་བཞི་པོ་དེ་དག་ལས་སྐྱེ་བའི་སྲིད་པ་ནི་ཉོན་མོངས་ཅན་ཁོ་ན་སྟེ། ས་བོན་གྱིས་མྱུ་གུ་སྐྱེད་པ་རླན་ལ་ལྟོས་པ་ལྟར་ལས་ཀྱི་འབྲས་བུ་བསྐྱེད་པའི་ནུས་པ་འཇུག་པ་ཡང་ཉོན་མོངས་པ་ལ་རག་ལས་པས་སོ། །བར་སྲིད་ལ་ཡང་མཚུངས་ཤིང་། སྲོགྃ་ལྃ་སོྃགས་པ་གཞན་ཡང་ཡོད་དོ་ཞེ་ན། ཕལ་ཆེ་བའམ་གཙོ་ཆེ་བའོ་ཞེས་འཆད་ཀྱང་སེམས་ལ་བསམ་པར་རིགས་སོ། །དེ་ཡང་གང་དུ་སྐྱེ་བའི་རང་གི་ས་པའི་ཀུན་དཀྲིས་ཆིག་རྐྱང་ཐུབ་པ་ལས་གཞན་པའི་རྩ་བ་དང་ཉེ་བའི་ཉོན་མོངས་པ་ཀུན་དང་འགལ་བ་མེད་ལ། འོན་ཀྱང་གོམས་པ་དང་ཉེ་བར་སྤྱད་པ་དེ་འབྱུང་ངོ་། །སྲིད་པ་གཞན་རྣམས་གསུམ་པོ་ནི་དགེ་སོགས་རྣམ་པ་གསུམ་མོ། །བར་སྲིད་ནའང་སྐྱེ་བའི་ཚེ་ཉོན་མོངས་ཅན་ཉིད་དོ། །ཁམས་ནི་གཟུགས་མེད་པ་ནི་གཞན་དུ་སྐྱེ་བ་མེད་པས་བར་སྲིད་ལས་གཞན་གསུམ་ཡོད་ལ། འོག་མ་གཉིས་ན་བཞི་ཡོད་པར་གྲུབ་བོ། །གསུམ་པ་སྐྱེས་པ་གནས་པའི་རྟེན་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། ཟས་བཞིར་ངེས་པས་མཇུག་བསྡུ་བའོ། །དང་པོ་ནི། སེམས་ཅན་གནས་པའི་རྐྱེན་ཅི་ཡིན་ཞེ་ན། འགྲོ་བ་ཐམས་ཅད་ཟས་ཀྱིས་གནས་པར་མདོ་ལས་བཤད་དོ། །ཇི་ལྟར་གནས་པ་ནི་བསྡུ་བ་ལས། ཞུ་བས་ཞུ་བ་དང་། ཡུལ་གྱིས་ཡུལ་དང་། རེ་བས་རེ་བ་དང་། ཟིན་པས་ཟིན་པ་ལས་གྱུར་པའོ། །ཞེས་པ་ལྟར་རམ། ཁམ་གྱི་ཟས་ནི་དབང་པོ་ཕྲད་པ་ཙམ་གྱི་ཚེ་དང་། དེ་ལ་ཆགས་པས་ལས་སློང་བ་དང་། ལྷག་མ་གསུམ་གཅིག་ལ་གཅིག་གྲོགས་སུ་འགྱུར་བའི་ཕན་པའི་ཟས་སོ། །གཉིས་པ་ལ་ཁམ་ཟས་བཤད་པ། ཟས་ལྷག་མ་བཤད་པ། ཞར་ལ་བར་སྲིད་ཀྱི་རྣམ་གྲངས་སོ། །དང་པོ་ནི། ཁམ་གྱི་ཟས་ནི་དེའི་འདོད་ཆགས་དང་བྲལ་བ་དག་དེར་སྐྱེ་བས་ཁམས་གོང་ན་མེད་ཀྱི་འདོད་པ་ཁོ་ན་ན་ཡོད་དེ། མི་དང་དུད་འགྲོ་ལ་མངོན་དུ་གྱུར་ཅིང་ལྷ་ལ་བདུད་རྩི་ཁ་དོག་བཞི་པ་དང་རྒུན་ཆང་ལ་སོགས་པ་ཡོད་ལ། ཡི་དྭགས་ལྷ་ལྟ་བུའི་དཔལ་ཉམས་སུ་མྱོང་བ་ལ་ལྷ་དང་མིའི་ལྟ་བུ་ཡོད་དོ། །དམྱལ་བ་ན་བྱེ་བྲག་ཏུ་སྨྲ་བ་ནི་ལྕགས་ཀྱི་ཐོ་ལུམ་མེ་འབར་བ་དང་། ཁྲོ་ཆུ་ཁོལ་མ་ཁར་བྱིན་པས་བཀྲེས་སྐོམ་ཅུང་ཟད་ཞི་བ་ཡོད་པས་ཟས་སོ་ཞེས་བཞེད། མདོ་སྡེ་པ་ནི་དམྱལ་བ་ཆེན་པོ་ན་མེད་ཀྱི། ཉི་ཚེ་བ་ན་ཡོད་པའམ་འདོད་ཆགས་དང་མ་བྲལ་བའོ་ཞེས་གསུངས་སོ། །ངོ་བོ་ནི་དྲི་རོ་རེག་བྱའི་སྐྱེ་མཆེད་གསུམ་གྱི་བདག་ཉིད་དེ། རང་གི་དབང་པོས་རང་དང་ཕྲད་པའི་རྡུལ་ཁམ་དུ་བཅས་ནས་མིད་པས་སོ། །འདིར་ཕལ་ཆེ་བ་བསྟན་པས་ཉི་མ་ལ་སོགས་པ་ནི་ཟས་མིན་པ་ལ་སོགས་པའམ། སློབ་དཔོན་ནི་ཕན་འདོགས་ན་མིང་མེད་ཀྱང་ཟས་ཏེ། ཁྲུས་དང་བཀུ་མཉེ་བཞིན་ནོ་ཞེས་སོ། །ཡིད་དང་ཆོས་མཐུན་མིན་པ་དང་དབང་པོ་འོད་ལྟར་དྭངས་པ་དང་། སྒྲ་ནི་རྒྱུན་མེད་པའམ་མ་འཕྲད་པར་འཛིན་པས་བསོད་ནམས་ཆེ་ཆུང་ཁྱད་པར་མེད་པར་འགྱུར་བས་ཁམ་ཟས་མིན་ལ། གཟུགས་ཀྱི་སྐྱེ་མཆེད་ཀྱང་ཁམ་ཟས་མིན་ཏེ། དེས་རང་གི་དབང་པོ་རྟེན་བཅས་ལ་མི་ཕན་པའི་ཕྱིར། བཀྲེས་པས་ཉམ་ཐག་པ་ཟས་མཐོང་བ་ཙམ་གྱིས་ཕན་པར་མཐོང་ཞེ་ན། དེ་ནི་རེག་པའམ་སེམས་པ་ཟས་ཡིན་གྱི་གཟུགས་ཟས་མིན་ཏེ། ཡིན་ན་གྲོལ་བས་ཟས་མཐོང་བའི་ཚེ་ཡང་ཕན་པར་རིགས་པ་ལས་ཟས་ཀྱི་སྲེད་པ་ལས་གྲོལ་བ་ཕྱིར་མི་འོང་དང་དགྲ་བཅོམ་པས་ཟས་མཐོང་ཡང་དེ་དག་གི་དབང་པོ་ལ་མི་ཕན་པས་སོ། །དེས་ན་མུ་བཞི་སྟེ་ཁམ་ཡིན་ལ་ཟས་མིན་པ་གཟུགས་དང་དབང་པོ་རྟེན་བཅས་ལ་གནོད་པའི་དྲི་རོ་རེག་བྱ་དང་མུ་གཉིས་པ་ཟས་ལྷག་མ་གསུམ་དང་། མུ་གསུམ་པ་ཕན་པའི་དྲི་རོ་རེག་བྱ་དང་། བཞི་པ་ནི་དུཿཁ་ལ་སོགས་པའོ། །གཉིས་པ་ནི། རེག་པ་དང་སེམས་པ་དང་རྣམ་ཤེས་གསུམ་ནི་ཟག་བཅས་ཁོ་ན་ཟས་ཡིན་ཏེ་སྲིད་པ་གསོ་བྱེད་ཡིན་པའི་ཕྱིར་ཟག་མེད་ནི་མིན་ཏེ་སྲིད་པ་ཟད་བྱེད་ཡིན་པའི་ཕྱིར་རོ། །དེས་ན་རེག་པའི་མུ་དང་པོ་ཟག་མེད་ཀྱི་རེག་པ་དང་། གཉིས་པ་ཟས་གསུམ་དང་། གསུམ་པ་རེག་པ་ཟག་བཅས་དང་། བཞི་པ་དེ་ལས་གཞན་པའོ་ཞེས་སོགས་སྦྱར་རོ། །འདི་དག་ནི་ཁམས་གསུམ་ཆར་དག་ན་ཡོད་དོ། །གསུམ་པ་ནི། ཕ་མའི་ས་བོན་ལ་མི་ལྟོས་པར་ཡིད་ཙམ་ལས་བྱུང་བས་ན་ཡིད་ལས་བྱུང་བ་དང་། སྐྱེ་སྲིད་དམ་སྔོན་དུས་ཀྱི་སྲིད་པ་ཚོལ་བ་དང་། ཟས་སུ་དྲི་ཟ་བ་དང་། སྐྱེ་འཆིའི་སྲིད་པའི་བར་མ་དང་། སྐྱེ་བ་ལ་མངོན་པར་ཕྱོགས་པས་མངོན་པར་འགྲུབ་པ་ཞེས་ཀྱང་བྱའོ། །གསུམ་པ་བསྡུ་བ་ནི། འོ་ན་ཟག་བཅས་ཐམས་ཅད་སྲིད་པ་གསོ་བྱེད་ཡིན་པས་ཟས་བཞིར་ངེས་པ་མི་འཐད་དོ་ཞེ་ན། བདེན་མོད་ཀྱི། ཆེས་ཕན་འདོགས་པ་དག་ཟས་ཡིན་པས་བཞིར་ངེས་ཏེ། ཚེ་འདི་ལ་གནས་སམ་རྟེན་དབང་པོ་རྒྱས་པ་ཁ་ཟས་དང་བརྟེན་པ་སེམས་སེམས་བྱུང་རྒྱས་པའི་དོན་དུ་རེག་པ་སྟེ་གཉིས་ནི་གསོ་བར་བྱེད་པས་མ་མ་ལྟ་བུ་ཡིན་ལ། སྲིད་པ་གཞན་འཕེན་པར་བྱེད་པ་སེམས་པ་དང་འཕངས་པ་འགྲུབ་པ་ཡི་དོན་དུ་ལས་ཀྱིས་བསྒོས་པའི་ས་བོན་ནམ་སྐྱེ་སྲིད་ཀྱི་རྣམ་ཤེས་ཏེ་གཉིས་ནི་སྐྱེད་པར་བྱེད་པས་མ་ལྟ་བུའོ། །དེ་ཡང་གཙོ་ཆེ་བ་ཡིན་ལ། བསྡུ་བ་ལས་རྒྱས་པའི་རྒྱུ་གཉིད་ལ་སོགས་པ་མི་གནོད་པ་ཙམ་ཡིན་པས་ཟས་མིན་ཞིང་། དྲན་པ་ཉེར་གཞག་ལས་འཇུག་སླ་བའི་ཕྱིར་ལུས་སོགས་ཀྱི་རྒྱུ་ཟས་བཞིའོ་ཞེས་གསུངས་སོ། །གོ་རིམ་ཡང་འདི་པའི་རྟེན་དང་བརྟེན་པ་ཕྱི་མའི་འཕེན་འགྲུབ་ཡིན་པས་དེ་ཁོ་ན་བཞིན་ནོ། །བཞི་པ་གནས་པ་འཆི་འཕོ་བའི་སེམས་ལ། སྤྱིར་བསྟན། བྱེ་བྲག་ཏུ་བཤད། རྣམ་ཤེས་གང་དུ་འགག གནད་གཅོད་པའི་རྒྱུའོ། །དང་པོ་ནི། དགེ་རྩ་འཆད་པ་ལོག་ལྟ་དང་མཚམས་སྦྱོར་བ་ཐེ་ཚོམ་མམ་ཡང་དག་པའི་ལྟ་བ་དང་། འདོད་ཆགས་དང་བྲལ་བ་མཉམ་གཞག་དང་། ཉམས་པ་ཚུལ་བཞིན་མ་ཡིན་པའི་རྟོག་པ་དང་འཆི་འཕོ་བ་དབང་པོ་ལྔ་རྒྱུན་ཆད་ཅིང་མི་གསལ་བ་དང་སྐྱེ་བ་ཕྱིན་ཅི་ལོག་གི་རྟོག་པ་དང་བཅས་པ་ཡིན་པའི་ཕྱིར། དྲུག་པོ་དེ་རྣམས་ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད་ལ། ཁ་ཅིག་ཡོད་མེད་དུ་ཆོས་མཐུན་པ་གསུམ་པོ་ཞེས་ཏེ་ཡིད་ཤེས་ཁོ་ན་ལ་གནས་པ་བསྟན་པའོ་ཞེས་འཆད་དོ། །གཉིས་པ་ལ་གསུམ་སྟེ། ཚོར་བའི་ཁྱད་པར། སེམས་ཀྱི་ཁྱད་པར། ལྷག་མེད་དུ་འཇུག་ཚུལ་ལོ། །དང་པོ་ནི། འཆི་འཕོ་བ་དང་སྐྱེ་བ་ནི་སེམས་མི་གསལ་ཞིང་ཚོར་བ་གཞན་རྣམས་གསལ་བས་བཏང་སྙོམས་ཁོ་ན་ལའོ། །གཉིས་པ་ནི། ཡིད་ཤེས་དེ་ཡང་རྩེ་གཅིག་པའི་མཉམ་གཞག་ལ་དེ་གཉིས་མེད་དེ་གོང་མའི་སེམས་མངོན་དུ་བྱས་པ་ནི་སྐལ་བ་མི་མཉམ་པའི་ས་པ་ཡིན་པ་དང་། སྤྱིར་རྩེ་གཅིག་ཙམ་སྦྱོར་བྱུང་སྟེ་གསལ་བ་དང་ཏིང་ངེ་འཛིན་ཏེ་རྒྱས་པའི་རྒྱུ་ཡིན་པའི་ཕྱིར་རོ། །སེམས་མེད་གསུམ་ལ་ཡང་གནོད་པ་བྱར་མི་ནུས་པ་དང་། ལུས་དང་འབྲེལ་བའི་སེམས་མེད་པའི་ཕྱིར་དང་། ཉོན་མོངས་ཅན་མེད་པར་མི་སྐྱེ་བའི་ཕྱིར་དེ་གཉིས་མེད་ལ། དེ་ཡང་སེམས་བཅས་ཡིད་ཤེས་ཡིན་ལ་སེམས་མེད་ཀྱང་སྲིད་དམ་སྙམ་པའི་ལོག་རྟོག་དགག་པའི་ཕྱིར་སྨོས་སོ། །གསུམ་པ་ནི། དགྲ་བཅོམ་པ་ལྷག་མེད་དུ་མྱ་ངན་ལས་འདའ་བ་ནི་ལུང་བསྟན་མིན་པ་རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ་གཉིས་ཁོ་ནའོ། །སེམས་གཞན་ལས་མིན་ཏེ་ཉོན་མོངས་ཅན་པ་ནི་སྤངས་ཤིང་བཟོ་དང་སྤྲུལ་སེམས་དང་དགེ་བ་སྦྱོར་བྱུང་ནི་འཆི་སེམས་མིན་ལ། དགེ་བ་སྐྱེས་ཐོབ་ནི་སྟོབས་ཆེ་བས་སེམས་གཏན་འཆད་པ་དང་མི་མཐུན་པའི་ཕྱིར་རམ། གང་སྤེལ་ལས་དགེ་བ་ནི་རྣམ་སྨིན་དང་བཅས་ལ། དགྲ་བཅོམ་པ་དེ་ལས་རྒྱབ་ཀྱི་ཕྱོགས་པའི་ཕྱིར་རམ། འདོད་པ་དང་སྲིད་རྩེ་ལས་གྲོལ་བས་མྱ་ངན་ལས་འདའ་ཁ་དང་འདས་པས་མི་དགེ་བ་དང་བསྒྲིབས་པ་དང་དགེ་བ་དང་མ་བསྒྲིབས་པ་སྤོང་བས་རིམ་གྱིས་འཁོར་བ་སྤོང་བའི་ཕྱིར་རོ། །ཞེས་སོ། །ས་ལས་ནི་འགོག་པའི་སྙོམས་འཇུག་ལས་གནས་གཞན་དུ་ལྷག་མེད་དུ་འཇུག་པར་བཞེད་དོ། །གསུམ་པ་ནི། འོག་ངན་སོང་དུ་འགྲོ་ན་ལུས་ཀྱི་སྟོད་ནས་དྲོད་ཡལ་ཞིང་དབང་པོ་འགགས་ཏེ། རྐང་པའི་ཆ་དྲོ་བར་འགྱུར་ཞིང་དེ་ནས་འདོར་ལ། མིར་འགྲོ་ན་སྟོད་སྨད་གཉིས་ཀ་ནས་དྲོད་ཡལ་ཏེ་ལྟེ་བ་ནས་འདོར་ཞིང་ལྷར་འགྲོ་བ་དང་མིར་སྐྱེ་བ་དགྲ་བཅོམ་པ་ནི་སྙིང་ག་ནས་ཡིད་འཆི་འཕོ་བའམ་མི་སྐྱེ་བ་སྤྱི་བོ་ནས་སོ། །རིམ་གྱིས་འཆི་ན་ཞེས་པས་རྫུས་སྐྱེས་ནི་དབང་པོ་ཅིག་ཅར་འགག་ལ། ས་ལས་སྙིང་གར་ཀུན་གཞི་བརྟེན་པས་དང་པོར་ལུས་འཆགས་ཤིང་མཐར་ཡང་འདོར་ལ། རྐང་པ་སོགས་ནས་དྲོད་ཡལ་བ་བརྩམ་པར་མཐོང་ངོ་། །ཞེས་བཞེད་དོ། །རྒྱས་བསྡུས་གཉིས་ཀ་ལས་དགེ་བ་བྱེད་པའི་ལུས་ནི་ཐོག་མར་སྨད་གྲང་བར་འགྱུར་རོ་ཞེས་སོ། །བཞི་པ་ནི། གང་ཞིག་ཉམས་ན་འཆི་བའི་ལུས་ཀྱི་ཕྱོགས་ནི་གནད་ཡིན་ལ། གཅོད་པ་ནི་དུམ་བུར་བྱར་མེད་ཀྱི་དེར་འབྱུང་བ་དྲག་དུ་འཁྲུགས་པས་ཚོར་བ་མཚན་ཉིད་པ་འབྱུང་བའམ་ལུས་གཡོ་བ་མེད་པར་འགྱུར་བའོ། །རྒྱུ་ནི་བད་ཀན་དང་མཁྲིས་པ་དང་རླུང་ཤས་ཆེ་ན་ཆུ་དང་སོགས་པ་མེ་དང་རླུང་གིས་གཅོད་ཅིང་སྐྱོན་བཞི་པ་མེད་པའམ། སྣོད་འཇིག་པ་དང་ཆོས་མཐུན་པས་སམ། ལུས་ཀྱི་ནད་བསྐྱེད་པའི་རྒྱུ་རླུང་མཁྲིས་བད་ཀན་གསུམ་དུ་ངེས་པས་ས་ཡིས་མིན་ལ། རྫུས་སྐྱེས་ནི་དེས་དབང་པོ་མི་འགག་ཀྱང་ལྷ་ལ་འཆི་ལྟས་ཀྱི་དུཿཁ་འབྱུང་སྟེ། དེ་ལ་མ་ངེས་པ་ལྔ་ནི། གོས་དང་རྒྱན་ལ་སྒྲ་མི་སྙན་པ་འབྱུང་བ་དང་། ལུས་ཀྱི་འོད་ཆུང་བར་འགྱུར་བ་དང་། ཁྲུས་ཀྱི་ཆུ་ལུས་ལ་ཆགས་པ་དང་། གཡོ་བའི་བདག་ཉིད་ཅན་གྱི་བློ་ཡང་ཡུལ་གཅིག་ན་གནས་པ་དང་། མིག་འབྱེད་འཛུམ་འབྱུང་བའོ། །ངེས་པ་ལྔ་ནི་བཤེས་སྤྲིང་ལས། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང་། །གོས་ལ་དྲི་མ་ཆགས་དང་སྔོན་ཆད་ནི། །མེད་པའི་ལུས་ལ་རྔུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྦྲོན་བྱེད་ལྔ་ལྟས་ལྔ། །ཞེས་ལྷ་ཐམས་ཅད་ལ་འབྱུང་ལ་སྡོམ་ན་ལྔ་ཡིན་གྱི་ཚང་བར་མི་འབྱུང་ཞིང་ལྷའི་ཞག་ལྔ་འབྱུང་ངོ་ཞེས་སོ། །བདུན་འབྱུང་བར་དེ་གང་གི་ཡིན་མི་ཤེས་སོ་ཞེས་སོ། །ལྔ་པ་སེམས་ཅན་གྱི་ཚོགས་གསུམ་དུ་བསྡུ་བ་ནི། མདོ་ལས་སེམས་ཅན་གྱི་ཚོགས་གསུམ་དུ་གསུངས་ཏེ། འཕགས་པ་ནི་སྲིད་པ་བདུན་ལ་སོགས་པས་ཡང་དག་པ་མྱ་ངན་ལས་འདའ་བར་ངེས་ལ། མཚམས་མེད་བྱེད་པ་དག་ནི་ཚེ་ཕྱི་མ་ཁོ་ན་ལ་ལོག་པ་ངན་སོང་གསུམ་དེའི་ནང་ནས་ཀྱང་དམྱལ་བ་ཉིད་དུ་ངེས་ཏེ་ཉེ་བ་ལྔ་ནི་དེར་འདུས་པའམ་ཕྱི་མ་ཁོ་ན་ལ་མ་ངེས་ཤིང་། དེ་གཉིས་ལས་གཞན་ནི་རྐྱེན་གྱིས་འགྱུར་བས་མ་ངེས་པའི་ཚོགས་སོ། །གཉིས་པ་ད་ནི་སྣོད་ཀྱི་འཇིག་རྟེན་འཆད་པ་ལ་འབྲེལ་ནི། འཇིག་རྟེན་གཉིས་ཡོད་པ་དེ་ལ་ཞེས་པའམ། སེམས་ཅན་གྱི་འཇིག་རྟེན་དེའི་རྗེས་དེ་ལ་སྣོད་ཀྱི་འཇིག་རྟེན་གྱི་ངོ་བོ་དང་ཚད་དབྱིབས་ལ་སོགས་པ་རྒྱ་ཆེ་རོལ་པའི་མདོ་དང་མངོན་པའི་མདོ་དང་གདགས་པའི་བསྟན་བཅོས་ལ་སོགས་པ་རྣམས་འདིར་བསྡུས་ཏེ་སྟོན་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་འདྲའམ་ཞེ་ན་མ་ངེས་ཏེ། མདོ་ལས་འཇིག་རྟེན་གྱི་ཁམས་ཁ་ཅིག་ཟླ་གམ་ལྟ་བུ། ཁ་ཅིག་པདྨ་སྣ་ཚོགས་ཀྱི་དབྱིབས། ཁ་ཅིག་ཤིང་རྟའི་དབྱིབས། ཁ་ཅིག་སྟེང་གཡོགས་མེད་པ་དང་། སྣྲེལ་ཞི་དང་། སྤྱིའུ་ཚུགས་དང་། ཁ་ཅིག་ཉི་ཟླ་མེད་པར་སངས་རྒྱས་ཀྱི་སྨིན་མཚམས་ཀྱི་ནོར་བུ་རིན་པོ་ཆེས་སྣང་བའི་བྱ་བ་བྱེད་པ་སངས་རྒྱས་ནོར་བུ་བརྩེགས་པའི་རྒྱལ་པོའི་ཞིང་ལྟ་བུ་དང་། སྟོང་གསུམ་གཅིག་ན་ཉི་ཟླ་གཅིག་གིས་བྱ་བ་བྱེད་པ་སངས་རྒྱས་ཀུན་ཏུ་བཟང་པོའི་ཞིང་མི་འཛུམ་པ་ལྟ་བུ་དང་། གླིང་བཞིའི་བཀོད་པ་དང་མི་ལྡན་པ་དང་ལྡན་པ་ཡང་ཚུལ་མི་འདྲ་བ་དུ་མར་སྣང་བ་ལས། འདིར་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་ན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་ཕྱག་གི་མཐིལ་ལ་རབ་ཏུ་གནས་པའི་ནོར་བུ་རིན་པོ་ཆེའི་ནང་ན་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩ་ལྔ་བརྩེགས་ནས་གནས་པའི་དབུས་བཅུ་གསུམ་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་མི་མཇེད་འཇིག་རྟེན་གྱི་གནས་ཚུལ་འཆད་དོ། །འདོད་ཅེས་པ་ནི་མངོན་པ་བ་རྣམས་ཏེ། མུ་སྟེགས་པས་རུས་སྦལ་གྱི་སྟེང་དུ་ཆགས་པ་སོགས་བསལ་ནས་སངས་རྒྱས་པའི་ལུགས་སུ་སྟོན་པའོ། །ཇི་ལྟར་གནས་ཞེ་ན། འདི་ལ་གསུམ་སྟེ། རྟེན་སྣོད་ཀྱི་གནས་ལུགས་དངོས། ཞར་ལ་བརྟེན་པ་སེམས་ཅན་གྱི་ཚད། དེ་དག་འཇལ་བྱེད་ཀྱི་ཚད་བཤད་པའོ། །དང་པོ་ལ་གསུམ་སྟེ། སྣོད་ཀྱི་གནས་ལུགས་སྤྱིར་བསྟན། ནང་ཚན་གྱི་གནས་ལུགས་བྱེ་བྲག་ཏུ་བཤད། སྟོང་གསུམ་ངོས་གཟུང་ཞིང་འབྱུང་འཇིག་མཉམ་དུ་བསྟན་པའོ། །དང་པོ་ལ་གཉིས་ཏེ། རྟེན་དཀྱིལ་འཁོར་གསུམ་བཤད། བརྟེན་པ་རི་མཚོ་བཤད་པའོ། །དང་པོ་ནི། སྣོད་ཐམས་ཅད་ཀྱི་འོག་དག་གི་གཞིར་གྱུར་པའི་རླུང་འཇམ་པོ་ཞེས་བྱ་བའི་མིང་ཅན་སྤྱི་མཐུན་གྱི་ལས་ཀྱིས་དཀྱིལ་འཁོར་ཏེ་ཟླུམ་པོ་ཞིག་མངོན་པར་གྲུབ་པར་གྱུར་ལ། དེ་ལ་རྡུལ་རྫས་བརྒྱད་ཚང་ཡང་གཙོ་བོ་ཡིན་ནོ་ཞེས་བརྗོད་ཅིང་། དེའི་རྔམས་སུ་ནི་དཔག་ཚད་ས་ཡ་གཅིག་དང་དྲུག་འབུམ་ཡོད་ལ། རྒྱའི་ཚད་ནི་གྲངས་མེད་ཅེས་པ་གྲངས་ཀྱི་གནས་གཞན་དྲུག་ཅུས་ཐད་ཀར་བགྲང་བར་མི་ནུས་པ་སྟེ། དེ་ནི། ཕྱོགས་རྒྱུ་ཁ་དོག་དབྱིབས་དང་ཚད། །ཡོན་ཏན་བྱེད་ལས་ངེས་པའི་ཚིག །བརྒྱད་ཀྱི་ངེས་པར་བྱ་བ་ལས། །ཕྱོགས་ནི་འོག་ན་གནས་ཤིང་རྒྱུ་རིང་བ་སྤྱི་མཐུན་གྱི་ལས་དང་ཉེ་བ་རླུང་གི་རྡུལ་ཡིན་ལ། ཁ་དོག་མཚོན་སྣ་བརྒྱས་བཀྲ་བའི་སྔོ་སྐྱ། དབྱིབས་ཟླུམ་པོ། ཚད་སྔར་བཞིན་ལ། ཡོན་ཏན་ཚན་པོ་ཆེའི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་ཤིང་། བྱེད་ལས་བརྟེན་པ་རྣམས་འཛིན་པ་བྱེད་ལ། ངེས་ཚིག་ནི་གཙོ་བོ་རླུང་ཟླུམ་པོ་ཡིན་པས་སོ། །དེའི་སྟེང་དུ་སེམས་ཅན་རྣམས་ཀྱི་ལས་ཀྱིས་སྤྲིན་གསེར་གྱི་སྙིང་པོ་ཅན་འདུས་པ་ལས་ཆར་གྱི་རྒྱུན་གཉའ་ཤིང་ཙམ་ལ་སོགས་པ་བབས་པ་ལས་ཆུའི་དཀྱིལ་འཁོར་ཆགས་ཏེ། དེའི་ཚད་ལ་རྔམས་ནི་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུ་ཡོད་ཀྱང་ཐད་ཀར་མི་འབོ་བ་ནི་ཟས་མ་ཞུ་བ་ལོང་དུ་མི་ལྟུང་བ་ལྟར་ལས་ཀྱིས་སམ་སྦྱང་གི་ཚུལ་དུ་རླུང་གིས་འཛིན་པ་ཡིན་ལ། དེ་ནས་ཆུ་དེ་རླུང་གིས་དཀྲོགས་པས་ཕྱིས་ནི་ཆུའི་རྔམས་སུ་འབུམ་ཕྲག་བརྒྱད་ཡིན་ཞིང་། དེའི་ལྷག་མ་སྟེང་རིམ་དག་ནི་འོ་མ་དཀྲོགས་པ་ལས་མར་ལྟར་གསེར་དུ་འགྱུར་ཏེ་སུམ་འབུམ་ཉི་ཁྲིའོ། །ཐད་ཀ་དང་མཐའ་བསྐོར་གྱི་ཚད་ནི་ཆུ་དང་ཞེས་སོགས་ཏེ་གླིང་བཞིའི་དབང་དུ་བྱས་པའོ། །དཀྱིལ་འཁོར་རྒྱ་མཉམ་པ་ཡིན་ནམ་ཞེ་ན། མངོན་པ་གོང་མ་བ་ནི་དཀྱིལ་འཁོར་རྒྱ་མཉམ་པར་བཞེད་དེ། ས་ལ་སྟོང་ཆེན་པོའི་ཕྱེད་ཙམ་གྱི་རླུང་གི་དཀྱིལ་འཁོར་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་དང་སེམས་ཅན་གཞལ་མེད་ཁང་ཅན་མིན་པའི་རྟེན་དུ་གྲུབ་པར་འགྱུར་རོ། །དེ་ཡང་གཉིས་ཏེ་འོག་གཞི་དང་གློ་ན་གནས་པའོ། །དེས་ཆུ་དེ་ཐད་ཀར་ཡང་མི་འབོ་ལ་ཐུར་དུ་ཡང་མི་འཛག་གོ་ཞེས་སོ། །ཡང་ཁ་ཅིག་ན་རེ་འོག་མའི་ལུགས་ལ་ཡང་མཉམ་པ་ཡིན་ཏེ་ལྕགས་རི་ཚུན་ཆད་ཀྱི་ཆུ་དང་གསེར་གྱི་ཚད་བསྟན་ནས་ཕན་ཚུན་མཚོན་པའི་དོན་དུ་སྒོ་གཉིས་སུ་བསྟན་པའོ། །ཞེས་སོ། །ཁ་ཅིག་རླུང་གི་སྟེང་དུ་ཡང་ཆུ་ཐོར་བུར་ཆགས་ནས་ཟིལ་པ་ལྟར་ལས་ཀྱིས་མི་འདྲེ་མི་འབོ་བར་འདོད་དོ། །ཊཱི་ཀ་ལས། ཁོར་ཡུག་གི་མཐར་དཔག་ཚད་སྟོང་ཉིས་བརྒྱ་བརྒྱད་ཅུ་རྩ་ཕྱེད་དང་བརྒྱད་ལུས་པར་བཤད་པ་དེའི་དོན་སྔ་རབས་པ་དག ཕྱོགས་མཐའ་གཉིས་ནས་སྟོང་ཕྲག་དག །གཉིས་དང་བརྒྱ་ཕྲག་ལྔ་དག་དང་། །བདུན་ཅུ་རྩ་ལྔ་དག་གིས་བསྣན། །གླིང་བཞི་བཅས་པས་དཀྱིལ་འཁོར་ཁྱབ། །ཅེས་གསུངས་ལ་དེ་དང་བསྟུན་ན་ཕྱི་མ་འཐད་དོ། །ཁ་ཅིག་རི་རྣམས་ཟངས་ཡག་ཁོ་ན་མིན་པས་རྩ་བས་ཁྱབ་པའོ་ཞེས་སོ། །འདིར་ཡང་། ཕྱོགས་ནི་འོག་ན་རྒྱུ་ལས་ཆར། །ཁ་དོག་དཀར་སེར་ཚད་གཞུང་བཞིན། །ཡོན་ཏན་བྱེད་ལས་དབྱིབས་རླུང་བཞིན། །ངེས་ཚིག་ཆུ་གསེར་ཟླུམ་པོའི་ཕྱིར། །ཞེས་སོ། གཉིས་པ་ལ་རི་དགུ་བཤད། མཚོ་བརྒྱད་བཤད་པའོ། །དང་པོ་ནི། དེ་ནས་ཡང་སེམས་ཅན་རྣམས་ཀྱི་ལས་ཀྱིས་མཐུས་ས་བོན་སྣ་ཚོགས་པ་ཅན་གྱི་སྤྲིན་ལས་ཆར་གྱི་རྒྱུན་བབས་པས་ཆུ་ཆགས་པ་ཡིན་ལ་དེའི་ཚད་ནི་བརྒྱད་ཁྲི་ལྷག་ཙམ་མོ། །དེ་ལས་ཀྱི་མཐུ་ལས་བྱུང་བའི་རླུང་ཁམས་རབ་འབྲིང་ཐ་མ་འབྱེད་ཅིང་སྡུད་པར་བྱེད་པ་ལས་རི་རབ་དང་རི་བདུན་དང་། གླིང་བཞི་ཁོར་ཡུག་དང་བཅས་པ་རིམ་གྱིས་གྲུབ་བོ། །དེ་ལ་རིའི་དབྱེ་བ་ནི་ལྷུན་ཅིང་བརྗིད་པའི་རི་རབ་དང་། རི་བདུན་ནི་ས་ལས་རྩེ་མོའི་དབྱིབས་འདྲ་བས་བཏགས་ཞེས་གསུངས་པས། ཉི་མའི་ཤིང་རྟའི་གཉའ་ཤིང་འཛིན་ནུས་པའམ་ཤིང་དེའི་དབྱིབས་ཅན་ཡོད་པ་དང་། རྩེ་མོ་གཤོལ་མདའ་ལྟ་བུ་བརྒྱད་དམ་ཤིང་དེ་ལྟ་བུ་འཛིན་པ་དང་། སེང་ལྡེང་གི་ཕུང་པོའམ་མདངས་ཅན་དང་། དབྱིབས་ལེགས་ཤིང་བལྟ་ན་སྡུག་པའི་ཕྱིར་དང་། བྲག་རྟའི་རྣ་བ་ལྟ་བུ་ཡོད་པ་དང་། དབུས་ལ་ཅུང་ཟད་འདུད་པའི་རྣམ་འདུད་དང་། ཉི་མ་དང་འདྲ་བར་ཐ་མ་འཛིན་པས་མུ་ཁྱུད་འཛིན་ཏེ་ས་ལས་ནི་བར་པ་ལྔ་ཟློག་སྟེ་བཤད་ལ། དེ་ནས་གླིང་ཡོད་ཅིང་དེ་དག་ཀུན་གྱི་ཕྱི་རོལ་ན་ནི་ཁོར་ཡུག་སྟེ་ཟླུམ་པོའོ། །ངོ་བོ་ནི་བར་པ་བདུན་གསེར་ཡིན་ཞིང་ཁོར་ཡུག་དེ་ལྕགས་སོ། །ལྷུན་པོ་ནི་ཤར་དངུལ་དཀར་པོ། ལྷོ་བཻཌཱུརྻ་སྔོན་པོ། ནུབ་ཤེལ་དམར་པོ། བྱང་གསེར་སེར་པོ་སྟེ་རིན་པོ་ཆེ་བཞིའི་རང་བཞིན་ཡིན་པས་དེའི་འོད་ཀྱིས་རྒྱ་མཚོ་དང་ནམ་མཁའི་མདོག་ཀྱང་བཞིའོ། །ཚད་ནི་རི་དགུ་པོ་ཆུའི་ནང་དུ་དཔག་ཚད་བརྒྱད་ཁྲི་ནུབ་བོ། །དེ་བཞིན་དུ་ལྷུན་པོ་ནི་ཆུའི་སྟེང་དུ་ཡང་དཔག་ཚད་དག་ནི་བརྒྱད་ཁྲི་འཕགས་པའོ། །བརྒྱད་པོ་ཆུའི་སྟེང་གི་འཕང་དུ་ཕྱེད་ཕྱེད་དབྲི་སྟེ། བཞི་ཁྲི་དང་ཉི་ཁྲི་དང་ཆིག་ཁྲི་དང་ལྔ་སྟོང་དང་ཉིས་སྟོང་ལྔ་བརྒྱ་དང་། སྟོང་ཉིས་རྒྱ་ལྔ་བཅུ་དང་དྲུག་བརྒྱ་ཉི་ཤུ་རྩ་ལྔ་དང་སུམ་བརྒྱ་ཕྱེད་དང་བཅུ་གསུམ་ཡིན་ལ། དེ་དག་ཞིང་གི་རྔམས་སུའང་འཕང་དང་མཉམ་པས་རི་རབ་ཀྱི་ཞེང་ལ་བརྒྱད་ཁྲི་ལ་སོགས་པའོ། །གཉིས་པ་མཚོ་བརྒྱད་བཤད་པ་ནི། རི་དང་པོ་བརྒྱད་པོ་དེ་དག་གི་བར་བདུན་ནི་རོལ་མཚོ་ཡིན་ལ་ཚད་ནི་དང་པོ་སྟོང་ཕྲག་བརྒྱད་ཅུ་པའོ། །དེ་ནི་ནང་ཁོ་ནར་ངེས་པའི་རྒྱ་མཚོ་ཡིན་ལ། དེའི་ངོས་སམ་སྲིད་ལ་སུམ་འགྱུར་ཏེ་ཉིས་འབུམ་བཞི་ཁྲི་ཡོད་ལ། རོལ་མཚོ་གཞན་ནི་བཞི་ཁྲི་ལ་སོགས་པ་ཕྱེད་ཕྱེད་དུ་སྦྱར་རོ། །དེ་རྣམས། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་བ་དང་ནི་དྲི་ང་མེད། །འཐུང་ན་མགྲིན་དང་ལྟོ་བ་ལ། །མི་གནོད་ཡན་ལག་བརྒྱད་ལྡན་ཆུ། །ཡིན་ཞིང་ཤཱི་ཏ་ཞེས་པ་སྨོས་བྱས་པའི་རོལ་དང་འདྲ་བས་རོལ་དང་། གཟའ་སྐར་ལ་སོགས་པའི་གཟུགས་བརྙན་རྒྱ་ལས་འབུར་ལྟར་སྣང་བས་ན་མཚོ་ཞེས་བྱའི། གང་དག་རྩེ་ཞིང་རོལ་པས་ཞེས་ཟེར་བ་ནི་ལེགས་སྦྱར་དང་མི་མཐུན་ནོ། །དེ་ལ་ཀླུ་དགའ་བོ། ཉེ་དགའ། རྟ་བཞི། བཏང་བཟུང་། གཟི་ཅན། ཡུལ་འཁོར་སྲུང་། ནག་པོ་ཆེན་པོ། ཨེ་ལའི་འདབ་ཅན་གནས་ཏེ་བརྒྱ་བྱིན་གྱི་དཔུང་ངོ་། །དེ་དག་གི་ལྷག་མ་མུ་ཁྱུད་འཛིན་ནས་ཁོར་ཡུག་གི་བར་ནི་ཕྱི་ཁོ་ནར་ངེས་པ་ཡི་མཚོ་ཆེན་པོ་ཡིན། དེ་ནི་ཚྭ་སྒོ་ཅན་གྱི་ཆོས་གང་སྟེ་གདགས་པར་འོག་ས་ལན་ཚྭའི་ངོ་བོ་ཡིན་པ་དང་། དུད་འགྲོ་དཔག་དུ་མེད་པ་ཤི་བའི་རོ་རུལ་བས་ལན་ཚྭའི་རོ་དང་ལྡན་ནོ་ཞེས་བཤད་ལ། ཆུ་དེ་ནི་འཛམ་བུའི་གླིང་གི་མི་རྣམས་ཀྱིས་སྤྱད་དུ་མི་རུང་ལ། དེ་ན་གནས་པའི་དུད་འགྲོ་རྣམས་ཀྱིས་ལོངས་སྤྱོད་དུ་རུང་བས། བསྡུ་བ་ལས། ཆུ་དེ་ནི་སྐམ་དང་ཆུ་ལ་གནས་པའི་བསོད་ནམས་དང་བསོད་ནམས་མ་ཡིན་པའོ། །ཞེས་བཤད་དོ། །ཚད་ནི་མུ་ཁྱུད་འཛིན་གྱི་མཐིལ་ནས་ཁོར་ཡུག་གི་བར་ལ་དཔག་ཚད་འབུམ་ཕྲག་གསུམ་དང་སྟོང་ཕྲག་དག་ནི་ཉི་ཤུ་གཉིས་སོ། །དུམ་བུར་མ་ཆད་ཀྱང་ཕྱོགས་ཀྱི་རྒྱ་མཚོ་བཞིའོ་ཞེས་སོ། །དེ་ནི་རིན་པོ་ཆེའི་རིགས་དུ་མ་ཅན་ནོ། །འོ་ན་རྒྱ་མཚོར་ཆུ་བོ་དང་། ཆར་འབབ་པས་ཆུ་བྲེས་ལས་མི་འདའ་བ་ཅི་ཡིན་ཞེ་ན། ཕལ་པོ་ཆེ་ལས། ཀླུས་ཆར་ཕབ་པས་རྒྱ་མཚོ་སྲིད་རྩེ་ལས་འདའ་བར་འགྱུར་བ་ལ་ཆུ་དང་གསེར་གྱི་ས་གཞིའི་མཚམས་ཀྱི་རིན་པོ་ཆེ་ཉི་མའི་སྙིང་པོས་ཆུ་རྣམས་འོ་མ་དང་ཞོར་བྱེད་ལ། རིན་པོ་ཆེ་བརླན་དང་བྲལ་བ་ཞེས་པས་མར་གྱིས་ཉིང་ཁུར་བྱེད། རིན་པོ་ཆེ་མེའི་འོད་ཅེས་པས་མེ་འབར་བར་བྱེད། རིན་པོ་ཆེ་མ་ལུས་པའི་མཐར་ཐུག་པ་ཞེས་པས་ཅི་ཡང་མི་སྣང་བར་བྱེད་ཅེས་བཤད། མཛངས་བླུན་དུ་དམྱལ་བའི་ཚད་པས་སྐོམ་པ་དང་། གཞན་དུ་རྒོད་མ་ཁའི་མེས་སྐོམ་པར་བཤད། གཉིས་པ་ནང་ཚན་གྱི་གནས་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། མིའི་གནས། དམྱལ་བའི་གནས། ལྷའི་གནས་སོ། །དང་པོ་ལ་གཉིས་ཏེ། གླིང་བཅུ་གཉིས་སྤྱིར་བསྟན། འཛམ་བུ་གླིང་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། གླིང་བཞི་བཤད། གླིང་ཕྲན་བརྒྱད་བཤད་པའོ། །དང་པོ་ནི། ཕྱིའི་རྒྱ་མཚོ་དེའི་ལྷོ་ཕྱོགས་ལ་ནི་ཤིང་འཛམ་བུས་མཚོན་ཞིང་ཆུའི་ནང་དུ་དུམ་བུར་ཆད་པའི་གླིང་སྟེ། དེའི་ཚད་ནི་ངོས་གསུམ་ལ་དཔག་ཚད་སྟོང་ཕྲག་གཉིས་གཉིས་པ་ཤིང་རྟའི་དབྱིབས་སུ་ཡོད་པའི་སོག་ཡུལ་ལྟ་བུའི་ངོས་གཅིག་ལ་དཔག་ཚད་ཕྱེད་དང་བཞི་སྟེ་ཁོར་ཡུག་ཕྱོགས་སོ། །བྱམས་པ་བྱོན་པའི་དུས་སུ་འཛམ་གླིང་འདི་ཡང་དཔག་ཚད་སྟོང་ཕྲག་བཅུ་པ་ཐ་གྲུ་དང་ཆུ་ཞེང་མཉམ་པར་གསུངས་སོ། །ས་ལས་ནི་མཐའ་སྐོར་ལ་དྲུག་སྟོང་ལྔ་བརྒྱའོ་ཞེས་བཤད་དོ། །ཤར་གྱི་གླིང་ནི་ཆུ་ལས་ཤིང་ཏ་ལ་བདུན་སྲིད་ཀྱི་གྱེན་དུ་འཕགས་པ་འཛམ་བུའི་གླིང་གི་མི་བས་གླིང་དེའི་མིའི་ལུས་ཉིས་འགྱུར་གྱིས་ཆེ་བས་ལུས་འཕགས་ཏེ། དབྱིབས་ཟླ་གམ་འདྲ་བའི་ངོས་གསུམ་ཉིས་སྟོང་པར་འདི་དང་འདྲ་ཞིང་གཅིག་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །ས་ལས་བདུན་སྟོང་གི་འཁོར་བའོ་ཞེས་སོ། །ནུབ་ཀྱི་གླིང་དེ་ན་གནས་པའི་མི་རྣམས་བ་གླང་དང་ནོར་བུ་རིན་པོ་ཆེ་ལ་ལོངས་སྤྱོད་གཙོ་བོར་བྱེད་པའི་གླིང་དེ་ནི་དབྱིབས་ཟླུམ་པོའི་ཚད་མཐའ་བསྐོར་དཔག་ཚད་སྟོང་ཕྲག་ཕྱེད་དང་བརྒྱད། ཐད་ཀར་ཆུ་བོ་ཐམས་ཅད་གྱ་གྱུ་སྟེ། ས་བ་ཀ་ནི་དྲང་པོར་འབབ། །བུད་མེད་ཐམས་ཅད་གཡོ་སྒྱུ་སྟེ། །མཛེས་ལྡན་མ་ལ་གཡོ་སྒྱུ་མེད། །ཅེས་པའི་ཆུ་བོའི་འགྲམ་ན་ཕར་སྟོང་ཕྲག་ཕྱེད་དང་གསུམ་སྟེ་ཀུན་ནས་ཟླུམ་པོར་སྟོན་པའོ། །བྱང་གི་གླིང་ནི་སྐད་རིགས་བཞི་ལས་འདྲེའི་སྐད་དུ་སྨྲ་བས་སམ། མི་རྣམས་འཆི་བའི་ཞག་བདུན་གྱིས་སྔ་རོལ་དུ་འཆི་བའི་སྒྲ་འབྱུང་བས་སྒྲ་མི་སྙན་སྟེ། མཐའ་བསྐོར་བརྒྱད་སྟོང་དབྱིབས་གྲུ་བཞི་ངོས་རེ་རེ་ལ་ཉིས་སྟོང་པར་མཉམ་ལ། ས་ལས་ཀྱང་དེ་གཉིས་མཐུན་པར་བཤད་དོ། །སྤྱིར་རྒྱ་ཆེ་རོལ་པ་དང་གདགས་པའི་བསྟན་བཅོས་དང་ས་རྣམས་མི་མཐུན་པར་ཡང་ཕྱི་རོལ་གྱི་དོན་ཅི་ཡང་མེད་ཀྱི་སེམས་སྣང་ལ་འཇོག་པས་འགལ་བར་མི་སེམས་ཏེ། ཕུག་ཁྲུ་གང་གི་ནང་དུ་འཁོར་ལོ་སྒྱུར་བ་དཔུང་གི་ཚོགས་དང་བཅས་པ་ཤོང་ངོ་ཞེས་ལུང་ལས་འབྱུང་ངོ་ཞེས་སོ། །སྟོང་གསུམ་གཞན་ལ་ནི་འཛམ་གླིང་ཆེ་བ་སོགས་དུ་མར་བཤད་དོ། །གླིང་གི་དབྱིབས་དང་དེ་ན་གནས་པའི་གདོང་པ་འདྲའོ། །གདགས་པར་འཛམ་གླིང་ན་གསེར་དངུལ། ཤར་ན་རས་དང་བེའུ་རས། ནུབ་ན་བ་གླང་དང་ནོར་བུ་ཉོ་ཚོང་བྱེད་ཅིང་བྱང་ན་མེད། ཁ་ཟས་ནི་བྱང་ན་མ་རྨོས་པའི་འབྲས་སཱ་ལུ་ཟ་ལ། གླིང་གཞན་གསུམ་འདྲ། འདི་ན་ཆར་འབབ་མཁས་མི་མཁས་དང་། ལོ་ལེགས་ཉེས་དང་། བདེ་སྡུག་དང་། བག་མ་གཏོང་ལེན་དང་། རྗེ་ཁོལ་གྱི་རྣམ་གཞག་ཡོད་པ་བཞིན་དུ་ཤར་ནུབ་ནའང་ཡོད་ལ། བྱང་ན་མེད་དེ་དཔག་བསམ་གྱི་ཤིང་ལས་འདོད་ཡོན་འབྱུང་བས་གང་ལའང་ཡོངས་སུ་འཛིན་པ་མེད་པའི་ཕྱིར་དང་། བུ་ཚ་རྣམས་ཀྱང་སྐྱེས་མ་ཐག་མས་འདོར་ཞིང་། རང་གི་མཐེ་བོང་ལས་ནུ་ཞོ་འབྱུང་བར་བཤད་དོ། །དེ་ཡང་དྲན་པ་ཉེར་བཞག་ལས་བླུན་པོས་དགེ་བ་བྱས་པ་སྒྲ་མི་སྙན་དུ་སྐྱེ་ཞེས་དང་། མྱང་འདས་སུ་གཞན་གྱིས་མི་འདོད་བཞིན་དུ་ཚུལ་ཁྲིམས་བསྲུང་དུ་བཅུག་པ་ཤར་ནུབ་གཉིས་སུ་སྐྱེ་བར་བཤད་དོ། །གཉིས་པ་གླིང་ཕྲན་བརྒྱད་བཤད་པ་ནི། གླིང་བཞི་པོ་དེའི་བར་གྱི་གླིང་ཕྲན་བརྒྱད་ནི། ཤར་གྱི་ལུས་དང་ལུས་འཕགས། བྱང་གི་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། ལྷོའི་རྔ་ཡབ་དང་རྔ་ཡབ་གཞན། ནུབ་ཀྱི་གཡོ་ལྡན་དང་ལམ་མཆོག་འགྲོ་སྟེ་ཐམས་ཅད་ན་མི་གནས་ཤིང་དབྱིབས་ནི་གཙོ་བོ་དང་འདྲ་ལ་ཚད་ནི་ཕྱེད་ཕྱེད་ཀྱི་ཆུང་བར་གང་སྤེལ་ལས་བཤད་དོ། །གཉིས་པ་འཛམ་བུ་གླིང་བྱེ་བྲག་ཏུ་བཤད་པ་ནི། རྡོ་རྗེ་གདན་ནམ་མཉན་ཡོད་འདི་ནས་ཞེས་པ་ལེགས་སྦྱར་དང་མི་མཐུན་པས་འཛམ་གླིང་འདི་ནས་བྱང་དུ་རི་ནག་པོ་གསུམ་གསུམ་གསུམ་སྟེ་དགུ་འདས་པའི་ཕ་རོལ་ན་གངས་རི་ཡོད་དོ། །དེའི་ཕ་རོལ་ནས་སྤོས་ངད་ལྡན་པའི་ཚུ་རོལ་ན་ཀླུའི་རྒྱལ་པོ་མ་དྲོས་པའི་གནས་མཚོ་མ་དྲོས་པ་ཞེས་བྱ་བ་ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བ། ཆུ་དང་ཞེང་དང་ཟབས་སུ་དཔག་ཚད་ལྔ་བཅུ་ཡོད་པ་མཐའ་ཉིས་བརྒྱས་འཁོར་བ་གྲུ་བཞི་པ་གང་ལས། ཆུ་བོ་ཆེན་པོ་བཞི་འབབ་པ་ཡོད་དེ། ཤར་ན་གངྒཱ་གླང་པོ་ཆེའི་ཁ་ནས། ལྷོར་སིནྡྷཱུ་རྨ་བྱའི། ནུབ་ཏུ་པཀྵཱུ་རྟའི། བྱང་དུ་སི་ཏཱ་སེངྒེའི་ཁ་ནས་འབབ་ཅིང་དེ་དག་ཀྱང་ཆུ་ཕྲན་ལྔ་བརྒྱ་དང་བཅས་ཏེ། དངུལ་དང་བཻཌཱུརྻ་ཤེལ་གསེར་གྱི་བྱེ་མ་འདྲེན་ཞིང་། མཚོ་ལ་གཡས་བསྐོར་ལན་གསུམ་གསུམ་བྱས་ནས་ཕྱོགས་བཞི་ནས་ཕྱིའི་རྒྱ་མཚོར་འབབ་པས་རིན་པོ་ཆེ་དུ་མའི་འབྱུང་གནས་སུ་གྱུར་པའོ། །དེའི་འགྲམ་ན་ཤིང་འཛམ་བུ་བྲྀཀྵ་ཞེས་བྱ་བ་འབྲས་བུ་མངར་པོ་རྫ་མ་ཙམ་དང་ལྡན་པ། དེ་སྨིན་པ་ཆུར་ལྷུང་བ་ལས་འཛམ་བུ་ཞེས་པའི་སྒྲ་དང་། འཛམ་བུའི་ཆུ་བོ་གསེར་དྲི་མ་མེད་པ་འབྱུང་སྟེ། ཤིང་དེའམ་དེའི་འབྲས་བུ་མཚོན་པའི་གླིང་ཞེས་བྱ་ལ། སྤོས་ངད་ལྡན་གྱི་ལྷོའི་དཔག་ཚད་བཅུ་ན་མ་དྲོས་པ། རི་དེའི་བྱང་གི་དཔག་ཚད་ཉི་ཤུ་ན་བྲག་རི་གསེར་གྱི་བྱ་སྐྱིབས་ཅན། ཞེས་བྱ་བ། ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་གྱེན་དུ་ཕྱེད་དང་བཞི་པ་གཡོག་ལྔ་བརྒྱ་དང་བཅས་པ། དེ་ནས་བྱང་གི་དཔག་ཚད་ཉི་ཤུ་ན་རྫིང་བུ་དལ་གྱིས་འབབ་ཅེས་པ་མ་དྲོས་པ་དང་ཚད་མཉམ་པ་གཡོག་ལྔ་བརྒྱ་དང་བཅས་པ་ཡོད་ལ། དེའི་ནང་ན་པདྨ་འདབ་མ་བ་གླང་གི་ཀོ་བ་ཙམ་སྡོང་བུ་གཤོལ་མདའ་ཙམ། མེ་ཏོག་ཤིང་རྟའི་འཕང་ལོ་ཙམ། རོ་སྦྲང་རྩི་ལྟ་བུ་སྐྱེ་བ་དང་ལྡན་པ་དང་། ཤིང་སཱ་ལའི་རྒྱལ་པོ་རབ་བསྟན་ཞེས་པ་གཞུ་འདོམ་བཞི་བཅུ་ཐུར་དུ་ཟུག་པ། འོབས་རིམ་པ་བདུན་གྱི་དང་པོ་དཔག་ཚད་བཅུ་གསུམ་ནས་ཐ་མ་བདུན་གྱིས་བར་དུ་འཕགས་པ་རྣམས་ཡོད་ལ། བརྒྱ་བྱིན་ལ་གླང་པོ་ཆེ་གཉིས་ཡོད་པའི་གཡུལ་ངོར་སྤྱོད་པའི་རབ་བརྟན་ནི་ལུས་མེ་ཏོག་ཀུནྡ་ལྟར་དཀར་བ། མགོ་བོ་ནོར་བུ་ཆུ་ཤེལ་ལྟར་དམར་བ་མཆེ་བ་དྲུག་དང་ལྡན་པ་འཕང་དུ་དཔག་ཚད་ཕྱེད་དང་གཉིས་སྲིད་དུ་ཕྱེད་དང་གསུམ་ཞེང་དུ་གཅིག མཐའ་བདུན་གྱིས་འཁོར་བ་ཡོད་པ་སྟེ། དེ་རྣམས་སུ་དགུན་དང་དཔྱིད་དང་དབྱར་ཟླ་བ་བཞི་བཞི་གནས་ཤིང་། བླ་མ་ནི་གསུམ་གསུམ་དང་གསུམ་ནི་སུམ་ཅུ་རྩ་གསུམ་དུའོ་ཞེས་གསུངས་སོ། །ཡང་གླིང་འདིའི་དབུས་ན་བྱང་སེམས་སྲིད་པ་ཐ་མ་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེད་པའི་གཞི་རྡོ་རྗེའི་གདན་ཞེས་པ་མེ་ལ་སོགས་པས་མི་འཚིག་པ་གྲུབ་པས་གླིང་གཞན་དུ་སངས་རྒྱས་མི་འབྱུང་ལ། གཞན་ཡང་ཡུམ་གསུངས་པའི་གནས་བྱ་རྒོད་ཕུང་པོའི་རི་དང་། ཤར་ན་འཇམ་དཔལ་གྱི་གནས་རི་བོ་རྩེ་ལྔ་དང་། ལྷོ་ན་སྤྱན་རས་གཟིགས་ཀྱི་གནས་རི་བོ་གྲུ་འཛིན་དང་། ནུབ་ན་མཁའ་འགྲོའི་གནས་ཨུ་རྒྱན་དང་། བྱང་ན་རིགས་ལྡན་གྱི་གནས་ཤམ་བྷ་ལ་དང་། སྐྱེ་བོ་ཕལ་པའི་ཡུལ་ཆེན་བཅུ་དྲུག་དང་། ཡུལ་ཕྲན་སྟོང་དང་། གྲོང་ཁྱེར་ཆེན་པོ་དྲུག་གི་བརྒྱན་པའི་ཡུལ་དབུས་དང་མཐའ་འཁོབ་ཀྱིས་རབ་ཏུ་ཕྱེ་བའི་མི་རིགས་དང་སྐད་རིགས་ཐ་དད་པ་སྣ་ཚོགས་དང་བཅས་པ་དང་། གཞན་ཡང་ལྷོ་ཕྱོགས་ན་རི་རྒྱལ་མ་ལ་ཡ་ཞེས་པ། དུག་གསུམ་ཤས་ཆེ་བའི་རྟགས་སུ་རྩེ་མོ་ན་ཕུག་རོན་དང་། རྐེད་པ་ན་སྦྲུལ་དང་རྩ་བ་ན་ཕག་གནས་པ་དང་། རི་བྱ་རྐང་དང་གངས་ཅན་དང་འབིགས་བྱེད་སོགས་དུ་མ་ཡོད་དོ། །དེས་ན་གླིང་འདི་ནི་ཆོས་དར་ཞིང་ལས་ཀྱི་ས་པའོ། །རི་ལ་སོགས་པ་ཡང་དོན་བརྒྱད་ཀྱིས་ངེས་པར་བྱ་བ་ལས་བདུན་ནི་ཅི་རིགས་པར་སྦྱར་ཞིང་། ལས་ནི་བརྟེན་པ་འཛིན་པར་བྱེད་པའོ། །གཉིས་པ་དམྱལ་བའི་གནས་ལ། ཚ་དམྱལ་བརྒྱད་བཤད། ཉེ་འཁོར་བཅུ་དྲུག་བཤད། གྲང་དམྱལ་གྱི་གནས་བཤད་པའོ། །དང་པོ་ནི། དམྱལ་བ་རྣམས་ཕྱོགས་གང་ན་ཡོད་ཚད་ཇི་ཙམ་ཞེ་ན། མ་དྲོས་པའམ། འཛམ་གླིང་འདི་ཡི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་མནར་མེད་པའི་ཁང་པའི་སྟེང་གནས་ལ་དེའི་གནམ་འཕང་དང་རྒྱར་ཡང་དེ་ཙམ་སྟེ་ཉི་ཁྲི་ཉི་ཁྲིའོ། །དེའི་འོག་ཏུ་དེ་ཇི་ལྟར་ཆུད་ཅེ་ན། གླིང་རྣམས་ནི་ཧ་ཅང་ཟངས་ཡག་མིན་གྱིས་འབྲུའི་ཕུང་པོ་ལྟར་གནས་པའོ། །དུཿཁ་བར་མ་ཆད་དམ་བདེ་བའི་སྐབས་མེད་པས་ན་དེ་སྐད་ཅེས་བྱའོ། །གཞན་ན་ནི་བར་ཆད་དང་བཅས་པ་གཞན་ཁ་ཅིག་དེའི་གློ་ན་གནས་པར་འདོད་ཀྱང་སྟེང་ན་དམྱལ་བ་བདུན་ཏེ། སྒྲ་དོན་ནི་སླའོ། །དང་པོ་ལྔ་ལུས་ཀྱི་གསུམ་དང་ངག་གི་མི་དགེ་བས་སྐྱེ་བར་ཁ་ཅིག་གསུང་ངོ་། །འདིར་བར་ཐག་གི་ཚད་མ་བཤད་པ་ལ་ས་ལས་འདི་ནས་སུམ་ཁྲི་ཉིས་སྟོང་ན་ཡང་སོས་དང་། གཞན་ནི་བཞི་སྟོང་བཞི་སྟོང་གི་ཆོད་པར་བཤད་དོ། །གཉིས་པ་ནི། ཚ་དམྱལ་བརྒྱད་པོ་ཀུན་ཏེ་རེ་རེ་ལ་ཡང་དེ་ལས་ཐར་ཡང་དུཿཁ་མྱོང་བའི་གནས་ལྷག་པོ་ཕྱོགས་ཀྱི་དབྱེ་བས་བཅུ་དྲུག་སྟེ་དེ་གང་ཞེ་ན་བརྒྱད་དོ། །དེ་དག་གི་ནི་ངོས་བཞི་འཁོར་བ་ན་མེ་མ་མུར་པུས་ནུབ་ཙམ་བརྒལ་བ་ན། རྐང་པ་འདེགས་འཇོག་གིས་ཤ་སྐྱེ་འཇིག་བྱེད་པ་དང་རོ་མྱགས་ཕྱི་སའི་འདམ་རྫབ་རྐེད་པ་ནུབ་པ་ཙམ་ལ་འབུ་མཆུ་རྣོན་གྱི་རུས་པའི་བར་དུ་འབིགས་པ་དང་། སྤུ་གྲི་སོ་རྣོན་པོས་གཏམས་པའི་ལམ་དང་། སོགས་པས་རལ་གྲི་ལོ་མའི་ནགས་ཚལ། ཤལ་མ་རི་སྟེ་གསུམ་པོ་མཚོན་ཆ་འདྲ་བས་གཅིག་ཏུ་བྱས་ལ། དེའི་དང་པོས་སྔར་བཞིན་རྐང་པའི་ཤ་སྐྱེ་འཇིག་བྱེད་པ་དང་། གཉིས་པ་ནི། དེའི་གྲིབ་མ་ལ་འཁོད་པ་ན་རལ་གྲི་ལྷུང་བས་གཅོད་ཅིང་འགྱེལ་བ་ན་ཁྱི་སྲེ་བོ་རྣམས་ཀྱིས་ཟ་བ་དང་། གསུམ་པ་ནི། ནགས་ཚེར་མ་རྣོན་པོ་སོར་བཅུ་དྲུག་ཡན་མན་དུ་ཁ་བལྟས་པས་འཛེག་པ་དང་འབབ་པ་ན་འབིགས་ཤིང་བྱ་ཁྭ་ད་ལྕགས་ཀྱི་མཆུ་ཅན་གྱིས་མིག་འབྱིན་པ་དང་། ཆུ་བོ་རབ་མེད་ནི་འགྱུར་བྱེད་ཀྱི་ཆུ་ཁོལ་མས་གང་བ་ལ་ལྷུང་སྟེ། ངོས་གཉིས་ནས་སྐྱེས་བུ་མཚོན་ཆ་སྣ་ཚོགས་ཐོགས་པས་བསྲུང་ཞིང་འཚེད་པའོ། །འོ་ན་དམྱལ་སྲུང་སེམས་ཅན་ཡིན་ནམ་མིན་ཞེ་ན། བྱེ་སྨྲ་ནི་ཡིན་པར་འདོད་ལ་འོན་ཀྱང་ལས་ཀྱིས་མཚམས་བཅད་པས་མེས་ནི་མི་འཚིག་ལ། རྣམ་སྨིན་ནི་དམྱལ་བ་དེ་དག་ཏུ་སྐྱེ་བར་སྨྲའོ། །མདོ་སྡེ་པ་ནི་སེམས་ཅན་གྱི་ལས་ཀྱིས་འབྱུང་བའི་ཁྱད་པར་གནོད་བྱེད་དུ་འདོད་ལ། སེམས་ཙམ་པས་རང་གི་སེམས་ཀྱི་སྣང་བར་བཞེད་དོ། །གསུམ་པ་ནི། ཆུ་བུར་ཅན་དང་སོགས་པ་ཆུ་བུར་རྡོལ་བ་ཅན་སོགས་གྲང་དམྱལ་བརྒྱད་ནི་ཚ་དམྱལ་ལས་གཞན་པའི་གནས་ཏེ། ཚ་དམྱལ་རྣམས་ཀྱི་ཐད་ཀ་ན་ཡོད་དོ། །སར་ནི་ཡང་སོས་ཀྱི་ཐད་ཀ་དཔག་ཚད་ཁྲིའི་ཕ་རོལ་ན་དང་པོ་དང་། གཞན་ནི་ཉིས་སྟོང་ཉིས་སྟོང་གི་འོག་ན་གནས་སོ་ཞེས་བཤད། དེ་ཡང་དང་པོ་གསུམ་ངག་དང་ལྔ་ལུས་ཀྱི་རྣམ་འགྱུར་ལས་བཏགས་ཤིང་། བརྒྱད་ཆར་ལ་ཉི་ཟླའི་སྣང་བ་མེད་པར་མཚུངས་ལ། དུཿཁ་ནི་ཚ་དམྱལ་ཆེ་བར་བཤད་དོ། །ཉི་ཚེ་བའི་སེམས་ཅན་དམྱལ་བའི་གནས་ནི་ཆུ་དང་རི་ལ་སོགས་པར་ངེས་མེད་ན་ཡོད་ལ། ཡི་དྭགས་ཀྱི་རྩ་བའི་གནས་ནི་རྒྱལ་པོའི་ཁབ་ཀྱི་འོག་དཔག་ཚད་ལྔ་བརྒྱ་ན་ཡི་དྭགས་ཀྱི་གྲོང་ཁྱེར་སེར་སྐྱ་ཞེས་པ་འཕེན་བྱེད་མི་དགེ་བས་འཕངས་ཀྱང་། རྫོགས་བྱེད་དགེ་བས་རྫོགས་པ་ལྷ་ལྟ་བུའི་དཔལ་ཉམས་སུ་མྱོང་ཞིང་དམྱལ་བར་འགྲོ་བའི་སེམས་ཅན་ལ་ཆོས་སྟོན་པས་ཆོས་ཀྱི་རྒྱལ་པོ་ཞེས་བསྡུ་བར་བཤད་ལ། དེའི་འཁོར་ནི་ཕན་རྫོགས་གཉིས་ཀ་མི་དགེ་བས་བསྐྱེད་པས་ཟས་སྐོམ་ལ་ཕྱི་དང་ནང་ཟས་སྐོམ་གྱི་སྒྲིབ་པ་ཅན་དང་། ཟས་སྐོམ་ཉིད་སྒྲིབ་པར་འགྱུར་བ་སྟེ་བཞིའམ། ས་སྡེར་གསུམ་དུ་བཤད་དོ། །དྲན་པ་ཉེར་གཞག་ལས་ཡི་དྭགས་ཀྱི་རིགས་སུམ་ཅུ་རྩ་དྲུག་ཅེས་གསུངས་སོ། །ས་ལས་ནི་གྲོང་ཁྱེར་ཡངས་པ་ཅན་གྱི་འོག་ཡིན་པར་གསུངས་སོ། །ཁ་འཐོར་བ་རྣམས་ནི་མི་དང་འདོད་ལྷའི་གནས་ནའང་ཡོད་ཅིང་། བྱེ་སྨྲ་ནི་དམྱལ་བའི་གནས་ན་ཡོད་པར་འདོད་དེ། དམྱལ་སྲུང་སྲིན་པོ་ཡི་དྭགས་ཡིན་པས་སོ། །དུད་འགྲོ་བྱིང་ན་གནས་པ་ནི། ཕྱིའི་རྒྱ་མཚོ་ལ་ཆང་ངར་མའི་སྦང་མ་ཙམ་ཡོད་ལ། དེ་ལས་འཕྲོས་པ་ཁ་འཐོར་བ་ནི་མི་དང་ལྷ་དང་ལྷན་ཅིག་རྒྱུ་བ་ལ་སོགས་པ་མཐའ་ཡས་ཏེ་ཆུ་དང་ཐང་དང་ནམ་མཁའ་ལ་གནས་པ་དག་གོ །གསུམ་པ་ལྷའི་གནས་བཤད་པ་ལ་གཉིས་ཏེ། གནས་དངོས། ཞར་ལ་དེར་གནས་པའི་སེམས་ཅན་གྱི་ཁྱད་པར་རོ། །དང་པོ་ལ་གཉིས་ཏེ། ས་གཞི་དང་འབྲེལ་བ་མན་ཆད་དང་། མ་འབྲེལ་བ་ཡན་ཆད་དོ། །དང་པོ་ལ་གཉིས་ཏེ། རྒྱལ་ཆེན་རིས་བཞིའི་གནས། སུམ་ཅུ་རྩ་གསུམ་པའི་གནས་སོ། །དང་པོ་ལ་གཉིས་ཏེ། གཞལ་མེད་ཁང་ལ་བརྟེན་པའི་གནས། རི་ལ་བརྟེན་པའི་གནས་སོ། །དང་པོ་ལ་བཞི་སྟེ། ཉི་ཟླའི་བར་ཐག་ཚད་དང་བཅས་པ། ཉི་མས་གླིང་བཞིར་བྱ་བ་བྱེད་ཚུལ། དེ་ལ་བརྟན་པའི་དུས་ཚིགས་ཀྱི་ཁྱད་པར། ཟླ་བ་འཕེལ་འགྲིབ་ཀྱི་རྒྱུ་མཚན་ནོ། །དང་པོ་ནི། ཉི་ཟླ་དག་འདི་ནས་ཇི་སྲིད་ན་ཡོད་ཅེ་ན། ཉི་ཟླའི་ཐག་ནི་ལྷུན་པོའི་ཕྱེད་གཉའ་ཤིང་འཛིན་གྱི་རྩེ་དང་མཉམ་པ་ནའོ། །ཚད་ལ་ཟླ་བ་ནི་ཐད་ཀར་དཔག་ཚད་ལྔ་བཅུ། མཐའ་སྐོར་དུ་སུམ་འགྱུར་ཏེ་ཕྱེད་ཉིས་བརྒྱའོ། །དེ་ཡང་། ཆུ་ཤེལ་བསིལ་དང་མིག་ལ་ཕན། །ལོ་ཏོག་སྨིན་དང་སྣང་བར་བྱེད། །ཅེས་པའོ། །ཉི་མ་ནི་ཐད་ཀར་གཅིག་དང་བཅས་པའི་ལྔ་བཅུ་སྟེ། མཐའ་བསྐོར་དུ་བརྒྱ་ལྔ་བཅུ་རྩ་གསུམ་པའོ། །དེ་ཡང་རྒྱུ་ནི་མེ་ཤེལ་གཉིས་ནི་ལྡོག གཉིས་ནི་མཐུན་པའི་ལས་ཅན་ནོ། །རྔམས་སུ་ནི་གཉིས་ཀ་མཉམ་སྟེ་དཔག་ཚད་ཕྱེད་དང་དྲུག་དང་བཅོ་བརྒྱད་ཆའོ། །སྐར་མ་ཆེ་བ་རྒྱང་གྲགས་བཅོ་བརྒྱད། འབྲིང་བཅུ་གཉིས། ཆུང་བ་བཞི་ཞེས་སར་བཤད་ལ། འདིར་ཆུང་བ་ལ་རྒྱང་གྲགས་གཅིག་ཏུ་བཤད་དོ། །དེ་དག་གི་སྟེང་ན་ལྷའི་གཞལ་ཡས་ཁང་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ་མེ་ཏོག་གསར་པ་རླུང་གིས་འགྲེམས་ཤིང་རྙིང་པ་སྡུད་པར་བྱེད་པ་ཡོད་དོ། །གཉིས་པ་ནི། ཉིན་མཚན་མཉམ་པའི་དུས་སུ་ཤར་དུ་ནམ་ཕྱེད་པ་དང་། ལྷོའི་ཉི་མ་ནུབ་པ་དང་། ནུབ་ཀྱི་ཉི་མ་ཕྱེད་པ་དང་། བྱང་གི་ཉི་མ་འཆར་བ་རྣམས་དུས་གཅིག་ལ། དེ་བཞིན་དུ་གཞན་ལའང་སྦྱར་བས་གླིང་གཉིས་ནི་སྣང་བར་བྱེད་ཅིང་གཉིས་ནི་མུན་པར་བྱེད་ལ། ལྷོའི་ཕྱི་མ་ཕྱེད་པའི་དུས་སུ་ཤར་གྱི་ཉིན་ཕྱེད་ནུབ་ལ། ནུབ་ཏུ་ཕྱེད་ཤར་བ་ལྟ་བུ་ཡུད་ཙམ་གླིང་གསུམ་སྣང་བ་ཡོད་དོ། །གསུམ་པ་ནི། དབྱར་གྱི་ཟླ་བ་གཉིས་པ་ནི་སྟོན་ཟླ་རྭ་བ་ཁྲུམས་ཀྱི་ཟླ་བ་ཡིན་ལ། དེའི་ཐ་མ་ཡར་ངོའི་ཚེས་བརྒྱད་ཀྱི་དུས་སུ་ཉིན་མཚན་མཉམ་པ་ཡིན་ལ། དེའི་ཚེས་དགུའི་ཐོ་རངས་ནས་མཚན་མོ་རིང་དུ་འགྲོ་བ་དང་། ཉིན་མོ་ཐུང་དུ་འགྲོ་བའི་འགོ་རྩོམ་མོ། །དགུན་རྣམས་ཀྱི་ཟླ་བ་བཞི་པ་ནི་ཧོར་ཟླ་གཉིས་པ་དཔྱིད་ཟླ་རྭ་བ་དབོའི་ཟླ་བ་ཡིན་ལ་དེའི་ཡར་ངོའི་ཚེས་བརྒྱད་ཀྱི་དུས་སུ་ཉིན་མཚན་མཉམ་པ་ལ། དེའི་ཚེས་དགུའི་ཐོ་རངས་ནས་མཚན་མོ་ཐུང་དུ་འགྲོ་བའི་འགོ་རྩོམ་པར་འགྱུར་རོ། །ཉིན་མོ་དེ་ལས་བཟློག་སྟེ་རིང་བའི་འགོ་རྩོམ་མོ། །དེས་ན་འདིས་མཉམ་པ་གཉིས་ནས་རིང་ཐུང་དུ་འགྲོ་བའི་དུས་དངོས་སུ་བསྟན་ནས་བཟློག་མཚམས་ཤུགས་ལ་བསྟན་པ་ཡིན་གྱི། བཟློག་མཚམས་དངོས་སུ་བསྟན་ན་དེའི་ཐད་ཀྱི་རྒྱལ་སྲས་དང་མདོ་རྩ་ཚིག་ལེ་ནས་བཤད་པའི་དུས་ཚིགས་དང་འགལ་ཞིང་མངོན་སུམ་དང་དངོས་སྟོབས་དང་འགལ་བའི་ཕྱིར་རོ། །ཁ་ཅིག་འདིའི་དབྱར་ཟླ་གཉིས་པ་དང་། དགུན་ཟླ་བཞི་པ་ཐ་ཆུང་གཉིས་ལ་བྱས་ནས་སྨིན་དྲུག་ཟླ་བ་ལོ་འགོར་བཞེད་པ་ལ་སྔར་གྱི་ལུང་རིགས་གཉིས་ཀྱིས་གནོད་དོ། །ཇི་ཙམ་གྱི་རིང་ཐུང་དུ་འགྱུར་ཞེ་ན། ཉིན་མོའམ་མཚན་མོ་རིང་བར་འགྱུར་བ་ནི་ཞག་རེ་ལ་ཐང་གཅིག་རེ་རེ་སྟེ། ཉིན་ཞག་གི་དགུ་བརྒྱའི་ཆས་འགྲོའོ། །རིང་ཐུང་གི་རྒྱུ་མཚན་ནི་གང་གི་ཚེ་ཉི་མ་ལྷོ་ཕྱོགས་འཛམ་གླིང་གི་མཐའ་ནས་དཔག་ཚད་དྲུག་དང་བཅོ་བརྒྱད་ཆའི་ཕ་རོལ་གྱི་ནམ་མཁའ་ནས་རྒྱུ་བའི་ཚེ་ཐུང་ལ། བྱང་ཕྱོགས་གླིང་གི་ཐད་ཀ་ནས་འགྲོ་བའི་ཚེ་རིང་ངོ་ཞེས་ཀུན་ལ་དེ་བཞིན་དུ་སྦྱར་ཤིང་། ཁ་ཅིག་ལྷོ་ལ་དཔག་ཚད་ཕྱེད་དང་བཞིའི་སྟེང་ནས་ཉི་མ་རྒྱུ་བ་ན་ཐུང་ལ། བྱང་ཉིས་སྟོང་གི་སྟེང་ནས་རྒྱུ་བའི་ཚེ་རིང་ངོ་ཞེས་ཟེར་ཏེ། གླིང་གཞན་ན་རིང་ཐུང་མེད་པར་ཐལ་ལོ། །ཁ་ཅིག་ལྷོ་བྱང་རྒྱུ་བའི་ཚེ་རི་རབ་དང་ཉེ་བ་དང་རིང་བས་འཕུལ་བྱེད་ཀྱི་རླུང་དྲག་གཞན་གྱི་མཐུས་མགྱོགས་བུལ་དུ་གྱུར་པ་ཡིན་གྱི་བགྲོད་ཐག་ལྷོ་རིང་ངོ་ཞེས་ཟེར་ཀྱང་ལྷན་ཅིག་སྐྱེས་པའི་རླུང་གིས་ཡིན་གྱི་གློ་བུར་བས་མིན་ནོ། །དེས་ན་སྟོང་ཆེན་མོ་ལས་ལྷོ་བྱང་གི་རི་ལ་ཉེ་བའི་ཚེ་དེས་བསྒྲིབས་ནས་ཤར་ནུབ་ཐུང་ལ་ལྷོ་བྱང་རིང་ཞིང་ལྡོག་པའང་དེ་བཞིན་ཏེ། དེས་ཁ་ཅིག་ལ་གླིང་བཞིར་དུས་བཞི་བཞག་པ་ནི་ལྷོར་སྟོན། ནུབ་ཏུ་དགུན། བྱང་དུ་དཔྱིད། ཤར་དུ་དབྱར་ལ་སོགས་པ་སྦྱར་རོ། །འོ་ན་དགུན་དུས་གྲང་། དབྱར་དུས་དྲོ་བ་ཅི་ཞེ་ན། ཁ་ཅིག་ཉི་མའི་འོད་གླིང་བཞི་ལས་འགྱངས་ཏེ་རྒྱ་མཚོར་འབབ་པའི་ཚེ་གླིང་གྲང་ལ། འོད་ཀྱི་དངོས་གཞི་གླིང་ལ་འབབ་པའི་ཚེ་གླིང་དྲོ་བ་ཡིན་ཞེ་ན། དེ་ལྟར་ན་དགུན་ཉི་ལོག་མ་ཐག་ནས་གླིང་ལ་ཉེ་བར་སོང་བས་དྲོ་བར་ཐལ་བ་ལས་གྲང་བར་མངོན་སུམ་གྱིས་གྲུབ་པའི་ཕྱིར། དེས་ན་ཀླུ་རྣམས་ས་འོག་ཏུ་སོང་བ་ན་དྲོད་ཀྱང་ས་འོག་ཏུ་འདུས་ཤིང་། སྟེང་དུ་ཐོན་པ་ན་དྲོད་ཀྱང་སྟེང་དུ་འོང་བ་ཡིན་ལ། ཀླུའི་མཐུས་རྩི་ཤིང་ནགས་ཚལ་སོགས་རྒྱས་པའི་དོན་ཡང་དེ་ཡིན་ནོ། །བཞི་པ་ནི། ཟླ་བ་མར་ངོ་ལ་མ་རངས་པར་སྣང་བ་ཅི་ཞེ་ན། ཉི་མ་དང་ཤིན་ཏུ་རིང་བའི་ཚེ་ཉི་མ་མེད་པས་རང་གི་འོད་ཀྱིས་གླིང་རྣམས་གསལ་བར་བྱེད་ཅིང་དཀྱིལ་འཁོར་རྫོགས་པར་སྣང་ལ་ཇི་ལྟར་ཉེ་བར་གྱུར་པ་ལས་ཟླ་བ་རང་གི་གྲིབ་མ་འབབ་པས་དེས་འགྲིབ་ཅིང་འོད་མི་འབྱིན་ལ་ནག་པོར་འགྱུར་བར་སྣང་སྟེ། དཔེར་ན་སྒྲོན་མེ་ཐག་རིང་བའི་ཚེ་ཀ་བ་ཕལ་ཆེར་རང་ལ་ཉེ་རིྃང་འགྲིབ་པར་འགྱུར་བ་བཞིན་ནོ་ཞེས་བྱེ་སྨྲ་འདོད་ལ། སློབ་དཔོན་འཕགས་པས། བླ་འོག་འཛུལ་བའི་བྱེ་བྲག་ལས། །ཞེས་གསུངས་ཏེ། ངོས་གཅིག་ཆུ་ཤེལ་གྱི་རང་བཞིན་སྣང་བའི་ཚེ་ཟླ་བ་གང་བ་དང་། བཻཌཱུརྻ་སྣང་བ་ན་གནམ་སྟོང་དང་ཅུང་ཟད་འཛུལ་བ་ན་ཚེས་བརྒྱད་ལ་སོགས་པར་དགོངས་པའོ། །ཟླ་བའི་ནག་པོ་ར་རི་སྣང་བའི་རྒྱུ་ནི། རྒྱ་མཚོའི་ནང་གི་ཉ་དང་རུས་སྦལ་སོགས་ཀྱི་གཟུགས་བརྙན་ཡིན་པར་བཤད། གླིང་གཟུགས་ཀྱི་སྣང་བས་དབུས་རྙོག་ཅིང་རྒྱ་མཚོ་སྣང་བས་མཐའ་དྭངས་པར་གདགས་པར་བཤད། མདོ་སྡེ་ཁ་ཅིག་ལས་བྱང་ཆུབ་སེམས་དཔའ་རི་བོང་དུ་གྱུར་པའི་ལུས་ལྷ་མི་ལ་བསྟན་པའི་ཕྱིར་ཏེ། རྣམ་པར་རྒྱལ་བའི་ཁང་བཟང་གི་སྒོ་ལྟག་དང་། ཟླ་བའི་ངོས་ལ་བྲིས་པ་ཡིན་ཞེས་བཤད། གཉིས་པ་རི་ལ་བརྟེན་པ་ནི། རི་རབ་འདི་ལ་ཆུ་མཚམས་ནས་སྟེང་དུ་བརྩེགས་པའི་བང་རིམ་བཞི་ཡོད་དེ། དེའི་བར་གྱི་ཐག་ནི་སྟོང་ཕྲག་བཅུ་བཅུ་ཡོད་པས་བཞི་པ་དང་གཉའ་ཤིང་འཛིན་གྱི་རྩེ་མོ་མཉམ་ལ། ཕྱིར་འཕགས་པའམ་ཞུམ་པའི་ཚད་ནི་བང་རིམ་དང་པོར་སྟོང་ཕྲག་དག་ནི་ཞེས་སོགས་སོ། །དེ་བཞི་ལ་རིམ་པ་བཞིན་ལྷ་ནི་གནོད་སྦྱིན་ལག་ན་རིན་པོ་ཆེའི་གཞོང་པ་ཐོགས་པ་དང་། མེ་ཐོག་གི་ཕྲེང་བ་ཐོགས་ནས་རྩེ་བ་དང་མེ་ཏོག་གི་ཆང་དང་རྒུན་ཆང་ལ་སོགས་པས་རྟག་ཏུ་མྱོས་པ་དང་། ཕྱོགས་བཞི་ན་ཡུལ་འཁོར་སྲུང་སོགས་རྒྱལ་ཆེན་བཞི་དང་དེའི་འཁོར་གྱི་ལྷ་རྣམས་གནས་སོ། །ས་ལས་ནི་ལག་ན་ཡོལ་གོ་ཐོགས་པ་དང་ཁྲགྃ་ལ་ཁྲག་ཐོགས་ཞེས་བཤད་དོ། །དེར་མ་ཟད་གསེར་གྱི་རི་ནི་བདུན་པོ་དག་ལ་ཡང་དེ་རྣམས་ཀྱི་གྲོང་དང་གྲོང་ཁྱེར་གནས་ཤིང་། ཡང་གིས་བསྡུས་པ་ལྕགས་རི་ལའང་ལག་ན་རྡོ་རྗེ་གོས་སྔོན་ཅན་ཞེས་པ་རྒྱལ་ཆེན་བཞིའི་རིས་གནས་པར་ཕྲན་ཚེགས་ལས་བཤད་ཅིང་། གཞན་ཡང་ཉི་ཟླ་སྐར་གསུམ་ཆུ་ཀླུང་རི་ལྗོན་ཤིང་ནགས་ཚལ་ས་བླ་ནམ་མཁའ་རྒྱ་མཚོ་རྣམས་ལའང་དེའི་རིས་གནས་ཏེ། དེས་ན་ལྷ་ཐམས་ཅད་ཀྱི་ནང་ན་འདི་མང་ངོ་། །རྒྱལ་ཆེན་བཞི་ནི་གཉའ་ཤིང་འཛིན་གྱི་ཕྱོགས་བཞི་ན། ཕོ་བྲང་གི་མིང་ཡུལ་འཁོར་སྲུང་འཕགས་སྐྱེས་པོ་དང་སྣ་ཚོགས་གཟུགས་དང་ལྕང་ལོ་ཅན་ཞེས་བྱ་བ། ངོས་རེ་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་བཅུ་མཐའ་སྟོང་གིས་འཁོར་བ་རྩིག་སྐྱབས་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ། ལམ་སྲང་དང་། སྐྱེད་ཚལ་དང་། དཔག་བསམ་གྱི་ཤིང་དང་རྫིང་བུ་ལ་སོགས་པའི་བརྒྱན་པ་མེ་ཏོག་གསར་པ་རླུང་གི་འགྲེམས་ཤིང་རྙིང་པ་སྡུད་པར་བྱེད་པ་ཡོད་དོ། །གཉིས་པ་སུམ་ཅུ་རྩ་གསུམ་པའི་གནས་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། ལྷུན་པོའི་རྩེ་ན་གཙོ་བོ་ནོར་ལྷ་བརྒྱད། དྲག་པོ་བཅུ་གཅིག ཉི་མ་བཅུ་གཉིས། ཐ་སྐར་གྱི་བུ་གཞོན་ནུ་གཉིས་ཏེ་གཙོ་བོ་སུམ་ཅུ་རྩ་གསུམ་མམ། ཉ་འཕྲུལ་དང་ལྗང་གུ་དང་ཡིད་སེང་སེང་པོ་དང་། མེ་ཏོག་གི་ཚལ་ལ་སོགས་པ་འཛམ་བུ་གླིང་པ་ལ་བསྒྲག་ཏུ་རུང་བའི་གནས་སུམ་ཅུ་རྩ་གསུམ་ཡོད་པའམ་ལེགས་པར་སྤྱད་པའི་ལས་ཅན་རྣམས་གནས་དེར་སྐྱེས་པ་ལ་སྙན་པའི་མིང་གིས་སུམ་ཅུ་རྩ་གསུམ་ཞེས་པ་གནས་ལ། དང་པོ་བརྒྱད་ནི། ཆུ་དང་བསྟན་པ་ཟླ་བ་དང་། །འཛིན་བྱེད་རླུང་དང་མེ་དང་ནི། །ནམ་ལངས་འོད་བྱེད་ཅེས་བྱ་སྟེ། །བརྒྱད་པོ་ནོར་གྱི་ལྷ་ཞེས་བྱ། །གཉིས་པ་ནི། མ་སྐྱེས་རྐང་གཅིག་འཕེལ་དང་བསྟོད། །དྲག་པོ་དང་ནི་བརྩོན་འགྲུས་ལྡན། །འཕྲོ་བྱེད་དེ་ནས་བདེ་འབྱུང་དང་། །སྤྱན་གསུམ་གསུམ་གཞན་ལས་པ་དང་། །དབང་ལྡན་དང་ནི་ས་གསུམ་པ། །དྲག་པོ་བཅུ་གཅིག་ཤེས་པར་བྱ། །གསུམ་པ་ནི། དབང་པོ་བྱེད་པོ་ལམ་པོ་དང་། །ཆར་འབེབས་སྟོད་བྱེད་སྔོན་མིན་འཕགས། །མིག་གཟུགས་ཁྱབ་འཇུག་འོད་ཅན་དང་། །ཆུ་བདག་གཤིན་རྗེ་ཞེས་བྱའོ། །ཞེས་པའོ། །ཚད་ལ་ལྷུན་པོ་དེའི་རྩེའི་ངོས་རེ་ལ་དཔག་ཚད་བརྒྱད་ཁྲི་རེའོ། །སློབ་དཔོན་འདུས་བཟང་ནི་རི་རབ་མཆོད་རྟེན་ལྟར་ཞུམ་པས་ངོས་རེ་རེ་ལ་ཉི་ཁྲི་ཉི་ཁྲི་ངོས་ཀུན་ནས་བསྐོར་བས་བརྒྱད་ཁྲིའོ་ཞེས་སོ། །དེའི་ཕྱོགས་མཚམས་ཁང་པ་བརྩེགས་པ་དཔག་ཚད་ལྔ་བརྒྱ་གྱེན་དུ་འཕགས་ཤིང་ཆུ་ཞེང་ཡང་ལྔ་བརྒྱས་ཀུན་ནས་གྲུ་བཞི་པ་བཞི་ཡོད་པ་ལ་ལྷའི་རིས་གནོད་སྦྱིན་ལག་ན་རྡོ་རྗེ་ཞེས་པ་གནས་སོ། །གཉིས་པ་རྒྱས་བཤད་ལ་ལྔ་སྟེ། གྲོང་ཁྱེར། སྐྱེད་ཚལ། ས་གཞི། ལྗོན་ཤིང་། འདུན་སའོ། །དང་པོ་ནི། རྩེ་མོའི་དབུས་ན་བརྒྱ་བྱིན་གྱི་གྲོང་ཁྱེར་ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བས་བལྟ་ན་སྡུག་ཅེས་པ། ཚད་ངོས་རེ་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་པ་མཐའ་ཁྲིས་འཁོར་བ་གྱེན་དུ་དཔག་ཚད་ཕྱེད་དང་གཉིས་འཕགས་པའམ་གདགས་པར་ཕྱེད་དང་གསུམ་ཞེས་བཤད་དོ། །ངོ་བོ་གསེར་གྱི་རང་བཞིན་གཞི་ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་ཞིང་མཛེས་པར་བྱས་པ། ལྷ་རྣམས་ཀྱི་རྐང་པ་བཞག་ན་སོར་བཞི་ནེམ་ཞིང་བཏེགས་ན་འཕར་བའི་གཉེན་པ་ཡོད་ལ། དེ་ནི་རྩིག་སྐྱབས་རིན་པོ་ཆེ་སྣ་བཞི་དང་སྒོ་སྟོང་དུ་གཅིག་གིས་མ་ཚང་བ་སྲང་དང་སྒོ་མོ་ཆེ་བཞིའི་སྒོ་རེ་རེ་ན་ལྷའི་སྲུང་མ་གོ་གྱོན་པ་ལྔ་བརྒྱ་བཀོད་པ་ཀ་བ་དྲུག་ཁྲི་དང་ལྡན་ཞིང་རྫིང་བུ་དང་སྐྱེད་ཚལ་དང་། ཀ་གདུང་སོགས་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའོ། །གྲོང་ཁྱེར་དེའི་དབུས་ན་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བྱེད་ཅེས་པ་གྲོང་གཞན་ཐམས་ཅད་ཟིལ་གྱིས་གནོན་ཞིང་གཞན་གྱིས་འགྲན་མི་བཟོད་པ་ཡོད་ལ་དེའི་ཚད་ངོས་རེ་ལ་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྟོང་གིས་འཁོར་བ་བལྟ་ན་སྡུག་ལས་དཔག་ཚད་ཕྱེད་དང་ལྔ་གྱེན་དུ་འཕགས་ཤིང་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ་བ་གམ་བརྒྱ་རྩ་གཅིག་པ། དེ་རེ་རེ་ལ་ཁང་བརྩེགས་དང་། ཡོལ་ཁང་དང་། རྫིང་བུ་དང་། པད་སྡོང་དང་། ལྷའི་བུ་མོ་དང་གཡོག་མོ་སིལ་སྙན་བདུན་བདུན་དང་ལྡན་པས་ལྷའི་དབང་པོ་མི་སྐྱོ་བར་བྱེད་པ་དང་། ལྷ་མིན་གྱི་དམག་བྱུང་བའི་ཚེ་ལྷ་རྣམས་རྒྱལ་བར་གྱུར་ཅིག་ཅེས་འཚེ་བ་སེལ་བ་དང་། འདོད་ཡོན་གྱིས་སེམས་མྱོས་པའི་ཚེ་གྲོགས་པོ་དག་འདུས་བྱས་ཐམས་ཅད་མི་རྟག་ཅེས་སོགས་བག་མེད་ལས་བསྐུལ་བའི་སྒོ་བཞི་སྟེ་རྔ་ཆོས་ཀྱིས་མཐོ་བ་གཉིས་དང་ལྡན་པ་ཡོད་དོ། །གཉིས་པ་ནི། བལྟ་ན་སྡུག་དེའི་ཕྱི་རོལ་དཔག་ཚད་ཉི་ཤུས་བཅད་པའི་ཤར་ལ་སོགས་པའི་ངོས་བཞི་ན་ལྷ་རྣམས་ཀྱི་ཤིང་རྟ་སྣ་ཚོགས་འདྲེན་པའི་སྐྱེད་ཚལ་ཆུ་ཞེང་དུ་དཔག་ཚད་ཉི་བརྒྱ་ལྔ་བཅུ་པ། མཐའ་སྟོང་གིས་འཁོར་བ་འཕང་དུ་ཉི་ཤུ་རྩ་གཅིག་པ་རྩིག་སྐྱབས་ཐེམ་སྐས་རྫིང་བུ་ཤིང་གོས་རྒྱན་སྣ་ཚོགས་དང་ལྡན་པ་དང་། ལྷོར་དེར་ཕྱིན་པ་ཙམ་གྱི་ཤེས་པ་རྩུབ་ཅིང་ལྷ་མིན་དང་འཐབ་པར་མོས་པར་འགྱུར་བ་དང་། ནུབ་ན་ལྷའི་བུ་བུ་མོ་དང་ལྷན་ཅིག་འདྲེས་ནས་འདོད་ཡོན་ལ་ལོངས་སྤྱོད་པ་དང་། བྱང་ན་དེར་ལྷ་རྣམས་གནས་ན་ཡིད་རབ་ཏུ་དགའ་ཞིང་ཞི་བའི་ཚལ་གྱིས་བརྒྱན་ཏོ། །བརྩེ་ཚུལ་ནི་ཤར་གྱི་ཚལ་ན་གླང་པོ་ཆེ་ས་སྲུང་གི་བུ་ཁྱད་ཆོས་རྣམས་རབ་བརྟན་དང་འདྲ་བ་གཡོག་སྟོང་དང་བཅས་པ། དེས་ལྷ་རྣམས་སྐྱེད་ཚལ་དུ་འགྲོ་བ་ན་མགོ་བོ་སུམ་ཅུ་རྩ་གསུམ་དུ་སྤྲུལ་ཏེ། དེ་རེ་རེ་ལ་མཆེ་བ་དྲུག་དྲུག དེ་རེ་རེ་ལ་རྫིང་བུ་བདུན་བདུན་ལ་སོགས་པར་སྤྲུལ་ཏེ་དབུས་མ་ལ་དབང་པོ། གཞན་རྣམས་ལ་ཉེ་དབང་སོ་གཉིས་དང་། གཞན་རྣམས་ལ་འཁོར་རྣམས་ཞོན་ཏེ་ལྷ་རྣམས་གྲོང་ནས་སྐྱེད་ཚལ་དུ་མགྱོགས་ཁྱད་ཚོར་བ་མེད་པར་སྐྱེལ་བར་བྱེད་ལ། དེ་ནས་རྫུ་འཕྲུལ་སྔ་མ་གཏང་སྟེ་ལྷའི་བུར་སྤྲུལ་ནས་འདོད་པ་ལ་སྤྱོད་པར་བྱེད་དོ། །རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ནི་ནུབ་ཕྱོགས་ཀྱི་ཁང་བུ་ན་ཡོད་དོ། །གསུམ་པ་ནི། སྐྱེད་ཚལ་དེ་དག་གི་ཕྱོགས་བཞི་ན་དཔག་ཚད་ཉི་ཤུས་བཅད་པ་ན་ས་གཞི་བཟང་པོ་ནི་ཤིང་རྟ་ཅན་དང་། རྩུབ་འགྱུར་ཅན་དང་། འདྲེས་པ་ཅན་དང་། དགའ་བ་ཅན་ཞེས་པ་ཚལ་དང་ཚད་མཉམ་པ་བརྩེ་བའི་གནས་འགྲན་པ་ལྟ་བུ་བཞི་ཡོད་དོ། །བཞི་པ་ནི། བལྟ་ན་སྡུག་གི་ཕྱིའི་བྱང་ཤར་མཚམས་ན་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ། སུམ་ཅུ་རྩ་གསུམ་པའི་འདོད་པའི་དགའ་བ་མཆོག་ཏུ་གྱུར་པ་དཔག་ཚད་ལྔ་བཅུ་ཐུར་དུ་ཟུག་པ་གྱེན་དུ་བརྒྱ་འཕགས་པ། ཡལ་ག་དང་ལོ་འདབ་ཀྱིས་ལྔ་བཅུར་ཁྱབ་པ་རྫི་ཕྱོགས་བརྒྱ་དང་དེ་མིན་པར་ལྔ་བཅུར་དྲི་ངད་ལྡང་བ་ཡོད་དོ། །ལྔ་པ་ནི། ལྷོ་ནུབ་མཚམས་ན་ལྷ་རྣམས་ཀྱི་བྱ་བ་དང་བྱ་བ་མིན་པ་བཀའ་བགྲོ་བའི་གནས་ཆོས་བཟང་ལྷའི་འདུན་ས་ཞེས་བྱ་བ། ཐད་ཀར་དཔག་ཚད་སུམ་བརྒྱ་མཐའ་དགུ་བརྒྱས་བསྐོར་བ་ཡོད་ལ། དེའི་དབུས་ན་ཨར་མོ་ནི་ཀའི་རྡོ་ལེབ་དཀར་པོ་ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་དང་། རྔམས་སུ་དྲུག་དང་བཅོ་བརྒྱད་ཀྱི་ཆ་ཡོད་པའི་དབུས་ན་བརྒྱ་བྱིན་གྱི་ཁྲི་དང་། ཉེ་འཁོར་ན་ཉེ་དབང་རྣམས་ཀྱི་ཁྲི་ཡོད་པར་བཤད་དོ། །ས་ལས་བྱང་ཤར་ན་འདུན་ས་དང་། ལྷོ་ནུབ་ན་ཤིང་ཡོད་པར་བཤད་དོ། །ལྷ་གོང་མ་རྣམས་ལོངས་སྤྱོད་ཆེ་ཡང་བརྒྱ་བྱིན་སྟོན་པའི་སློབ་མ་ཡིན་པས་བཤད་ཅེས་སྔ་རབས་པ་དག་གོ །གཉིས་པ་ས་གཞི་དང་མ་འབྲེལ་བ་ནི། སུམ་ཅུ་རྩ་གསུམ་དེའི་སྟེང་ཡན་ཆད་ཀྱི་ལྷ་རྣམས་ནི་ནམ་མཁའི་གཞལ་མེད་ཁང་ལ་རྟེན་ནས་གནས་ཏེ། དེ་ལ་དང་པོ་འཐབ་བྲལ་གྱི་སྒྲ་དོན་ནི་སུམ་ཅུ་རྩ་གསུམ་མན་ཆད་འཐབ་མོ་དང་བཅས་པ་སྟེ། ལྷ་ཡང་ལྷ་མིན་དང་འཐབ་པར་བྱེད་ན་འགྲོ་བ་གཞན་རྣམས་ལྟ་ཅི་སྨོས། དེ་ཡན་ཀུན་འཐབ་བྲལ་ཡིན་ཀྱང་འོག་མ་ལ་ལྟོས་ཏེ་འཐབ་བྲལ་ཞེས་སྤྱི་མིང་བྱེ་བྲག་ལ་བཏགས་སོ། །དེ་ཡང་ལྷ་རྣམས་བདུད་རྩི་མང་ཞིང་། ལྷ་མིན་རྣམས་བུ་མོ་གཟུགས་བཟང་ཞིང་བརྒྱ་བྱིན་གྱི་ཆུང་མ་དམ་པ་བདེ་སོགས་ཀྱང་ལྷ་མིན་གྱི་དབང་པོ་ཐག་བཟང་རིས་ཀྱི་བུ་མོ་ཡིན་ནོ། །དེས་ན་རང་གི་ལ་སེར་སྣ་དང་གཞན་གྱི་ལ་ཕྲག་དོག་པས་འཐབ་ཅིང་སུམ་ཅུ་རྩ་གསུམ་པ་དང་ལོངས་སྤྱོད་ཀྱང་འགྲན་པ་ལྟ་བུ་ཡོད་དེ། དེ་ལ་གནས་ནི་རི་རབ་ཀྱི་ཆུ་མཚམས་མན་ཆད་ཀྱི་ཁོང་སེང་དཔག་ཚད་སུམ་ཁྲི་ན་འོད་ལྡན་གྱི་གྲོང་། དེ་ན་ལྷ་མིན་གྱི་དབང་པོ་སྒྲ་གཅན་འཛིན། དེ་ནས་བཞི་སྟོང་ན་དཀར་ཕྲེང་གི་གྲོང་ན་མགུལ་ཕྲེང་། དེ་ནས་བཞི་སྟོང་ན་བསྟན་པའི་གྲོང་ན་རབ་རྣོན། དེ་ནས་བཞི་སྟོང་ན་སྤྱི་གསེར་ལྡན་བྱེ་བྲག་གཏམས་པ་ཅན་ན་ཐག་བཟང་རིས་ཡོད་ལ། ཤིང་ཙི་ཏྲ་པ་ལི་དང་། འདུན་ས་ནོར་བཟང་དང་། རྡོ་ལེབ་བཟང་པོ་དང་། ཚལ་བཞི་ནི་ཀུན་དགའ། རབ་དགའ། དགའ་བ། ཀུན་ཏུ་རབ་དགའ་ཞེས་དང་། ས་གཞི་ནི་དེ་བཞི་ལ་མ་ཞེས་སྦྱར་བ་བཞི་དང་། གཡུལ་ངོར་སྤྱོད་པའི་གླང་པོ་ཆེ་བཟོད་པར་དཀའ་བ་དང་། སྐྱེད་ཚལ་དུ་སྤྱོད་པ་ཏི་སེ་གངས་བརྩེགས་དང་། རྟའི་རྒྱལ་པོ་དྲག་འཇིག་ལ་སོགས་པ་སྟེ། དེ་ལ་ལྷ་མིན་རི་རབ་ཀྱི་ནང་ན་གནས་པ་དག་རང་བྱུང་གཉིས་འཁོར་ལོ་སྒྱུར་བ་ཡོད་པའི་ཚེ་མི་འབྱུང་ལ། གཞན་དུ་དཔུང་གི་ཚོགས་ཆེན་པོ་གསེར་དངུལ་ཤེལ་བཻཌཱུརྻ་ལས་བྱས་པའི་གོ་ཆ་གྱོན་ནས་མཚོན་ཆ་སྣ་ཚོགས་ཐོགས་ཏེ་ཆུ་མཚམས་ནས་འཐོན་ཞིང་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕགས་ནས་འཐབ་ཏུ་ཆས་པ་དང་། ལྷའི་སྲུང་མ་དཀར་པོ་ལ་དགའ་བའི་ཀླུ་རྣམས་དང་གཡུལ་འགྱེད་ཅིང་། ལྷའི་སྲུང་མ་རྣམས་རྒྱལ་ན་ལྷ་མིན་རང་གནས་སུ་འགྲོ་ལ། གཞན་དུ་ན་གོང་དུ་འཕགས་ཏེ་གཞོང་ཐོགས་སོགས་དང་གཡུལ་སྤྲད་པས་ཕལ་ཆེར་བཟློག་ལ། གལ་ཏེ་མ་བཟློག་ན། རང་གི་ཁང་པར་ཞུགས་ནས་ལྷའི་དབང་པོ་ལ་ཕོ་ཉ་བཏང་སྟེ་ལྷའི་དབང་པོ་མཁྱེན་པར་མཛད་དུ་གསོལ། ལྷ་མིན་གྱི་ཚོགས་རྣམས་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱིས་མ་ཐུབ་པས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱིས་བཟློག་པར་མཛོད་ཅིག་ཅེས་བསྒོ་བ་དང་། དེས་ཀྱང་ལྷ་རྣམས་ལ་བསྒོ་ཞིང་བསམ་པ་ཙམ་གྱི་གླང་པོ་རབ་བརྟན་བྱུང་བ་ཞོན་ཏེ། ཤིང་རྟ་སྣ་ཚོགས་པའི་ཚལ་ནས་ཤིང་རྟ་རྣམས་བླངས། རྩུབ་འགྱུར་གྱི་ཚལ་དུ་ཕྱིན་ནས་འཐབ་པར་མོས་པ་བྱས་ཏེ། ལྷ་མིན་རི་རབ་ཀྱི་སྟེང་དུ་ལྷགས་པ་དང་གཡུལ་འགྱེད་ཅིང་། ཐག་བཟང་རིས་ཀྱི་ཤིང་རྟ་དཔག་ཚད་བདུན་བརྒྱ་པ་དྲག་ཏུ་འགྲོ་བ་ཡང་ལྷའི་དབང་པོའི་ལག་པ་གཡོན་པས་འཛིན་ནུས་ལ་ཕལ་ཆེར་ལྷ་རྣམས་རྒྱལ་བར་འགྱུར་ལ། གལ་ཏེ་ཕམ་ན་གྲོང་ཁྱེར་བལྟ་ན་སྡུག་ཏུ་བྲོས་ཏེ་སྒོ་བཅད་པས་ནང་དུ་གནོད་པས་མི་ཚུགས་ལ། ལྷའི་མགོ་དང་རྐེད་པ་བཅད་ན་འཆི། ཡན་ལག་དང་ཉིང་ལག་བཅད་ཀྱང་སླར་སྐྱེའོ། །ལྷ་མིན་ནི་མི་བཞིན་དུ་གནད་དུ་ཕོག་ན་འཆི་ཞིང་ཤི་བ་དང་རྐང་ལག་བཅད་པ་སོགས་ཀྱི་གཟུགས་བརྙན་མཚོ་དྭངས་པ་ལ་འཆར་བས་དམག་མ་འོང་གོང་ནས་མྱ་ངན་བྱེད་ཅིང་འཐབ་པའི་ཚེ་ལྷ་གསལ་བའི་ཆེད་དུ་སྒྲ་གཅན་གྱི་ལག་པས་ཉི་མ་སྒྲིབ་ཅིང་རྒྱལ་ཕམ་དང་བདེ་སྡུག་འཛམ་བུ་གླིང་པའི་དགེ་སྡིག་ལ་རག་ལས་པས་ལྷ་རྣམས་གླིང་འདི་ཡང་ཡང་ཉུལ་ལོ། །ཡང་འདི་ལ་མཚེ་མ་ཞེས་བྱ་སྟེ་ལྷའི་ཕྲག་པ་གཉིས་སུ་ལྷའི་བུ་གཉིས་ཟུང་དུ་སྐྱེ་བས་སོ། །ཐེག་པ་ཆེན་པོའི་ཆོས་ཀྱི་དགའ་བདེ་ཁ་ན་མ་ཐོ་བ་མེད་པ་དང་སྐྱེ་བ་གཅིག་ཐོག་གི་བྱང་སེམས་ཀྱི་རྒྱལ་སར་གྱུར་པས་ན་དགའ་ལྡན་དང་། འདོད་པའི་ཡུལ་རང་གིས་སྤྲུལ་པ་ལ་དབང་བྱེད་པས་འཕྲུལ་དགའ་དང་། གཞན་གྱིས་སྤྲུལ་པ་ལ་ཐུན་མོང་དུ་ལོངས་སྤྱོད་པས་གཞན་འཕྲུལ་དབང་བྱེད་དང་། སྡིག་པ་མི་དགེ་བ་ལ་ཚངས་པས་ན་ཚངས་པ། དེའི་སྡེར་གཏོགས་པས་ན་ཚངས་རིས། ཚངས་ཆེན་གྱི་མདུན་ན་བྲམ་ཟེ་རིག་བྱེད་འདོན་པ་ལྟར་གནས་པས་ཚངས་པ་མདུན་ན་འདོན། བསམ་གཏན་ཁྱད་པར་ཅན་སྒོམ་པས་ཐོག་མར་སྐྱེ་ཞིང་ཐ་མར་འཆི་ལ་ཡོན་ཏན་སོགས་ཆེ་བས་ཚངས་ཆེན། གནས་གོང་མ་ལ་ལྟོས་ནས་འོད་ཀྱི་ཁྱོན་དང་གསལ་བ་ཆུང་བས་འོད་ཆུང་། རྒྱ་ཁྱོན་ཆེ་བས་ཚད་མེད་འོད། རྒྱ་དང་གསལ་བ་ཆེ་བས་འོད་གསལ་དང་། ཀུ་ཤ་ལའི་སྒྲ་སྦྱར་བ་བདེ་བས་དགེ་བར་སོང་བ་ཡང་དོན་ཀུ་ལས་དྲངས་པ་བདེ་བ་ཡིན་པས་སེམས་ཀྱི་བདེ་བ་ཆུང་བས་དགེ་ཆུང་། དེ་བས་ཆེ་བས་ཚད་མེད་དགེ དེ་ཉིད་ཆེས་མངོན་པར་གསལ་བས་དགེ་རྒྱས། འོག་གཞི་སྤྲིན་ལྟར་འདབ་ཆགས་པ་མེད་པས་སྤྲིན་མེད། བྱམས་པ་བསྒོམ་པའི་བསོད་ནམས་ལས་སྐྱེས་པས་བསོད་ནམས་སྐྱེས། སོ་སྐྱེའི་གནས་གཞན་ལས་མཆོག་ཏུ་གྱུར་པས་འབྲས་བུ་ཆེ། འཕགས་པའི་ཡོན་ཏན་ཆུང་ཤོས་ཡིན་པས་མི་ཆེ་བ། འགྱོད་མེད་ཀྱི་ཏིང་ངེ་འཛིན་ལས་སྐྱེས་པས་མི་གདུང་བ། ཡོན་ཏན་མི་དམན་པས་གྱ་ནོམ་སྣང་། ལྟ་བ་ཟབ་པས་ཤིན་ཏུ་མཐོང་། གནས་གཞན་ཐམས་ཅད་ཀྱི་ཐུ་བོར་གྱུར་པས་འོག་མིན་ནོ། །གཟུགས་མེད་པ་ནི་གནས་ངེས་པ་མེད་པས་འདིར་མ་སྨོས་སོ། །གཉིས་པ་ཞར་ལ་དེར་གནས་པའི་སེམས་ཅན་གྱི་ཁྱད་པར་བཤད་པ་ལ་ལྔ་སྟེ། འདོད་པ་སྤྱོད་པའི། ལྷའི་བུ་སྐྱེ་བའི། འདོད་བདེ་སྐྱེ་བའི། བར་ཐག་གི་ཁྱད་པར། གོང་དུ་བགྲོད་ཚུལ་ལོ། །དང་པོ་ནི། ལྷ་དེ་རྣམས་ལས་འདོད་པ་སྤྱོད་པ་ནི་རྒྱལ་ཆེན་བཞི་ནས་གཞན་འཕྲུལ་དབང་བྱེད་པའི་བར་དྲུག་ཡིན་ལ། ལྷག་མ་གཟུགས་ཁམས་སུ་གྲུབ་ལ། འདོད་པ་ནི་ཁམས་ཟས་དང་འཁྲིག་པའི་འདོད་ཆགས་གཉིས་ལས། འཁྲིག་པ་སྤྱོད་ཚུལ་ནི། དང་པོ་གཉིས་མི་ལྟར་དབང་པོ་གཉིས་སྦྱོར་བ་ཡིན་ཞིང་ཁུ་བ་འབྱུང་བ་མེད་ཀྱི་རླུང་ཙམ་རྒྱུ་བ་ཡིན་ནོ། །གསུམ་པ་ནི་ཕན་ཚུན་མགུལ་བ་དང་སྐེ་ནས་འཁྱུད་པ་དང་། བཞི་པ་ནི་ཆགས་སེམས་ཀྱིས་ལག་པ་བཅངས་པ་དང་། ལྔ་པ་རྒོད་པ་དང་། དྲུག་པ་བལྟས་པ་ཙམ་གྱི་འཁྲིག་པའི་གདུང་བ་ཞི་བ་ཡིན་ནོ་ཞེས་གདགས་པར་བཤད་པ་ནི་དུས་ཀྱི་ཚད་བསྟན་པ་ཡིན་གྱི། ཇི་ཙམ་དུ་ལུས་ཤས་ཆེ་བ་བཞིན་དུ་ཆགས་པ་ཤས་ཆེ་བས་ཐམས་ཅད་ཀྱང་དབང་པོ་གཉིས་སྦྱོར་བ་ལ་ལྟོས་པར་བྱེ་སྨྲ་འདོད་དོ། །སར་འདོད་ལྷ་གོང་མ་བཞིར་བག་མ་གཏོང་ལེན་དང་ཆུང་མ་མེད་པར་བཤད་ཅིང་། དྲུག་ཆར་ལུས་ཀྱི་ནང་དང་ཕྱི་འཆི་ལྟས་ཀྱི་མ་ཟིན་པའི་ཚེ་རྔུལ་དང་དྲི་མ་དང་རུས་པ་ནང་ཁྲོལ་བཤང་གཅི་མེད་ལ། བདུད་རྩི་སྔོ་སེར་དཀར་དམར། སྦྲང་རྩི་སྦྲང་ཆང་ཤིང་རྟ་གོས་རྒྱན་དྲི་བདུག་པ་མེ་ཏོག་གི་ཕྲེང་བ་བཞད་གད་གླུ་གར་རོལ་མོའི་སྒྲ་སྣ་ཚོགས་འབྱུང་བའི་ལྗོན་ཤིང་ཡོད་པ་ལས་ཅི་འདོད་པ་བསམ་པ་ཙམ་གྱི་ལག་ཏུ་འོང་ལ། སྒྲ་མི་སྙན་གྱི་ཤིང་ལས་བསམ་པ་ཙམ་གྱིས་མི་འོང་བར་རང་གིས་ལེན་དགོས་སོ། །གཉིས་པ་ནི། ཐམས་ཅད་རྫུས་སྐྱེས་ཡིན་པས་ཕ་མའི་རྐྱེན་དངོས་ལ་མི་ལྟོས་ཀྱང་གང་གི་པང་དུ་སྐྱེས་པ་ལ་ཕ་མ་དང་བུའི་ཐ་སྙད་འདོགས་ལ། བོང་ཚོད་ནི་བྱིས་པ་ལོ་ལྔ་ལོན་པ་ཙམ་ལས་ལོ་བཅུ་ལོན་པ་ལྟ་བུའི་བར་དུ་རིམ་བཞིན་འདོད་ལྷ་དྲུག་པོ་དག་ཏུ་སྐྱེ་ལ། གཞན་རྣམས་ནི་ལུས་མྱུར་དུ་རྫོགས་པར་འགྱུར་ལ། བརྒྱ་བྱིན་དང་པོ་ནས་ལུས་རྫོགས་པར་སྐྱེ་བས་སྔ་ཕྱི་བརྗེ་བ་ཡང་གཞན་གྱིས་མི་ཚོར་རོ། །གཟུགས་ཅན་གྱི་ལྷ་རྣམས་ཁམ་ཟས་ལ་མི་ལྟོས་པས་དང་པོ་ནས་ལུས་ཀྱི་ཚད་ཀུན་རྫོགས་པ་དང་ངོ་ཚ་ཁྲེལ་ཡོད་དང་བཅས་པས་གོས་དང་བཅས་པར་སྐྱེ་ལ། འདོད་ཁམས་ནི་དེ་ལས་བཟློག་པས་གཅེར་བུ་སྟེ། རྒྱལ་བུ་དོན་གྲུབ་དང་དགེ་སློང་མ་དཀར་མོ་དང་། དགེ་ཚུལ་མ་སྣལ་མ་ཅན་ནི་མ་གཏོགས་སོ། །ལྷ་ཐམས་ཅད་འཕགས་པའི་སྐད་དུ་སྨྲའོ་ཞེས་པ་གཟུགས་ཀྱི་ལྷ་ལ་དགོངས་ཏེ། རྫུན་གྱི་ཚིག་སྤངས་པས་སོ་ཞེས་མ་ཧཱ་གསུངས་སོ། །གསུམ་པ་ནི། མདོ་ལས་ཚོལ་བ་བཞི་སྟེ་འདོད་པ་དང་། སྲིད་པ་དང་། ལམ་ལོགས་པས་ཚངས་པར་སྤྱོད་པ་དང་། མྱ་ངན་ལས་འདས་པ་ཚོལ་བའོ་ཞེས་གསུངས་པའི་དང་པོ་གཉིས་འཆད་པ་ལ། འདོད་པ་སྔོན་ལས་ལས་བྱུང་བ་དང་རང་དང་གཞན་གྱིས་སྤྲུལ་པའི་ཡུལ་ལ་དབང་བྱེད་པའི་སྐྱེ་བ་སྟེ་གསུམ་པོ་ནི། རིམ་བཞིན་འདོད་པའི་ལྷ་དང་པོ་བཞི་མིར་བཅས་པ་དང་ལྔ་པ་དང་དྲུག་པ་རྣམས་ཏེ་སྐྱེ་བ་ནི་འདོད་པ་ལ་འཇུག་པའོ། །དབེན་པ་ལས་སྐྱེས་པ་དང་། ཏིང་ངེ་འཛིན་དང་དགའ་བ་མེད་པའི་བདེ་བ་སྐྱེ་བ་གསུམ་པོ་ནི་བསམ་གཏན་དང་པོ་གསུམ་གྱིས་ཏིང་ངེ་འཛིན་ཡིན་ལ། རྒྱུ་དེ་ལས་སྐྱེས་པའི་འབྲས་བུ་ལའང་བདེ་བ་སྐྱེ་བ་གསུམ་ཞེས་བྱ་སྟེ། དེ་ནི་བསམ་གཏན་གསུམ་ལ་གནས་གསུམ་གསུམ་སྟེ་ས་དགུ་ཡིན་ལ། ཁྱད་པར་ནི་དངོས་སུ་བདེ་བ་སྐྱེ་བ་མེད་ཀྱང་དགེ་བའི་རྣམ་སྨིན་ལས་བྱུང་ཞིང་བདེ་བའི་ས་ལས་མ་འདས་པའི་ཕྱིར་དེར་བཞག་གོ །བཞི་པ་ནི། ལྷ་གནས་དེ་རྣམས་ཀྱི་བར་ཐག་ཇི་ཙམ་ཞེ་ན། རྒྱལ་ཆེན་བཞིའི་གཙོ་བོའི་གནས་བང་རིམ་བཞི་པ་ནས་གནས་འོག་འཛམ་བུའི་གླིང་དུ་ཇི་ཙམ་སྲིད་ན་དཔག་ཚད་བཞི་ཁྲི་ཡོད་པ་བཞིན་དུ། དེ་ནས་དེ་ཡི་གོང་སུམ་ཅུ་རྩ་གསུམ་ལ་ཡང་དེ་ཙམ་སྟེ་བཞི་ཁྲི་སྲིད་ལ་དེ་བཞིན་དུ་གནས་སུམ་ཅུ་རྩ་གསུམ་ནས་འཛམ་གླིང་བར་དུ་བརྒྱད་ཁྲི་ཡོད་པ་ཇི་སྲིད་པ། དེ་ནས་འཐབ་བྲལ་དུ་ཡང་དེ་སྲིད་བརྒྱད་ཁྲིའོ་ཞེས་པ་ལ་སོགས་པར་སྦྱར་ཞིང་། སར་ནི་བཞི་ཁྲི་པ་ཤ་སྟག་ཏུ་བཤད་དོ། །གཞལ་ཡས་ཁང་གི་རྒྱའི་ཚད་ནི་འདོད་ལྷ་བཞི་རི་རབ་ཀྱི་རྩེ་མོ་དང་མཉམ་པའམ། ཁ་ཅིག་ཉིས་འགྱུར་གྱིས་གོང་མ་ཆེ་བ་འདོད་ལ། བསམ་གཏན་བཞི་ནི་གླིང་བཞི་ལ་སོགས་པ་བཞི་དང་མཉམ་པའམ། ཁ་ཅིག་དང་པོར་སུམ་སྟོང་གསུམ་དང་རིམ་བཞིན་མཉམ་པར་འདོད་དོ། །ལྔ་པ་ནི། འོག་མས་གོང་མའི་གནས་སུ་ཕྱིན་ནས་མཐོང་ངམ་ཞེ་ན། རང་གི་ས་གོང་མའི་རྫུ་འཕྲུལ་བསྒྲུབས་སམ་རྫུ་འཕྲུལ་ཅན་གཞན་ལ་བརྟེན་ནས་གོང་མར་འགྲོ་བ་ཡིན་གྱི། དེ་མ་གཏོགས་པར་འོག་མ་དེ་དག་གིས་གོང་མ་མཐོང་བ་མེད་དེ། གོང་མར་ཕྱིན་ནས་མཐོང་བ་ལ་འགྲོ་བས་ཁྱབ་པའི་ཕྱིར་རོ། །གོང་མར་འོངས་ནས་མཚུངས་པ་དག་མཐོང་གི་མི་མཚུངས་པ་ནི་ལྷའི་མིག་མ་ཐོབ་པས་མི་མཐོང་ངོ་། །བྱང་སེམས་ཚངས་པར་སྐྱེས་པ་རྒྱལ་པོ་ཡན་ལག་བྱིན་གྱི་དྲུང་དུ་འོངས་ཏེ་ཆོས་བསྟན་པའི་རྒྱལ་པོའི་ལོག་རྟོག་བཟློག་པར་བཤད་པ་ནི། འདོད་པའི་ལུས་སུ་སྤྲུལ་པ་ལ་ཉེས་པ་མེད་དོ། །དེ་ཡང་འཇིག་རྟེན་འདི་ཡི་དབང་དུ་བྱས་ཀྱི། མངོན་པར་དགའ་བའི་ཞིང་ན་འཛམ་གླིང་ནས་སུམ་ཅུ་རྩ་གསུམ་དུ་རིན་པོ་ཆེའི་སྐས་བཙུགས་ཏེ་རྫུ་འཕྲུལ་མེད་པས་བགྲོད་པར་མི་འཁྲུགས་པའི་ཞིང་གི་བཀོད་པའི་མདོར་བཤད་དོ། །གསུམ་པ་སྟོང་གསུམ་ངོས་བཟུང་ཞིང་འབྱུང་འཇིག་མཉམ་པར་བསྟན་པ་ནི། ཆུང་ངུ་ནི་གླིང་བཞི་ཞེས་སོགས་ཏེ་མིའི་གཙུག་ཕུད་ལྟར་ཆུང་ངུར་གནས་པ་དེ་ཡང་ལྕགས་རི་གཅིག་གིས་བསྐོར་ལ། དེ་སྟོང་སྟེ་གླིང་བཞི་པ་འབུམ་ཕྲག་བཅུ་ལ་སྟོང་གཉིས་པ་ཆུང་ངུ་དང་ཆེན་པོ་ལ་ལྟོས་པའི་བར་མའི་འཇིག་རྟེན་གྱི་ཁམས་ཡིན་ལ། དེ་ཡང་ལྕགས་རི་གཅིག་གིས་བསྐོར་རོ། །བར་མ་དེ་སྟོང་སྟེ་གླིང་བཞི་ཁོར་ཡུག་དང་བཅས་པ་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་སྟེ། དེ་ཡང་ཁོར་ཡུག་ཆེན་པོས་ཀུན་ནས་བསྐོར་རོ། །དེས་ན་གཉིས་པ་ཡན་ཆད་སྟོང་གསུམ་དུ་ནི་མ་གཏོགས་ལ་སངས་རྒྱས་བཞུགས་པའི་ཚེ་སངས་རྒྱས་ཀྱི་ཞིང་གཅིག་ཏུ་བྱེད་དོ། །སྟོང་གསུམ་གཅིག་པོ་དེ་ནི་རླུང་གི་དཀྱིལ་འཁོར་ཡན་ཆད་སྣོད་བཅུད་དང་བཅས་པ་མེ་ལ་སོགས་པས་དུས་མཉམ་དུ་འཇིག་ཅིང་འཆགས་པའི་ཚེའང་མཉམ་དུ་འབྱུང་བ་ཡིན་ནོ། །གཉིས་པ་ཞར་ལ་དེར་གནས་པའི་སེམས་ཅན་གྱི་ཚད་བཤད་པ་ལ་གཉིས་ཏེ། ལུས་ཚད་དང་། ཚེ་ཚད་དོ། །དང་པོ་ལ་གསུམ་སྟེ། མིའི་དང་། འདོད་ལྷའི་དང་། གཟུགས་ཁམས་པའི་ལུས་ཚད་དོ། །དང་པོ་ནི། འཛམ་བུ་གླིང་པ་ཚེ་ལོ་བརྒྱ་པ་རྣམས་ཀྱི་ལུས་ཀྱི་ཚད་ནི་ཞེང་དུ་ཁྲུ་བཞི་དང་། མཐོ་དམན་ལ་ཕྱེད་དང་བཞི་སྟེ། ཁྲུ་ནི་འོག་ནས་བཤད་པའི་འགྱུར་བསྒྲེས་པའི་ཁྲུའོ། །བསྐལ་པ་དང་པོའི་མི་འགའ་ཞིག་བརྒྱ་བྱིན་དང་མཉམ་པ་ཡང་ཡོད་དེ། སྤྱི་བོ་སྐྱེས་དང་བརྒྱ་བྱིན་གཉིས་མིག་འབྱེད་འཛུམ་ཡོད་མེད་མ་གཏོགས་པ་ཁྱད་པར་མེད་པར་བཤད་པའི་ཕྱིར་རོ། །ཤར་དང་བ་གླང་སྤྱོད་དང་ནི་བྱང་ཞེས་བྱ་བ་གསུམ་ནི། ཕྱི་མ་ཕྱི་མ་ཉིས་འགྱུར་དུ་བསྐྱེད་པས་ཁྲུ་བརྒྱད་དང་བཅུ་དྲུག་དང་སོ་གཉིས་པའོ། །གཉིས་པ་ནི་འདོད་པ་དང་ལྡན་པའི་ལྷའི་ལུས་ཚད་ནི་རྒྱལ་ཆེན་རིས་བཞི་པ་རྒྱང་གྲགས་བཞི་ཆ་ནས་ནི་གཞན་འཕྲུལ་དབང་བྱེད་པ་རྒྱང་གྲགས་དག་ཕྱེད་དང་གཉིས་ཀྱི་བར་དུ་རྒྱང་གྲགས་བཞི་ཆ་རེ་རེ་བསྐྱེད་དོ། །སར་སུམ་ཅུ་རྩ་གསུམ་པ་སྤྱི་ནི་རྒྱང་གྲགས་བཞི་ཆ་ལྷག་པ་བརྒྱ་བྱིན་ཕྱེད་པ་ཡིན་ཞིང་། ལྷ་མིན་དེ་དང་འདྲའོ་ཞེས་བཤད་དོ། །གསུམ་པ་ནི། གཟུགས་ཅན་དང་པོ་ཚངས་རིས་པ་དཔག་ཚད་ཕྱེད་པ་དེ་ཡི་གོང་མ་གསུམ་ཕྱེད་ཕྱེད་བསྐྱེད་པས་འོད་ཆུང་པ་རྣམས་ཀྱི་གཟུགས་ནི་དཔག་ཚད་གཉིས་སོ། །དེའི་ལྟག་ཚད་མེད་འོད་ཡན་ཆད་ཀྱི་ལུས་ནི་འོག་མ་འོག་མ་ལས་ཉིས་འགྱུར་གྱིས་ཆེ་སྟེ། དགེ་རྒྱས་པའི་ལུས་ནི་དྲུག་ཅུ་རེ་བཞི་དང་། དེ་ཉིས་འགྱུར་ལས་སྤྲིན་མེད་པའི་དཔག་ཚད་གསུམ་དོར་བས་བརྒྱ་ཉེར་ལྔ་ནས་འོག་མིན་པའི་ལུས་ནི་ཁྲི་དྲུག་སྟོང་གི་བར་རོ། །སྤྲིན་མེད་པའི་བརྩི་བདེ་བའི་ཆེད་དོར་ཟེར་ཡང་ལས་དབང་གིས་ཏེ་སྤྱིར་གོང་མ་ཀུན་ལ་དོར་བའོ། །གཉིས་པ་ལ་གཉིས་ཏེ། ཚེ་ཚད་དངོས་དང་། བར་དུ་འཆི་བ་ཡོད་མེད་དཔྱད་པའོ། །དང་པོ་ལ་གཉིས་ཏེ། བདེ་འགྲོའི་ཚེ་ཚད་དང་། ངན་འགྲོའི་ཚེ་ཚད་དོ། །དང་པོ་ལའང་གསུམ་སྟེ། མིའི། འདོད་ལྷའི། ཁམས་གོང་མའི་ཚེ་ཚད་དོ། །དང་པོ་ནི། བོང་ཚོད་ཐ་དད་པ་རྣམས་ཀྱི་ཚེའང་ཐ་དད་དམ་ཞེ་ན། སྒྲ་མི་སྙན་ན་ཚེ་སྟོང་ཐུབ། ནུབ་དང་ཤར་གཉིས་ན་སྔ་མའི་ཕྱེད་ཕྱེད་སྤངས་པ་སྟེ་ལྔ་བརྒྱ་དང་ཕྱེད་སུམ་བརྒྱའོ། །གླིང་འདི་ན་ཚེ་ཚད་མ་ངེས་ཏེ། འགྲིབ་པའི་ཐ་མར་ནི་ལོ་བཅུ་དང་བསྐལ་པ་དང་པོའི་མིའི་ཚེ་ལོ་དཔག་ཏུ་མེད་དོ། །གཉིས་པ་ནི། མི་རྣམས་ཀྱི་ནི་ཚེ་ལོ་ལྔ་བཅུ་ལ། འདོད་པ་དག་གི་ལྷ་རྣམས་ལས་འོག་མ་རྒྱལ་ཆེན་རིས་བཞི་པ་དག་གི་ཉིན་ཞག་གཅིག་སྟེ། ཉིན་ཞག་དེ་ཡིས་བགྲངས་པའི་ཞག་སུམ་ཅུ་ལ་ཟླ་བ། དེ་བཅུ་གཉིས་ལ་ལོར་བྱས་ཏེ། དེས་བརྩིས་པ་ན་རང་ལོ་ལྔ་བརྒྱ་ཐུབ་པའོ། །འདོད་ལྷ་གོང་མ་ལྔའི་ཞག་དང་ལོའི་ཚད་གཉིས་ཀ་ཉིས་འགྱུར་ཏེ། མི་རྣམས་ལོ་ནི་བརྒྱ་དག་ལ། །འདོད་པ་དག་གི་ལྷ་རྣམས་ལས། །སུམ་ཅུ་རྩ་གསུམ་ཉིན་ཞག་གཅིག །དེ་ནས་ཚེ་ལོ་སྟོང་ཕྲག་གཅིག །ཅེས་པ་ལ་སོགས་པ་སྦྱར་རོ། །འོ་ན་གཉའ་ཤིང་འཛིན་ཡན་ཆད་ན་ཉི་ཟླ་མེད་པས་ཉིན་ཞག་ཇི་ལྟར་ཡོད་ཅེ་ན། མེ་ཏོག་ཁ་བྱེ་བ་དང་ཟུམ་པ་དང་། བྱ་སྐད་འབྱིན་མི་འབྱིན་དང་། གཉིད་སངས་པ་དང་བྲོ་བ་དང་། འོད་གསལ་བ་དང་མི་གསལ་བའི་བྱེ་བྲག་ལས་སོ། །གསུམ་པ་ལ་གསུམ་སྟེ། གཟུགས་ཅན་གྱི་ཚེ་ཚད། གཟུགས་མེད་ཀྱི་ཚེ་ཚད། ཚེ་ཚད་ཀྱི་བསྐལ་པ་ངོས་བཟུང་བའོ། །དང་པོ་ནི། གཟུགས་ཅན་གྱི་ཁམས་ན་མེ་ཏོག་དང་། དུད་འགྲོ་དང་། གཉིད་དང་། འོད་འཕེལ་འགྲིབ་མེད་པའི་ཕྱིར་ཉིན་མཚན་མེད་ཀྱི་ཚེའི་ཚད་ནི་ལོས་མི་བགྲང་གི འོ་ན་གང་གིས་ཤེ་ན། རང་ལུས་གཞལ་བའི་དཔག་ཚད་དང་གྲངས་མཐུན་པའི་བསྐལ་པ་ཡིས་བགྲངས་ཏེ། གཟུགས་ཅན་དང་པོ་བསྐལ་པ་ཕྱེད། །དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ཚེ་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་བསྐལ་པ་གསུམ་དོར་རོ། །ཞེས་སྦྱར་རོ། །གཉིས་པ་ནི། གཟུགས་མེད་དང་པོའི་ཚེ་ཚད་ནི་བསྐལ་པ་སྟོང་ཕྲག་ནི་ཉི་ཤུ་ཡིན་ལ། གོང་མ་གསུམ་ནི་དེ་ཙམ་སྟེ་ལྷག་པས་ལྷག་པ་ཡིན་ནོ། །གསུམ་པ་ནི། ཚེ་ཚད་ཀྱི་བསྐལ་པ་ཐམས་ཅད་མཉམ་པ་ཡིན་ནམ་ཞེ་ན། མིན་གྱི། འོད་ཆུང་ནས་གཟུང་སྟེ་སྲིད་རྩེའི་བར་དུ་བསྐལ་ཆེན་ཡིན་ལ། དེ་ཡི་འོག་མ་དང་པོ་པའི་ནི་བསྐལ་ཆེན་ཕྱེད་ལ་བསྐལ་པར་བྱས་པ་ཡིན་པས་ཚངས་རིས་པ་བར་བསྐལ་ཉི་ཤུ། མདུན་ན་འདོན་པ་བཞི་བཅུ་ཚངས་ཆེན་པ་དྲུག་བཅུའོ། །སར་གསུམ་ཀ་ཡང་མིང་བསྐལ་པ་རེ་རེར་བཤད་དོ། །གཉིས་པ་ངན་འགྲོའི་ཚེ་ཚད་ལ་བཞི་ལས། དང་པོ་ཚ་དམྱལ་གྱི་ནི། ཡང་སོས་ལ་སོགས་པ་དང་པོ་དྲུག་ནི་འདོད་ལྷ་དྲུག་གི་ཚེ་དང་ཉིན་ཞག་མཉམ་པ་ཡིན་ལ་ཉིན་ཞག་དེས་བརྩིས་པ་ན་དམྱལ་བ་དེ་དག་རྣམས་ཀྱི་ཚེ་ལོའི་གྲངས་འདོད་པའི་ལྷ་དྲུག་དང་འདྲ་བ་ཡིན་ཏེ། རྒྱལ་ཆེན་རིས་བཞི་པའི་ཚེ་ཚད་ལ་ཞག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཡང་སོས་པའི་ཚེ་ཚད་དོ་ཞེས་པ་ལ་སོགས་པར་སྦྱར་ཞིང་། རབ་ཏུ་ཚ་བ་ནི་ལོས་བརྩི་བར་མི་ནུས་པས་བར་བསྐལ་ཕྱེད་ཡིན་ལ། མནར་མེད་ནི་བར་གྱི་བསྐལ་པ་གཅིག་ཡིན་ནོ། །གཉིས་པ་དུད་འགྲོ་རྣམས་ནི། ཐུང་བ་ལ་ངེས་པ་མེད་ཀྱི་མཆོག་ཏུ་རིང་བ་ནི་བར་གྱི་བསྐལ་པ་སྟེ། མདོ་ལས་དགེ་སློང་དག་ཀླུ་བརྒྱད་པོ་འདི་དག་ནི་ཀླུ་ཆེན་པོ་བསྐལ་པར་གནས་པས་འཛིན་པ་ནམ་མཁའ་ལྡིང་གིས་མི་ཕྱིན་པ་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང་ཞེས་སོགས་གསུངས་ལ། དེའི་ནང་ནས་ཀླུ་ནག་པོ་ཆེན་པོས་སངས་རྒྱས་སྟོང་ལ་མཆོད་པར་བྱེད་དོ། །གསུམ་པ་ཡི་དྭགས་རྣམས་མཆོག་ཏུ་རིང་བ་ནི། མིའི་ཟླ་བ་གཅིག་ལ་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་སྟེ་མིའི་ལོ་ལྔ་སྟོང་ཐུབ་པར་བཤེས་སྤྲིང་ལས་བཤད་དོ། །མདོ་སྡེ་ཉི་མའི་སྙིང་པོར་ཐུང་བས་སྟོང་ཕྲག་གཅིག་དང་། རིང་བས་སྟོང་ཕྲག་བརྒྱད་ཅུ་ཐུབ་པར་བཤད་དོ། །བཞི་པ་གྲང་དམྱལ་གྱི་ཚེ་ཚད་ནི། ཏིལ་གྱི་སྦྱངས་པ་མ་ག་དྷའི་ཁལ་བརྒྱད་ཅུ་པ་ཞིག་གི་ནང་ནས་ལོ་བརྒྱ་འདས་ཞིང་ཏིལ་རེ་རེ་ཕྱུང་སྟེ་བོར་བས་དེ་མ་ལུས་པར་ཟད་པར་གྱུར་པ་ནི་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ལ། ཁ་ཅིག་སྦྱངས་ཁལ་ཉི་ཤུ་པའོ་ཞེས་ཟེར་ཞིང་། གྲང་དམྱལ་གཞན་གྱི་ཚེ་ནི་སྔ་མ་སྔ་མ་ལས་ཕྱི་མ་རྣམས་ཉི་ཤུས་འགྱུར་ཏེ། ཆུ་བུར་ཅན་གྱི་ཉི་ཤུས་བསྒྱུར་བ་ཆུ་བུར་རྡོལ་བ་ཅན་གྱི་ཚེ་ཚད་ཡིན་པ་སོགས་སྦྱར་རོ། །ས་ལས་ནི་ཚ་དམྱལ་གྱི་ཕྱེད་ཕྱེད་དུ་བཤད་དོ། །གཉིས་པ་ནི། དེ་ལྟར་ཚེ་ཚད་བཤད་པའི་སེམས་ཅན་དེ་དག་བར་མ་དོར་འཆི་བ་ཡོད་དམ་མེད་ཅེ་ན། སྒྲ་མི་སྙན་པ་ནི་ལས་བསམ་གྱིས་མི་ཁྱབ་པའི་དབང་གིས་ལོ་སྟོང་མ་ལོན་པར་འཆི་བ་མེད། དེ་མ་གཏོགས་པ་རྣམས་ནི་བར་མ་དོར་འཆི་བ་ཡོད་ཅིང་འོན་ཀྱང་སྲིད་པ་ཐ་མ་ལ་སོགས་པ་རྐྱེན་གྱིས་མི་འཆིའོ། །རྒྱུ་ནི་ཚེ་ཟད་པ་ལ་སོགས་པའོ། །གསུམ་པ་དེ་དག་འཇལ་བྱེད་ཀྱི་ཚད་བཤད་པ་ལ་གཉིས་ཏེ། བརྩམ་གཞི། བརྩམ་པ་འཇལ་བྱེད་དོ། །དང་པོ་ནི། གཟུགས་ཆེ་བ་ནམ་མཁའ་ལྟར་ཚད་མེད་ཀྱང་འགྲིབ་པའི་ཆུང་མཐའ་རྡུལ་ཕྲ་རབ་ཡིན་ལ། དེ་དུ་མས་དཔག་ཚད་ལ་སོགས་པར་འགྱུར་ཞིང་། རྗོད་བྱེད་ཀྱི་མིང་གི་མཐའ་ཡི་གེ་ཡིན་ལ། དུས་ཀྱི་ཐུང་མཐའ་ནི་སྐད་ཅིག་སྟེ། དེའི་ཚད་ནི་སེ་གོལ་གཅིག་གཏོགས་པ་ལ་ཆ་དྲུག་ཅུ་རྩ་ལྔ་འགག་པའི་ཆ་གཅིག་གོ །དེ་དུ་མ་ལས་ལོ་དང་བསྐལ་པར་འགྱུར་རོ། །གཉིས་པ་ཞར་བྱུང་ངོ་ཞེས་ཁ་ཅིག་གསུང་ཡང་རྗོད་བྱེད་ཡིན་པས་སྐབས་དོན་ནོ། །གཉིས་པ་ལ་གཉིས་ཏེ། རྡུལ་གྱི་ཚད་དང་། དུས་ཀྱི་ཚད་དོ། །དང་པོ་ནི། གདགས་པ་ལས་ཉི་ཟེར་རྡུལ་གྱི་བཞི་བཅུ་ཞེ་དགུའི་ཆ་ནི་རྡུལ་ཕྲ་རབ་དང་ནི། རྡུལ་ཕྲན་དང་དེ་བཞིན་དུ་ལྕགས་རྡུལ་དང་ཆུ་དང་རི་བོང་དང་ལུག་དང་གླང་དང་ཉི་ཟེར་གྱི་དང་སྲོ་མ་དང་། དེ་ལས་བྱུང་བ་ཤིག་དང་དེ་བཞིན་དུ་ནས་དང་། སོར་ཚིགས་ཞེས་བྱ་བ་རྣམས་ནི་གོང་ནས་གོང་དུ་བདུན་འགྱུར་དུ་བསྒྱུར་བར་ཤེས་པར་བྱའོ། །ཚིགས་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ཆོས་གསུངས་པའི་དུས་སྐྱེ་དགུའི་ཚེ་ལོ་བརྒྱ་པའི་དབང་དུ་བྱས་སོ། །སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་དང་ཁྲུ་བཞི་ལ་གཞུ་སྟེ་འདོམ་གང་། གཞུ་འདོམ་དེ་དག་ལྔ་བརྒྱ་རྣམས་ལ་རྒྱང་གྲགས་ཏེ། དེ་ཙམ་གྱིས་གྲོང་ནས་འཕགས་པ་ལ་དགོན་པར་འདོད་ལ། རྒྱང་གྲགས་དེ་བརྒྱད་ལ་དཔག་ཚད་ཅེས་བྱའོ། །ལུང་རྣམ་འབྱེད་དུ་དྲུག་འགྱུར་དང་། གདགས་པར་རྡུལ་ཕྲན་བདུན་ལ་ཉི་ཟེར་རྡུལ་དུ་བཤད། དུས་འཁོར་ལས་གཞུ་ཉིས་སྟོང་ལ་རྒྱང་གྲགས་དང་དེ་བཞི་ལ་དཔག་ཚད་དུ་བཤད་དོ། །གཉིས་པ་ལ། ལོའི་ཚད། བསྐལ་པའི་ཚད་དོ། །དང་པོ་ནི། དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་གོ །དེའི་སྐད་ཅིག་དེ་དག་ཀྱང་དྲུག་ཅུ་ལ་ཐང་ཅིག་གོ། །།ཐང་ཅིག་སུམ་ཅུ་ནི་ཡུད་ཙམ་སྟེ། དེ་དང་ཉིན་ཞག་དང་ཟླ་བ་གསུམ་ནི་གོང་ནས་གོང་དུ་སུམ་ཅུ་བསྒྱུར་རོ། །ཚེས་གཅིག་ནས་གནམ་སྟོང་གི་བར་བཅུ་གཉིས་ཚང་བ་ལ་ལོ་གཅིག་ཏུ་བརྩི་བ་མིན་གྱི་ཟླ་བ་དྲུག་གིས་ཞག་སུམ་ཅུ་ཐུབ་ཀྱང་། དྲུག་གིས་ཉེར་དགུ་ལས་མི་ཐུབ་པ་དྲུག་ཟླ་བ་ཕྱི་མ་ལས་བླངས་པ་དང་བཅས་པ་ཞག་གསུམ་བརྒྱ་དྲུག་ཅུ་ལ་ལོ་གཅིག་ཏུ་བརྩིའོ། །འོ་ན་ཞག་སུམ་ཅུ་པའི་ཟླ་བ་བཅུ་གཉིས་ཞེས་བརྗོད་པ་ཉིད་ཀྱིས་ཞག་བཤོལ་དྲུག་དང་བཅས་པར་གྲུབ་པ་མིན་ནམ། ཡང་ཅི་སྟེ་བརྗོད་ཅེ་ན། ཟླ་བ་ཐམས་ཅད་ཞག་སུམ་ཅུ་པར་འགྱུར་བའམ། རེས་འགའ་སུམ་ཅུ་པ་སྲིད་པ་ཙམ་པ་དགོངས་ཀྱི་སུམ་ཅུ་མ་ཚང་ཡང་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཡིན་ནམ་སྙམ་པའི་ལོག་རྟོག་དགག་པའི་ཕྱིར་ཞག་མི་ཐུབ་པ་དང་བཅས་ཞེས་སྨོས་སོ། །གཉིས་པ་ལ་གསུམ་སྟེ། བསྐལ་པ་ངོས་གཟུང་བ། ཡ་ཐོག་རིང་མོའི་འགྲིབ་ཚུལ། འཇིག་པའི་བསྐལ་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། མདོར་བསྟན། རྒྱས་པར་བཤད་པའོ། དང་པོ་ནི། བསྐལ་པ་མདོ་དང་བསྟན་བཅོས་ནས་རྣམ་པ་མང་དུ་བཤད་པ་ཡིན་ཏེ། འཇིག་འཆགས་བར་བསྐལ་བསྐལ་པ་ཆེན་པོའོ། །ཞེས་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ་སྟེ། འཇིག་པའི། འཆགས་པའི། གནས་པའི། ཞིག་ནས་འདུག་པའི། བསྐལ་པ་ཆེན་པོའོ། །དང་པོ་ནི། འཇིག་པའི་བསྐལ་པ་ནི་གནས་བསྐལ་རྫོགས་ཤིང་ཚེ་ལོ་བརྒྱད་ཁྲི་པར་གནས་པའི་ཚེ་མནར་མེད་པའི་དམྱལ་བ་ཡི་སྲིད་པ་གསར་སྐྱེ་མེད་ཅིང་། རྙིང་པ་རྣམས་ཚེའི་འཕེན་པ་ཟད་ནས་ཤི་བ་དག་ལས་ཟད་ན་གོང་དུ་སྐྱེ་བ་ཡིན་ལ། མ་ཟད་ན་སྣོད་ཀྱི་སྟོང་གསུམ་གཅིག་དུས་མཉམ་དུ་འཇིག་པས་གཞན་དུ་འཕངས་ཏེ་ཟད་པ་དང་། དེ་བཞིན་དུ་ངན་སོང་གསུམ་པོ་གཞན་རྣམས་ཀྱང་འཇིག་ཅིང་། དེ་ནས་འཛམ་གླིང་པའི་མི་འགའ་ཞིག་ལ་བསམ་གཏན་དང་པོའི་ཏིང་ངེ་འཛིན་ཆོས་ཉིད་ཀྱིས་སྐྱེ་ཞིང་། དེ་ལས་ལངས་ནས་ཀྱེ་མ་དབེན་པ་ལས་ཞེས་སོགས་ཐོས་པས་རྐྱེན་བྱས་ནས་གཞན་ཡང་སྙོམས་པར་འཇུག་ཅིང་དང་པོར་སྐྱེ་བའམ། སར་གཉིས་པའང་སྒོམ་ནས་དེར་སྐྱེ་བར་བཤད་ལ། ཤར་དང་ནུབ་ཀྱང་དེ་བཞིན་ནོ། །སྒྲ་མི་སྙན་པ་ལ་ཆགས་བྲལ་གྱི་ལམ་མེད་པས་འདོད་ལྷར་སྐྱེ་ལ་འདོད་ལྷ་རྣམས་དང་པོར་སྐྱེ་བ་དང་། དེར་གཉིས་པའི་ཏིང་ངེ་འཛིན་ཆོས་ཉིད་ཀྱིས་ཐོབ་སྟེ་གཉིས་པར་སྐྱེ་བས་སེམས་ཅན་འཇིག་པ་ལ་བར་བསྐལ་བཅུ་དགུའོ། །དེ་ནས་ཉི་མ་བདུན་འཆར་བའི་མདོ་ལས་འབྱུང་བ་ལྟར་སྤྲིན་ལས་ཆར་ཡང་མི་འབབ་ཅིང་ཉི་མ་འདིས་ཆུ་ལས་གྱུར་པའི་དངོས་པོ་དང་། འདི་ལས་བཞི་འགྱུར་གྱི་ཚ་བ་གཉིས་པས་ཆུ་བྲན་དང་ལྟེང་ཀ་དང་ཆུང་ངུ་དང་། གསུམ་པས་ཆུ་བོ་ཆེན་པོ་བཞི་དང་། བཞི་པས་མཚོ་མ་དྲོས་པ་དང་། ལྔ་པས་ཕྱིའི་རྒྱ་མཚོ་ཆུ་བོ་བོལ་ནུབ་ཙམ་གྱི་བར་དང་། དྲུག་པས་མ་ལུས་པར་བསྐམས་ཤིང་སྲ་བའི་དངོས་པོ་རི་རབ་ལའང་དུ་བ་འཐུལ་བར་བྱེད་ལ། བདུན་པས་མེ་འབར་ཏེ་འདོད་པའི་སྣོད་མེ་རྒྱུན་གཅིག་དང་སྲེད་པའི་འཆིང་བ་ཐ་དད་པས་ཚངས་པའི་གནས་དེས་མེ་གཞན་བསྐྱེད་ནས་བསྲེགས་ཏེ་ཐལ་བའི་ལྷག་མ་ཙམ་ཡང་མ་ལུས་པར་ཟད་པའི་སྣོད་འཇིག་པ་ལ་བར་བསྐལ་གཅིག་གོ །ཆུས་ནི་འོད་གསལ་མན་ཆད་ཀྱི་སེམས་ཅན་དང་སྣོད་ལན་ཚྭ་ཆུར་བཅུག་པ་བཞིན་དུ་སྲུལ་བར་བྱེད་ལ། རླུང་གིས་ནི་དགེ་རྒྱས་མན་ཆད་ཀྱིས་སེམས་ཅན་དང་སྣོད་རླུང་གིས་བསྐྱེད་པའང་འཐོར་བར་བྱེད་དེ། དུས་ནི་བར་བསྐལ་ཉི་ཤུར་མཉམ་ཞིང་བསམ་གཏན་གོང་མའི་ཏིང་ངེ་འཛིན་ཆོས་ཉིད་ཀྱིས་ཐོབ་པ་བསྒྲུབས་ཏེ་གོང་མར་སྐྱེའོ། །གཉིས་པ་ནི། འཆགས་པའི་བསྐལ་པ་ནི། རླུང་གིས་ཞིག་པའི་རྗེས་ལ་དང་པོ་དགེ་རྒྱས་པའི་འོག་གཞི་རླུང་གི་དཀྱིལ་འཁོར་འཆགས་པ་ནས་འཐབ་བྲལ་ཡན་ཆད་ས་དང་མ་འབྲེལ་པ་རྣམས་འཆགས་ལ། དེ་ནས་སྔར་བཤད་པའི་རླུང་གི་དཀྱིལ་འཁོར་སོགས་འཆགས་ཏེ་བར་བསྐལ་གཅིག་གོ་དེ་ནས་བསམ་གཏན་བཞི་པ་ནས་སེམས་ཅན་ཚེ་སོགས་གསུམ་ཟད་པ་དག་དགེ་རྒྱས་སུ་ཐོག་མར་སྐྱེ་བ་ནས་ལྷ་རྣམས་རིམ་པར་འཆགས་ལ། དེ་ནས་བྱང་ནུབ་ཤར་ལྷོ་དུད་འགྲོ་ཡི་དྭགས་དང་། དམྱལ་བ་མནར་མེད་པར་སྔོན་དུས་ཀྱི་སྲིད་པ་གཅིག་སྐྱེས་པའི་བར་དུ་སེམས་ཅན་འཆགས་པ་ལ་བར་བསྐལ་བཅུ་དགུའོ། །ཆུ་དང་མེས་འཇིག་པའི་རྗེས་ལ་འོད་གསལ་དང་ཚངས་པའི་སྣོད་དང་སེམས་ཅན་དགེ་རྒྱས་དང་འོད་གསལ་ནས་སྐྱེ་བ་ནས་བརྩམས་ཏེ་འཆགས་ཤིང་འཆགས་པ་རྫོགས་པ་དང་། གནས་པ་རྩོམ་པ་དང་། མནར་མེད་པར་སེམས་ཅན་གཅིག་སྐྱེས་པ་དང་། ཚེ་ལོ་དཔག་མེད་ནས་འགྲི་བ་རྩོམ་པ་རྣམས་དུས་ནི་མཉམ་ལ། འདི་ནི་མེས་འཇིགས་པའི་རྗེས་ཏེ། མདོ་ལས་སེམས་ཅན་འོད་གསལ་གྱི་ལྷ་ལས་ཆད་དོ་ཞེས་པས་སོ། །གསུམ་པ་ལ་ལྔ་སྟེ། ཐོག་མའི་ཡ་ཐོག བར་གྱི་ཁུག་པ། མཐའི་མ་ཐོག ཡར་འཕེལ་བཅུ་དགུའི་མཚམས། དེ་རྣམས་གནས་པའི་བསྐལ་པར་བསྟན་པའོ། །དང་པོ་ནི། བར་གྱི་བསྐལ་པ་ནི་ཚེ་དཔག་ཏུ་མེད་པ་ནས་འགྲིབ་སྟེ་བརྒྱད་ཁྲི་པར་ཕྱིན་པ་དང་། མནར་མེད་དུ་སེམས་ཅན་གཅིག་སྐྱེས་པ་དུས་མཉམ་པས་དེ་ནས་ཚེ་ལོ་བཅུ་པར་གྱུར་པའི་བར་དུ་ནི་བར་བསྐལ་དང་པོ་ཡ་ཐོག་རིང་མོ་སྟེ་དཔག་མེད་ནས་འགྲིབ་པ་དང་པོར་བསྟན་པ་ཡིན་ལ་འགྲིབ་ཚུལ་འོག་ཏུ་འཆད་དོ། །གཉིས་པ་ནི། བཅུ་པ་དེ་ནས་ཡར་བརྒྱད་ཁྲིའི་བར་སྐྱེ་བ་དང་ཡང་མ་འགྲིབ་ཟུང་དུ་བྱས་པའི་བསྐལ་པ་གཞན་ནི་བར་གྱི་ཁུག་པ་བཅོ་བརྒྱད་དང་། གསུམ་པ་ནི། དེ་ནས་མཐར་ཡར་སྐྱེ་བ་ནི་ལན་ཅིག་ལ་མ་ཐོག་རིང་མོ་ཞེས་པའི་བར་བསྐལ་གཅིག་ཡིན་ཏེ། བཞི་པ་ནི། ཡར་སྐྱེ་བ་དེ་དག་ཚེ་ལོ་བརྒྱད་ཁྲིའི་བར་ལས་ལྷག་པར་མི་འཕེལ་ལ། རིང་ཐུང་གི་རྒྱུ་མཚན་ནི། ཁ་ཅིག་སྔ་ཕྱི་ཉིས་བརྒྱ་དང་བར་མ་བརྒྱ་ལ་འཕེལ་འགྲིབ་བྱེད་པའོ་ཞེས་པ་ནི། བསྐལ་པ་ལོས་བགྲང་ནུས་པར་འགྱུར་བས་སྤྱིར་འཕེལ་འགྲིབ་མྱུར་བུལ་ཡིན་ཏེ། གང་སྤེལ་ལས། མཐའི་བསྐལ་པ་གཉིས་ནི་དལ་གྱིས་འགྲོ་ལ་བར་བསྐལ་བཅོ་བརྒྱད་མགྱོགས་པར་འགྲོ་བས་ཐམས་ཅད་དུས་མཉམ་པར་འགྱུར་རོ་ཞེས་སོ། །ལྔ་པ་ནི། དེ་ལྟར་འཇིག་རྟེན་འཆགས་པ་འདི་བར་གྱི་བསྐལ་པ་ཉི་ཤུར་གནས་པ་ཡིན་ནོ། །བཞི་པ་ནི། གནས་བསྐལ་དང་འཆགས་པ་དང་ནི་འཇིག་པ་དང་ཞིག་ཅིང་སྟོང་ནས་འདུག་པ་དག་གསུམ་ཀ་བར་བསྐལ་ཉི་ཤུར་མཉམ་མོ། །ལྔ་པ་བསྐལ་པ་ཆེན་པོ་ལ་གཉིས་ཏེ། དངོས་དང་། ཞར་ལ་གང་ཟག་གསུམ་གྱི་འབྱུང་ཚུལ་ལོ། །དང་པོ་ནི། བར་བསྐལ་དེ་དག་བརྒྱད་ཅུ་ལ་བསྐལ་པ་ཆེན་པོ་ཞེས་བྱའོ། །གཉིས་པ་ལ་གསུམ་སྟེ། སངས་རྒྱས་རང་རྒྱལ། འཁོར་ལོས་སྒྱུར་རྒྱལ་འབྱུང་ཚུལ་ལོ། །དང་པོ་ལ་ཚོགས་ཀྱི་ཚད། འབྱུང་བའི་དུས་སོ། །དང་པོ་ནི། བསྐལ་ཆེན་དེ་གྲངས་མེད་པ་གསུམ་དུ་ཚོགས་བསགས་པ་ལ་སངས་རྒྱས་འབྱུང་ལ། གྲངས་མེད་ནི་གྲངས་གཏན་མེད་མིན་གྱི་ལུང་སིལ་བུར་གྲངས་ཀྱི་གནས་གཞན་དྲུག་ཅུ་གསུངས་པའི་ཐ་མ་སྟེ། སྡོམ་ལ། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །ས་ཡ་བྱེ་བ་དུང་ཕྱུར་རྣམས། །རྐྱང་པ་ཡིན་པར་ཤེས་པར་བྱ། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། །གཏམ་དཀྲིགས་མི་འཁྲུགས་ཁྱད་བྱིན་དང་། །བང་སྟེང་དེད་འདྲེན་མཐའ་འཛིན་དང་། །རྒྱུ་རིག་འོད་མཛེས་དབང་པོ་དང་། །ལེགས་བྱིན་རྟོགས་འགྲོ་འབྱིན་འདུལ་དང་། །རྟགས་རྟགས་སྟོབས་འགྲོ་བརྡ་ཤེས་དང་། །རྣམ་འབྱུང་དང་ནི་སྟོབས་མིག་རྣམས། །གཞལ་ཡས་དང་ནི་བགྲང་ཡས་དང་། །དཔག་ཡས་དང་ནི་ཐུག་ཡས་རྣམས། །ཞེས་བྱའོ། །ཆེན་པོའི་ཟླ་དང་བཅས་པ་སྟེ། །གྲངས་མེད་པ་ནི་ཐ་མ་ཡིན། །བར་ནས་བརྒྱད་ནི་མི་རྙེད་པས། །དུང་ཕྱུར་མན་ཆད་དག་ཏུ་ནི། །གང་ཡང་རུང་བ་བརྒྱད་བསྣན་ནོ། །ཞེས་པའི་དྲུག་ཅུ་བར་ཕྱིན་པ་གསུམ་གྱིས་ཐོབ་པ་ཡིན་ལ། དེ་ཡང་ཉན་ཐོས་སྡེ་གཉིས་ཀྱིས་ཚོགས་ལམ་ཁོ་ནར་རྫོགས་པར་འདོད་པ་ཡིན་ཞིང་། ཐེག་ཆེན་པས་མོས་སྤྱོད་དང་མ་དག་ས་བདུན་དང་དག་པ་ས་གསུམ་ལ་རྫོགས་པར་འདོད་དོ། །གཉིས་པ་ནི། སངས་རྒྱས་རྣམས་ཡར་འཕེལ་དང་མར་འགྲིབ་གང་ལ་འབྱུང་ཞེ་ན། ཡར་འཕེལ་ནི་སྐྱོ་ཤས་ཆུང་བས་མར་འགྲིབ་པའི་བརྒྱད་ཁྲི་པ་ནས་བརྒྱ་པ་ལ་ཐུག་པའི་བར་ལ་སངས་རྒྱས་དེ་དག་འབྱུང་ལ། བརྒྱ་པ་མན་ཆད་ལ་མི་འབྱུང་སྟེ། ཚེ་དུས་ཉོན་མོངས་ལྟ་བ་སེམས་ཅན་གྱི་སྙིགས་མ་ལྔ་ཤས་ཆེ་བའི་ཕྱིར་རོ། །དེ་ཡང་བསྐལ་པ་བཟང་པོའི་སངས་རྒྱས་ཀྱི་དབང་དུ་བྱས་ཀྱི། གཞན་ནི་ཐུང་བའི་དུས་སུའང་འབྱུང་སྟེ། སྙིང་རྗེ་པད་དཀར་ལས། འཇིག་རྟེན་གྱི་ཁམས་མཐེང་འོད་ཅན་ཞེས་པར་དེ་བཞིན་གཤེགས་པ་སྐར་མ་ལ་དགའ་བ་ཞེས་བྱ་བ་ཚེ་ལོ་བཅུ་པ་ལ་སངས་རྒྱས་པ་དང་། དེ་བཞིན་དུ་སུམ་ཅུ་པ་དང་ལྔ་བཅུ་པ་ལའང་འབྱུང་བར་བཤད་དོ། །གཉིས་པ་ལ་གཉིས་ཏེ། འབྱུང་བའི་དུས་ཚོགས་ཀྱི་ཚད་དོ། །དང་པོ་ནི། བསོད་ནམས་ཀྱི་ཞིང་གཅིག་པུ་དེ་བཞིན་གཤེགས་པ་འབྱུང་ཚུལ་དེ་ལྟར་ཡིན་ན་དེ་བཞིན་གཤེགས་པ་མི་བཞུགས་པའི་ཚེ་བསོད་ནམས་ཀྱི་ཞིང་དུ་གྱུར་པ་རང་རྒྱལ་འབྱུང་ཚུལ་ཇི་ལྟ་བུ་ཞེ་ན། རང་སངས་རྒྱས་རྣམས་ནི་ཡར་འཕེལ་དང་མར་འགྲིབ་གཉིས་ཀ་ལ་འབྱུང་ངོ་། །གཉིས་པ་ནི། བསེ་རུ་ལྟ་བུའི་རང་རྒྱལ་ནི་སྔར་བཤད་པའི་བསྐལ་ཆེན་བརྒྱར་ཚོགས་བསགས་པའི་རྒྱུ་ལས་བྱང་ཆུབ་འཐོབ་སྟེ། དྲོད་ནས་མི་སློབ་ལམ་གྱི་བར་མཉམ་གཞག་ཐུན་གཅིག་ལ་བསྐྱེད་པས་རྒྱུད་ཡོངས་སུ་སྨིན་པའི་ཕྱིར་རོ། །ཚོགས་ན་སྤྱོད་པ་ནི་ཉན་ཐོས་སྔོན་དུ་འགྲོ་བའི་རང་རྒྱལ་ཏེ། མྱུར་བ་སྲིད་པ་གསུམ་ལ་སོགས་པར་ཐར་ལ། ཁ་ཅིག་ནི་སྐྱེ་བོ་སྔོན་དུ་འགྲོ་བ་སྦྱོར་ལམ་ལུང་ལས་བསྐྱེད་པའི་ཕྱིར་གཞན་བདག་ཉིད་ཀྱིས་མངོན་དུ་བྱེད་པ་ཡང་ཡོད་དེ། ཇི་སྐད་དུ་རི་ལ་དཀའ་ཐུབ་དྲག་པོས་གདུངས་པ་ལྔ་བརྒྱ་ཞིག་ཡོད་པ་རང་རྒྱལ་དང་ལྷན་ཅིག་གནས་པའི་སྤྲེའུ་ཞིག་དང་འཕྲད་ནས་སྤྱོད་ལམ་བསྟན་པས་བྱང་ཆུབ་མངོན་དུ་བྱས་པར་གྲག་གོ་ཞེས་ཏེ། འཕགས་པ་ཡིན་ན་དོན་བྱེད་དཀའ་ཐུབ་བྱེད་མི་སྲིད་དོ་ཞེས་སོ། །ཁ་ཅིག་ཁ་ཆེ་བ་ཚོགས་སྤྱོད་མི་འདོད་པས་དེའི་ཚོགས་སོགས་ཚུལ་མ་བཀོད་པ་ཡིན་གསུང་ངོ་། །གསུམ་པ་ལ་གསུམ་སྟེ། འབྱུང་བའི་དུས། འཁོར་ལོས་སྒྱུར་ཚུལ། མཚན་གྱི་ཁྱད་པར་རོ། །དང་པོ་ནི། འཕགས་པ་ཆེན་པོ་གཉིས་མི་བཞུགས་པའི་ཚེ་གཞན་ལ་ཕན་པར་ཞུགས་པ་འཁོར་ལོ་སྒྱུར་བ་ཡིན་པར་སྟོན་པ་ནི། རྒྱལ་སྲིད་ཀྱི་ཐོག་མར་འཁོར་ལོ་རིན་པོ་ཆེ་འགྲོ་ཞིང་གླིང་ལ་དབང་སྒྱུར་བ་འབྱུང་བ་ནི་ཚེ་ལོ་དཔག་མེད་ནས་སྟོང་ཕྲག་བརྒྱད་ཅུའི་བར་ལ་འབྱུང་གི་དེ་ལས་མི་འཕྱི་སྟེ། དེ་མན་ཆད་དུ་ལུས་ལ་སོགས་པའི་ཕུན་སུམ་ཚོགས་པ་རྣམས་མི་རྫོགས་པའི་ཕྱིར་རོ། །དེ་ཡང་མཚན་ཉིད་ཡོངས་སུ་རྫོགས་པའི་དབང་དུ་བྱས་ཀྱི་སྟོབས་ཀྱི་འཁོར་ལོ་སྒྱུར་བ་ནི་ཕྱིས་ཀྱང་འབྱུང་ངོ་། །གཉིས་པ་ནི། འཁོར་ལོས་སྒྱུར་རྒྱལ་རིགས་དུ་ཡོད་ཅེ་ན། གསེར་དང་། དངུལ་དང་། ཟངས་དང་། ལྕགས་ཀྱི་འཁོར་ལོ་ཅན་གྱི་རྒྱལ་པོ་བཞིར་ས་དང་གདགས་པར་བཤད་ལ། མདོ་ལས་གཙོ་བོ་བཟུང་ནས་དང་པོ་ཁོ་ན་སྨོས་སོ། །དེ་རྣམས་གླིང་གང་ལ་བྱ་བ་བྱེད་ན་བཞི་པོ་དེ་དག་མས་རིམ་བཞིན་གྱི་གླིང་གཅིག་དང་གླིང་གཉིས་དང་གསུམ་དང་བཞི་ལ་དབང་བྱེད་དེ། གཅིག་ནི་འཛམ་གླིང་། གཉིས་ནི་ཤར་ལྷོ་གཉིས། གསུམ་ནི་བྱང་མ་གཏོགས་པ། བཞི་ནི་གླིང་བཞི་ཀའོ། །དེ་ཡང་འཛམ་གླིང་གི་རྟེན་ཅན་དུ་ངེས་པས་འཁོར་ལོ་སྒྱུར་བ་གཉིས་ལྷན་ཅིག་ཏུ་འབྱུང་བ་མིན་ཏེ། འགྲན་ཟླ་མེད་པའི་ལས་བསགས་པའི་ཕྱིར། དཔེར་ན་སངས་རྒྱས་བཞིན་ནོ། །བྱེ་སྨྲ་ནི་ཞིང་ཐམས་ཅད་དུ་སངས་རྒྱས་རེ་རེ་ལས་མི་འབྱུང་བར་འདོད། ཕལ་ཆེན་པ་ནི་ཞིང་གཅིག་ཏུ་མི་འབྱུང་བར་བཤད་དོ། །སློབ་དཔོན་འཕགས་པ་ནི་རྒྱུད་ཐ་དད་པ་མི་འབྱུང་གི་འཛམ་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་འབྱུང་བས་གླིང་བཞི་པ་གཅིག་གི་དབང་དུ་བྱས་པར་བཞེད། བརྒྱད་སྟོང་འགྲེལ་ཆེན་སོགས་སུ་སངས་རྒྱས་གཉིས་སམ་མང་པོ་བྱོན་པས་འདུལ་བའི་སེམས་ཅན་ཡོད་ན་དུ་མ་འབྱུང་བར་བཤད་དོ། །ཇི་ལྟར་རྒྱལ་བར་བྱེད་ཅེ་ན། གསེར་གྱི་འཁོར་ལོ་ཅན་ནི་གླིང་གསུམ་གྱི་ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ཕས་བསུ་ནས་འདུད་ཅིང་བཀའ་ཉན་ལ། བྱང་དུ་ནི་དཔུང་གི་ཚོགས་བྱོན་པ་ཙམ་དུ་ཟད་ཀྱི་འདུད་པ་ནི་མེད་དོ། །དངུལ་གྱི་ཙཀྲ་ཅན་ནི་དེ་རྣམས་སུ་རང་ཉིད་འགྲོ་བས་དང་། ཟངས་ཀྱི་ཙཀྲ་ཅན་ནི་གཡུལ་བཤམས་པ་དང་། ལྕགས་ཀྱི་ཙཀྲ་ཅན་ནི་མཚོན་བརྩམས་པས་རྒྱལ་བར་བྱེད་དོ། །ཁ་ཅིག་བརྩམས་ཏེ་གསོད་སྡིགས་པས་རྒྱལ་ནས་བཀའ་བསྒོ་བ་ཉན་ཅིང་འདུད་པར་འགྱུར་རོ། །འོ་ན་ཆོས་ཀྱི་རྒྱལ་པོར་མི་འགྱུར་རོ་ཞེ་ན། དེ་ལྟར་ཡང་གཞན་ལ་གནོད་པ་ཅུང་ཟད་ཀྱང་མེད་དེ་ཞེས་གསུངས་ཀྱང་། གསོད་པ་སོགས་ཀྱི་གནོད་པ་མེད་ཅེས་སྦྱར་ན་གཞུང་དོན་ལ་ཞུགས་སོ། །གསུམ་པ་ནི། དེ་ནི་ལུས་དང་ལོངས་སྤྱོད་ཀྱི་ཁྱད་པར་གཉིས་དང་ལྡན་ཏེ་དང་པོ་ནི་གཙུག་ཏོར་དང་མཛོད་སྤུ་ལས་གཞན་པའི་མཚན་སུམ་ཅུ་དང་། དེའི་འཁོར་དཔེ་བྱད་བརྒྱད་ཅུ་དང་ལྡན་ནོ། །འོ་ན་ཐུབ་པའི་མཚན་དང་ཁྱད་པར་ཅི་ཡོད་ཅེ་ན། ཐུབ་པའི་མཚན་ནི་ཕྱག་ཞབས་ལ་སོགས་པ་རང་གི་ཡུལ་ལས་མ་འཁྲུལ་པ་ན་གནས་པ་དང་འོད་ཆགས་པས་མདངས་གསལ་བ་འཁོར་ལོའི་རྩིབས་ལ་སོགས་པ་མ་ཚང་བ་མེད་པར་རྫོགས་པས་ཁྱད་པར་དུ་འཕགས་པ་ཡིན་ཏེ། རིན་ཆེན་ཕྲེང་བར། འཁོར་ལོ་སྒྱུར་བ་རྣམས་ལ་ཡང་། །དེ་དག་ཡོད་པར་འདོད་མོད་ཀྱི། །གསལ་དང་མཛེས་དང་རྫོགས་པ་ནི། །སངས་རྒྱས་རྣམས་ཀྱི་ཆར་མི་ཕོད། །ཅེས་སོ། །གཉིས་པ་ལོངས་སྤྱོད་ཀྱི་ཁྱད་པར་ནི། རིན་པོ་ཆེ་བདུན་ཕྲག་གསུམ་སྟེ། དང་པོ་མཆོག་གི་རིན་པོ་ཆེ་བདུན་ནི། རྒྱལ་པོ་གང་ཞིག་ཚེས་བཅོ་ལྔའི་དུས་སུ་མགོ་བཀྲུས་གསོ་སྦྱོང་ལ་བརྟེན་ནས་ཁང་བཟང་གི་ཐོག་ཏུ་བློན་པོས་བསྐོར་བ་ལ་ཤར་ཕྱོགས་ནས་གསེར་གྱི་འཁོར་ལོ་རྩིབས་སྟོང་ལྟེ་བ་དང་མུ་ཁྱུད་དང་བཅས་ཤིང་མཁན་བཟོས་མ་བྱས་པའི་འཁོར་ལོ་དང་། ཁ་དོག་ཀུནྡ་ལྟར་དཀར་ཞིང་ནམ་ལངས་ནས་ཉི་མ་པདྨོའི་ཁྱེའུ་འཐོན་པའི་བར་ལ་གླིང་བཞི་འཁོར་བའི་གླང་པོ་དང་། རྔོག་མ་དཀར་ཞིང་ལུས་སྔོ་བའི་རྟ་མཆོག་རྣམས་བརྒྱ་བྱིན་གྱིས་འབུལ་བ་དང་། གདགས་པ་དང་སར་ཀླུའམ་རྒྱལ་ཆེན་བཞིས་སྟེར་བར་འདོད། བུད་མེད་སྐྱོན་ཐམས་ཅད་སྤངས་པའི་བཙུན་མོ་དང་། འདོད་དགུ་འབྱུང་བའི་ནོར་བུ་དང་། མཛོད་དཀོར་གྱིས་མི་ཕོངས་པར་བྱེད་པའི་ཁྱིམ་བདག་དང་། དགྲ་ཐབས་ལ་མཁས་པའི་བློན་པོ་རིན་པོ་ཆེའོ། །ཉེ་བའི་རིན་པོ་ཆེ་ནི། རལ་གྲི་གོས་ལྷྭམ་ཁང་བཟང་དང་། །པགས་པ་ཆལ་དང་མལ་ཆའོ། །རིན་པོ་ཆེ་ཕལ་པ་བདུན་ནི། གསེར་དངུལ་བཻཌཱུརྻ་དང་ཤེལ། །སྤུག་དང་རྡོ་སྙིང་མུ་ཏིག་དམར། །ཞེས་སོ། གཞན་ཡང་མི་སྟོང་རེ་ཐུབ་པའི་བུ་དང་། དགྲ་ཟིལ་གྱིས་གནོན་པའི་མདའ་གཞུ་འབྱུང་ངོ་། །སར་ནི་གླིང་འདིའི་མཐར་རྒྱལ་པོ་དེའི་ལམ་གསེར་གྱི་རང་བཞིན་རྒྱལ་ཆེན་རིས་བཞི་པའི་པུས་ནུབ་ཙམ་མཚོར་ནུབ་པ་ཡོད་ཅིང་རྒྱལ་པོ་བྱུང་བ་ན་ཆུ་སྐམས་ཏེ་ལམ་གསལ་པོ་འབྱུང་བར་བཤད་དོ། །གཉིས་པ་ཡ་ཐོག་རིང་མོའི་འགྲིབ་ཚུལ་ལ་གསུམ་སྟེ། བསྐལ་པ་དང་པོའི་ཁྱད་པར། དེ་ལས་ཇི་ལྟར་འགྲིབ་ཚུལ། འགྲིབ་པའི་མཐར་ཇི་ལྟར་འབྱུང་བའོ། །དང་པོ་ནི། ཅི་དང་པོ་ཉིད་ནས་རྒྱལ་པོ་དང་བཅས་སམ་ཕྱིས་འབྱུང་ཞེ་ན། ཕྱིས་བྱུང་ཏེ་སྔར་བསྐལ་པ་འཆགས་མ་ཐག་བྱུང་བའི་སེམས་ཅན་མི་རྣམས་གཟུགས་ཅན་གྱི་ལྷ་བཞིན་དུ་རང་ལུས་ལ་ཡོད་པ་དང་། ཡིད་ལས་བྱུང་ཞིང་རྫུ་འཕྲུལ་དང་ལྡན་པ་དང་། དགའ་བ་ཟས་སུ་ཟ་ཞིང་ཡན་ལག་དང་དབང་པོ་ཚང་བ་དང་། སེམས་ཅན་ཐམས་ཅད་འཇམ་ཞིང་ཚེ་རིང་བ་ལ་སོགས་པའོ། །གཉིས་པ་ནི། འོ་ན་རྒྱལ་པོ་ནམ་བྱུང་ཞེ་ན། དེ་ནས་རིམ་གྱིས་རོ་ལ་ཆགས་ཏེ་ཐོག་མར་སའི་བཅུད་ཁ་དོག་དམར་སེར་སྦྲང་རྩི་མ་བསྐོལ་བ་ལྟ་བུའི་རོ་སེམས་ཅན་བསྐམ་པའི་རང་བཞིན་ཅན་འགའ་ཞིག་གིས་མྱངས་ཤིང་ཟོས་པས་ཁམ་ཟས་ཀྱི་དང་པོ་དེ་ཡིན་ནོ། །དེ་ལྟར་གཞན་གྱིས་ཀྱང་ཟོས་པས་ལུས་ལྕི་ཞིང་འོད་ནུབ་ནས་མུན་པ་བྱུང་ངོ་། །དེ་ནས་སེམས་ཅན་གྱི་ལས་ཀྱི་མཐུས་ལྷའི་བུ་ཉི་མ་གཞལ་ཡས་ཁང་དུ་ཞུགས་ནས་གླིང་བཞི་བསྐོར་བས་སྔར་གྱི་འོད་བས་ཉིས་འགྱུར་གྱི་ཆེ་བའམ་ཀུན་གྱིས་མ་བྱུང་ཞེས་དང་། དེ་ནུབ་པ་དང་ཟླ་བ་ཤར་བས་ད་ནང་གི་དེའི་ཟླ་བོ་བྱུང་ཞེས་གྲགས་སོ། །དེ་ནུབ་ནས་མྱ་ངན་བྱེད་པ་དང་། སའི་ཞག་མར་སར་གྱི་མདོག་ལྟ་བུ་བྱུང་སྟེ་ཟད་པ་དང་། ཡང་ལྡུམ་གྱི་ཚལ་ལྟར་བྱུང་བ་མྱངས་པས་ཟད་པ་དང་། མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་ཕུབ་ཤུན་མེད་པ་བྱུང་སྟེ་ཟོས་པ་དང་། དེ་ཆེས་རགས་པས་རྒྱུ་མཐུན་གྱི་ལམ་གཉིས་དོད་ཅིང་། སྔོན་གོམས་པའི་དབང་གིས་སེམས་ཅན་ལོག་པར་ཞུགས་པ་ལ་སྨད་པ་སྐྱབས་པའི་ཕྱིར་དུ་ཁང་པ་བྱས་པས་ཁྱིམ་ཞེས་གྲགས་པས་མི་དགེ་བ་དང་ཁྱིམ་དང་པོའོ། །དེ་ཡང་འབྲས་སཱ་ལུ་ནང་ཟ་ནུབ་ཟ་རེས་ཀྱིས་ལེན་པ་ལ་ལེ་ལོ་ཅན་ཞིག་གིས་གསོག་འཇོག་བྱས་གཞན་ཡང་བྱེད་པས་སཱ་ལུ་ཟད་པ་དང་། དེ་ནས་ནི་ཞིང་བགོས་ནས་སོ་སོར་བདག་ཏུ་འཛིན་པ་དང་བཅས་པས་བཏབ་པ་ལ་རྐུན་མ་ལ་སོགས་པ་བྱུང་བས་དེས་སྐྱོ་ཞིང་ཡིད་ཕྱིར་ཕྱོགས་དེ་དགོན་པར་སོང་བས་བྲམ་ཟེ་དང་། རྩོད་པ་མི་འབྱུང་བར་བྱ་བའི་ཕྱིར་མི་རྣམས་ཀྱི་མིའི་ཁྱད་པར་འགའ་ཞིག་ཞིང་དཔོན་དུ་བསྐོས་ཏེ་རང་གི་སྟོན་ཐོགས་དྲུག་ཤས་བསྟབས་པ་ནི་རྒྱལ་རིགས་སོ། །དེ་དག་ནི་སྐྱེ་བོ་ཕལ་མོ་ཆེས་བསྐུར་བས་མང་པོས་བསྐུར་བའི་གདུང་རྒྱུད་ཀྱི་རྒྱལ་པོ་སྟེ། མང་པོས་བཀུར་དང་འོད་མཛེས་དང་། །དགེ་བ་དགེ་མཆོག་གསོ་སྦྱོང་འཕགས། །བསྐལ་པ་དང་པོའི་རྒྱལ་པོ་ལྔ། །སྤྱི་བོ་སྐྱེས་དང་མཛེས་པ་དང་། །ཉེར་མཛེས་མཛེས་ཅན་མཛེས་ལྡན་ཏེ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟེ། །གླིང་བཞི་ལ་སོགས་རིམ་པར་དབང་། །ཞེས་བྱའོ། །དེས་ནས་ཕྱིས་རྒྱལ་པོ་ཞིག་གིས་རྐུན་པོ་རྣམས་གསོད་ཅིང་ཆད་པས་བཅད་པས་བདག་གིས་མ་བརྐུས་ཞེས་བརྫུན་སྨྲ་བར་བྱེད་དོ། །དེ་ནས་མི་དགེ་བ་བཅུའི་ལས་ཀྱི་ལམ་ལྷག་པར་སྤྱད་པས་རིམ་གྱིས་སེམས་ཅན་རྣམས་ཚེ་ཇེ་ཐུང་ལོངས་སྤྱོད་ཇེ་ཆུང་འགྲིབ་སྟེ་ཚེ་ལོ་བཅུ་པའི་བར་དུ་གྱུར་པ་ཡིན་ལ། དེའི་ཚེ་སྙིགས་མ་ལྔ་བདོའོ། །དེ་ནི་ཚེ་རྒུད་པ་ཡིན་ལ། ལུས་རྒུད་པ་མཐོ་གང་ཆག་གང་། ཡོད་བྱེད་རྒུད་པ་ཟས་ཀྱི་མཆོག་ཁྲེ་རྒོད། གོས་ཀྱི་མཆོག་སྐྲའི་ལྭ་བ། རྒྱན་གྱི་མཆོག་མཚོན་ཆ་སྟེ། འོ་མ་ཞོ་ཡོད་ཀྱང་མར་མི་འབྱུང་ཞིང་ཏིལ་ཡོད་ཀྱང་ཏིལ་མར་མི་འབྱུང་། བུ་རམ་ཤིང་དེའི་ཁུ་བ་ཡོད་ཀྱང་བུ་རམ་མི་འབྱུང་ལ་ལན་ཚྭ་ཡང་མེད་དོ། །དེ་རྣམས་ལ་བསྐལ་པ་དང་པོའི་ཚེ་སྙིགས་མ་ལྔ་མེད་པས་རྫོགས་ལྡན། དེ་ནས་རིམ་གྱིས་རོ་ལ་ཆགས་པ་ནས་ཉོན་མོངས་དང་ལྟ་བའི་སྙིགས་མ་གཉིས་ཡོད་པས་གསུམ་ལྡན། འཛིན་པ་དང་བཅས་པར་གྱུར་པ་ནས་དུས་སྙིགས་ཡོད་པས་ལྷག་མ་གཉིས་ལྡན། ཚེ་ཐུང་ལོ་ནི་བཅུ་པའི་ཚེ་སྙིགས་མ་ལྔ་ཡོད་པས་རྩོད་དུས་སོ། །གསུམ་པ་ནི། བར་གྱིས་བསྐལ་པ་ནི་མཚོན་དང་ནད་དང་ནི་མུ་གེའི་བསྐལ་པ་དག་གིས་ཚར་ཕྱིན་ཏོ། །དེ་ཡང་ཚེ་ལོ་བཅུ་པའི་ཚེ་སེམས་ཅན་རྣམས་གནོད་སེམས་འཕེལ་ཏེ། རྔོན་པས་རི་དྭགས་མཐོང་བ་བཞིན་དུ་གང་བླངས་པ་རྣམས་མཚོན་ཆར་གྱུར་ཏེ་གསོད་རེས་བྱེད་པ་བསད་ཚད་དམྱལ་བར་སྐྱེའོ། །ལས་ཀྱི་ཉེས་པ་དེ་ཉིད་ཀྱི་མི་མ་ཡིན་རྣམས་ཀྱིས་གསོར་མི་རུང་གི་ནད་གཏོང་སྟེ་ཕལ་ཆེར་འཆིའོ། །ཉེས་པ་དེ་དག་གིས་ལྷས་ཆར་མི་འབབ་པས་ལོ་ཏོག་མི་སྐྱེ་ལ། མ་འོངས་པའི་སྐྱེ་བོའི་དོན་དུ་ས་བོན་གབ་ཚེའི་ནང་དུ་འཇོག་པའམ་བཀྲེས་པས་ཉམ་ཆུང་བ་དག་ཕན་ཚུན་གབ་ནས་འཆི་བ་གབ་ཚེ་བ་དང་། ཐུར་མའི་རྩེའི་ཆུ་ལ་འབྲུ་བཙོས་ནས་རྒན་རིམ་གྱིས་ཟ་བའམ། འབྲུའི་གནས་ནས་འབྲུ་དག་ཐུར་མས་བྲུས་ཏེ་འཚོ་བ་ཐུར་མ་པ་དང་། ལུས་སྐམ་ཞིང་རྩུབ་པ་དེ་ཤི་མ་ཐག་ཏུ་རུས་པ་དཀར་པོར་འགྲོ་བའམ་བཀྲེས་པས་ཉེན་ཏེ་རུས་གོང་དཀར་པོ་བསྡུས་ཏེ་བསྐོལ་བས་འཐུང་བ་རུས་གོང་དཀར་པོ་པ་གསུམ་ཡོད་དོ། །དེའི་ཚེ་བྱང་ན་བག་ཙམ་ཡང་མེད་ལ་ཤར་ནུབ་ན་ཅུང་ཟད་གནོད་སེམས་ལྷག་པ་དང་། ཉམ་ཆུང་ཞིང་ཁ་དོག་ངན་པ་དང་། བཀྲེས་ཤིས་སྐོམ་པ་ཙམ་དུ་འགྱུར་རོ། །གང་ཞིག་གིས་ཉིན་གཅིག་ཙམ་སྲོག་གཅོད་སྤངས་ཤིང་དགེ་འདུན་ལ་ཨ་རུ་ར་དང་བསོད་སྙོམས་ཕུལ་ཏེ་སྨོན་ལམ་བཏབ་ན་དེ་དག་ལས་ཐར་རོ། །འོ་ན་ཚེ་ལོ་བཅུ་པ་གཅིག་ལ་ཀུན་འབྱུང་ངམ་རེ་རེ་འབྱུང་ཞེ་ན། ཁ་ཅིག་གསུམ་ཆར་ཏེ་མུ་གེ་དང་ནད་དང་མཚོན་ནོ་ཞེས་འདོད་ལ། སློབ་དཔོན་ནི་རེ་རེ་ལ་སྟེ་ལན་བཞི་པ་ལ་སྔ་མ་བཞིན་དུ་འཁོར་བར་འདོད་ཅིང་། སར་ནི་སུམ་ཅུ་པ་ལ་མུ་གེ ཉི་ཤུ་པ་ལ་ནད། བཅུ་པ་ལ་མཚོན་ཞེས་བཤད་དོ། །དེ་གསུམ་དུས་ཇི་སྲིད་འབྱུང་ཞེ་ན། ཞག་བདུན་དང་། ཞག་དང་ཟླ་བ་གཉིས་ཀ་བདུན་བདུན་དང་དེ་གཉིས་དང་ལོ་བདུན་དག་ཏུ་མཚོན་དང་ནད་དང་མུ་གེ་གསུམ་གོ་རིམ་བཞིན་ནོ། །གསུམ་པ་འཇིག་པའི་བསྐལ་པའི་ཚུལ་ལ་གསུམ་སྟེ། འཇིག་པ་གསུམ་གྱི་རྩེ་མོ། འཇིག་པ་ཡོད་མེད་ཀྱི་རྒྱུ་མཚན། ཇི་ལྟར་འཇིག་པའི་གོ་རིམ་མོ། །དང་པོ་ནི། འཇིག་པ་དེ་དུ་ཞེ་ན། ཉི་མ་བདུན་གྱི་མེ་དང་། ཆར་པའི་ཆུ་དང་། རླུང་རབ་ཏུ་འཁྲུགས་པ་དག་གིས་འཇིག་པ་དག་ནི་ཡང་གསུམ་ཡིན་ཏེ། བསམ་གཏན་གཉིས་པ་དང་སོགས་པ་གསུམ་པ་དང་བཞི་པ་གསུམ་པོ་ནི་འཇིག་པ་དེ་དག་གི་རྩེ་མོ་སྟེ་ལྷག་མ་ཡིན་ཏེ་གོ་རིམ་བཞིན་ནོ། །གཉིས་པ་ནི། ཅིའི་ཕྱིར་བསམ་གཏན་འོག་མ་གསུམ་མེ་ཆུ་རླུང་གསུམ་གྱིས་འཇིག་ཅེ་ན། དེའི་ནང་སེམས་ཅན་གྱི་སྐྱོན་དང་ཐུན་མོང་གི་ལས་ལས་གྲུབ་པའི་ཕྱི་རོལ་གྱི་སྣོད་འཇིག་པ་ཆོས་མཐུན་པ་ཡིན་ཏེ། དང་པོ་མན་ཆད་ན་རྟོག་དཔྱོད་མེ་འདྲ་བ་དང་། གཉིས་པ་མན་ཆད་ན་དགའ་བདེ་ཆུ་འདྲ་བ་དང་། གསུམ་པ་མན་ཆད་ན་དབུགས་འབྱུང་རྔུབ་རླུང་འདྲ་བ་ཡོད་པའི་ཕྱིར་རོ། །བཞི་པ་ན་འཇིག་པ་གསུམ་པོ་དེ་མེད་དེ་ནང་ཏིང་ངེ་འཛིན་གྱི་སྐྱོན་དང་བྲལ་བས་མི་གཡོ་བའི་ཕྱིར་རོ། །ཁ་ཅིག་གནས་གཙང་གི་ལྷའི་མཐུས་མི་འཇིག་གོ་ཞེས་སོ། །འོ་ན་དེ་རྒྱུན་གྱིས་རྟག་པར་ཐལ་ལོ་ཞེ་ན། དེ་ནི་མི་རྟག་སྟེ། དེའི་གཞལ་མེད་ཁང་ནི་ཐུན་མོང་གི་ལས་ལས་གྲུབ་པ་མིན་གྱི། སྐར་མ་ལྟར་གཅིག་ཏུ་མ་འབྲེལ་བར་སོ་སོའི་ལས་ཀྱིས་སེམས་ཅན་དང་བཅས་ཏེ་སྐྱེ་ན་འབྱུང་འཆི་ན་འཇིག་པའི་ཕྱིར་རོ། །གསུམ་པ་ནི། འཇིག་པ་གསུམ་གོ་རིམ་ཇི་ལྟར་ཞེ་ན། མེ་ཡིས་བར་ཆད་མེད་པར་བདུན་བསྟུད་ནས་འཇིག་པས་ཚངས་ཆེན་གྱི་ཚེ་ཚད་བར་བསྐལ་དྲུག་ཅུའོ། །བསྐལ་ཆེན་བརྒྱད་འདས་ནས་འོད་གསལ་མན་ཆད་ཆུ་ཡིས་འཇིག་པ་ལན་ཅིག་འབྱུང་བས་འོད་གསལ་བའི་ཚེ་ཚད་བསྐལ་པ་བརྒྱད་དོ། །དེ་ལྟར་མེས་འཇིག་པ་བདུན་གྱི་རྗེས་སུ་ཆུ་ཡིས་འཇིག་པ་རེ་རེ་བརྩིས་པའི་ཆུ་བདུན་ཐལ་ཏེ་ལྔ་བཅུ་རྩ་དྲུག་སོང་ནས་ཀྱང་མེ་ཡིས་བདུན་འཇིག་ཅིང་དེ་ནས་ནི་ཀུན་གྱི་མཇུག་ཏུ་དྲུག་ཅུ་རྩ་བཞི་པ་རླུང་གིས་འཇིག་པས་གདགས་པར་དགེ་རྒྱས་པའི་ཚེ་ཚད་བསྐལ་པ་དྲུག་ཅུ་རྩ་བཞིའོ་ཞེས་པ་ལེགས་པར་བཤད་པ་ཡིན་ནོ། །འོ་ན་ཚངས་ཆེན་གྱི་ཚེ་ཚད་ལ་སྣོད་འཇིག་འཆགས་ཀྱི་བར་བསྐལ་གཉིས་བརྩིར་མི་བཏུབ་པས་བར་བསྐལ་ལྔ་བཅུ་རྩ་བརྒྱད་ལས་མེད་དོ་ཞེ་ན། འདི་ནི་རྣམ་པར་བཤད་པ་ཁ་བསྐང་བ་དང་བཅས་པ་སྟེ། ཚངས་ཆེན་ལ་བར་བསྐལ་གཉིས་མ་ཚང་ཡང་དྲུག་ཅུར་ཉེ་བ་དང་། འོད་གསལ་བ་དང་དགེ་རྒྱས་པ་ལ་བར་བསྐལ་ཉི་ཤུ་རྩ་གཉིས་མ་ཚང་ཡང་བསྐལ་ཆེན་བརྒྱད་དང་དྲུག་ཅུ་རྩ་བཞི་དང་ཉེ་བས་དེ་སྐད་དུ་བཏགས་པར་ཤེས་པར་བྱའོ། །ཆོས་མངོན་པ་མཛོད་ཀྱི་རྣམ་པར་བཤད་པ་གཞུང་དོན་རབ་ཏུ་གསལ་བའི་ཉི་མ་ལས་གནས་གསུམ་པའོ།། ༈ །།བཞི་པ་ལས་བསྟན་པ་ལ་གསུམ་སྟེ། མཚམས་སྦྱར་བའི་ཚུལ་གྱིས་མདོར་བསྟན། ལས་དངོས་རྒྱས་པར་བཤད། ཞར་ལ་ཆོས་ཀྱི་རྣམ་གྲངས་ཁ་ཅིག་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། སྣོད་བཅུད་ཀྱི་འཇིག་རྟེན་སྣ་ཚོགས་པ་རྣམས་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ལས་བྱུང་བ་ནི་སྔར་བཀག་ན་དེ་དག་ཅི་ལས་བྱུང་ཞེ་ན། སེམས་ཅན་རྣམས་ཀྱི་དགེ་མི་དགེའི་ལས་ལས་འཇིག་རྟེན་བཟང་ངན་འདྲེས་མ་སྣ་ཚོགས་པ་རྣམས་སྐྱེས་སོ། །ཕྱི་རོལ་པ་ན་རེ་དབང་ཕྱུག་དགའ་མ་དགའི་བྱེ་བྲག་ལས་སྣོད་བཟང་ངན་དང་བཅུད་བདེ་སྡུག་དང་ལྡན་པ་ལྟར་སྣང་བར་རུང་ལ། གཅིག་ཏུ་བཟང་ངན་དང་བདེ་སྡུག་དང་ལྡན་པར་མ་ངེས་པས་དགེ་མི་དགེ་ལས་འབྱུང་བར་མི་རུང་ངོ་ཞེ་ན། ལས་ཁོ་ན་ལས་བྱུང་ཡང་སྤྱི་ལས་དགེ་བ་དང་བྱེ་བྲག་གི་ལས་མི་དགེ་བ་བྱས་པ་དང་དེ་ལྡོག་ནས་འདྲེས་མར་བྱས་པ་དང་། སྐྱེས་བུས་བྱེད་པ་ལས་བྱུང་བའོ། །གཉིས་པ་ལ་ལས་ཀྱི་ངོ་བོ། མདོ་ལས་བྱུང་བའི་ལས་ཀྱི་རྣམ་གྲངས་བཤད་པའོ། །དང་པོ་ལ་མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། ལས་དེ་ནི་དབྱེ་ན། སེམས་པའི་ལས་དང་། སེམས་པ་དེས་བྱས་ཤིང་འཕངས་པའམ་བསམ་པའི་ལས་གཉིས་གསུངས་སོ། །དེ་ལ་སེམས་པ་ཡིད་དང་མཚུངས་པར་ལྡན་པ་ཡིད་ཀྱི་ལས་ཡིན་ལ། སེམས་པ་དེས་བསྐྱེད་ཅིང་བྱས་པ་ནི་ལུས་དང་ངག་གི་ལས་ཏེ་ངེས་པར་སེམས་པ་སྔོན་དུ་འགྲོ་བས་སོ། །དེ་ལྟར་ལས་གསུམ་པོ་རྟེན་ནམ་ངོ་བོའམ་ཀུན་སློང་གང་ལས་བཞག དང་པོ་ལྟར་ན་ཐམས་ཅད་ལུས་ལ་བརྟེན་པས་ལུས་དང་། གཉིས་པ་ལྟར་ན་ལུས་དང་ཡིད་ཀྱི་ངོ་བོ་ནི་ལས་མ་ཡིན་པས་ངག་དང་། གསུམ་པ་ལྟར་ན་ཐམས་ཅད་ཡིད་ཀྱི་ཀུན་ནས་སློང་བས་ཡིད་ལས་གཅིག་པུར་འགྱུར་རོ་ཞེ་ན། བྱེ་སྨྲ་ན་རེ། རྒྱུ་དེ་གསུམ་ཆར་གྱི་གོ་རིམ་དུ་སྒོ་གསུམ་གྱི་ལས་གསུམ་པོ་ལས་མཚན་ཉིད་པར་བཞག་སྟེ། ཡིད་ཀྱིས་ཀུན་ནས་སློང་བ་དང་། ལུས་ལ་བརྟེན་པ་དག་གི་ལས་དང་། ངག་ཉིད་ལས་ཡིན་པས་སོ་ཞེས་ཟེར་རོ། །མདོ་སྡེ་པ་ནི། ལས་ནི་སེམས་པ་ཉིད་དེ། དེས་ཡིད་འཇུག་པར་བྱེད་པའམ་ཡིད་དང་མཚུངས་པར་ལྡན་པ་ནི་ཡིད་ཀྱི་ལས། ལུས་ངག་འཇུག་པར་བྱེད་པ་ནི་བསམ་པའི་ལས་སུ་འདོད་དེ། གཟུགས་ནི་ཇི་ལྟར་བརྟགས་ཀྱང་ལས་སུ་མི་རུང་ཞིང་། དགེ་བ་གཟུགས་ཅན་དུ་འདོད་པ་ཤཱཀྱའི་སྲས་མིན་ནོ་ཞེས་གསུངས་སོ། །གོང་མར་སེམས་པ་དང་བསམ་པ་གཉིས་ཀ་ལ་སྒོ་གསུམ་གྱི་ལས་ཡོད་པར་བཤད་པས་དེ་གཉིས་ཀྱི་ཁྱད་པར་ནི་རྒྱུའི་དང་དུས་ཀྱི་ཀུན་སློང་གི་སེམས་པ་ལ་བཞག་དགོས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། ལུས་ངག་གི་ལས་ཀྱི་རང་བཞིན། ལས་གསུམ་གྱི་རང་བཞིན་ནོ། །དང་པོ་ལ་གཉིས་སུ་དབྱེ་བ། སོ་སོའི་རང་བཞིན། གཉིས་པོའི་ཁྱད་པར་དང་གསུམ་མོ། །དང་པོ་ནི། ལུས་ངག་དེ་དག་ལ་རྣམ་པར་རིག་བྱེད་དང་། རྣམ་པར་རིག་བྱེད་མིན་པ་གཉིས་གཉིས་སུ་ཡོད་པར་འདོད་དོ། །གཉིས་པ་ལ་རིག་བྱེད་བཤད། རིག་བྱེད་མ་ཡིན་པ་བཤད་པའོ། དང་པོ་ལ་གཉིས། ལུས་ཀྱི་རིག་བྱེད། ངག་གི་རིག་བྱེད་དོ། །དང་པོ་ལ། བྱེ་བྲག་ཏུ་སྨྲ་བའི་ལུགས། མདོ་སྡེ་པའི་ལུགས་སོ། །དང་པོ་ལ། ངོ་བོ་ངོས་གཟུང་བ། ལོག་རྟོག་དགག་པའོ། །དང་པོ་ནི། ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་མཚན་གཞི་ནི་སེམས་ཀྱི་དབང་གིས་ལུས་དེ་ལྟར་གནས་པའི་དབྱིབས་རྫས་སུ་གྲུབ་པ་ཞིག་ལ་འདོད་དོ། །དེ་ཡང་རྣམ་སྨིན་སྐྱེས་དང་རྒྱས་བྱུང་མིན་གྱི་འཕྲལ་དུ་རྒྱུ་མཐུན་ལས་བྱུང་བའོ། །འོན་ཀྱང་རྣམ་སྨིན་སྐྱེས་ཀྱི་གསེབ་ཏུ་ཞུགས་པས་ལུས་ཆེར་མི་འགྲོ་ཞིང་འོད་ལྟར་དྭངས་པས་ལྕི་ཞིང་མཁྲེགས་པར་མི་འགྱུར་རོ། །སྒྲ་དོན་ནི་ལུས་ལ་བརྟེན་པ་དང་རང་ཀུན་ནས་སློང་བའི་སེམས་གཞན་ལ་རིག་པར་བྱེད་པའི་ཕྱིར་ཏེ། ལས་གྲུབ་པ་ལས། ཕྱི་རོལ་སྤྱོད་པ་འགྱུར་བ་དག་གིས་ནི། །སྐྱེས་བུའི་སྙིང་ལ་གནས་པའི་བསམ་པ་སྟོན། །མཚོ་ལ་གནས་པའི་ཉ་ནི་རབ་གབ་ཀྱང་། །རླབས་ཀྱིས་ཉ་ཡི་འགྱུར་བ་རབ་ཏུ་སྟོན། །ཞེས་དང་། ལུང་གཞི་ལས། བསམ་པ་ནང་ན་གནས་པ་ཀུན། །ཕྱི་རོལ་དག་ན་ཉེ་བར་གནས། །སྐད་མདངས་དབང་པོའི་བྱེ་བྲག་གིས། །རྣམ་པར་སྦ་བར་མི་ནུས་སོ། །ཞེས་དང་། རྣམ་འགྲེལ་ལས། སྐྱེ་བོས་ཚིག་དང་དུ་སོགས་ལས། །སེམས་ལྡན་མེ་སོགས་རྗེས་དཔོག་བྱེད། །ཅེས་སོ། །གཉིས་པ་ནི། གནས་མ་བུ་པ་ན་རེ། འདུས་བྱས་སྒྲ་དང་གློ་དང་གློག་ལ་སོགས་པ་སྐད་ཅིག་མར་འདོད་ཀྱང་། འདུས་བྱས་ཕལ་ཆེར་སྐད་ཅིག་མར་མི་འདོད་པས་འདིར་ལུས་ཀྱི་རིག་བྱེད་ཀྱང་ཡུལ་གང་དུ་སྐྱེས་པ་དེ་ཉིད་མ་ཞིག་པར་ཡུལ་གཞན་དུ་འཕོ་བའི་འགྲོ་བ་ཡིན་ཏེ། ལུས་གཡོ་བ་ཉིད་ལུས་ཀྱི་ལས་ཡིན་པས་སོ་ཞེས་ཟེར་རོ། །འདིར་དངོས་སུ་དེ་དགག་ཅིང་ཞར་ལ་འདུས་བྱས་ཐམས་ཅད་སྐད་ཅིག་མར་བསྒྲུབ་པ་ལ། ལུས་ཀྱི་རིག་བྱེད་ནི་དངོས་པོ་གཅིག་ཉིད་མ་ཞིག་པར་ཡུལ་གཞན་དུ་འགྲོ་བ་མིན་པར་ཐལ། རྒྱུ་མཚན་གང་གི་ཕྱིར་ན་འདུས་བྱས་ཐམས་ཅད་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །མ་གྲུབ་བོ་ཞེ་ན། སྤྱིར་འདུས་བྱས་རྣམས་ནི་སྐད་ཅིག་མ་ཡིན་ཏེ། མཐར་ངེས་པར་འཇིག་པའི་ཕྱིར་རོ། །མཐར་ངེས་པར་འཇིག་ཀྱང་སྐད་ཅིག་མ་ཡིན་པར་མ་ངེས་ཏེ་རྒྱུའི་སྟོབས་ཀྱིས་འཇིག་གོ་ཞེ་ན། ཕྱིས་ཀྱི་འཇིག་རྒྱུ་ལ་ལྟོས་པ་མེད་པ་ལ་འཇིག་པ་འགའ་ཡང་མི་འབྱུང་བར་འགྱུར་ཏེ། འཇིག་པ་ཕྱིས་རྒྱུ་དོན་གཞན་ལ་ལྟོས་པའི་ཕྱིར་རོ། །འདོད་ན་རྒྱུ་མ་ཚང་ནས་མ་ཞིག་པ་འགའ་ཞིག་དམིགས་པར་རིགས་པ་ལས་མ་དམིགས་པའི་ཕྱིར་དང་། སྒྲ་བློ་སོགས་རྒྱུ་མེད་དུ་འཇིག་པར་འདོད་པ་དང་འགལ་ལོ། །གལ་ཏེ་ཤིང་སོགས་འཇིག་པ་འཇིག་རྒྱུ་མེ་སོགས་ལ་ལྟོས་པས་འཇིག་རྒྱུ་དོན་གཞན་དང་ལྡན་ནོ་ཞེ་ན། འོ་ན་མེས་བུད་ཤིང་འཇིག་པར་བྱེད་པའི་དོན་ཇི་ལྟ་བུ་ཞིག་འདོད་ཅེས་དྲིས་པས་སྔར་ལས་རྒྱུན་གཞན་དུ་མི་འདྲ་བར་བྱེད་པའི་ཕྱིར་ཞེ་ན། འོ་ན་བུམ་པ་སྐྱེད་བྱེད་ཀྱི་རྒྱུ་ཡང་ཕྱིས་དེ་འཇིག་པ་པོའི་རྒྱུར་འགྱུར་བར་ཐལ། བུམ་པའི་སྔར་གྱི་ཁ་དོག་གི་རྒྱུན་གཞན་དང་གཞན་དུ་མི་འདྲ་བར་བྱེད་པའི་ཕྱིར་ཏེ། མེ་དང་འབྲེལ་བ་ལས་རྫ་ཚོས་པའི་དམར་པོ་དང་། ཆེས་ཚོས་པའི་སྔོན་པོ་དག་རིམ་གྱིས་འབྱུང་བར་མཐོང་བའི་ཕྱིར། འདིར་འཇིག་པ་རྒྱུ་མེད་དུ་བཤད་པ་ནི་རྒྱུ་གཏན་མེད་མིན་པར་ཕྱིས་རྒྱུ་དོན་གཞན་མེད་པའོ། །དེས་ན་དངོས་པོ་རྣམས་སྐྱེ་བའི་རྒྱུ་ཉིད་ལས་འཇིག་པའི་ངང་ཅན་དུ་གྲུབ་པས་སྐད་ཅིག་མར་ཡང་གྲུབ་ཀྱི། སྔར་སྐྱེས་པ་དེ་ཉིད་ཡུལ་གཞན་དུ་འདབ་ཆགས་སུ་འབྱུང་བ་ལ་རྩའི་མེ་ལྟར་འགྲོ་བར་མངོན་པའི་ང་རྒྱལ་བྱེད་པར་ཟད་དོ། །གཉིས་པ་མདོ་སྡེ་པའི་ལུགས་ནི། དབྱིབས་ནི་ཐོགས་བཅས་ཀྱི་རྫས་སུ་མེད་དེ། ཁ་དོག་གི་གནས་ཚུལ་ལ་འདོགས་པས་སོ། །གལ་ཏེ་དབྱིབས་ཐོགས་བཅས་ཀྱི་རྫས་སུ་གྲུབ་སྟེ། མིག་གི་ཡུལ་ཡིན་པའི་ཕྱིར་ཏེ། མིག་གིས་མཐོང་བ་ན་གྲུ་བཞི་སོགས་ཀྱི་བློ་སྐྱེ་བའི་ཕྱིར་ཞེ་ན། འོ་ན་ལུས་ཀྱི་དབང་པོའི་ཡང་ཡུལ་དུ་ཐལ་བར་འགྱུར་ཏེ། ལུས་ཀྱི་རེག་པ་ན་གྲུ་བཞི་སོགས་ཀྱི་བློ་སྐྱེ་བའི་ཕྱིར། འདོད་ན་དབང་པོ་རིས་མི་མཐུན་གཉིས་ཀྱི་གཟུང་བྱར་ཐལ་བར་འགྱུར་བ་ལས་མིན་ཏེ། སྐྱེ་མཆེད་གཅིག་དབང་པོ་རིགས་མི་མཐུན་གཉིས་ཀྱིས་འཛིན་པ་མི་སྲིད་པའི་ཕྱིར། ཡང་དབྱིབས་ཆོས་ཅན། ཐོགས་བཅས་ཀྱི་རྫས་སུ་གྲུབ་པ་མེད་དེ། རྡུལ་ཕྲན་ལ་མེད་པས་སོ། །གཉིས་པ་ངག་གི་རྣམ་པར་རིག་བྱེད་ནི་ངག་གི་རང་བཞིན་གྱི་སྒྲའོ། །གཉིས་པ་རིག་བྱེད་མིན་པ་ལ་བཞི་སྟེ། སྒྲུབ་བྱེད་དང་། རྒྱུ་འབྱུང་བའི་དུས་དང་སའི་ཁྱད་པར། ངོ་བོའི་ཁྱད་པར། རྒྱུ་འབྱུང་བའི་ཆོས་ཀྱི་ཁྱད་པར་རོ། །དང་པོ་ནི། བྱེ་བྲག་སྨྲ་བ་ན་རེ། རིག་བྱེད་མིན་པ་རྫས་སུ་ཡོད་དེ། མདོ་ལས། གནས་གསུམ་གྱི་གཟུགས་ཐམས་ཅད་བསྡུས་ཏེ་ཞེས་གཟུགས་རྣམ་པ་གསུམ་གསུངས་པ་དེར་བསྟན་མེད་ཐོགས་མེད་ཀྱི་གཟུགས་ནི་རིག་བྱེད་མིན་པ་ལ་དགོངས་སོ། །གཉིས་པ་ནི། དྲི་མ་མེད་པའི་གཟུགས་གསུངས་པ་ནི་ཟག་མེད་ཀྱི་སྡོམ་པ་ཁོ་ན་ལ་དགོངས་པའོ། །གསུམ་པ་འཕེལ་བར་གསུངས་པ་ལ་གཉིས་ལས། རྫས་བྱུང་གི་བསོད་ནམས་དང་། རྫས་ལས་མ་བྱུང་བའི་བསོད་ནམས་ནི། རྟག་ཏུ་རྒྱུན་མི་ཆད་པར་འཕེལ་ཞིང་སྐྱེ་བོ་ཞེས་གསུངས་པའི་དོན་རིག་བྱེད་སེམས་པ་ཁོ་ན་ཡིན་ན་ཡིད་གཞན་དང་ལྡན་པ་ལ་མི་རུང་བས་རིག་བྱེད་མིན་པ་ལ་དགོངས་སོ། །རྫས་བྱུང་བདུན་ནི། ཀུན་དགའ་རྭ་བ་གཙུག་ལག་ཁང་། །མལ་སྟན་འཚོ་བ་ནར་མ་དང་། །གློ་བུར་ནད་པ་ནད་གཡོག་དང་། །ཡུལ་ངན་ཚེ་ན་སྦྱིན་པ་ནི། །རྫས་ལས་བྱུང་བའི་བསོད་ནམས་བདུན། །ཞེས་པའོ། །རྫས་བྱུང་མིན་པ་ནི། བཞུགས་དང་གཤེགས་རྩོམ་ལམ་ཞུགས་དང་། །ཕྱིན་པ་ཐོས་དང་མཐོང་བ་དང་། །ཆོས་ཐོས་བསླབ་པའི་གཞི་འཛིན་ལས། །དགའ་དང་དད་པ་སྐྱེ་བ་ནི། །རྫས་ལས་མ་བྱུང་བསོད་ནམས་བདུན། །ཞེས་སོ། །བཞི་པ་ནི། རང་གིས་མ་བྱས་པར་བཅོལ་བས་ལས་ལམ་འབྱུང་བར་གསུངས་པ་ནི་ལུང་བསྒོ་བ་ཙམ་གྱི་སྦྱོར་བའི་ཁྱད་པར་ལས་གཞན་གྱིས་བྱས་པའི་ཚེ་རང་ལ་རིག་བྱེད་མིན་པ་སྐྱེས་པའོ། །སོགས་པས་ཆོས་ཀྱི་སྐྱེ་མཆེད་དང་། འཕགས་ལམ་ཡན་ལག་བརྒྱད་དང་། སྡོམ་པ་དང་། ཆུ་ལོན་ངོ་བོར་གསུངས་པའི་ཕྱིར། ལྔ་པ་ནི། མདོ་ལས་སྐྱེ་མཆེད་བཅུ་ནི་གཟུགས་ཅན་དང་། ཡིད་ནི་གཟུགས་ཅན་མིན་པར་གསུངས་ལ། ཆོས་ནི་གཉིས་ཀར་གསུངས་པས་ཚོར་བ་སོགས་དང་རིག་བྱེད་མིན་པ་ལ་དགོངས་སོ། །དྲུག་པ་ལམ་གྱི་ཡན་ལག་བརྒྱད་གསུངས་པས་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་ནི་ཟག་མེད་ཀྱི་སྤོང་བདུན་ལ་དགོངས་སོ། །བདུན་པ་ནི་ཡིད་གཞན་དང་ལྡན་པའི་ཚེ་སོ་སོར་ཐར་པའི་སྡོམ་པ་རྒྱུན་མི་ཆད་པས་རིག་བྱེད་མིན་པ་ལ་དགོངས་སོ། །བརྒྱད་པ་གཉེན་པོས་འཆལ་པའི་ཚུལ་ཁྲིམས་ཀྱི་གེགས་བྱེད་པས་ཆུ་ལོན་དུ་གསུངས་པ་ནི་སྤོང་བའི་སེམས་པ་གཉེན་པོ་ཡིན་ན་ཡིད་གཞན་གྱི་ཚེ་སྤངས་དགོས་པར་འགྱུར་བས་རིག་བྱེད་མ་ཡིན་པ་ལ་དགོངས་སོ། །མདོ་སྡེ་པ་ནི་རིག་བྱེད་མིན་པ་རྫས་སུ་མེད་དེ། སྡིག་པ་སྤོང་བར་ཁས་བླངས་ནས་མི་བྱེད་པ་ཙམ་ཡིན་པའི་ཕྱིར་དང་། འདས་པའི་འབྱུང་བ་རྫས་སུ་མེད་པ་ལ་བརྟེན་ནས་འདོགས་པའི་ཕྱིར་དང་། དེ་ལས་སྐྱེ་ཞེས་པ་མ་གྲུབ་པའི་ཕྱིར་དང་། གཟུགས་ཀྱི་མཚན་ཉིད་མེད་པའི་ཕྱིར་རོ། །དོན་བརྒྱད་ཀྱི་ལན་ལུང་ལ་བརྟེན་ནས་སྟོན་པ་ནི། དེ་ལ་ཐོགས་མེད་ཀྱི་གཟུགས་ནི། ཏིང་ངེ་འཛིན་གྱི་ཡུལ་དུ་སྣང་བས་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་དབང་འབྱོར་པ་ཞེས་བསྟན་པ་སྟེ། མིག་གི་ཡུལ་མིན་པ་དང་། ཡུལ་ལ་མི་སྒྲིབ་པ་དང་། གཟུགས་ཀྱི་རྣམ་པར་སྣང་བས་སོ། །ཟག་མེད་ཀྱི་གཟུགས་ནི་སེམས་ཙམ་པས། འཕགས་པའི་རྗེས་ཀྱི་ཤེས་པ་ལ་གཟུགས་སུ་སྣང་ཞིང་ཟག་པ་མི་རྒྱས་པར་འདོད་ལ། ཊཱི་ཀ་ལས། མཉམ་གཞག་གི་དུས་ཀྱི་བསམ་པ་དང་རྟེན་ཟག་མེད་ཀྱི་སྡོམ་པའི་གཞི་ལ་ངོས་གཟུང་ཞིང་། དཔེ་སྟོན་པས། དགྲ་བཅོམ་པའི་གཟུགས་དང་སྣོད་ལ་འདོད་དོ། །རྫས་བྱུང་ནི་ལེན་པ་པོ་ཞིང་མཆོག་ཏུ་གྱུར་པ་ལ་སྦྱིན་པའི་སེམས་པ་ཚེ་ཕྱི་མ་ལ་འབྲས་བུ་ཆེན་པོ་སྒྲུབ་པའི་ནུས་པ་བསྒོས་པའི་རྒྱུད་འགྱུར་བ་སྟེ་ས་བོན་བཞག་པའི་ཁྱད་པར་ལས་སོ། །རྫས་ལས་མ་བྱུང་བ་ཡང་ཡུལ་ཁྱད་པར་ཅན་ལ་ཡང་དང་ཡང་དུ་དམིགས་པའི་རྒྱུད་འགྱུར་བ་ལས་ཏེ་རྨི་ལམ་ན་ཡང་རྗེས་སུ་འབྲེལ་པ་ནི་ཉལ་བ་ན་ཡང་གོམས་པར་སྟོན་པའོ། །བཞི་པའི་ལན་ནི་སྔར་གྱི་སྦྱོར་བས་གཞན་ལ་གནོད་པའི་བྱེ་བྲག་གིས་སྦྱོར་བ་པོ་ལ་ཕྱི་མར་འབྲས་བུ་མངོན་པར་སྒྲུབ་ནུས་པའི་རྒྱུད་འགྱུར་བའི་ཁྱད་པར་ལས་ཏེ་རང་གིས་བྱས་པ་ལ་ཡང་དངོས་གཞིའི་ཚེ་རང་གི་སྦྱོར་བས་གཞན་ལ་གནོད་པའི་དབང་གིས་རྒྱུད་འགྱུར་བ་ཡིན་ལ། རྒྱུད་འགྱུར་བའི་ཁྱད་པར་ནི་རིག་བྱེད་མིན་པ་རྩོལ་བའི་རང་བཞིན་མིན་ཡང་ལས་སུ་འཇོག་པ་ལྟར་སེམས་པའི་འབྲས་བུར་གྱུར་པས་ལས་སུ་བཏགས་པའོ། །ལྔ་པའི་ལན་ནི་སྔར་བསྟན་པ་ཁོ་ནའོ། །དྲུག་པའི་ལན་ནི་རྗེས་ཐོབ་ཀྱི་ཚེ་ཡང་དག་པའི་ངག་ལ་སོགས་པ་ལ་འཇུག་པའི་རྒྱུ་མཚན་ཟག་པ་མེད་པ་ཐོབ་པ་ལ་རྒྱུ་མཚན་ངག་ལ་སོགས་པར་བཏགས་པ་སྟེ། དབུས་མཐར། ལྟ་དང་ཚུལ་ཁྲིམས་ཡོད་བྱད་བསྙུངས། །གཞན་ལ་རྣམ་པར་རིག་བྱེད་འདོད། །ཅེས་སོ། །ཁ་ཅིག་ཡོད་པ་ཐམས་ཅད་ལ་རྫས་སུ་ཡོད་པས་མ་ཁྱབ་སྟེ། མ་རྙེད་པ་བཞིན་ནོ་ཞེས་ཟེར་རོ། །བདུན་པའི་ལན་ནི་ཆོ་ག་སྔོན་དུ་བཏང་སྟེ་སྤང་བྱ་སྤོང་བར་ཁས་བླངས་པའི་སེམས་པས་སྤང་བྱ་སྡོམ་ཞིང་ཡིད་གཞན་གྱི་ཚེ་ཡང་རྐྱེན་ཉེ་བ་ན་སྡོམ་པ་གོམས་པའི་དྲན་པས་སྡོམ་མོ། །བརྒྱད་པའི་ལན་ནི་ངོ་ཚ་ཤེས་པས་མི་བྱ་བར་དམ་བཅས་པ་དྲན་ནས་རྐྱེན་ཉེ་བ་ན་ཡང་མི་བྱེད་པ་ཡིན་ཏེ། དེ་ལྟ་མིན་ན་བརྗེད་པའི་ཚེ་ལྟུང་བ་མི་འབྱུང་བར་འགྱུར་རོ། །མདོར་ན་ལུང་དེ་དག་གི་དོན། མདོ་སྡེ་པས་འདི་ནི་མང་པོ་དང་སྣ་ཚོགས་པ་ཡིན་གྱི་དེ་ལྟ་མིན་ནོ་ཞེས་པ་ཙམ་ལས་མ་བརྗོད་ལ། སློབ་དཔོན་གྱིས་ཁ་ཅིག་སེམས་ཙམ་པ་ལ་གྲགས་པ་དང་། ཁ་ཅིག་ཉིད་ཀྱིས་སྦྱར་བར་འཆད་དོ། །གཉིས་པ་ནི། བྱེ་བྲག་ཏུ་སྨྲ་བ་དག་རང་གི་གྲུབ་མཐའ་མི་འདོར་བས་རྫས་སུ་ཡོད་ཅིང་འབྱུང་བ་རྒྱུར་བྱས་པར་འདོད་ལ་དེ་རིག་བྱེད་ཀྱིའམ་དེ་ལས་གཞན་ཡིན་ཞེ་ན། འབྱུང་བ་གཅིག་ཉིད་འབྲས་བུ་ཕྲ་རགས་གཉིས་ཀྱི་རྒྱུར་མི་རུང་བས་གཞན་ཡིན་ལ། དེ་ཡང་མཉམ་གཞག་གི་རིག་བྱེད་མ་ཡིན་པ་ནི་གཞིའི་འབྱུང་བ་ད་ལྟར་བ་ཙམ་སྟེ་རྟེན་གྱི་འབྱུང་བར་འདོད་ན་འོག་གི་ཊཱི་ཀའི་ཚིག་གིས་གནོད་ཅེས་དང་། གང་སྤེལ་ལས་དེ་དག་གིས་རྟེན་འབྱུང་བ་ནི་སེམས་དང་འདྲ་བར་དུས་མཉམ་པའི་ཕྱིར་རོ་ཞེས་སོ། །དེ་ཡང་འདོད་པར་གཏོགས་པའི་རྣམ་པར་རིག་བྱེད་མིན་པ་ནི་སྐད་ཅིག་དང་པོ་སྡོམ་པ་སོགས་ནོད་པའི་ཚེ་འདས་པ་སྔོན་དུ་མ་སོང་བས་གཞིའི་འབྱུང་བ་ད་ལྟར་བསྐྱེད་ལ། དེ་ཕྱིན་ཆད་གཉིས་པ་ལ་སོགས་པ་ནི་རིག་བྱེད་དང་སེམས་པས་བསྒྲུབས་པས་འཁོར་ལོ་སྒྲིལ་བའི་ལག་པ་ལྟར་འཇུག་ཅིང་འཕེན་པའི་རྒྱུ་གཞིའི་འབྱུང་བ་འདས་པ་རེ་དང་། ས་ཕྱོགས་ལྟར་རྗེས་སུ་འཇུག་ཅིང་བརྟེན་པའི་རྒྱུ་ད་ལྟར་བའི་ལུས་ངག་གི་འབྱུང་བ་ལས་སྐྱེ་ལ། གཟུགས་ཅན་གཞན་གྱི་གཞིའི་འབྱུང་བ་ནི་ད་ལྟར་བ་སྟེ། ཊཱི་ཀ་ལས། རྒྱུར་བྱས་པ་གཞན་དག་གི་གཞི་ད་ལྟར་གྱི་འབྱུང་བ་ཡིན་པ་དེ་བཞིན་དུ་ཞེས་པས་སོ་ཞེས་འཆད་དོ། །ས་ནི་ཟག་པ་དང་བཅས་པའི་ལུས་དང་ངག་གི་རིག་བྱེད་ཡིན་མིན་པ་ནི་གཞན་སྲེད་པ་ཐ་དད་ཀྱིས་མཚམས་བཅད་པའི་ཕྱིར་ནུས་པ་མི་འཇུག་པས་འདོད་པ་ནས་བཞི་པའི་བར་རང་རང་གི་ས་པའི་ལུས་ངག་གི་འབྱུང་བ་དག་ཁོ་ན་རྒྱུར་བྱས་ནས་སྐྱེ་ལ། ཟག་མེད་ཀྱི་སྡོམ་པ་ནི་རྟེན་པ་གང་དུ་སྐྱེས་པའི་ལུས་དེའི་འབྱུང་བ་ལས་སྐྱེ་བ་ཡིན་ཏེ། ཁམས་གསུམ་མ་གཏོགས་པས་རང་སའི་འབྱུང་བ་མེད་ཅིང་འབྲས་གཟུགས་ཡིན་པས་འབྱུང་བ་ལས་ངེས་པར་སྐྱེ་ལ་སྲེད་པའི་འཆིང་བ་མེད་པས་ནུས་པ་འཇུག་ཏུ་རུང་བའི་ཕྱིར། གསུམ་པ་རང་གི་ངོ་བོའི་ཁྱད་པར་ནི། རྣམ་པར་རིག་བྱེད་མིན་པ་ནི་དབང་པོའི་ཚོགས་ཀྱི་ལུས་ཅན་མིན་པས་སེམས་སེམས་བྱུང་གི་རྟེན་མིན་པའི་ཕྱིར་མ་ཟིན་པ་སྟེ། རབ་ཏུ་བྱེད་པ་ལས་དགེ་བསྙེན་གྱི་བསླབ་པའི་གཞི་ཐམས་ཅད་མ་ཟིན་པའོ་ཞེས་པའང་དེ་དང་ངག་གི་རིག་བྱེད་ལ་དགོངས་སོ། །དགེ་མི་དགེ་གང་རུང་དུ་ངེས་ཤིང་འདོད་དགུར་འབྱུང་བ་དང་། རྡུལ་བསགས་པ་མིན་པས་རྣམ་སྨིན་དང་རྒྱས་བྱུང་མིན་གྱི་ཟག་མེད་དང་པོ་ལས་གཞན་རྒྱུ་མཐུན་ལས་འབྱུང་བ་དང་། རྒྱུད་དང་འབྲེལ་བའི་ཕྱིར་སེམས་ཅན་དུ་སྟོན་པའོ། །ལུས་ཀྱི་རིག་བྱེད་ནི་ལུས་ཀྱི་འབྱུང་བ་དང་ཐ་མི་དད་པར་འཇུག་པས་ཟིན་པའོ། །བཞི་པ་ནི། འདོད་པའི་རིག་བྱེད་མིན་པའི་འབྱུང་བ་ནི་ཀུན་སློང་གི་སེམས་ལ་ལྟོས་པས་རྣམ་སྨིན་དང་རྒྱས་པའི་རྒྱུ་དང་པོ་གསུམ་ལས་མ་བྱུང་ཞིང་མཉམ་པར་མ་གཞག་པས་ཏིང་ངེ་འཛིན་གྱི་རྒྱས་པར་མ་བྱས་པའི་ཕྱིར་རྒྱུ་མཐུན་ལས་བྱུང་བ་དང་། དབང་པོའི་ཚོགས་པ་ན་ཡོད་པས་ཟིན་པའི་འབྱུང་བ་ལས་སྐྱེའོ། །སོ་ཐར་གྱི་སྤོང་བ་བདུན་ནི་རེ་རེ་ལའང་འབྱུང་བ་བཞི་ཚན་ཐ་དད་པ་ལས་སྐྱེའོ། །ཏིང་ངེ་འཛིན་སྐྱེ་བས་བསམ་གཏན་དང་ཟག་མེད་ཀྱི་རིག་བྱེད་མིན་པའི་རྒྱུ་འབྱུང་བ་ནི་སེམས་ཀྱི་རྗེས་འབྲང་ཡིན་པས་མ་ཟིན་པ་དང་། ཏིང་ངེ་འཛིན་གྱི་རྒྱས་པ་ལས་བྱུང་བ་དང་། སྤོང་བ་བདུན་ཆར་ཡང་དེ་སྐྱེད་པའི་སེམས་ཐ་མི་དད་པ་ལྟར་འབྱུང་བ་ལྔ་ཡང་ཐ་དད་མིན་པ་ཚར་གཅིག་ལས་སྐྱེ་སྟེ་རྒྱུ་གཅིག་ལས་མེད་པའི་ཕྱིར་རོ། །དེ་ཡང་རྐྱེན་གྱིས་འབྱུང་བ་ཡིན་ན་རྒྱུ་སེམས་མིན་པས་གཞིའི་འབྱུང་བ་སྟེ། ཊཱི་ཀར། འཇུག་པར་བྱེད་པའི་དོན་གྱིས་ཏེ་དེས་ན་ཐ་མི་དད་པ་ལས་སྐྱེའོ་ཞེས་སོ། །གསུམ་པ་ལ་དངོས་དང་ཞར་བྱུང་གཉིས། དང་པོ་ལ། དགེ་སོགས་གསུམ་གྱི་ཁྱད་པར། ཁམས་གསུམ་གྱི་ཁྱད་པར་རོ། །དང་པོ་ནི། རྣམ་པར་རིག་བྱེད་མིན་པ་ནི་སེམས་སྟོབས་ལྡན་གྱིས་ཀུན་ནས་སློང་བའི་ཕྱིར་ལུང་བསྟན་དགེ་མི་དགེ་མིན་པ་མེད་ལ། དེ་ལས་གཞན་རིག་བྱེད་དང་སེམས་པའི་ལས་ནི་སེམས་གསུམ་གྱིས་ཀུན་ནས་སློང་བ་དང་མཚུངས་པར་ལྡན་པས་དགེ་མི་དགེ་རྣམ་པ་གསུམ་རུང་སྟེ། གཉིས་པ་ནི། ལས་མི་དགེ་བ་ནི་འདོད་པ་ཁོ་ན་ན་ཡོད་དེ། གཞན་གྱིས་སྤངས་པས་སོ། །གཟུགས་ན་བསམ་གཏན་གྱི་སྡོམ་པའི་རྣམ་པར་རིག་བྱེད་མིན་པ་ཡོད་ལའང་སྒྲས་འདོད་པ་ན་ཡང་མི་དགེ་བ་གྲུབ་ཟིན་པས་དགེ་བ་ཡོད་པར་སྟོན་ཏེ། གཟུགས་མེད་ན་འབྱུང་བ་དང་ལུས་ངག་མེད་པས་དེའི་སྡོམ་པའང་མེད་དོ། །ཟག་མེད་ལྟར་འོག་སའི་རྟེན་ལ་དེའི་འབྱུང་བ་ལས་སྐྱེའོ་ཞེ་ན། མིན་ཏེ། སྲེད་པའི་འཆིང་བ་ཐ་དད་ཀྱིས་བཅད་པས་སོ། །རྣམ་པར་རིག་བྱེད་ནི་བརྟགས་ཤིང་དཔྱད་ནས་ཚིག་ཏུ་སྨྲའོ། །ཞེས་གསུངས་པས། དཔྱོད་པ་དང་བཅས་པ་འདོད་པ་དང་བསམ་གཏན་དང་པོ་དག་ན་ཡོད་ཀྱི་གཉིས་པ་ཡན་ཆད་ན་མེད་དེ། ཀུན་སློང་མེད་པའི་ཕྱིར། དེར་མ་ཟད་འདོད་པ་ན་ཡང་བསྒྲིབས་པའི་རིག་བྱེད་མེད་དེ་རྒྱུ་གང་གི་ཕྱིར་ན་འདོད་པ་ན་སྤྱོད་པའི་བསྒྲིབས་པའི་ཉོན་མོངས་ཅན་འཇིག་མཐར་གཉིས་ནི་མཐོང་སྤང་ཁ་ནང་དུ་བལྟས་པ་དག་ལུས་ངག་མི་སློང་བས་ཀུན་སློང་མེད་པའི་ཕྱིར་རོ། །དེས་ན་བསྒྲིབས་པའི་རིག་བྱེད་ནི་ཚངས་པ་ཆེན་པོས་གཡོས་ཀུན་ནས་བསླངས་པའི་ལུས་ངག་ཁོ་ནའོ། །གཉིས་པ་ཞར་བྱུང་ལ་གསུམ་སྟེ། དགེ་སོགས་གསུམ་གྱི་དབྱེ་བ། ཀུན་སློང་གཉིས་ཀྱི་རྣམ་གཞག རིག་བྱེད་མེད་པའི་དབྱེ་བའོ། །དང་པོ་ལ་གསུམ་ལས། དང་པོ་དགེ་བའི་དབྱེ་བ་ནི། ཅི་ཀུན་སློང་ཁོ་ན་ལས་དགེ་མི་དགེར་འགྱུར་རམ་ཞེ་ན། བཞི་བཞི་ཡོད་དེ། རེ་ཞིག་དགེ་བ་བཞི་ལས་ཐར་བ་དུཿཁ་ཞི་བས་མཆོག་ཏུ་བདེ་བའི་ཕྱིར་དམ་པའི་དོན་དུ་དགེ་བ་སྟེ། ནད་མེད་པ་བཞིན་ནོ། །དགེ་བའི་རྩ་བ་གསུམ་དང་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་ནི་བདག་ཉིད་དམ་ངོ་བོ་ཉིད་ཀྱིས་དགེ་བ་ཡིན་ཏེ། དགེ་བར་གྱུར་པ་གཞན་ལ་ལྟོས་པ་མེད་པར་སྐྱེས་ཙམ་ནས་དགེ་བར་ངེས་པའི་ཕྱིར། འཕྲོད་པའི་སྨན་ལྟར་རོ། །དགེ་བ་བཅུ་གཅིག་པོ་ཐམས་ཅད་དེ་ཡིན་ཡང་ལྔ་པོ་ཁོ་ན་སྨོས་པ་ནི་མི་དགེ་བའི་ལྡོག་པ་གྲུབ་པར་བྱ་བའི་ཕྱིར་རོ། །དགེ་བ་བཅུ་གཅིག་པོ་དེ་དག་དང་མཚུངས་ལྡན་ནི་ངོ་བོས་དགེ་བ་མིན་ཡང་སྨན་དང་སྦྱར་བའི་བཏུང་བ་ལྟར་མཚུངས་ལྡན་གྲོགས་ཀྱི་དགེ་བའོ། །དེ་དག་གིས་ཀུན་ནས་བསླངས་པའི་ལུས་ངག་གི་བྱ་བ་སྟེ་ལས་དང་། ལ་སོགས་པ་དགེ་བའི་སྐྱེ་སོགས་དང་ཐོབ་པ་དང་སྙོམས་འཇུག་གཉིས་ནི་ཀུན་སློང་གི་དབང་གིས་དགེ་བ་སྟེ། སྨན་དང་སྦྱར་བའི་བཏུང་བ་ལས་འབྱུང་བའི་འོ་མས་ནད་སེལ་བ་བཞིན་ནོ། །གལ་ཏེ་དགེ་བ་ཐེ་ཚོམ་གྱིས་མཚམས་སྦྱར་བ་དང་སྐྱེས་སྲིད་ཀྱི་ཚེའི་དགེ་བ་ཐོབ་པ་དག་དགེ་བར་མི་རུང་སྟེ་ཉོན་མོངས་པས་བསླང་བས་སོ་ཞེ་ན། ཉོན་མོངས་པ་ནི་ཐོབ་པའི་གེགས་སེལ་བར་བྱེད་ཀྱི་དེ་ནི་ཐོབ་བྱས་བསླངས་པས་དགེ་བའོ་ཞེས་ཊཱི་ཀར་བཤད་དོ། །གཉིས་པ་ནི། དགེ་བ་ལས་བཟློག་པ་ནི་མི་དགེ་བ་སྟེ། འཁོར་བ་ནི་དོན་དམ་པའི་མི་དགེ་བ་སྟེ། དུཿཁའི་རང་བཞིན་མཆོག་ཏུ་མི་བདེ་བའི་ཕྱིར་ནད་བཞིན་ནོ། །དུག་གསུམ་དང་ངོ་ཚ་མེད་པ་དང་ཁྲེལ་མེད་ནི་ངོ་བོ་ཉིད་ཀྱིས་མི་དགེ་བ་སྟེ་གཞན་ལ་མ་ལྟོས་པར་རྣམ་སྨིན་མི་བདེ་བ་འབྱིན་པའི་ཕྱིར་དུག་ལྟར་རོ། །དེ་དག་དང་མཚུངས་ལྡན་ནི་མཚུངས་ལྡན་ཏེ་དུག་དང་སྦྱར་བའི་བཏུང་བ་ལྟར་རོ། །དེ་དག་གིས་བསླངས་པའི་ལས་དང་མཚན་ཉིད་དང་ཐོབ་པ་ཀུན་སློང་གི་མི་དགེ་བ་སྟེ། དུག་དང་སྦྱར་བའི་བཏུང་བ་ལས་འབྱུང་བའི་འོ་མ་ལྟར་རོ། །གསུམ་པ་ནི། དོན་དམ་པར་ལུང་དུ་མ་བསྟན་པ་ནི་བརྟན་པ་ནམ་མཁའ་དང་བརྟགས་མིན་དག་གོ །བུམ་པ་ལྟ་བུ་ངོ་བོ་ཉིད་དང་། སེམས་བྱུང་རྣམ་སྨིན་སྐྱེས་དང་ལྷན་ཅིག་པ་རྣམས་མཚུངས་ལྡན་དང་། ས་དང་སྤྱོད་ལམ་པ་ལ་སོགས་པ་ནི་ཀུན་སློང་གི་ལུང་མ་བསྟན་ནོ། །དེ་དག་ནི་མ་བསྒྲིབས་པའི་དབང་དུ་བྱས་ལ། བསྒྲིབས་པ་ལ་འདོད་པའི་འཇིག་མཐར་གཉིས་དང་། གོང་མའི་ཉོན་མོངས་ཐམས་ཅད་ངོ་བོ་ཉིད་དང་། དེ་དག་གི་གྲོགས་མཚུངས་ལྡན་གྱི་དང་། རིག་བྱེད་དང་མཚན་ཉིད་ཐོབ་པ་ཀུན་སློང་གིས་སོ། །གཉིས་པ་ལ་བཞི་སྟེ། དབྱེ་བ། སོ་སོའི་ངོ་བོ། མཚན་གཞི། འཇུག་ཚུལ་ལོ། །དང་པོ་ནི། མཐོང་སྤང་གིས་རིག་བྱེད་མི་སློང་ན། མདོ་ལས་ལོག་པར་ལྟ་བ་དེ་ལས་ནི་ལོག་པའི་ངག་དང་ལས་ཀྱི་མཐའ་འབྱུང་ངོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ལ་དབྱེ་བ་མེད་པར་སྟོན་པ་ལ། ཀུན་སློང་ནི་རྣམ་པ་གཉིས་ཏེ། དང་པོ་ལས་ལ་མ་ཞུགས་པའི་ཚེ་ཡོད་པའི་རྒྱུའི་ཀུན་སློང་དང་བྱ་བ་དེ་ཉིད་བྱེད་པའི་དུས་ཀྱི་ཀུན་སློང་ཞེས་བྱའོ། །དེས་ན་འདིར་འདོད་པ་ན་བསྒྲིབས་པའི་གཟུགས་ཀྱི་དུས་ཀྱི་ཀུན་སློང་མེད་པར་བཤད་ལ་མདོའི་དོན་རྒྱུའི་ཀུན་སློང་ཙམ་ལ་དགོངས་སོ། །གཉིས་པ་ནི། ཀུན་སློང་གཉིས་ལས་དང་པོ་ནི། འཕེན་པར་བྱེད་པས་རབ་ཏུ་འཇུག་བྱེད་ཡིན་ལ། གཉིས་པ་ནི། བྱ་བའི་དུས་སུ་བྱ་བ་དང་རྗེས་སུ་མཐུན་པར་འཇུག་པར་བྱེད་པའོ། །གསུམ་པ་མཚན་གཞི་ནི། མུ་བཞི་ལས་མཐོང་བས་སྤང་བར་བྱ་བའི་རྣམ་ཤེས་ནི་དེ་གཞན་ལ་བདག་ཡོད་དོ་ཞེས་བསྟན་ནོ་སྙམ་དུ་ངེས་པར་བྱས་ནས་ཁ་ཕྱིར་བལྟས་ཀྱི་ཤེས་པ་འབྱུང་སྟེ། ལུས་ངག་སློང་བའི་རྟོག་དཔྱོད་ཀྱི་གཞིར་གྱུར་པའི་ཕྱིར་རབ་ཏུ་འཇུག་བྱེད་ཡིན་ལ། ཁ་ནང་དུ་བལྟས་པའི་ཕྱིར་རྗེས་སུ་འཇུག་བྱེད་ནི་མིན་ནོ། །ཡིད་ཀྱི་རྣམ་ཤེས་སྒོམ་པས་སྤང་པར་བྱ་བ་འཁོར་བཅས་ནི་གཉིས་ཀ་ཡིན་ཏེ། རྟོག་བཅས་དང་ཁ་ཕྱིར་བལྟས་ཡིན་པའི་ཕྱིར་སྒོ་ལྔའི་རྣམ་ཤེས་ནི་རྟོག་པ་མེད་ཅིང་ཁ་ཕྱིར་བལྟས་ཡིན་པས་རྗེས་སུ་འཇུག་བྱེད་ཁོ་ན། གཉིས་ཀ་མིན་པ་ནི་ཟག་མེད་དང་རྣམ་སྨིན་སྐྱེས་སོ། །བཞི་པ་ལ་སྤྱིར་གཏང་དང་དམིགས་བསལ་གཉིས་སོ། །དང་པོ་ནི། རྒྱུའི་ཀུན་སློང་ཇི་ལྟ་བར་དུས་ཀྱི་ཀུན་སློང་ཡང་དེ་དང་འདྲའམ་ཞེ་ན། རབ་ཏུ་འཇུག་བྱེད་དགེ་བ་ལ་སོགས་པ་གསུམ་པོ་རེ་རེ་ལས་རྗེས་སུ་འཇུག་བྱེད་ཀྱང་དགེ་སོགས་རྣམ་པ་གསུམ་གསུམ་དུ་འགྱུར་ཏེ། སོ་ཐར་གྱི་སྡོམ་པ་ལེན་པ་ལ་མཚོན་ན་དང་པོ་དགེ་བའི་བསམ་པས་འཕངས་ཏེ་ཆོ་གའི་དུས་ན་ཡང་བསམ་པ་དེ་ཉིད་མ་དོར་བ་དང་། གྲོགས་ལ་ཞེ་སྡང་བ་དང་། སྤྱོད་ལམ་པའི་སེམས་མངོན་དུ་གྱུར་པའམ་གཉིད་ཡུར་བའི་ཚེ་ཐོབ་པ་ལྟ་བུའོ། །དེ་བཞིན་དུ་གཞན་ལའང་སྦྱར་རོ། །འོ་ན་དང་པོ་གཙོའམ་གཉིས་པ་གཙོ། དང་པོ་ལྟར་ན་འདོད་པ་ན་བསྒྲིབས་པའི་རིག་བྱེད་ཡོད་པར་འགྱུར་ལ། གཉིས་པ་ལྟར་ན་མི་དགེ་བ་དང་ལུང་མ་བསྟན་གྱིས་བསླངས་པའི་སོ་ཐར་དགེ་བར་མི་རུང་ངོ་ཞེ་ན། ཀུན་སློང་གཉིས་ཀ་སྤང་བྱ་རིགས་ཐ་དད་ཀྱིས་མ་ཆོད་ན་དང་པོ་གཙོ་ལ། ཆོད་ན་གཉིས་པ་གཙོ་བས་སྐྱོན་གཉིས་ཀ་ལས་གྲོལ་ལོ། །གཉིས་པ་ནི། ཐུབ་པའི་ཐུགས་ཀྱི་སྟོབས་ནི་དམན་པའི་རྒྱུར་མི་རུང་བས་འདྲ་བ། དགེ་བ་ལས་དགེ་བ། ལུང་མ་བསྟན་ལས་ལུང་མ་བསྟན་པའམ། ཁྱད་པར་དུ་གྱུར་པས་དང་པོ་ལུང་མ་བསྟན། དེ་ལས་དགེ་བ་འབྱུང་གི་ཉོན་མོངས་པ་ཅན་ནི་མེད་དོ། །སྡེ་པ་ཁ་ཅིག སངས་རྒྱས་ལ་ཐུགས་ལུང་མ་བསྟན་མེད་དེ། མདོ་ལས། གླང་ཆེན་གཤེགས་ནའང་མཉམ་པར་གཞག །ཅེས་སོགས་གསུངས་པས་རྟག་ཏུ་མཉམ་གཞག་ཡིན་པའི་ཕྱིར་དགེ་བར་རྒྱུད་གཅིག་པས་སོ་ཞེས་ཏེ་ཐེག་ཆེན་དང་མཐུན་ནོ། །བྱེ་སྨྲ་ནི་དྲན་པས་མ་ཟིན་པ་མེད་པར་སྤྱོད་ལམ་རྣམ་བཞི་མཛད་པ་ལ་དགོངས་ཀྱི། རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ་དང་སྤྲུལ་སེམས་ལུང་མ་བསྟན་མངའོ་ཞེས་འདོད་དོ། །མཚན་གཞི་ནི་ཡིད་དང་སྒོ་ལྔའི་རྣམ་ཤེས་ཀུན་སློང་དུ་བཤད་པ་ནི་རྣམ་སྨིན་ལས་སྐྱེས་པ་ལས་གཞན་པ་ལ་དགོངས་ཀྱི་དེ་ནི་གཉིས་ཀ་མིན་ཏེ། འབད་མེད་ཀྱི་རྣམ་པ་ཅན་ཡིན་པས་སོ། །གསུམ་པ་རིག་བྱེད་མིན་པའི་དབྱེ་བ་ནི། སྔར་བཤད་པའི་རྣམ་པར་རིག་བྱེད་མིན་པར་ནི་དབྱེ་ན་གསུམ་ཞེས་བྱ་སྟེ། འཆལ་ཚུལ་གྱི་རྒྱུན་སྡོམ་པའི་སྡོམ་པ་དང་། གཞན་ལ་གནོད་པ་ཆེན་པོ་བྱེད་པར་ཞུགས་པའི་སྡོམ་པ་མིན་པ་དང་། དེ་གཉིས་ལས་གཞན་པའི་བར་མ་ཞེས་བྱ་བའམ། སྒོ་ཐམས་ཅད་ནས་ཕན་པ་དང་གནོད་པ་དང་ཕྱོགས་རེས་དེ་ལ་ཞུགས་པའོ། །གཉིས་པ་ལས་གསུམ་གྱི་རང་བཞིན་བཤད་པ་ལ། སྡོམ་པ་ཁྱད་པར་དུ་བཤད། ཐམས་ཅད་ཐུན་མོང་དུ་བཤད་པའོ། །དང་པོ་ལ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། སྡོམ་པ་ལ་དབྱེ་ན། ཆོས་འདི་པ་དག་གིས་འདོད་པའི་ཚུལ་ཁྲིམས་སོ་སོ་ཐར་པ་ཞེས་བྱ་བ་དང་། དེ་བཞིན་དུ་སས་མ་བསྡུས་པ་ཟག་མེད་ཀྱི་སྡོམ་པ་དང་། གཟུགས་ན་སྤྱོད་པ་བསམ་གཏན་ལས་སྐྱེས་པའི་སྡོམ་པ་གསུམ་མོ། །གཉིས་པ་ལ་གསུམ་སྟེ། སོ་ཐར་གྱི་སྡོམ་པ། བསམ་གཏན་དང་ཟག་མེད། ཞར་ལ་ཡིད་དང་དབང་པོའི་སྡོམ་པ་བཤད་པའོ། །དང་པོ་ལ་ལྔ་སྟེ། དབྱེ་བསྡུ། མཚན་ཉིད། རྣམ་གྲངས། ངེས་ཚིག གང་ཟག་གོ །དང་པོ་ནི། སོ་སོ་ཐར་པ་ཞེས་བྱ་བ་རིས་རྣམ་པ་བརྒྱད་དེ། དགེ་སློང་ཕ་མ་གཉིས། དགེ་སློབ་མ། དགེ་ཚུལ་ཕ་མ་གཉིས། དགེ་བསྙེན་ཕ་མ་གཉིས། བསྙེན་གནས་པའོ། །དེ་གཉིས་སུ་མི་ཕྱེད་པ་ནི་དུས་ཐུང་པས་སམ། བསྡུ་བར་ཟ་མ་སོགས་ལ་ཡང་ཡོད་པས་སོ་ཞེས་བཤད་ཅིང་། བཤེས་སྤྲིང་གི་འགྲེལ་པར་དགེ་སློབ་མ་མི་འབྱུང་བར་བསྙེན་གནས་གཉིས་སུ་ཕྱེའོ། །བརྒྱད་པོ་ཡང་མིང་གི་སྒོ་ནས་ཐ་དད་དུ་ཕྱེ་ཡི། མཚན་ཉིད་ཐ་དད་པའི་རྫས་སུ་ནི་རྣམ་པ་བཞི་ཡིན་ཏེ། ཕའི་སྡོམ་པ་གསུམ་ལས་མའི་སྡོམ་པ་གསུམ་གཞན་མིན་ཞིང་། དགེ་སློབ་མའི་སྡོམ་པ་ཡང་དགེ་ཚུལ་མའི་སྡོམ་པའི་ཁོངས་སུ་འདུས་སོ། །འོན་ཀྱང་རྩ་བའི་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་སྤོང་བའི་སྒོ་ནས་དགེ་ཚུལ་མ་ལས་ཁྱད་པར་དུ་བྱས་སོ། །དེ་རྣམས་རྫས་གཅིག་པའི་རྒྱུ་མཚན་ནི་ཕོ་མོ་ཕན་ཚུན་མཚན་གྱུར་པ་ལས་དགེ་སློང་ཕ་ཞེས་སོགས་མིང་ཙམ་འཕོ་བར་བཤད་ཀྱི་སྡོམ་པ་སྔ་མ་གཏོང་བའི་རྒྱུ་མ་བྱུང་ཞིང་། སྔོན་མེད་ཐོབ་པའི་རྒྱུ་གཞན་མ་བྱུང་བའི་ཕྱིར། དེས་ན་རྫས་ཀྱི་རྒྱུན་གཅིག་ཉིད་རྟེན་གྱིས་ཐ་དད་པར་བཞག་གོ །གང་གིས་སྡོམ་པ་གསུམ་རིམ་གྱི་བླངས་པ་སོ་སོའི་སྤོང་བ་རྣམས་ཆ་ཐ་དད་པ་ཁོ་ནར་སྐྱེའམ་ཞེ་ན། རིག་བྱེད་མིན་པའི་རྫས་ཉིད་ཐ་དད་པས་དགེ་སློང་གི་རྒྱུད་ལ་ཆང་སྤོང་བའི་བར་ལྔ་ནི་གསུམ་གསུམ་དང་། གླུ་གར་སོགས་ལྔ་ནི་གཉིས་གཉིས་ཡོད་ལ། གཞི་མང་ཉུང་ལས་ལྡོག་པའི་བྱེ་བྲག་གིས་ཆེ་ཆུང་དུ་འགྱུར་རོ། །འོན་ཀྱང་དགེ་སློང་ཞེས་བརྗོད་པ་ནི་དགྲ་བཅོམ་པ་ལྟར་ཁྱད་པར་ཅན་གྱི་མིང་གིས་བཏགས་ལ། རིག་བྱེད་མངོན་གྱུར་ནི་གཅིག་སྟེ་དགེ་སློང་དུ་འཛིན་པའི་བསམ་པས་སློང་ཞིང་དེ་བརྗོད་པས་སོ། །རྩོད་པ་དང་པོ་ནི་རྫས་ཐ་དད་ན་ཕྱི་མ་བླངས་པས་སྔ་མ་གཏོང་བས་གསུམ་པོ་ལྷན་ཅིག་ཏུ་མི་རུང་ངོ་ཞེ་ན། གསུམ་པོ་དེ་དག་རྫས་ཐ་དད་ཀྱང་རྒྱུད་གཅིག་ལ་སོ་སོར་མ་འདྲེས་པར་གནས་པ་ལ་འགལ་བ་མེད་དེ། ཕྱི་མ་ཐོབ་པས་སྔ་མ་གཏོང་ན་ཕྱི་མ་གཏོང་ནས་སྔ་མ་ན་སྨད་པ་མི་རུང་བར་འགྱུར་རོ། །གཉིས་པ་ནི། རང་རང་གི་སྡོམ་པ་ལ་གནས་པའི་ཆེད་དུ་ལུས་ངག་གི་སྤང་བྱ་སྲོག་གཅོད་སོགས་ལྔ་སྤོང་བ་མནོས་པ་ལས་དགེ་བསྙེན་དང་། དེ་ཡང་དགེ་སློང་ཕ་མའི་གཡོག་ལ་བསྙེན་པས་དེ་སྐད་ཅེས་བྱའོ། །སྤང་བྱ་བརྒྱད་ཉིན་ཞག་གཅིག་གི་བར་དུ་སྤོང་བ་ཆོ་གས་མནོས་ཤིང་བླངས་པ་ལས་བསྙེན་གནས་དང་། དེ་ནི་ཇི་སྲིད་འཚོ་བའི་སྡོམ་པའམ་དགྲ་བཅོམ་པའི་ཕུང་པོ་ལ་བསྙེན་པར་གནས་པའོ། །སྤང་བྱ་བཅུ་སྤོང་བ་མནོས་པ་ལས་དགེ་ཚུལ་དང་། དེ་ཡང་ལས་བརྒྱ་རྩ་གཅིག་མཐོང་དུ་མི་རུང་བའམ། བླ་མའི་བྱ་བ་ལ་ངལ་ཞིང་དུབ་པས་དེ་སྐད་ཅེས་པའོ། །སྡོམ་དུ་བསྡུས་པའི་ལུས་ངག་གི་སྤང་བྱ་ཐམས་ཅད་སྤོང་བར་མནོས་པ་ལས་དགེ་སློང་ཉིད་དེ། རྫོགས་པ་ལ་བསྙེན་པའི་དོན་གྱིས་སོ། །གསུམ་པ་ནི། ཤཱི་ལའི་སྒྲ་ལས་འཆལ་པའི་ཚུལ་ཁྲིམས་ཀྱིས་གདུང་བ་ལས་བསེལ་བར་བྱེད་པས་ཚུལ་ཁྲིམས་དང་ནི། མཁས་པས་བསྔགས་པས་ལེགས་སྤྱོད་དང་། བྱ་བའི་རང་བཞིན་ཡིན་པས་ལས་ཏེ་རིག་བྱེད་མིན་པ་རྩོལ་བའི་རང་བཞིན་མིན་ཡང་རིག་བྱེད་དང་སེམས་པས་བྱེད་པའི་ཕྱིར་རམ། བྱ་བའི་རྒྱུ་དང་འབྲས་བུ་ཡིན་པའི་ཕྱིར་ལས་སོ། །ཉེས་སྤྱོད་སྡོམ་པས་སོ་ཐར་གྱི་སྡོམ་པ་ཞེས་བྱའོ། །བཞི་པ་ནི། ཅིའི་ཕྱིར་སོ་ཐར་དང་དགེ་བའི་ལས་ལམ་ཞེས་བྱ་ཞེ་ན། སྐད་ཅིག་དང་པོའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མིན་པ་ནི་པྲ་ཏི་མོ་ཀྵའི་དོན་སྡིག་པ་ལས་དང་པོར་ཐར་པའི་ཕྱིར་སོ་སོར་ཐར་པ་དང་སྡོམ་པ་གཉིས་ཀ་ཡིན་ལ། དེ་ཕྱིན་ཆད་སྡོམ་པ་ཁོ་ན་ཡིན་ཞིང་། དེའི་ཚེ་བྱ་བ་དགེ་བའི་ལས་ལམ་དངོས་ཡིན་ལ། དེ་ཕྱིན་ཆད་ནི་མཇུག་གོ །ལྔ་པ་ནི། སོ་སོར་ཐར་པའི་སྡོམ་པ་དང་ལྡན་པའི་གང་ཟག་ནི་བརྒྱད་དེ་དགེ་བསྙེན་སོགས་སོ། །དབྱེ་བ་དང་ཟློས་སོ་ཞེ་ན། མིན་ཏེ། གོང་དུ་དབྱེ་བ་དང་འདིར་ལྡན་པའི་གང་ཟག་བསྟན་པའམ། སྤང་བྱ་ལྔ་ལ་སོགས་པ་སྤོང་བ་ཐམས་ཅད་དགེ་བསྙེན་ལ་སོགས་པ་ཡིན་ནམ་ཞེ་ན། ངེས་འབྱུང་གི་བསམ་པས་ཟིན་པ་བརྒྱད་ཁོ་ནའོ་ཞེས་བསྟན་པའི་ཕྱིར་རོ། །གཉིས་པ་བསམ་གཏན་ཟག་མེད་བཤད་པ་ལ། གང་ལ་ལྡན་པ། སེམས་ཀྱི་རྗེས་འབྲང་། སྤོང་བའི་སྡོམ་པའོ། །དང་པོ་ནི། བསམ་གཏན་གྱི་དངོས་བཞི་དང་། ཉེར་བསྡོགས་སྐྱེས་པའི་གང་ཟག་དང་སྡོམ་པ་དེ་ལྡན་ཏེ་བསམ་གཏན་ལ་མཉམ་པར་གཞག་པའི་མཐུས་ལུས་ངག་གི་ཉེས་པ་བདུན་སྤོང་བ་ཡིན་ལ། ཟག་མེད་ཀྱི་སྡོམ་པ་ནི་འཕགས་པའི་གང་ཟག་དང་ལྡན་ཏེ་འདི་ཡང་བསམ་གཏན་ས་དྲུག་གི་ལམ་གྱིས་སྤོང་བདུན་ཐོབ་པའོ། །གཉིས་པ་ནི། སྡོམ་པ་གཉིས་སེམས་ཀྱི་རྗེས་འཇུག་ཅེས་གསུངས་པ་གང་ཞེ་ན། ཐ་མ་གཉིས་ནི་མཉམ་གཞག་གི་སེམས་ཀྱི་རྗེས་སུ་འབྲང་གི དང་པོ་ནི་གཡེངས་པ་དང་སེམས་མེད་ཀྱི་རྗེས་སུ་ཡང་བྱེད་དོ། །གསུམ་པ་ནི། སྡོམ་པ་ཐམས་ཅད་འཆལ་ཚུལ་གྱི་འགལ་ཟླ་ཡིན་ན་དངོས་སུ་སྤོང་བའི་སྡོམ་པ་གང་ཞེ་ན། དང་པོ་ནི་མཉམ་གཞག་མིན་པས་སྤོང་སྡོམ་ཡིན་ལ། ཐ་མ་དེ་གཉིས་ལ་འཆལ་ཚུལ་དང་། དེའི་རྒྱུད་ཉོན་མོངས་སྤོང་བའི་སྡོམ་པ་ཞེས་བྱ་ལ། དེ་ཡང་སྤང་བྱ་དེ་དག་འདོད་པའི་ས་པ་ཡིན་པས་དེའི་གཉེན་པོ་མི་ལྕོགས་མེད་ལས་སྐྱེས་པ་དང་དེ་ཡང་བར་ཆད་མེད་པའི་ལམ་གྱིས་བསྡུས་པ་ཁོ་ན་སྟེ། དེས་ན་དེ་གཉིས་སྤྱི་དང་སྤོང་བའི་སྡོམ་པ་ལ་མུ་བཞི་བཞིའོ། །གསུམ་པ་ནི། མདོ་ལས། ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཞེས་དང་། གང་ལ་མིག་གི་དབང་པོ་སྡོམ་པས་བསྡམས་ཏེ་གནས་སོ་ཞེས་པའི་ཡིད་དང་དབང་པོའི་སྡོམ་པ་གང་ཞེ་ན། བྱ་བ་དང་བྱ་བ་མིན་པ་ཤེས་པའི་ཤེས་བཞིན་དང་། དེ་མི་བརྗེད་པའི་དྲན་པ་དག་གིས་མི་མཐུན་ཕྱོགས་སྡོམ་པར་བྱེད་པས་ཡིད་དང་དབང་པོའི་སྡོམ་པ་གཉིས་ཀ་གོ་བར་བྱ་བའི་ཕྱིར་ཟློས་སྒྲ་སྨོས་པ་སྟེ་དེ་གཉིས་གཉིས་ཀྱི་ཚིག་ཡིན་པས་སོ། །དཔེར་ན་མི་གཉིས་ལ་ཟན་གཉིས་གཉིས་བྱིན་ཞེས་པ་ལྟར་རོ། །གཉིས་པ་ཐམས་ཅད་ཐུན་མོང་དུ་བཤད་པ་ལ་བཞི་སྟེ། དུས་ཇི་སྲིད་ལྡན། ཚུལ་ཇི་ལྟར་ཐོབ་པ། རྒྱུ་གང་གིས་གཏོང་བ། རྟེན་གང་ལ་ལྡན་པའོ། །དང་པོ་ལ་གསུམ་སྟེ། རིག་བྱེད་མིན་པའི་ལྡན་ཚུལ། རིག་བྱེད་ཀྱི་ལྡན་ཚུལ། དེ་དག་གི་མུ་བཞི་བརྩི་བའོ། །དང་པོ་ལ་ཡང་བཞི་སྟེ། སོ་ཐར་གྱི། སྡོམ་མིན་གྱི། མཉམ་པར་གཞག་པའི། བར་མའི་ལྡན་ཚུལ་ལོ། །དང་པོ་ནི། སོ་སོ་ཐར་པའི་སྡོམ་པ་ལ་གནས་པའི་གང་ཟག་དེ་ནི་ཇི་སྲིད་དུ་བསླབ་པ་ཕུལ་བ་ལ་སོགས་པས་མ་བཏང་གི་བར་དུ་རྟག་ཏུ་ད་ལྟར་གྱི་རྣམ་པར་རིག་བྱེད་མིན་པ་དང་ལྡན་ཏེ། སེམས་ཀྱི་རྗེས་འབྲང་མིན་པས་རྟག་ཏུ་མངོན་དུ་གྱུར་པའི་ཕྱིར་རོ། །སྐད་ཅིག་མ་དང་པོ་ཕྱིན་ཆད་མ་བཏང་གི་བར་དུ་འདས་པ་དང་ལྡན་ཡང་ལྡན་ནོ། །མ་འོངས་པ་ནི་སེམས་རྗེས་མི་འབྲང་བས་ཐོབ་པ་སྔར་སྐྱེ་མེད་པས་མི་ལྡན་པར་ནི་ཆོས་ཉིད་དོ། །གཉིས་པ་ནི། སྡོམ་མིན་ལ་གནས་པའི་གང་ཟག་ལའང་ལྡན་ཚུལ་དེ་དང་འདྲ་བ་ཁོ་ན་སྦྱར་རོ། །གསུམ་པ་ནི། བསམ་གཏན་གྱི་སྡོམ་པ་དང་ལྡན་པའི་སྐྱེ་འཕགས་གཉིས་ནི་མ་བཏང་གི་བར་རྟག་ཏུ་འདས་དང་མ་འོངས་དང་ལྡན་ཏེ་སེམས་ཀྱི་རྗེས་འབྲང་ཡིན་པས་སོ། །འཕགས་པ་ཟག་མེད་ནི་སྐད་ཅིག་དང་པོའི་ཚེ་སྔོན་ཟག་མེད་མ་བསྐྱེད་པས་འདས་པ་དང་ལྡན་པ་མིན་ཞིང་ཞེས་པས་མ་འོངས་པ་དང་ལྡན་ཞིང་གཞན་དུ་འདས་པ་དང་ཡང་ལྡན་ནོ། །འཇིག་རྟེན་པའི་མཉམ་གཞག་དང་འཕགས་ལམ་ལ་གནས་པའི་ཚེ་ནི་སྡོམ་པ་དེ་གཉིས་ད་ལྟར་བ་དང་ཡང་ལྡན་པས་དུས་གསུམ་ཆར་དང་ལྡན་ལ་མཉམ་གཞག་ལས་ལངས་པ་དག་ནི་ད་ལྟར་གྱི་དང་མི་ལྡན་ཏེ། དེ་གཉིས་སེམས་ཀྱི་རྗེས་འཇུག་ཡིན་པས་སོ། །བཞི་པ་ནི། སྡོམ་པ་སྡོམ་མིན་གྱི་བར་མ་ལ་གནས་པ་ལ་རིག་བྱེད་མིན་པ་ཡོད་པར་མ་ངེས་ལ་ཡོད་ན་སྔར་བཞིན་ལྡན་ཏེ། སྐད་ཅིག་དང་པོ་སྔ་ཕྱི་གཉིས་ཀྱི་བར་ད་ལྟར་གྱི་ཁོ་ན་དང་ལྡན་ཞིང་། དེ་ཕྱིན་ཆད་འདས་ད་ལྟར་གྱི་དུས་ནི་གཉིས་དང་ལྡན་ནོ། །དེ་ལྟར་མ་ཟད་སྡོམ་མིན་ལ་གནས་པའང་དད་པ་ལ་སོགས་པས་ཕྱག་འཚལ་བ་སོགས་བྱེད་ན་བར་མ་དགེ་བའི་རིག་བྱེད་མིན་པ་དང་ཇི་སྲིད་རབ་ཏུ་དྭང་པ་ཡོད་པའི་བར་དུ་ལྡན་ལ། སྡོམ་པ་ལ་གནས་པའམ་ཞེ་སྡང་གིས་སྡིག་པ་སོགས་བྱེད་ན་མི་དགེ་བའི་རྣམ་པར་རིག་བྱེད་མིན་པ་ཇི་སྲིད་ཉོན་མོངས་པའི་ཤུགས་དང་ལྡན་པའི་བར་དུ་ཡོད་ཅིང་། ལྡོག་པ་གཉིས་ནི་གོ་སླ་བས་མ་སྨོས་སོ། །གཉིས་པ་རིག་བྱེད་ཀྱི་ལྡན་ཚུལ་ལ། དངོས་དང་། ཞར་ལ་སྡོམ་མིན་གྱི་རྣམ་གྲངས་བཤད་པའོ། །དང་པོ་ནི། རྣམ་པར་རིག་བྱེད་ཀྱི་ལྡན་ཚུལ་ནི་སྡོམ་པ་སྡོམ་མིན་བར་མ་ཐམས་ཅད་ལ་མི་འདྲ་བ་མེད་དེ། དེའི་བྱ་བ་བྱེད་བཞིན་པ་དག་ལ་ད་ལྟར་བ་ངེས་པར་ལྡན་ཞིང་། གཏོང་རྒྱུ་རིག་བྱེད་མིན་པ་དང་མཚུངས་པའམ་བྱ་བ་དོར་ནས་མ་བཏང་གི་བར་དུ་སྐད་ཅིག་མ་དང་པོ་ཕྱིན་ཆད་འདས་པ་དང་ཡང་ལྡན་གྱི་སེམས་ཀྱི་རྗེས་སུ་མི་འབྲང་བས་མ་འོངས་པ་དང་ལྡན་པ་མེད་དོ། །དེ་ཡང་དགེ་མི་དགེའི་དབང་དུ་བྱས་ཀྱི་བསྒྲིབས་པ་དང་ནི་མ་བསྒྲིབས་པའི་རིག་བྱེད་ནི་ཐོབ་པ་ལྷན་ཅིག་སྐྱེ་བར་བཤད་པས་འདས་པ་དག་དང་ལྡན་པ་མེད་ལ། བསྒྲིབས་པ་ཉོན་མོངས་ཅན་ཡང་ཡིན་ན་ཐོབ་པ་ཕྱིས་འབྱུང་མེད་དེ། དམིགས་པ་མེད་པས་བླུན་པ་དང་སེམས་ལ་རག་ལས་པས་གཞན་དབང་ཡིན་པའི་ཕྱིར་ཉམ་ཆུང་བས་ཐོབ་པ་ཡང་ཉམ་ཆུང་བས་སོ། །གཉིས་པ་ནི། གོང་དུ་སྡོམ་མིན་གནས་པ་ཞེས་པའི་རྣམ་གྲངས་ནི། ལུས་ངག་གི་ཉེས་པ་འཕེལ་བར་བྱེད་པས་སྡོམ་པ་མིན་པ་དང་། དམ་པས་སྨད་པས་ཉེས་སྤྱད། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཡིན་པས་འཆལ་བའི་ཚུལ་ཁྲིམས་དང་། ལུས་ངག་གི་བྱ་བ་ཡིན་པས་ལས་དང་། དངོས་གཞིའི་དུས་ཀྱི་སེམས་པ་འཇུག་པའི་སྒོ་ཡིན་པས་དེའི་སྟེང་དུ་ལས་དེའི་ལམ་ཞེས་བྱའོ། །གསུམ་པ་དེ་དག་གི་མུ་བཞི་ནི། གང་རིག་བྱེད་དང་ལྡན་པ་དེ་རིག་བྱེད་མིན་པ་དང་ལྡན་ནམ་ཞེ་ན། མ་ངེས་པས་མུ་བཞི་སྟེ། མུ་དང་པོ་ནི། རྫས་བྱུང་དང་ལས་ལམ་ལས་གཞན་པའི་བར་མ་དོར་གནས་པ་དག་ནི་དགེ་སོགས་གསུམ་གྱིས་སེམས་ཀུན་སློང་ཞན་པས་ལུས་ངག་གི་བྱ་བ་ཞིག་བྱེད་ན། རིག་བྱེད་མིན་པ་མི་སློང་བས་རྣམ་པར་རིག་བྱེད་ཉིད་དང་ལྡན་ནོ། །མུ་གཉིས་པ་ནི། ཚེ་སྔ་མའི་རྣམ་པར་རིག་བྱེད་ཤི་བས་བཏང་ལ་གསར་པ་མ་སྐྱེས་པའི་འཕགས་པའི་གང་ཟག་ལ་རྣམ་པར་རིག་བྱེད་མིན་པ་ཁོ་ན་དང་ལྡན་ཏེ། སོ་སྐྱེ་དཔེར་མ་བརྗོད་པ་ནི་འཕགས་པ་ནི་ཐམས་ཅད་དུ་ངེས་ལ་སོ་སྐྱེ་དེ་ནི་འདོད་གཟུགས་ནས་ནི་བཏང་། གཟུགས་སུ་སྐྱེ་བ་ལ་ཡོད་ཀྱང་གཞན་ལ་མེད་པས་མ་ངེས་པའོ། །ཡང་ན་མུ་བཞི་ནི་འདོད་པའི་རྟེན་ལ་བརྩི་བ་ཡིན་ལ་དེའི་བྱིས་པ་ལ་མེད་པས་སོ། །འོ་ན་འདོད་ཉོན་བརྒྱད་པ་སྤངས་དགུ་པ་མ་སྤངས་པ་ཞིག་ཤི་ན་གོང་མའི་དངོས་གཞིའི་སེམས་མ་ཐོབ་པས་འདོད་པར་སྐྱེ་ཞིང་། དེ་ལ་གཏོང་རྒྱུ་གཉིས་པོ་མ་བྱུང་བས་ཉེར་བསྡོགས་ཀྱི་སྡོམ་པ་ཡོད་དོ་ཞེ་ན། མ་ཧཱའི་ཞལ་ནས་དངོས་གཞི་མ་ཐོབ་པའི་ཉེར་བསྡོགས་ནི་ཤི་བས་ཀྱང་གཏོང་སྟེ། གཏོང་རྒྱུའི་འགྲེལ་པར་རིས་མཐུན་པ་བཏང་བས་ཀྱང་ཅུང་ཟད་གཏོང་ངོ་ཞེས་གསུངས་པས་སོ། །དེ་ནི་འཕགས་མིན་ཤི་བས་སོ་ཞེས་པའི་སྦྱོར་ལམ་ལ་བསམས་སོ་ཞེ་ན། མིན་ཏེ། བསྟན་བཅོས་ལས་ལུས་དང་ལྡན་ལ་ལུས་ཀྱི་ལས་དང་མི་ལྡན་པ་ནི་སྒོ་ངའི་ནང་ན་འདུག་པའི་མེར་མེར་པོ་ལ་སོགས་པའོ་ཞེས་པས་ཤི་བས་གཏོང་བར་ངེས་ལ། དེས་ན་སྦྱོར་ལམ་དང་མཚན་ཉིད་འདྲ་བས་དངོས་གཞི་མ་ཐོབ་པའི་ཉེར་བསྡོགས་ཐམས་ཅད་ཤི་བས་གཏོང་ངོ་ཞེས་གཟུང་ངོ་། །འོན་ཀྱང་གང་ཟག་བར་མས་རྫས་ལས་བྱུང་བའི་བསོད་ནམས་བསྐྱེད་པ་ལ་རིག་བྱེད་མིན་པ་ཡོད་ཅིང་རིག་བྱེད་མེད་པ་སྲིད་པས་འདོད་པའི་རྟེན་ལ་ཡང་མུ་གཉིས་པ་ཡོད་དོ། །དེས་ན་ལན་གསུམ་པ་གང་ཞིག་བཤད་ན་བརྒལ་ཞིང་བརྟག་པ་མཚུངས་པས་འཕགས་པ་ནི་ཉེ་བར་མཚོན་པའི་དཔེའོ་ཞེས་པ་ཉིད་རིགས་སོ་ཞེས་བཤད་དོ། །གཉིས་ཀ་དང་ལྡན་པ་ནི་བར་མ་ལ་གནས་པས་ཀུན་སློང་དྲག་པོས་དགེ་མི་དགེ་སོགས་བྱེད་པའོ། །གཉིས་ཀ་དང་མི་ལྡན་པ་ནི་གཟུགས་མེད་ཀྱི་སྐྱེ་བོ་སོགས་སོ། །གཉིས་པ་ཇི་ལྟར་ཐོབ་ཚུལ་ལ་གསུམ་སྟེ། སྡོམ་པའི། སྡོམ་མིན་གྱི། བར་མའི་ཐོབ་ཚུལ་ལོ། །དང་པོ་ལ་ཐོབ་ཚུལ་དངོས། གང་ལས་ཐོབ་པའོ། །དང་པོ་གསུམ་སྟེ། བསམ་གཏན། ཟག་མེད། སོ་ཐར་ཐོབ་ཚུལ་ལོ། །དང་པོ་ནི། བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་དེ་དག་ཚུལ་ཇི་ལྟར་ཐོབ་ཅེ་ན། བསམ་གཏན་ལས་སྐྱེས་པའི་སྡོམ་པ་ནི་བསམ་གཏན་གྱི་ས་སྟེ་འོག་ས་ལས་འདོད་ཆགས་དང་བྲལ་བ་དང་སྐྱེ་བའི་ཚེ་དངོས་གཞི་དང་སྦྱོར་བས་ཉེར་བསྡོགས་ཀྱི་སེམས་ཐོབ་པ་ཉིད་ཀྱིས་དེ་དང་ལྷན་ཅིག་ཏུ་ཐོབ་བོ། །གཉིས་པ་ནི། ཟག་མེད་ཀྱི་སྡོམ་པ་ནི་འཕགས་ལམ་བསམ་གཏན་ས་དྲུག་གིས་བསྡུས་པ་དེས་ཐོབ་བོ། །གསུམ་པ་ལ་ཐོབ་ཚུལ་ཐུན་མོང་དུ་བསྟན། ཁྱད་པར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སོ་སོ་ཐར་པ་ཞེས་པའི་སྡོམ་པ་ཡང་དག་པར་བླངས་པའི་སྡོམ་པ་ཡིན་པས་གཞན་མཁན་སློབ་ཀྱི་སྡོམ་པ་སྦྱིན་པར་བྱེད་པའི་རྣམ་པར་རིག་བྱེད་དང་། སོགས་པ་ནི་རང་ཡང་དེ་དག་ལ་ལེན་པར་གོ་བར་བྱེད་པའི་རིག་བྱེད་དང་ལེན་སེམས་ཀྱིས་ཐོབ་ལ། བྱེ་བྲག་ཏུ་སྨྲ་བའི་འདུལ་བ་པ་དག་ནི་སོགས་པའི་སྒྲས་རིག་བྱེད་ལ་མི་ལྟོས་པར་བསྙེན་པར་རྫོགས་པའི་རྒྱུ་བཅུ་བསྡུ་བར་འདོད་དེ། ལུང་མ་མོ་ལས་བྱུང་བ་ལྟར་འགྲེལ་པར་བཅུ་བཤད་དོ། །གཉིས་པ་ལ་གསུམ་སྟེ། དུས་ཀྱི་ཁྱད་པར། བསྙེན་གནས་ཀྱི་ཁྱད་པར། དགེ་བསྙེན་གྱི་ཁྱད་པར་རོ། །དང་པོ་ལ་སྡོམ་པའི་དུས་ཀྱི་ཁྱད་པར། ཞར་ལ་སྡོམ་མིན་གྱི་དུས་ཀྱི་ཁྱད་པར་རོ། །དང་པོ་ནི། ཇི་སྲིད་འཚོའི་བར་དུ་རིས་བདུན་དང་ཉིན་ཞག་གི་བར་དུ་བསྙེན་གནས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་སྟེ། དུས་ནི་ཚེ་དང་ཉིན་ཞག་གི་མཐའ་གཉིས་ཡིན་པས་སོ། །གཉིས་པ་ནི། སྡོམ་མིན་ནི་ཇི་སྲིད་འཚོའི་བར་དུ་ལེན་པ་མེད་ཀྱང་སྡིག་པའི་བསམ་པས་རྟག་ཏུ་ལོག་པར་ཞུགས་པས་ཇི་སྲིད་འཚོའི་རིགས་ཅན་ཡིན་ལ། ཉིན་ཞག་པ་ཡི་སྡོམ་མིན་མེད་དེ། བསམ་པ་སྔ་མ་མེད་ཅིང་ལས་སྨད་པའི་ཕྱིར་ཏེ། དེ་ནི་བསྙེན་གནས་དེ་ལྟར་ནོད་པ་མེད་པའི་ཕྱིར་རོ། །དུས་རེ་ཞིག་ལོག་པར་ཞུགས་པ་ནི་བར་མའི་དགེ་བར་བཤད་དོ་ཞེས་བྱེ་སྨྲ་ཟེར་རོ། །གྲག་ཅེས་པ་མདོ་སྡེ་པ་ན་རེ། སྡོམ་མིན་ཡང་རིག་བྱེད་མིན་པའི་རྫས་མེད་ཀྱི་སྡིག་པ་བྱ་བའི་བསམ་པ་བག་ཆགས་དང་བཅས་པ་སྟེ། གྲོ་བཞིན་སྐྱེས་ཀྱི་གཏམ་རྒྱུད་ལྟར་ཉིན་མོ་དང་མཚན་མོ་བ་ཡང་ཡོད་ཀྱི། མི་ལེན་པས་མེད་ན་ཇི་སྲིད་འཚོ་བའི་བར་མ་ཡང་མེད་པར་འགྱུར་རོ་ཞེས་ཏེ། འདིས་ལས་ཀྱི་འཇུག་པ་ཐམས་ཅད་སྡོམ་མིན་དུ་འདོད་པར་མངོན་ཏེ་བར་མ་མི་དགེ་བ་དང་ཁྱད་པར་ནི་སྦྱོར་བ་དང་དངོས་གཞིའོ་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཇི་ལྟར་ནོད་པའི་ཚུལ། ཡན་ལག་གི་གྲངས་ངེས། རྟེན་གྱི་ཁྱད་པར་རོ། །དང་པོ་ནི། བསྙེན་གནས་ཉིན་ཞག་ཏུ་ནོད་ན་ཇི་ལྟར་ནོད་པར་བྱ་ཞེ་ན། ནད་པ་མིན་པས་དམའ་བར་འདུག་ཅིང་ཐལ་མོ་སྦྱར་ཏེ་འབོགས་པ་པོས་སྨྲས་པའི་རྗེས་སུ་བཟླས་པ་ཡིས་ནོད་ཅིང་། རྒྱན་ནར་མ་ལས་གཞན་པའི་མི་བརྒྱན་ཞིང་བསྲུང་དུས་ན་སང་ནམ་ལངས་ཀྱི་བར་དུའོ། །དགྲ་བཅོམ་པ་དང་ཉེ་བར་གནས་པས་བསྙེན་གནས་ཏེ་དེའི་ཡན་ལག་མ་ཚང་ན་བར་མར་འགྱུར་བས་ཡན་ལག་བརྒྱད་པོ་ཚང་བར་ནི་ནོད་དོ། །ལེན་དུས་ནི་ནང་པར་སྔ་དྲོ་ཟན་མ་ཟོས་པའི་དུས་སོ། །ཡུལ་ནི་གཞན་ལས་སོ། །བོད་ན་ཅིག་ཅར་ལེན་པ་ནི་ཡུལ་དཀོན་པས་རུང་མཐུན་བྱས་པའོ་ཞེས་གསུངས། འགྲེལ་པར། ཆོས་བརྒྱད་ལ་རྟག་ཏུ་གནས་པར་བྱའོ་ཞེས་ཁས་བླངས་པ་དེ་ནི་ཟན་ཟོས་ཀྱང་ནོད་དོ་ཞེས་གསུངས་པས། རྒྱ་གར་ན་ཡང་ཡོད་པར་མངོན་ལ་ལེན་པར་ངེས་པའི་སེམས་ཀྱིས་ཐོབ་པས་ནང་བར་སྐྱེ་ཡང་ཟན་ཟོས་ནས་ལེན་པ་ནི་གསལ་བར་བྱ་བའི་ཕྱིར་ཞེས་འཆད་དོ། །རང་ལས་འབོགས་རྐྱེན་མེད་པའམ་རྐྱེན་ཡོད་ཀྱང་མི་འདའ་བར་བྱ་བའི་ཕྱིར་གཞན་ལས་ནོད་པར་བཤད་ལ། དེ་འདུལ་བ་ལས་དགེ་སློང་ལས་ལེན་པར་བཤད། གནས་འཇོག་གི་མདོ་ལས་དེ་ལས་གཞན་ལས་ཀྱང་བླང་བར་བཤད། བསྡུ་བར་བསྟན་པ་མི་ལྡན་པར་འགྱུར་བ་དང་གཞན་ལ་རག་ལས་པར་བསྟན་པའི་ཕྱིར་དུ་རབ་ཏུ་བྱུང་བའི་སྡོམ་པ་གཞན་ལས་ལེན་ཅིང་ཁྱིམ་པའི་ནི་རང་ལས་ཀྱང་བླང་ངོ་ཞེས་གསུངས་སོ། །དགེ་བསྙེན་སྡོམ་བརྒྱད་དུ་དགེ་བསྙེན་ཡང་དགེ་བསྙེན་ལས་བླང་བར་བཤད། བླང་ཚུལ་དེ་རྣམས་ལས་གཞན་དུ་བླངས་པ་ནི་བར་མ་ཙམ་མོ། །གཉིས་པ་ནི། རང་བཞིན་གྱི་ཁ་ན་མ་ཐོ་བ་སྤོང་བ་ཚུལ་ཁྲིམས་ཀྱི་ཡན་ལག་བཞི་དང་། དྲན་པ་གནས་པས་བག་ཡོད་པར་བྱེད་པའི་ཡན་ལག་ལྔ་པ་གཅིག་པུ་དང་། དེ་བཞིན་དུ་སྐྱོ་བ་དང་རྗེས་སུ་མཐུན་པ་སྤྱོད་ཚུལ་བརྟུལ་ཞུགས་ཀྱི་ཡན་ལག་ཕྱི་མ་གསུམ་སྟེ་བརྒྱད་དུ་ངེས་ཏེ་གོ་རིམ་བཞིན་ནོ། །ཡན་ལག་ཕྱི་མ་གཉིས་མེད་ན་ཅི་ཉེས་ཤེ་ན། དང་པོ་དང་རྗེས་སུ་མཐུན་པའི་ཆོས་ལས་ཉམས་པར་འགྱུར་ཏེ། ཆང་འཐུངས་པ་ན་བྱ་བ་དང་བྱ་བ་མིན་པ་དང་ཕྱི་དྲོའི་ཁ་ཟས་ཀྱིས་བསྙེན་གནས་དང་སྐྱོ་བའི་དྲན་པ་ཉམས་པར་འགྱུར་ལ། ལྷག་མས་ནི་དྲེགས་པར་འགྱུར། དེ་ལས་འཆལ་ཚུལ་རྒྱངས་མི་རིང་ངོ་། །གསུམ་པ་ནི། ལུང་ལས་བསྙེན་གནས་གསོ་སྦྱོང་དུ་བཤད་པས་དགེ་བསྙེན་ལས་གཞན་ལ་བསྙེན་གནས་ཡོད་དམ་མེད་ཅེ་ན། དགེ་བསྙེན་ལས་གཞན་པའི་ཁྱིམ་པ་ལའང་གསུམ་ལ་སྐྱབས་སུ་སོང་སྟེ་ལེན་ན་བསྙེན་གནས་ཡོད་མོད་ཀྱི་འོན་ཀྱང་སྐྱབས་སུ་མ་སོང་བ་དང་ལེན་པ་བརྗེད་པ་དང་མ་བྱས་པའི་མི་ཤེས་པ་ལ་མེད་དོ། །གསུམ་པ་ལ་ལྔ་སྟེ། ལུང་གི་དོན་བཤད་པས་དགེ་བསྙེན་ཐམས་ཅད་སྡོམ་ལྡན་དུ་བསྟན། དེ་ལ་ནང་འགལ་སྤོང་བ། ཞར་ལ་སྡོམ་པ་ཆེ་ཆུང་གི་ཁྱད་པར། སྐྱབས་གནས་ཀྱི་ཁྱད་པར། ཡན་ལག་གི་ཁྱད་པར་རོ། །དང་པོ་ནི། མདོ་ལས། མིང་ཆེན་ཁྱིམ་པ་གོས་དཀར་པོ་བགོས་པ་ཕོའི་དབང་པོ་དང་ལྡན་པ་ཞིག་གསུམ་ལ་སྐྱབས་སུ་འགྲོ་ཞིང་བདག་ལ་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་སྨྲ་ན། འདི་ཙམ་གྱིས་དགེ་བསྙེན་ནོ་ཞེས་པ་དེ་ཅི་སྡོམ་པ་མེད་པའི་དགེ་བསྙེན་ཡང་དག་ཡོད་དམ་ཞེ་ན། ཉི་འོག་པ་ན་རེ། ཡོད་དེ་དེ་ཙམ་གྱིས་དགེ་སློང་གི་གཡོག་བྱེད་པས་སྒྲ་དོན་ཐོབ་པར་བསམ་པའོ། །ཁ་ཆེ་བ་ན་རེ། མེད་དེ་འོན་ཀྱང་མདོའི་དོན་ནི་བདག་ལ་དགེ་བསྙེན་ཉིད་དུ་བཟུང་དུ་གསོལ་དེང་ཕྱིན་ཆད་སྲོག་གཅོད་པ་སྤོང་ངོ་ཞེས་ཁས་བླངས་པས་འདིའི་སྡོམ་པ་སྐྱེ་སྟེ་སྤོག་གཅོད་སྲོང་ངོ་ཞེས་ཏེ། གསོད་པ་ལ་སོགས་པ་ལྔ་སྤོང་ངོ་ཞེས་པའི་སྒྲ་མི་མངོན་པར་བྱས་པའོ། །འོ་ན་བསླབ་པའི་གཞི་བསྟན་པ་དོན་མེད་དོ་ཞེ་ན། སྡོམ་པ་ཐོབ་ཀྱང་། སྲུང་མཚམས་ཤེས་པར་བྱ་བའི་ཕྱིར་ཏེ། དཔེར་ན་དགེ་སློང་དང་དགེ་ཚུལ་གྱི་སྡོམ་པ་བརྗོད་པ་གསུམ་པའི་ཆ་ཐ་མ་ལ་ཐོབ་ཀྱང་བསླབ་པའི་གཞི་བརྗོད་པ་བཞིན་ནོ། །ཤུགས་ཀྱིས་ནི་ཉི་འོག་པའམ་མདོ་སྡེ་པས་དགེ་བསྙེན་གྱི་སྡོམ་པ་ཐོབ་པ་བསླབ་པ་བརྗོད་པ་ལ་ལྟོས་པར་མངོན་ཏེ། དེ་ལྟར་འདོད་པ་ནི་ལུང་མཐོང་བ་མེད་དོ་ཞེས་བློ་བརྟན་གསུང་ངོ་། །གཉིས་པ་ནི། གལ་ཏེ་དགེ་བསྙེན་ཐམས་ཅད་ཡན་ལག་ལྔ་ཆར་གྱིས་བསྡོམ་པ་ཡིན་ན། མདོ་ལས་བཙུན་པ་ཇི་ཙམ་གྱིས་ན་སྣ་གཅིག་སྤྱོད་པ་ནས་ཡོངས་སུ་རྫོགས་པའི་བར་ལའོ་ཞེས་ཞུས་ནས། ལན་དུ་མིང་ཆེན་སྲོག་གཅོད་པ་སྤངས་ཏེ་སླར་ལོག་པ་ནི་སྣ་གཅིག་སྤྱོད་པ་དང་། སོགས་པ་བསླབ་པའི་གཞི་གཉིས་སྲུང་བ་ཕྱོགས་གཅིག་དང་གསུམ་མམ་བཞི་སྲུང་བ་ཕལ་ཆེར་དང་། ལྔ་ཆར་སྲུང་བ་ཡོངས་སུ་རྫོགས་པར་སྤྱོད་པའི་དགེ་བསྙེན་ཞེས་གསུངས་པ་ཇི་ལྟ་བུ་ཞེ་ན། དང་པོར་ལྔ་ཆར་ཐོབ་པས་ཡོངས་རྫོགས་དེ་ཉིད་ཕྱིས་ཡན་ལག་ཁ་ཅིག་ཉམས་ཀྱང་ལྷག་མ་དེ་དང་དེ་བསྲུང་བ་ལ་དགོངས་ནས་སྣ་གཅིག་སྤྱོད་པ་ལ་སོགས་པར་གསུངས་སོ་ཞེས་ཟེར་རོ། །གྲག་ཅེས་པ་སློབ་དཔོན་དེ་ལ་མ་རངས་པ་སྟེ། ཁྱོད་ཀྱིས་དེ་ལྟ་བུ་ཚུལ་ཁྲིམས་ཉམས་པའི་དབང་དུ་བྱས་ནས་ཞུ་བ་ཉིད་ཀྱང་མི་འཐད་ན་ལན་ལྟ་ཅི་སྨོས་ཏེ། གང་ཟག་ཉོན་མོངས་པ་མང་བ་རྣམས་ཀྱི་འཆལ་ཚུལ་གྱི་རྐྱེན་བྱེད་པས་ཆོས་བསྟན་པས་དོན་མིན་པ་ལ་སྦྱོར་བར་འགྱུར་བའི་ཕྱིར་ཏེ། གཞན་ཡང་ཞུ་ལན་ནི་མི་ཤེས་པ་ལ་བྱེད་པ་ལས་གང་སྤྱོད་པ་བསྲུང་ལ་མི་སྤྱོད་པ་མི་སྲུང་ཞེས་པ་སུས་མི་ཤེས་ཏེ་ཤེས་ཟིན་པ་ལ་ཞུ་ལན་མི་འཐད་ཅིང་། དེ་ནི་རབ་བྱུང་ལ་ཡང་ཡོད་པས་སྣ་གཅིག་སྤྱོད་པ་ལ་སོགས་པ་གསུངས་པར་འགྱུར་རོ། །གཞན་ཡང་སྲོག་གཅོད་སྤོང་ཞེས་པ་མདོ་གང་ནས་ཀྱང་མི་འབྱུང་ལ་བདེན་པ་མཐོང་བའི་མདོ་ལས། ནམ་འཚོའི་བར་དུ་སྲོག་དང་བསྡོས་པས་སྐྱབས་སུ་སོང་བ་མངོན་པར་རབ་ཏུ་དྭང་བ་ཞེས་པ་ལ་འཁྲུལ་བའོ། །དེས་ན་དགེ་བ་གོང་མ་ལ་སྤྲོ་བར་བྱ་བ་དང་། དེ་ཙམ་ཡང་དོན་ཆེ་བས་སྡོམ་པ་མེད་པ་དང་མ་ཚང་བ་ཡང་དགེ་བསྙེན་དུ་གསུངས་སོ། །སྤྱིར་གསུང་རབ་ལས་དགེ་བསྙེན་བདུན་གསུངས་ཏེ། སྐྱབས་གསུམ་འཛིན་པ། སྣ་གཅིག སྣ་འགའ། ཕལ་ཆེར་སྤྱོད་པ། ཡོངས་རྫོགས་དང་། ཚངས་སྤྱོད་དང་། བསྙེན་གནས་ཡན་ལག་བརྒྱད་ཇི་སྲིད་འཚོའི་བར་དུ་སྲུང་བ་གོ་མའི་དགེ་བསྙེན་ནོ། །དང་པོ་ལྔ་ནི་མིང་ཆེན་གྱི་མདོ། དྲུག་པ་ལུང་རྣམ་འབྱེད་དང་། དྲག་ཤུལ་ཅན་དང་། ཚེ་དང་ལྡན་པ་མོའུས་ཞུས་པ་ལས་བཤད། བདུན་པ་ཀུན་ཏུ་རྒྱུ་སེན་རིངས་ཀྱི་མདོར་བཤད། ཁ་ཆེ་བ་ནི་བདུན་པ་འདི་མི་འདོད་དོ། །གསུམ་པ་ནི། ཡན་ལག་མང་ཉུང་དང་དུས་རིང་ཐུང་ལ་ལྟོས་པ་ཡང་ཡོད་ལ། གཙོ་བོར་ནི་ཆུང་ངུ་ལ་སོགས་པ་ཀུན་སློང་དྭང་བ་དང་མ་ཆགས་པ་ལ་སོགས་པའི་ཡིད་ཇི་ལྟ་བ་བཞིན་ཏེ། དེས་ན་དགྲ་བཅོམ་པའི་སྡོམ་པ་ཆུང་བྱིས་པའི་ཆེ་བ་དང་། དགེ་སློང་གི་ཆུང་ལ་དགེ་བསྙེན་གྱི་ཆེ་བ་ལ་སོགས་པ་སྲིད་དོ། །བཞི་པ་ནི། གང་ཞིག་གསུམ་གྱི་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དེ་གང་ཐོབ་པས་སངས་རྒྱས་སུ་བྱེད་ཅིང་ཐ་སྙེད་འདོགས་པའི་ཆོས་མི་སློབ་པའི་ལམ་ཆོས་སྐུ་དང་། གང་ཞིག་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དེ་འཕགས་པའི་གང་ཟག་ནི་དགེ་བདུན་ཡིན་ལ་དེར་བྱེད་པའི་ཆོས་སངས་རྒྱས་ལས་གཞན་པའི་སློབ་པ་དང་མི་སློབ་པའི་ལམ་གཉིས་ཀ་དང་། གང་ཞིག་ཆོས་ལ་སྐྱབས་སུ་འགྲོ་བ་དེ་ནི་རང་གཞན་གྱི་རྒྱུད་ཀྱི་ཉོན་མོངས་དང་དུཿཁ་ཞི་བའི་མྱ་ངན་ལས་འདས་པ་ལ་སྟེ། དེ་ནི་ཚིག་སྡེབས་པའི་ངོར་ཐ་མར་སྨོས་སོ། །སངས་རྒྱས་དང་དགེ་འདུན་གྱི་རྟེན་གང་ཟག་གི་ནི་ཟག་བཅས་ཡིན་པས་སྐྱབས་གནས་མིན་ཞེས་སོ། །སློབ་དཔོན་དེ་ལྟར་ན་ལམ་མངོན་དུ་མ་བྱས་པ་ན་སངས་རྒྱས་དང་དགྲ་བཅོམ་མིན་པ་དང་འཕགས་པ་མིན་པར་འགྱུར་ཞིང་དགེ་སློང་དུ་བྱེད་པའི་ཚུལ་ཁྲིམས་ཁོ་ན་དགེ་སློང་དུ་འགྱུར་རོ་ཞེས་བརྗོད་ནས། ཆོས་ནི་འདི་དང་མཐུན་ལ་སངས་རྒྱས་དང་དགེ་འདུན་གྱི་རྟེན་གྱི་གང་ཟག་དེ་གཉིས་སུ་བཞེད་དོ། །ངོ་བོ་ནི་འཇིགས་པ་ལས་ཐར་པའི་ཆེད་དུ་ཡུལ་ཁྱད་པར་ཅན་ལ་བསྟེན་པར་ཁས་ལེན་ཅིང་བློ་གཏོད་པ་ཡིན་ལ། འབྲེལ་པར་ངག་གི་རིག་བྱེད་དུ་བཤད་པ་ནི། ནོད་པའི་དུས་ཀྱི་དབང་དུ་བྱས་པའོ། །སྐྱབས་ཀྱི་དོན་ནི་དེ་ལ་བརྟེན་ནས་དུཿཁ་ཐམས་ཅད་ལས་གཏན་དུ་ངེས་པར་ཐར་བར་བྱེད་པའོ། །ལྔ་པ་ལ་གསུམ་སྟེ། ལོག་གཡེམ། བརྫུན། མྱོས་འགྱུར་སྤོང་བ་ཡན་ལག་ཏུ་འཇོག་པའི་རྒྱུ་མཚན་ནོ། །དང་པོ་ནི། སྡོམ་པ་གཞན་ལ་མི་ཚངས་སྤྱོད་སྤོང་བ་ཡན་ལག་ཏུ་བཞག་ལ། དགེ་བསྙེན་ལ་ལོག་གཡེམ་སྤོང་བ་ཡན་ལག་དུ་བཞག་པའི་རྒྱུ་ཅི་ཡིན་ཞེ་ན། ལོག་གཡེམ་ནི་གཞན་གྱི་ཆུང་མ་སུན་ཕྱུང་ཞིང་ངན་སོང་གི་རྒྱུར་གྱུར་པས་འཇིག་རྟེན་ན་ཡང་ཤིན་ཏུ་སྨད་པའི་ཕྱིར་དང་ཁྱིམ་པས་སྡོམ་སླ་བའི་ཕྱིར་དང་། འཕགས་པའི་ཚེ་རབས་གཞན་དུ་ཡང་ལོག་གཡེམ་མི་བྱེད་པའི་སྡོམ་པ་ཐོབ་པའི་ཕྱིར་དང་། མི་ཚངས་སྤྱོད་ནི་དེ་ལྟར་མིན་པས་སོ། །ཅི་དགེ་བསྙེན་གྱིས་ཕྱིས་ཆུང་མ་ལེན་ན་སྡོམ་པ་མི་ཉམས་སམ་ཞེ་ན། མི་ཉམས་ཏེ། སྡོམ་པ་ནི་ལོག་གཡེམ་སྤོང་ངོ་ཞེས་ཇི་ལྟར་ཁས་བླངས་པ་བཞིན་དུ་འཐོབ་ཀྱི་རྒྱུད་འདི་ལ་མི་ཚངས་སྤྱོད་སྤོང་ཞེས་ཁས་བླངས་པ་མིན་པས་སོ། །ཡང་ན་བུད་མེད་ཀྱི་རྒྱུད་འདི་ལས་གཞན་ལ་འཁྲིག་པ་མི་བྱའོ་ཞེས་ཁས་མ་བླངས་པའི་ཕྱིར་རང་གི་ཆུང་མ་ནི་ཁས་བླངས་པ་དང་འགལ་བ་མེད་པས་སྡོམ་པ་ཉམས་པ་མིན་ནོ་ཞེས་སོ། །གཉིས་པ་ནི། ཡང་བརྫུན་སྤོང་བ་ཁོ་ན་ཡན་ལག་ཏུ་བཞག་པ་ཅི་ཞེ་ན། ཉེས་པ་ཆེ་ཞིང་སྤོང་སླ་བ་ནི། བརྫུན་སྨྲ་ཤིན་ཏུ་སྨད་ཕྱིར་དང་། །སླ་ཕྱིར་མི་བྱེད་ཐོབ་ཕྱིར་དང་། །དགོས་པ་ལྷག་པོ་ནི་བསླབ་པ་ཐམས་ཅད་ལས་འདས་པར་གྱུར་པ་ན་ཕྱིར་བཅོས་པའི་ཡན་ལག་ཏུ་བྱས་པའི་ཕྱིར། འདི་ལྟར་ཉེས་པ་གླེང་བའི་ཚེ་དེ་རང་གི་སྤང་བྱ་མིན་ན་རྫུན་དུ་སྨྲ་བས་བསླབ་པ་ལས་ཐལ་ཞིང་འདའ་བར་འགྱུར་ལ། དེ་སྤོང་བར་བསྟན་པས་ཉེས་པ་ལན་གཉིས་སུ་གྱུར་ན་མི་རུང་ངོ་སྙམ་ནས་ཕྱིར་བཅོས་པའི་དགོས་པ་ཡོད་པའི་ཕྱིར་རོ། །གསུམ་པ་ནི། ཡང་འདི་ལ་ཐུབ་པའི་བཀས་བཅད་ཅིང་བཀག་པའི་ཁ་ན་མ་ཐོ་བ་རྣམས་ལས་མྱོས་འགྱུར་སྤོང་བ་ཁོ་ན་བཞག་པ་ཅི་ཞེ་ན། རྒྱུ་སྔར་གྱི་གསུམ་པོ་དང་མྱོས་འགྱུར་གྱི་དྲན་པ་ཉམས་ནས་ཉེས་སྤྱོད་ལ་འཇུག་པར་འགྱུར་བས་ཡན་ལག་གཞན་བསྲུང་བའི་ཕྱིར་དུའོ། །ཕལ་ཆེན་པ་ཆང་འཐུང་བ་རང་བཞིན་གྱི་ཁ་ན་མ་ཐོ་བར་འདོད། མངོན་པ་བ་བཅས་པའི་ཁ་ན་མ་ཐོ་བར་འདོད་ལ། འདི་ཡི་དགག་བྱའི་གཙོ་བོ་ནི་ཤེས་པ་ཉོན་མོངས་པ་ཡིན་ལ། གཉེན་པོའི་བློས་ཀྱང་བཏུང་བར་ནུས་པའི་ཕྱིར་རོ། །འདི་གཉིས་ཀྱི་ཁྱད་པར་ལ་སློབ་དཔོན་ནི་སེམས་ཉོན་མོངས་ཅན་ཁོ་ནས་སྤྱོད་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ལ། འདི་ནི་ཉོན་མོངས་ཅན་མིན་པའི་བློས་ཀྱང་སྤྱོད་པར་ནུས་སོ་ཞེས་གསུངས་སོ། །གཉིས་པ་གང་ལས་ཐོབ་པ་ལ་གཉིས་ཏེ། སྡོམ་པ་གསུམ་གྱི་ཁྱད་པར། དེའི་ནང་གསེས་ཀྱི་ཁྱད་པར་རོ། །དང་པོ་ནི། ཅི་སྡོམ་པ་གསུམ་པོ་འདི་དག་གཞི་གང་ལས་གཅིག་ཐོབ་པ་དེ་ལས་ལྷག་མ་ཡང་འཐོབ་བམ་ཞེ་ན། མ་ངེས་ཏེ། འདོད་པར་གཏོགས་པ་སོ་ཐར་གྱི་སྡོམ་པ་ནི་སྤང་བྱ་སྦྱོར་དངོས་མཇུག་གསུམ་པོ་ཐམས་ཅད་ལས་གཉེན་པོའི་སྦྱོར་བ་ལ་སོགས་པ་ཐོབ་ཅིང་། གཉིས་ཀ་ནི་བཅས་པ་དང་རང་བཞིན་དང་སེམས་ཅན་ཡིན་མིན་ལས་ཏེ་གོ་རིམ་བཞིན་དུ་མི་སྦྱར་གྱི། སེམས་ཅན་ལས་རང་བཞིན་སྲོག་གཅོད་དང་བཅས་པ་བུད་མེད་ལ་རེག་པ་ལ་སོགས་པ་དང་། སེམས་ཅན་མིན་པ་ལས་རང་བཞིན་གསེར་སོགས་རྐུ་བ་དང་བཅས་པ་རྩྭ་གཅོད་པ་སོགས་འཐོབ་བོ། །ཕུང་ཁམས་སྐྱེ་མཆེད་ད་ལྟར་བ་དག་ལས་འཐོབ་པར་འགྱུར་གྱི་སེམས་ཀྱི་རྗེས་འབྲང་མིན་པས་འདས་མ་འོངས་ལས་མིན་ནོ། །བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་ནི་ཆོས་ཉིད་ཀྱིས་ཐོབ་པས་སེམས་ཅན་དང་སེམས་ཅན་མིན་པ་དངོས་གཞི་ཁོ་ན་ལས་དེ་སྤོང་བ་འཐོབ་ཀྱི་སྦྱོར་མཇུག་ལས་མིན་ན་བཅས་པ་ལས་ལྟ་ཅི་སྨོས། སེམས་ཀྱི་རྗེས་འབྲང་ཡིན་པས་དུས་ནི་ཐམས་ཅད་ལས་འཐོབ་བོ། །དེས་ན་དང་པོའི་གཞི་ཡིན་པ་དེ་ཕྱི་མའི་ཡང་ཡིན་ནམ་ཞེ་ན། མུ་བཞི་སྟེ། དང་པོ་ད་ལྟར་གྱི་སྦྱོར་བ་མཇུག་དང་བཅས་པ་དང་། གཉིས་པ་འདས་མ་འོངས་ཀྱི་དངོས་གཞི་དང་། གསུམ་པ་ད་ལྟར་གྱི་དངོས་གཞི་དང་། བཞི་པ་འདས་མ་འོངས་ཀྱི་སྦྱོར་མཇུག་དང་བཅས་པའོ། །གཉིས་པ་ནི། ཅི་སྡོམ་པ་དང་སྡོམ་མིན་དེ་དག་སེམས་ཅན་ཐམས་ཅད་དང་ཡན་ལག་ཐམས་ཅད་དང་རྒྱུ་ཐམས་ཅད་ལས་ཐོབ་བམ་འོན་ཏེ་དབྱེ་བ་ཡོད་ཅེ་ན། སྡོམ་པ་ནི་གཞི་སེམས་ཅན་དང་སེམས་ཅན་མིན་པ་ཐམས་ཅད་ལས་འཐོབ་སྟེ་དགེ་བའི་བསམ་པས་འཇུག་པར་ནུས་པས་སོ། །ཡན་ལག་ལ་ནི་དབྱེ་བ་ཡོད་དེ། དགེ་སློང་གི་བདུན་དང་། གཞན་གྱི་བཞི་སྤོང་བས་སོ། །འོན་ཀྱང་རིས་བརྒྱད་པོ་སོ་སོ་ལ་གཞི་ངེས་པ་དང་། ཡན་ལག་ངེས་པ་དང་། ཡུལ་དང་དུས་ངེས་པ་ལྔ་པོ་གང་རུང་དང་མི་ལྡན་ན་སྡོམ་པར་མི་འགྱུར་རོ། །རྒྱུ་ལ་ཡང་དབྱེ་བ་ཡོད་དེ། དགེ་བའི་རྩ་བ་གསུམ་རྒྱུར་འདོད་ན་ཐམས་ཅད་ལས་དང་ཀུན་སློང་སེམས་པའང་ཆེ་འབྲིང་ཆུང་གསུམ་རྒྱུར་འདོད་ན་གསུམ་པོ་གཅིག་ཆར་མི་རུང་བས་རེ་རེས་འཐོབ་བོ། །གཉིས་པ་སྡོམ་མིན་ཐོབ་ཚུལ་ལ་གཉིས་ཏེ། གང་ལས་ཐོབ་པ། ཇི་ལྟར་ཐོབ་པའོ། །དང་པོ་ནི། སྡོམ་པ་མིན་པ་ནི་གཞི་སེམས་ཅན་ཡིན་མིན་ཐམས་ཅད་དང་ཡན་ལག་བདུན་པོ་ཀུན་ལས་འཐོབ་སྟེ། སྒོ་ཐམས་ཅད་ནས་ནོད་པ་ལ་ཞུགས་པ་ཡིན་པས་ངེས་པ་ལྔ་བྲལ་དགོས་སོ། །རྒྱུ་ནི་རྩ་བ་གསུམ་དང་སེམས་པ་གང་དུ་འདོད་ཀྱང་ལྷན་ཅིག་ཏུ་འགལ་བས་ཐམས་ཅད་ལས་འཐོབ་པ་མིན་ནོ། །སློབ་དཔོན་ནི་དེ་ལྟར་ན་བཤན་པ་སོགས་ལ་ཡང་སྡོམ་མིན་མེད་པར་འགྱུར་ཏེ་རང་གི་ཕ་མ་གསོད་འདོད་མེད་པའི་ཕྱིར་རོ། །འོ་ན་རྟ་ལུག་སོགས་ཀྱང་ཕ་མར་གྱུར་པ་ན་གསོད་འདོད་མེད་པས་དེ་ལས་སྡོམ་མིན་མི་ཐོབ་པར་འགྱུར་རོ། །ཡང་བཤན་པ་མ་བྱིན་ལེན་མི་བྱེད་པ་ཡང་ཡོད་པས་ཇི་ལྟར་ཡན་ལག་ཀུན་ལས་སྡོམ་མིན་འཐོབ་ཅེས་འགོག་གོ །གཉིས་པ་ནི། སྡོམ་པ་མིན་པ་ནི་དེའི་རིགས་སུ་སྐྱེས་པ་རྣམས་ནི་ཐོབ་སླ་སྟེ། ལོག་པའི་བསམ་པ་ངེས་པར་ཡོད་པས་རང་གི་བྱ་བའམ་སྦྱོར་བ་བྱས་པ་ཙམ་ལས་ཐོབ་ལ། གཞན་གྱི་རིགས་སུ་སྐྱེས་པ་ནི་འཐོབ་དཀའ་སྟེ་རྒྱལ་པོ་སོགས་ལ་བདག་འཚོ་བ་འདིས་འཚོ་བར་བྱའོ་ཞེས་ཞུས་ཏེ་ཁས་ལེན་ཅིང་། དེ་ལྟར་གྱིས་ཞེས་གནང་བ་ལས་ལོག་པའི་བསམ་པ་ངེས་པར་རྙེད་ནས་བྱ་བ་བྱས་པ་ལས་འཐོབ་པར་འགྱུར་རོ། །གསུམ་པ་བར་མའི་ཐོབ་ཚུལ་ནི། སྡོམ་པ་སྡོམ་མིན་གྱི་ལྷག་མ་བར་མའི་རྣམ་པར་རིག་བྱེད་མིན་པ་དང་། རིག་བྱེད་ནི་ཞིང་སྟེ་ཡུལ་དེ་ལ་འབུལ་བའི་བསམ་པ་དང་རིག་བྱེད་དང་། སངས་རྒྱས་ལ་ཕྱག་མ་བྱས་པར་ཟན་མི་ཟ་སྙམ་པའི་ཡིད་དམ་ལེན་པ་དང་། བྱ་བ་ལ་གུས་པས་དགེ་མི་དགེའི་བསམ་པ་དྲག་པོས་བསླངས་ཏེ་ལས་བྱེད་པས་འཐོབ་བོ། །གསུམ་པ་རྒྱུ་གང་གིས་གཏོང་བ་ལ། སྡོམ་པ། སྡོམ་མིན། བར་མའི། དེ་གསུམ་ལས་གཞན་པའི་གཏོང་རྒྱུའོ། །དང་པོ་ལ་སོ་ཐར་གྱི། བསམ་གཏན་གྱི། ཟག་མེད་ཀྱི་གཏོང་རྒྱུའོ། །དང་པོ་ནི། སོ་སོར་ཐར་པ་ནི་དབང་པོ་རྣམས་འདུལ་བ་ཡིན་ལ་དེའི་གཏོང་རྒྱུ་ནི་མི་བརྡ་འཕྲོད་པའི་དྲུང་དུ་བསླབ་པའི་གཞི་རྣམས་ཞེ་ཐག་པ་ནས་ངོ་བོ་དང་རྟེན་ལ་སོགས་པ་གང་ཡང་རུང་བའི་སྒོ་ནས་ཕུལ་ན་གཏོང་སྟེ། དང་པོ་སྤོང་ངོ་ཞེས་པའི་ཚེ་ཡང་དག་པར་བླངས་པ་དང་འགལ་བའི་རིག་བྱེད་བསྐྱེད་པའི་ཕྱིར་རོ། །ཤི་འཕོས་པས་གཏོང་སྟེ་སྦྱོར་བ་བྱས་པའི་རྟེན་བོར་བའི་ཕྱིར། ལེན་པའི་རྟེན་ཉམས་པའི་ཕྱིར་ན་མཚན་གཉིས་ཅིག་ཅར་འབྱུང་བ་དང་། ཤིང་འགྱེལ་བ་ལྟར་གཞི་སྐྱེས་ཐོབ་ཀྱི་དགེ་བ་ཆད་པའི་ཕྱིར་ན་དགེ་བའི་རྩ་བ་ཆད་པ་དང་། བསྡུ་བ་ལས་ཁྱིམ་པའི་སྡོམ་པ་ནི་སྲུང་མི་ནུས་སོ་སྙམ་དུ་མི་མཐུན་པའི་བསམ་པ་སྐྱེས་པ་ཙམ་གྱིས་གཏོང་ལ་དེ་ལ་གཏོང་རྒྱུ་དེ་རྣམས་མི་འབྱུང་བ་ཡང་དེའི་སྔར་མི་མཐུན་པའི་བསམ་པ་སྐྱེ་བ་ལ་དགོངས་པར་བཤད་དོ། །བསྙེན་གནས་ནི་མཚན་མོ་འདས་པ་ལས་ཀྱང་གཏོང་སྟེ་བླངས་པའི་འཕེན་པ་ཟད་པའི་ཕྱིར་རོ། །མདོ་སྡེ་པ་དང་ཉི་འོག་པ་ཁ་ཅིག་རྩ་བའི་ལྟུང་བ་བཞི་པོ་གང་རུང་བྱུང་བར་གྱུར་པ་ལས་དགེ་སློང་དང་དགེ་ཚུལ་གྱི་སྡོམ་པ་གཏོང་བར་སྨྲ་སྟེ། རྒྱུད་ངོ་ཚ་ཁྲེལ་མེད་ཤས་ཆེན་པོས་གང་བའི་ཕྱིར་དང་། ལུང་ལས་ཀྱང་དགེ་སློང་མིན་པར་བཤད་པས་སོ། །གཞན་གོས་དམར་བའི་སྡེ་པ་དག་ནི་དམ་པའི་ཆོས་ནུབ་པ་ལས་གཏོང་སྟེ། བསླབ་པའི་མཚམས་ཐམས་ཅད་དང་ལས་ཀྱི་མཐའ་རྣམས་མེད་པར་འགྱུར་བའི་ཕྱིར་ཞེས་ཟེར་རོ། །དེ་ནི་གསར་པ་མི་ཐོབ་པ་ཙམ་ཡིན་གྱི་རྙིང་པ་གཏོང་བར་མི་འདོད་དོ། །ཁ་ཆེ་བ་རྣམས་ནི་རྩ་བའི་ལྟུང་བ་བྱུང་བ་ལ་སྡོམ་པ་མི་གཏོང་སྟེ། བུ་ལོན་ཡང་ཆགས་ལ་ནོར་ཡང་ཡོད་པའི་མི་བཞིན་དུ་ཚུལ་ལྡན་དང་ཚུལ་འཆལ་གཉིས་སུ་འདོད་ལ། བུ་ལོན་འཇལ་ན་ནོར་ཅན་ཡིན་གྱི་བུ་ལོན་ཅན་མིན་པ་བཞིན་དུ་རྩ་ལྟུང་བཤགས་ན་ཚུལ་ལྡན་ཡིན་གྱི་ཚུལ་འཆལ་མིན་པར་བཞེད་དོ། །ཤེས་བྱེད་ལ་རིགས་པ་ནི། རྩ་ལྟུང་གཅིག་གིས་ཐམས་ཅད་གཏོང་ངམ་རིམ་གྱིས་གཏོང་། དང་པོ་མི་རིགས་ཏེ། ཇི་ལྟར་ཕྱོགས་གཅིག་ཉམས་པ་ཡིས། །མཐའ་དག་ཉམས་པར་མི་འགྱུར་བཞིན། །ཞེས་པ་ལྟར་གཅིག་བླངས་པས་ཀུན་བླངས་པར་མི་འགྱུར་བ་བཞིན་ནོ། །ལུང་ནི་ཞུ་བ་ལས་གཅིག་ལ་ཕམ་པ་ལྔ་འབྱུང་བར་བཤད་པས་ཀྱང་ཤེས་ཏེ། ཕམ་པ་སྔ་མས་སྡོམ་པ་གཏོང་ན་ཕམ་པ་ཕྱི་མ་མི་འབྱུང་བས་སོ། །ཕྲན་ཚེགས་ལས་ཟག་པ་ཟད་པའི་ཚེ་སྔོན་གྱི་གྲལ་དུ་འདུག་པར་བྱའོ་ཞེས་བཤད་པས་ཀྱང་གྲུབ་སྟེ། སྡོམ་པ་མེད་ན་སྔོན་གྱི་གྲལ་མི་རུང་བས་སོ། །ཡང་དགེ་སློང་ཚུལ་ཁྲིམས་འཆལ་བས་དགེ་སློང་མ་ལ་རྗེས་སུ་སྟོན་ན་ལྟུང་བྱེད་འབྱུང་བར་བཤད་པས་ཀྱང་གྲུབ་སྟེ། སྡེ་ལྔ་ནི་དགེ་སློང་ཁོ་ན་ལ་གཞག་པའི་ཕྱིར་རོ། །དྲུག་མཚན་དྲུག་པའི་མདོར་ལམ་སུན་འབྱིན་པའི་དགེ་སློང་བཤད་པ་དང་། རབ་བྱུང་གི་གཞི་ལས་བྱ་རོག་བསྐྲད་དང་སུན་འབྱིན་དང་ཞེས་ཚུལ་ཁྲིམས་འཆལ་པ་རབ་ཏུ་མི་འབྱུང་བར་བཤད་པས་སོ། །དེས་ན་འདི་ནི་རྩ་ལྟུང་བྱུང་ལ་འཆབ་སེམས་མ་སྐྱེས་པའི་དབང་དུ་བྱས་ཀྱི་འཆབ་སེམས་སྐྱེས་ན་བཤགས་པ་ཙམ་གྱིས་མི་འདག་པས་ཚུལ་ལྡན་དུ་ཇི་ལྟར་འགྱུར། མདོ་སྡེ་པས་དེ་དགག་པ་ལ་སྒྲུབ་བྱེད་མེད་པ་དང་། གནོད་བྱེད་ཡོད་པ་གཉིས་ལས། དང་པོ་ནི། སྟོན་པས་ཤིང་རྟ་ལའི་མགོ་བོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་བ་སོགས་དཔེར་མཛད་ནས་ཕྱོགས་གཅིག་ཉམས་པས་མཐའ་དག་ཉམས་པར་བཤད་པ་དང་། དང་པོ་གཉིས་ཀྱི་ལན་གཞན་དུ་སྟོན་ལ། གསུམ་པའི་དོན་ནི། ངན་སོང་དུ་ལྟུང་བར་བྱེད་པ་ཙམ་ལ་དགོངས་ལ། བཞི་པ་ནི། ས་བོན་རུལ་བ་དང་མཚེའུ་སྐམ་བོ་ཞེས་པ་ལྟར་ཤ་ཚུགས་ཙམ་ལུས་པ་ལ་དགོངས་ཏེ། དེ་ཉིད་ལས་གཟུགས་ཅན་བཞིན་སྤྱོད་ལམ་སུན་འབྱིན་ཞེས་གསུངས་སོ། །ལྔ་པ་ནི། འཆབ་སེམས་སྐྱེས་པའི་ཕམ་པ་ནི་རྒྱུད་ངོ་ཚ་ཁྲེལ་མེད་ཤས་ཆེན་པོས་ཉམས་པར་བྱས་པའི་སྡོམ་པའི་སྐལ་བ་མེད་པ་སྟེ་བསླབ་པ་ཕུལ་བ་ཡང་རབ་ཏུ་མི་འབྱིན་ཏོ། །གཉིས་པ་གནོད་བྱེད་ལ། ལུང་གཞི་ལས། དང་པོ་དེ་དག་ལས་གང་ཡང་རུང་བ་ཞིག་བྱས་ན་དགེ་སློང་མ་ཡིན་ནོ་ཞེས་གསུངས་སོ། །ཡང་འདུལ་བའི་གླེང་གཞི་གཉིས་པའི་སྡོམ་ལས་རྩ་ལྟུང་བྱུང་ཞིང་ཚུལ་ཁྲིམས་འཆལ་བ་ལ་དགེ་འདུན་གྱི་ཟས་ཁམ་གཅིག་གནས་མལ་ལ་གོམ་པ་གཅིག་འདོར་བ་ཡང་མ་གནང་སྟེ་ལོངས་སྤྱོད་ཐམས་ཅད་ལས་བཀར་བའི་ཕྱིར་རོ། །ཡང་གསོ་སྦྱོང་གི་དུས་སུ་ཚུལ་ཁྲིམས་འཆལ་བ་ཞིག་བྱུང་ནས་མདོ་མི་གསུང་བ་ལ། མོའུ་འགལ་གྱི་བུས་དེ་བསྐྲད་ནས་ཞུས་པས། དེ་ལྟ་བུ་བྱུང་ན་ཁྱོད་ཀྱིས་ཐོན་ཅིག་ངས་གཏོན་ན་དེའི་མགོ་ཚལ་པ་བདུན་དུ་འགས་པར་འགྱུར་རོ་ཞེས་དང་། དགེ་སློང་མིན་མ་དགེ་སློང་དུ། །སྨྲ་བའི་སྲིད་ལྟ་བསལ་བར་གྱིས། །སྙིང་པོ་མེད་པར་འདོར་བར་གྱིས། །ཤིང་རུལ་དག་ནི་སྤང་བར་གྱིས། །ཞེས་གསུངས་སོ། །གལ་ཏེ་རྩ་ལྟུང་བྱུང་ཡང་དགེ་སློང་ཡིན་ན་དེ་ལྟ་བུའི་དགེ་སློང་དེ་ལ་ཕྱག་འཚལ་ལོ་ཞེས་སློབ་དཔོན་གྱིས་བསྟིངས་ཚིགས་སོ། །གཉིས་པ་ནི། བསམ་གཏན་དུ་གཏོགས་པའི་དགེ་བ་གཟུགས་ཅན་ཡིན་མིན་ཀུན་ནི་གོང་འོག་ཏུ་སྐྱེའི་ས་འཕོས་པ་དང་དེའི་སྙོམས་འཇུག་ལས་ཉམས་པས་ཏེ་རྒྱུ་གཉིས་པོ་དག་གིས་གཏོང་ལ། ཤི་བས་ཅུང་ཟད་གཏོང་སྟེ། འོག་ཏུ་འཕགས་མིན་ཤི་བས་སོ་ཞེས་དང་། གོང་དུ་དངོས་གཞི་མ་ཐོབ་པའི་ཉེར་བསྡོགས་ཤི་བས་གཏོང་བར་བཤད་དོ། །དེ་བཞིན་དུ་གཟུགས་མེད་དུ་གཏོགས་པ་ཡང་ས་འཕོས་ཉམས་པ་དག་གིས་གཏོང་ངོ་། །གསུམ་པ་ནི། འཕགས་པ་ཟག་མེད་ཀྱི་སྡོམ་པ་ནི་ཞུགས་པའི་ལམ་འབྲས་བུ་ཐོབ་པ་དང་། རྟུལ་པོའི་ལམ་དབང་པོ་སྦྱངས་པ་དང་། ལམ་ཕྱི་མ་ཉམས་པ་ལས་གཏོང་ངོ་། །གཉིས་པ་ནི། སྡོམ་པ་མིན་པ་ནི་སྡོམ་པ་དང་པོ་གཉིས་གང་རུང་ཐོབ་པ་དང་ཤི་བ་དང་མཚན་གཉིས་ཅིག་ཅར་དུ་བྱུང་བ་ལས་གཏོང་ལ། དེ་ཡང་སོ་ཐར་དགེ་སློང་གིས་བདུན་ཆར་གཏོང་ངོ་། །ལྷག་མས་བཞི་གཏོང་གསུམ་བར་མར་འགྱུར་བ་དང་། བར་མ་དགེ་བའི་ལས་ཀྱི་ལམ་ཐོབ་ཀྱང་སྡོམ་མིན་བར་མ་མི་དགེ་བར་འཕོ་སྟེ། འོན་ཀྱང་གཏོང་རྒྱུར་མི་སྨོས་པ་ནི་ལྡོག་པ་གཏོང་ཡང་དངོས་པོ་མི་གཏོང་བས་ཞེས་འཆད་དོ། །འོ་ན་བསྙེན་གནས་ཀྱི་སྡོམ་མིན་གཏོང་བ་དེ་མཚན་མོ་འདས་པ་དང་སླར་ལྡོག་གམ་འབད་པ་བྱ་དགོས་ཤེ་ན། ཁ་ཅིག་འདོད་པའི་རིག་བྱེད་ལ་ལྟོས་པས་སྦྱོར་བ་ལ་ལྟོས་ཞེས་ཟེར། གཞན་དག་གཏན་དུ་སྤོང་བའི་བློ་མེད་པས་སླར་སྐྱེ་སྟེ་ལྕགས་འབར་བ་ཕྱུང་བ་ཙམ་གྱིས་སྔོན་པོར་འགྱུར་བ་བཞིན་ནོ་ཞེས་སྨྲའོ། །དེས་ན་ནད་རྙིང་འདོར་བ་སྨན་ལ་ལྟོས་པ་ལྟར་སྡོམ་མིན་མི་བྱ་བར་ཐག་བཅད་ཀྱང་སྡོམ་པ་མ་ཐོབ་པར་མི་གཏོང་ངོ་། །གསུམ་པ་ནི། བར་མ་ནི་མདོའི་འགྲོས་ལྟར་འཕེན་བྱེད་དད་པ་དང་ཉོན་མོངས་ཀྱི་ཤུགས་ཆད་པ་དང་། འདི་སྲིད་དུ་ཞེས་པ་ལྟ་བུ་བླངས་པ་འཆད་པ་དང་། བླངས་པ་ལྟར་མ་བྱས་པའི་བྱ་བ་ཆད་པ་དང་། གང་ལས་ཐོབ་པའི་ཡུལ་མེད་པས་དོན་ཆད་པ་དང་། ཤི་སྟེ་ཚེ་ཆད་པ་དང་། བར་མ་དེ་དག་དགེ་བ་ནི་གཞི་དགེ་བའི་རྩ་བ་ཆད་པ་ལས་གཏོང་ལ། མི་དགེ་བ་ནི་སྡོམ་པ་ཐོབ་པས་ཀྱང་གཏོང་ངོ་། །རྒྱུ་དྲུག་པོ་དེ་ལས་ཞིང་ལས་ཐོབ་པ་ནི་དོན་ཚེ་རྩ་བ་ཆད་པས་གཏོང་ལ། ལེན་པ་ནི་ཤུགས་ཆད་པ་ལས་གཞན་ལྔ་དང་། གུས་པས་ནི་དོན་ཤུགས་ཚེ་ཆད་པས་གཏོང་ངོ་། །བཞི་པ་ནི། དེ་དག་གིས་ཞར་ལ་གཟུགས་ཅན་མིན་པ་ཡང་བཤད་ན། འདོད་པར་གཏོགས་པའི་དགེ་བ་གཟུགས་ཅན་མིན་པ་ནི་དགེ་རྩ་ཆད་པ་དང་། ས་གོང་མ་དག་ཏུ་སྐྱེས་པ་ལས་གཏོང་ལ། ཡིད་མི་བདེ་ནི་འདོད་ཆགས་དང་བྲལ་བས་ཀྱང་གཏོང་བར་བཤད་དོ། །ཁམས་གསུམ་པའི་ཉོན་མོངས་པ་ཅན་གཟུགས་ཅན་མིན་པ་མཚུངས་ལྡན་དང་ཐོབ་པ་དང་། མཚན་ཉིད་དང་བཅས་པ་ནི་རང་རང་གི་གཉེན་པོ་མཐོང་སྒོམ་གྱི་ལམ་སྐྱེས་པས་རྣམ་པར་ཉམས་པར་འགྱུར་རོ། །བཞི་པ་རྟེན་གང་ལ་ལྡན་པ་ནི། སྡོམ་པ་དང་སྡོམ་མིན་དེ་དག་སེམས་ཅན་གང་ལ་ཡོད་ཅེ་ན། རང་བཞིན་གྱི་དབང་པོ་མེད་པའི་ཟ་མ་དང་ཡོད་ཀྱང་དགའ་བའི་དོན་བྱེད་མི་ནུས་པས་མ་ནིང་དང་། བདེ་བ་ཆུང་བས་ཉམས་པའི་མཚན་གཉིས་པ་དང་། སྡིག་པའི་བསམ་པ་ཅན་མིན་པས་སྒྲ་མི་སྙན་མ་གཏོགས་པའི་གླིང་གསུམ་གྱི་མི་སྐྱེས་པ་དང་བུད་མེད་རྣམས་ལ་སྡོམ་པ་མིན་པ་ཡོད་ལ། ངན་སོང་ལ་མེད་དེ། སྡིག་པའི་བསམ་པ་མི་བརྟན་པས་ལས་ཆེན་པོ་མི་སློང་བ་དང་། དང་པོ་ནས་རྒྱུད་ངོ་ཚ་ཁྲེལ་མེད་དང་ལྡན་པ་དང་། སྡོམ་པ་གང་ལ་ཡོད་པ་དེ་ལ་ཡོད་ལ་སྡོམ་པ་མེད་པའི་ཕྱིར། རྒྱུ་དེའི་ཕྱིར་མཚན་གཉིས་པ་ལ་ཡང་མེད་དོ། །ལྷ་ལ་ཡང་མེད་དེ། ལས་འབྲས་མངོན་འགྱུར་བ་དང་སྡིག་པའི་བསམ་པ་ཅན་མིན་པས་སོ། །སྡོམ་པའང་དེ་བཞིན་ཡིན་ལ། ལྷ་ལའང་ཡོད་པས་འགྲོ་བ་གཉིས་ན་སྟེ། གཞན་ལ་མེད་པ་ནི་སྒྲ་མི་སྙན་དང་ངན་སོང་ནི་རྣམ་སྨིན་གྱི་སྒྲིབ་པ་ཤས་ཆེ་བས་ཏིང་ངེ་འཛིན་མི་སྐྱེ་བས་ཕྱི་མ་གཉིས་མེད་ལ། ཟ་མ་སོགས་ནི་སོ་སོར་བརྟགས་པ་མི་བཟོད་པ་དང་། རྟེན་གཉིས་ཀའི་ཉོན་མོངས་ཤས་ཆེ་བ་དང་། ངོ་ཚ་ཁྲེལ་ཡོད་མེད་པས་སོ་ཐར་མེད་ལ། རྒྱུ་དེ་དང་འདུལ་བར་དེ་ལྟར་གསལ་བར་བཤད་པས་ངན་སོང་དང་སྒྲ་མི་སྙན་པའི་རྟེན་ལའང་སོ་ཐར་མེད་དོ། །ཀླུ་ལ་བསྙེན་གནས་ཡོད་པར་བཤད་པ་ནི་བར་མའི་ལེགས་སྤྱད་ཙམ་ལ་དགོངས་སོ། །བསྡུ་བར་ཀླུ་ལ་བསམ་པ་མ་མཉམ་ན་དགེ་བསྙེན་གྱི་སྡོམ་པ་སྐྱེ་ཞིང་བསོད་ནམས་མཉམ་ཡང་སྒྲ་དོན་མི་ཐོབ་ལ་བསྙེན་གནས་ཀྱི་སྒྲ་ཡང་ཐོབ་པར་བཤད། དེ་ཡང་མི་རྣམས་ལ་སྡོམ་པ་གསུམ་ཆར་ཡོད་དུ་རུང་ལ། འདོད་པ་དང་གཟུགས་སུ་སྐྱེས་པའི་ལྷ་རྣམས་ལ་བསམ་གཏན་ལས་སྐྱེས་པའི་སྡོམ་པ་ཡོད་དུ་རུང་བ་དང་ངེས་པར་ཡོད་ཅིང་། ཟག་མེད་ཀྱི་སྡོམ་པ་ནི་དེ་དག་ལས་གཙོ་བོ་གཅིག་པ་དང་ལྟ་བའི་གནས་ཡིན་པས་བསམ་གཏན་ཁྱད་པར་ཅན་དུ་སྐྱེས་པ་ཚངས་ཆེན་དང་། སོ་སྐྱེར་ངེས་པ་འདུ་ཤེས་མེད་པའི་སེམས་ཅན་མ་གཏོགས་པའི་འདོད་གཟུགས་ཀྱི་ལྷ་ལ་ཡོད་ཅིང་། གཟུགས་མེད་ནའང་འཕགས་པ་ལ་ལྡན་པའི་སྒོ་ནས་ཡོད་ལ། དེ་ཡང་གནས་གཙང་མ་པ་ལ་ངེས་ཡོད་དང་། གཞན་ལ་ཡོད་རུང་ཙམ་མོ། །གཉིས་པ་མདོ་ལས་བྱུང་བའི་ལས་ཀྱི་རྣམ་གྲངས་བཤད་པ་ལ། འདི་དག་ནི་ཕལ་ཆེར་གསུམ་ཚན་གསུམ་པའི་སྡོམ་ཚིག་ལས་བྱུང་བ་སྟེ། དེ་ལ་གཉིས་ཏེ། ཐུན་མོང་དུ་བཤད་པ། སོ་སོར་བཤད་པའོ། །དང་པོ་ལ་ངོ་བོ་རྒྱུ་འབྲས་ཀྱི་དབྱེ་བ། རྟེན་གྱི་སྒོ་ནས་དབྱེ་བ། རྒྱུ་འབྲས་ཉིད་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ལ་ཡང་གཉིས་ཏེ། ལས་གསུམ་དུ་གསུངས་པའི་དོན། ལས་བཞིར་གསུངས་པའི་དོན་ནོ། །དང་པོ་ལ་དགེ་སོགས་ཀྱི་དོན། བསོད་ནམས་སོགས་ཀྱི་དོན། ཡོན་བོ་སོགས་ཀྱི་དོན་ནོ། །དང་པོ་ནི། མདོ་ལས་ལས་ནི་གསུམ་སྟེ་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་ནོ་ཞེས་གསུངས་པ་ནི། ལས་གང་ཞིག་འབྲས་བུ་མཐོ་རིས་དང་ཐར་པའི་བདེ་བ་ཅན་གྱི་ཟག་བཅས་ཟག་མེད་ནི་དགེ་བ་དང་། འབྲས་བུ་མི་བདེ་བ་ཅན་ནི་མི་དགེ་བ་དང་། དེ་གཉིས་ལས་གཞན་རྣམ་སྨིན་མེད་པ་ནི་གཞན་ལུང་མ་བསྟན་ཡིན་ནོ། །གཉིས་པ་ནི། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། ཡང་མདོ་ལས་བསོད་ནམས་ཀྱི་ལས། བསོད་ནམས་མིན་པའི་ལས། མི་གཡོ་བའི་ལས་གསུམ་གསུངས་སོ། །ཡང་མདོ་ལས་བདེ་བ་མྱོང་བར་འགྱུར་བ་དང་། ལ་སོགས་པ་དུཿཁ་དང་བཏང་སྙོམས་མྱོང་འགྱུར་གསུམ་གསུངས་སོ། །གཉིས་པ་བཤད་པ་ལ། བསོད་ནམས་སོགས་དང་། བདེ་བ་མྱོང་འགྱུར་སོགས་སོ། །དང་པོ་ནི། བསོད་ནམས་ཀྱི་ལས་ནི་འདོད་ཁམས་ཀྱི་དགེ་བའི་ལས་ཡིན་ལ། བསོད་ནམས་མ་ཡིན་པ་དེ་ལས་ལྡོག་པ་མི་དགེ་བའོ། །མི་གཡོ་བ་ནི་ཁམས་གོང་མ་གཉིས་ལས་སྐྱེས་པའི་ལས་ཏེ། གང་གི་ཕྱིར་ན་ས་དང་རྟེན་གང་དུ་སྨིན་པར་འགྱུར་བའི་ལས་བསགས་པ་དེ་ནི་དེ་དག་ཏུ་ལས་ཀྱིས་འབྲས་བུ་སྨིན་པའི་ཕྱིར་རྣམ་སྨིན་མི་གཡོ་བའི་ཕྱིར་རོ། །འདོད་པའི་ས་ལ་ནི་ལྷའི་རྟེན་ལ་བདེ་བ་དང་ལོངས་སྤྱོད་སོགས་མྱོང་བར་འགྱུར་བའི་ལས་དེ་ཉིད། ལས་དང་ཉོན་མོངས་དང་སྨོན་ལམ་ལ་སོགས་པ་རྐྱེན་གཞན་གྱིས། འདོད་པའི་འགྲོ་བ་གཞན་དུ་སྨིན་པར་འགྱུར་བས་འགྲོ་བ་ཡང་གཡོ་སྟེ། མདོ་ལས། བྲམ་ཟེ་སྦྱིན་པ་བྱས་པ་ཞིག་ལྷར་སྐྱེ་བ་ལས་གླང་པོ་ཆེ་མཛེས་པ་ཞིག་མཐོང་སྟེ་དེར་སྨོན་པས་ས་སྲུང་གི་བུར་གྱུར་པ་ལྟ་བུའོ། །གནས་ཀྱང་གཡོ་སྟེ། འགྲེལ་པར། ལྷའི་རིགས་གཞན་ཡང་གཞན་དུ་སྨིན་པར་འགྱུར་རོ་ཞེས་སོ། །གོང་མ་གཉིས་ནི་གནས་གཞན་དུ་མི་གཡོ་ལ། དེ་ཡང་རྫོགས་བྱེད་ཀྱི་དབང་དུ་བྱས་ཀྱི་འཕེན་བྱེད་ནི་འདོད་པར་ཡང་མི་གཡོ་བའོ། །མདོ་ལས་བསམ་གཏན་གསུམ་གཡོ་བར་བཤད་པ་ནི་ཏིང་ངེ་འཛིན་སྐྱོན་དང་བཅས་པ་ལ་གཡོ་བར་གསུངས་པ་ཙམ་མོ། །རྟེན་འབྲེལ་མདོ་འགྲེལ་ལས། གོང་མའི་དགེ་བ་བསོད་རྣམས་ཀྱི་ལས་སུ་བཤད་ཀྱང་འདིར་སྤྱི་མིང་བྱེ་བྲག་ལ་བཏགས་པའམ་གོང་མ་ལ་ཆོས་ལྷག་པོ་ཡོད་པས་མཚོན་པའོ། །གཉིས་པ་ནི། མྱོང་འགྱུར་གསུམ་བཤད། དེ་མྱོང་འགྱུར་ལྔར་བསྟན། སྐབས་ཀྱི་མྱོང་འགྱུར་གཏན་ལ་དབབ་པའོ། །དང་པོ་ནི། རང་ལུགས་དང་། གཞན་ལུགས་སོ། །དང་པོ་ནི། འདོད་པ་ནས་བསམ་གཏན་གསུམ་པའི་བར་ས་བཞིའི་དགེ་བ་ཟག་བཅས་ནི་བདེ་བ་མྱོང་འགྱུར་ཡིན་ལ། དེ་ཡན་ཆད་ས་ལྔའི་དགེ་བ་ཟག་བཅས་ནི་སྡུག་མིན་བདེ་མིན་ཏེ་བཏང་སྙོམས་མྱོང་བར་འགྱུར་བའོ། །སྡུག་བསྔལ་མྱོང་བར་འགྱུར་བ་ནི་འདོད་པ་འདིའི་མི་དགེའོ། །འབྲས་བུ་ཚོར་བ་གསུམ་པོ་དེ་ཡང་ཡུལ་རྟེན་དང་བཅས་པའོ། །གཉིས་པ་ནི། བཞི་པའི་འོག་ནའང་བཏང་སྙོམས་མྱོང་འགྱུར་གྱི་ལས་ཡོད་དོ་ཞེས་ཁ་ཅིག་ཟེར་ཏེ། གང་གི་ཕྱིར་ན་བསམ་གཏན་ཁྱད་པར་ཅན་ན་ལས་ཀྱི་རྣམ་སྨིན་བཏང་སྙོམས་མེད་ན་དེ་ན་བདེ་སྡུག་ཀྱང་མེད་པས་རྣམ་སྨིན་གཏན་མེད་པར་འགྱུར་བ་ལས་རྣམ་སྨིན་ཡོད་པའི་ཕྱིར་དང་། སྔ་ཕྱི་མེད་པར་ལས་གསུམ་གྱི་རྣམ་སྨིན་སྨིན་པར་འདོད་ཅིང་འདོད་པ་ཁམས་ལས་གཞན་དུ་དེ་གསུམ་གྱི་རྣམ་སྨིན་དུས་གཅིག་ཏུ་སྨིན་པ་མེད་པའི་ཕྱིར། གཉིས་པ་ནི། ཚོར་བ་སྐྱེ་བ་ཙམ་གྱི་ངོ་བོ་ཉིད་ཀྱིས་མྱོང་འགྱུར་དང་། དེའི་གྲོགས་རེག་པ་མཚུངས་ལྡན་གྱི་མྱོང་འགྱུར་དང་། ཡུལ་རྣམས་ལ་དམིགས་ནས་ཚོར་བ་སྐྱེ་བས་དམིགས་པ་མྱོང་བ་དང་ནི་ལས་རྣམས་ནི་ཚོར་བའི་རྒྱུ་ཡིན་པས་རྣམས་སྨིན་མྱོང་འགྱུར་དང་། མངོན་སུམ་དུ་ནི་གྱུར་པའི་མྱོང་བ་ཚོར་བ་ཡིན་པ་ལས་ཚོར་བ་གང་མངོན་སུམ་དུ་ནི་གྱུར་པ་དེ་བྱེ་བྲག་ཏུ་མྱོང་བར་འགྱུར་བས་རྣམ་པ་ལྔ་ཡིན་ནོ། །གསུམ་པ་ལ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། མྱོང་འགྱུར་གྱི་ལས་དེ་ཡང་མྱོང་བར་ངེས་པ་དང་མ་ངེས་པ་གཉིས་སོ། །རྒྱས་པར་བཤད་པ་ལ། དབྱེ་བ་སྤྱིར་བསྟན། དེ་དག་ཁྱད་པར་དུ་བཤད། བྱེ་བྲག་མྱོང་ངེས་ཀྱི་དོན་གཏན་ལ་ཕབ་པའོ། །དང་པོ་ལ། རང་བཞིན་གྱི་ལུགས་གཉིས། དང་པོ་ནི། མཐོང་བའི་ཆོས་ཚེ་འདིའི་སྨད་དང་། ལ་སོགས་པ་ཕྱི་མར་སྐྱེས་ནས་དང་། དེའི་ཕྱི་མ་ལ་སོགས་པ་ལ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་གསུམ་ཡོད་པའི་ཕྱིར་ན་ངེས་པ་གསུམ་དང་། མ་ངེས་པ་སྟེ་བཞིའོ། །མདོ་སྡེ་པ་ནི་དེ་ལྟར་རྣམ་སྨིན་འགོ་རྩོམ་པ་ཙམ་ཡིན་གྱི་རྫོགས་པར་མ་ངེས་ཏེ། གལ་ཏེ་དེས་ན་ལས་སྟོབས་ཅན་རྣམ་སྨིན་ཆུང་བར་འགྱུར་རོ་ཞེས་ཟེར། བྱེ་སྨྲ་ནི་འབྲས་བུ་མྱུར་བུལ་ཕྱིའི་ས་བོན་ལྟར་ཆོས་ཀྱི་ནུས་པའི་ཁྱད་པར་ཡིན་གྱི། སྟོབས་ཆེ་བ་མྱུར་ཆུང་བ་བུལ་བ་ནི་མ་ཡིན་ནོ་ཞེས་བཞེད་དེ། དཔེར་ན་ལྕམ་པ་ཟླ་བ་ཕྱེད་གཉིས་ནས་སྨིན། ནས་ཟླ་བ་དྲུག་ནས་སྨིན་པ་བཞིན་ནོ། །དེས་ན་མཐོང་ཆོས་ལ་མྱོང་འགྱུར་དེ་ཙམ་ལ་རྣམ་སྨིན་རྫོགས་པར་འདོད་དོ། །ཁ་ཅིག་ལས་ངེས་པ་གསུམ་དང་རྣམ་སྨིན་དང་གནས་སྐབས་མ་ངེས་པ་གཉིས་ཏེ་རྣམ་པ་ལྔ་ཞེས་ཟེར། གཞན་རྟོག་གེས་ཐ་སྙད་བྱེད་པའི་དཔེ་སྟོན་པ་དག་རྣམ་སྨིན་ངེས་ལ་གནས་སྐབས་མ་ངེས་པ། དེ་ལས་ལོག་པ། གཉིས་ཀ་ངེས་པ་དང་། གཉིས་ཀ་མ་ངེས་པ་སྟེ་མུ་ནི་བཞིའོ་ཞེས་ཟེར་ཏེ། དེ་ལྟར་ན་ལས་བརྒྱད་དུ་འགྱུར་ཏེ། མྱོང་ངེས་གསུམ་ལ་གནས་སྐབས་དང་རྣམ་སྨིན་གཉིས་ཀ་ངེས་པ། གནས་སྐབས་ངེས་ཀྱང་རྣམ་སྨིན་མ་ངེས་པ་དང་། མ་ངེས་པ་ལའང་གཉིས་ཀ་མ་ངེས་པ་དང་། གནས་སྐབས་མ་ངེས་པ་གཉིས་གཉིས་ཡོད་པས་སོ། །གཉིས་པ་ལ། ལས་གང་གིས་རིས་མཐུན་འཕེན་པ། ཁམས་གང་ན་ལས་འཕེན་རྫོགས་དུ་ཡོད་པའོ། །དང་པོ་ནི། ལས་བཞི་ལས་དང་པོས་སྔར་འཕངས་ཟིན་པ་ཚེ་དེ་ཉིད་ལ་རྫོགས་པར་བྱེད་ལ་གཞན་གསུམ་གྱིས་སྐྱེ་བ་གཞན་གྱི་རིས་མཐུན་འཕེན་པར་བྱེད་ཅིང་རྫོགས་པར་བྱེད་དོ། །གཉིས་པ་ལ་སྤྱིར་བསྟན་དམིགས་ཀྱི་བསལ་བ། བར་སྲིད་ན་ལས་འཕེན་དུ་ཡོད་པའོ། །དང་པོ་ནི། ཡང་ཁམས་དང་འགྲོ་བ་ཐམས་ཅད་ན་ནི་ལས་བཞིའི་འཕེན་པ་བཞི་ཆར་ཡོད་དོ། །གཉིས་པ་ནི། འོན་ཀྱང་དམྱལ་བ་ན་ནི་མི་དགེ་བའི་ལས་འཕེན་བཞི་ཆར་ཡོད་ཀྱང་། དགེ་བའི་ནི་འབྲས་བུ་རྣམ་སྨིན་ཡིད་དུ་འོང་བ་མེད་པས་ཕྱི་མ་གསུམ་ཁོ་ན་ཡོད་ཅིང་། དམྱལ་བ་ལས་གཞན་པའི་འགྲོ་བ་བཞི་པོ་ན་དགེ་མི་དགེའི་འཕེན་པ་མ་བཀག་པ་ཉིད་ཀྱིས་གཉིས་ཀའི་འཕེན་པ་བཞི་པོ་ཡོད་དེ་བདེ་སྡུག་སྤེལ་མར་མྱོང་བས་མཐོང་ཆོས་ལ་མྱོང་བ་དགེ་མི་དགེ་གཉིས་ཀས་འཕེན་ནོ། །ས་དང་པོ་བརྒྱད་པོ་གང་རུང་ལས་འདོད་ཆགས་དང་བྲལ་བ་བརྟན་པའི་བྱིས་པ་དག་རེ་ཞིག་མི་ཉམས་པས་དེར་སྐྱེས་ནས་མྱོང་བའི་ལས་མི་བྱེད་ཅིང་ལྷག་མ་གསུམ་ནི་བཞི་ཀ་བྱེད་དོ། །འཕགས་པ་ནི་ས་གང་ལ་འདོད་ཆགས་དང་བྲལ་བ་དེར་སྐྱེས་ནས་མྱོང་འགྱུར་མི་བྱེད་པར་མ་ཟད། ལན་གྲངས་གཞན་དུའང་མྱོང་བའི་ལས་མི་བྱེད་ལ། ལས་ལྷག་མ་གཉིས་བྱེད་ཅིང་། མི་བརྟན་པ་ཉམས་པ་ནི་འདོད་པའི་རྟེན་ཅན་དུ་ངེས་པས་ཐམས་ཅད་བྱེད་དོ། །འདོད་པ་དང་སྲིད་རྩེ་ལས་གྲོལ་བའི་ཕྱིར་མི་འོང་དང་། དགྲ་བཅོམ་པ་ནི་ཉམས་བཞིན་དུ་འཆི་བ་མེད་པས་མི་བརྟན་ཡང་ལས་དེ་གཉིས་བྱེད་པ་མིན་ནོ། །གསུམ་པ་ནི། སྲིད་པ་བར་མ་པས་འདོད་ཁམས་ཀྱི་མངལ་སྒོང་གཉིས་སུ་འགྲོ་ན། བར་སྲིད་དང་། མངལ་དང་བཙས་པའི་གནས་སྐབས་ལྔ་ལྔ་སྟེ་བཅུ་གཅིག་ལ་ངེས་པ་དང་མ་ངེས་པའི་འཕེན་པ་རྣམ་པ་ཉི་ཤུ་རྩ་གཉིས་བྱེད་ལ། ངེས་པ་བཅུ་གཅིག་པོ་དེ་ནི་མཐོང་ཆོས་ལ་འབྲས་བུ་མྱོང་བའི་ལས་ཡིན་ཏེ། གནས་སྐབས་བཅུ་གཅིག་པོ་དེ་ནི་ལས་གཅིག་གིས་འཕངས་པའི་རིས་མཐུན་གྱི་ཚེ་གཅིག་ཁོ་ན་ཡིན་པའི་ཕྱིར་རོ། །བློ་མི་གསལ་བས་ལས་གཞན་གཉིས་ནི་མི་བྱེད་དོ། །གསུམ་པ་བྱེ་བྲག་མྱོང་ངེས་ཀྱི་དོན་གཏན་ལ་དབབ་པ་ལ། མྱོང་ངེས་སྤྱིར་བསྟན། མཐོང་ཆོས་མྱོང་འགྱུར་བྱེ་བྲག་ཏུ་བཤད། ལས་འབྲས་མྱོང་ཚུལ་གཞན་བསྟན་པའོ། །དང་པོ་ནི། ཀུན་སློང་གི་སྒོ་ནས་ཉོན་མོངས་དྲག་པོའམ། རབ་ཏུ་དྭང་བ་དྲག་པོས་བྱས་པ་དང་། ཞིང་གི་སྒོ་ནས་ཡོན་ཏན་གྱི་ཞིང་དཀོན་མཆོག་ལ་ཕན་གནོད་བྱས་པ་དང་། སྦྱོར་བའི་སྒོ་ནས་དགེ་སྡིག་རྒྱུན་ཆགས་སུ་བྱས་པ་གང་ཡིན་པ་དང་། ཅི་འདྲ་ཡང་རུང་སྟེ་ཕ་མ་གསོད་པའི་ལས་གང་ཡིན་པ་དེ་ནི་མྱོང་ངེས་ཀྱི་ལས་སོ། །གཉིས་པ་ལ། དངོས་དང་། ཞིང་གི་ཁྱད་པར་རོ། །དང་པོ་ནི། མཐོང་ཆོས་ལ་འབྲས་བུ་མྱོང་བ་ཅན་གྱི་ལས་ནི་ཞིང་གི་ཁྱད་པར་ལས་དགེ་སློང་ཞིག་གིས་དགེ་འདུན་ལ་ཁྱེད་ཅག་ནི་བུད་མེད་དོ་ཞེས་པས་ཚེ་དེ་ལ་བུད་མེད་དུ་གྱུར་པ་དང་། བསམ་པའི་ཁྱད་པར་ལས་ནི་རང་ལ་དཔགས་ཏེ་ཉུང་རུམ་པ་ལོང་བ་ཞེས་པས་གླང་ལྔ་བརྒྱའི་རླིག་པ་འབྱིན་པ་མཐོང་ནས་སྙིང་རྗེ་དྲག་པོ་སྐྱེས་ཏེ་ཐར་བར་བྱས་པས་མཚན་སོར་ཆུད་པ་ལྟ་བུའོ། །ཡང་ས་དེའི་འདོད་ཆགས་དང་གཏན་དུ་བྲལ་བ་དག་ཕྱིས་དེར་མི་སྐྱེ་བའི་ཕྱིར་གནས་སྐབས་མ་ངེས་ཀྱང་རྣམ་སྨིན་ངེས་པ་གང་ཡིན་པ་ཡང་མཐོང་ཆོས་ལ་མྱོང་བ་སྟེ། འདོད་པའི་ཕྱིར་མི་འོང་ལ་འདོད་པ་མྱོང་ངེས་ཀྱི་ལས་ཡོད་པ་ཚེ་དེ་ལ་མྱོང་བ་ལྟ་བུ་སྟེ། སྔོན་བྱས་ན་མཐོང་ཆོས་བཏགས་པ་བ་དང་འདིར་བྱས་ན་མཚན་ཉིད་པའོ། །གཉིས་པ་ནི། དེའི་ཞིང་ནི་སངས་རྒྱས་ལ་སོགས་པ་དགེ་འདུན་དང་གཞན་ཡང་གང་ཟག་ལྔ་སྟེ། གང་དག་མྱང་འདས་ལ་སླར་ལོག་པ་ལྟར་སེམས་མཆོག་ཏུ་ཞི་བ་ཐོབ་པའི་འགོག་པ་ལས་ལངས་པ་དང་། སེམས་ཅན་ལ་ཕན་པའི་བསམ་པ་དང་འབྲེལ་ཞིང་དེའི་བསོད་ནམས་བརྟན་པོས་འགོས་པའི་བྱམས་པ་ལས་ལངས་པ་དང་། སེམས་ཅན་ཚད་མེད་ལ་ཉོན་མོངས་མེད་པར་འདོད་པའི་བསམ་པ་དང་དེའི་བསོད་ནམས་ཀྱིས་འགོས་པ་ལས་ལངས་པ་དང་། མཐོང་སྒོམ་གྱི་སྤང་བྱ་ཀུན་སྤངས་པའི་གནས་གྱུར་གསར་པ་དང་ལྡན་པའི་མཐོང་ལམ་དང་། དགྲ་བཅོམ་པའི་འབྲས་བུ་ལས་ལངས་མ་ཐག་པ་དེ་རྣམས་ལ་ཕན་གནོད་བྱས་པ་ཡི་འབྲས་བུ་ཡིད་དུ་འོང་བ་དང་མི་འོང་བ་འཕྲལ་ཚེ་འདི་ཉིད་དུ་མྱོང་བར་འགྱུར་ཏེ། འཕགས་པ་བར་པ་གཉིས་ནི་མཐོང་སྤང་གི་གནས་འགྱུར་ནི་རྙིང་ལ་སྒོམ་སྤང་གི་གནས་གྱུར་ནི་མ་རྫོགས་པས་དེ་ལྟ་མིན་ནོ། །གསུམ་པ་ལ་སེམས་ཚོར་མྱོང་ཚུལ། ལུས་ཚོར་མྱོང་ཚུལ་སེམས་གཡེངས་རུང་རྟེན་དང་བཅས་པའོ། །དང་པོ་ནི། རྣམ་པར་རྟོག་པ་མེད་པ་བསམ་གཏན་ཁྱད་པར་ཅན་ནས་སྲིད་རྩེའི་བར་གྱི་དགེ་བའི་ལས་ཀྱི་རྣམ་སྨིན་གྱི་གཙོ་བོ། ཚོར་བ་ནི་ལུས་ཚོར་རྟོགས་བཅས་སུ་ངེས་པས་སེམས་ཀྱི་ཚོར་བ་ཁོ་ནར་འདོད་དོ། །གཉིས་པ་ནི། ཡིད་མི་བདེ་རྣམ་སྨིན་མིན་པས་མི་དགེ་བའི་འབྲས་བུ་ནི་ལུས་ཀྱི་ཚོར་བ་ཡིན་པས་འདོད་པ་དང་བསམ་གཏན་དང་པོའི་དགེ་བའི་རྣམ་སྨིན་ལུས་སེམས་གཉིས་ཀར་སྟོན་ནོ། །གསུམ་པ་ནི། སེམས་གཡེངས་བ་སྨྱོན་པའི་སེམས་དང་། རྣམ་པར་གཡེངས་པ་ཉོན་མོངས་ཅན་ལ་མུ་བཞི་ལས། སྨྱོན་པ་ནི་ཡིད་ཀྱི་སེམས་ལ་འབྱུང་གི་སྒོ་ལྔ་ལ་མིན་ཏེ་མི་རྟོགས་པས་སོ། །དེའི་རྒྱུ་ནི་སྔོན་རྫས་སོགས་ཀྱིས་གཞན་སྨྱོ་བར་བྱས་པའི་ལས་ཀྱི་རྣམ་སྨིན་ལས་སྐྱེས་པ་དང་། སེམས་ཅན་སྐྲག་པར་བྱེད་པ་དང་། མི་མིན་པའི་གནོད་པ་དང་། འབྱུང་བ་ཆ་མི་མཉམ་པ་དང་། མྱ་ངན་མི་བཟད་པའི་རྐྱེན་གྱིས་འགྱུར་རོ། །རྟེན་ནི་དགེ་བའི་ལས་ཀྱི་མཐུས་སྒྲ་མི་སྙན་ན་མེད་ལ་དེ་མིན་པ་འདོད་པ་དང་ལྡན་པའི་འགྲོ་བ་ལྔ་རྣམས་ལ་ཡོད་དེ། སངས་རྒྱས་མིན་པའི་འཕགས་པའང་འབྱུང་བ་ཆ་མི་མཉམ་པའི་སྨྱོ་བ་ཡོད་ན་འདོད་པ་གཞན་ན་ཅི་སྨོས་སོ། །གསུམ་པ་ཡོན་པོ་སོགས་ཀྱི་དོན་ནི། མདོ་ལས། ཡོན་པོ་གསུམ་དང་སྐྱོན་གསུམ་དང་སྙིགས་མ་གསུམ་གསུངས་པ་ནི་སྒོ་གསུམ་གྱི་ལས་གྱ་གྱུ་ཞིང་དྲང་པོ་མིན་པའི་གཡོ་ལས་སྐྱེས་པ་དང་། ཉེས་པ་ཆེ་བའི་ཞེ་སྡང་དང་། དགའ་བས་འཇུག་པའི་འདོད་ཆགས་ལས་སྐྱེས་པ་ནི་དགེ་བའི་རྫས་སུ་མི་རུང་བའོ། །དཔེར་ན་ཚོན་གྱི་སྙིགས་མ་ནོར་དུ་མི་རུང་བ་ལྟར་རོ། །དེ་ཡང་ས་ལས། འདོད་ཆགས་ཉེས་པ་ཆུང་ཞིང་འབྲལ་བུལ་བ་དང་། ཞེ་སྡང་བཟློག་པ་དང་། གཏི་མུག་ཉེས་པ་ཆེ་ཞིང་འབྲལ་བུལ་བར་བཤད་དོ། །གཉིས་པ་ལས་བཞིར་གསུངས་པའི་དོན་ལ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། དཀར་ནག་ལ་སོགས་པའི་བྱེ་བྲག་གིས་ཡང་ལས་ནི་རྣམ་བཞིའོ། །གཉིས་པ་ལ་ལས་བཞི་སྤྱིར་བསྟན། ཟག་མེད་བྱེ་བྲག་ཏུ་བཤད། གཞན་ལུགས་དགག་པའོ། །དང་པོ་ནི། མི་དགེ་བ་ནི་གཅིག་ཏུ་ཉོན་མོངས་ཅན་དང་རྣམ་སྨིན་ཡིད་དུ་མི་འོང་བ་ཡིན་པ་དང་། གཟུགས་ཀྱི་དགེ་བ་ནི་རྒྱུ་མི་དགེ་བ་དང་འབྲས་བུ་དུཿཁ་དང་མ་འདྲེས་པ་དང་། འདོད་པར་གཏོགས་པའི་དགེ་བ་ཉིད་ནི་ངོ་བོ་དང་ཚོགས་པ་མི་དགེ་བ་དང་མི་འདྲེ་ཡང་རྒྱུད་གཅིག་ལ་རྒྱུ་མི་དགེ་བ་དང་འབྲས་བུ་དུཿཁ་དང་འདྲེ་བས་ན་གོ་རིམ་བཞིན་དུ་ལས་དང་རྣམ་སྨིན་གཉིས་ཀ་གནག་པ་དང་། གཉིས་ཀ་དཀར་བ་དང་། དཀར་གནག་གཉིས་ཀའི་ལས་དང་གསུམ་མོ། །ལས་དེ་གསུམ་ཀ་ཟད་པར་བྱེད་པ་ནི་ཟག་མེད་ཀྱི་ལས་ཏེ། མི་གནག་ཅིང་མི་དཀར་ལ་རྣམ་སྨིན་མེད་ལ་ལས་ཟད་པར་འགྱུར་བའི་ལས་ཞེས་གསུངས་ལ། མི་དཀར་ཞེས་པ་རྣམ་སྨིན་མེད་པ་ལ་དགོངས་ཀྱི། མདོ་ལས་གཅིག་ཏུ་དཀར་ཞིང་དགེ་ལ་ཁ་ན་མ་ཐོ་བ་མེད་པ་ཞེས་སོ། །གཟུགས་མེད་པ་དཀར་པོ་མི་སྟོན་པ་ནི་རྒྱུ་ལུས་ངག་ཡིད་གསུམ་གྱི་ལས་དང་འབྲས་བུ་སྲིད་པ་བཞི་པོ་ཚང་བ་དཀར་པོ་ཡིན་ལ་དེ་ན་མ་ཚང་བས་སོ་ཞེས་བྱེ་སྨྲ་འདོད་ལ། སློབ་དཔོན་ནི་མདོ་གཞན་ལས་དེའི་དགེ་བ་ཡང་དཀར་པོ་འབྱུང་སྟེ། དཀར་ལ་རྣམ་སྨིན་དཀར་བའི་ལས་ཚུལ་ཁྲིམས་ལྔ་དང་བརྒྱད་དང་བཅུ་དང་བསམ་གཏན་དང་ཚད་མེད་དང་གཟུགས་མེད་བཞིའོ། །ཞེས་དང་། ཡང་དེ་གང་ཞེ་ན། གཟུགས་མེད་བཞིའོ་ཞེས་སོ། །གཉིས་པ་ནི། ཅི་ཟག་མེད་ཀྱི་ལས་ཐམས་ཅད་འདི་གསུམ་ཟད་བྱེད་ཡིན་ནམ་ཞེ་ན། མིན་གྱི། མཐོང་ལམ་ཆོས་བཟོད་བཞི་དང་འདོད་པ་ལ་འདོད་ཆགས་དང་བྲལ་བར་བྱེད་པ་ཡི་སྒོམ་ལམ་ཟག་མེད་བར་ཆད་མེད་ལམ་བརྒྱད་ཀྱི་སེམས་པ་གང་ཡིན་པ་སྟེ་སེམས་པ་རྣམ་པ་བཅུ་གཉིས་པོ་དེ་ནི་ནག་པོ་ཟད་པར་བྱེད་པའི་ལས་ཡིན་ལ། དེའི་བར་ཆད་མེད་ལམ་དགུ་པའི་སེམས་པ་གང་ཡིན་པ་དེ་ནི་དཀར་པོ་དགེ་བ་ནག་པོ་མི་དགེ་བ་དགུ་པ་ཟད་བྱེད་ཡིན་ཞིང་དཀར་པོའི་ལས་ནི་བསམ་གཏན་བཞི་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་ལམ་ཟག་མེད་བར་ཆད་མེད་ལམ་དགུ་སྐྱེས་པའི་ཐ་མ་བཞིའི་སེམས་པས་ཏེ། དེ་དག་གིས་ཀྱང་དགེ་བའི་ངོ་བོ་མི་སྤོང་བར་དེ་དག་ལ་དམིགས་པའི་ཉོན་མོངས་སྤོང་ངོ་། །གོང་མར་ནི་ཆོས་བཟོད་བཞིས་ངན་འགྲོའི་རྒྱུའི་ལས་དང་སྒོམ་ལམ་གྱི་སྤང་ལམ་གྱིས་ཐམས་ཅད་དུ་འགྲོ་བའི་རྒྱུའི་ལས་ཟད་པར་བྱེད་དེ། ལས་ཀྱི་ཉོན་མོངས་པ་ཡང་སྤང་དགོས་པའི་ཕྱིར་ཞེས་བཞེད་དོ། །གསུམ་པ་གཞན་ལུགས་ནི། སློབ་དཔོན་གཞན་ནི་དམྱལ་བ་ཉི་ཚེ་བ་ན་རྫོགས་བྱེད་དགེ་བ་སྲིད་ཀྱང་ཆེན་པོའི་འཕེན་རྫོགས་གཉིས་ཀ་མི་དགེ་བ་ཡིན་པས་དེ་མྱོང་བར་འགྱུར་བ་ནག་པོ་དང་འདོད་པའི་འགྲོ་བ་གཞན་བཞི་པོ་མྱོང་འགྱུར་གྱི་ལས་ནི་འཕེན་རྫོགས་དགེ་མི་དགེ་གཉིས་ཡོད་པས་དཀར་ནག་གཉིས་སུ་རིག་པ་སྟེ་བལྟའོ། །ལྷག་མ་གཉིས་མཐུན་ནོ་ཞེས་ཟེར་ཡང་གཞན་དག་ནི་འདོད་པའི་མཐོང་བས་སྤང་བྱ་ནི་དགེ་བ་དང་མ་འདྲེས་པར་གནག་ལ། འདོད་པ་ལས་སྐྱེས་པའི་གཞན་སྒོམ་སྤང་ནི་སྤྱིར་རིགས་ལ་དགེ་མི་དགེ་གཉིས་ཀ་ཡོད་པས་དཀར་གནག་འདྲེས་མ་སྟེ། མཐོང་སྤང་འཇིག་མཐར་དང་སྒོམ་སྤང་མ་བསྒྲིབས་པ་བཏང་སྙོམས་སུ་བྱས་པའོ་ཞེས་འཆད་དོ། །གཉིས་པ་རྟེན་གྱི་སྒོ་ནས་དབྱེ་བ་ལ་གཉིས་ཏེ། ལས་གསུམ་དུ་བསྟན། དེ་ལས་བཅུར་དབྱེ་བའོ། །དང་པོ་ལ་ཐུབ་པ་གསུམ། གཙང་བྱེད་གསུམ། ཉེས་སྤྱད་གསུམ། ལེགས་སྤྱད་གསུམ་མོ། །དང་པོ་ནི། མདོ་ལས་ཐུབ་པའི་ལས་གསུམ་ཞེས་འབྱུང་བ་གང་ཞེ་ན། མི་སློབ་པའི་ལུས་ངག་ཉིད་ཟག་བཅས་ཐུབ་པ་མིན་པས་སྤོང་བ་བདུན་ནི་ཐུབ་པའི་ལུས་དང་ངག་ཅེས་བྱ་ལ། ཡིད་ནི་ཟག་མེད་ཡིན་པས་ལས་ལ་མི་ལྟོས་པར་ཐུབ་པ་སྟེ། དེ་ཡང་མདོར་སྐུ་དང་གསུང་གི་ཕྲིན་ལས་རབ་ཏུ་ཞི་བ་ཞེས་པས་ཡིད་ཀྱང་རབ་ཏུ་ཞི་བར་རྗེས་སུ་དཔག་པའོ་ཞེས་གསུངས་སོ། །དེའི་མཚན་ཉིད་ནི་ཉོན་མོངས་ཐམས་ཅད་དང་བྲལ་བའོ། །གོང་མར་ནི་སློབ་མི་སློབ་གཉིས་ཀའི་ལས་ལ་བཤད་དོ། །གཉིས་པ་ནི། སྒོ་གསུམ་གྱི་ལེགས་སྤྱད་གསུམ་པོ་ཐམས་ཅད་ནི་གཙང་བྱེད་རྣམ་པ་གསུམ་ཡིན་ལ། མཚན་ཉིད་ནི་སྡིག་པའི་དྲི་མ་གཙང་བར་བྱེད་པ་སྟེ་ཟག་བཅས་ཀྱི་རེ་ཞིག་དང་ཟག་མེད་ཀྱི་གཏན་དུའོ། །གསུམ་པ་ནི། ལུས་ཀྱིས་ལས་དང་། སོགས་པ་ངག་དང་ཡིད་ཀྱི་ལས་མི་དགེ་བ་ནི་ཉེས་པར་སྤྱད་པ་གསུམ་དུ་འདོད་ལ། བརྣབ་སེམས་ལ་སོགས་པ་གསུམ་ཉོན་མོངས་པ་ཡིན་པས་ལས་མིན་ཡང་ཡིད་ཀྱི་ཉེས་པར་སྤྱད་པ་གསུམ་སྟེ་སྒྲ་དོན་ཐོབ་པར་བསམ་པའོ། །བཞི་པ་ནི། ཉེས་སྤྱད་ལས་བཟློག་པ་སྒོ་གསུམ་གྱི་ལས་དགེ་བ་དང་བརྣབ་སེམས་མེད་པ་སོགས་ནི་ལེགས་པར་སྤྱད་པ་ཡིན་ནོ། །གཉིས་པ་དེ་ལས་བཅུར་དབྱེ་བ་ལ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། ལེགས་སྤྱད་དང་ཉེས་སྤྱད་དེ་དག་ལས་ཐམས་ཅད་སྤང་བླང་དཀའ་བས་གཙོ་བོར་གང་སྤང་ཞིང་བླང་བ་ཤེས་པའི་ཕྱིར་ཆེ་ལོང་བསྡུས་ནས་ནི་ལས་ཀྱི་ལམ་བཅུར་གསུངས་ཏེ། དེ་ཡང་ཅི་རིགས་པར་ལེགས་སྤྱད་ལས་དགེ་བ་དང་། ཉེས་སྤྱད་ལས་མི་དགེ་བ་བཅུ་བསྡུས་པས་ལུས་ངག་གི་ལས་ལམ་མིན་པ་དང་སྦྱོར་མཇུག་དང་ཡིད་ཀྱི་སེམས་པ་མ་བསྡུས་ལ། མི་དགེ་བ་བཅུར་ངེས་པ་ནི་གཞན་གྱི་སྲོག་ལོངས་སྤྱོད་ཆུང་མ་དོན་གྲུབ་པ་བློ་མཐུན་པ་བློ་བདེ་བ་དོན་དང་ལྡན་པ་ལ་གནོད་པའི་ལུས་ངག་གི་བདུན་དང་། ཟང་ཟིང་དང་མི་འཇིགས་པ་དང་ཆོས་ཀྱི་སྦྱིན་པའི་གེགས་སུ་གྱུར་པ་ཡིད་ཀྱི་གསུམ་ཉེས་པ་ཆེ་བས་བཤད་ལ། གོ་རིམ་ནི་སྡེ་ཚན་གསུམ་ནི་རྟོགས་སླ་རིམ་དང་། ལུས་ངག་གི་ནང་ཚན་ཉེས་པ་ཆེ་རིམ་དང་། ཡིད་ཀྱི་གསུམ་དུག་གསུམ་གྱི་རིམ་པར་བསྟན་ཏེ། དེ་ཡང་ཡུལ་ཚོར་བ་གསུམ་གྱི་རིམ་པ་ཡིན་ལ་དེ་ནི་བདེ་བ་མཆོད་འོས་དང་དུཿཁ་གསལ་བས་སྔར་བསྟན་ནོ། །དགེ་བ་བཅུ་ནི་མི་དགེ་བ་ལས་ལྡོག་པས་གྲངས་ན་གོ་རིམ་གྲུབ་བོ། །གཉིས་པ་བཤད་པ་ལ། ལས་ལམ་དངོས། ལས་ལམ་གྱི་འབྲས་བུ། ལོག་འཚོ་ལོགས་སུ་སྨོས་པའི་རྒྱུ་མཚན་ནོ། །དང་པོ་ལ། རིག་བྱེད་ཡིན་མིན་དུ་དབྱེ། རྩ་བ་གསུམ་གསུམ་དུ་བསྟན། མཐར་འབྱིན་སོགས་གསུམ་དུ་བསྟན། མི་དགེ་བའི་ལས་ལམ་སོ་སོའི་མཚན་ཉིད། ལས་ལམ་དུ་དང་སེམས་པ་ལྷན་ཅིག་འཇུག་པ། འགྲོ་བ་གང་ན་ལས་ལམ་དུ་ཡོད་པའོ། །དང་པོ་ལ། དངོས་གཞིའི། སྦྱོར་བའི། མཇུག་གི་ཁྱད་པར་རོ། །དང་པོ་ནི། ལུས་ངག་གི་ལས་དེ་དག་ལས་མི་དགེ་བ་དྲུག་ནི་གཞན་ལ་བཅོལ་ཀྱང་འགྲུབ་པས་རིག་བྱེད་མེད་པ་སྲིད་ལ། རྣམ་པར་རིག་བྱེད་མིན་པ་ནི་ངེས་པར་ཡོད་ལ། ལོག་གཡེམ་གཅིག་པུ་ནི་གཞན་ལ་བཅོལ་བས་མི་རྫོགས་ཏེ་ལས་ཀྱི་ལམ་ཡིན་པས་རང་གིས་བྱེད་པར་ངེས་པའི་ཕྱིར་རིག་བྱེད་ཡིན་མིན་གཉིས་ཡོད་དོ། །དྲུག་པོ་དེ་དག་ཀྱང་རང་གི་བྱེད་ཅིང་དེའི་ཚེ་དངོས་གཞི་མཐར་ཕྱིན་ན་གཉིས་ཀར་ངེས་སོ། །འདོད་པའི་ལུས་ངག་གི་དགེ་བ་བདུན་ནི་བླངས་པ་ཁོ་ན་ཡིན་པས་རིག་བྱེད་ཡིན་མིན་རྣམ་པ་གཉིས་སུ་ངེས་ལ། ཏིང་ངེ་འཛིན་ལས་སྐྱེས་པའི་སྡོམ་པ་གཉིས་ནི་ཆོས་ཉིད་ཀྱིས་ཐོབ་པས་རྣམ་པར་རིག་བྱེད་མིན་པ་ཁོ་ནའོ། །གཉིས་པ་ནི། དེ་དག་གི་ཉེར་བསྡོགས་རྣམས་ནི་བྱ་བ་བྱེད་པ་ལ་ལྟོས་པས་རྣམ་པར་རིག་བྱེད་དུ་ངེས་ལ། སེམས་དྲག་པོས་བྱེད་ན་རྣམ་པར་རིག་བྱེད་མིན་པ་ཡོད་པར་འགྱུར་བའམ། ཞན་པས་བྱེད་ན་སློང་མི་ནུས་པས་མིན་ལ། གསུམ་པ་ནི། དེ་ལས་བཟློག་པ་ནི་མཇུག་ཡིན་ཏེ་མ་བཏང་གི་བར་དུ་རིག་བྱེད་མིན་པ་ཡོད་ངེས་ཀྱི་དངོས་གཞི་དང་མཐུན་པའི་བྱ་བ་བྱེད་ན་རིག་བྱེད་ཀྱང་ཡོད་ལ་མི་བྱེད་ན་མེད་དོ། །གཉིས་པ་ནི། མདོ་ལས་མི་དགེ་བ་བཅུ་དུག་གསུམ་ལས་སྐྱེས་པར་གསུངས་པ་དེ་དངོས་ཀྱི་དབང་དུ་བྱས་སམ་ཞེ་ན། མ་ཡིན་གྱི། ལུས་ངག་གི་བདུན་གྱི་སྦྱོར་བ་ནི་ཀུན་སློང་མི་དགེ་བའི་རྩ་བ་གསུམ་ལས་སྐྱེས་པ་ལ་དགོངས་ཏེ། སྲོག་གཅོད་འདོད་ཆགས་ལས་སྐྱེས་པ་ནི་ཤ་ལ་སོགས་པ་འདོད་དེ་བདག་དང་མཛའ་བོ་བསྐྱབ་པའི་ཕྱིར་གསོད་པ་དང་། ཞེ་སྡང་ལས་སྐྱེས་པ་ནི་དགྲ་དང་ཞེས་འགྲས་ཏེ་འཁོན་ནས་ངེས་པར་དབྱུང་བར་བྱ་བས་གསོད་པ་དང་། གཏི་མུག་ལས་སྐྱེས་པ་ནི་མཆོད་སྦྱིན་དང་། པར་སིག་པ་དག་ཕ་མ་རྒས་པ་དང་། ནད་ཚབས་ཆེ་བ་གསད་ན་ཆོས་སུ་འགྱུར་རོ་ཞེས་བསོད་ནམས་ཀྱི་བློས་གསོད་པའོ། །མ་བྱིན་པར་ལེན་པ་ལ་ཡང་གང་ཞིག་དོན་དུ་གཉེར་བའམ་བདག་དང་མཛའ་བོ་བསྐྱབ་པའི་ཕྱིར་དུ་རྐུ་བ་དང་། འཁོན་ནས་དབྱུང་བས་རྐུ་བ་དང་། མི་དགྲུངས་པ་ཆད་པས་གཅོད་པ་དང་། བྲམ་ཟེ་དག་ནོར་ཐམས་ཅད་ཚངས་པས་བུ་ཐུ་བོ་བྲམ་ཟེ་ལ་ཕོག་སྟེ་བྲམ་ཟེ་རྒུད་པའི་ཚེ་རྐུ་བ་ཆོས་སུ་བཤད་ཅེས་རྐུ་བ་དང་། ལོག་ལྟས་བླངས་པ་ཐམས་ཅད་དོ། །ལོག་གཡེམ་ཡང་བདག་དང་མཛའ་བོ་བསྐྱབས་པ་དང་། བུད་མེད་དེ་ཉིད་ལ་ཆགས་པ་དང་། ཁྱོ་དང་འཁོན་ཞུགས་པས་དབྱུང་བས་དང་། པར་སིག་པ་དག་མ་ལ་ཉལ་པོ་བྱེད་པ་དང་། བུད་མེད་ནི་གཏུན་དང་ལམ་ལ་སོགས་པ་ལྟར་ཐུན་མོང་ངོ་ཞེས་པས་བྱེད་པའོ། །བརྫུན་ལ་སོགས་པའི་དང་པོ་གཉིས་འདྲ་ལ། གསུམ་པ་ནི། རྒྱལ་པོ་བཞད་གད་ལྡན་དང་བུད་མེད་དང་། །བག་མ་ལེན་པའི་ཚེ་དང་གསོད་པ་དང་། །ནོར་རྐུན་འཕྲོག་ཚེ་བརྫུན་བྱས་གནོད་བྱེད་དོ། །བརྫུན་ལྔ་ལྟུང་བར་འགྱུར་བ་མིན་ཞེས་བཤད། །ཅེས་དང་། །ལོག་ལྟས་བསླངས་པ་ཐམས་ཅད་དང་། །བསྟན་བཅོས་ངན་པ་སྨྲ་བའི་ཚིག་བཀྱལ་ལྟ་བུའོ། །ཡང་ན་རྙེད་བཀུར་གྱི་ཆེད་དང་། གནོད་ལན་གྱི་ཆེད་དང་། འདི་ལ་སྐྱོན་ཅི་ཡང་མེད་དོ་ཞེས་བརྫུན་ལ་སོགས་པ་སྨྲ་བ་བཞིན་ནོ། །ཡིད་ཀྱི་གསུམ་ནི་དུག་གསུམ་པོ་དེ་ཡི་མཇུག་ཐོགས་ལས་བྱུང་བའི་ཕྱིར་བརྣབ་སེམས་ལ་སོགས་པ་གསུམ་ནི་མི་དགེ་བའི་རྩ་བ་གསུམ་ལས་སྐྱེས་པ་ཡིན་ནོ། །ལོག་ལྟ་ཡང་རྙེད་བཀུར་ལ་ཆགས་པ་དང་། དགྲ་ལ་སྡང་བ་དང་། ཉེས་པ་མེད་པར་ཤེས་ནས་འཛིན་པ་ཡོད་དོ་ཞེས་སྔ་རབས་པ་དག་གསུང་ངོ་། །མདོ་ལས་དགེ་བ་རྩ་བ་གསུམ་ལས་སྐྱེ་བར་གསུངས་པ་ནི་སྦྱོར་བ་ཕྱག་འཚལ་བ་ལ་སོགས་པ་དང་། དངོས་གཞི་བརྗོད་པ་གསུམ་པའི་ཚེ་དང་། མཇུག་དེ་ནས་མ་བཏང་གི་བར་རྣམས་སེམས་དགེ་བས་སློང་ཞིང་། དེ་རྩ་བ་གསུམ་དང་ངེས་པར་ལྡན་པས་འདོད་ཆགས་མེད་པ་ཞེ་སྡང་མེད་པ་གཏི་མུག་མེད་པ་གསུམ་ཆར་ཚང་བ་ལས་སྐྱེས་སོ། །གསུམ་པ་ལ། ཉོན་མོངས་གང་གིས་མཐར་འབྱིན་པ། གང་གི་གཞི་གང་ཡིན་པ། དངོས་གཞིར་འགྱུར་བའི་ཚད་དོ། །དང་པོ་ནི། གསོད་པ་དང་གནོད་སེམས་དང་ཚིག་རྩུབ་པོ་གསུམ་ནི་ཞེ་སྡང་གིས་ནི་མཐར་ཕྱིན་པར་བྱེད་ལ། ལོག་གཡེམ་དང་བརྣབ་སེམས་དང་མ་བྱིན་ལེན་གསུམ་ནི་ཆགས་པ་ཡིས་ནི་རྫོགས་པར་བྱེད། ལོག་པར་ལྟ་བ་ནི་གཏི་མུག་གིས་རྫོགས། ལྷག་མ་གསུམ་ནི་གསུམ་ཆར་གྱི་རྫོགས་པར་འདོད་དོ། །གཉིས་པ་ནི། བཞི་པོ་དེ་ཡི་གཞི་ནི་རིམ་བཞིན་སེམས་ཅན་དང་ལོངས་སྤྱོད་དང་མིང་དང་གཟུགས་དང་ཕུང་པོ་ལྔ་དང་མིང་གི་ཚོགས་སོ། །གསུམ་པ་ནི། ཅི་གསད་བྱ་དང་དུས་མཉམ་པའམ་དེའི་སྔར་གསོད་བྱེད་ཤི་ན་ལས་ལམ་དངོས་ཡོད་དམ་མེད་ཅེ་ན། གསད་བྱ་ལས་སྔ་བ་དང་དུས་མཉམ་དུ་གསོད་བྱེད་ཤི་བ་ལ་ནི་སྦྱོར་བ་བྱས་ཤིང་འབྲས་བུ་རྫོགས་ཀྱང་གསོད་པའི་ལས་ལམ་དངོས་གཞི་མེད་དེ། སེམས་ཅན་ཤི་བའི་དུས་ཀྱི་རིག་བྱེད་དང་རིག་བྱེད་མིན་པ་དངོས་ཡིན་ལ། དེའི་ཚེ་སྦྱོར་བ་བྱེད་པའི་ལུས་ཞིག་ནས་སྐྱེ་བ་ཕྱི་མའི་ལུས་གཞན་སྐྱེས་པའི་ཕྱིར། དེ་ཡང་སྦྱོར་བ་བྱས་པའི་ལུས་རྟེན་ཉིད་ལ་དངོས་གཞི་གྲུབ་དགོས་པའི་དོན་ནོ། །ཤི་བས་སྡོམ་པ་གཏོང་བ་ལྟར་ལུས་གཞན་གྱིས་སྦྱོར་བ་བྱས་པས་ནི་གཞན་ལ་དངོས་གཞི་མི་གྲུབ་ལ། ཊཱི་ཀར་དངོས་གཞི་སྔོན་དུ་འགྲོ་བའི་མཇུག་ཀྱང་མེད་པར་མངོན་ནོ་ཞེས་བཤད། ཡང་མང་པོས་དམག་ལ་སོགས་པ་བྱས་ཏེ་གཅིག་གིས་ཕ་རོལ་གྱི་སྲོག་གཅད་ན་དེ་དང་སུ་ཞིག་ལྡན་ཞེ་ན། ཐམས་ཅད་བྱེད་པ་པོ་བཞིན་དུ་ལྡན་ཏེ་དོན་གཅིག་ལ་ཞུགས་པའི་ཕྱིར་རོ། །བཞི་པ་ལ། མཚན་ཉིད་དངོས། ལས་ལམ་གྱི་སྒྲ་དོན། ལོག་ལྟའི་བྱེད་ལས་སོ། །དང་པོ་ལ། ལུས་ཀྱི། ངག་གི ཡིད་ཀྱི་ལས་ཀྱི་མཚན་ཉིད་དོ། །དང་པོ་ལ། སྲོག་གཅོད། མ་བྱིན་ལེན། འདོད་ལོག་གོ །དང་པོ་ནི། སྲོག་གཅོད་པ་ནི་འདི་གསོད་ཅེས་བསམ་བཞིན་དུ་སྦྱོར་བ་བྱས་པ་དང་གསད་བྱ་མ་ནོར་དགོས་ཏེ། བསམ་སྦྱོར་ལོག་ན་དངོས་གཞིར་མི་འགྱུར་བའི་ཕྱིར་རོ། །རང་གསད་ན་སྦོམ་པོར་བཤད་པས་རང་ལས་གཞན་གསད་པའོ། །དེ་ཡང་གསད་བྱ་སྔོན་ལ་ཤི་བ་གཅིག་དགོས་སོ། །གཞན་གྱིས་ཁྲིད་པ་ལ་ཕྱིས་དོན་གཅིག་པའི་བློ་སྐྱེས་ན་ལྡན་ནོ། །འདི་ནི་བཅོལ་བས་རྫོགས་པ་གཞན་དང་དགེ་བ་ལ་ཡང་མཚུངས་སོ། །གཞན་ལ་བཅོལ་བ་ན་ངག་དང་མཐུའམ་དྲང་སྲོང་ཁྲོས་པ་སོགས་ཡིད་ཀྱིས་འགྲུབ་ཀྱང་རིགས་ཕལ་ཆེར་ལུས་ལ་བརྟེན་པས་ལུས་ཀྱི་ལས་སོ། །གཉིས་པ་ནི། མ་བྱིན་པར་ལེན་པ་ནི་བསམ་བཞིན་དུ་གཞན་གྱི་ནོར་མཐུས་དངོས་སུ་འཕྲོག་པའམ་འཇབ་བུས་མ་ཚོར་བར་བདག་གིར་བྱེད་པ་སྟེ། བུ་ལོན་དང་གཏམ་པ་ལ་དོར་བྱེད་པ་དང་གཡོ་སྒྱུས་བསླང་ན་དངོས་གཞིའོ། །བསྡུ་བར། ཞེ་སྡང་གིས་གཞན་གྱི་རྫས་སྲེག་པ་སོགས་ནི་རྐུ་བ་དང་འདྲ་བའམ་དེ་ལས་སྡིག་པ་ཆེ་བར་བཤད། མཆོད་རྟེན་ལ་ཕུལ་བ་བརྐུས་པ་སྦོམ་པོར་བཤད་པ་ནི་ལྷག་མེད་མྱང་འདས་ལ་དགོངས་སོ། །བདག་པོ་མེད་པའི་གཏེར་རྐུ་བ་ཡང་ངོ་། །རབ་བྱུང་ཤི་བའི་ནོར་ནི་གསོལ་བའི་ལས་བྱས་ན་མཚམས་ནང་གི་དགེ་འདུན་དང་། མ་བྱས་ན་སངས་རྒྱས་ཀྱི་སློབ་མ་ཐམས་ཅད་ལས་སོ། །གསུམ་པ་ནི། ལོག་པར་གཡེམ་པ་ནི་བགྲོད་པར་བྱ་བ་མིན་པ་ལ་འགྲོ་བར་འདོད་པ་ཡིས་འགྱུར་ལ། དབྱེ་ན་རྣམ་པ་བཞི་སྟེ། བགྲོད་བྱ་མིན་པ་དང་པོ་གཞན་གྱིས་བཟུང་བ་དང་། གཉིས་པ་མ་དང་བུ་མོ་དང་། གསུམ་པ་ཕ་མ་དང་འབྲེལ་པ་བདུན་བརྒྱུད་ཚུན་ཆད་དང་། བཞི་པ་རང་གི་ཡིན་ཡང་ཡན་ལག་མིན་པ་ཁ་དང་བཤང་ལམ་དང་། ཡུལ་མིན་པ་སྣང་བ་དང་མཆོད་རྟེན་དང་གཙུག་ལག་ཁང་དང་། དུས་མིན་པ་སྦྲུམ་པ་དང་ནུ་ཞོ་འཐུང་བ་དང་བསྙེན་གནས་ལ་གནས་པའོ། །བསྡུ་བར། ཚོད་མིན་པ་ལྔ་ལས་ལྷག་པར་སྤྱོད་པ་ཡང་བཤད། ཡང་ན་དང་པོ་གསུམ་གཅིག་དུ་བྱས་ལ་རང་གི་ཆུང་མའི་གསུམ་སྟེ་བཞིའོ། །མ་ནོར་བ་ཞེས་སྦྱར་ཏེ་གཞན་གྱི་ལ་རང་གིར་ཤེས་ན་ལས་ལམ་དུ་མི་འགྱུར། རང་གི་ལ་གཞན་གྱི་ཤེས་ན་ཁ་ཅིག་གཞན་གྱི་ལ་སྦྱོར་བ་བྱས་ཤིང་ལོངས་སྤྱོད་པས་འགྱུར་རོ་ཞེས་ཟེར། ཁ་ཅིག་སྦྱོར་བ་གཞན་དུ་བྱས་པས་མི་འགྱུར་ཏེ་སྲོག་གཅོད་བཞིན་ནོ་ཞེས་ཟེར་རོ། །དགེ་སློང་མ་སུན་ཕྱུང་ན་སུ་ལས་ལོག་གཡེམ་ཡིན་ཞེ་ན། དབྱེ་བ་དང་པོ་ལྟར་ན་རྒྱལ་པོས་མི་བཟོད་པས་དེ་ལས་སམ། གཉིས་པ་ལྟར་ན་རང་གི་ཆུང་མ་ངེས་པ་ལ་གནས་པ་ལྟར་དུས་མིན་པའོ། །གཞོན་ནུ་མ་ལ་ནི་གང་ལ་བྱིན་པ་དང་། དེ་མེད་ན་ཕ་མ་སོགས་ཀྱིས་བསྲུངས་པ་དང་། ཐ་ན་རྒྱལ་པོ་ལས་སོ། །གཉིས་པ་ངག་ལ་བཞི་ལས། དང་པོ་ལ། ལས་ལམ་དངོས། ཞར་ལ་མཐོང་ཐོས་བཤད་པའོ། །དང་པོ་ནི། བརྫུན་ཚིག་ནི་འདུ་ཤེས་དོན་ཇི་ལྟར་གནས་པ་ལས་གཞན་དུ་བསྒྱུར་ནས་སྨྲ་བའི་ཚིག་གི་དོན་ཕ་རོལ་པོས་མངོན་པར་གོ་བ་སྟེ། མ་གོ་བ་དང་ནོར་བ་ནི་ངག་བཀྱལ་ལོ། །ངག་གི་བཞི་ཡང་ལུས་ཀྱི་བརྡ་བྱེད་པ་དང་གསོ་སྦྱོང་གི་བརྫུན་ལྟ་བུ་ཡིད་ཀྱིས་བྱས་པ་ཡང་ཡོད་དོ། །གཉིས་པ་ནི། དེ་ལ་མདོ་ཐ་དད་པ་ལས་ཐ་སྙད་བཅུ་དྲུག་འབྱུང་སྟེ། མཐོང་དང་མ་མཐོང་ཐོས་མ་ཐོས། །རྟོགས་དང་མ་རྟོགས་ཤེས་མ་ཤེས། །ཇི་བཞིན་སྨྲ་བ་འཕགས་པ་ཡི། །ཐ་སྙད་བཟློག་པ་བྱིས་པའི་ཡིན། །ཞེས་པ་ལ་དེ་དག་གི་གཞི་མཐོང་བ་ལ་སོགས་པ་ནི། མིག་གི་ཤེས་པ་དང་། རྣ་བའི་ཤེས་པ་དང་། ཡིད་ཀྱི་རྣམ་ཤེས་དང་། སྣ་ལྕེ་ལུས་གསུམ་གྱི་རྣམ་ཤེས་ཀྱིས་ཉམས་སུ་མྱོང་བ་གང་ཡིན་པ་དེ་རིམ་པ་བཞིན་དུ་མཐོང་བ་དང་ཐོས་པ་དང་རྣམ་པར་ཤེས་པ་དང་རྟོགས་པར་བཤད་དོ། །གསུམ་གཅིག་ཏུ་བྱེད་པ་ནི་ཤི་བ་ལ་ཡང་མཐའ་ཞེས་དང་། ལུང་མ་བསྟན་ཡང་ཐ་མ་ཞེས་སྒྲ་ཉེ་བས་ཤི་བ་དང་འདྲ་སྟེ་དྲི་རོ་རེག་གསུམ་དགེ་མི་དགེ་མེད་པའི་ལུང་མ་བསྟན་དུ་འདྲ་བས་ཤེས་པ་གསུམ་ཕྱོགས་གཅིག་ཏུ་རྟོགས་པ་ཞེས་བྱའོ། །ཡང་ན་དེ་གསུམ་གྱིས་ཡུལ་དང་ཕྲད་ནས་འཛིན་པར་འདྲ་བས་རྟོགས་པ་ཞེས་པ་གཅིག་ཏུ་བྱའོ། །གོང་མར་ནི་མཐོང་རྟོགས་ཤེས་གསུམ་ཐོས་སོགས་ཀྱིས་རིགས་པ་རིམ་བཞིན་བཤད་དོ། །གཉིས་པ་ནི། ཕྲ་མ་ནི་ཕ་རོལ་མཛའ་བོ་དང་དབྱེ་བར་བྱ་བའི་ཕྱིར་མ་ནོར་བར་ཉོན་མོངས་ཅན་གྱི་སེམས་ཀྱིས་ཀུན་ནས་བསླངས་པ་སྟེ་འདི་ནི་ཀུན་ལ་སྦྱར་ཞིང་ཚིག་དོན་གོ་བའོ། །གསུམ་པ་ནི། ཚིག་རྩུབ་པོ་ནི་ཉོན་མོངས་ཅན་གྱིས་མ་ནོར་བར་མི་སྙན་པའི་ཚིག་སྨྲས་པ་གོ་བའོ། །བཞི་པ་ནི། །ཉོན་མོངས་ཅན་གྱི་ཚིག་སྔ་མ་གསུམ་དང་གཞན་ཀུན་ཀྱང་ངག་བཀྱལ་བ་ཡིན་ལ། སྡེ་པ་གཞན་ནི། གསུམ་པོ་དེ་ལས་གཞན་པའི་ཚིག་ཉོན་མོངས་ཅན་ཏེ། ལོག་འཚོ་ཅན་གྱི་ཁ་གསག་དང་། ཆགས་པ་ཅན་གྱི་གླུ་དང་། བཞད་གད་འདོད་པས་ཟློས་གར་དང་། གཅིག་གིས་བྱས་པ་ལ་གཅིག་གིས་ཞུགས་པས་ན་དེ་སྐད་ཅེས་བྱའོ། །ཕྱི་རོལ་པའི་ལྟ་བ་ལ་ཞེན་ནས་དེ་སྟོན་པའི་བསྟན་བཅོས་ངན་པ་འདོན་པ་དང་། སྨྲེ་སྔགས་དང་འདུ་འཛིའི་གཏམ་ལ་སོགས་པ་བཞིན་ནོ། །གསུམ་པ་ནི། བརྣབ་སེམས་ནི་མཐུའམ་འཇབ་བུའང་རུང་ལོག་པ་མི་རིགས་པས་གཞན་གྱི་ནོར་ལ་བདག་གིར་བྱེད་པར་འདོད་པའི་ཆགས་པའོ། །གནོད་སེམས་ནི་སེམས་ཅན་ལ་ཕུང་བ་དང་བརླག་པར་སེམས་པའི་སྡང་བའོ། །ཚིག་སྡེབ་པའི་ཕྱིར་ལས་དགེ་མི་དགེ་མེད་པར་ལྟ་བ་སོགས་ལས་འབྲས་དང་འཕགས་པ་ལ་སྐུར་པ་འདེབས་པ་སོགས་ལོག་པར་ལྟ་བ་ཡིན་ནོ། །གཉིས་པ་ལས་ལམ་གྱི་སྒྲ་དོན་ནི། ལས་ལམ་བཅུ་པོ་འདི་ལ་ཡིད་ཀྱི་གསུམ་ནི་ལས་མིན་ཡང་སེམས་པ་འཇུག་པའི་སྒོ་ལམ་ཡིན་པས་ལས་ཀྱི་ལམ་དང་། བདུན་ལུས་ངག་གི་ལས་ཀྱང་ཡིན་ལ། རང་གི་ཀུན་སློང་གི་སེམས་པ་འཇུག་པའི་ལམ་ཡང་ཡིན་པས་ལས་ཀྱི་ལམ་སྟེ། མདོ་སྡེ་པ་ནི་སེམས་པ་བསམ་པའི་ལས་ཀྱང་ཡིན་ལ། བདེ་འགྲོའམ་ངན་འགྲོའི་ལམ་ཡང་ཡིན་པས་བཅུ་ཆར་ལས་ལམ་དུ་བཞེད་དོ། །གསུམ་པ་ལོག་ལྟའི་བྱེད་ལས་ལ། ཆད་ལྟས་དགེ་རྩ་གཅོད་པ། ཆད་པའི་ངོ་བོ། ཆད་པ་མཚམས་སྦྱོར་ཚུལ་ལོ། །དང་པོ་ནི། མི་དགེ་བ་བཅུ་ཆར་དགེ་བ་སྤྱོད་པ་དང་འགལ་བ་ཡོད་ཀྱང་མེད་པར་ལྟ་བ་ཁོ་ནས་དགེ་བའི་རྩ་བ་གཅོད་དེ། དགེ་བའི་འཇུག་པ་ཐམས་ཅད་དང་འགལ་བས་སོ། །མདོ་ལས་དུག་གསུམ་གྱིས་གཅོད་པར་བཤད་པ་ནི། དེ་དག་གིས་ལོག་ལྟ་དྲངས་ནས་གཅོད་པ་ལ་དགོངས་ཏེ། རྐུན་པོའི་སྦར་བའི་མེས་གྲོང་བསྲེགས་པ་ལ་རྐུན་པོས་གྲོང་བསྲེགས་ཞེས་པ་ལྟ་བུའོ། །དེ་ཡང་ལོག་ལྟ་སྐྱེས་པའི་ཚེ་ཁམས་གོང་དང་འདོད་པའི་དགེ་བ་སྦྱོར་བྱུང་ནི་སྔར་ནས་ཉམས་ཟིན་པས་དངོས་སུ་གཅད་པར་བྱར་མེད་པས་འདོད་པར་གཏོགས་པའི་དགེ་བ་སྐྱེས་ནས་ཐོབ་པ་ཁོ་ན་དངོས་སུ་གཅོད་ཅིང་། ཐོབ་པ་ཐག་བསྲིང་བ་ལ་དགོངས་ནས་གདགས་པར་ལོག་ལྟས་ཁམས་གསུམ་པའི་དགེ་རྩ་གཅོད་པར་བཤད་དོ། །ལོག་ལྟ་གཞན་ནི་དགེ་བའི་འཇུག་པ་ཐམས་ཅད་དང་མི་འགལ་བས་མི་གཅོད་ལ། རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པ་གང་རུང་ངམ་ཁ་ཅིག་གཉིས་ཀས་གཅོད་ལ། དེ་ཡང་སྐལ་བ་མཉམ་མི་མཉམ་གྱི་ཁམས་ལ་དམིགས་པ་ཀུན་གྱིས་སོ། །ཇི་ལྟར་ཞེ་ན། ཁ་ཅིག་མཐོང་སྤང་ལྟར་དགེ་བ་དགུ་ཅིག་ཆར་གཅོད་པར་འདོད་ཀྱང་ལོག་ལྟ་ཆེ་འབྲིང་དགུས་དགེ་བ་དགུ་རིམ་གྱིས་གཅོད་དོ། །རྟེན་གང་ལ་གཅོད་ཅེ་ན། འཆལ་བའི་ཤེས་རབ་བརྟན་ཞིང་སྡིག་པའི་བསམ་པ་ཅན་ལས་འབྲས་མངོན་སུམ་དུ་གྱུར་པ་ཞིག་གིས་གཅོད་པས་གླིང་གསུམ་གྱི་མིའི་ནང་དུའོ། །དེའི་ནང་ནས་ཀྱང་སྐྱེས་པ་དང་བུད་མེད་ཀྱིས་གཅོད་དོ། །དེ་ཡང་སྲེད་པ་སྤྱད་པས་མིན་གྱིས་ལྟ་བ་སྤྱད་པས་སོ། །སྒྲ་མི་སྙན་པ་དང་ངན་སོང་བ་དང་ལྷའི་རྟེན་ལ་མ་ཡིན་ཏེ་སྒྲུབ་བྱེད་གསུམ་དང་རིམ་བཞིན་སྦྱར་རོ། །གོང་མར་ལྷ་ཚེ་རིང་པོའི་རྟེན་ལ་ལོག་ལྟ་སྐྱེས་ཏེ་གཅོད་པར་བཤད་པ་ནི་གོང་ན་མི་དགེ་བ་མེད་པས་ལོག་ལྟའི་ཉེ་རྒྱུས་ཉམས་པ་ལ་འདོད་དགོས་སོ། །གཉིས་པ་ནི། ཆད་པ་དེའི་ངོ་བོ་ནི་དགེ་རྩའི་ཐོབ་པ་མི་ལྡན་པ་སྟེ་དགེ་བའི་མ་ཐོབ་པའོ། །གསུམ་པ་ནི། དགེ་རྩ་ཆད་པ་མཚམས་སྦྱོར་བ་ནི་ཆད་པ་དག་ལས་འབྲས་ལ་ཐེ་ཚོམ་དང་ཡོད་པར་ངེས་སོ་སྙམ་པའི་ཡང་དག་པའི་ལྟ་བས་དགེ་བའི་ཐོབ་པ་འདྲེན་ཞིང་མཚམས་སྦྱོར་རོ། །དེ་དག་གིས་དགེ་བ་སྐྱེས་ཐོབ་དགུས་ཐོབ་པ་ཅིག་ཅར་འདྲེན་ཞིང་མངོན་དུ་རིམ་གྱི་འགྱུར་ཏེ། ནད་མེད་ནས་སྟོབས་རིམ་གྱིས་རྙེད་པ་བཞིན་ནོ། །སྤྱིར་དགེ་རྩ་ཆད་པ་དང་མཚམས་མེད་བྱས་པ་ལ་མུ་བཞི་ལས། མུ་དང་པོ་ནི། མུ་སྟེགས་སྟོན་པ་རྟོག་གེ་པ་དྲུག་དང་རྗེས་སུ་སྒྲོགས་པ་དྲུག་གོ །གཉིས་པ་ནི། རྒྱལ་པོ་མ་སྐྱེས་དགྲ་ལྟ་བུའོ། །གསུམ་པ་ནི། ལྷས་བྱིན་ལྟ་བུའོ། །བཞི་པ་ནི། འོ་སྐོལ་ལྟ་བུའོ། །དེ་ལ་མུ་གཉིས་པ་མཚམས་མེད་བྱས་པའི་ཚེ་འདི་ལ་སྦྱོར་བ་མིན་ཏེ་ལྟ་བ་དང་ཚུལ་ཁྲིམས་གཉིས་ཀ་ཉམས་པས་སོ། །གཞན་གྱིས་ནི་ཚེ་འདི་ལ་ཡང་སྦྱོར་ནུས་སོ། །ལྔ་པ་ལ། མི་དགེ་བ་དང་། དགེ་བ་དུ་དང་ལས་ལམ་ལྷན་ཅིག་ཏུ་འཇུག་པའོ། །དང་པོ་ནི། མི་དགེ་བ་བརྒྱད་ཀྱི་བར་དག་དང་སེམས་པ་གཅིག་ཆར་ལྷན་ཅིག་ཏུ་འབྱུང་སྟེ། གཅིག་དང་ལྷན་ཅིག་ཏུ་འཇུག་པ་ནི་ཡིད་ཀྱི་གསུམ་པོ་གང་རུང་གཅིག་མངོན་དུ་གྱུར་པ་དང་། གཉིས་དང་འཇུག་པ་ནི་གནོད་སེམས་ཀྱིས་སྲོག་གཅོད་པ་དང་། གསུམ་དང་འཇུག་པ་ནི་གནོད་སེམས་ཀྱིས་སྲོག་གཅོད་པ་དང་མཉམ་དུ་ནོར་འཕྲོག་པ་དང་། བཞི་དང་འཇུག་པ་ནི་དེ་གསུམ་དང་མཉམ་དུ་བརྫུན་སྨྲ་བ་དང་། ལྔ་དང་དྲུག་དང་བདུན་དང་འཇུག་པ་ནི་དེ་བཞིའི་སྟེང་དུ་ཕྲ་མ་ཚིག་རྩུབ་ངག་བཀྱལ་སྨྲ་བའོ། །བརྒྱད་དང་ལྷན་ཅིག་འཇུག་པ་ནི་གནོད་སེམས་ཀྱིས་སྲོག་གཅོད་སོགས་དྲུག་ལ་སྦྱོར་བ་རང་གིས་བྱས་ནས་གཞན་ལ་བཅོལ་ཏེ། འདོད་ལོགས་རང་གིས་བྱས་ཏེ་མཉམ་དུ་མཐར་ཕྱིན་པའོ། །དགུ་དང་བཅུ་དང་ནི་མིན་ཏེ་ཡིད་ཀྱི་གསུམ་ལྷན་ཅིག་ཏུ་མི་འབྱུང་ཞིང་དེ་གསུམ་དང་འདོད་ལོག་བཅོལ་བས་མི་རྫོགས་པས་སོ། །གཉིས་པ་ནི། དགེ་བ་ནི་གཉིས་ནས་བཅུའི་བར་དག་དང་ལྷན་ཅིག་འབྱུང་ལ། དེ་ཡང་བར་མ་ལ་སྲིད་ཀྱང་སྡོམ་པའི་སྤོང་བ་ནི་ཡིད་ཀྱི་དང་པོ་གཉིས་ལྷན་ཅིག་པར་ངེས་པས་གཅིག་དང་བརྒྱད་དང་ལྔ་དང་ནི་མིན་ཏེ། ལུས་ངག་གི་སྤོང་བ་ནི་བཞིའམ་བདུན་པ་ཡིན་པས་སོ། །དེས་ན་གཉིས་དང་འཇུག་པ་ནི་ངེས་རྟོགས་མེད་པའི་ཕྱིར་སྒོ་ལྔའི་རྣམ་ཤེས་དགེ་བ་ཙམ་དང་། གཟུགས་མེད་ལ་བརྟེན་པའི་ཟད་མི་སྐྱེ་ལ་གནས་པ་ནི་ལྟ་བ་མིན་པར་ཡིད་ཀྱི་དང་པོ་གཉིས་དང་། ཡིད་ཤེས་དགེ་བ་ཙམ་ལ་གནས་ན་ཡིད་ཀྱི་གསུམ་དང་། དགེ་བ་ལས་གཞན་པའི་སེམས་ཀྱིས་དགེ་བསྙེན་དང་དགེ་ཚུལ་གྱི་བར་གྱི་སྡོམ་པ་ལེན་ན་སྤོང་བ་བཞི་དང་། སྒོ་ལྔའི་རྣམ་ཤེས་དགེ་བས་དེ་དག་ལེན་ན་དྲུག་དང་། སྡོམ་པ་དེ་དག་ཡིད་ཤེས་དགེ་བས་ལེན་པའམ་སེམས་དང་པོས་དགེ་སློང་ལེན་པ་ན་བདུན་དང་། སེམས་གཉིས་པས་དེ་ལེན་པ་དང་བསམ་གཏན་ཟག་མེད་ཀྱི་ཟད་མི་སྐྱེ་ཤེས་ལ་དགུ་དང་། སེམས་གསུམ་པས་དེ་ལེན་པ་དང་ཟད་མི་སྐྱེས་བར་ཤེས་པ་ལས་གཞན་པའི་སྤོང་བདུན་དང་ལྡན་པའི་མཉམ་གཞག་ན་བཅུ་དང་ལྷན་ཅིག་འབྱུང་ངོ་། །དྲུག་པ་ལ། འགྲོ་བ་གང་ན་མི་དགེ་བ་དུ་ཡོད་པ། དགེ་བ་དུ་ཡོད་པའོ། །དང་པོ་ནི། དམྱལ་བ་ན་ནི་སྨྲེ་སྔགས་འདོན་པའི་བཀྱལ་པ་དང་ཕན་ཚུན་བརྒྱད་བཀག་བྱེད་པའི་ཚིག་རྩུབ་དང་། གཅིག་ལ་གཅིག་སྡུག་ཚིག་ཟ་བའི་གནོད་སེམས་མངོན་གྱུར་ལ། ཐོབ་པ་ཡང་ཡོད་པར་ངེས་པས་མངོན་གྱུར་དང་ལྡན་པ་རྣམ་པ་གཉིས་སོ། །ཆགས་ཡུལ་མེད་པ་དང་ལས་འབྲས་མངོན་དུ་གྱུར་པས་བརྣབ་སེམས་དང་ལོག་ལྟ་མངོན་གྱུར་མེད་ཀྱང་གཉེན་པོ་མ་སྐྱེས་པས་ལྡན་པ་ཡོད་ལ། གཞན་མེད་དེ་ལས་མ་ཟད་པར་རྐྱེན་གྱིས་མི་འཆི་བ་དང་། རྫས་དང་བུད་མེད་གཟུང་བར་མེད་པ་དང་། ངག་གི་གཞན་གཉིས་ལ་དགོས་པ་མེད་པ་དང་བྱེ་ཟིན་པས་སོ། །སྒྲ་མི་སྙན་ན་ཡིད་ཀྱི་གསུམ་ལྡན་པ་ཡོད་ཀྱི་མངོན་གྱུར་མེད་དེ། འཛིན་པ་མེད་པ་དང་། རྒྱུད་འཇམ་ཞིང་ཀུན་ནས་མནར་སེམས་ཀྱི་གཞི་དགུ་མེད་པ་དང་། སྡིག་པའི་བསམ་པ་ཅན་མིན་པས་སོ། །སྒྲ་མི་སྙན་དེ་ན་བདུན་པ་ངག་བཀྱལ་པ་དངོས་སུ་ཡང་ཡོད་དེ། ཆགས་པས་གླུ་ལེན་པས་སོ། །ཚེ་ངེས་པ་དང་རྫས་དང་བུད་མེད་གཟུང་བ་མེད་པ་དང་། ངག་གི་གསུམ་ལ་དགོས་པ་མེད་པ་དང་། སྡིག་པའི་བསམ་པ་ཅན་མིན་པས་གཞན་མེད་དོ། །འོ་ན་སྐྱེས་མ་ཐག་ཏུ་མས་དོར་བས་མ་ལ་སོགས་པར་མ་ངེས་པར་ལོག་གཡེམ་དུ་འགྱུར་རོ་ཞེ་ན། མིན་ཏེ། འཁྲིག་པ་སྤྱོད་པར་འདོད་ནས་དཔག་བསམ་གྱི་ཤིང་དྲུང་དུ་ཁྲིད་པ་ན་བགྲོད་པར་འོས་ན་ཤིང་གིས་བསྒྲིབས་ཏེ་ཉལ་པོ་བྱེད། མི་འོས་ན་མི་བསྒྲིབས་པས་གཏོང་བའི་ཕྱིར་རོ། །འདོད་པའི་རྟེན་གཞན་ན་ནི་མི་དགེ་བ་བཅུ་ཆར་དངོས་དང་ཐོབ་པ་གཉིས་ཀ་ཡོད་དེ། མི་ལ་སྡོམ་མིན་དང་བར་མའི་མི་དགེ་བ་ཡོད། གཞན་ལ་བར་མའི་མི་དགེ་བ་ཡོད། ལྷ་ནི་ནང་མི་གསོད་ཀྱང་འགྲོ་བ་གཞན་གསོད་ཅིང་། ཁ་ཅིག་ལྷ་ཡང་མགོ་དང་རྐེད་པ་གཅད་ན་འཆིའོ་ཞེའོ། །འཁོར་ལོ་སྒྱུར་བ་འབྱུང་བ་ན་མི་ལ་ཡང་བཅུ་ཆར་མེད་ལ་དེའི་ཚེ་གླུ་ལེན་པ་ནི་ངེས་འབྱུང་གིས་སོ། །གཉིས་པ་ནི། ཡིད་ཀྱི་དགེ་བ་གསུམ་པོ་ནི་ཁམས་དང་འགྲོ་བ་ཐམས་ཅད་ན་རྙེད་པ་དང་མངོན་གྱུར་གཉིས་ཀའི་སྒོ་ནས་ཡོད་ལ། ལུས་ངག་ནི་གཟུགས་མེད་ཀྱི་འཕགས་པ་དང་། འདུ་ཤེས་མེད་པའི་སེམས་ཅན་ལ་རྙེད་པའི་སྒོ་ནས་རིམ་པ་བཞིན་ཟག་མེད་དང་བསམ་གཏན་གྱི་སྡོམ་པའི་སྤོང་བདུན་ཡོད་ལ། གཟུགས་མེད་པ་དང་སེམས་མེད་པས་མངོན་དུ་མི་འགྱུར་རོ། །དེ་དག་གི་ལྷག་མར་བྱས་པའི་ཁམས་དང་འགྲོ་བ་ཐམས་ཅད་ན་ཐོབ་པར་མ་ཟད་མངོན་དུ་གྱུར་པའི་སྒོ་ནས་ཀྱང་ཡོད་དེ། ཡི་དྭགས་དང་དུད་འགྲོ་ལ་བར་མའི་དགེ་བ་ཡོད། གཟུགས་ན་མཉམ་གཞག་གི་སྡོམ་པ་གཉིས་ཡོད་ལ་འདོད་པའི་ལྷ་མི་ལ་སྡོམ་པ་དང་བར་མ་གཉིས་ཀ་ཡོད་དོ། །འོན་ཀྱང་དམྱལ་བཅས་སྒྲ་མི་སྙན་ནི་མ་གཏོགས་ཏེ། ལེན་པ་དང་ཏིང་ངེ་འཛིན་མེད་པས་སོ། །གཉིས་པ་ནི། ལས་བཅུ་པོ་ཐམས་ཅད་ཀྱིས་བདག་པོ་དང་རྒྱུ་མཐུན་དང་རྣམ་སྨིན་གྱི་འབྲས་བུ་འབྱིན་པར་འདོད་དེ། དགེ་བ་ལ་བྲལ་འབྲས་དང་གཉིས་ཀ་ལ་སྐྱེས་བུ་བྱེད་པ་ཡོད་ཀྱང་དོན་གྱིས་གོ་བས་སམ། ཁ་ཅིག དགེ་མི་དགེ་ལ་སྤྲོ་བ་དང་སྐྱོ་བར་འགྱུར་བ་དག་སྟོན་པ་སྐྱེས་བུས་བྱེད་པ་ནི་གཉིས་ཀའི་མཇུག་ཏུ་གཉིས་ཀ་འབྱུང་བས་སྤྲོ་བ་དང་སྐྱོ་བའི་རྒྱུ་མིན་པས་མ་བསྟན་ལ་དེས་ན་བྱེད་པ་རྒྱུ་མཐུན་ཡང་མ་སྨོས་སོ་ཞེས་ཟེར་རོ། །དེ་ལ་མི་དགེ་བའི་རྣམ་སྨིན་ཆེ་འབྲིང་ཆུང་གསུམ་གྱིས་ངན་སོང་དུ་སྐྱེ་ལ། མདོ་ཁ་ཅིག་ལས་ཆུང་ངུས་འབྲས་བུ་ཡི་དྭགས་སུ་བཤད་པ་ལྷ་ལྟ་བུའི་དཔལ་མྱོང་བའམ། ཡང་ན་རིན་ཆེན་ཕྲེང་བར་བཤད་པ་ལྟར་ཀུན་སློང་ལ་དགོངས་སོ། །རྒྱུ་མཐུན་ལ་བྱེད་པ་རྒྱུ་མཐུན་ནི་ཕྱི་མ་རྣམས་སུ་དེ་དག་བྱེད་འདོད་པའོ། །མྱོང་བ་རྒྱུ་མཐུན་ནི་བརྒྱ་ལ་མི་སྐྱེ་ནའང་། རིན་ཆེན་ཕྲེང་བར། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །རྐུ་བ་ཡིས་ནི་ལོངས་སྤྱོད་ཕོངས། །བྱི་བོ་བྱེད་པས་དགྲ་དང་བཅས། །རྫུན་དུ་སྨྲ་བས་སྐུར་པ་མང་། །ཕྲ་མ་ཡིས་ནི་བཤེས་དང་འབྱེད། །རྩུབ་པོ་ཉིད་ཀྱིས་མི་སྙན་ཐོས། །མ་འབྲེལ་བ་ཡིས་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བཤད། །ལོག་པ་ལྟ་བས་ལྟ་ངན་ཉིད། །ཅེས་བཤད་ལ། འགྲེལ་པར་ཡིད་ཀྱི་དུག་གསུམ་ཤས་ཆེ་བར་འགྱུར་རོ་ཞེས་བཤད། བདག་འབྲས་ནི་རིམ་བཞིན། ཕྱི་རོལ་གཟི་ཆུང་གནོད་མང་དང་། །རྡུལ་འཁྲིགས་དྲི་ང་མཐོ་དམན་དང་། །ཚྭ་སྒོ་ཅན་སོགས་དུས་ལོག་དང་། །འབྲས་བུ་ཕྲ་ཁ་ཆུང་ངུའང་མེད། །ཕྱི་རོལ་དངོས་པོ་འགྱུར་བ་ནི། །མི་དགེ་བཅུ་ཡི་བདག་འབྲས་སོ། །ཞེས་གསུངས་སོ། །སློབ་དཔོན་ནི་རང་རྒྱུད་ལ་ཡོད་པ་རྣམ་སྨིན་དང་མེད་པ་བདག་འབྲས་གཉིས་སུ་འདུས་ཀྱང་འདྲ་བའི་ཁྱད་པར་ལ་རྒྱུ་མཐུན་དུ་བཞག་གོ་ཞེས་གསུངས་སོ། །དེ་ལྟར་འབྱིན་པའི་རྒྱུ་མཚན་ནི་སྦྱོར་བའི་ཚེ་ལུས་ངག་གིས་གནོད་པའམ་ཡིད་ཀྱིས་ཕན་པའི་གེགས་བྱེད་པས་གཞན་སྡུག་བསྔལ་བར་བྱས་པའི་ཕྱིར་རྣམ་སྨིན་དང་། དངོས་གཞི་བསད་པ་ལ་སོགས་པའི་ཕྱིར་རྒྱུ་མཐུན་དང་། རྒྱུ་དེ་གཉིས་ཀྱིས་མཇུག་གཟི་བརྗིད་མེད་པར་བྱས་པའི་ཕྱིར་བདག་འབྲས་དང་གསུམ་མོ། །གཞན་དགུ་ལ་ཡང་སྦྱར་རོ། །དགེ་བའི་རྣམ་སྨིན་ནི་ཆུང་འབྲིང་གསུམ་གྱིས་རིམ་བཞིན་མི་དང་འདོད་པའི་ལྷ་དང་གོང་མའི་ལྷར་སྐྱེ་ལ། རྒྱུ་མཐུན་དང་བདག་འབྲས་ནི་བཟློག་ལ་སྦྱར་ཏེ་ཟག་མེད་ལ་ནི་བྲལ་བ་དང་སྐྱེས་བུ་བྱེད་པར་འདོད་དོ། །གསུམ་པ་ལོག་འཚོ་ལོགས་སུ་སྨོས་པའི་རྒྱུ་མཚན་ནི། མདོ་ལས། ལོག་པའི་ངག་དང་ལས་ཀྱི་མཐའ་དང་ལོག་པའི་འཚོ་བའོ་ཞེས་གསུངས་པའི་ལོག་འཚོ་གང་ཞེ་ན། ལུས་དང་ངག་གི་ལས་ཆགས་པ་ལས་སྐྱེས་པ་ནི་ལོག་འཚོ་ཡིན་ལ། ཞེ་སྡང་དང་གཏི་མུག་ལས་སྐྱེས་པའི་ངག་དང་ལུས་ཀྱི་ལས་ནི་སྔ་མ་གཉིས་སོ། །དགའ་བས་འཇུག་པའི་ཆགས་པས་བསླངས་པའི་ལས་ལས་སེམས་བསྲུང་ཞིང་འཚོ་བ་དག་པར་སྦྱང་དཀའ་ལ་ཉེས་པ་ཆེ་བས་འབད་དེ་སྤང་དགོས་སོ་ཞེས་ཤེས་པའི་ཕྱིར་ལོགས་ཤིག་ཏུ་བསྟན་ཏོ། །ཁ་ཅིག་ནི། གལ་ཏེ་བདག་དགའ་བའི་གླུ་གར་སོགས་ལོག་འཚོར་མི་རིགས་པས་ཡོད་བྱད་ལ་ཆགས་པས་བསླངས་པའི་ལུས་ངག་གི་ལས་ཁོ་ན་ལོག་འཚོའོ་ཞེས་པ་རིགས་པ་མིན་ཏེ་ཚུལ་ཁྲིམས་ཀྱི་ཕུང་པོའི་མདོ་དང་འགལ་བའི་ཕྱིར་ཏེ། དེ་ཉིད་ལས། དབྱུག་གུ་གསུམ་པ་ཁ་ཅིག་དད་པས་བྱིན་པ་ལ་ལོངས་སྤྱོད་ནས་གླང་པོ་འཐབ་པ་ལ་སོགས་པ་ལྟད་མོ་སྣ་ཚོགས་ལ་ལྟ་བ་དང་། གླང་པོའི་སྒྲ་ལ་སོགས་པ་ཉན་པས་བརྩོན་པ་སྤོང་བའོ་ཞེས་ཡོ་བྱད་ལ་ཆགས་པས་མ་བསླངས་ཀྱང་ལོག་པའི་ཡུལ་སྤྱོད་པས་ལོག་འཚོར་བཞག་གོ །གསུམ་པ་རྒྱུ་འབྲས་ཉིད་ཀྱི་སྒོ་ནས་དབྱེ་བ་ལ། ལས་གང་འབྲས་བུ་གང་དང་ལྡན་པ། ལས་གང་རྒྱུ་གང་གིས་བྱེད་པ། ལས་འཕེན་རྫོགས་ཀྱི་ཁྱད་པར་རོ། །དང་པོ་ལ་ལས་གང་ལ་འབྲས་བུ་དུ་དང་ལྡན། ཕན་ཚུལ་ལས་འབྲས་དུ་དང་ལྡན་པའོ། །དང་པོ་ལ། སྤོང་ལམ་ལ་དུ་ལྡན། སྤོང་ལམ་མིན་པ་ལ་དུ་དང་ལྡན་པའོ། །དང་པོ་ནི། དྲིར་བཅས་སྤོང་བའི་ལམ་བར་ཆད་མེད་པ་དག་གི་ལས་ནི་ལྔ་ཀ་ཡིས་འབྲས་བུ་དང་བཅས་ཏེ། རང་གི་སའི་རྣམ་སྨིན་དང་། ཏིང་ངེ་འཛིན་ལས་སྐྱེས་པའི་རྒྱུ་མཐུན་དང་། འོག་སའི་ཉོན་མོངས་སྤང་བའི་བྲལ་བ་དང་། དེས་དྲངས་པའི་རྣམ་གྲོལ་ལམ་དང་ལྷན་ཅིག་པའི་ཆོས་དང་། ལམ་མ་འོངས་པ་འགོག་པ་ཐོབ་པ་སྐྱེས་བུ་བྱེད་པ་དང་། དུས་མཉམ་པ་དང་ཕྱིས་བྱུང་གི་འདུས་བྱས་བདག་འབྲས་སོ། །དྲི་མེད་སྤོང་ལམ་ནི་རྣམ་སྨིན་བོར་བ་བཞི་ཡིས་འབྲས་བུར་བཅས་པ་ཡིན་ནོ། །གཉིས་པ་ནི། ཟག་བཅས་སྤོང་ལམ་ལས་གཞན་དགེ་དང་མི་དགེ་གང་ཡིན་པའང་བྲལ་བར་བོར་བ་བཞི་དང་བཅས་ཤིང་། ཟག་པ་མེད་པའི་སྤོང་ལམ་གྱི་ལྷག་མ་དང་ལུང་བསྟན་མིན་པ་གང་ཡིན་པ་ནི་དེ་གཉིས་བོར་བ་གསུམ་གྱིས་འབྲས་བུར་བཅས་སོ། །གཉིས་པ་ལ། དགེ་བ་སོགས། འདས་པ་སོགས། རང་ས་སོགས། སློབ་པ་སོགས། མཐོང་སྤང་སོགས་དུ་དང་ལྡན་པའོ། །དང་པོ་ནི། དགེ་བའི་འབྲས་བུ་དགེ་བ་ནི་རྣམ་སྨིན་གྱི་རྒྱུར་རུང་ཡང་དེའི་འབྲས་བུ་མིན་པས་བཞི་དང་། སོགས་པ་མི་དགེ་བ་ནི་སྐྱེས་བུ་བྱེད་པ་དང་བདག་འབྲས་གཉིས་དང་། དེ་བཞིན་དུ་ལུང་མ་བསྟན་ནི་རྒྱུ་མཐུན་དང་བྲལ་བ་བོར་བས་གསུམ་མོ། །མི་དགེ་བའི་འབྲས་བུ་དགེ་བ་ནི་སྐྱེས་བདག་གཉིས་དང་ནི། སོགས་པ་མི་དགེ་བ་ནི་རྣམ་སྨིན་དང་བྲལ་བ་བོར་བ་གསུམ་དང་། ལུང་མ་བསྟན་ནི་བྲལ་བ་བོར་བ་བཞི་སྟེ་རིམ་པ་བཞིན་ནོ། །དེ་ཡང་མི་དགེ་བའི་ཀུན་འགྲོ་བསྒྲིབས་ལ་ལུང་མ་བསྟན་ནི་རྒྱུ་མཐུན་བསྐྱེད་དོ། །ལུང་མ་བསྟན་མིན་པའི་འབྲས་བུ་དགེ་བ་དང་། ལ་སོགས་པ་མི་དགེ་བ་དང་ལུང་མ་བསྟན་དེ་དག་ནི་རིམ་བཞིན་སྐྱེས་བདག་གཉིས་དང་རྣམ་སྨིན་དང་བྲལ་བ་བོར་བའི་གསུམ་དང་གསུམ་མོ། །གཉིས་པ་ནི། འདས་པའི་ལས་ཀྱི་འབྲས་བུ་དུས་གསུམ་ཐམས་ཅད་ཀྱིས་བསྡུས་པས་དུས་གསུམ་པོ་གང་ཡིན་ཡང་བྲལ་བ་བོར་བ་བཞི་བཞིར་མཐུན་པ་ཡིན་ཏེ། མ་འོངས་པ་ནི་ཆོད་པའི་སྐྱེས་བུ་བྱེད་པ་ཁོ་ནའོ། །བར་མ་ད་ལྟར་བ་ཡི་འབྲས་བུ་མ་འོངས་པའང་བཞི་པོ་དེ་ཉིད་དང་། བར་མ་ཉིད་ཡིན་ན་སྐྱེས་བདག་གཉིས་ཡིན་ལ། མ་སྐྱེས་པའི་འབྲས་བུ་མ་འོངས་པ་ནི་རྒྱུ་མཐུན་ཡང་མེད་པས་གསུམ་ཡིན་ནོ། །གསུམ་པ་ནི། རང་གི་ས་པ་ཟག་བཅས་ལ་ནི་བྲལ་བ་སས་མ་བསྡུས་པས་བཞི་དང་། ཟག་མེད་ལ་གསུམ་ཡིན་ལ། གཞན་གྱི་ས་པས་ཟག་མེད་ནི་ས་ཐ་དད་པ་ཡང་སྐལ་མཉམ་གྱི་རྒྱུ་ཡིན་པས་གསུམ་དང་། ཟག་བཅས་སྲེད་པས་བར་བཅད་པས་རྣམ་སྨིན་དང་རྒྱུ་མཐུན་མེད་པའི་ཕྱིར་གཉིས་སོ། །བཞི་པ་ནི། སློབ་པའི་འབྲས་བུ་སློབ་པ་དང་། སོགས་པ་མི་སློབ་པ་ནི་རྣམ་སྨིན་དང་བྲལ་བ་བོར་བ་དང་། གཉིས་ཀ་མིན་པ་ནི་རྣམ་སྨིན་དང་རྒྱུ་མཐུན་བོར་བ་གསུམ་གསུམ་ཡིན་ལ། མི་སློབ་པའི་ལས་ཀྱི་འབྲས་བུ་སློབ་པ་ཡི་ཆོས་ནི་བདག་འབྲས་གཅིག་པུ་དང་། ལ་སོགས་པ་མི་སློབ་པ་ནི་རྣམ་སྨིན་དང་བྲལ་བ་ལས་གཞན་གསུམ་དང་། གཉིས་མིན་ནི་ལྡང་བའི་སེམས་བྱུང་སྐྱེས་བུ་བྱེད་པ་དང་བདག་འབྲས་གཉིས་སོ། །དེ་ལས་གཞན་པ་སློབ་པ་དང་། སོགས་པ་མི་སློབ་པ་གཉིས་མིན་གྱི་འབྲས་བུ་ནི་རིམ་བཞིན་སྐྱེས་བདག་གཉིས་གཉིས་དང་ལྔའོ། །ལྔ་པ་ནི། མཐོང་བས་སྤང་བྱའི་འབྲས་བུ་མཐོང་སྤང་དེ་ཉིད་ནི་རྣམ་སྨིན་དང་བྲལ་བ་བོར་བ་གསུམ་དང་། ལ་སོགས་པ་སྒོམ་སྤང་ནི་ཀུན་འགྲོའི་རྒྱུ་མཐུན་ཡོད་པས་བྲལ་བ་བོར་བ་བཞི་དང་། སྤང་བྱ་མིན་པའི་བདག་པོ་གཅིག་པུའོ། །སྒོམ་པས་སྤང་བར་བྱ་བའི་ལས་ཀྱི་འབྲས་བུ་མཐོང་སྤང་དང་སྒོམ་སྤང་དང་སྤང་བྱ་མིན་པ་དེ་དག་ནི་རིམ་བཞིན་སྐྱེས་བདག་གཉིས་དང་བྲལ་བ་བོར་བ་བཞི་དང་། །སྐྱེས་བདག་བྲལ་བ་གསུམ་མོ། །སྤང་བྱ་མིན་པའི་འབྲས་བུ་མཐོང་སྤང་དང་སྒོམ་སྤང་དང་སྤང་བྱ་མིན་པ་དེ་དག་ནི་བདག་པོ་གཅིག་པུ་དང་། སྐྱེས་བདག་གཉིས་དང་རྣམ་སྨིན་བོར་བ་བཞི་སྟེ་གོ་རིམ་བཞིན་ནོ། །གཉིས་པ་ནི། བསྟན་བཅོས་ལས་རིགས་པ་མིན་པས་བསྐྱེད་པའི་ལས་ནི་ཚུལ་མིན་ཡིད་བྱེད་ལས་བྱུང་བས་ཉོན་མོངས་ཅན་དག་ཡིན་ལ། ཁ་ཅིག་དེར་མ་ཟད་འགྲོ་འདུག་ལ་སོགས་ཆོ་ག་ཇི་སྐད་བཤད་པ་ལས་ཉམས་པའང་ཡིན་ཞེའོ། །ལྡོག་པ་ནི་རིགས་པས་བསྐྱེད་པའོ། །གསུམ་པ་ནི། ཅི་ལས་གཅིག་དང་དུ་མས་སྐྱེ་བའང་གཅིག་དང་དུ་མ་འཕེན་ནམ་གཞན་དུའང་འཕེན་ཞེ་ན། སེམས་པ་གཅིག་གིས་འཕངས་པའི་ལས་ཀྱི་རྒྱུ་མཐུན་གཅིག་གིས་སྐྱེ་བ་ཕུང་པོའི་རྒྱུན་གཅིག་ཁོ་ན་འཕེན་ཏེ་གཞན་དུ་ན་ཕུང་པོ་བཞིའམ་ལྔ་མ་ཚང་བ་དང་། རོ་སྟོད་རོ་སྨད་མ་ཚང་བ་ལ་སོགས་པ་རིས་མཐུན་དུམ་བུར་གྲུབ་པར་འགྱུར་བ་ལས་མ་དམིགས་པའི་ཕྱིར་རོ། །འོ་ན་གནས་བསྟན་མ་འགགས་པས་རང་རྒྱལ་གཅིག་ལ་བསོད་སྙོམས་ཕུལ་ཏེ་བདག་ནི་བསོད་སྙོམས་གཅིག་པུ་དེས་སུམ་ཅུ་རྩ་གསུམ་དུ་ལན་བདུན་དང་ད་ལྟ་ཤཱཀྱ་ཕྱུག་པོ་གྱུར་ཏོ་ཞེས་པ་ཇི་ལྟ་བུ་ཞེ་ན། གཞི་དེ་ལ་སེམས་པ་མི་འདྲ་བ་བརྒྱད་བྱུང་བའོ། །གོང་མ་པ་ནི་ལས་སྟོབས་ཆེ་ན་གཅིག་གིས་ཀྱང་དུ་མ་དང་། ཆུང་ན་དུ་མས་ཀྱང་གཅིག་འཕེན་ལ་འོན་ཀྱང་ཟླ་དང་བཅས་པས་དུམ་བུར་མི་འགྲུབ་བོ་ཞེས་སོ། །སྐྱེ་བ་གཅིག་པོ་དེའི་ཁྱད་པར་ཡོངས་སུ་རྫོགས་པར་བྱེད་པ་ནི་མིར་འདྲ་ཡང་དབང་པོ་དང་ཁ་དོག་དང་དབྱིབས་ལ་སོགས་པ་དུ་མར་སྣང་བའི་ཕྱིར་ལས་དུ་མ་ཡིན་ཏེ་སོལ་བ་གཅིག་པུས་སྐྱ་རིས་བྲིས་ནས་ཚོན་རྩི་དུ་མས་རྫོགས་པ་བཞིན་ནོ། །འོ་ན་དབང་པོ་དྲུག་འཕེན་བྱེད་ཀྱི་འབྲས་བུ་ཡིན་པས་ཚང་བར་རིགས་སོ་ཞེ་ན། དང་པོ་འཕངས་ཀྱང་རྫོགས་བྱེད་ཀྱི་གེགས་བྱས་སོ་ཞེས་ཊཱི་ཀར་བཤད་དོ། །འཕེན་བྱེད་ལས་ཁོ་ན་ཡིན་ནམ་ཞེ་ན། རྣམ་སྨིན་དང་བཅས་པ་གཞན་ཡང་ཡིན་ཏེ་འོན་ཀྱང་སེམས་མེད་པའི་སྙོམས་པར་འཇུག་པ་གཉིས་པོ་དག་ལས་དང་ལྷན་ཅིག་མི་འབྱུང་སྟེ། སྔར་བཞི་པ་དང་སྲིད་རྩེའི་བར་ཆད་མེད་ལམ་གྱིས་འཕངས་ཟིན་པའི་ཕྱིར། འཕེན་བྱེད་མ་ཡིན་ལ་འཕེན་བྱེད་ཀྱི་ཐོབ་པའང་ཤིང་ལྗོན་པའི་ཕྱི་ཤུན་ལྟར་ཐོབ་བྱ་དང་འབྲས་བུ་ཐ་དད་པའི་ཕྱིར་འཕེན་བྱེད་མིན་ནོ། །དེར་མ་ཟད་སྦྱོར་ལམ་དང་འཕགས་ལམ་ཐམས་ཅད་འཕེན་བྱེད་མིན་ནོ། །གཉིས་པ་ལས་སོ་སོར་བཤད་པ་ལ། སྤང་བྱ་སྒྲིབ་པ་གསུམ། བསྟེན་བྱ་བསོད་ནམས་བྱ་བའི་གཞི་གསུམ། ཆ་མཐུན་དགེ་བ་གསུམ་བཤད་པའོ། །དང་པོ་ལ་སྒྲིབ་པ་གསུམ་གྱི་ངོ་བོ། གང་ན་སྒྲིབ་པ་གང་ཡོད་པ། ལས་སྒྲིབ་བྱེ་བྲག་དུ་བཤད་པའོ། །དང་པོ་ནི། མདོ་ལས་སྒྲིབ་པ་གསུམ་ཞེས་གསུངས་པ་གང་ཞེ་ན། འགྲོ་བ་གཞན་གྱི་བར་མཚམས་མེད་པར་དམྱལ་བར་འགྲོ་བས་མཚམས་མེད་པའི་ལས་ཏེ། མ་དང་ཕ་དང་དགྲ་བཅོམ་གསོད་པ་དང་། དགེ་འདུན་གྱི་དབྱེན་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་ལྔ་རྣམས་ལས་སྒྲིབ་དང་། ཉོན་མོངས་པ་མངོན་གྱུར་དྲག་པོའམ་རྣོ་བ་དང་རྒྱུན་རིང་ཤས་ཆེ་བ་གཉིས་ལས་ཕྱི་མ་ཉོན་སྒྲིབ་སྟེ་གཉེན་པོའི་སྐབས་མི་རྙེད་པས་སོ། །ངན་འགྲོ་གསུམ་དང་འདུ་ཤེས་མེད་པའི་སེམས་ཅན་དང་སྒྲ་མི་སྙན་པ་རྣམས་ནི་རྣམ་སྨིན་གྱི་སྒྲིབ་པ་སྟེ་དེ་གསུམ་ནི་འཕགས་ལམ་དང་དེའི་སྦྱོར་བ་ལ་སྒྲིབ་པའི་སྒྲིབ་པ་གསུམ་དུ་འདོད་དོ། །གཉིས་པ་ནི། མཚམས་མེད་པ་ནི་རང་བཞིན་གྱིས་ཁྲིམས་ཅན་ཡིན་པ་དང་བསྟན་པ་མེད་པས་སྒྲ་མི་སྙན་དེ་མ་གཏོགས་པའི་གླིང་གསུམ་དག་གི་ནི་མི་ཁོ་ན་ལ་ཡོད་ཅིང་། དེ་ཡང་སྐྱེས་པ་དང་། བུད་མེད་ཁོ་ན་ལ་ཡོད་ཀྱི་ཟ་མ་སོགས་ལ་ཡོད་པར་མི་འདོད་དོ། །སྤྱིར་མེད་པ་ནི་སྡོམ་པའི་རྟེན་དུ་མེད་པའི་ཕྱིར་དང་། ཕ་མ་བསད་པའི་མཚམས་མེད་དུ་མི་འགྱུར་བ་ནི་ཕ་མས་ནི་ཐར་པ་དང་མཐུན་པའི་ལུས་ཚང་བར་མ་སྐྱེད་པ་དང་། ཚེ་འདིའི་བྱམས་པ་ཆུང་བས་ཕན་པ་ཆུང་བའི་ཕྱིར་དང་། བུ་ཚ་ནི་མཚན་གཉིས་རྒྱུ་མཚན་དུ་བྱས་ནས་ངོ་ཚ་དང་ཁྲེལ་ཡོད་ཤས་ཆུང་བའི་ཕྱིར་རོ། །རྒྱུ་དེ་གཉིས་ཀྱིས་ཡི་དྭགས་དང་དུད་འགྲོའི་ཕ་མ་གསད་ཀྱང་མཚམས་མེད་དུ་མི་འགྱུར་ལ། སྤྱིར་ངན་སོང་གསུམ་ཆར་ན་སྡོམ་མིན་མེད་པའི་རྒྱུས་མེད་དོ། །བཙུན་པ་ནི། རྟ་ཅང་ཤེས་ལྟར་བློ་གསལ་བ་རྣམས་ལ་འགྱུར་རོ་ཞེས་སོ། །ལྷ་ལ་ནི་ལས་འབྲས་མངོན་དུ་གྱུར་པས་མེད་ལ། མིའི་ཡང་ཕ་མ་མི་མིན་པ་ལ་མི་འགྱུར་ཏེ་འགྲོ་བ་མི་མཐུན་པས་བྱམས་པ་དང་ངོ་ཚ་ཆུང་བས་སོ། །ལྷག་མ་གཉིས་ནི་འགྲོ་བ་ལྔ་ཆར་དག་ན་ཡོད་དེ། ཐམས་ཅད་ལ་ཉོན་མོངས་ཤས་ཆེ་བ་སྲིད་པ་དང་། ངན་སོང་སོགས་ནི་རྣམ་སྨིན་གྱི་ངོ་བོ་ཡིན་པས་སོ། །གསུམ་པ་ལ་མཚམས་མེད་བཤད། དེ་དང་ཉེ་བ་བཤད་པའོ། །དང་པོ་ལ། མཚམས་མེད་དངོས། དེའི་ལས་འབྲས། ལས་འབྲས་ཀྱི་ཞར་བྱུང་ངོ་། །དང་པོ་ལ་དགེ་འདུན་གྱི་དབྱེན། མཚམས་མེད་ཀྱི་གྲངས་ངེས། མཚམས་མེད་གཞན་གྱི་གཞི་ངོས་གཟུང་བའོ། །དང་པོ་ལ་གང་ཟག་གང་ལ་ལྡན་པ། འཁོར་ལོའི་དབྱེན་བཤད་པ། ལས་ཀྱི་དབྱེན་བཤད་པ། འཁོར་ལོའི་དབྱེན་མི་འབྱུང་བའི་དུས་སོ། །དང་པོ་ལ་དབྱེན་གང་ལ་ལྡན། བརྫུན་གང་ལ་ལྡན་པའོ། །དང་པོ་ནི། དགེ་འདུན་གྱི་དབྱེན་དགེ་འདུན་སྡེ་གཉིས་ཐུགས་རྩེ་མི་འཕྲོད་པར་བྱེད་པའི་རང་བཞིན་ལྡན་པ་མིན་པའི་འདུ་བྱེད་ཀྱི་ཆོས་སངས་རྒྱས་ཀྱི་འཁོར་ལ་ཡོད་པས་ཉོན་མོངས་པ་ཅན་མིན་ལ། འབྱེད་པ་པོའི་འཁོར་དགེ་རྩ་ཆད་པ་ལ་ཡོད་པས་ལུང་བསྟན་དགེ་བ་ཡང་མིན་པས་མ་བསྒྲིབས་པའོ། །དབྱེན་དེ་དང་ཕྱོགས་གཉིས་ཀྱི་དགེ་འདུན་ཡང་དག་པར་ལྡན་གྱི་མཚམས་མེད་ཡིན་པས་འབྱེད་པ་པོ་མི་ལྡན་ནོ། །གཉིས་པ་ནི། དབྱེན་དེ་ཡི་ཁ་ན་མ་ཐོ་བའི་ངོ་བོ་ནི་ཆེན་པོའི་བརྫུན་ཏེ་དེ་དང་འབྱེད་པ་པོ་ཡང་དག་པར་ལྡན་ནོ། །འདི་མི་ཆོས་བླ་མའི་བརྫུན་དུ་འཆད་ཀྱང་བརྫུན་གཞན་ཡིན་ནོ་ཞེས་གསུངས་སོ། །དེའི་འབྲས་བུ་ནི་བར་གྱི་བསྐལ་པར་མནར་མེད་པར་སྨིན་པར་འགྱུར་ལ། གཞན་བཞི་ནི་དམྱལ་བར་ངེས་ཀྱང་མནར་མེད་དུ་མ་ངེས་སོ། །འོ་ན་ཆོས་སྲེད་ཀྱིས་ཕ་མ་དགྲ་བཅོམ་པ་བསད་པ་ལྟ་བུའི་མཚམས་མེད་དུ་མ་བྱས་པའི་འབྲས་བུ་གཅིག་ཅར་སྨིན་ན་གཅིག་དང་དུ་མ་བྱས་པ་ཁྱད་པར་མེད་དུ་འགྱུར་ཞིང་། རིམ་གྱིས་མྱོང་ན་མཚམས་མེད་དུ་མི་འཐད་ལ་རྒྱུད་གཅིག་ལས་མེད་པས་དམྱལ་བ་དུ་མ་གཅིག་ཆར་མི་འགྲུབ་བོ་ཞེ་ན། མཚམས་མེད་ལྷག་པས་ལུས་ཆེ་ཞིང་གཞོན་ཤ་ཅན་ལ་གནོད་པ་ཉིས་འགྱུར་ལ་སོགས་པ་ལྷག་པར་འགྱུར་ཏེ། དེ་ཡང་སྔ་མ་འཕེན་བྱེད་ཕྱི་མ་རྫོགས་བྱེད་དོ་ཞེས་སོ། །མདོ་སྡེ་པ་ནི་ཕྱི་མ་ལ་སོགས་པར་མྱོང་ཡང་དམྱལ་བ་བརྒྱུད་པ་ཡིན་པས་མཚམས་དང་བཅས་པ་མིན་ནོ་ཞེས་འཆད་དོ། །གཉིས་པ་འཁོར་ལོའི་དབྱེན་ནི། སངས་རྒྱས་ལ་འགྲན་པས་དགེ་སློང་དང་། སྲེད་སྤྱད་ཀྱིས་ལམ་གཞན་སྟོན་མི་ནུས་པས་ལྟ་བ་སྤྱད་པ་དང་། ཚུལ་ཁྲིམས་འཆལ་བ་ངག་མི་བཙུན་པས་ཚུལ་ཁྲིམས་དང་ལྡན་པས་འབྱེད་དོ། །སངས་རྒྱས་ཀྱི་གཟི་བརྗིད་མི་བཟོད་པ་དང་བཀའ་བཙན་པས་བཞུགས་པའི་ཡུལ་ལས་གཞན་དུའོ། །འཕགས་པ་ནི་ལུང་རྟོགས་ཀྱི་ཆོས་མངོན་དུ་གྱུར་པས་དེ་དང་འདྲ་བ་འབྱེད་མི་ནུས་པས་བྱིས་པ་རྣམས་འབྱེད་ཅིང་། སངས་རྒྱས་ལས་གཞན་ལ་སྟོན་པ་དང་དེའི་ལམ་ལས་གཞན་པ་ལྷས་བྱིན་གྱིས་བརྟུལ་ཞུགས་ལྔ་ལ་བཟོད་ཅིང་དང་དུ་ལེན་པ་ནི་བྱེ་བའི་ཚད་དོ། །དུས་ནི་ཞག་གཅིག་རང་སར་མི་གནས་ཀྱི་ནམ་མ་ལངས་བར་འདུམ་པར་ངེས་ཏེ། དོན་ཆེན་པོ་ལས་ཉམས་པ་དང་མཆོག་ཟུང་གཅིག་གིས་བསྡུ་མ་ནུས་པས་སོ། །ངེས་ཚིག་ནི་དེ་ལྟ་བུ་ནི་དགེ་འདུན་བྱེ་བས་དེའི་དབྱེན་དང་། ལམ་དུ་འཇུག་པའི་གེགས་སུ་གྱུར་པས་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་ཕྱེ་བའི་ཕྱིར་དེའི་དབྱེན་དུའང་འདོད་ལ། གནས་ནི་འགྲན་ཟླ་སངས་རྒྱས་གཞན་ན་མེད་པས་འཛམ་བུའི་གླིང་ཁོ་ན་ཡོད་ཅིང་། ཕྱོགས་གཉིས་ན་དགེ་སློང་བཞི་བཞི་དང་འབྱེད་པ་པོ་སྟེ་དགུ་ཡན་ཆད་ཀྱིས་འགྲུབ་བོ། །གསུམ་པ་ནི། མཚམས་ནང་གཅིག་ཏུ་བློ་མི་མཐུན་པས་བསླབ་པ་སྦྱིན་པ་ལ་སོགས་པའི་ལས་གཉིས་བྱས་པས་དབྱེན་དུ་འགྱུར་བ་ནི་གང་ན་བསྟན་པ་ཡོད་པའི་གླིང་གསུམ་ན་ཡོད་ལ། དེ་ནི་ཕྱོགས་གཉིས་ཀྱི་བཞི་བཞི་སྟེ་བརྒྱད་དག་ཡན་ཆད་ཀྱིས་འགྲུབ་བོ། །འབྱེད་པ་པོར་རློམ་པ་མེད་པའམ་ཁྱིམ་པས་ཀྱང་འགྲུབ་བོ། །ཞེས་འཆད་དོ། །འདི་མཚམས་མེད་མིན་ནོ། །བཞི་པ་ནི། དང་པོ་ཆོས་འཁོར་བསྐོར་ནས་རིང་པོ་མ་ལོན་པ་དང་། མཐའ་མྱ་ངན་ལས་འདའ་ཁ་གཉིས་ལ་དགའ་བ་དང་སྐྱོ་བར་བློ་གཅིག་པ་དང་། བར་དུ་བསྟན་པ་ལ་ཚུལ་ཁྲིམས་ཀྱི་སྐྱོན་བཟང་བྱིན་གྱིས་མི་ཚངས་པར་སྤྱོད་པ་དང་། ལྟ་བའི་སྐྱོན་དགེ་སློང་འཆི་ལྟས་ཀྱིས་སངས་རྒྱས་ཀྱི་བར་དུ་གཅོད་པའི་ཆོས་གསུངས་པར་ལོག་པར་གོ་བའི་སྔ་རོལ་དང་། སྡུམ་བྱེད་མཆོག་ཟུང་གཅིག་གི་སྔ་རོལ་དང་། འགྲན་ཟླ་མེད་པས་ཐུབ་པ་ནོངས་པའི་རྗེས་དང་། མཚམས་གཅིག་གི་ནང་དུ་མི་མཐུན་པར་གནས་པ་བྱེ་བའི་དོན་ཡིན་པས་མཚམས་ཆེ་ཆུང་མ་བཅད་པ་དག་སྟེ་དུས་དྲུག་ཏུ་ཡང་འཁོར་ལོའི་དབྱེན་ནི་མི་འབྱུང་ངོ་། །གཉིས་པ་མཚམས་མེད་ཀྱི་གྲངས་ངེས་པ་ནི། ཞིང་དང་བསམ་པ་དང་སྦྱོར་བའི་ཁྱད་པར་གྱིས་རྒྱུ་གསུམ་དང་ལྡན་པའི་སྡིག་པ་ཆེན་པོ་ནི་ལྔར་ངེས་ཏེ། ཕ་མ་ནི་ཐར་པ་ཐོབ་པའི་ལུས་བསྐྱེད་པས་ཕན་འདོགས་པ་དང་ཕྱི་མ་གསུམ་ནི་ཡོན་ཏན་གྱི་ཞིང་། བསམ་པས་སྤངས་ཤིང་སྦྱོར་བས་དང་པོ་གསུམ་སྲོག་གནས་པ་དང་། བཞི་པ་མཐུན་པ་མེད་པར་བྱས་པ་དང་། ལྔ་པ་མེད་པར་བྱ་མི་ནུས་ཀྱི་སྦྱོར་བ་བྱས་པའི་ཕྱིར་རོ། །གསུམ་པ་མཚམས་མེད་ཀྱི་གཞི་གཞན་ངོས་གཟུང་བ་ནི། ཕ་མ་མཚན་གཞན་དུ་གྱུར་པའི་སྐྱེས་པ་དང་བུད་མེད་བསད་ཀྱང་མཚམས་མེད་དུ་འགྱུར་ཏེ། བསྟན་བཅོས་ལས་མ་དགྲ་བཅོམ་མ་མིན་པའི་བུད་མེད་གསད་ན་མཚམས་མེད་དུ་འགྱུར་བ་ཡོད་དམ་ཞེ་ན། ཡོད་དེ་ཕ་མཚན་གྱུར་པ་གསད་ནའོ་ཞེས་དང་། ལྡོག་པ་ཡང་བཤད་དོ། །བུད་མེད་གཅིག་ལས་ནུར་ནུར་པོ་ཟག་སྟེ་གཅིག་གི་མངལ་དུ་བླུགས་ན་གང་མཚམས་མེད་ཀྱི་གཞི་ཡིན་ཞེ་ན། གང་གི་ཟླ་མཚན་ལས་བྱུང་བར་བྱེད་པའི་བུད་མེད་དང་པོ་ནི་དེའི་མ་ཡིན་ཏེ་ལུས་ཀྱི་རྒྱུའི་བདག་པོ་ཡིན་པས་སོ། །གཉིས་པའང་བྱ་བ་ཞུ་ཞིང་གསད་ན་གཞན་པས་ལྕིའོ། །ཕ་མ་ལ་སྦྱོར་བ་བྱས་ནས་དེ་ལས་གཞན་གསད་ནའང་མི་འགྱུར་ལ། གཞན་ལ་སྦྱོར་བ་བྱས་ནས་ཕ་མ་གསད་ནའང་མི་འགྱུར་ཏེ། མ་ཁྲིའུའི་འོག་ན་ཡོད་པ་གསད་པ་དང་། ཁྲུས་པ་སྤྱི་ཁྱེར་གྱི་བུས་སྦྲང་བུ་ལ་སྦྱོར་བ་བྱས་ནས་ཕ་བསད་པ་ལྟ་བུའོ། །སངས་རྒྱས་ནམ་ཡང་བཀྲོངས་པར་མི་ནུས་པས་སྐུ་ལ་བརྡེགས་པར་སེམས་པས་མཚམས་མེད་དུ་འགྱུར་རོ་ཞེ་ན། མིན་ཏེ། དེ་ཙམ་ནི་སྤངས་པ་མིན་པས་གནོད་པའི་བསམ་པ་ཆུང་བའི་ཕྱིར་རོ། །སློབ་པའི་ཚེ་བསྣུན་ནས་དེའི་འོག་ཏུ་དགྲ་བཅོམ་པར་གྱུར་པ་གསད་པ་ལ་མཚམས་མེད་དུ་འགྱུར་བ་མིན་ཏེ། དགྲ་བཅོམ་པ་ལ་སྦྱོར་བ་མ་བྱས་པས་སོ། །གཉིས་པ་དེའི་ལས་འབྲས་ལ། འབྲས་བུ་ཐོབ་མི་ཐོབ་ཀྱི་ཁྱད་པར། ལས་ལྕི་ཡང་གི་ཁྱད་པར་རོ། །དང་པོ་ནི། མཚམས་མེད་ཀྱི་སྦྱོར་བ་བྱས་ཏེ་དེ་ལས་མ་ལྡོག་པ་ལ་བསམ་པ་ཤིན་ཏུ་འགལ་བས་འདོད་ཆགས་དང་བྲལ་བ་དང་འབྲས་བུ་ཐོབ་པ་མི་སྲིད་ལ། ལས་ལམ་གཞན་གྱི་སྦྱོར་བ་བྱས་ཀྱང་ལམ་སྐྱེ་བ་སྲིད་དེ། ཤཱཀྱ་བཙོན་མ་ཞེས་བྱ་བ་རྔོན་པས་འཚོ་བ་ལ་སྟོན་པས་ཆོས་བསྟན་པས་བུ་དང་བཅས་པས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་བཞིན་ནོ། །གཉིས་པ་ནི། ཆོས་དང་ཆོས་མིན་པར་ཤེས་བཞིན་དུ་དགེ་འདུན་དབྱེ་བའི་ཕྱིར་བརྫུན་སྨྲ་བ་ཉེས་སྤྱད་ཐམས་ཅད་ཀྱི་ནང་ན་ཁ་ན་མ་ཐོ་བ་རབ་ཏུ་ཆེ་བར་འདོད་དེ། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ལ་བསྣུན་པའི་ཕྱིར་དང་། དེ་མ་འདུམ་གྱི་བར་དུ་དཀར་པོའི་ཕྱོགས་ཀྱི་སོ་སྐྱེ་ཐམས་ཅད་ཀྱི་ཡིད་འཁྲུགས་ཤིང་དྲན་པ་ཉམས་ནས་མཐོ་རིས་དང་བྱང་གྲོལ་གྱི་ལམ་གྱི་བར་དུ་གཅོད་པའི་ཕྱིར། རྣམ་སྨིན་ཡང་བསྐལ་པ་གཅིག་ཏུ་མནར་མེད་པར་སྐྱེའོ། །ཆོས་སྐུའི་དོན་ནི་ཆོས་བསྟན་པས་བྱང་སེམས་ལ་ཆོས་སྐུ་འབྱུང་བའམ། སྟོན་པ་ཉིད་ཀྱིས་ལམ་མམ། དེའི་སྟོབས་ཀྱི་བྱུང་བའི་ལམ་གྱི་གེགས་སུ་གྱུར་པའོ། །ལྷག་མ་བཞིའི་ནང་ནས་གཉིས་པ་ཡང་ཞིང་། ལྔ་པ་གསུམ་པ་དང་པོ་རྣམས་ལྕིའོ། །འོ་ན་མདོར། ཉེས་པ་གསུམ་ལས་ཡིད་ཀྱི་ཉེས་པ་ཆེ་བ་དང་། མི་དགེ་བ་བཅུ་ལས་ལོག་ལྟ་ཆེ་བར་བཤད་པ་དང་འགལ་ལོ་ཞེ་ན། མཚམས་མེད་ལྔ་དང་ལས་གསུམ་དང་མི་དགེ་བ་བཅུ་བཞིར་བཞག་པའམ། རྣམ་སྨིན་དམྱལ་བར་སྐྱེ་བ་དང་། བདག་འབྲས་སྐྱེ་བོ་ཕལ་མོ་ཆེ་འཆི་བ་དང་། སྐྱེས་བུ་བྱེད་པ་དགེ་རྩ་གཅོད་པ་ལ་དགོངས་སོ། །གསུམ་པ་ཞར་བྱུང་ནི། འཇིག་རྟེན་པའི་དགེ་བ་གཞིར་བྱས་ལ་སྲིད་རྩེའི་སེམས་པ་རྣམ་སྨིན་གྱི་འབྲས་བུ་རབ་ཏུ་ཆེ་སྟེ་བསྐལ་ཆེན་བརྒྱད་ཁྲིར་མཐོ་རིས་སུ་སྨིན་པས་སོ། །བྲལ་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཀུན་སྦྱོར་ཐམས་ཅད་ཟད་པ་ཐོབ་པ་དང་། སྐྱེས་བུ་བྱེད་པ་ནི་འཇིག་རྟེན་ཆོས་མཆོག་གིས་མཐོང་ལམ་འདྲེན་པས་ཆེའོ། །གཉིས་པ་དེ་དང་ཉེ་བ་བཤད་པ་ལ། ཉེ་བ་ལྔའི་ངོ་བོ། ཞར་ལ་ལམ་གསུམ་གྱི་གེགས་བཤད་པ། ཡུལ་གྱི་ཁྱད་པར་ངེས་གནས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཅི་མཚམས་མེད་ཁོ་ནས་དམྱལ་བར་སྐྱེའམ་ཞེ་ན། དེ་དང་ཉེ་བས་ཀྱང་སྐྱེ་སྟེ་ཁྱད་པར་ནི་ཕྱི་མ་ཁོ་ནར་མ་ངེས་པའམ་ངེས་ཀྱང་དུས་ཐུང་བ་དང་དུཿཁ་ཆུང་བའོ་ཞེས་སོ། །དབྱེ་བ་ལམ་ལ་བརྟེན་པའི་སྡིག་པར་འདྲ་བས་རང་གི་མ་དགྲ་བཅོམ་མ་ལོག་གཡེམ་གྱིས་སུན་དབྱུང་བར་བྱས་པ་དང་། བྱང་ཆུབ་སེམས་དཔའ་ངེས་གནས་བསད་པ་དང་། འཕགས་པ་སློབ་པ་གསོད་པ་དང་། དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་ནས་ནང་མ་གཅིག་གི་འཚོ་བ་འཕྲོག་པ་དང་། ནར་མར་འདུ་བ་ཞེས་དབྱིག་བཤེས་ཀྱིས་བཤད། བཞི་པོ་དག་མཚམས་མེད་པ་དང་ཆ་འདྲ་སྟེ། ལྔ་པ་ནི་མཆོད་པའི་རྟེན་སྐུ་གཟུགས་དང་སྐུ་གདུང་དང་ལུང་གི་ཆོས་འཇིག་པར་བྱེད་པ་ཡིན་ནོ། །གཉིས་པ་ནི། སྦྱོར་ལམ་བཟོད་པ་འཐོབ་པ་ལ་ངན་སོང་དུ་སྐྱེ་ངེས་ཀྱི་ལས་དང་། ཕྱིར་མི་འོང་བ་འཐོབ་པ་ལ་འདོད་པ་མྱོང་ངེས་ཀྱི་ལས་དང་། དགྲ་བཅོམ་ཐོབ་པ་ལ་ཁམས་གསུམ་དུ་སྐྱེ་ངེས་ཀྱི་ལས་ཀྱི་གེགས་ཤིན་ཏུ་བྱེད་དེ། ཡུལ་གཞན་དུ་འཕོ་ན་བུ་ལོན་པ་ལྡང་བ་བཞིན་ནོ། །གསུམ་པ་ལ། ངེས་གནས་སྤྱིའི་རྣམ་གཞག་བྱེ་བྲག་ཏུ་སྟོན་པས་སྔོན་ཇི་ལྟར་མཛད་པའོ། །དང་པོ་ལ། དྲིས་ཏེ་བསྟན། དེ་ཉིད་བཤད་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་ངེས་གནས་ཞེས་པ་གང་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ངེས་གནས་ཡིན་ཞེ་ན། གང་ཕན་ཆད་ནས་མཚན་བཟང་པོ་སོ་གཉིས་ཀྱི་རྣམ་པར་སྨིན་པའི་ལས་བྱེད་པ་ངེས་གནས་སོ། །གཉིས་པ་ལ་ཅི་ཙམ་ནས་ཡོན་ཏན་གང་དང་ལྡན། མཚན་རྣམས་སྨིན་པའི་ཚུལ། མཚན་གྱི་རྒྱུའོ། །དང་པོ་ནི། དེ་ཕན་ཆད་རྟག་ཏུ་བདེ་འགྲོ་དང་དེར་ཡང་རིགས་མཐོ་བར་སྐྱེ་བ་དང་། དབང་པོ་ཚང་བ་དང་། ཕོ་ཁོ་ནར་འགྱུར་བ་དང་། ཚེ་རབས་དྲན་པ་དང་། གཞན་དོན་དུ་དུཿཁ་དང་ལོག་སྒྲུབ་ཀྱིས་མི་སྐྱོ་བས་འཚང་རྒྱ་བའི་དུས་ལས་ཕྱིར་མི་ལྡོག་པའོ། །གཉིས་པ་ནི། དེ་ནི་བློ་གསལ་བས་འཛམ་བུ་གླིང་གི་ཕོར་གྱུར་པ་ཉིད་ཀྱིས་འཕེན་ལ། ཡུལ་སྟོན་པ་མངོན་དུ་གྱུར་པ་དང་། ངོ་བོ་སངས་རྒྱས་ལ་དམིགས་པའི་སེམས་པ་ཁོ་ན་སྟེ་རང་གཞན་ལ་དམིགས་པའི་ཕུང་པོ་ལྔ་ཡང་ཡིན་ཞིང་། དེ་ཡང་ཐོས་བྱུང་དམན་ལ་སྒོམ་བྱུང་འདོད་པའི་རྟེན་ལ་མི་སྨིན་པས་བསམ་པ་ལས་བྱུང་བ་དང་དུས་བསྐལ་པ་བརྒྱ་ལུས་པ་དག་ནས་འཕེན་ལ་སྟོན་པ་འདི་ནི་བརྩོན་འགྲུས་ཆེ་བས་དགུ་བཅུ་རྩ་གཅིག་ནས་འཕངས་སྟེ། མདོ་ལས། གྲོང་དཔོན་ངས་ནི་འདི་ནས་བཟུང་སྟེ་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་ཡང་དག་པར་རྗེས་སུ་དྲན་ཏེ་ཞེས་དེ་ཚུན་ཆད་རང་བཞིན་གྱིས་ཚེ་རབས་དྲན་པར་གསུངས་སོ། །གསུམ་པ་ནི། མཚན་རེ་རེའང་བསོད་ནམས་བརྒྱ་ལས་སྐྱེས་ལ། བསོད་ནམས་ཀྱི་ཚད། ཁ་ཅིག་ངེས་པ་ལ་གནས་པ་ལ་སེམས་ཅན་ཐམས་ཅད་ཀྱིས་སྦྱིན་པའི་བསོད་ནམས་ཙམ་མོ་ཞེས་དང་། ཁ་ཅིག་སྟོང་གསུམ་འཆགས་པའི་ལས་ཙམ་མོ་ཞེས་དང་། ཁ་ཅིག་སངས་རྒྱས་ཁོ་ནས་མཁྱེན་ཏོ་ཞེས་སོ། །བརྒྱ་ནི་ཁ་ཅིག་ན་རེ། སངས་རྒྱས་ཀྱི་སྐྱེ་བའི་སྐུ་མཚན་སོ་གཉིས་དང་། ཆོས་ཀྱི་སྐུ་མ་འདྲེས་པ་བཅོ་བརྒྱད་དེ་ལྔ་བཅུ་ལ་དམིགས་པའི་སེམས་པ་ལྔ་བཅུ་དང་། བདག་ཀྱང་དེ་འདྲ་བར་གྱུར་ཅིག་སྙམ་པ་ལ་ལྔ་བཅུ་སྟེ་བརྒྱའམ། ཁ་ཅིག་འདོད་པ་ཉི་ཤུ། གཟུགས་ཁམས་བཅུ་དྲུག གཟུགས་མེད་བཞི། གྲང་དམྱལ་བརྒྱད་དེ་བཞི་བཅུ་ཞེ་བརྒྱད་ཀྱི་སེམས་ཅན་ལ་སྙིང་རྗེའི་སེམས་པ་ཞེ་བརྒྱད་དང་། སངས་རྒྱས་ཀྱིས་སེམས་ཅན་དེ་དག་བཀྲོལ་ལོ་སྙམ་དུ་སེམས་པ་གཅིག་དང་། བདག་ཀྱང་དེ་འདྲ་བར་གྱུར་ཅིག་སྙམ་པ་གཅིག་སྟེ་ལྔ་བཅུ་ལན་གཉིས་མངོན་སུམ་དུ་བྱས་པས་བརྒྱའམ། མི་དགེ་བ་བཅུ་སྤོང་བ་ལ་དངོས་གཞི་དག་པ་དང་། སྦྱོར་བ་དག་པ་དང་། རྣམ་རྟོག་གིས་མ་སྨས་པ་དང་། དྲན་པས་ཟིན་པ་དང་། མྱ་ངན་ལས་འདས་པར་བསྔོས་པ་ལས་སངས་རྒྱས་ཏེ་སྙམ་པ་ལྔ་བཅུ་དང་། བདག་ཀྱང་དེ་འདྲར་གྱུར་ཅིག་སྙམ་པ་ལྔ་བཅུ་སྟེ་བརྒྱའོ། །གང་སྤེལ་ལས་ལྔ་བཅུ་ཕྲག་གཉིས་འཕེན་བྱེད་དང་རྫོགས་བྱེད་དོ་ཞེས་བཤད་དོ། །སྤྱིར་བསོད་ནམས་ཀྱི་འགྱུར་ནི་མདོ་ལས་ཞིང་བཅུའི་ཉན་རང་གི་དགེ་བས་ཐུབ་པའི་བ་སྤུའི་བུ་ག་གཅིག་དང་། དེ་ཀུན་གྱིས་སངས་རྒྱས་ཀྱི་དཔེ་བྱད་གཅིག་དང་། དེ་ཀུན་གྱིས་སངས་རྒྱས་ཀྱི་མཚན་གཅིག་དང་། དེ་སུམ་ཅུ་སྟོང་གིས་མཛོད་སྤུ་གཅིག་དང་། དེ་འབུམ་གྱིས་གཙུག་ཏོར་དང་། དེ་འབུམ་གྱིས་གསུང་ཆོས་ཀྱི་དུང་འགྲུབ་པ་ལ་སོགས་པ་བཤད་དོ། །གཉིས་པ་བྱེ་བྲག་ཏུ་སྟོན་པས་མཛད་ཚུལ་ལ། གྲངས་མེད་གང་གི་ཐ་མར་སངས་རྒྱས་གང་བྱུང་ཚུལ། ཕར་ཕྱིན་གང་དུས་གང་ལ་རྫོགས་པའོ། །དང་པོ་ནི། སྟོན་པ་འདིས་གྲངས་མེད་གསུམ་དུ་ཚོགས་བསགས་ན་གྲངས་མེད་གང་ལ་སངས་རྒྱས་ཇི་སྙེད་བསྙེན་བཀུར་ཞེ་ན། གྲངས་མེད་དང་པོ་ལ་སངས་རྒྱས་བདུན་ཁྲི་ལྔ་སྟོང་། གཉིས་པ་ལ་བདུན་ཁྲི་དྲུག་སྟོང་། གསུམ་པ་ལ་བདུན་ཁྲི་བདུན་སྟོང་ལའོ། །དེ་ཡང་གྲངས་མེད་གསུམ་གྱི་ཐ་མར་བྱུང་བ་ནི་གསུམ་པའི་ཐ་མར་རྣམ་གཟིགས་དང་། གཉིས་པའི་ཐ་མར་མར་མེ་མཛད་དང་། དང་པོའི་ཐ་མར་རིན་ཆེན་གཙུག་ཏོར་ཅན་ནོ། །ཐམས་ཅད་ཀྱི་དང་པོར་བྱུང་བ་ནི་ཤཱཀྱ་ཐུབ་པ་ཞེས་བྱ་བ་ཡིན་ལ། དེའི་དྲུང་དུ་སྟོན་པ་འདིས་རྫ་མཁན་སྣང་བྱེད་དུ་གྱུར་པ་ན་བདག་ཀྱང་འདི་འདྲ་བའི་རྣམ་པ་ཁོ་ནར་འཚང་རྒྱ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །ཐེག་ཆེན་པ་ནི། གྲངས་མེད་རེ་རེ་ལ་ཡང་སངས་རྒྱས་གྲངས་མེད་ལ་བསྙེན་བཀུར་བྱས་ཞེས་འབྱུང་གི་གྲངས་འདི་ལྟ་བུ་མ་བྱས་སོ། །ལུང་ལས་ནི། སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྐྱོང་གི་བར། །ཞེས་དང་། སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །དབང་པོ་རྒྱལ་མཚན་ཐུབ་པའི་བར། །ཞེས་དང་། སངས་རྒྱས་མར་མེ་མཛད་ནས་ནི། །རྒྱལ་བ་འོད་སྲུང་བར་དག་ཏུ། །ཞེས་འབྱུང་ངོ་། །གཉིས་པ་ནི། ཞིང་མི་འདམ་པར་ཀུན་ལ་ཕྱི་ནང་གི་དངོས་པོ་ཐམས་ཅད་ལན་དང་རྣམ་སྨིན་ལ་མི་རེ་བར་སྙིང་རྗེ་ཡིས་སྦྱིན་པར་བྱེད་པས་སྦྱིན་པ་རྫོགས་ལ། འདོད་པའི་འདོད་ཆགས་དང་བཅས་བཞིན་དུ་ཡན་ལག་བཅད་ཀྱང་སེམས་མི་འཁྲུགས་པས་བཟོད་པ་དང་། ལུས་ངག་གི་ཉེས་སྤྱོད་མི་བྱེད་པས་ཚུལ་ཁྲིམས་ཀྱི་དང་། སངས་རྒྱས་སྐར་རྒྱལ་རིའི་ཕུག་ན་ཟད་པར་མེའི་ཏིང་ངེ་འཛིན་ལ་བཞུགས་པ་ལ་རྐང་པ་ཡ་གཅིག་གིས་བསྒྲེངས་ཏེ་ཞག་བདུན་གྱི་བར་དུ་ཚིགས་བཅད་གཅིག་གིས་བསྟོད་ཅིང་བསྐོར་བ་བྱས་པས་བརྩོན་འགྲུས་ཀྱི་ཕར་ཕྱིན་དང་བསྐལ་པ་དགུ་ཡང་བཟླུམས་ཏེ། བྱང་ཆུབ་པའི་སྔ་རོལ་དེ་མ་ཐག་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཚེ་བསམ་གཏན་དང་བློ་ཤེས་རབ་རྫོགས་སོ། །གཉིས་པ་བསྟན་བྱ་བསོད་ནམས་བྱ་བའི་གཞི་ལ། ཐུན་མོང་གི་ངེས་ཚིག སོ་སོའི་རང་བཞིན། ཆོས་སྦྱིན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། མདོ་ལས་སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམ་པ་ལས་བྱུང་བ་གསུམ་གསུངས་པ་དེ་ཇི་ལྟར་བསོད་ནམས་བྱ་བའི་གཞི་ཡིན་ཞེ་ན། གསུམ་པོ་འབྲས་བུ་ཡིད་དུ་འོང་བ་ཅན་གྱི་བསོད་ནམས་དང་། བྱ་བ་ལས་དང་། ལས་སེམས་པ་དེའི་གཞི་ཡིན་པ་ནི་དཔེར་ན་ལས་ཀྱི་ལམ་བཞིན་དུ་ཅི་རིགས་པ་སྟེ། སྦྱིན་པ་ལས་བྱུང་བ་ནི་ཕུང་པོ་ལྔས་ལུས་ངག་གི་ལས་གསུམ་ཆར་དང་སེམས་པ་དང་པོ་གཉིས་དང་དེའི་ལྷན་ཅིག་པའི་ཆོས་བསོད་ནམས་ཁོ་ན་ཡིན་ལ། ཚུལ་ཁྲིམས་ལས་བྱུང་བ་ནི་འདོད་པའི་ལུས་ངག་གི་སྤོང་བ་སྟེ་གསུམ་ཀ་དང་། བསྒོམ་བྱུང་གི་བྱམས་པ་སོགས་ནི་བསོད་ནམས་དང་དེའི་ལྷན་ཅིག་པའི་སེམས་པ་འཇུག་པས་དེའི་གཞི་ཡིན་ཞིང་། ལྷན་ཅིག་པའི་སེམས་པ་དང་སྡོམ་པ་ནི་དང་པོ་གཉིས་དང་གཞན་ནི་དང་པོ་ཁོ་ནའོ། །གསུམ་དུ་ངེས་པ་ནི་མཐོ་རིས་ཀྱི་ལོངས་སྤྱོད་དང་ལུས་དང་ཐར་པ་སྒྲུབ་པའམ། ལོངས་སྤྱོད་དང་འདོད་པ་དང་གོང་མའི་ལུས་སྒྲུབ་པའོ་ཞེས་སོ། །གཉིས་པ་ལ། སྦྱིན་བྱུང་བཤད། གཞན་གཉིས་བསྟན་པའོ། །དང་པོ་ལ། སྦྱིན་པའི་ངོ་བོ། དབྱེ་བ། ཁྱད་པར་རོ། །དང་པོ་ནི། སྦྱིན་པ་གང་ཞེ་ན། སྦྱིན་བྱ་ལ་སྦྱིན་པར་གྲགས་པ་ཡང་ཡོད་མོད་ཀྱི་འདིར་ནི་གང་གིས་སྦྱིན་པར་བྱེད་པ་དེ་སྦྱིན་པའོ། །བསམ་པ་འཇིགས་པ་དང་ལན་ལ་རེ་བ་སོགས་ཀྱིས་སྦྱིན་པ་དགེ་བར་མི་འགྱུར་བས། ཁྱད་པར་གྱི་ཞིང་ལ་མཆོད་པ་དང་མཉམ་པ་དང་དམན་པ་ལ་ཕན་གདགས་པར་འདོད་པ་ཡིས་སྦྱིན་པ་དེ་གང་ཞེ་ན། ལག་པ་བརྐྱང་བ་དང་ལོང་ཞིག་ལ་སོགས་པ་ལུས་ངག་གི་ལས་དང་བསམ་པ་ཀུན་སློང་དང་བཅས་པ་སྟེ། དེའི་མྱོང་བ་རྒྱུ་མཐུན་ནམ་བདག་འབྲས་ནི་ལོངས་སྤྱོད་ཆེན་པོ་འབྱུང་བར་ཅན་ཏེ། དེ་ལ་ལོངས་སྤྱོད་པ་ནི་རྣམ་སྨིན་ནོ། །གཉིས་པ་ནི། འཕགས་པ་ཆགས་བྲལ་ལས་གཞན་པས་མཆོད་རྟེན་ལ་ཕུལ་བ་བདག་ཁོ་ནའི་དོན་དུ་སྦྱིན་པ་དང་། ཆགས་བྲལ་གཉིས་ཀྱིས་སེམས་ཅན་ལ་བྱིན་པ་མཐོང་ཆོས་མ་གཏོགས་གཞན་ཁོ་ནའི་དོན་གྱི་ཕྱིར་དུ་སྦྱིན་པ་དང་། སྔ་མས་སེམས་ཅན་ལ་སྦྱིན་པ་གཉིས་ཀའི་དོན་དུ་སྦྱིན་པ་དང་ཕྱི་མས་མཆོད་རྟེན་ལ་ཕུལ་བ་གཉིས་ཀའི་དོན་དུ་མིན་པའི་ཕྱིར་སྦྱིན་པའོ། །གསུམ་པ་ལ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། དེ་ཡི་རྣམ་སྨིན་ཁྱད་པར་དུ་གྱུར་པ་ནི་སྦྱིན་བདག་དང་དངོས་པོ་དང་ཞིང་གི་ཁྱད་པར་གསུམ་ལས་སོ། །གཉིས་པ་ལ། ཁྱད་པར་དངོས། དེ་ལས་འཕྲོས་པའོ། །དང་པོ་ལ། སྦྱིན་བདག་གི དངོས་པོའི། ཞིང་གི་ཁྱད་པར་རོ། །དང་པོ་ནི། སྦྱིན་བདག་ཁྱད་འཕགས་ནི་དད་པ་དང་། སོགས་པ་འཕགས་ནོར་བདུན་ལྡན་གྱི་སྦྱིན་པའི་འབྲས་བུ་ཁྱད་པར་དུ་འཕགས་པར་འགྱུར་ཏེ། ཞིང་ལ་གུས་པ་དང་། སོགས་པ་རང་གི་ལག་གིས་དང་། དུས་སུ་སྦྱིན་པ་དང་། ཞིང་དང་དངོས་པོ་ལ་མི་གནོད་པར་སྦྱིན་པར་བྱེད་པ་དེའི་ཕྱིར་རང་ལ་བཀུར་སྟི་དང་ལོངས་སྤྱོད་རྒྱ་ཆེན་པོ་ལ་རང་དབང་བའི་ས་དང་དགོས་པའི་དུས་ལས་མི་འདའ་བར་དང་རྐུན་པོ་སོགས་ཀྱིས་བར་ཆད་མེད་པར་རྙེད་དོ། །གཉིས་པ་ནི། ཁ་དོག་དང་། ལ་སོགས་པ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པའི་དངོས་པོ་བྱིན་ན་དེ་ལས་འབྲས་བུ་ཡང་རིམ་པ་བཞིན། གཟུགས་བཟང་བ་དང་སྙན་གྲགས་དང་ལྡན་པ་དང་ཡིད་དགའ་བ་དང་ཤིན་ཏུ་གཞོན་ཤ་ཅན་དང་། དུས་སུ་རེག་ན་བདེ་བའི་ལུས་སུ་འགྱུར་རོ། །གསུམ་པ་ལ་སྤྱིར་བསྟན། སྦྱིན་པའི་མཆོག ཞིང་གི་བྱེ་བྲག་གོ །དང་པོ་ནི། མདོ་ལས། ཀུན་དགའ་བོ་དུད་འགྲོ་ལ་བྱིན་ན་བརྒྱ་དང་། ཚུལ་ཁྲིམས་འཆལ་བའི་མི་ལ་བྱིན་ན་སྟོང་འགྱུར་དུ་རེ་བར་བྱའོ་ཞེས་པ་ལྟར་འགྲོ་བ་དང་ནད་པ་སོགས་སྡུག་བསྔལ་བའི་ཞིང་དང་། ཕ་མ་སོགས་ཕན་འདོགས་པའི་ཁྱད་པར་དང་ཚུལ་ཁྲིམས་ཅན་ལ་འབུམ་འགྱུར་དང་། འཕགས་པ་ལ་བྱིན་ན་ཚད་མེད་པར་བཤད་པས་ཡོན་ཏན་གྱི་ཁྱད་པར་རྣམས་ཀྱི་ཞིང་ཁྱད་པར་འཕགས་སོ། །གཉིས་པ་ནི། སྦྱིན་པའི་མཆོག་ནི་གྲོལ་བ་དགྲ་བཅོམ་པས་ཞིང་ཡང་གྲོལ་བ་ནང་ལ་བྱིན་པ་དང་། གཉིས་ཀ་མ་གྲོལ་ཡང་བྱང་ཆུབ་སེམས་དཔའ་ཡིས་སུ་ལ་བྱིན་ཡང་མཆོག་སྟེ་སངས་རྒྱས་དང་སེམས་ཅན་གྱི་དོན་དུ་བྱིན་པས་སོ། །དེ་མ་གཏོགས་པའི་སྦྱིན་པ་བརྒྱད་གསུངས་པའི་ནང་ནས་བརྒྱད་པ་མཆོག་ཡིན་ནོ། །བརྒྱད་པ་གང་ཞེ་ན། སྦྱིན་པ་དམ་པས་མདོར་བསྟན་པ་དང་། སེམས་ཀྱི་རྒྱན་རྫུ་འཕྲུལ། སེམས་ཀྱི་ཡོ་བྱད་འཕགས་ལམ་བརྒྱད། རྣལ་འབྱོར་གྱི་ཚོགས་ཞི་ལྷག་གཉིས་དོན་གྱི་མཆོག་མྱང་འདས་ཞེས་སམ། གང་སྤེལ་ལས། དང་པོ་འདྲ་ལ་གཞན་རྣམས་དད་སོགས་ཀྱིས་འདྲེན་པ་དང་། སེར་སྣའི་དྲི་མ་སེལ་བ་དང་། སྙོམས་འཇུག་གི་བདེ་བ་ཐོབ་པ་དང་། མྱ་ངན་འདས་ཞེས་སམ། རྟོག་གེ་འབར་བར། ཚོགས་སྦྱོར་གཉིས་དང་། རྒྱུའི་ས་བདུན་དང་། དག་ས་དང་། སངས་རྒྱས་སོ་ཞེས་སོ། །བརྒྱད་ནི་ཉེ་བ་དང་།༡ འཇིགས་པ་དང་༢། བདག་ལ་བྱིན་པས་དང་།༣ སྦྱིན་པར་འགྱུར་བས་དང་།༤ ཕ་མེས་ཀྱི་སྦྱིན་གནས་ཡིན་པས་དང་།༥ མཐོ་རིས་དང་།༦ གྲགས་པའི་དོན་དུ་བྱིན་པ་དང་།༧ སྔ་མ་དང་བརྒྱད་ལས། དང་པོ་བདུན་ནི་དམིགས་པ་དང་བཅས་པས་དམན་ནོ། །གསུམ་པ་ནི། འཕགས་པ་ལ་བྱིན་ན་ཚད་མེད་པར་གསུངས་མོད་ཀྱི། འཕགས་པ་མིན་པ་ལྔ་ལ་བྱིན་པ་ཡང་ཚད་མེད་པ་ཡོད་དེ། ཕ་མ་དང་། ནད་པ་དང་། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་པས་ཕན་པའི་ཞིང་ཆོས་སྨྲ་བ་དང་། རྒྱལ་བུ་དོན་གྲུབ་ལྟ་བུ་སྐྱེ་མཐའི་བྱང་ཆུབ་སེམས་དཔའ་རྣམས་ཕྱི་མ་ཕྱི་མ་མཆོག་སྟེ་དེ་རྣམས་ལ་ཡོན་ཕུལ་བའི་འབྲས་བུ་ནི་འབུམ་འགྱུར་ལ་སོགས་པ་གཞལ་དུ་མེད་པ་ཡིན་ནོ། །གཉིས་པ་དེ་ལས་འཕྲོས་པ་ལ། ལྕི་ཡང་གི་ཁྱད་པར། བསགས་མ་བསགས་ཀྱི་ཁྱད་པར། ལོག་རྟོག་དགག་པའོ། །དང་པོ་ནི། རྒྱུ་དྲུག་གིས་ཏེ། མཇུག་ནི་རྗེས་ལ་བྱེད་པའི་རྒྱུན་དང་། ཞིང་ཡུལ་དང་། གཞི་ནི་ལས་ལམ་དང་སྦྱོར་བ་ནི་དེའི་དོན་དུ་ལུས་ངག་གི་ལས་བྱེད་པ་དང་། མཐར་ཕྱིན་པར་བྱེད་པའི་སེམས་པ་བསམ་པ་ནི་སྦྱོར་བའམ་གཞན་ན་ཡང་རུང་བའི་ཀུན་སློང་སྟེ་དེ་དག་ཆུང་ན་ལས་ཀྱང་ཆུང་ལ་ཆེ་ན་ཆེ་བས་རྣམ་སྨིན་གནས་པའི་ཕྱིར་ཡིན་ལ་རྒྱུ་རེ་རེས་ལྕི་བ་ཡང་ཡོད་ལ་ཐམས་ཅད་དང་ལྡན་ན་ཆེས་ལྕི་བའོ། །གཉིས་པ་ནི། མདོ་ལས་ལས་བྱས་པ་དང་བསགས་པ་ཞེས་པའི་བསགས་པ་གང་ཞེ་ན། བློ་སྔོན་དུ་མ་བཏང་བ་མ་ཡིན་པའི་ཕྱིར་བསམ་བཞིན་དུ་བྱས་པ་དང་། ལས་གང་གིས་སྐྱེ་བ་འགྲུབ་པའི་ལས་དེ་རྫོགས་པར་བྱས་པ་དང་། བྱས་ནས་མི་འགྱོད་པ་དང་ཕྱིས་འཆགས་པ་ལ་སོགས་པ་བྱས་པ་དང་། འགལ་བའི་གཉེན་པོ་མེད་པ་དང་། ཡི་རང་བའམ་ངོ་ཚ་ཁྲེལ་མེད་ལ་སོགས་པའི་འཁོར་དང་གནས་སྐབས་མ་ངེས་ཀྱང་རྣམ་པར་སྨིན་པ་ངེས་པ་དྲུག་ནི་ལས་བསགས་པའི་ལས་ཞེས་བྱ་ལ། བཟློག་པ་ནི་བྱས་པ་ཙམ་མོ། །གསུམ་པ་ལ། ལེན་པ་མེད་ཀྱང་བསོད་ནམས་འབྱུང་བ། ཞིང་ངན་ཡང་འབྲས་བུ་འདོད་པ་འབྱུང་བའོ། །དང་པོ་ནི། ཤར་ནུབ་རི་པའི་སྡེ་པ་དག་མཆོད་རྟེན་ལ་ཕུལ་བ་ལ་ལོངས་སྤྱོད་པ་མེད་པས་ཇི་ལྟར་བསོད་ནམས་ཐོབ་ཅེ་ན། མཆོད་རྟེན་ལ་ཕུལ་བ་ལ་ལོངས་སྤྱོད་པ་ལས་བྱུང་བའི་བསོད་ནམས་འབྱུང་བ་མེད་ཀྱང་བསམ་པ་བཟང་པོས་བཏང་བའི་རྒྱུ་ལས་བྱུང་བའི་བསོད་ནམས་འབྱུང་སྟེ་དཔེར་ན་ལེན་པ་མེད་ཅིང་གཞན་ལ་དངོས་སུ་ཕན་གདགས་པ་མེད་ཀྱང་བྱམས་སོགས་ཚད་མེད་དང་ཡང་དག་པའི་ལྟ་བ་བསྒོམ་པ་ལ་རང་གི་སེམས་ཀྱི་མཐུས་བསོད་ནམས་འབྱུང་བ་བཞིན་ནོ། །གཉིས་པ་ནི། གཅེར་བུ་པ་དག་ཞིང་བཟང་པོ་ལ་འབྲས་བུ་ཡིད་དུ་འོང་བ་ལྟར་ངན་པ་ལ་ཡིད་དུ་མི་འོང་བའོ་ཞེས་སོ། །རྐུན་པོ་སོགས་ངན་པའི་ཞིང་ལ་ཕན་པའི་བསམ་པས་བྱིན་པ་ལའང་འབྲས་བུ་བྱུང་ན་ཡིད་དུ་འོང་བ་ཁོ་ན་འབྱུང་སྟེ། དགེ་བ་ཡིན་པས་སོ། །ཁྱབ་པ་ནི་སྤྱིར་རྒྱུ་ལས་འབྲས་བུ་མི་འཁྲུལ་བ་མཐོང་བའི་ཕྱིར་རོ། །གཉིས་པ་གཞན་གཉིས་བསྟན་པ་ལ། སོ་སོའི་རང་བཞིན། གཉིས་ཀའི་འབྲས་བུ། ཚངས་པའི་བསོད་ནམས་སོ། །དང་པོ་ལ་ཚུལ་ཁྲིམས་དང་། བསྒོམ་པའོ། །དང་པོ་ནི། འཆལ་བའི་ཚུལ་ཁྲིམས་ནི་རང་བཞིན་གྱི་མི་དགེ་བ་རིག་བྱེད་དང་རིག་བྱེད་མིན་པའི་གཟུགས་ཡིན་ལ། དེ་སྤོང་བ་འདོད་པའི་ཚུལ་ཁྲིམས་ཏེ་རིག་བྱེད་ཡིན་མིན་གཉིས་སོ། །དེར་མ་ཟད་སངས་རྒྱས་ཀྱིས་བསླབ་པའི་གཞིར་བཅས་པ་ཕྱི་དྲོའི་ཟས་སྤོང་བའི་རིག་བྱེད་ཡིན་མིན་གཉིས་ཀྱང་སྔ་མའི་ཡན་ལག་ཏུ་གྱུར་པའི་ཚུལ་ཁྲིམས་སོ། །དེ་རྣམ་པར་དག་པ་ནི་ཡོན་ཏན་བཞི་ལྡན་ཏེ། འཆལ་བའི་ཚུལ་ཁྲིམས་དངོས་ཀྱི་འཕན་མ་བྱུང་བ་སྟེ་ཉམས་པར་མ་བྱས་པ་དང་། དེའི་རྒྱུ་ཉོན་མོངས་ཀྱིས་འཕན་མ་བྱུང་བ་དང་། དེ་དག་གི་གཉེན་པོ་དྲན་པ་ཉེར་གཞག་བརྟེན་པ་དང་། ཐར་པར་བསྔོས་པས་ཞི་བ་ལ་བརྟེན་པའོ། །གཉིས་པ་ནི། བསམ་གཏན་གཟུགས་མེད་ཀྱི་མཉམ་པར་གཞག་པ་ཏིང་ངེ་འཛིན་དང་དེ་དང་ལྷན་ཅིག་པའི་དགེ་བ་ཟག་བཅས་ཟག་མེད་ནི་བསྒོམ་པ་སྟེ་སེམས་ལ་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ཆེས་བསྒོ་ཞིང་དེའི་རང་བཞིན་དུ་བྱེད་པའི་ཕྱིར་རོ། །གཉིས་པ་གཉིས་ཀའི་འབྲས་བུ་ནི་མཐོ་རིས་ཀྱི་དོན་དུ་སྦྱིན་པ་ཡང་འགྲོ་མོད་ཀྱི་ངན་འགྲོའི་གཉེན་པོ་ཡིན་པས་ཚུལ་ཁྲིམས་གཙོ་ལ། ཚུལ་ཁྲིམས་ཡང་བརྒྱུད་ནས་ཉོན་མོངས་འབྲལ་བྱེད་ཡིན་ཡང་། དངོས་སུ་བར་ཆད་མེད་ལམ་གྱིས་འབྲལ་བར་བྱེད་པས་དེའི་དོན་དུ་བསྒོམ་པ་གཙོ་བོ་ཡིན་ནོ། །གསུམ་པ་ཚངས་པའི་བསོད་ནམས་ནི། མདོ་ལས། གང་ཟག་བཞིའི་ཚངས་པའི་བསོད་ནམས་བསྐྱེད་དོ་ཞེས་པའི་ཚངས་པའི་བསོད་ནམས་གང་ཞེ་ན། བྱེ་སྨྲ་ནི་མཚན་རྣམ་པར་སྨིན་པའི་ལས་དང་མཉམ་པར་འདོད་ལ། སྔོན་གྱི་སློབ་དཔོན་ནི་སྔར་མ་བྱས་པའི་སར་སངས་རྒྱས་ཀྱི་སྐུ་གདུང་གི་མཆོད་རྟེན་བྱེད་པ་དང་། ཕྱོགས་བཞིའི་དགེ་འདུན་ལ་ཀུན་དགའ་རྭ་བ་འབུལ་ཅིང་དེར་གཙུག་ལག་ཁང་རྩིག་པ་དང་། སངས་རྒྱས་ཀྱི་ཉན་ཐོས་བྱེ་བ་བསྡུམས་པ་དང་བྱམས་པ་བསྒོམ་པའོ། །དང་པོ་གཉིས་སྦྱིན་པ་དང་ཐ་མ་གཉིས་བསྒོམ་པའི་ཕྱོགས་ཡིན་པར་འཆད། དེ་བཞི་ཚངས་པ་མདུན་ན་འདོན་གྱི་བསོད་ནམས་དང་འདྲ་བ་སྟེ་དང་པོ་གསུམ་འདོད་པ་ཁོ་ན་ཡིན་ཡང་བར་གྱི་བསྐལ་པ་བཞི་བཅུའི་བར་དུ་འདོད་པའི་མཐོ་རིས་སུ་ཚེ་མཐུད་ཅིང་སྐྱེ་བས་དགའ་བར་གནས་པའི་ཕྱིར། མཐོ་རིས་ནི་འདོད་པའི་ལྷའོ་ཞེས་གང་སྤེལ་ལས་སོ། །གསུམ་པ་ཆོས་སྦྱིན་ནི། མདོ་ལས། སྦྱིན་པ་གཉིས་འབྱུང་བའི་ཟང་ཟིང་ནི་བཤད་ཟིན་ལ། ཆོས་ཀྱི་སྦྱིན་པ་ནི་ཀུན་སློང་ཉོན་མོངས་པ་ཅན་མིན་པས་བསྟན་བྱ་མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ཚུལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་ནིའོ། །རྙེད་བཀུར་སོགས་ཀྱི་ཆེད་དུ་སྟོན་ན་རང་གི་བསོད་ནམས་ཉམས་པར་བྱེད་དོ། །གསུམ་པ་ཆ་མཐུན་དགེ་བ་གསུམ་ནི། བསོད་ནམས་ཆ་མཐུན་ནི་རྣམ་སྨིན་ཡིད་དུ་འོང་བ་དང་། ཐར་པ་ཆ་མཐུན་ནི་གང་སྐྱེས་ན་མྱ་ངན་ལས་འདས་པ་ཐོབ་ཅིང་དེ་ཡོད་པའི་རྟགས་འཁོར་འདས་ཀྱི་སྐྱོན་ཡོན་ཐོས་ན་སྤུ་ཟིང་བྱེད་པ་སོགས་དང་། ངེས་འབྱེད་ཆ་མཐུན་ནི་འོག་ནས་འཆད་པའི་དྲོ་བ་ལ་སོགས་པ་ཟག་བཅས་དགེ་བ་གསུམ་མོ། །གསུམ་པ་ཆོས་ཀྱི་རྣམ་གྲངས་ཁ་ཅིག་བསྟན་པས་མཇུག་བསྡུ་བ་ནི། རིགས་པ་སྟེ་སློབ་པའི་ཐབས་ཀྱིས་རབ་ཏུ་བཅུག་པའི་སྒོ་གསུམ་གྱི་ལས་རྣམ་པ་གསུམ་ལས་ལུས་ཀྱི་ཀུན་སློང་སེམས་དང་སེམས་བྱུང་དང་བཅས་པ་ནི་འཇིག་རྟེན་པའི་ཡིག་འབྲུ་དང་། རྟགས་བྱེད་པ་དང་། ངག་གི་ལས་གཅིག་གཉིས་ལ་སོགས་པ་བགྲང་བ་དང་། ཚིག་བཅད་སྡེབ་པའི་སྙན་ངག་དང་། ཡིད་ཀྱི་ལས་གྲངས་སྡོམ་པའམ་ཡིད་ཀྱི་བགྲང་བར་བྱེད་པའི་ལས་ཏེ་གོ་རིམ་བཞིན་ནོ། །ཐར་པའི་གེགས་བྱེད་པས་བསྒྲིབས་པ་དང་། གནག་ཅིང་འཕགས་པས་བོར་བས་ངན་པ་དང་། དམ་པས་སྨད་པས་ཁ་ན་མ་ཐོ་བ་དང་བཅས་པ་ནི་ཉོན་མོངས་ཅན་ཆོས་ཀྱི་རྣམ་གྲངས་དང་། དྲི་མེད་ཀྱི་དགེ་བ་ནི་དག་པའི་མུར་ཐུག་པས་གྱ་ནོམ་དང་འདུས་བྱས་ཀྱི་དགེ་བ་ནི་བདེ་བ་སྐྱེད་ཅིང་ཡང་ཡང་དུ་གོམས་པར་བྱ་བས་བསྟེན་བྱ་སྟེ། མི་དགེ་བ་དང་ལུང་མ་བསྟན་ལ་འབྲས་བུ་བདེ་བ་མེད་ཅིང་འདུས་བྱས་ནི་གོམས་པར་མི་རུང་བས་བསྟེན་བྱ་མིན་ནོ། །ཆོས་གཞན་ཐམས་ཅད་ནི་གོང་མ་དང་བཅས་པ་སྟེ་ཐར་པ་མྱང་འདས་ནི་བླ་ན་མེད་པའོ། །ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་གཞུང་དོན་རབ་ཏུ་གསལ་བའི་ཉི་མ་ལས་བསྟན་པའི་གནས་བཞི་པ་བཤད་ཟིན་ཏོ།། ༈ །།ལྔ་པ་ཕྲ་རྒྱས་བསྟན་པ་ལ། སྤང་བྱ་ཕྲ་རྒྱས་ཀྱི་རང་བཞིན། སྤོང་བྱེད་གཉེན་པོའི་རང་བཞིན། སྤངས་པའི་འབྲས་བུ་ཡོངས་ཤེས་སོ། །དང་པོ་ལ། མཚམས་སྦྱར་བའི་སྒོ་ནས་མདོར་བསྟན། ཕྲ་རྒྱས་ཉིད་གཏན་ལ་དབབ་པའོ། །དང་པོ་ནི། ལས་དེ་དག་གང་ལས་བྱུང་དེ་ཁོ་ནས་འཇིག་རྟེན་སྐྱེད་དམ་ཞེ་ན། ལས་དེ་དག་ཕྲ་རྒྱས་ཀྱི་དབང་གིས་བསགས་ཤིང་བདེན་པ་མཐོང་བ་ལ་འཕེན་པ་མེད་པས། ལས་དང་ཕྲ་རྒྱས་མེད་པར་སྲིད་པ་མངོན་པར་འགྲུབ་མི་ནུས་ཤིང་། དགྲ་བཅོམ་པ་ལ་ལས་ཡོད་ཀྱང་སྲེད་དང་བྲལ་ལ་ཡང་སྲིད་མེད་པས་སྲིད་པའི་རྩ་བ་ཕྲ་རྒྱས་ཏེ། ལས་ནི་སོ་སོར་ངེས་པའི་རྒྱུ་ཉེར་ལེན་ཡིན་ལ། ཉོན་མོངས་ནི་ཐུན་མོང་གི་རྒྱུ་ལྷན་ཅིག་བྱེད་རྐྱེན་ཡིན་པས་ཕྱོགས་རེ་ནས་གཉིས་ཀ་གཙོ་ཡང་ཉོན་མོངས་ཅན་མེད་ན་འཁོར་བ་ཙམ་མི་འགྲུབ་ཅིང་གཏན་དུ་བ་ཡིན་པས་སོ། །དེའང་གང་སྤེལ་ལས། སྐྱེ་བའི་ཤིང་རྟ་སྐྱེ་བོ་བྱིས་པ་ཡིས། །ཞོན་ཅིང་ཉོན་མོངས་ལས་ཀྱི་འཕང་ལོ་ཅན། །དེ་ནི་ཉོན་མོངས་འཕང་ལོ་དེ་ཉམས་ན། །ལས་ཀྱི་འཕང་ལོ་གཅིག་པུ་འཁོར་མ་ཡིན། །ཞེས་དང་། བསྟན་བཅོས་ལས་ཀྱང་། ཉོན་མོངས་པ་འཇུག་པ་ནི་བྱ་བ་བཅུ་བྱེད་དེ། རྩ་བ་བརྟན་བྱེད་རྒྱུན་གནས་བྱེད། །ཞིང་དུ་རྒྱུ་མཐུན་ལས་སྲིད་སྒྲུབ། །རང་གི་ཚོགས་འཛིན་དམིགས་ལ་རྨོངས། །རྣམ་ཤེས་རྒྱུན་ཁྲིད་དགེ་ལས་གཡོ། །ཁམས་ལས་མི་འདའ་འཆིང་བས་ཁྱབ། །ཅེས་པའི་བྱ་བ་ལྔ་པ་དང་བརྒྱད་པས་སྲིད་པ་གཉིས་ཀྱི་རྩ་བར་བསྟན་ལ། བཅུ་པོ་དེ་ཉིད་གནས་འདིར་བསྟན་ནོ། །གཉིས་པ་ལ་ཕྲ་རྒྱས་ཀྱི་དབྱེ་བ། ཕྲ་རྒྱས་ཀྱི་སྐྱེ་ཚུལ། རྣམ་གྲངས་སོགས་ཀྱིས་བཤད་པའོ། །དང་པོ་ལ་ངོ་བོའི་དབྱེ་བ། རྣམ་པའི་དབྱེ་བ། སེམས་ཕྲ་རྒྱས་དང་བཅས་པའི་དབྱེ་བའོ། །དང་པོ་ལ། དབྱེ་བ་དངོས། སྤང་བྱ་གཉིས་ཀྱི་ངེས་པ། ལྟ་བ་དང་ང་རྒྱལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་རྩ་བའི་སྒོ་ནས་དྲུག་ཆགས་པའི་དབྱེ་བས་བདུན། ལྟ་བའི་དབྱེ་བས་བཅུ། ཁམས་བཅས་གྲངས་ཀྱིས་གོ་བརྒྱད་དུ་དབྱེ་བའོ། །དང་པོ་ནི། སྲིད་པའི་རྩ་བ་ཕྲ་རྒྱས་དེའང་དབྱེ་ན་དྲུག་སྟེ། མཚན་ཉིད་ནི་ཉེར་ལེན་གྱི་ཕུང་པོ་ལ་ཞེན་པའི་འདོད་ཆགས་དང་། དེ་བཞིན་ཞེས་པ་འདོད་ཆགས་གང་ལ་རྒྱས་པ་ལ་ལྷག་མ་ཡང་རྒྱས་པར་སྟོན་ལ། དེ་ལ་མནར་སེམས་པའི་ཁོང་ཁྲོ་དང་། དེ་ལ་རློམ་ཞིང་ཁེངས་པའི་ང་རྒྱལ་དང་། བདེན་པ་ལ་རྨོངས་པའི་མ་རིག་པ་དང་། དེ་ལ་ལོག་པར་རྟོག་པའི་ལྟ་བ་དང་། དེ་ལ་རྩེ་གཉིས་སུ་འཇུག་པའི་ཐེ་ཚོམ་ཡིན་ནོ། །གྲངས་ངེས་པ་ནི། སའི་སྟོད་འགྲེལ་ལས། བཟའ་བྱ་ཡུལ་ཚོར་བ་གསུམ་དང་། ཟ་བ་པོ་སེམས་ཅན་དང་། ཕྱིན་ཅི་ལོག་སྤངས་པ་ལ་ལོག་ཞུགས་དུག་གསུམ་དང་། ང་རྒྱལ་དང་། ལྟ་བ་ཐེ་ཚོམ་ཞེས་བཤད་དོ། །གཉིས་པ་ནི། དེ་དྲུག་ཀྱང་འདོད་པའི་འདོད་ཆགས་དང་སྲིད་པའི་འདོད་ཆགས་གཉིས་སུ་དབྱེ་བས་བདུན་ཚན་བདུན་པའི་མདོ་ལས་བདུན་དུ་བཤད་དོ། །དེ་ལ་འདོད་ཡོན་ལྔ་ལ་གཙོ་བོར་དམིགས་པས་དང་པོ་ཡིན་ལ། ཁམས་གོང་མ་གཉིས་ལས་སྐྱེས་པ་ནི་སྲིད་པའི་འདོད་ཆགས་ཏེ། དེ་གཉིས་གཅིག་ཏུ་སྡོམ་པའི་རྒྱུ་ནི་སྣོད་ལ་སོགས་པའི་ཁ་ཕྱི་བལྟ་ཅུང་ཟད་ཡོད་ཀྱང་ཕལ་ཆེར་སྙོམས་འཇུག་ལུས་རྟེན་དང་བཅས་པ་ལ་ཆགས་པས་ཁ་ནང་དུ་བལྟས་པའི་ཕྱིར་དང་། ཟག་པའི་སྐབས་སུ་ལུང་མ་བསྟན་དང་མཉམ་གཞག་གི་ས་པར་འདྲ་བའི་ཕྱིར་ཞེས་པའང་སྦྱར་རོ། །དེ་ལོགས་སུ་བཞག་པའི་དགོས་པ་ནི། ཕྱི་རོལ་པ་ཁ་ཅིག སྙོམས་འཇུག་བརྒྱད་པོ་ལ་དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞིར་འདུ་ཤེས་པའམ། འོས་པ་པ་དག་ཐར་པ་ནི་ཚངས་པའི་འཇིག་རྟེན་ན་གདུགས་དཀར་པོ་ཁ་གྱེན་ལ་བསྟན་པ་ལྟ་བུ་འདོད་པ་དང་། ཁ་ཅིག་འདུ་ཤེས་མེད་པ་ལ་སྟེ། དེར་ཐར་པའི་འདུ་ཤེས་དང་རྒྱུ་ལ་ལམ་དུ་འཛིན་པ་བཟློག་པའི་ཕྱིར་བཤད་པའམ། ཡང་ན་ཁམས་དེ་གཉིས་ལ་ཐར་པའི་འདུ་ཤེས་འཇུག་པར་འདྲ་བས་གཅིག་ཏུ་བསྟན་ཞེས་སོ། །སློབ་དཔོན་ནི། སྲིད་པ་སྟེ། སྙོམས་འཇུག་རྟེན་དང་བཅས་པའི་རོ་མྱང་བའི་འདོད་ཆགས་ཡིན་གྱི་འདོད་པའི་ཡོན་ཏན་རོ་མྱོང་བ་མིན་པར་སྟོན་པའོ་ཞེས་གསུངས་སོ། །གསུམ་པ་ནི། མངོན་པ་ལས་ལྟ་བའི་ཕྲ་རྒྱས་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་ལྟ་བ་དང་། སྐུར་བ་འདེབས་པ་ལོག་ལྟ་དང་། ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ལྟ་བ་མིན་པ་ལྔ་སྟེ་བཅུ་བཤད་དོ། །ལྟ་བ་ལྔར་ངེས་པ་ནི་ས་འགྲེལ་ལས། ཤེས་བྱ་དང་ལྟ་བ་དང་སྤྱོད་པ་ལ་ལོག་ཞུགས་གསུམ་ལས། དང་པོ་ལའང་སྤྱི་དང་ཁྱད་པར་ལ་སྒྲོ་འདོགས་པ་དང་པོ་གཉིས། གཉིས་པ་ལ་གཉིས་པ་གསུམ་པ་ལ་སྒྲོ་འདོགས་པ་ཕྱི་མ་གཉིས་སོ། །བཞི་པ་ནི། བཅུ་པོ་དེ་དག་དུཿཁ་ལ་བཅུ་དང་ཀུན་འབྱུང་དང་འགོག་པ་ལ་ལྟ་བ་དང་པོ་གཉིས་དང་ལྔ་པ་སྟེ། གསུམ་མ་གཏོགས་པ་བདུན་བདུན་དང་། ལམ་ལ་ལྟ་བ་དང་པོ་གཉིས་མ་གཏོགས་པ་བརྒྱད་དེ་སོ་གཉིས་ནི་འདོད་ཁམས་ན་ཡོད། དེ་ཡང་སྡུག་བསྔལ་ལ་སོགས་པ་བདེན་བཞི་མངོན་སུམ་དུ་མཐོང་བས་རིམ་པ་བཞིན་དུ་སྤོང་བར་བྱེད་ལ། བཅུ་ལས་ལྟ་བ་ལྔ་དང་ཐེ་ཚོམ་ནི་བདེན་པ་ལ་ལོག་ཞུགས་ཁོ་ནར་ངེས་ལ། ལྷག་མ་བཞི་ནི་སྒོམ་པས་སྤང་བྱ་ཡིན་ཏེ། ཤེས་བྱ་རང་མཚན་ལ་ལོག་ཞུགས་དག་ཡོད་པས་སོ། །དེ་ལྟར་ན་འདོད་པ་ན་མཐོང་སྒོམ་གྱིས་སྤང་བྱ་ཕྲ་རྒྱས་སོ་དྲུག་གོ །ཀུན་ནས་མནར་སེམས་པའི་གཞི་དགུ་མེད་ཅིང་རྣམ་པ་འཇུག་ཚུལ་ཉིད་ཀྱི་མི་དགེ་བར་འགྱུར་བས་ཁོང་ཁྲོ་ལྔ་མ་གཏོགས་པ་སྔར་བཤད་པ་དེ་དག་ཉིད་གཟུགས་ཁམས་ན་ཡོད་པ་དེ་དག་དགུ་དང་དྲུག་དྲུག་བདུན་ཞེས་སྦྱར་རོ། །གཞུང་འདིས་ཐོབ་པ་དང་མངོན་འགྱུར་གཉིས་ཀ་མེད་པར་འདོད་ལ། གོང་མ་བས་འདོད་པའི་ས་བོན་ཡོད་ཀྱང་ཁམས་གོང་གི་ས་བོན་དང་མངོན་འགྱུར་མེད་པར་འདོད་དོ། །གཟུགས་མེད་ཀྱང་དེ་ཁོ་ན་དང་འདྲ་སྟེ་སུམ་ཅུ་སོ་གཅིག་རེ་རེའོ། །དེ་ལྟར་ན་ཁམས་ཀྱི་གསུམ་དང་། རེ་རེ་ལ་རིས་ཀྱི་ལྔ་དང་། རེ་རེ་ཡང་ཉོན་མོངས་པའི་ངོ་བོ་ཐ་དད་པས་དགུ་བཅུ་གོ་བརྒྱད་དུ་མངོན་པ་ལས་བཤད་པར་འདོད་དེ། ཀུན་བཏུས་ལས་ལྟ་བ་ལ་དབྲི་བསྣན་མེད་པར་མཐོང་སྤང་བརྒྱ་རྩ་བཅུ་གཉིས་དང་། འཇིག་མཐར་ལྷན་སྐྱེས་སྒོམ་སྤང་ཡིན་པས་སྒོམ་སྤང་བཅུ་དྲུག་བཤད་ལ། བསྡུ་བར་བདེན་པ་ཕྱི་མ་གསུམ་ལ་ལྟ་བ་དང་པོ་གཉིས་དོར་ནས་མཐོང་སྤང་དགུ་བཅུ་རྩ་བཞིར་བཤད་ཅིང་། འདི་གཉིས་ཀྱི་ཁྱད་པར། བྲང་ཏི་ན་རེ། སེམས་ཙམ་པ་དང་མདོ་སྡེ་པའི་ལུགས་ཡིན་ཞེས་བཞེད་ཀྱང་། རྣམ་པ་འགལ་བ་ཙམ་དང་དངོས་སུ་འགལ་བ་ལ་དགོངས་ཞེས་མ་ཧཱ་གསུང་ངོ་། །གཉིས་པ་ལ་མཐོང་སྤང་ཁོ་ན་ཡིན་པ། སྤང་བྱ་གཉིས་ཀ་ཡིན་པ། སྒོམ་སྤང་ཁོ་ན་ཡིན་པའོ། །དང་པོ་ནི། མཐོང་སྤང་དུ་བཤད་པ་དེ་དག་བདེན་པ་མཐོང་བ་ཁོ་ནས་སྤོང་ངམ་ཞེ་ན། བྱེ་བྲག་ཡོད་དེ། སྲིད་རྩེ་ལས་སྐྱེས་པའི་བཟོད་པ་བཞི་ཡི་གཞོམ་བྱ་མཐོང་སྤང་དག་ནི་མཐོང་བས་སྤང་བྱ་ཉིད་དུ་ངེས་ལ། གཉིས་པ་ནི། ས་ལྷག་མ་བརྒྱད་ལས་སྐྱེས་པའི་བཟོད་པས་གཞོམ་བྱ་ནི་མཐོང་ལམ་དང་སྒོམ་ལམ་གཉིས་ཀྱིས་ཅི་རིགས་པར་སྤོང་སྟེ་འཆིང་བ་ཀུན་ལྡན་གྱི་འཕགས་པས་མཐོང་ལམ་དང་བྱིས་པས་གོང་མའི་ཉེར་བསྡོགས་ཀྱིས་མཐོང་སྒོམ་གྱི་སྤང་བྱ་ཆིག་དྲིལ་དུ་སྤོང་བའི་ཚེ་འཇིག་རྟེན་པའི་སྒོམ་ལམ་གྱིས་སྤོང་བས་སོ། །འོན་ཀྱང་བདེན་པ་ལ་ལོག་ཞུགས་ཀྱི་མཚན་ཉིད་ཡོད་པས་མཐོང་སྤང་དུ་གཞག་གོ །གོང་མ་བ་ནི་བྱིས་པས་མཐོང་སྤང་བདེན་པ་ལ་མི་དམིགས་པས་མི་སྤོང་ལ་སྒོམ་སྤང་ཡང་མགོ་གནོན་པར་ཟད་ཀྱི་རྩ་བ་ནས་མི་སྤོང་བར་བཤད་དོ། །བྱེ་སྨྲ་ནི་སྒོམ་སྤང་མ་སྤངས་པར་གོང་མར་མི་བསྐྱེད་ཅིང་གོང་མའི་སེམས་མ་ཐོབ་པ་ལྟར་མཐོང་སྤང་ཡང་དེ་དང་འདྲ་བར་འདོད་དོ། །གསུམ་པ་ནི། བཟོད་པས་གཞོམ་བྱ་མིན་པ་སྒོམ་སྤང་ནི་བདེན་པ་ལ་ལོག་ཞུགས་མིན་པས་སྒོམ་ལམ་ཁོ་ནས་སྤོང་། གསུམ་པ་ལ། ལྟ་བའི་དབྱེ་བ། ང་རྒྱལ་གྱི་དབྱེ་བའོ། །དང་པོ་ལ། ལྟ་བ་ལྔའི་ངོ་བོ། མཆོག་འཛིན་གཉིས་པ་ལ་རྩོད་སྤོང་། འཕྲོས་དོན་ཕྱིན་ཅི་ལོག་གི་རྣམ་གཞག་གོ །དང་པོ་ནི། སྔར་གྱི་ལྟ་བ་ལྔའི་ངོ་བོ་གང་ཞེ་ན། ཉེར་ལེན་གྱི་ཕུང་པོ་ལྔ་ལ་དམིགས་ནས་རྣམ་ཤེས་ལ་བྱེད་པ་པོའི་བདག་དང་གཞན་བཞི་ལ་དབང་བསྒྱུར་བྱའི་བདག་གིའམ། མིང་ལ་བདག་དང་གཟུགས་ལ་བདག་གིར་ལྟ་བ་དང་། བདག་ཏུ་གཟུང་བའི་དངོས་པོ་དེ་ཉིད་ལ་དམིགས་ནས་དེ་ཉིད་སྔ་མ་ནས་འདི་དང་འདི་ནས་ཕྱི་མར་འཇུག་གོ་ཞེས་རྟག་པ་དང་། དེ་མེད་དོ་ཞེས་ཆད་པར་ལྟ་བ་དང་། བདེན་པ་དག་མེད་པར་ལྟ་བ་ནི་ལོག་ལྟ་སྟེ་ལྟ་བ་ལྔ་ཆར་ལོག་པ་ཡིན་ཡང་། མར་དྲི་ང་ཞེས་པ་ལྟར་འདི་ལོག་ཚབས་ཆེ་བས་སོ། །ལྟ་བ་སོགས་དམན་པ་ཟག་བཅས་ཐམས་ཅད་ལ་མཆོག་སོགས་སུ་ལྟ་བ་དང་། དབང་ཕྱུག་སོགས་འཇིག་རྟེན་གྱི་རྒྱུ་མིན་པ་ལ་རྒྱུ་དེར་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཁོ་ན་ཐར་ལམ་མིན་པ་ལ་ལམ་དེར་ལྟ་བ་སྟེ། མཆོག་འཛིན་གཉིས་ཀྱི་བར་གྱི་སོགས་སྒྲ་ཕྱིས་པས་སོ། །དེ་དག་ནི་ལྟ་བ་ལྔའི་ངོ་བོ་ཡིན་ནོ། །གཉིས་པ་ནི། གལ་ཏེ་རྒྱུ་མིན་ལ་རྒྱུར་ལྟ་བ་བརྟུལ་ཞུགས་མཆོག་འཛིན་ཡིན་ན། དབང་ཕྱུག་ལ་སོགས་པ་རྒྱུ་མིན་པ་ལ་རྒྱུར་མངོན་པར་ཞེན་པའི་ལྟ་བ་ལྔ་པ་ཀུན་འབྱུང་མཐོང་སྤང་དུ་འགྱུར་རོ་ཞེ་ན། དེ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཉིད་ཡིན་ཏེ། དེ་དག་ལ་རྟག་པ་དང་བདག་ཏུ་ཕྱིན་ཅི་ལོག་པ་ཡིས་རྒྱུར་འཛིན་རབ་ཏུ་འཇུག་ལ། དུཿཁ་མཐོང་བ་ན་དེ་དག་མི་རྟག་བདག་མེད་དུ་མ་ཤེས་ན་ཉི་ཚེ་བར་འགྱུར་ལ་ཤེས་ན་རྒྱུར་འཛིན་ཡང་བཟློག་པ་དེའི་ཕྱིར་རོ། །ལྟ་བ་དང་པོ་གཉིས་བདེན་པ་ཕྱི་མ་གསུམ་ལ་མི་འཇུག་པ་ཡང་དེས་གྲུབ་སྟེ། འཇིག་ལྟ་ནི་བདག་ཏུ་ལྟ་ཞིང་མཐར་འཛིན་ཡང་དེས་བསླངས་པ་དང་། རྟག་པར་འཛིན་པ་སོགས་ཀྱི་དུཿཁ་མཐོང་སྤང་ལོག་པ་ན་དེ་དག་ཀྱང་ལོག་ཟིན་པས་སོ། །གསུམ་པ་ནི། བདག་རྟག་ཕྱིན་ཅི་ལོག ཅེས་པ་དེ་གཉིས་སུ་ཟད་དམ་ཞེ་ན། མ་ཟད་དེ། ལྟ་བ་གསུམ་ལས་ཕྱིན་ཅི་ལོག་བཞི་ཚན་དུ་གཞག་སྟེ། མཐར་འཛིན་པའི་ཕྱོགས་གཅིག་ལས་རྟག་ལྟ་དང་། ལྟ་བ་མཆོག་འཛིན་ལས་བདེ་བ་དང་གཙང་བ་དང་། འཇིག་ཚོགས་ལ་ལྟ་བ་ལས་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ཡིན་ལ། བདག་གིར་ལྟ་བ་ནི་མདོ་ལས་མི་འབྱུང་བས་ཕྱིན་ཅི་ལོག་མིན་པའམ། ཁ་ཅིག་བདག་ཅེས་གང་རུང་དང་བདག་གི་ཞེས་འབྲེལ་བ་ཅན་དུ་བསྟན་པ་དོན་གཅིག་ཅེས་སོ། །འདི་གསུམ་ཁོ་ན་ཕྱིན་ཅི་ལོག་ཏུ་བཞག་པའི་རྒྱུ་ནི་ཡུལ་ལ་གཅིག་ཏུ་ཕྱིན་ཅི་ལོག་པའི་ཕྱིར་དང་། ངེས་པར་རྟོག་པ་དང་། སྒྲོ་འདོགས་པའི་རྒྱུ་གསུམ་ཚང་བའི་ཕྱིར། ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱིས་ཅུང་ཟད་འདག་པས་ལྟ་བ་ལྔ་པ་དང་ཉོན་མོངས་ཅན་གཞན་དང་སྐུར་འདེབས་ཀྱི་ལྟ་བ་ལ་རྒྱུ་གསུམ་རིམ་བཞིན་མེད་དོ། །འོ་ན་མདོ་ལས་སེམས་དང་འདུ་ཤེས་ཕྱིན་ཅི་ལོག་ཅེས་གསུངས་པ་ཇི་ལྟ་བུ། དེ་ལ་ངེས་རྟོག་མེད་དོ་ཞེ་ན། རང་ལ་མེད་ཀྱང་ལྟ་བ་དེ་དང་མཚུངས་པར་ལྡན་པའི་དབང་གིས་དེར་གཞག་ལ། ཚོར་བ་ལ་སོགས་ལ་མ་བཤད་པ་ནི་འཇིག་རྟེན་ན་མ་གྲགས་ཤིང་དེ་གཉིས་ལ་གྲགས་སོ། །ཡང་ན་སེམས་གཙོ་བོ་ཡིན་ཞིང་འདུ་ཤེས་ནི་ཡུལ་གཅོད་པས་ལྟ་བ་དང་འདྲ་བས་སོ་ཞེས་གསུངས་སོ། །དེས་ན་ཕྱིན་ཅི་ལོག་སོ་གཉིས་པོ་ཐམས་ཅད་མཐོང་སྤང་ཡིན་ལ། སྡེ་པ་གཞན་ནི་གཙང་བདེའི་སེམས་དང་འདུ་ཤེས་ལྟ་བ་དང་མཚུངས་པར་མི་ལྡན་པའི་སྒོམ་སྤང་ཡང་ཡོད་དེ། སློབ་པ་ཆགས་བཅས་བུད་མེད་ལ་གཙང་བ་དང་། འཁྲིག་པ་ལ་བདེ་བར་འཛིན་པའི་ཕྱིར་ཞེས་ཟེར་རོ། །གཉིས་པ་ལ། དབྱེ་བ་དངོས། སྤང་བྱ་གང་ཡིན་པ། མ་སྤངས་ཀྱང་མངོན་དུ་མི་འགྱུར་བའི་ཁྱད་པར་རོ། །དང་པོ་ནི། ལྟ་བར་མ་ཟད་ང་རྒྱལ་ཡང་དབྱེ་ན་བདུན་ཡོད་དེ། ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་ལོ། །ལྔ་པ་དང་བདུན་པའི་ཁྱད་པར་ནི། གཞི་ཡོད་མེད་དོ། །འོ་ན་ཡེ་ཤེས་ལ་འཇུག་པ་ལས། བདག་གཞན་དང་འདྲའོ། །བདག་མཆོག་གོ །བདག་དམན་ནོ་སྙམ་པ་གསུམ་དང་། བདག་དང་མཉམ་པ་ཡོད་དོ་བདག་ལས་དམན་པ་ཡོད་དོ། །བདག་བས་མཆོག་ཡོད་དོ་སྙམ་པ་གསུམ། བདག་བས་མཆོག་མེད་དོ། །བདག་དང་མཉམ་པ་མེད་དོ། །བདག་བས་དམན་པ་མེད་དོ་སྙམ་པ་གསུམ་སྟེ་དགུ་བཤད་པ་ཅི་ཞེ་ན། ང་རྒྱལ་རྣམ་པ་དགུ་བཤད་པ་དེ་ནི་འདིའི་ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང་གསུམ་དུ་རིམ་བཞིན་འདུས་སོ། །གཉིས་པ་ནི། བདུན་པོ་གང་གིས་སྤོང་ན། མཐོང་དང་སྒོམ་པ་གཉིས་ཀས་ཟད་པར་བྱ་བའོ། །གསུམ་པ་ནི། ཅི་འཕགས་པ་རྣམས་སྒོམ་སྤང་སྔར་མ་སྤངས་པ་དེ་ཀུན་ཏུ་སྤྱོད་དམ་ཞེ་ན། ངེས་པ་མེད་དེ། འཕགས་པ་ལ་གསོད་པ་དང་། སོགས་པ་བརྫུན་གྱི་བར་ཉོན་མོངས་པ་ཀུན་ནས་དཀྲིས་པ་རྣམས་ནི་སྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་ཡང་དེ་དག་སླར་མི་འབྱུང་སྟེ། དེ་ལོག་པར་ལྟ་བས་རྒྱས་ཤིང་བསྐྱེད་པར་འགྱུར་བ་ལས་དེ་སྤངས་པའི་ཕྱིར། རྐེད་པ་བཅག་ན་ལྡང་མི་ནུས་པ་བཞིན་ནོ། །དེ་བཞིན་དུ་བདག་གླང་པོ་ཆེ་ས་སྲུང་གི་བུར་གྱུར་ན་ཅི་མ་རུང་སྙམ་པ་སྐྱེ་སྲིད་དང་། བདག་མེད་པ་དང་བག་ལ་ཞ་ན་ཅི་མ་རུང་སྙམ་པ་འཇིག་སྲེད་གཉིས་འཕགས་པ་ལ་མི་འབྱུང་སྟེ། དེ་གཉིས་ནི་རྟག་པ་དང་ཆད་པར་ལྟ་བས་རིམ་པ་བཞིན་རྒྱས་པར་འགྱུར་ཞིང་དེ་གཉིས་སྤངས་པས་སོ། །ང་རྒྱལ་གྱི་རྣམ་པ་དགུ་དང་ངའོ་སྙམ་པ་སོགས་སྒོམ་སྤང་གིས་བསྡུས་པ་དག་ཀྱང་མི་འབྱུང་སྟེ། འཇིག་ཚོགས་ལ་ལྟ་བ་སྔོན་དུ་སོང་བས་རྒྱས་པར་འགྱུར་ལ་དེ་སྤང་བའི་ཕྱིར་རོ། །མི་དགེ་བ་འགྱོད་པའང་སྤྱོད་པ་མི་འབྱུང་སྟེ། ལས་འབྲས་ལ་ཐེ་ཚོམ་ཟ་བས་སློང་བའི་ཕྱིར་རོ། །གཉིས་པ་རྣམ་པའི་དབྱེ་བ་ལ། ཀུན་འགྲོ་ཡིན་མིན་གྱི། ཟག་བཅས་ཟག་མེད་ལ་དམིགས་པའི། གང་གིས་རྒྱས་པར་འགྱུར་བའི། མི་དགེ་བ་དང་ལུང་མ་བསྟན་གྱི་རྣམ་པའི་དབྱེ་བ། དུས་གསུམ་ལ་ཕྲ་རྒྱས་གང་ལྡན་པའོ། །དང་པོ་ལ། སྐལ་བ་མཉམ་པའི། སྐལ་བ་མི་མཉམ་པའི། དེ་ལས་གཞན་པའི་ཀུན་འགྲོའི་དབྱེ་བའོ། །དང་པོ་ནི། ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་ལས་ཀུན་འགྲོ་དང་དེ་དམིགས་པ་དུ་ཞེས་པའི་རབ་དབྱེ་སྟེ་དོན་གྱིས་མཐོང་སྤང་དང་པོ་གཉིས་ཀྱིས་དངོས་དང་བརྒྱུད་པའི་ལོག་ཞུགས་གང་ཡིན་པ་དང་དམིགས་རྣམ་སྟོན་པའོ། །དེ་ལ་སྡུག་བསྔལ་དང་རྒྱུ་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ལྟ་བ་བདུན་པོ་དང་། དེ་བཞིན་དུ་སྤང་བྱ་དེ་གཉིས་ཀྱིས་ཐེ་ཚོམ་གཉིས་པོ་དང་། ལྟ་བ་དང་ཐེ་ཚོམ་གང་ཡིན་པ་དེ་དག་དང་ལྷན་ཅིག་པ་དང་། མ་འདྲེས་པའི་མ་རིག་པ་གཉིས་ཏེ་བཅུ་གཅིག་པོ་གང་ཡིན་པ་ནི་རང་སའི་སྤང་བྱའི་རིས་ལྔ་པོ་ཐམས་ཅད་ལ་ཁྱབ་པར་དམིགས་པས་ཀུན་ཏུ་འགྲོ་སྟེ་ལྷག་མ་ནི་ཀུན་འགྲོ་མིན་པའོ། །འོ་ན་དེའི་དོན་རིམ་གྱིས་སམ་གཅིག་ཆར་དམིགས་པས་ཀུན་འགྲོ་ཡིན། དང་པོ་ལྟར་ན་ཆགས་སོགས་ཀྱང་དེར་འགྱུར་ལ། གཉིས་པ་ལྟར་ན་རང་གི་ཁམས་མཐའ་དག་གི་དག་གྲོལ་དང་རྒྱུར་ལྟ་བ་མི་སྲིད་པས། ལྔ་པ་ཡང་དེར་མི་རུང་ངོ་ཞེ་ན། དང་པོ་འདོད་ཀྱང་ཆགས་སོགས་རིས་གཞན་ལ་མི་དམིགས་པས་སྐྱོན་མེད་དོ་ཞེས་ཁ་ཅིག་འཆད་ཀྱང་། ཕྱི་མ་ལྟར་ཡིན་ལ་དེ་ཡང་རྫས་མཐའ་དག་ལ་མིན་ཡང་རང་གི་ཕུང་པོའི་རིས་ལྔ་པོ་ཐམས་ཅད་ལ་གཅིག་ཆར་དུ་དམིགས་པས་ཀུན་འགྲོའོ། །དེ་ལ་སློབ་དཔོན་གྱིས་སྐྱོན་བརྗོད་པ་ནི་སྲེད་པ་དང་ང་རྒྱལ་ཡང་ཀུན་འགྲོར་འགྱུར་ཏེ། ལྟ་བ་དངོས་གང་ལ་བདག་ཏུ་ལྟའི་ཉེར་ལེན་གྱི་ཕུང་པོ་ལ་བདག་ཏུ་སྲེད་པས་དམིགས་ཤིང་། གང་ལ་མཆོག་དང་དག་པར་ལྟ་བ་དེ་ལ་དོན་དུ་གཉེར་བའི་ཆགས་པ་ཡོད་ལ་དེ་དག་ལ་ང་རྒྱལ་ཡང་དམིགས་པས་སོ། །དེ་ལ་བྱེ་བྲག་སྨྲ་བ་ན་རེ། དེ་ལྟར་ན་གོང་དུ་སྒོམ་སྤང་བཞིའི་རིས་ལས་མཐོང་སྤང་ལ་དམིགས་པ་མཐོང་སྤང་ཞེས་བསྟན་ན་དེ་གཉིས་རིས་ལྔ་ཆར་ལ་དམིགས་པས་སྤང་བྱ་གཉིས་ཀར་མི་རུང་ངོ་ཞེ་ན། སློབ་དཔོན་གྱིས། ཁྱོད་ཉིད་ལྷག་མ་ནི་སྒོམ་སྤང་ངོ་ཞེས་འདོད་པས་སྒོམ་སྤང་དུ་འདོད་དགོས་ལ། ཁོ་བོ་ལྟར་ན་ལྟ་བའི་མཐུ་ལས་བྱུང་བས་མཐོང་སྤང་དུའང་རུང་ངོ་ཞེས་སོ། །ཡང་བྱེ་སྨྲ་ན་རེ། ཉོན་མོངས་པ་དེ་གཉིས་ནི་རང་གི་མཚན་ཉིད་པ་དུཿཁ་སོགས་ལ་ཕྱོགས་གཅིག་ཏུ་དམིགས་ཀྱི་བདག་ཏུ་བཟུང་བ་སོགས་ཐམས་ཅད་ལ་མི་དམིགས་པས་ཀུན་འགྲོ་མིན་ཏེ། ཡུལ་དང་མི་མཉམ་པའམ་ཁ་ཅིག་རིས་མཉམ་པའི་ཉོན་མོངས་ཀྱི་རྒྱུར་འགྲོ་བ་མེད་པས་སོ། །གཉིས་པ་ནི། སྐལ་བ་མཉམ་པའི་ཁམས་ཀུན་འགྲོའི་ཕྲ་རྒྱས་བཅུ་གཅིག་པོའི་རིས་དེ་དག་ལས་དགུ་ཁམས་གོང་དུ་དམིགས་ཏེ། ལྟ་བ་དང་པོ་གཉིས་པོ་རང་གི་རྫས་ལ་རྨོངས་པས། མ་རྟོགས་པ་ཡིན་ལ། ཚངས་པ་རྟག་བདག་ཏུ་འཛིན་པ་ནི་གྲུབ་པའི་མཐས་ལྟ་བ་མིན་གྱི་ལོག་པའི་ཤེས་པའོ་ཞེས་སོ། །གང་སྤེལ་ལས། འདོད་པ་ན་སྐལ་བ་མཉམ་མི་མཉམ་གྱི་ཁམས་དང་ས་ལ་དམིགས་པ་ཐམས་ཅད་ཡོད་ལ། བསམ་གཏན་དང་པོ་གསུམ་ཡང་དེ་བཞིན་ཏེ། དང་པོ་གཉིས་རང་གི་ཁམས་རིལ་པོ་ལ་དམིགས་ཀྱང་རེ་རེ་བས་ལྷག་པས་ཁམས་ཀྱི་མིང་ཐོབ་ཅིང་། བཞི་པ་ན་སྐལ་བ་མཉམ་པའི་ཁམས་ཀུན་འགྲོ་མེད་ལ། གཟུགས་མེད་དང་པོ་གསུམ་ན་སྐལ་བ་མཉམ་པའི་ཁམས་ཀུན་འགྲོ་དང་མི་མཉམ་པའི་ཀུན་འགྲོ་ཡོད་ལ། སྲིད་རྩེ་ན་སྐལ་བ་མཉམ་པའི་ཀུན་འགྲོ་ཁོ་ན་ཡོད་དོ་ཞེས་ཏེ། འོག་ཏུ་མི་དམིགས་པ་ནི་གང་སྤངས་པ་ལ་འདུན་པའི་འདོད་ཆགས་བྲལ་བར་ངེས་པས་སོ། །གསུམ་པ་ནི། ཕྲ་རྒྱས་ཁོ་ན་ཀུན་འགྲོ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཕྲ་རྒྱས་ཀུན་འགྲོ་དེ་དག་དང་ལྷན་ཅིག་ཏུ་གང་འབྱུང་བའི་མཚུངས་ལྡན་དེའང་ནི་དམིགས་པ་དང་རྒྱུ་གཉིས་ཀ་དང་མཚན་ཉིད་ནི་རྒྱུ་ཁོ་ནས་ཀུན་འགྲོ་ཡིན་ལ། འོན་ཀྱང་ཐོབ་པ་ནི་མ་གཏོགས་ཏེ། ཕྲ་རྒྱས་དང་འབྲེལ་ཡང་དམིགས་པ་མེད་པ་དང་ཐོབ་པ་དང་ལྷན་ཅིག་འབྱུང་བའི་རྒྱུ་མིན་པས་སྐྱེས་བུ་དང་རྒྱུ་མཐུན་གྱི་འབྲས་བུ་མི་གཅིག་པའི་ཕྱིར། དེས་ན་ཕྲ་རྒྱས་ཀུན་འགྲོ་དང་། རྒྱུ་ཀུན་འགྲོ་ལ་མུ་བཞི་སྟེ། དང་པོ་མ་འོངས་པའི་ཕྲ་རྒྱས་སོ་གསུམ་དང་། གཉིས་པ་འདས་ད་ལྟར་གྱི་ལྷན་ཅིག་འབྱུང་བར་ཡིན་པས་ད་ལྟར་བའི་ཕྲ་རྒྱས་སོ་གསུམ། གསུམ་པ་དང་བཞི་པ་མ་འོངས་པའི་ལྷན་ཅིག་འབྱུང་བ་ལ་ཤུགས་ལ་གོའོ། །མདོར་ན་ཕྲ་རྒྱས་ཉེར་བདུན་ཀུན་འགྲོ་ཁོ་ན་དང་། དྲུག་ཅུ་རྩ་ལྔ་ཀུན་འགྲོ་མིན་པ་ཁོ་ན་དང་། དྲུག་གཉིས་ཀར་དངོས་སུ་བསྟན་ལ། ཤུགས་ལ་དངོས་སུ་ལོག་ཞུགས་དུ། དེ་ལས་ལོགས་པ་དུ། དམིགས་པ་གང་ལ་རྣམ་པ་ཇི་ལྟར་འཇུག་ཅེ་ན། ཀུན་འགྲོ་རྣམས་ནི་བདེན་པ་དེ་གཉིས་ཀྱིས་མཚན་ཉིད་དང་འགལ་བར་ཞུགས་པས་དང་པོ་ཡིན་ཞིང་། ཀུན་འགྲོ་མིན་པ་ནི་བདེན་པ་གཉིས་ཀྱི་དངོས་པོ་ལ་དམིགས་ཀྱང་མཚན་ཉིད་མི་འགལ་བ་དངོས་སུ་ལོག་ཞུགས་ལ་དམིགས་ནས་དོན་དུ་གཉེར་བ་དང་མནར་སེམས་པ་དང་ཁེངས་པའི་རྣམ་པ་སྟེ་གཉིས་པའོ། །སེམས་ཙམ་པ་ནི་ཁོང་ཁྲོ་དངོས་སུ་ལོག་ཞུགས་ལ་དམིགས་པར་མི་རུང་བས་དེའི་དབང་གིས་ལོག་ཞུགས་ཞེས་གསུངས་པ་སྟེ། སྔོན་པོ་དང་འགལ་བ་དང་སངས་རྒྱས་པའི་ལྟ་བ་བཟུང་བ་ལ་མནར་སེམས་བར་འཆད་ལ། གཞན་དག་ནི་དེ་ལྟར་ན་དངོས་སུ་ལོག་ཞུགས་ལ་དམིགས་པར་མི་འགྱུར་བས་ཕྱི་རོལ་པའི་ལྟ་བ་གཞན་སྔར་གཟུང་བ་ལ་ཞེ་སྡང་བའོ་ཞེས་སོ། །གཉིས་པ་ལ། མདོར་བསྟན། རྒྱས་པར་བཤད། རྩོད་པ་སྤོང་བའོ། །དང་པོ་ནི། ཟག་བཅས་ཟག་མེད་ལ་དམིགས་པ་དུ་ཡིན་པ་དང་། འགོག་ལམ་མཐོང་སྤང་གི་དངོས་དང་བརྒྱུད་པའི་ལོག་ཞུགས་དང་དམིགས་རྣམ་སྟོན་པ་ནི། འགོག་པ་དང་ལམ་མཐོང་བས་སྤང་བར་བྱ་བ་ལོག་ལྟ་གཉིས་དང་ཐེ་ཚོམ་གཉིས་དང་། དེ་དག་དང་མཚུངས་ལྡན་དང་། འབའ་ཞིག་པ་སྟེ་མ་འདྲེས་པའི་མ་རིག་པ་དྲུག་ནི་ཟག་མེད་ཀྱི་སྤྱོད་ཡུལ་ཅན་ཏེ། ལྷག་མ་རྣམས་ནི་ཟག་བཅས་ལ་དམིགས་པ་ཁོ་ནའོ། །བསྡུ་བར་འགོག་ལམ་གཉིས་ནི་མཉམ་རྗེས་ཀྱི་ཡེ་ཤེས་ཀྱི་རིག་བྱ་ཡིན་པས་ཟག་པས་བརྟགས་ནས་དམིགས་པར་ཟད་ཀྱི་དངོས་སུ་མི་དམིགས་ལ། དེས་ན་ཡུལ་ལྔའི་ནང་ནས་རང་གིས་བཏགས་པའི་མིང་ལ་དམིགས་པར་ཟད་དོ་ཞེས་བཤད་དོ། །གཉིས་པ་ནི། འགོག་པ་ལ་དམིགས་པ་ལོག་ལྟ་སོགས་གསུམ་གྱི་ཡུལ་ནི་འདོད་པའི་འགོག་པའི་ཕྲ་རྒྱས་ཀྱི་ཡུལ་འདོད་པའི་འགོག་པ་ཁོ་ན་ཡིན་པ་སོགས་ས་དགུ་པོ་རང་གི་ས་པའི་གཉེན་པོ་འགོག་པ་ཡིན་ལ། ལམ་ནི་ས་ཐ་དད་པ་ཡང་སྔར་བཤད་པ་ལྟར་ཕན་ཚུན་སྐལ་མཉམ་གྱི་རྒྱུ་ཡིན་པ་དང་རང་གི་གཉེན་པོའི་རིགས་ཡིན་པས་བསམ་གཏན་ས་དྲུག ཆོས་ཤེས་ཕྱོགས་མཐུན་གྱི་ལམ་ཐམས་ཅད་ནི་འདོད་པའི་ལོག་ལྟ་སོགས་ལམ་དེའི་སྤྱོད་ཡུལ་ཅན་གྱི་ཡུལ་དང་། ཟག་མེད་ས་དགུའི་རྗེས་ཤེས་ཕྱོགས་མཐུན་གྱི་ལམ་ཐམས་ཅད་ནི་གོང་ས་བརྒྱད་ཀྱི་ལོག་ལྟ་སོགས་ལམ་དེའི་སྤྱོད་ཡུལ་ཅན་གྱི་ཡུལ་ཡིན་ནོ། །གསུམ་པ་ནི། ཆགས་སྡང་དང་ང་རྒྱལ་དང་མཆོག་འཛིན་རྣམས་ཅིའི་ཕྱིར་ཟག་མེད་ལ་མི་དམིགས་ཤེ་ན། རེ་ཞིག་འདོད་ཆགས་ནི་ཟག་མེད་ལ་དམིགས་པ་མིན་ཏེ་ཉོན་མོངས་ཅན་ཡིན་པས་རང་གི་ངོ་བོ་ཐོབ་པ་བཅད་པའི་སྤང་བྱ་ཡིན་པའི་ཕྱིར་རོ། །ཟག་མེད་ལ་འདོད་ན་ཇི་ལྟར་འདུན་པའི་འདོད་ཆགས་བྲལ་བའི་སྤང་བྱ་ཡིན་ཏེ་མིན་པར་འགྱུར་ཏེ་དགེ་བའི་ཆོས་ལ་འདུན་པ་བཞིན་ནོ། །ཞེ་སྡང་ནི་ཟག་མེད་ལ་དམིགས་པ་མིན་ཏེ། དེས་མི་འདོད་པ་སྒྲུབ་པའི་གནོད་པ་མི་བྱེད་པའི་ཕྱིར། ཟག་མེད་ནི་ཉེར་ལེན་གྱི་ཕུང་པོ་ཞི་བའི་ཕྱིར་ང་རྒྱལ་གྱི་ཡུལ་མིན་ཞིང་། ལམ་ནི་དོན་དམ་པར་དག་པར་བྱེད་པ་དེ་ལ་དག་པར་འཛིན་ན་ཡང་དག་པའི་ལྟ་བ་ཡིན་པའི་ཕྱིར་དང་། ཟག་མེད་ནི་མཆོག་ཏུ་གྱུར་པ་ལ་མཆོག་ཏུ་འཛིན་ན་ཡང་དག་པའི་ལྟ་བ་ཡིན་པའི་ཕྱིར། མཆོག་འཛིན་གཉིས་ཀྱི་ཡུལ་མིན་ནོ། །དེ་ལྟར་ན་ལོག་ལྟ་སོགས་དངོས་སུ་ལོག་ཞུགས་དང་། ཆགས་སོགས་བརྒྱུད་ནས་ལོག་ཞུགས་ཏེ་བདེན་བཞི་ལ་ཕྲ་རྒྱས་རྣམས་དངོས་དང་བརྒྱུད་པས་ལོག་པར་ཞུགས་ཚུལ་དེ་ལྟར་ཤེས་པར་བྱའོ། །གསུམ་པ་ལ་དམིགས་པས་དང་། མཚུངས་ལྡན་གྱིས་རྒྱས་པའོ། །དང་པོ་ནི། ཕྲ་རྒྱས་ཀུན་ཏུ་འགྲོ་བ་རྣམས་ནི་དམིགས་པའི་སྒོ་ནས་རང་གི་ས་པའི་སྤང་བྱ་རིས་ལྔ་པོ་ཐམས་ཅད་ལས་ནི་རྒྱས་པར་འགྱུར་རོ། །དམིགས་བསལ་ནི། ཀུན་འགྲོ་མིན་པ་རྣམས་ནི་དམིགས་པའི་སྒོ་ནས་རང་རིས་ཁོ་ན་ལས་རྒྱས་ཏེ། དུཿཁ་མཐོང་སྤང་ནི་དེ་ཁོ་ན་ལས་རྒྱས་པ་སོགས་སོ། །ཀུན་འགྲོ་མིན་པའི་ཟག་མེད་ཀྱི་ཡུལ་ཅན་དང་གོང་མའི་ཡུལ་ཅན་ནི་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་མིན་ཏེ། ཡུལ་མིན་པ་ལ་དམིགས་པའི་རྒྱས་པ་མེད་པའི་ཕྱིར་དང་། འཇིག་ལྟས་བདག་གིར་མ་བྱས་ཤིང་སྲེད་པས་རིས་སུ་མ་བཅད་པའི་ཕྱིར་དང་། ལམ་ནི་གཉེན་པོ་དངོས་དང་། འགོག་པ་དེའི་འབྲས་བུ་ཡིན་ལ། གོང་མ་ཡང་སྤོང་བ་གཉེན་པོ་སོགས་ཅི་རིགས་པར་འདོད་པ་དེའི་ཕྱིར་རོ། །གཉིས་པ་ནི། ཕྲ་རྒྱས་གང་ཞིག སེམས་ལ་སོགས་པ་གང་དང་མཚུངས་པར་ལྡན་པ་དེ་ནི་ཇི་སྲིད་མ་སྤངས་ཀྱི་བར་དུ་དེར་མཚུངས་ལྡན་གྲོགས་ཀྱི་སྒོ་ནས་རྒྱས་པར་འགྱུར་རོ། །བཞི་པ་ལ། ངོ་བོའི་དབྱེ་བ། དེ་དག་གི་རྩ་བའི་དབྱེ་བ། དེ་ལས་འཕྲོས་པའོ། །དང་པོ་ནི། ཕྲ་རྒྱས་ཐམས་ཅད་ཉོན་མོངས་ཅན་དུ་ངེས་པ་ལས་མི་དགེ་བ་དུ། ལུང་མ་བསྟན་དུ་ཞེ་ན། རེ་ཞིག་གོང་མ་གཉིས་ཀྱི་ཕྲ་རྒྱས་ཐམས་ཅད་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ལ། འདོད་པ་ན་སྤྱོད་པའི་ཕྲ་རྒྱས་ལས་འཇིག་ཚོགས་ལྟ་བ་དང་མཐར་འཛིན་ལྟ་བ་དང་དེ་གཉིས་དང་ལྷན་ཅིག་པའི་མ་རིག་པ་དག་སྦྱིན་སོགས་དང་མི་འགལ་བས་ལུང་མ་བསྟན་ཡིན་ལ། ལྷག་མ་རྣམས་ནི་འདོད་པའི་ཁམས་འདིར་མི་དགེ་བ་སྟེ། བསྡུ་བར། མང་དང་ཉོན་མོངས་ཅན་དང་ནི། །སྤྱོད་དང་དུཿཁ་ཉིད་དང་ཡང་། །ཁ་ན་མ་ཐོ་བུལ་དྲལ་དང་། །ཏིང་ངེ་འཛིན་དང་སྐྱེ་བའོ། །ཞེས་གོང་མའི་དང་ཁྱད་པར་བརྒྱད་བཤད་དོ། །སློབ་དཔོན་ནི་མཐོ་རིས་ལ་སྲེད་པ་དང་ངའོ་སྙམ་པའི་ང་རྒྱལ་ཡང་དེ་གསུམ་དང་ལྡན་པས་བསྒྲིབས་པར་འགྱུར་བའི་ཕྱིར་སྔོན་གྱི་སློབ་དཔོན་གྱི་ལུགས་བཞིན་ཏེ། ལྷན་སྐྱེས་རྣམས་ནི་ལུང་མ་བསྟན། །ཀུན་བཏགས་ནི་མི་དགེ་བའོ་ཞེས་སོ། །གཉིས་པ་ལ། མི་དགེ་བའི་དང་། ལུང་མ་བསྟན་གྱི་རྩ་བའོ། །དང་པོ་ནི། འདོད་པ་ན་ཕྲ་རྒྱས་དུ་མི་དགེ་བའི་རྩ་བ་ཡིན་ཞེ་ན། འདོད་ཆགས་དང་ཁོང་ཁྲོ་དང་འཇིག་མཐར་དང་ལྡན་པ་ལྷན་ཅིག་པ་བོར་བའི་རྨོངས་པ་སྟེ་རིས་ལྔ་པོ་རྣམས་ནི་མི་དགེ་བ་ཡང་ཡིན་ལ། ལུས་ངག་གི་ཉེས་སྤྱོད་ཉོན་མོངས་པ་མི་དགེ་བའི་རྩ་བ་ཡང་ཡིན་ལ། ཕྲ་རྒྱས་ལྷག་མ་རྣམས་ནི་མི་དགེ་བའི་རྩ་བ་མིན་ནོ། །གཉིས་པ་ལ། གསུམ་དུ་བསྟན་པ། བཞིར་བསྟན་པའོ། །དང་པོ་ནི། ཁམས་གསུམ་གྱི་བསྒྲིབས་ལ་ལུང་མ་བསྟན་པའི་རྩ་བ་ནི། ཁ་ཆེ་བ་ན་རེ། གསུམ་སྟེ་དེའི་གོང་མའི་སྲེད་པ་དང་མ་རིག་པ་ཁམས་གསུམ་གྱི་བསྒྲིབས་པ་ཐམས་ཅད་དང་། བློ་སྟེ་ལྟ་བ་ཡིན་མིན་གྱི་ཤེས་རབ་བསྒྲིབས་མ་བསྒྲིབས་ཐམས་ཅད་དེ། དེ་ལས་གཞན་པ་ཐེ་ཚོམ་ནི་རྣམ་པ་གཉིས་སུ་འཇུག་པས་གཡོ་ཞིང་། ང་རྒྱལ་ནི་ཁེངས་པའི་མཚན་ཉིད་ཀྱིས་མཐོ་བར་འཇུག་པས་རྩ་བ་དང་ཆོས་མི་མཐུན་པའི་ཕྱིར་རྩ་བ་མིན་ཏེ། འཇིག་རྟེན་ན་རྩ་བ་ནི་བརྟེན་པ་དང་འོག་ན་གནས་པར་མཐོང་ངོ་ཞེས་སོ། །གཉིས་པ་ནི། །བཞི་ཡིན་ནོ་ཞེས་ཉི་འོག་པ་འདོད་དེ། དེ་དག་ནི་ལུང་དུ་མ་བསྟན་པའི་སྲེད་པ་དང་ལྟ་བ་དང་ང་རྒྱལ་དང་རྨོངས་པ་ནི་ལུང་མ་བསྟན་གྱི་རྩ་བར་བཤད་ཅེ་ན། དེའི་རྒྱུ་ནི་སྲེད་པ་དང་ལྟ་བ་དང་ང་རྒྱལ་ཤས་ཆེ་བའི་བསམ་གཏན་པ་གསུམ་ཡོད་ལ། གསུམ་པོ་སོ་སོའི་རྩ་བ་དེ་དག་དང་སྤྱིའི་རྩ་བ་མ་རིག་པ་ཇི་ལྟ་བར་མི་ཤེས་པ་ལས་བྱུང་བའི་ཕྱིར། བསམ་གཏན་ནི་མཚོན་པ་སྟེ་གཟུགས་མེད་ཀྱི་སྙོམས་འཇུག་ཉོན་མོངས་ཅན་ཡང་བཟུང་ཞིང་འདོད་པའི་བསྒྲིབས་པ་ལ་སོགས་པ་གཞན་ཡང་རྩ་བ་ཅུང་ཟད་ཡོད་དོ། །གསུམ་པ་ནི། ཅི་ལུང་རིང་པོའི་མདོ་ལས་ལུང་མ་བསྟན་གྱི་དངོས་པོ་བཅུ་བཞི་གསུངས་པས་དེ་ལུང་མ་བསྟན་ཡིན་ནོ་ཞེ་ན། མིན་ཏེ་མི་དགེ་བའི་སེམས་ཀྱིས་བསླངས་པས་མི་དགེ་བ་ཡིན་ལ། ལུང་མ་བསྟན་དུ་བཤད་པ་ནི་དྲི་བའི་ལན་ལུང་དུ་མ་བསྟན་པས་སོ། །ལན་གྱི་བྱེ་བྲག་གིས་དྲི་བ་ཡང་བཞི་སྟེ། མགོ་གཅིག་ཏུ་ལུང་བསྟན་པའི་དྲི་བ་ནི་སྐྱེས་པ་ཐམས་ཅད་འཆིའམ་ཞེ་ན། འཆིའོ་ཞེས་དང་། རྣམ་པར་ཕྱེ་སྟེ་ལུང་བསྟན་པའི་དྲི་བ་ནི་ཤི་བ་ཐམས་ཅད་སྐྱེའམ་ཞེ་ན། སྲེད་པ་ཡོད་པ་སྐྱེ་ལ་མེད་པ་མི་སྐྱེའོ་ཞེས་དང་། དྲིས་ཏེ་ལུང་བསྟན་པའི་དྲི་བ་ནི་མི་འདི་དམན་ནམ་ཁྱད་པར་འཕགས་ཤེ་ན། ཁོ་ཉིད་ལ་དྲིས་ལ་ལྷ་ལ་ལྟོས་ཏེའོ་ཞེ་ན་དམན་ལ། ངན་འགྲོ་ལ་ལྟོས་ཏེའོ་ཞེ་ན་ཁྱད་པར་འཕགས་སོ་ཞེས་སོ། །གཞག་པར་ལུང་བསྟན་པའི་དྲི་བ་ནི་ཕྱི་རོལ་པ་དག་བདག་ཕུང་པོ་ལས་གཞན་ཡིན་ནམ་མིན་ཞེས་པ་ལ་སོགས་པའི་དྲི་བ་ལྟ་བུ་སྟེ། སེམས་ཅན་གྱི་རྫས་བདག་ཉིད་མ་གྲུབ་པས་ཁྱད་པར་ཕུང་པོ་ལས་གཞན་ཡིན་མིན་ཡང་མི་གྲུབ་པས་ལན་གཞག་པར་བྱ་བ་ཡིན་ནོ། །འོ་ན་ཇི་ལྟར་ལུང་བསྟན་པ་ཞེས་བྱ་ཞེ་ན། ངོ་བོ་མ་གྲུབ་པས་ཁྱད་པར་ལུང་བསྟན་དུ་མེད་དོ་ཞེས་དོན་གྱི་ལུང་བསྟན་པ་ཡིན་ལ་དངོས་སུ་མ་བསྟན་པ་ནི་མ་དད་པ་སྤོང་བའི་ཆེད་དོ། །ལྔ་པ་ལ། ལྡན་ཚུལ་དངོས། སྤངས་པ་ལྡན་པར་བཞག་ཚུལ། ཆོས་གོང་ལ་སེམས་གང་གིས་དམིགས་པའོ། །དང་པོ་ལ། རང་གི་མཚན་ཉིད་པའི་ལྡན་ཚུལ། སྤྱིའི་མཚན་ཉིད་པའི་ལྡན་ཚུལ། ལྡན་པ་དུས་གསུམ་དཔྱད་པའོ། །དང་པོ་ལ། དུས་གཉིས་ཀྱི་དང་། མ་འོངས་པའི་ལྡན་ཚུལ་ལོ། །དང་པོ་ནི། གང་ཟག་གང་གི་ཕྲ་རྒྱས་གང་ཞིག་དམིགས་པ་གང་ལ་རྒྱས་པར་འགྱུར་བའི་གང་ཟག་དེ་ནི། ཕྲ་རྒྱས་དེའི་དམིགས་པ་དེ་དང་ལྡན་པ་ཡིན་ལ། དེའང་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་གསུམ་ནི་ཡུལ་སྡུག་མི་སྡུག་གང་རུང་རེ་ལ་དམིགས་པས་ཉོན་མོངས་པ་རང་གི་མཚན་ཉིད་པ་ཡིན་ལ་ལྟ་བ་ཐེ་ཚོམ་མ་རིག་པ་གསུམ་ནི་ཡུལ་སྡུག་མི་སྡུག་ཀུན་ལ་དམིགས་པས་ཉོན་མོངས་པ་སྤྱི་པ་ཞེས་བྱའོ། །དེ་ལ་འདས་པ་དང་ཉེར་གནས་ད་ལྟར་བའི་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་དག་གིས་ནི་ཡུལ་ཐམས་ཅད་མི་དམིགས་པས་རང་དང་མཐུན་པའི་ཡུལ་གང་ལ་དེ་གསུམ་སྐྱེས་ལ་ད་ལྟར་བ་ནི་སྤངས་པ་མི་སྲིད་ཀྱི། འདས་པའི་མ་སྤངས་པའི་ཉོན་མོངས་པས་དངོས་པོ་དེ་དང་གང་ཟག་ལྡན་པར་བྱེད་པ་ཡིན་ལ། སྤངས་པ་ནི་དམིགས་པ་ལ་མི་རྒྱས་པས་ལྡན་པར་མི་བྱེད་ཅིང་དེས་མཚོན་ནས་མི་རྒྱས་པའི་ཡུལ་ཀུན་མི་ལྡན་ལ། དེ་གསུམ་ཡིད་ཀྱི་ས་པའི་ཡུལ་དུས་གསུམ་པ་དང་གཉིས་པོ་སྒོ་ལྔའི་ས་པའི་རང་དུས་པ་ཡིན་པས་ཉོན་མོངས་པའི་ཐོབ་པ་གང་ལ་ཡོད་པའི་རྒྱུད་དེ་ཡུལ་དེ་དང་ལྡན་པར་འདོད་དོ། །གཉིས་པ་ནི། ཡིད་ཀྱི་ས་པའི་དེ་གསུམ་མ་འོངས་པ་མ་སྤངས་པས་ན་རང་གི་ཡུལ་དུས་གསུམ་ཀུན་དང་ལྡན་པར་བྱེད་ཅིང་། ཆགས་སྡང་གཉིས་པོ་གཞན་སྒོ་ལྔའི་ས་པ་སྐྱེ་འགྱུར་གྱིས་ནི་སྔ་ཕྱི་ཡུལ་མིན་པས་རང་དང་དུས་མཉམ་པའི་ཡུལ་ལྡན་པར་བྱེད་ལ། མི་སྐྱེའི་ཆོས་ཅན་རྣམས་ཀྱིས་ཡུལ་དུས་གསུམ་ཐམས་ཅད་དང་ལྡན་པར་བྱེད་དེ། ཉོན་མོངས་ཉིད་མི་སྐྱེའང་ཡུལ་མི་སྐྱེ་བར་མ་ངེས་ཀྱི་ད་ལྟར་བ་དང་འདས་པར་འགྱུར་བ་ཡིན་པའི་ཕྱིར། ལྕམ་པ་བཞིན་ནོ་ཞེས་ཏེ་དངོས་སུ་དམིགས་པ་ནི་མིན་ནོ་ཞེས་བླ་མ་གསུང་ངོ་། །གཉིས་པ་ནི། ལྷག་པ་སྤྱི་པའི་ཉོན་མོངས་པ་གསུམ་པོ་ནི་ཡིད་ཀྱི་ས་པ་ཁོ་ན་ཡིན་པས་དུས་གསུམ་མ་སྤངས་པ་ཀུན་གྱིས་དུས་གསུམ་པའི་ཡུལ་སྡུག་མི་སྡུག་ཀུན་དང་ལྡན་པར་བྱེད་ལ། མ་རིག་པ་སྒོ་ལྔའི་ས་པ་ནི་སྔར་བཞིན་ནོ། །གསུམ་པ་ལ་འདོད་པ་བརྗོད། དེ་དག་དགག དེའི་ལན་ནོ། །དང་པོ་ལའང་། དམ་བཅའ་དང་རྟགས་འགོད། ཡོ་སྨྲའི་དབྱེ་བ། དབྱིག་བཤེས་ཀྱི་ལུགས་འཐད་པའོ། །དང་པོ་ནི། དུས་གཉིས་རྫས་སུ་ཡོད་ན་འདུས་བྱས་རྟག་པར་འགྱུར་ལ། མེད་ན་ཇི་ལྟར་ལྡན་པར་བྱ་བ་དང་བྱེད་པ་པོར་མི་རུང་ངོ་ཞེ་ན། དུས་རྣམས་ཀུན་ཏུ་རྫས་སུ་ཡོད་ལ་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པས་སྐྱོན་གཉིས་ཀ་མེད་དོ། །སྒྲུབ་བྱེད་ལུང་ནི་མདོ་ལས། གང་གི་ཕྱིར་འདས་པའི་གཟུགས་ཡོད་པ་དེའི་ཕྱིར་འདས་པའི་གཟུགས་ལ་མི་ལྟ་བ་ཡིན་ནོ། །མ་འོངས་པ་ལ་མངོན་པར་དགའ་བ་དང་ད་ལྟར་བ་ལ་རོ་མྱོང་བ་ཞེས་ཕུང་པོ་ལྔ་ཆར་ལ་སྦྱང་ཞིང་གསུངས་པའི་ཕྱིར་དང་། སྐྱེ་མཆེད་དྲུག་གི་སྡོམ་ཚིག་གི་མདོ་ལས། རྣམ་པར་ཤེས་པ་ནི་གཉིས་ལ་བརྟེན་ནས་སྐྱེའོ་ཞེས་འདས་མ་ཐག་པའི་ཡིད་དང་དུས་གསུམ་པའི་ཆོས་ལས་ཡིད་ཤེས་སྐྱེ་བར་བཤད་པའི་ཕྱིར་དངོས་མེད་ནི་རྟེན་དུ་མི་རུང་ངོ་། །རིགས་པ་ནི། ཡུལ་ཡོད་ན་རྣམ་ཤེས་སྐྱེ་ལ་མེད་ན་མི་སྐྱེ་ཞིང་དུས་གསུམ་ལ་དམིགས་པའི་ཤེས་པ་སྐྱེ་བའི་ཕྱིར་དང་། འདས་པ་མེད་ན་དགེ་མི་དགེའི་འབྲས་བུ་མི་རུང་བ་ལས་ཚེ་ཕྱི་མའི་རྣམ་སྨིན་གྱི་འབྲས་བུ་ཡོད་པའི་ཕྱིར་འདས་པ་ཡོད་དོ། །དེ་ལྟར་དུས་གསུམ་པོ་དེ་རྫས་སུ་ཡོད་པར་སྨྲ་བའི་ཕྱིར་བཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་སུ་འདོད་ཀྱི། ད་ལྟར་བ་དང་འབྲས་བུ་མ་ཕྱུང་བའི་འདས་པ་ནི་ཡོད་ལ་མ་འོངས་པ་དང་ཕྱུང་བ་ནི་མེད་དོ་ཞེས་སྨྲ་ན་རྣམ་པར་ཕྱེ་སྟེ་སྨྲ་བའོ། །གཉིས་པ་ནི། དུས་གསུམ་ཡོད་པར་སྨྲ་བ་དེ་དག་ཀྱང་རྣམ་པ་བཞི་སྟེ། བཙུན་པ་ཆོས་སྐྱོབ་ནི། ཆོས་གཅིག་དུས་གསུམ་དུ་འཇུག་པ་ན་མ་འོངས་པ་དོར་ནས་ད་ལྟར་བ་དང་དེ་དོར་ནས་འདས་པ་ཐོབ་པས་དངོས་པོ་གཞན་དུ་འགྱུར་གྱི་རྫས་གཞན་དུ་མི་འགྱུར་ཏེ། འོ་མ་དང་ཞོ་དང་དེ་མར་དུ་འགྱུར་བ་ན་རོ་ནུས་གཞན་དུ་འགྱུར་གྱི་ཁ་དོག་མི་འགྱུར་བ་བཞིན་ཞེས་སྨྲ་བས་སོ། །དེས་ན་འདིས་དངོས་པོ་དང་རྫས་མི་གཅིག་པར་འདོད་དོ། །བཙུན་པ་དབྱངས་སྒྲོགས་ན་རེ། དུས་རེ་རེ་ཡང་དུས་གསུམ་ཆར་གྱི་མཚན་ཉིད་དང་ལྡན་ཡང་མ་འོངས་པ་སོགས་གང་གི་མཚན་ཉིད་ཤས་ཆེ་བ་དེ་མ་འོངས་པ་སོགས་སུ་འཇོག་པས་མཚན་ཉིད་གཞན་དུ་འགྱུར་གྱི་རྫས་གཞན་དུ་མི་འགྱུར་བས། སྐྱེས་བུ་གཅིག་བུད་མེད་གཅིག་ལ་ལྷག་པར་ཆགས་ཟེར་ཡང་གཞན་ལ་ཆགས་བྲལ་མིན་པ་བཞིན་ནོ། །འདིས་ཀྱང་རྫས་མི་འགྱུར་བར་སྨྲའོ། །བཙུན་པ་དབྱིག་བཤེས་ན་རེ། མ་འོངས་པའི་གནས་སྐབས་དོར་ནས་ད་ལྟར་བའི་གནས་སྐབས་སུ་ཕྱིན་པ་དང་། དེ་དོར་ནས་འདས་པའི་གནས་སྐབས་སུ་ཕྱིན་ནས་གནས་སྐབས་གཞན་དུ་འགྱུར་གྱི་རྫས་གཞན་དུ་མི་འགྱུར་ཏེ། རིལ་བུ་གཅིག་ཉིད་གཅིག་གི་ཤོད་མིག་ཏུ་བཞག་ན་གཅིག་དང་། དེ་བཞིན་དུ་བརྒྱ་དང་སྟོང་གི་ཤོད་མིག་ཏུ་བཞག་ན་དེ་དང་དེར་བརྗོད་པ་བཞིན་ཞེས་འདོད་ལ། འདིས་གནས་སྐབས་དང་གནས་སྐབས་ཅན་རྫས་ཐ་དད་དུ་འདོད་དོ། །བཙུན་པ་སངས་རྒྱས་ལྷ་ན་རེ། ད་ལྟར་བ་ལ་ལྟོས་ཏེ་རང་ལས་སྔ་བ་འདས་པ་དང་། ཕྱི་བ་ལ་མ་འོངས་པ་དང་། དེ་གཉིས་ཀྱི་བར་ད་ལྟར་བ་ཞེས་སྔ་ཕྱི་ལ་ལྟོས་ནས་གཞན་དང་གཞན་དུ་འགྱུར་གྱི་རྫས་གཞན་དུ་མི་འགྱུར་ཏེ། བུད་མེད་གཅིག་ཉིད་ལྟོས་ས་ཐ་དད་ལ་ལྟོས་ནས་མ་དང་བུ་མོ་གཉིས་ཀ་ཡིན་པ་བཞིན་ཞེས་འདོད་དོ། །སྔ་མ་གསུམ་གྱིས་དུས་གསུམ་རྫས་གཉིས་སུ་འདོད་ལ། ཕྱི་མས་ནི་དུས་གསུམ་རྫས་ཀྱང་གསུམ་དུ་འདོད་དོ། །དེ་ལྟར་ལུགས་བཞི་ལས་དང་པོ་ནི། གྲངས་ཅན་པས་རང་བཞིན་རྟག་ལ་གནས་སྐབས་མི་རྟག་ཅེས་འདོད་པ་དང་མཚུངས་ལ། གཉིས་པ་ལ་དུས་འཆོལ་བར་འགྱུར་བ་དང་། བཞི་པ་ལ་ལྟོས་ས་ཐ་དད་ལ་ལྟོས་ནས་དུས་རེ་རེ་ཡང་དུས་གསུམ་ཆར་དུ་འགྱུར་བའི་སྐྱོན་ཡོད་ལ། འོན་ཀྱང་དུས་གསུམ་གྱི་ཁྱད་པར་འདི་ཉིད་རིགས་སོ་ཞེས་ཁ་ཅིག་གསུང་ངོ་། །གསུམ་པ་ནི། བྱེ་སྨྲ་ན་རེ། འདོད་ཚུལ་གསུམ་པ་ཅུང་ཟད་བཟང་སྟེ་བྱ་བ་མི་བྱེད་པ་མ་འོངས་པ་དང་། བྱེད་པ་ད་ལྟར་བ་དང་བྱས་ནས་འགག་པ་འདས་པ་སྟེ་བྱ་བ་ཡིས་དུས་རྣམས་རྣམ་པར་གཞག་པས་དུས་གསུམ་གྱི་ཁྱད་པར་གྲུབ་ལ། གཞན་གྱིས་མི་གྲུབ་པའི་ཕྱིར་ཞེས་སོ། །གཉིས་པ་དེ་དག་དགག་པ་ལ་གསུམ་ལས། དུས་ཀྱི་ཁྱད་པར་ལ་གནོད་པ་བརྗོད་པ་ལ་བཞི་སྟེ། དུས་གསུམ་བྱ་བ་ཡོད་མེད་མཚུངས་པ། བྱ་བ་རེས་འགའ་བ་དང་། གཞན་ལ་ལྟོས་པ་དང་། མི་ལྟོས་པ་མི་རུང་བའོ། །དང་པོ་ནི། ད་ལྟར་བའི་མིག་དེ་མཚུངས་ལྟ་བའི་བྱ་བ་མི་བྱེད་པས་ད་ལྟར་དུ་མི་རུང་ལ། དེ་ནི་འབྲས་བུ་འཛིན་འབྱིན་གྱི་བྱ་བ་ཡོད་དོ་ཞེ་ན། འོ་ན་གཅིག་ནི་འདས་པས་ཞེས་འདས་པའང་འབྲས་བུ་འབྱིན་པས་བྱ་བ་ཡོད་པའམ་འབྱིན་པ་ལ་འཛིན་པ་ཡོད་པས་ཕྱེད་ད་ལྟར་དུ་འགྱུར་རོ། །གཉིས་པ་ནི། ཆོས་ཀྱི་དངོས་པོ་འདས་མ་འོངས་ན་ཡང་ཡོད་ན་བྱ་བ་བྱེད་པ་ལ་གེགས་སུ་བྱེད་དེ་དུས་གཉིས་བྱ་བ་མི་བྱེད་ལ་ད་ལྟར་བ་བྱེད་པའི་རེས་འགའ་བ་མི་རུང་སྟེ་དུས་གསུམ་ཆར་བྱ་བ་ཡོད་མེད་མཚུངས་རིགས་པས་སོ། །ཡང་ན་དུས་གཉིས་ཀྱང་བྱ་བ་བྱེད་པར་འགྱུར་ཏེ། དུས་རྟག་ཏུ་རྫས་སུ་ཡོད་པས་རྟག་ཏུ་བྱ་བ་བྱེད་པ་ལ་གེགས་བྱེད་སུ་ཡང་མེད་པས་སོ། །གསུམ་པ་ནི། བྱ་བ་ཉིད་དེ་ཡང་ཇི་ལྟར་ཡིན། བྱ་བ་ཅན་ལས་གཞན་ཡིན་ན་བྱ་བའང་བྱ་བ་གཞན་དང་བཅས་དགོས་པས་ཐུག་མེད་དུ་འགྱུར་བའམ། བྱ་བ་ལ་བྱ་བ་མེད་ན་བྱ་བ་འདུས་མ་བྱས་ཡིན་པས་རྟག་པར་ཐལ་ལོ། །བཞི་པ་ནི། བྱ་བ་ཆོས་ལས་གཞན་ཡིན་ན་སྐྱོན་དེར་འགྱུར་བ་ལས་གཞན་མིན་ནོ་ཞེ་ན། འོ་ན་ཆོས་རྟག་ཏུ་ཡོད་ལ་དེ་དང་གཅིག་པའི་བྱ་བའང་རྟག་ཏུ་ཡོད་པས་ད་དུང་ཡང་དུས་གསུམ་གྱི་ཁྱད་པར་མི་རུང་བའི་སྐྱོན་སོ་ན་གནས་སོ། །བྱ་བ་ཡོད་པ་ན་ཆོས་དང་ཐ་མི་དད་པ་ཡིན་ཡང་དུས་གཉིས་སུ་བྱ་བ་མ་སྐྱེས་པ་དང་ཞིག་ནས་མེད་དོ་ཞེ་ན། ད་ལྟ་བ་དངོས་པོ་ཡོད་པ་དེ་བཞིན་དུ་དུས་གཉིས་ཀྱང་དངོས་པོ་ཡོད་པར་ཁྱོད་ཉིད་ཀྱང་འདོད་ན་ཅིའི་ཕྱིར་བྱ་བ་མ་སྐྱེས་པ་དང་ཞིག་ནས་མེད་ཅེས་བྱ་སྟེ། བྱ་བ་དང་ཐ་མི་དད་པའི་དངོས་པོ་ཡོད་པའི་ཕྱིར་བྱས་མི་རྟག་བཞིན་ནོ། །གཉིས་པ་སྒྲུབ་བྱེད་དགག་པ་ལ་གསུམ་ལས། ལུང་དང་པོའི་དོན་ནི། གཞི་ད་ལྟར་བྱུང་ཟིན་དང་འབྱུང་འགྱུར་ལ་དགོངས་ནས་དགོངས་པ་སྔོན་བྱུང་བ་ལ་བག་ཆགས་བཞག་པའི་རྒྱུ་དང་། ཕྱིས་མྱོང་ངེས་ཀྱི་འབྲས་བུ་ལ་སྐུར་པ་འདེབས་པ་དགག་པའི་ཆེད་དུ་ཡོད་ཅེས་ཚིག་གི་ཕྲད་ཙམ་གསུངས་པ་སྟེ་མར་མེ་ཤི་བ་ནི་ཡོད་དོ་ཞེས་པ་ལྟ་བུའོ། །ལུང་གཉིས་པ་དང་རིགས་པ་དང་པོ་འདྲ་བས་དུས་གཉིས་རྣམ་ཤེས་ཀྱི་དམིགས་རྐྱེན་ཡིན་ན་འབྲས་བུ་བས་ཆེས་ཕྱི་བའི་དུས་གཉིས་དང་ཐར་པ་རྣམ་ཤེས་ཀྱི་རྒྱུར་མི་རུང་བས་མ་གྲུབ་ལ། དམིགས་པ་ཙམ་ཡིན་ན་མ་ངེས་ཏེ། མེད་པའི་སྐྱེ་མཆེད་བཅུ་གསུམ་པའི་མིང་ཡང་དམིགས་པ་ཡིན་པས་སོ། །རིགས་པ་གཉིས་པ་ནི། ལས་འདས་པའི་སྐད་ཅིག་གཉིས་པར་བག་ཆགས་བསྒོས་ལ་དེ་རྒྱུད་འགྱུར་བའི་ཁྱད་པར་གྱིས་ས་བོན་འགགས་པ་དང་འབྲས་བུ་འབྱུང་བ་དུས་མཉམ་པ་ཡིན་ནོ། །གསུམ་པ་དགག་པའི་མཇུག་བསྡུ་བས་རང་ལུགས་གཞག་པ་ནི། སྔོན་བྱུང་བ་དང་སྐྱེས་ལ་མ་ཞིག་པ་དང་རྐྱེན་ཡོད་ན་འབྱུང་དུ་རུང་བ་ནི་དུས་གསུམ་སྟེ་མདོ་ལས་འབྱུང་ངོ་། །གསུམ་པ་ནི། རེ་ཞིག་རིགས་པས་གནོད་ཀྱང་ཆོས་རྣམས་ཀྱི་ཆོས་ཉིད་དག་ནི་ཟབ་པ་དང་ཕྲ་བ་དང་རྟོགས་པར་དཀའ་བས་རྟོགས་པར་དཀའི་རྟོག་གེའི་ཡུལ་ལས་འདས་པ་ཡིན་ཏེ། རྒྱན་ལས། རྟོག་གེ་བརྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །ཞེས་གསུངས་སོ། །གཉིས་པ་སྤངས་པ་ལྡན་པར་བཞག་ཚུལ་ནི། གང་ཞིག་སྤངས་ན་དེ་དང་བྲལ་བ་ཡིན་ནམ་ཞེ་ན། སྤངས་ལ་མ་བྲལ་བ་ཡོད་དེ། དུཿཁ་ཤེས་པ་སྐྱེས་ལ་ཀུན་འབྱུང་ཤེས་པ་མ་སྐྱེས་པའི་ཚེ། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རྣམས་སྤངས་ཀྱང་ཀུན་འགྲོ་ལྷག་མ་ཀུན་འབྱུང་མཐོང་སྤང་རྣམས་ཀྱིས་དེ་ལ་དམིགས་ལ་ཡུལ་ཅན་མ་སྤངས་པའི་ཡུལ་ལྡན་པར་བཤད་པས་མ་སྤངས་ཀྱི་བར་དུ་ལྡན་ཞིང་། སྒོམ་སྤང་དང་པོའི་རྣམ་པ་བརྒྱད་ཀྱི་བར་དུ་སྤངས་ཀྱང་དེ་རྣམས་ཀྱི་ཡུལ་ཅན་དྲི་མ་ལྷག་མ་མ་སྤངས་པ་རྣམས་ཀྱིས་དམིགས་ནས་ལྡན་ནོ། །གསུམ་པ་ཆོས་གང་ལ་སེམས་གང་གིས་དམིགས་པ་ལ། ཁམས་གསུམ་གྱི་ཆོས་ལྔ་ལ་དང་། ཟག་མེད་ལ་སེམས་གང་གིས་དམིགས་པའོ། །དང་པོ་ལ། ཆོས་གསུམ་ལ་དང་། ཆོས་གཉིས་ལ་སེམས་གང་གིས་དམིགས་པའོ། །དང་པོ་ནི། འདིར་དངོས་པོ་གང་ལ་ཕྲ་རྒྱས་དུ་ཞིག་དམིགས་ནས་རྒྱས་ཤེ་ན། རྒྱས་ཚུལ་ཚིག་ཉུང་ངུས་སྟོན་པ་སྟེ། དེ་ལ་ཡུལ་ཆོས་ཐམས་ཅད་བསྡུ་ན་ཁམས་གསུམ་ན་སྤང་བྱ་རིས་ལྔ་ལྔ་དང་ཟག་མེད་དེ་བཅུ་དྲུག་ཡོད་ལ། དེའི་ནང་ནས་ཡུལ་ཅན་སེམས་ཀྱང་བཅུ་དྲུག་གོ །དེ་དག་ལས་སྡུག་བསྔལ་དང་དེའི་རྒྱུ་མཐོང་བ་དང་སྒོམ་པ་ཡིས་སྤང་བྱ་གསུམ་པོ་འདོད་ཁམས་ལས་སྐྱེས་པ་ནི་གྲངས་འདྲ་བར་རང་གི་ས་པའི་སེམས་དེ་གསུམ་གྱི་ཡུལ་ཅན་ཡིན་ཏེ། དང་པོ་གཉིས་ཀྱིས་ཀུན་འགྲོ་ནི་རང་སའི་རིས་ལྔ་ཆར་ལ་དམིགས་པས་གསུམ་ཚང་བ་དང་། ཀུན་འགྲོ་མིན་པ་ནི་རང་གི་དངོས་སུ་ལོག་ཞུགས་ཀྱིས་ཆོས་ལ་དམིགས་ལ། སྒོམ་སྤང་ཉོན་མོངས་ཅན་ནི་སྒོམ་སྤང་གི་ཆོས་གཅིག་པུ་དང་། ཉོན་མོངས་ཅན་མ་ཡིན་པ་ནི་ཐོས་བསམ་གྱི་དགེ་བ་གསུམ་ཆར་ལ་དམིགས་སོ། །གཟུགས་ཀྱི་སྒོམ་སྤང་དུ་གཏོགས་པ་ནི་དང་པོའི་ཉེར་བསྡོགས་ཀྱི་དགེ་བ་གཅིག་པུ་དང་། དྲི་མེད་དེ་སྡུག་ཀུན་ཤེས་བཟོད་སྒོམ་ལམ་བར་ཆད་མེད་ལམ་སྟེ་རྣམ་ཤེས་ལྔའི་སྤྱོད་ཡུལ་ལོ། །གཟུགས་ཁམས་ལས་སྐྱེས་པའི་སྤང་བྱ་དེ་གསུམ་ནི་རང་གི་སེམས་དེ་གསུམ་དང་འོག་མ་འདོད་པའི་སྐལ་བ་མི་མཉམ་པའི་ཀུན་འགྲོ་གཉིས་དང་སྒོམ་སྤང་དགེ་བ་ཐོས་བསམ་ལས་བྱུང་བའི་ཤེས་རབ་སྟེ་གསུམ་དང་། བསམ་གཏན་བཞི་པའི་དེ་གསུམ་གོང་མ་ནམ་མཁའི་ཉེར་བསྡོགས་ཀྱི་སྒོམ་སྤང་གཅིག་པུ་དང་དྲི་མེད་སྡུག་ཀུན་ལ་རྗེས་སུ་ཤེས་བཟོད་ཀྱིའང་ཡུལ་ལོ། །གཟུགས་མེད་ལས་སྐྱེས་པའི་ཆོས་དེ་གསུམ་ནི་ཁམས་གསུམ་དུ་གཏོགས་པའི་སེམས་གསུམ་པོ་དེ་དག་དང་ཟག་མེད་རྗེས་ཤེས་ཕྱོགས་མཐུན་གྱི་སེམས་ཏེ་བཅུའི་སྤྱོད་ཡུལ་ལོ། །གཉིས་པ་ནི། འགོག་པ་དང་ལམ་མཐོང་སྤང་གི་ཆོས་ཁམས་གསུམ་པ་ཀུན་ཁམས་གསུམ་གྱི་ཆོས་ཡུལ་དུ་བྱེད་པ་པའི་རྣམ་ཤེས་ཀྱི་སྟེང་དུ། རང་རང་དང་དངོས་སུ་ལོག་ཞུགས་ཀྱི་ཆོས་ལོག་ཞུགས་གཉིས་པའི་ཡུལ་ཡིན་པས་དེས་གླགས་པ་སྟེ་ལྷག་པའི་སྤྱོད་ཡུལ་ལོ། །གཉིས་པ་ཟག་མེད་ལ་སེམས་གང་གིས་དམིགས་པ་ནི། ཟག་མེད་ཀྱི་ཆོས་ནི་ཡུལ་ཅན་ཁམས་གསུམ་གྱི་སེམས་ལྔ་ལྔའི་མཐའ་མ་འགོག་ལམ་མཐོང་སྤང་དངོས་ཀྱི་ཡུལ་དེ་གཉིས་དང་། སྒོམ་སྤང་དགེ་བའི་ཡུལ་ཟག་མེད་ཐམས་ཅད་ཡིན་པས་དེ་བསྣན་ན་གསུམ་གསུམ་དང་ཟག་མེད་འགོག་ལམ་ལ་ཤེས་བཟོད་ཀྱི་སྤྱོད་ཡུལ་ལོ། །གཉིས་པ་སེམས་ཕྲ་རྒྱས་དང་བཅས་པའི་དབྱེ་བ་ནི། ཉོན་མོངས་པར་བྱེད་པ་ནི་ཉོན་མོངས་ཅན་ཡིན་ལ་དེ་ཕྲ་རྒྱས་དང་བཅས་པ་ནི་རྣམ་པ་གཉིས་གཉིས་ཀྱིས་ཏེ། མཚུངས་ལྡན་དང་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བ་དང་། དེ་དང་མཚུངས་ལྡན་གང་གིས་སྤངས་པ་དེ་རྒྱས་པར་མི་འགྱུར་ཡང་ལྷན་ཅིག་པ་ཙམ་གྱིས་བཅས་པར་འཇོག་གོ །སེམས་ཉོན་མོངས་ཅན་མིན་པ་ནི་དེ་ལ་དམིགས་པའི་སྤངས་པའི་རྒྱས་གྱུར་ཁོ་ནས་ཕྲ་རྒྱས་དང་བཅས་པར་བཞག་གི འོག་སའི་ཉོན་མོངས་དམིགས་པ་ལ་མི་རྒྱས་པས་ཟག་བཅས་སུ་མི་འཇོག་གོ །གཉིས་པ་ཕྲ་རྒྱས་སྐྱེ་ཚུལ་ལ། སྐྱེ་བའི་རིམ་པ། སྐྱེ་བའི་རྒྱུའོ། །དང་པོ་ནི། བདེན་པའི་དོན་ལ་རྨོངས་པ་ནི་ཕྱོགས་གཉིས་ཐོས་པ་ལས་ཐེ་ཚོམ་སྐྱེ་ལ། དེ་ནས་ནི་ལོག་པའི་ཐོས་བསམ་ལས་ལོག་ལྟ་སྐྱེ་ཞིང་། ཆོས་འདི་པས་དུཿཁའི་རྣམ་པ་བཞག་པ་ལ་སྐུར་པ་བཏབ་པ་དེ་ནས་འཇིག་ཚོགས་ལ་ལྟ་བ་དང་། དེ་ནས་རྟག་པའི་མཐར་འཛིན་པ་དང་། དེ་ནས་གང་མཐར་བཟུང་བ་དེས་འདག་པར་འཛིན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་སྐྱེ་ལ། དེ་ནས་གང་གིས་འདག་པར་ཡིད་ཆེས་པ་དེ་ལ་མཆོག་གོ་ཞེས་ལྟ་བ་མཆོག་འཛིན་འཇུག་ཅིང་། དེ་ནས་རང་གི་ལྟ་བ་དེ་དག་ལ་དོན་དུ་གཉེར་བའི་ཆགས་པ་དང་། དེས་ཁེངས་པའི་ང་རྒྱལ་འཇུག་སྟེ་ཚིག་སྡེབ་པའི་ངོར་ང་རྒྱལ་སྔར་སྨོས་ཤིང་། རང་གི་ལྟ་བ་ལ་ཞེན་ནས་དེའི་དགྲ་འགྱུར་པ་གཞན་འདི་པའི་ལྟ་བ་ལ་ཞེ་སྡང་ངོ་། །ཕྲ་རྒྱས་བཅུ་སྐྱེ་བའི་རིམ་པ་དེ་ལྟར་རོ། །གཉིས་པ་ནི། ཕྲ་རྒྱས་ཐོབ་པ་ཆད་པའི་ཚུལ་གྱིས་སྤངས་པ་མིན་པ་དང་། རང་རང་དང་མཐུན་པའམ་དྲན་པའི་ཡུལ་ནི་ཉེ་བར་གནས་པ་དང་། ཡུལ་དེ་ལ་ཚུལ་བཞིན་མིན་པའི་ཡིད་ལ་བྱེད་པ་ལས་ཉོན་མོངས་པ་སྐྱེ་སྟེ་ཉོན་མོངས་ཀྱི་རྒྱུ་ཚང་བས་སོ། །དེ་དག་ནི་རིམ་བཞིན། ཡུལ་དུ་སྦྱོར་བའམ་རྒྱུ། དམིགས་པ། དེ་མ་ཐག་རྐྱེན་ནོ། །གསུམ་པ་རྣམ་གྲངས་སོགས་ཀྱི་བཤད་པ་ལ། རྣམ་གྲངས་དངོས། དེ་རྣམས་གང་དང་མཚུངས་པར་ལྡན་པ། སྒྲིབ་པ་ལྔ་འདོད་ཁམས་པར་བསྟན་པའོ། །དང་པོ་ལ་ཟག་པ་སོགས་གསུམ་དུ་བསྟན། ཀུན་སྦྱོར་སོགས་ལྔར་བསྟན་པའོ། །དང་པོ་ལ། དབྱེ་བ་དངོས། ངེས་ཚིག་གོ །དང་པོ་ལ། ཟག་པ། ཆུ་སྦྱོར། ཉེར་ལེན་ནོ། །དང་པོ་ལ། འདོད་པའི་ཟག་པ། སྲིད་པའི་ཟག་པ། མ་རིག་པའི་ཟག་པའོ། །དང་པོ་ནི། འདོད་པ་ན་སྤྱོད་པའི་གཏི་མུག་ལྔ་མ་གཏོགས་པའི་ཉོན་མོངས་པ་སུམ་ཅུ་རྩ་གཅིག་དང་འོག་ནས་འབྱུང་བའི་ཀུན་ནས་དཀྲིས་པ་བཅུ་དང་བཅས་པའི་རྫས་བཞི་བཅུ་རྩ་གཅིག་ཕལ་ཆེར་འདོད་པའི་ཡོན་ཏན་ལ་དམིགས་པས་འདོད་པའི་ཟག་པ་ཞེས་བྱའོ། །གཉིས་པ་ནི། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཕྲ་རྒྱས་མ་རིག་པ་བཅུ་བོར་བའི་ལྔ་བཅུ་རྩ་གཉིས་ཁོ་ན་སྲིད་པའི་ཟག་པ་སྟེ། གང་སྤེལ་ལས། ཀུན་ནས་དཀྲིས་པ་དེ་དག་རང་དབང་ཅན་མིན་པས་མ་སྨོས་སོ། །དེ་རྣམས་གཅིག་ཏུ་སྟོན་པའི་རྒྱུ་གསུམ་སྟེ། གོང་མ་དེ་གཉིས་ཀའི་ཕྲ་རྒྱས་རྣམས་ལུང་མ་བསྟན་དང་ཁ་ནང་དུ་བལྟས་ཏེ་འཇུག་པ་དང་། མཉམ་གཞག་གི་ས་པ་ཡིན་པའི་ཕྱིར་ཟག་པ་གཅིག་ཏུ་བྱས་ཏེ་སྲིད་པའི་འདོད་ཆགས་བཞིན་ནོ། །གསུམ་པ་ནི། ཁམས་གསུམ་གྱི་མ་རིག་པ་ལྔ་གསུམ་བཅོ་ལྔ་ནི་མ་རིག་པའི་ཟག་པར་གྲུབ་ལ། དེ་ལོགས་སུ་བཤད་པའི་དགོས་པ་ནི་དེ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ཡིན་པས་དེ་སྤངས་ན་ཐམས་ཅད་སྤང་བར་འགྱུར་རོ་ཞེས་ཤེས་པར་བྱ་བའི་ཕྱིར། ལོགས་ཤིག་ཏུ་ནི་ཟག་པར་བསྟན་ནོ། །གཉིས་པ་ལ་དངོས་དང་། རྩོད་སྤོང་གཉིས་སོ། །དང་པོ་ནི། ཆུ་བོ་སྦྱོར་བའམ་ཟག་པ་བཤད་པ་དེ་བཞིན་དུ་རིག་པར་བྱ་སྟེ། མདོ་ལས་བཞི་འབྱུང་ངོ་ཞེ་ན། ལྟ་བ་རྣམས་ཕྱུང་ནས་འདོད་པའི་ཆུ་བོ་ཉེར་དགུ་སྲིད་པའི་ཆུ་བོ་ཉེར་བརྒྱད། ལྟ་བའི་ཆུ་བོ་སོ་དྲུག་སྟེ་དེ་ནི་ཤེས་རབ་ཀྱི་རང་བཞིན་ཡིན་པར་གསལ་བའི་ཕྱིར་ཆུ་སྦྱོར་ལས་ལོགས་ཤིག་ཏུ་སྟོན་ཞེས་བྱེ་སྨྲ་འདོད་དོ། །སློབ་དཔོན་ནི་གདུལ་བྱའི་དབང་གིས་སོ། །གཉིས་པ་ནི། ཟག་པ་བསྟན་པའི་སྐབས་སུ་ལྟ་བ་ལོགས་སུ་མ་བསྟན་པ་ཅི་ཞེ་ན། ཟག་པའི་སྐབས་སུ་ལོགས་སུ་མིན་ཏེ། དེའི་དོན་ནི་འཁོར་བར་འཇོག་པ་ཡིན་ན་གྲོགས་མེད་པའི་ལྟ་བ་འབའ་ཞིག་པ་རྣམས་ནི་གསལ་བས་འཇོག་པའི་རྗེས་སུ་མི་མཐུན་པ་ཡིན་ལ་གྲོགས་དང་བཅས་ནས་འཇོག་པའི་ཕྱིར་རོ། །དེས་ན་ཉེར་དགུ་ལ་འདོད་པའི་ཆུ་སྦྱོར་ཞེས་སོགས་སྦྱར་རོ། །ལོ་ཞེས་པ་མ་རངས་པ་སྟེ་ཡང་དག་པའི་དོན་ལ་གསལ་བའི་རྟགས་མེད་ཅིང་ཕྱིན་ཅི་ལོག་ལ་གསལ་ན་སླར་འཇོག་པའི་རྗེས་མཐུན་ནོ་ཞེས་སློབ་དཔོན་གསུང་ངོ་། །མ་རིག་པ་བཅོ་ལྔ་ནི་རྩ་བ་ཡིན་པས་མ་རིག་པའི་ཆུ་བོ་ཏེ་སྦྱོར་བའང་དེ་བཞིན་དུ་སྦྱར་རོ། །གསུམ་པ་ལ་དངོས་དང་། རྩོད་སྤོང་གཉིས་སོ། །དང་པོ་ནི། མདོ་གཞན་ལས་ཉེར་ལེན་བཞི་འབྱུང་བ་ནི་ཆུ་སྦྱོར་དུ་ཇི་སྐད་བཤད་པའི་འདོད་པའི་ཆུ་སྦྱོར་ཉིད་མ་རིག་པ་དང་བཅས་པ་སོ་བཞི་ནི་འདོད་པ་ཉེར་ལེན་དང་སྲིད་པའི་ཆུ་སྦྱོར་མ་རིག་པ་དང་བཅས་པ་སོ་བརྒྱད་ནི་སྲིད་པ་ཉེ་བར་ལེན་པ་རྣམས་དང་། ལྟ་བ་ལ་རྣམ་པ་གཉིས་སུ་ཕྱེ་བའི་ཕྱིར་ཁམས་གསུམ་གྱི་ལྟ་བ་དང་པོ་གཉིས་དྲིལ་ནས་སུམ་ཅུ་ནི་ལྟ་བ་ཉེ་བར་ལེན་པ་དང་། ཁམས་གསུམ་གྱི་མཆོག་འཛིན་གཉིས་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་སྟེ། ལྟ་བ་ཐ་མ་གཉིས་ལོགས་སུ་བྱས་པ་ནི་ལམ་མ་ཡིན་ལམ་དུ་འཛིན་པས་ལམ་གྱི་དགྲར་གྱུར་པ་དང་ཕྱོགས་གཉིས་ཀ་བསླུ་བའི་ཕྱིར་ཏེ། ཟས་མི་ཟ་བ་སོགས་ལམ་དུ་འཛིན་པས་ཁྱིམ་པ་བསླུ་ཞིང་ཁ་ཟས་རོ་བརྒྱ་པ་ལ་སོགས་པ་ཐར་པ་དང་མི་འགལ་བའི་ཡུལ་ཡིད་དུ་འོང་བ་སྤངས་པས་འདག་པར་འཛིན་པས་ཕྱི་རོལ་པའི་རབ་བྱུང་རྣམས་བསླུ་བའི་ཕྱིར་རོ། །གཉིས་པ་ནི། འོ་ན། མ་རིག་པ་ཉེར་ལེན་དུ་བསྲེས་ཏེ་བཤད་པ་ཅི་ཞེ་ན། སྲིད་པར་འཛིན་པ་ནི་ཉེར་ལེན་ཡིན་ལ། མ་རིག་པ་རྐྱང་པ་ནི་མི་གསལ་བས་འཛིན་པར་བྱེད་པ་མིན་ལ། ཉོན་མོངས་གཞན་དང་འདྲེས་པ་ན་འཛིན་པའི་ཕྱིར་བསྲེས་སོ། །སྐུ་མཆེད་གཉིས་ནི་འདོད་པ་སོགས་བཞི་ལ་འདུན་ཞིང་ཆགས་པ་ཉེར་ལེན་བཞིར་བཞེད་དོ། །གཉིས་པ་ངེས་ཚིག་ལ། ཕྲ་རྒྱས་སྤྱིའི་དང་། བྱེ་བྲག་ཟག་བཅས་ཀྱི་ངེས་ཚིག་གོ །དང་པོ་ནི། གང་གི་ཕྱིར་ཕྲ་རྒྱས་ཞེས་བྱ་ཞེ་ན། ཉོན་མོངས་དེ་དག་རྒྱུད་ལ་རྒྱུ་བ་རྟོགས་དཀའ་བས་འཇུག་པ་ཕྲ་བ་དང་། ཐོབ་པ་དང་རྗེས་སུ་འབྲེལ་བ་དང་། དམིགས་པ་དང་མཚུངས་ལྡན་རྣམ་པ་གཉིས་ཀྱིས་རྒྱས་པར་འགྱུར་བ་དང་། ངོ་བོ་མ་སྤངས་པ་ན་སྦྱོར་བ་མེད་པར་བཟློག་པ་བཞིན་ཡང་དང་ཡང་དུ་རྗེས་སུ་འབྲང་བས་དེའི་ཕྱིར་ཕྲ་རྒྱས་དག་ཏུ་བཤད་པ་ཡིན་ནོ། །དེ་ཡང་དང་པོ་དང་གསུམ་པས་ངེས་ཚིག་དང་གཞན་གཉིས་ཀྱིས་དོན་བཤད་དོ། །གཉིས་པ་ནི། དེ་དག་གིས་འཁོར་བར་འཇོག་པར་བྱེད་པའམ། སྐྱེ་མཆེད་དྲུག་གི་རྨའི་སྒོ་ནས། ཟག་ཅིང་འབོ་བར་བྱེད་པ་དང་། འགྲོ་བའམ་ཡུལ་གཞན་དུ་འཁྱེར་ཞིང་འཁྲིད་པར་བྱེད་པ་དང་དེ་དག་ཏུ་སྦྱོར་ཞིང་འབྱར་བར་བྱེད་པ་དང་། ཡང་སྲིད་དམ་འདོད་པ་སོགས་བཞི་པོར་རྣམ་ཤེས་ཉེ་བར་འཛིན་ཞིང་ལེན་པར་བྱེད་པའི་ཕྱིར་ཟག་པ་དང་། སོགས་པ་ཆུ་སྦྱོར་དང་ཉེར་ལེན་དུ་བཞག་པའི་ཕྲ་རྒྱས་དེ་དག་གི་ནི་ངེས་ཚིག་ཡིན་ཏེ། དཔེར་ན་རྣག་དང་ཆུ་བོ་དང་སྦྱིན་དང་ལྕགས་ཀྱུ་ལྟ་བུའོ། །མདོ་སྡེ་པ་ནི་ཕྲ་རྒྱས་བག་ལ་ཉལ་ལ་འདོད་པས་དེའི་ཕྱིར། ཕྲ་བ་དང་རྐྱེན་དང་རྗེས་སུ་འབྲེལ་བ་དང་བག་ལ་ཉལ་ཏེ་རྐྱེན་དང་འཕྲད་ན་རྣམ་པ་གཉིས་ཀྱིས་རྒྱས་པར་འགྱུར་བ་དང་གཉེན་པོ་མ་སྐྱེད་ཀྱི་བར་དུ་རྗེས་སུ་འབྲང་བར་འདོད་པའོ་ཞེས་གསུངས་སོ། །སློབ་དཔོན་ནི་ངེས་ཚིག་གཞན་དུ་འཆད་དོ། །གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། ཕྲ་རྒྱས་དེ་དག་ཉིད་ཀུན་ཏུ་སྦྱོར་བ་དང་། སོགས་པ་འཆིང་བ་དང་ཕྲ་རྒྱས་དང་ཉེ་ཉོན་དང་ཀུན་དཀྲིས་ཀྱི་དབྱེ་བས་ཀྱང་རྣམ་པ་ལྔར་བཤད་དོ། །ཅི་ཉེ་ཉོན་ཕྲ་རྒྱས་ཀྱི་རྣམ་གྲངས་སུ་ཇི་ལྟར་འཐད་ཅེ་ན། ལས་བསྟན་གྱི་ཊཱི་ཀར་རྩ་ཉོན་ཡང་ཉེ་ཉོན་དུ་འབྱུང་བ་དང་འདོད་ཟག་དང་ཀུན་སྦྱོར་དུ་ཉེ་ཉོན་སྨོས་པ་ཡང་མིང་མཐུན་པའི་ཚེ་རྣམ་གྲངས་སུ་བཏགས་པའོ་ཞེས་འཆད་དོ། །གཉིས་པ་ལ་བཞི་སྟེ། ཀུན་སྦྱོར། འཆིང་བ། ཉེ་ཉོན། ཀུན་དཀྲིས་སོ། །དང་པོ་ལ། ཀུན་སྦྱོར་དགུར་བསྟན། ཆ་མཐུན་ལྔར་བཤད་པའོ། །དང་པོ་ལ་ལྟ་བ་གསུམ་གཉིས། ཕྲག་དོག་སེར་སྣ་ཀུན་སྦྱོར་དུ་བཞག་པའི་རྒྱུ་མཚན་ནོ། །དང་པོ་ནི། ལྟ་བ་དང་པོ་གསུམ་དང་ཕྱི་མ་གཉིས་ནི་ཁམས་གསུམ་ན་རྫས་བཅོ་བརྒྱད་བཅོ་བརྒྱད་དུ་འདྲ་བ་དང་། གསུམ་ནི་མཆོག་ཏུ་གཟུང་བྱར་འདྲ་ཞིང་། གཉིས་ནི་མཆོག་ཏུ་འཛིན་བྱེད་དུ་འདྲ་བའི་ཕྱིར་ལྟ་བ་ཕྱི་མ་གཉིས་དང་སྔ་མ་ཀུན་ཏུ་སྦྱོར་བ་གཞན་ཡིན་ནོ། །དབུས་མཐར་རིམ་བཞིན་འགོག་ལམ་གཉིས་ཤེས་པ་ལ་སྒྲིབ་པས་ཐ་དད་དུ་བཤད་པའོ། །གཉིས་པ་ནི། ཀུན་དཀྲིས་རྣམས་ལས་ཕྲག་དོག་དང་སེར་སྣ་ཁོ་ན་ཀུན་སྦྱོར་དུ་བཤད་པ་ཅི་ཞེ་ན། རྒྱུ་གང་གི་ཕྱིར་ན་གཉིས་ཀ་མཐའ་གཅིག་ཏུ་མི་དགེ་བ་དང་རང་དབང་ཅན་ཡིན་པ་དེ་ཡི་ཕྱིར་ཕྲག་དོག་དང་སེར་སྣ་གཉིས་ཀུན་དཀྲིས་དེ་དག་ལས་ལོགས་ཤིག་ཏུ་ཀུན་སྦྱོར་གཉིས་སུ་བཤད་དོ། །ངོ་ཚ་མེད་པ་སོགས་ནི་ཆགས་སོགས་དང་ལྡན་པས་རང་དབང་ཅན་མིན་ཞིང་། འགྱོད་པ་ནི་མ་རིག་པ་ཙམ་དང་ལྡན་པས་རང་དབང་ཅན་ཡིན་ཡང་གཅིག་ཏུ་མི་དགེ་བ་མིན་ནོ། །གཞན་དག་ན་རེ། ཀུན་དཀྲིས་བརྒྱད་དུ་འདོད་པ་ལ་ལན་དེ་རུང་གི་བཅུར་འདོད་པ་ལ་མི་རུང་ངོ་ཞེས་ཟེར། འདུས་བཟང་ནི་དེ་གཉིས་ཡང་ཡང་འབྱུང་བས་བདེ་འགྲོ་ན་ལྷག་པར་འཆིང་བས་སོ་ཞེས་བཤད་དོ། །གཉིས་པ་ལ་ཐ་མའི་ཆ་མཐུན། གོང་མའི་ཆ་མཐུན་ལྔའོ། །དང་པོ་ལ། ངོ་བོ་བྱེད་ལས་དང་བཅས་པ། ཀུན་སྦྱོར་གསུམ་གྱི་རྒྱུ་མཚན་ནོ། །དང་པོ་ནི། མདོ་ལས་ཐ་མའི་ཆ་འདོད་ཁམས་དང་མཐུན་པའི་ཀུན་ཏུ་སྦྱོར་བ་རྣམ་པ་ལྔ་གསུངས་ཏེ། འཇིག་ལྟ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དང་ཐེ་ཚོམ་ཁམས་གསུམ་པ་ཅན་ཡིན་ལ། འདོད་པ་ལ་འདུན་པ་དང་གནོད་སེམས་ནི་འདོད་ཁམས་སོ། །ཇི་ལྟར་མཐུན་ཞེ་ན། ཐ་མ་གཉིས་ཀྱིས་ནི་འདོད་པ་ལས་མི་འདའ་བར་བྱེད་པ་སྟེ་དེ་ཁོ་ནའི་ཉོན་མོངས་ཡིན་པས་སོ། །དང་པོ་གསུམ་པོ་ཡིས་འདོད་པ་ལས་ལན་གཅིག་འདས་ཏེ་གོང་མར་སྐྱེས་ཀྱང་ཕྱིར་ལྡོག་པར་བྱེད་དེ། སོ་སྐྱེ་གཏན་དུ་དེར་མི་སྡོད་ཅིང་ཡང་སྲིད་ལ་ཐ་མ་མེད་པའི་ཕྱིར་རོ། །དཔེར་ན་སྒོ་པས་བཙོན་ར་ནས་འབྱུང་དུ་མི་སྟེར་བ་དང་། བཙོན་ར་ནས་ཤོར་ཡང་རྗེས་བསྲུངས་པས་ཕྱིར་ཟློག་པ་བཞིན་ནོ། །སེམས་ཙམ་པ་ནི་སྔ་མ་གསུམ་གྱིས་སེམས་ཅན་གྱི་ཐ་མ་སོ་སྐྱེ་དང་ཕྱི་མ་གཉིས་ཀྱིས་ཁམས་ཐ་མ་འདོད་ཁམས་ལས་མི་འདའ་བས་སོ་ཞེས་སོ། །གཉིས་པ་ནི། རྒྱུན་ཞུགས་ཀྱི་མཐར་ལྟ་སོགས་ཀྱང་སྤངས་ན་ཀུན་སྦྱོར་སྔ་མ་ཁོ་ན་སྤངས་པས་རྒྱུན་ཞུགས་སུ་མིང་ཆེན་གྱི་མདོ་ལས་གསུངས་པ་ཇི་ལྟར་ཞེ་ན། མཐར་འཛིན་གྱི་སྒོ་ནི་འཇིག་ལྟ་དང་། ལྟ་བ་མཆོག་འཛིན་གྱི་སྒོ་མཆོག་འཛིན་ཕྱི་མ་དང་། ལོག་ལྟའི་སྒོ་ཐེ་ཚོམ་ཡིན་པས་ལྟ་བ་དང་པོ་སྤངས་པར་བསྟན་པས་གཉིས་པ་སྤངས་པར་གོ་ལ། བཞི་པའི་སྒོ་ལྔ་པ་སྤངས་པར་བསྟན་པས་བཞི་པ་སྤངས་པར་གོ་ལ། ལོག་ལྟའི་སྒོ་ཐེ་ཚོམ་སྟེ་རྩ་བ་གསུམ་སྤངས་པར་བསྡུས་ཏེ་བསྟན་པའི་ཕྱིར་རྩ་བ་ཅན་དེ་གསུམ་སྤངས་པར་གྲུབ་པས་གསུམ་ཁོ་ན་མདོར་སྨོས་སོ། །སློབ་དཔོན་ནི་རྒྱུན་ཞུགས་ཀྱིས་ཐར་པའི་གྲོང་དུ་འཇུག་པའི་གེགས་ཐམས་ཅད་བཅོམ་པ་ཡིན་ལ། དེ་ནི་གསུམ་སྟེ་འཇིག་ལྟས་ཐར་པ་ལ་སྐྲག་སྟེ་འགྲོ་མི་འདོད་པ་དང་། ལྟ་བ་ལྔ་པས་ལམ་མིན་པར་འཛིན་པས་ལམ་ནོར་བ་དང་། ལམ་ལ་ཐེ་ཚོམ་ཟ་ན་ཡང་དག་པའི་ལམ་འདོར་བས་གསུམ་པོ་དེ་སྙེད་ཅིག་ཐར་པ་བགྲོད་པ་ལ་གཙོ་བོར་གེགས་བྱེད་པ་དེ་ཡི་ཕྱིར་ན་རྒྱུན་ཞུགས་ཀྱིས་གསུམ་སྤངས་པར་བསྟན་ནོ་ཞེས་སོ། །གཉིས་པ་གོང་མའི་ཆ་མཐུན་ནི། ཡང་མདོ་ལས་གོང་མའི་ཆ་དང་མཐུན་པའི་ཀུན་སྦྱོར་ལྔ་ཉིད་གསུངས་ཏེ། ཇི་ལྟར་ཞེ་ན། གཟུགས་དང་གཟུགས་མེད་པ་ལས་སྐྱེས་པའི་འདོད་ཆགས་གཉིས་སོ་སོར་བཤད་པ་ནི་སྤང་བྱའི་གཙོ་བོའམ་ཉེར་ལེན་གྱི་རྒྱུ་ཡིན་པས་སོ། །རྒོད་པ་དང་ང་རྒྱལ་དང་རྨོངས་པའོ། །གསུམ་པོ་རེ་རེ་བཤད་པ་ནི། གོང་མ་ཡོངས་སུ་མི་བཏོང་བར་མཚུངས་པས་ཞེས་སྔ་རབས་པ་དག་འཆད་དོ། །གཉིས་པ་ནི། རྟེན་ཚོར་བ་གསུམ་དུ་ངེས་པའི་དབང་གིས་དུས་གསུམ་གྱི་འཆིང་བ་གསུམ་མོ། །གསུམ་པ་ནི། རྩ་བའི་ཉོན་མོངས་པ་ལས་གཞན་པའི་ཉོན་མོངས་པ་ཅན་སེམས་ལས་བྱུང་བ་འདུ་བྱེད་ཀྱི་ཕུང་པོ་ཞེས་པས་བསྡུས་པ་གང་ཡིན་པ་དེའང་ཉེ་བའི་ཉོན་མོངས་པ་སྟེ། ཉོན་མོངས་དང་ཉེ་བའི་ངོ་བོ་ཡིན་པས་སམ་ཉེ་བར་འདུག་པས་སོ། །དེ་དག་ཉེ་ཉོན་ཁོ་ན་ཡིན་གྱི་ཉོན་མོངས་ཞེས་ནི་མི་བྱའོ། །སར་ནི་སེམས་ཉེ་བར་ཉོན་མོངས་པར་བྱེད་པས་སོ་ཞེས་བཤད་དོ། །དབྱེ་ན་འདི་ནས་སྟོན་པ་བཅུ་དྲུག་དང་། མ་དད་བག་མེད་ལེ་ལོ་དང་། གཞི་ཕྲན་ཚེགས་ནས་འབྱུང་བའི་མི་དགའ་བ་ནས་འཁྲུག་པའི་བར་ཉེར་བཞི་དང་། རིན་ཆེན་ཕྲེང་བར། དེས་ནས་ཉེས་པ་ཕྲན་ཚེགས་ཞེས། །ལྔ་བཅུ་རྩ་བདུན་བསྒྲགས་པ་རྣམས། །ཞེས་པའོ། །བཞི་པ་ལ། དངོས་ཀྱི་དོན། ཞར་ལ་དྲི་མ་བཤད་པ། དེའི་ཁྱད་པར་རོ། །དང་པོ་ལ་ཀུན་དཀྲིས་ཀྱི་དབྱེ་བ། དེ་ཉེ་ཉོན་དུ་བཞག་པའོ། །དང་པོ་ནི། མདོ་ལས་བྱུང་བའི་རྩ་ཉོན་ཡང་ཀུན་དཀྲིས་སུ་འདོད་ལ། བསྟན་བཅོས་རབ་ཏུ་བྱེད་པར་ནི་ཉེ་ཉོན་གྱི་དབང་དུ་བྱས་པའི་བརྒྱད་འབྱུང་སྟེ། གྲངས་ངེས་པ་ནི་བསླབ་པ་གསུམ་ཕན་འདོགས་དང་བཅས་པའི་མི་མཐུན་པའི་སྒོ་ནས་ཚུལ་ཁྲིམས་ཀྱི་ངོ་ཚ་དང་ཁྲེལ་མེད་དང་། གཞན་ལ་ཕན་འདོགས་པའི་ཕྲག་དོག་སེར་སྣ་དང་། ཤེས་རབ་ཀྱི་རྒོད་པ་དང་འགྱོད་པ་དང་། སེམས་ཀྱི་རྨུགས་པ་དང་གཉིད་པ་དེ་དག་ནི། སར་སྲིན་བུ་ཁ་ཆུས་དཀྲིས་པ་ལྟར་ཡང་ཡང་འབྱུང་བས་སེམས་འཁྲི་ཞིང་གཡོག་པར་བྱེད་པ་ཕྱིར་ཀུན་ནས་དཀྲིས་པ་རྣམ་པ་བརྒྱད་དོ། །བྱེ་སྨྲ་ནི་སྒྲ་དོན་གནས་པར་བསམས་ནས་ཁྲོ་དང་འཆབ་པ་བསྣན་པས་བཅུར་འདོད་དོ། །གཉིས་པ་ནི། རྒྱུ་མཐུན་སྒྲུབ་པར་བྱེད་དོ་ཞེས་པའི་དོན་དཔེར་བརྗོད་པའམ། རྩ་བའི་ཉོན་མོངས་དང་ཇི་ལྟར་ཉེ་བ་བསྟན་པས་སམ་རྙེད་བཀུར་སོགས་འདོད་ཆགས་སྔོན་དུ་སོང་བ་ཡིས་ངོ་ཚ་མེད་པ་དང་། རྒོད་པ་དང་སེར་སྣ་བསླང་ལ། འཆབ་པ་ལ་རྩོད་པ་ཡོད་དེ། ཁ་ཅིག་རྙེད་བཀུར་མེད་ན་མི་རུང་ངོ་སྙམ་པ་དང་། ཁ་ཅིག་ལས་བདག་གིར་བྱ་བ་མི་རིག་པའི་མ་རིག་པ་དང་། ཁ་ཅིག་ཤེས་པ་དང་མི་ཤེས་པས་གཉིས་ཀ་ཡིན་ནོ་ཞེས་སོ། །ཁ་ན་མ་ཐོ་བའི་འབྲས་བུ་མ་རིག་པ་ལས་རྨུགས་དང་གཉིད་དང་ཁྲེལ་མེད་དོ། །ལས་འབྲས་ལ་ཐེ་ཚོམ་ཟ་བ་ལས་འགྱོད་པ་མི་དགེ་བ་དང་ཁྲོ་བའོ། །ཕྲག་དོག་ནི་ཡུལ་ལ་མནར་སེམས་སྔོན་དུ་འགྲོ་བས་ཁོང་ཁྲོའི་རྒྱུ་ལས་བྱུང་ངོ་། །གཉིས་པ་ལ། དྲི་མའི་དབྱེ་བ། དེ་ཉེ་ཉོན་དུ་གཞག་པའོ། །དང་པོ་ནི། ཉོན་མོངས་བཅུ་ལས་ཉེ་བའི་ཉོན་མོངས་པ་ལུས་ལས་དྲི་མ་ལྟར་ཉོན་མོངས་ལས་བྱུང་བས་དྲི་མ་སྟེ་སྒྱུ་ལ་སོགས་པ་དྲུག་གོ །གཉིས་པ་ནི། སྒྱུ་དང་རྒྱགས་པ་ནི་རང་གི་ཆོས་ལ་འདོད་ཅིང་ཆགས་པ་སྔོན་དུ་སོང་བ་ལས་སྐྱེས་ལ། འཁོན་འཛིན་དང་རྣམ་འཚེ་ནི་ཡུལ་ལ་མནར་སེམས་པའི་ཁོང་ཁྲོ་ལས་སྐྱེས་སོ། །འཚིག་པ་ནི་སྡིག་པ་ལ་མཆོག་ཏུ་འཛིན་པ་སྔོན་དུ་འགྲོ་བས་ལྟ་བ་མཆོག་འཛིན་ལས་སྐྱེས་སོ། །གཡོ་ནི་ལས་འབྲས་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བས་ཀུན་ནས་བསླངས་ནས་སྡིག་པ་མི་འཆགས་པར་གྱ་གྱུ་བྱེད་པའོ། །རྣམ་འཚེ་དང་གནོད་སེམས་ཀྱི་ཁྱད་པར་ནི། ཊཱི་ཀ་ལས། བསད་དམ་བཅིང་ངམ་བརླག་གམ་ཕོངས་པར་གྱུར་ཅིག་སྙམ་པའི་གནོད་པ་ཆེན་པོ་སྒྲུབ་པ་དང་། བརྡེག་པ་དང་སྐྲག་པ་དང་སྡིགས་པ་སོགས་ཆུང་ངུ་སྒྲུབ་པ་རྣམ་འཚེའོ་ཞེས་བཤད་དོ། །གསུམ་པ་ལ། མཐོང་སྤང་དང་སྒོམ་སྤང་གི་ཁྱད་པར། མི་དགེ་བ་དང་ལུང་མ་བསྟན་གྱི་ཁྱད་པར། ཁམས་དང་སའི་ཁྱད་པར་རོ། །དང་པོ་ནི། ཀུན་དཀྲིས་བཅུ་པོ་དེ་ལས་ངོ་ཚ་མེད་པ་དང་ཁྲེལ་མེད་དང་རྨུགས་གཉིད་རྒོད་པ་ནི་སྤང་བྱ་རྣམ་པ་གཉིས་ཡིན་ལ། དེ་ལས་གཞན་ལྔ་པོ་ནི། ཤེས་བྱ་རང་མཚན་ལ་ལོག་པར་ཞུགས་པའི་ཕྱིར་སྒོམ་པས་སྤང་བར་བྱ་བ་ཁོ་ན་ཡིན་ཞིང་། མ་རིག་པ་ཙམ་དང་ལྡན་གྱི་ཆགས་སོགས་ཀྱི་དབང་དུ་མ་གྱུར་པས་རང་དབང་ཅན་ཡིན་ནོ། །དེ་བཞིན་དུ་དྲི་མ་རྣམས་ཀྱང་སྒོམ་སྤང་དང་རང་དབང་ཅན་ཡིན་ནོ། །གཉིས་པ་ནི། ཉེ་ཉོན་རྣམས་འདོད་པ་ན་ཡོད་པ་དག་ནི་སྟོབས་ཆེ་བས་མི་དགེ་བ་ཡིན་ལ། འོན་ཀྱང་རྨུགས་རྒོད་གཉིད་གསུམ་མི་དགེ་བ་དང་བསྒྲིབས་པ་རྣམ་པ་གཉིས་ཡིན་ཏེ། ཉོན་མོངས་མིན་པའི་གཉིད་ནི་ཀུན་དཀྲིས་མིན་ཞིང་འདོད་པ་དེ་ཡན་ཆད་ནི་བསྒྲིབས་ལ་ལུང་མ་བསྟན་ཁོ་ནའོ། །གསུམ་པ་ནི། འདོད་པ་དང་བསམ་གཏན་དང་པོ་ན་གཙོ་འཁོར་དང་འབྲེལ་བས་གཡོ་སྒྱུ་ཡོད་དོ། །དང་པོ་ན་ཡོད་པར་ཅིས་ཤེས་ན་རྟ་ཐུལ་གྱིས་ཚངས་པ་ཆེན་པོ་ལ་འབྱུང་བ་བཞི་གང་དུ་འགག་དྲིས་པས། མི་ཤེས་བཞིན་དུ་ཁོ་བོ་ནི་ཚངས་པའོ་ཚངས་པ་ཆེན་པོའོ་ཞེས་པ་ལ་སོགས་པས་གཏམ་རླུང་ལ་བསྐུར་ཏེ་འཁོར་རྣམས་འདྲིད་ཅིང་ཁྲིད་ནས་སངས་རྒྱས་ལ་དྲིས་ཤིག་ཅེས་ཏེ་ཞུས་པས། རེ་ཞིག་གཟུགས་མེད་དང་མཐར་མྱང་འདས་ཀྱི་སར་འགག་གོ་ཞེས་ཤེས་རབ་ཡོད་པར་སྟོན་པའི་སྒྱུ་བཤད་པའི་ཕྱིར་གཡོ་ཡང་ཡོད་པར་གྲུབ་བོ། །རྨུགས་རྒོད་ཉོན་མོངས་པའི་ས་པ་ཡིན་ལ། རྒྱགས་པ་ནི་རྣམ་པ་གང་དང་ཡང་མི་འགལ་བས་ཁམས་གསུམ་ཆར་ན་ཡོད་ལ། ཉེ་ཉོན་གཞན་བཅུ་གཅིག་པོ་དག་ནི་རྣམ་པའི་སྒོ་ནས་མི་དགེ་བ་ཁོ་ནར་འགྱུར་བས་འདོད་ཁམས་ཁོ་ན་ལས་སྐྱེས་པའོ། །གཉིས་པ་དེ་རྣམས་གང་དང་མཚུངས་པར་ལྡན་པ་ལ། ས་པ་གཉིས་སུ་དབྱེ་བ། ཚོར་བ་གང་དང་མཚུངས་པར་ལྡན་པའོ། །དང་པོ་ནི། དེ་དག་ལས་ཡིད་ཀྱི་ས་པ་དང་རྣམ་ཤེས་དྲུག་གི་ས་པ་དུ་ཞེ་ན། རྩ་བ་དང་ཉེ་བའི་ཉོན་མོངས་ཅན་མཐོང་བས་སྤང་བར་བྱ་བ་རྣམས་ཁ་ནང་དུ་བལྟས་པ་དང་། གཉིད་དང་ང་རྒྱལ་སྒོམ་སྤང་ཡང་མི་གསལ་བ་དང་རྟོག་བཅས་ཡིན་པས་ཡིད་ཀྱི་རྣམ་ཤེས་ཀྱི་ས་པ་ཡིན་ཞིང་། ཉེ་བའི་ཉོན་མོངས་རང་དབང་ཡང་རྟོག་བཅས་སུ་ངེས་པས་ཡིད་ཀྱི་ས་པ་ཡིན་ལ། དེ་རྣམས་ལས་གཞན་དུག་གསུམ་དང་ཀུན་དཀྲིས་བཞི་པོ་སྒོམ་སྤང་ནི་སྤྱི་རིགས་ལ་རྣམ་ཤེས་དྲུག་གི་རྟེན་ཅན་ནོ། །གཉིས་པ་ལ་རྩ་ཉོན་གང་དང་ཉེ་ཉོན་གང་དང་མཚུངས་པར་ལྡན་པའོ། །དང་པོ་ལ་འདོད་པའི་དང་། གོང་མའི་མཚུངས་ལྡན་ནོ། །དང་པོ་ལ། སོ་སོ་གང་དང་ལྡན་པ། ཀུན་གང་དང་མཚུངས་པར་ལྡན་པའོ། །དང་པོ་ནི། ལུས་སེམས་ཀྱི་བདེ་བ་གཉིས་པོ་དེ་དག་དང་ཚོགས་དྲུག་གི་ས་པ་དང་དགའ་བའི་རྣམ་པ་ཅན་འདོད་ཆགས་སུ་མཚུངས་པར་ལྡན་ཞིང་། ཞེ་སྡང་ནི་དེ་ལས་བཟློག་སྟེ་སྐྱོ་བའི་རྣམ་པ་ཅན་ཡིན་པས་ལུས་སེམས་ཀྱི་དུཿཁ་དག་དང་ལྡན་ནོ། །མ་རིག་པ་ནི་དགའ་གདུང་གི་རྣམ་པར་མ་ཆད་ཅིང་ཉོན་མོངས་པའི་ས་མང་ཡིན་པས་ལྔ་པོ་ཐམས་ཅད་དང་ལྡན་ནོ། །མེད་པར་ལྟ་བ་ནི་སྡིག་པའི་ལས་ཅན་དེ་འབྲས་བུ་མེད་པར་མཐོང་བས་ཡིད་བདེ་བ་དང་། དགེ་བའི་ལས་ཅན་རང་གིས་འབད་པ་དོན་མེད་པར་མཐོང་ནས་ཡིད་དུཿཁ་དང་། ངེས་པ་དོན་དུ་གཉེར་བ་ན་ཐེ་ཚོམ་ཟ་བ་ནི་ཡིད་མི་བདེ་བ་དང་། གཞན་ལྟ་བ་བཞི་དང་ང་རྒྱལ་ནི་ཡིད་བདེ་བ་དང་ལྡན་ཏེ་དགའ་བའི་རྣམ་པ་ཅན་དང་ཡིད་ཀྱི་ས་པ་ཡིན་པས་སོ། །དེ་དག་ནི་འདོད་པ་ལས་སྐྱེས་པ་འགག་པར་མི་ཕྱོགས་པའི་སྐབས་ཀྱི་ཕྲ་རྒྱས་ཀྱི་དབང་དུ་བྱས་ཀྱི་འགག་པར་ཕྱོགས་པ་ནི་མི་གསལ་ལོ། །གཉིས་པ་ནི། བཏང་སྙོམས་ནི་ཕྲ་རྒྱས་ཀུན་དང་ལྡན་པར་ངེས་ཏེ། ཀུན་བཏུས་ལས་ཐ་མལ་པར་གནས་པ་ལ་བརྟེན་ནས་འགག་པར་འགྱུར་བའི་ཕྱིར་ཞེས་སོ། །གཉིས་པ་ནི། ས་གོང་མའི་ཕྲ་རྒྱས་རྣམས་ནི་ས་གང་ན་ཚོར་བ་གང་ཡོད་པ་ཇི་ལྟ་བ་བཞིན་དུ་རང་རང་གི་མཐུན་པ་དང་ལྡན་ཏེ། བསམ་གཏན་དང་པོ་ན་བདེ་བ་ཡིད་བདེ་བཏང་སྙོམས་གསུམ་དང་། གཉིས་པ་ན་ཡིད་བདེ་བཏང་སྙོམས་དང་། གསུམ་པ་ན་སེམས་བདེ་བཏང་སྙོམས་དང་། བཞི་པ་ན་བཏང་སྙོམས་དང་ཞེས་འདོན་པ་བསྒྱུར་རོ། །དེར་སྡིག་པ་བྱེད་པ་མེད་པས་ལོག་ལྟ་ཡིད་བདེ་དང་ཇི་ལྟར་ལྡན་ཞེ་ན། སྔོན་འདོད་པའི་རྟེན་ལ་བྱས་པའི་འབྲས་བུ་མི་འབྱུང་བར་ཤེས་པའམ་ཉོན་མོངས་ཅན་ཐམས་ཅད་ཉེས་པ་ཅན་དུ་མ་མཐོང་བས་ཞེས་འཆད་ལ། དེའང་གོང་མ་ནི་ཞི་གནས་ཀྱིས་རྒྱུད་རླན་པས་ཉོན་མོངས་པ་དགའ་གདུང་དུ་བཞག་པ་མེད་ཀྱི་ཇི་ལྟར་འོས་འོས་ཀྱི་ཚོར་བ་དང་ལྡན་ནོ། །གཉིས་པ་ལ་སོ་སོའི་དང་། ཀུན་གྱི་དང་། ས་མང་བཞིའི་ལྡན་ཚུལ་ལོ། །དང་པོ་ནི། ཡང་འགྱོད་པ་ནས། འཚིག་པའི་བར་ནི་སྐྱོ་བའི་རྣམ་པར་འཇུག་ཅིང་ཡིད་ཀྱི་ས་པ་ཡིན་པས་ཡིད་མི་བདེ་བ་དང་ལྡན་ཞིང་། སེར་སྣ་དག་ནི་ཆགས་པའི་རྒྱུ་ལས་བྱུང་བ་དགའ་བའི་རྣམ་པར་འཇུག་པས་ལྡོག་པ་ཡིད་བདེ་དང་ལྡན་ལ། གཡོ་དང་སྒྱུ་དང་འཆབ་པ་ནི་རང་གི་དོན་གྲུབ་པ་དང་མ་གྲུབ་པར་གོ་བ་དང་། གཉིད་ནི་ཀུན་ལ་མི་འགལ་བས་གཉིས་ཀ་དང་ལྡན་ཞིང་། བསམ་གཏན་གཉིས་པའི་བར་ས་གསུམ་གྱི་ཡིད་བདེ་བ་དང་གསུམ་པའི་བདེ་བ་གཉིས་པོ་དག་དང་རྒྱགས་པ་དང་ལྡན་ནོ། །གཉིས་པ་ནི། བཏང་སྙོམས་ནི་དེ་ཀུན་དང་རྣམ་པ་མི་འགལ་བས་གྲོགས་སུ་འགྲོ་སྟེ་འགག་པར་ཕྱོགས་པ་དང་མི་ཕྱོགས་པ་ཅི་རིགས་པའོ། །གསུམ་པ་ནི། གཞན་ངོ་ཚ་ཁྲེལ་མེད་དང་རྨུགས་རྒོད་བཞི་པོ་ནི་མི་དགེ་བ་དང་ཉོན་མོངས་པའི་ས་མང་ཡིན་པས་ཚོར་བ་ལྔ་ཆར་དག་དང་ལྡན་པ་སྲིད་དོ། །གསུམ་པ་སྒྲིབ་པ་ལྔ་པོ་འདོད་ཁམས་པར་བསྟན་པ་ལ། དངོས་དང་། གྲངས་ངེས་སོ། །དང་པོ་ནི། མདོ་ལས་སྒྲིབ་པ་ལྔ་ཞེས་འབྱུང་བའི་དོན་ཅི། ཉོན་མོངས་པ་དེ་དག་ཁམས་གོང་མ་ན་ཡོད་པ་ཡང་གཟུང་ངམ་ཞེ་ན། གཅིག་ཏུ་མི་དགེ་བར་གསུངས་པའི་ཕྱིར་འདོད་པ་ན་ཡོད་པ་འདི་དག་ཁོ་ན་སྒྲིབ་པ་རྣམས་ཏེ་ཁམས་གོང་ན་ཡོད་པ་ནི་མིན་ནོ། སྒྲ་དོན་ནི་སར་དེ་ཁོ་ནའི་དོན་ནམ། ཊཱི་ཀར་བསམ་གཏན་དང་སྙོམས་འཇུག་ལ་སྒྲིབ་པའོ་ཞེས་སོ། །གཉིས་པ་ནི། སྒྲིབ་པ་བདུན་ཡོད་པ་མིན་ནམ་ཅིའི་ཕྱིར་ལྔར་བཤད་ཅེ་ན། མི་མཐུན་པའི་ཕྱོགས་གཉེན་པོ་དང་རྒྱུ་ཟས་དང་བྱ་བའི་ལས་གཅིག་ཅིང་འདྲ་བའི་ཕྱིར་རྨུགས་གཉིད་གཉིས་གཅིག་ཏུ་བྱས་པའོ། །རྨུགས་གཉིད་ཟས་ནི་ཆོས་ལྔ་སྟེ། །རྨྱ་དང་མི་དགའ་བྱ་རྨྱང་དང་། །ཟས་དྲོད་མི་ཟིན་སེམས་ཞུམ་པའོ། །གཉེན་པོ་ཟླ་བའི་འོད་ལ་སོགས། །སྣང་བའི་འདུ་ཤེས་སྒོམ་པ་སྟེ། །མི་མཐུན་ཞེས་པ་ཚིག་བསྡེབས་པའོ། །ནག་པོའི་མི་མཐུན་དཀར་པོའི་ཕྱོགས། །གཉེན་པོ་ཞེས་ནི་མངོན་པར་གྲགས། །བྱ་བ་གཉིས་ཀ་སེམས་ཞུམ་བྱེད། །རྒོད་འགྱོད་ཟས་ནི་ཆོས་བཞི་སྟེ། །ཉེ་དུ་ཡུལ་དང་མི་འཆིའི་རྟོག །སྔོན་རྒོད་རྩེ་སོགས་དྲན་པའོ། །གཉེན་པོ་ཞི་གནས་སུ་སྒོམ་སྟེ། །དལ་བ་ཐོབ་དཀའ་བསྟན་པ་ནི། །རིང་མི་གནས་སོགས་སྐྱོ་འདུ་ཡིས། །བྱ་བ་གཉིས་ཀས་གཡེང་བར་བྱེད། །ཅེས་སོ། །ཉོན་མོངས་ཐམས་ཅད་སྒྲིབ་པ་ཡིན་ཡང་ལྔ་ཁོ་ནར་འཆད་པ་ནི། བསྒྲིབ་བྱ་ཕུང་པོ་གསུམ་གྱི་གནོད་བྱེད་དང་། ཤེས་རབ་མེད་ན་བདེན་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་ན་ལྔ་ཉིད་དུ་བཤད་དེ། ཚུལ་ཁྲིམས་མ་ཐོབ་པ་ཐོབ་པ་དང་ཐོབ་པ་གནས་ཤིང་དག་པའི་གནོད་བྱེད་འདོད་པ་ལ་འདུན་པ་དང་གནོད་སེམས་དང་། ཏིང་ངེ་འཛིན་གྱི་གནོད་བྱེད་རྒོད་འགྱོད་དང་། ཤེས་རབ་ཀྱི་གནོད་བྱེད་རྨུགས་གཉིད་དོ། །སེམས་ཙམ་པ་ནི་སྙོམས་འཇུག་གི་སྦྱོར་དངོས་མཇུག་ལ་སྒྲིབ་པའོ་ཞེས་སོ། །གཉིས་པ་སྤོང་བྱེད་གཉེན་པོའི་རྣམ་གཞག་ལ། ཚུལ་ཇི་ལྟར་སྤོང་བ། སྤོང་བྱེད་གཉེན་པོའི་དབྱེ་བ། གང་ལས་ཕྱེ་ནས་སྤོང་ཚུལ། སྤངས་པ་ཐག་བསྲིང་ཚུལ། སྤངས་པའི་ཐོབ་པ་ཡང་ཡང་དུ་ལྡན་པའོ། །དང་པོ་ལ། མཐོང་སྤང་དང་། སྒོམ་སྤང་སྤོང་ཚུལ་ལོ། །དང་པོ་ནི། རིས་དང་པོ་གཉིས་རང་ས་ལ་དམིགས་པ་དང་འགོག་ལམ་མཐོང་སྤང་ཟག་མེད་ལ་དམིགས་པ་རྣམས་བདེན་བཞིའི་རང་བཞིན་ཡོངས་སུ་ཤེས་པ་ཉིད་ཀྱིས་སྤོང་སྟེ་མཐོ་ཡོར་ཤེས་པས་མིར་འཛིན་བཟློག་པ་བཞིན་ནོ། །འདོད་པའི་ཀུན་འགྲོ་གོང་དུ་དམིགས་པ། དགུ་ནི་གོང་མའི་བདེན་པ་མ་ཤེས་ཀྱང་དེ་རྣམས་ལ་དམིགས་པའི་རང་སའི་སྐལ་བ་མཉམ་པའི་ཀུན་འགྲོ་རྣམས་ཡང་དག་པར་ཟད་པས་སྤོང་བ་དང་། འགོག་ལམ་མཐོང་སྤང་ཟག་བཅས་ལ་དམིགས་པ་རྣམས་རང་གི་དམིགས་པ་ཟག་མེད་ཀྱི་ཡུལ་ཅན་གྱི་ཕྲ་རྒྱས་རྣམས་སྤངས་པས་སྤོང་སྟེ། ཡུལ་མེད་པའི་ཡུལ་ཅན་མི་རུང་བས་སོ། །སྤོང་ཚུལ་དེ་གསུམ་ཡང་སྔ་ཕྱིའི་རིམ་པས་མིན་གྱི་དུས་གཅིག་ལ་ལྡོག་པ་ཐ་དད་པའོ། །གཉིས་པ་ནི། སྒོམ་སྤང་ནི་དམིགས་པ་ཤེས་པས་སྤོང་བ་མིན་ལ། དམིགས་བྱེད་ཟད་པས་སྤོང་བ་ཡང་མིན་ཞིང་། ཡུལ་སྤངས་པས་སྤོང་བ་ཡང་མིན་པའི་ཕྱིར་སྔ་མ་གསུམ་ཡང་གཉེན་པོ་ཡིན་མོད་ཀྱི། སྤྱི་མིང་བྱེ་བྲག་ལ་བཏགས་ནས་རྣམ་པ་འགལ་བའི་གཉེན་པོ་ཆེ་འབྲིང་དགུ་སྐྱེས་པས་རིམ་བཞིན་ཟད་པར་འགྱུར་ཏེ། རང་གི་སྒོམ་སྤང་ཉོན་མོངས་ཅན་གཟུགས་ཅན་དང་། ཉོན་མོངས་ཅན་མ་ཡིན་པ་དང་གཞན་རྒྱུད་ཀྱི་ཐམས་ཅད་ཡུལ་ཅན་ཟད་པས་སྤོང་བས་སྒོམ་སྤང་ནི་སྤོང་ཚུལ་གཉིས་སོ། །གཉིས་པ་ནི། གཉེན་པོ་སྐྱེས་པས་ཞེས་པ་དེ་དུ་ཞེ་ན། སྤང་བྱ་དང་འགལ་བ་ཙམ་གྱི་གཉེན་པོ་ལ་རྣམ་པ་བཞི་སྟེ། དམིགས་པ་ལ་སྐྱོན་དུ་རྟོག་པ་རྣམ་པར་སུན་འབྱིན་པ་དང་། བར་ཆད་མེད་ལམ་ནི་སྤོང་བའི་ཆེད་དམ་འདིས་སྤོང་བས་ན་སྤོང་བ་དང་། དེ་ཡན་ཆད་རྣམ་གྲོལ་དང་བར་ཆད་མེད་ལམ་ས་གཞན་དང་ཁྱད་པར་གྱི་ལམ་ཡང་རུང་བྲལ་བའི་ཐོབ་པའི་རྟེན་བྱེད་པ་ཐམས་ཅད་ནི་གཞི་དང་། རང་གི་རྣལ་གྲོལ་ལམ་ལས་གཞན་དེ་ཡན་ཆད་ཀྱི་ལམ་ཐམས་ཅད་ཉོན་མོངས་པའི་ཐོབ་པ་ཐག་བསྲིང་བ་ཉིད་དམ་ཁ་ཅིག་རྣམ་གྲོལ་ཡང་ཐག་སྲིང་གཉེན་པོ་ཞེས་ཏེ་བཞིའོ། །གསུམ་པ་ནི། ཉོན་མོངས་པ་ནི་གཉིད་ཀྱི་ཚུལ་དུ་ཡོད་པ་ལས་མཚུངས་པར་ལྡན་པ་ལས་འབྲལ་བར་མི་ནུས་ཀྱི། དམིགས་པ་གང་ཡིན་པ་ལས་དབྲལ་བར་མི་ནུས་ཤིང་ཕྱེ་ནས་ཉོན་མོངས་པ་ནི་སྤང་བར་བྱ་བར་འདོད་ལ། སློབ་དཔོན་འཕགས་པ་མ་འོངས་པ་སྤང་བྱ་ཡིན་པའི་ཕྱིར་གཉིས་ཀ་ལས་སྤོང་བར་བཞེད་དོ། །སྤོང་ཚུལ་གཞན་གསུམ་ཡང་ཉོན་མོངས་ཀྱི་དམིགས་པ་ཤེས་ནས་སྤོང་བ་མིན་ཡང་དེའི་རྩ་བ་ཅན་ཡིན་ལ། ལམ་གྱི་དུས་ན་རང་རྒྱུད་ཀྱི་ཕྲ་རྒྱས་ད་ལྟར་བ་མེད་པས་དེ་མ་སྨོས་ཏེ། དེ་ནི་ཀུན་བཏུས་ཀྱིའང་ལུགས་སོ། །སྤངས་པའི་མཚན་ཉིད་ནི་རང་རྒྱུད་ཀྱི་ཕྲ་རྒྱས་འཁོར་བཅས་ཐོབ་པ་ཆད་པ་དང་། དེ་ལས་གཞན་པ་ཐམས་ཅད་ནི་འདུན་པའི་འདོད་ཆགས་དང་བྲལ་བ་སྟེ་དམིགས་བྱེད་ཀྱི་ཉོན་མོངས་པ་སྤངས་པའོ། །ཇི་ལྟར་སྤོང་བ་ནི་རང་རྒྱུད་ཀྱི་སྒོམ་སྤང་ཕྲ་རྒྱས་འཁོར་བཅས་རིམ་གྱིས་དང་ལྷག་མ་ཅིག་ཆར་སྤོང་ལ། མཐོང་སྤང་བྱིས་པས་སྤོང་ན་རིམ་གྱིས་པའོ། །བཞི་པ་ནི། རིང་བའི་དབྱེ་བ་ནི་ཕན་ཚུན་འགལ་བའམ་ཆོད་པའི་རིང་བ་ནི་བཞི་སྟེ། ཡུལ་དུས་ལྷན་ཅིག་པ་ཡིན་ཡང་མཚན་ཉིད་མི་མཐུན་པའི་རིང་བ་འབྱུང་བཞི་དང་། མི་མཐུན་ཕྱོགས་དེ་སྤང་གཉེན་དུ་གྱུར་པས་འགལ་བའི་གཉེན་པོས་རིང་བ་འཆལ་ཚུལ་དང་ཚུལ་ཁྲིམས་དང་། ཡུལ་རྣམ་པར་ཆད་པས་རིང་བ་ཤར་དང་ནུབ་ཕྱོགས་དང་། དུས་ཀྱིས་རིང་བ་འདས་མ་འོངས་ཀྱི་དུས་གཉིས་རིང་བ་ཉིད་ལྟ་བུའོ། །ལྔ་པ་ནི། གཉེན་པོ་ལ་བྱེ་བྲག་མེད་པས་བྲལ་བ་ལ་བྱེ་བྲག་མེད་ཀྱང་། ཇི་ལྟར་ལམ་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བ་ལྟར་སྤངས་པ་ཡང་ཁྱད་པར་དུ་འགྱུར་རམ་ཞེ་ན། མིན་ཏེ། སྤངས་པའི་དགག་བྱ་ཉོན་མོངས་ནི་གཉེན་པོ་གཅིག་ཁོ་ནས་ལན་གཅིག་ཏུ་ཟད་ཅིང་སྤང་བར་བྱེད་ལ་འོན་ཀྱང་དེ་དག་གི་བྲལ་བའི་ཐོབ་པ་ནི་ཡང་ཡང་དུ་འབྱུང་སྟེ། བར་ཆད་མེད་པའི་ཚེ་ཐོབ་པ་ཉིད་མེད་པས་རང་རང་གི་གཉེན་པོ་རྣམ་གྲོལ་ལམ་སྐྱེས་པ་དང་། འབྲས་བུ་བཞི་ཐོབ་པ་དང་། དབང་པོ་རྟུལ་པོ་དག་རྣོན་པོར་རྣམ་པར་འཕེལ་བའི་དུས་རྣམས་སུ་ཁྱད་པར་དུ་འགྱུར་རོ། །དེ་ཡང་དབང་པོ་རྟུལ་པོའི་མཐོང་སྤང་རིས་བདུན་གྱི་བྲལ་ཐོབ་ནི་རང་རང་གི་གཉེན་པོ་སྐྱེས་པ་དང་། འབྲས་བུ་བཞི་རིམ་གྱིས་ཐོབ་པ་གནས་པའི་བྲལ་ཐོབ་ཏུ་འགྱུར་བ་བཞི་དང་། དབང་པོ་འཕོ་ན་རྟུལ་པོའི་བཏང་ནས་རྣོན་པོར་འགྱུར་བ་ཏེ་དྲུག་ཆར་སྲིད་ལ། མཐོང་སྤང་བརྒྱད་པ་སྤངས་པའི་བྲལ་ཐོབ་ལ་གཉེན་པོ་སྐྱེས་པ་དང་འབྲས་བུ་དང་པོ་ཐོབ་པའི་རྫས་སོ་སོར་བརྩིར་མེད་པས་ལྡོག་པ་དྲུག་གོ །དེ་བཞིན་དུ་འདོད་པའི་སྒོམ་སྤང་དྲུག་གི་བྲལ་ཐོབ་ནི་འབྲས་བུ་དང་པོ་ཐོབ་པ་ལས་གཞན་ལྔ་དང་། གསུམ་གྱི་ནི་འབྲས་བུ་དང་པོ་གཉིས་ཐོབ་པ་ལས་གཞན་བཞི་དང་། གོང་མའི་སྒོམ་སྤང་དོན་གཉིས་ཀྱི་ནི་འབྲས་བུ་དང་པོ་གསུམ་ཐོབ་པ་ལས་གཞན་གསུམ་ཡིན་ལ། དབང་རྣོན་ལ་ནི་དབང་པོ་རྣོན་པོར་འཕེལ་བ་གཉིས་དབྲི་བར་བྱ་སྟེ། ཐམས་ཅད་དུ་གཉེན་པོའི་ཚེ་བྲལ་ཐོབ་སྐྱེ་བ་དང་ལྷག་མ་ནི་ཁྱད་པར་དུ་འགྲོ་བའི་དུས་སོ། །གསུམ་པ་སྤངས་པའི་འབྲས་བུ་ཡོངས་ཤེས་ལ་ལྔ་སྟེ། ཡོངས་ཤེས་ཀྱི་དབྱེ་བ། གང་གི་འབྲས་བུ་གང་ཡིན་པ། གྲངས་ངེས། ལྡན་ཚུལ། ཐོབ་གཏང་ངོ་། །དང་པོ་ལ། མཐོང་ལམ་གྱི་དྲུག་དང་། སྒོམ་ལམ་གྱི་གསུམ་དུ་དབྱེ་བའོ། །དང་པོ་ནི། དེ་ལྟར་བྲལ་བའམ་སྤངས་པ་ནི་མདོ་ལས་ཡོངས་སུ་ཤེས་པ་ཞེས་གསུངས་པས་དེའི་མིང་འཐོབ་ལ། དེ་ནི་གཉིས་ཏེ་བཟོད་པ་ལས་གཞན་པའི་ཟག་མེད་ཀྱི་ཤེས་རབ་ནི་ཐེ་ཚོམ་དང་བྲལ་བས་ཡེ་ཤེས་ཀྱི་ཡོངས་ཤེས་དང་། འགོག་པ་ནི་རྒྱུ་ཡེ་ཤེས་ཀྱི་མིང་བཏགས་ནས་སྤངས་པའི་ཡོངས་ཤེས་ཏེ་འགོག་པའི་རྫས་ཐམས་ཅད་དེ་ཡིན་ལ། ལྡོག་པ་ནི་བྱིས་པས་ཐོབ་པ་དང་སྐད་ཅིག་ལྔ་མན་ཆད་ལ་གནས་པའི་འཕགས་པས་ཐོབ་པ་ཡང་ཡོངས་ཤེས་མིན་ནོ། །འདིར་ནི་སྤངས་པའི་ཡོངས་ཤེས་སྟོན་ལ། དེ་ནི་སྤང་བྱའི་བྱེ་བྲག་གིས་དགུ་སྟེ། འདོད་པའི་ཁམས་ན་མཐོང་སྤང་དང་པོ་རྣམ་པ་གཉིས་ཟད་པ་ལ་ཡོངས་ཤེས། འགོག་ལམ་མཐོང་སྤང་གཉིས་ཟད་པ་ནི་སོ་སོར་ཡོངས་ཤེས་དེ་གཉིས་ཡིན་ལ། དེ་བཞིན་དུ་ཁམས་གོང་མ་གཉིས་ཀ་སྡོམ་པའི་མཐོང་སྤང་སྤངས་པའི་ཡོངས་ཤེས་ཀྱང་དེ་གསུམ་ཉིད་ཡིན་ནོ། །གཉིས་པ་ནི། མཐོང་སྤང་སྤངས་པའི་ཡོངས་སུ་ཤེས་པ་ལས་གཞན་སྒོམ་སྤང་སྤངས་པའི་ཡོངས་ཤེས་གསུམ་སྟེ། ཐ་མའི་ཆ་དང་མཐུན་པ་སྤངས་པ་འདོད་པའི་སྒོམ་སྤང་ཟད་པ་དང་། ཊཱི་ཀ་ལས་སྤངས་བྱའི་གཙོ་བོ་མཚོན་པས་གཟུགས་ཀྱི་འདོད་ཆགས་ཟད་པ་དང་ཟག་པ་ཀུན་ཟད་པ་སྟེ་གཟུགས་མེད་ཀྱི་སྒོམ་སྤང་སྤངས་པའི་ཡོངས་ཤེས་གསུམ་མོ། །འདིར་གོང་མ་གཉིས་ཀྱི་སྒོམ་སྤང་སྤངས་པའི་ཡོངས་ཤེས་ཐ་དད་དུ་བྱས་པ་ནི་དེའི་གཉེན་པོ་མི་འདྲ་བ་ཡིན་ལ། གོང་མ་གཉིས་ཀྱི་མཐོང་སྤང་སྤངས་པའི་ཡོངས་ཤེས་སྡོམ་པ་ནི་གཉེན་པོ་རྗེས་བཟོད་དུ་འདྲ་བས་སོ། །གཉིས་པ་ལ་བཞི་སྟེ། མཐོང་སྒོམ་དང་། ས་དང་། ལམ་དང་། ཤེས་པ་གང་གི་འབྲས་བུ་གང་ཡིན་པའོ། །དང་པོ་ནི། དེ་དག་ལས་དང་པོ་དྲུག་ནི་མཐོང་ལམ་གྱི་བཟོད་པས་ཐོབ་པའམ་འབྲས་བུའོ། །འོ་ན་གོང་དུ་ཡེ་ཤེས་ཀྱི་འབྲས་བུར་བཤད་པ་དང་འགལ་ལོ་ཞེ་ན། འགྲེལ་པར་བཟོད་པ་རྣམས་ནི་ཤེས་པའི་འཁོར་ཅན་ཡིན་པའི་ཕྱིར་འཁོར་ལ་རྒྱལ་པོར་བཏགས་པ་བཞིན་ནོ་ཞེས་བཤད་ལ། ཊཱི་ཀ་སྒྲ་དྲང་ཐད་དུ་གཟུང་སྟེ་འཁོར་ཤེས་པས་ཐོབ་པ་ལ་བཟོད་འབྲས་སུ་བཏགས་པའོ། །འཆད་པ་པོ་ནི་ལམ་དང་གང་ཟག་གི་མཐོང་ལམ་གྱི་སྐབས་ནས་འབྱུང་བ་འཁོར་བཟོད་པས་ཐོབ་པ་ལ་གོང་དུ་གཙོ་བོར་ཤེས་པའི་འབྲས་བུ་བཏགས་པ་བཞིའོ་ཞེས་གསུངས་སོ། །གང་སྤེལ་ལས། བཟོད་པ་ནི་འཁོར་ཏེ་ཕལ་པ་ལ་འཁོར་གྱི་སྒྲ་བརྗོད་པ་དང་སྤངས་པ་ཡང་བཟོད་པའི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་སོ། །ཡང་ན་བཟོད་ཤེས་འབྲས་བུ་གཅིག་སྟེ་ཐོབ་པ་འདྲེན་པ་དང་རྟེན་བྱེད་པ་ཡིན་པས་གང་གི་འབྲས་བུ་བརྗོད་ཀྱང་རུང་ངོ་། །ལྷག་མ་གསུམ་པོ་རྣམས་ནི་ཤེས་པའི་འབྲས་བུ་ཡིན་ཏེ། སྒོམ་ལམ་ལ་བཟོད་པ་མེད་པས་སོ། །གཉིས་པ་ནི། མི་ལྕོགས་པ་མེད་པའི་འབྲས་བུ་ཡེ་ཤེས་ཐམས་ཅད་དེ། དེ་ལས་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་མཐོང་སྒོམ་གྱི་ལམ་སྐྱེ་བས་སོ། །བྱེ་བྲག་སྨྲ་བ་སྤྱི་པ་ན་རེ། བསམ་གཏན་གྱི་དངོས་གཞི་ལྔའི་འབྲས་བུ་ནི་ལྔ་སྟེ། སྔར་མ་ཐོབ་པ་ཐོབ་པ་ལ་བསམས་ནས་ཕྱིར་མི་འོང་ཆགས་བྲལ་སྔོན་འགྲོས་བསམ་གཏན་ལ་བརྟེན་ནས་མཐོང་ལམ་བསྐྱེད་ན་གོང་མའི་མཐོང་སྤང་སྤངས་པའི་གསུམ་དང་། རང་གོང་ས་ལས་རྒྱལ་བས་དེའི་སྒོམ་སྤང་སྤངས་པ་གཉིས་སྔར་མེད་པ་འཐོབ་ཀྱི། འདོད་པའི་ཡོངས་ཤེས་བཞི་པའི་དངོས་པོ་སྔར་མི་ལྕོགས་མེད་པས་ཐོབ་ཟིན་པའོ་ཞེས་སོ། །བཙུན་པ་དབྱངས་སྒྲོག་ནི་དངོས་གཞིའི་འབྲས་བུ་བརྒྱད་དུ་འདོད་དེ། ཕྱི་མི་འོང་ཆགས་བྲལ་སྔོན་འགྲོས་འདོད་པའི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ་པོའི་དངོས་པོ་དང་པོར་ཐོབ་ཀྱང་བྲལ་ཐོབ་ཟག་མེད་དང་སྲིད་རྩེ་ཉམས་པ་མེད་པས་ཡོངས་ཤེས་ཀྱི་ལྡོག་པ་མིན་ལ། བསམ་གཏན་ལ་མཐོང་ལམ་བསྐྱེད་པའི་ཚེ་ཆོས་གཉིས་པོ་འབྱུང་བས་གསུམ་པོ་ཡོངས་ཤེས་ཀྱི་ལྡོག་པ་གྲུབ་པའི་ཕྱིར་དེའི་འབྲས་བུའོ་ཞེས་སོ། །འོ་ན་ཐ་མའི་ཆ་མཐུན་སྤངས་པ་ཡང་བསམ་གཏན་གྱི་ཡོངས་ཤེས་ཀྱི་ལྡོག་པ་གྲུབ་པས་འབྲས་བུར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དེ་ནི་དངོས་སུ་མི་ལྕོགས་མེད་ཀྱི་འབྲས་བུ་སྟེ། དེའི་ཚེ་བྲལ་ཐོབ་རྙེད་ཀྱང་གོང་མའི་མཐོང་སྤང་སྤངས་པ་དང་སྡོམ་ནས་ཡོངས་ཤེས་གཅིག་དུ་བཞག་ལ། མཐོང་སྤང་ལྔ་པ་སྤངས་པ་ནི་སོ་སོར་ཐོབ་པས་འདིའི་འབྲས་བུའོ། །གཟུགས་མེད་ནམ་མཁའི་ཉེ་བར་བསྡོགས་པའི་འབྲས་བུ་ནི་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་ཤེས་གཅིག་པུ་ཡིན་ཞིང་། གཟུགས་མེད་པའི་དངོས་གཞི་དང་པོ་གསུམ་གྱི་འབྲས་བུ་ཡང་ཟག་པ་ཀུན་ཟད་གཅིག་པུ་སྟེ། དེ་གསུམ་སྲིད་རྩེའི་གཉེན་པོར་རུང་བས་སོ། །གསུམ་པ་ནི། ཡེ་ཤེས་དགུ་པོ་ཐམས་ཅད་འཕགས་པའི་ལམ་ཟག་མེད་ཀྱི་འབྲས་བུ་ཡིན་ལ། འཇིག་རྟེན་པའི་ལམ་གྱི་འབྲས་བུ་ནི་གཉིས་ཏེ། ཐ་མའི་ཆ་མཐུན་ཟད་པ་དང་གཟུགས་ཀྱི་འདོད་ཆགས་ཟད་པའི་ཡོངས་ཤེས་སོ། །བཞི་པ་ནི། སྒོམ་ལམ་རྗེས་ཤེས་ཀྱི་འབྲས་བུ་ཡང་ཐ་མ་གཉིས་ཡིན་ཡང་རུང་ལ། ཆོས་ཤེས་པའི་འབྲས་བུ་ནི་ཐ་མ་གསུམ་ཡིན་ཏེ། སྒོམ་ལམ་གྱི་འགོག་ལམ་ཆོས་ཤེས་ཁམས་གསུམ་ཆར་གྱི་གཉེན་པོ་ཡིན་པས་སོ། །དེའི་ཕྱོགས་མཐུན་ཆོས་ཤེས་བཟོད་པ་དང་བཅས་པའི་འབྲས་བུ་ནི་ཤེས་པའི་དེ་ལྟར་གསུམ་དང་བཟོད་པའི་འདོད་པའི་མཐོང་སྤང་སྤངས་པ་གསུམ་སྟེ་དྲུག་དང་། རྗེས་ཤེས་བཟོད་པ་དང་བཅས་པའི་འབྲས་བུ་ནི་ཤེས་པའི་གཉིས་དང་བཟོད་པའི་གསུམ་སྟེ་ལྔའོ། །གསུམ་པ་གྲངས་ངེས་ནི། མཐོང་སྤང་དང་པོ་གཉིས་སྤང་པ་རེ་རེར་བྱས་ནས་མཐོང་སྤང་སྤངས་པའི་བརྒྱད་ཅི་སྟེ་མིན་ཞེ་ན། ཡོངས་ཤེས་སུ་འཇོག་པའི་རྒྱུ་གསུམ་སྟེ། སྤངས་པ་བྲལ་པའི་ཐོབ་པ་ཟག་མེད་ཀྱིས་བཟུང་བ་དང་། རྒྱུ་དེས་སྲིད་རྩེའི་ཕྱོགས་ཙམ་ཉམས་པར་བྱས་པ་སྟེ་སྤངས་པ་དང་། མཐོང་སྤང་དང་པོ་གཉིས་པོ་ཀུན་འགྲོའི་རྒྱུ་གཉིས་ཀ་ཀུན་ཏུ་བཅོམ་པ་སྟེ་སྤངས་པའི་ཕྱིར་ཡོངས་ཤེས་སུ་འཇོག་པ་ལས། དུཿཁ་ཆོས་ཤེས་ཀྱི་ཚེ་རྒྱུ་གཉིས་པ་དང་གསུམ་པ་མེད་ཅིང་རྗེས་ཤེས་ཀྱི་ཚེ་གསུམ་པ་མེད་ལ། ཀུན་འབྱུང་ཆོས་ཤེས་ཀྱི་ཚེ་རྒྱུ་གསུམ་ཆར་ཚང་བས་ཡོངས་ཤེས་གཅིག་ཏུ་བྱས་ཤིང་རིས་ཕྱི་མ་གཉིས་སྤངས་པ་ལ་ནི་རྒྱུ་སོ་སོར་ཚང་བས་ཡོངས་ཤེས་ཀྱང་སོ་སོར་བྱས་སོ། །སྒོམ་སྤང་སྤངས་པའི་ཡོངས་ཤེས་ཀྱང་སའི་སྒོ་ནས་དགུའམ་ས་རེ་རེ་ནའང་སྤང་བྱ་དགུ་དགུ་ཡོད་པའི་ཕྱིར་བརྒྱད་ཅུ་རྩ་གཅིག་ཏུ་རིགས་སོ་ཞེ་ན། འདི་ལ་སྔར་གྱི་རྒྱུ་གསུམ་དང་བཞི་པ་ཤིན་ཏུ་སྤངས་པར་བྱེད་པའི་ཁམས་ལས་འདས་པ་ལས་ཡོངས་ཤེས་སུ་བཞག་ལ། ཆེ་འབྲིང་དང་ས་སྔ་མ་ཙམ་སྤངས་པ་ལས་རྒྱུ་ཅི་རིགས་པ་མ་ཚང་ཞིང་། ཆེ་འབྲིང་ཐམས་ཅད་རིལ་གྱིས་སྤངས་པ་ན་ཚང་བས་གསུམ་ཁོ་ནའོ། །འདིར་མང་བ་དང་ཉུང་བ་དགག་པ་ཙམ་དང་བསྡུ་བར་ཇི་ཙམ་གྱིས་དབང་དུ་བྱས་པའི་གྲངས་ངེས་བསྟན་ཏོ། །བཞི་པ་ལ། །མི་ལྡན་པའི་དང་། ལྡན་པའི་གང་ཟག་གོ །དང་པོ་ནི། གང་ཟག་གང་ལ་ཡོངས་ཤེས་དུ་ལྡན་ཞེ་ན། མཐའ་གཅིག་ཏུ་བྱིས་པ་ནི་ཡོངས་ཤེས་དང་ལྡན་པ་མིན་ཏེ་རྒྱུ་མ་ཚང་བས་སོ། །དེའི་ཤུགས་ལ་མཐོང་ལམ་སྐད་ཅིག་མ་ལྔའི་བར་ལ་གནས་པའི་འཕགས་པ་ལ་ཡང་མི་ལྡན་པར་གོའོ། །གཉིས་པ་ལ། དངོས་དང་རྩོད་སྤོང་གཉིས། དང་པོ་ལ། མཐོང་ལམ་པ་དང་སྒོམ་ལམ་པ་ལ་དུ་ལྡན་ནོ། །དང་པོ་ནི། སྐད་ཅིག་མ་དྲུག་པ་ལ་གནས་པ་ལ་ནི་དང་པོ་གཅིག་པུ་དང་། བརྒྱད་པའི་ཚེ་དང་པོ་གཉིས་དང་། བཅུ་པའི་ཚེ་དང་པོ་གསུམ་དང་། བཅུ་གཉིས་པའི་ཚེ་དང་པོ་བཞི་དང་། བཅུ་བཞི་པ་དང་བཅོ་ལྔ་པའི་ཚེ་དང་པོ་ལྔ་དང་ལྡན་པས་གཅིག་ནས་ལྔའི་བར་དག་དང་ཡང་དག་པར་ལྡན་ནོ། །གཉིས་པ་ནི། སྒོམ་ལམ་ལ་གནས་པ་ཆགས་བཅས་ཡིན་ན། བཅུ་དྲུག་པ་ནས་བརྒྱད་པ་སྤངས་པའི་བར་དང་པོ་དྲུག་དང་ལྡན་ལ། ཕྱིར་མི་འོང་གཟུགས་ཀྱི་ཆགས་བཅས་ནི་བདུན་པ་གཅིག་པུ་དང་། ཡང་ན་དེ་གཟུགས་ཀྱི་ཆགས་བྲལ་ནི་དེ་དང་བརྒྱད་པ་གཉིས་དང་ལྡན་ནོ། །དགྲ་བཅོམ་ནི་ཐ་མ་གཅིག་པུ་དང་ལྡན་ནོ། །དེ་མི་སློབ་པ་ཡིན་པས་སྒོམ་ལམ་ལ་གནས་པར་མི་རིགས་སོ་ཞེ་ན། མཐོང་བ་གོམས་པ་ཙམ་ཡོད་པས་སོ། །གཉིས་པ་ནི། གལ་ཏེ་ཕྱིར་འོང་ཆགས་བཅས་དང་། དགྲ་བཅོམ་པའི་ཡོངས་ཤེས་རེ་རེ་བཞག་པ་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ནི། ཁམས་ལས་འདོད་ཆགས་དང་བྲལ་བ་དང་། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་པ་འདོམས་པ་ན་སྤངས་པ་ཐམས་ཅད་ལ་བྲལ་ཐོབ་སོ་སོ་བ་བཏང་ནས་གཅིག་རྙེད་པའི་ཕྱིར་ཡོངས་ཤེས་དེ་དག་ཀྱང་བསྡོམས་པའོ། །ལྔ་པ་ནི། གང་ཟག་གང་གིས་ཡོངས་ཤེས་དུ་འཐོབ་ཅིང་གཏོང་ཞེ་ན། ཕྱིར་མི་འོང་གཟུགས་ཀྱི་ཆགས་བཅས་དང་། དགྲ་བཅོམ་པ་ཉམས་པ་ལ་ལ་ནི་བདུན་པ་དང་དགུ་པ་གཅིག་གཏོང་ལ། གཟུགས་ལས་འདས་པའི་ཕྱིར་མི་འོང་ཉམས་པར་གྱུར་ན་བདུན་པ་དང་བརྒྱད་པ་གཉིས་གཏོང་སྟེ། གཟུགས་ཀྱི་ཆགས་བྲལ་ལས་ཉམས་ན་བརྒྱད་པ་དང་འདོད་པའི་དེ་ལས་ཉམས་ན་བདུན་པ་གཏོང་ངོ་། །ཕྱིར་མི་འོང་ཆགས་བྲལ་སྔོན་འགྲོའི་སྐད་ཅིག་བཅུ་དྲུག་པའི་ཚེ་དང་པོ་ལྔ་གཏོང་ལ། མཐར་གྱིས་པའི་ཕྱིར་མི་འོང་ཐོབ་པའི་ཚེ་དང་པོ་དྲུག་གཏོང་ངོ་། །འཐོབ་པ་ནི་ལྔ་མིན་ནོ་ཞེས་བཀག་པས་ལྷག་མ་ཡོད་པར་གྲུབ་སྟེ། ཕྱིར་མི་འོང་ལྔ་དང་དྲུག་བཏང་ནས་བདུན་པ་དང་། དགྲ་བཅོམ་པས་གཉིས་བཏང་ནས་དགུ་པ་གཅིག་པུ་སྔོན་མེད་འཐོབ་ལ། དགྲ་བཅོམ་གཟུགས་མེད་པས་ཉམས་ན་བདུན་པ་དང་བརྒྱད་པ་གཉིས་འཐོབ་ཅིང་། སུ་ཡང་རུང་བ་འདོད་པས་ཉམས་ན་དང་པོ་དྲུག་འཐོབ་བོ། །ཆགས་བྲལ་སྔོན་འགྲོའི་ཕྱིར་འོང་བཅུ་དྲུག་པ་གཏོང་བ་དང་ལམ་གཉིས་ཀྱིས་བརྟན་པར་བྱས་པས་ལྔ་མི་འཐོབ་ལ། ཉམས་ཀྱང་མཐོང་སྤང་སྤངས་པ་མི་ཉམས་པས་དྲུག་འཐོབ་པ་ཁོ་ནའོ། །ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་གཞུང་དོན་རབ་ཏུ་གསལ་བའི་ཉི་མ་ལས་གནས་ལྔ་པ་བསྟན་པའོ།། ༈ །།དྲུག་པ་ལམ་དང་གང་ཟག་བསྟན་པ་ལ་གསུམ་སྟེ། བདེན་པ་མངོན་པར་རྟོགས་པའི་ལམ་བཤད་པ། བདེན་པ་མངོན་པར་རྟོགས་པའི་གང་ཟག་བཤད་པ། ལམ་ཉིད་ཀྱི་ཁྱད་ཆོས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། མཚམས་སྦྱར་བ་དང་། ལམ་དངོས་སོ། །དང་པོ་ནི། གནས་ལྔ་པར་སྤངས་པ་ནི་ཡོངས་སུ་ཤེས་པའོ་ཞེས་གསུངས་པ་དེ་ལ། སྤང་བྱ་གང་གཉེན་པོ་གང་གིས་སྤོང་བའི་དོན་ནི་བདེན་པ་མཐོང་བ་དང་དེའི་དོན་སྒོམ་པ་ལས་ཉོན་མོངས་པ་སྤངས་པའོ་ཞེས་ཕྲ་རྒྱས་ཀྱི་དབྱེ་བར་བཤད་པ། དེའང་བདེན་པ་མཐོང་བ་ནི་མཐོང་སྒོམ་གཉིས་ཡིན་ལ། དེ་ཇི་ལྟ་བུ་ཞེ་ན། གཉིས་པ་ལ། ལམ་གཉིས་ཀྱི་ངོ་བོ། དམིགས་པ། སྐྱེ་ཚུལ་ལོ། །དང་པོ་ནི། སྒོམ་པའི་ལམ་ནི་ཟག་བཅས་འཇིག་རྟེན་པ་དང་ཟག་མེད་འཇིག་རྟེན་ལས་འདས་པ་རྣམ་པ་གཉིས་ཏེ། མཐོང་བའི་ལམ་ཞེས་བྱ་བ་དེ་ནི་ཁམས་གསུམ་པའི་གཉེན་པོ་ཡིན་པ་དང་སྤང་བྱ་ཆེ་འབྲིང་དགུ་གཅིག་ཆར་སྤོང་བའི་ཕྱིར་ཟག་པ་མེད་པ་ཁོ་ན་སྟེ། འཇིག་རྟེན་པ་ལ་དེ་འདྲའི་མཐུ་མེད་པའི་ཕྱིར་རོ། །དེས་ན་མཐོང་སྒོམ་ལམ་ལ་ཁྱད་པར་དུ་མ་སྟེ། ངོ་བོ་ལས་ནི་ཟག་མེད་ཁོ་ན་དང་གཉིས་ཀ་ཡིན་པ་དང་། དམིགས་པ་ལས་ནི་བདེན་པ་བཞི་ཁོ་ན་དང་ས་གོང་འོག་ལའང་དམིགས་པ་དང་། རྣམ་པ་ལས་བདེན་པ་དང་ཞི་རགས་ཀྱང་ཡིན་པ་དང་། ལམ་གྱི་དབྱེ་བ་ལས་བར་ཆད་མེད་པ་དང་རྣམ་གྲོལ་གཉིས་དང་། སྦྱོར་བའི་ལམ་སོགས་བཞི་ཡིན་པ་དང་། ངོ་བོའི་དབྱེ་བ་ལས་ཤེས་བཟོད་གཉིས་དང་ཤེས་པ་ཁོ་ན་ཡིན་པ་དང་། སྤང་བྱ་སྤོང་ཚུལ་ལས་དམིགས་པ་ཤེས་པས་ཅིག་ཆར་སྤོང་བ་དང་། གཉེན་པོ་གོམས་པས་རིམ་གྱིས་སྤོང་བའོ་ཞེས་པའམ། ཊཱི་ཀར་སྒོམ་སྤང་གཞི་བཅས་ཡིན་པས་བརྟན་ཏེ་ཅིག་ཆར་མི་སྤོང་ཞེས་བཤད་པས་སྒོམ་སྤང་ལ་ལྟོས་པའི་ཅིག་ཆར་བ་མེད་པ་དང་ཡོད་པ་ནི་གོང་འོག་གི་ལུགས་སོ། །མ་ཧཱས་ལུགས་འདི་ལའང་ཅིག་ཆར་བ་བཞེད་དོ། །རྟེན་ལས་འདོད་པ་དང་ཁམས་གསུམ་པ་དང་། རྒྱུད་ལས་འཕགས་པ་ཁོ་ན་དང་གཞན་ལའང་སྐྱེ་བ་དང་། སྐྱེ་ཚུལ་ལས་སྟན་གཅིག་ལས་སྐྱེ་བ་དང་གཞན་ལའང་སྐྱེ་བའོ། །གཉིས་པ་ལ། བདེན་པ་བཞི་དང་། དེ་གཉིས་སོ། །དང་པོ་ལ་དབྱེ་བ། རྟོགས་པའི་གོ་རིམ། ཟག་བཅས་དུཿཁ་བསྟན་པའོ། །དང་པོ་ནི། ལམ་གྱི་དམིགས་པ་ནི་བདེན་པ་ཞེས་བཤད་ན་བདེན་པ་དུ་ཞེ་ན། བདེན་པ་དག་ནི་བཞིར་བཤད་དེ། སྡུག་བསྔལ་དང་ཀུན་འབྱུང་དང་། འགོག་པ་དང་ལམ་མོ། །སོ་སོའི་ངོ་བོ་ནི་སྔར་བཤད་པ་དེ་བཞིན་ཏེ། ཉེར་ལེན་གྱི་ཕུང་པོ་ལྔའི་འབྲས་ལྡོག་དུཿཁ་དང་། རྒྱུ་ལྡོག་ཀུན་འབྱུང་སྟེ་དངོས་པོ་ཁྱབ་པར་མཉམ་པར་བྱེ་སྨྲ་འདོད་ལ། མདོ་སྡེ་པ་སོགས་དགྲ་བཅོམ་ཕ་མའི་ཕུང་པོ་དུཿཁ་ཡིན་ཡང་ཀུན་འབྱུང་མིན་པར་བཤད་ལ། བསྡུ་བར་སྲེད་བྲལ་གྱི་ཕུང་པོ་ཀུན་འབྱུང་མིན་པར་བཤད་དོ། །འགོག་པ་ནི་རྟག་རྫས་དང་། མདོ་སྡེ་པ་ཟག་བཅས་ཞི་བ་ཙམ་གྱི་མེད་དགག་དང་། སེམས་ཙམ་པ་དེ་བཞིན་ཉིད་དྲི་མ་དང་བྲལ་བའི་མེད་དགག་དང་། ངོ་བོ་ཉིད་མེད་པར་སྨྲ་བ་མ་ཡིན་དགག་དོན་དམ་པར་འདོད་དོ། །ལམ་ནི་ཟག་མེད་འདུས་བྱས་སོ་ཞེས་མཐུན་ནོ། །གྲངས་ངེས་པའི་རྒྱུ་ནི་སློབ་དཔོན་འཕགས་པས་ཀུན་བྱང་ཕྱོགས་ཀྱི་འབྲས་བུ་དང་རྒྱུའི་དེ་ཁོ་ན་བདེན་པ་བཞིའོ། །ཞེས་བཤད་པ་ལྟར་མདོ་སྡེ་པས་ཀྱང་འདོད་དོ། །གཉིས་པ་ནི། དོར་བྱ་དང་བླང་བྱའི་རིམ་པ་དེ་ལྟར་ཡིན་ཡང་། སོ་སོའི་རྒྱུ་འབྲས་གོ་ལོག་གོ་ཞེ་ན། བདེན་པ་དེ་དག་མཐོང་ལམ་གྱིས་ཇི་ལྟར་མངོན་པར་རྟོགས་པའི་རིམ་པ་བཞིན་ཏེ། མངོན་རྟོགས་སྐད་ཅིག་བཅུ་དྲུག་ལས་དང་པོར་དུཿཁ་མཐོང་བའི་ཤེས་བཟོད་ནས། མཐར་ལམ་གྱི་བཞི་སྐྱེ་བས་ཡུལ་ཅན་གང་སྔར་སྐྱེས་པའི་ཡུལ་སྔར་བསྟན་པའམ། གང་སྔར་རྟོགས་པ་སྔར་བསྟན་པའོ། །རིམ་པ་དེ་ལྟར་རྟོགས་པ་ཡང་དཀྱུས་བསྟན་པའི་རྟ་ལྟར་སྦྱོར་ལམ་དུ་དེ་ལྟར་གོམས་པའི་དབང་གིས་ཡིན་ཏེ། དཔེར་ན་ནད་མཐོང་ནས་དེའི་རྒྱུ་ལ་རྟོག་ལ། དེ་ནས་ནད་ཟད་པ་དོན་དུ་གཉེར་ཞིང་དེའི་ཐབས་སུ་སྨན་ཚོལ་བ་བཞིན་དུ། སྦྱོར་ལམ་དུ་དུཿཁ་མཐོང་ནས་དེའི་རྒྱུ་ཀུན་འབྱུང་ལ་རྟོག་ལ། དེ་ནས་དུཿཁ་འགོག་པ་དོན་དུ་གཉེར་ཞིང་དེའི་ཐབས་ཚོལ་བའི་རིམ་པས་སོ། །ངེས་ཚིག་ནི་མི་བསླུ་བས་བདེན་པ་ཡིན་ལ། བྱིས་པ་ལའང་མི་བསླུ་མོད་ཀྱི་བདེན་པར་རྟོགས་ལ་འཕགས་པས་རྟོགས་པས་འཕགས་པའི་བདེན་པ་ཞེས་སོ། །གསུམ་པ་ནི། ཚོར་བའི་ཕྱོགས་གཅིག་ཁོ་ན་དུཿཁ་མིན་ནམ། ཅིའི་ཕྱིར་ཟག་བཅས་ཐམས་ཅད་དུཿཁར་བརྗོད་ཅེ་ན། ལན་ལ་དགག་བཞག་སྤང་གསུམ་ལས། དང་པོ་ནི། མདོ་སྡེ་པའི་བཙུན་པ་གཞོན་ནུ་དཔལ་ལེན་ན་རེ། བདེ་བ་ཡོད་ཀྱང་ཉུང་བས་དུཿཁར་བརྗོད་དོ་ཞེ་ན། མི་རིགས་ཏེ། ཕུང་པོ་ལྔའི་ཚོར་བའི་ཕྱོགས་གཅིག་དང་ཁམས་གསུམ་གྱི་འདོད་པའི་གསུམ་ཆ་ཡིན་པ་དང་། ཟག་བཅས་དུཿཁའི་རྒྱུ་ཡིན་ཞེས་པ་ཡང་ཀུན་འབྱུང་གི་རྣམ་པ་ཡིན་པའི་ཕྱིར་རོ། །དཔལ་ལེན་ན་རེ། བདེ་བའི་ཚོར་བ་ནི་མེད་པ་ཉིད་དེ། བདེ་བ་ལ་རྒྱུ་མི་གནས་པའི་ཕྱིར་དང་། མདོ་ལས་གང་ཅི་ཚོར་ཡང་རུང་དེ་ནི་དུཿཁའོ་ཞེས་གསུངས་པའི་ཕྱིར་རོ་ཞེ་ན། མི་འཐད་དེ། སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པའི་ཕྱིར་ཏེ། རྟེན་གྱི་ཁྱད་པར་ལ་ལྟོས་པའི་ཡུལ་བདེ་བའི་རྒྱུར་འདོད་པས་དེ་མི་གནས་པའང་མིན་ལ། ལུང་ཡང་དགོངས་པ་ཅན་ཏེ། དགོངས་གཞི་ནི་འདུ་བྱེད་མི་རྟག་པ་དང་། རྣམ་པར་འགྱུར་བ་ལ་དགོངས་སོ། །གནོད་བྱེད་ནི་དུཿཁའི་དོན་ཅི་ཡིན་གནོད་པའམ་མི་འདོད་པ་ཡིན་ནོ་ཞེ་ན། འོ་ན་ཕན་པའམ་འདོད་པ་བདེ་བར་གྲུབ་ཅིང་། དུཿཁ་ཆུང་ངུ་ལའང་བདེ་བའི་བློ་སྐྱེ་བར་འགལ་ལ་གོང་མ་གཉིས་ན་དུཿཁ་མེད་པས་བདེ་བའི་བློ་མི་སྐྱེ་བར་འགྱུར་རོ། །གཉིས་པ་རང་ལན་ནི། འདུ་བྱེད་ཟག་བཅས་མ་ལུས་པ་ནི་ཆོས་ཅན། དུཿཁ་ཡིན་ཏེ། ཟག་བཅས་ཀྱི་ཚོར་བ་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་དང་། དེ་གཉིས་ལས་གཞན་པ་གསུམ་པོ་རྟེན་ཡུལ་གྲོགས་དང་བཅས་པའི་ཟག་བཅས་རྣམས་ཉིད་ཀྱི་སྒོ་ནས་ཅི་རིགས་པར་སྡུག་བསྔལ་ཉིད་དང་ལྡན་པའི་ཕྱིར། གསུམ་པ་རྩོད་སྤོང་ནི། ཟག་བཅས་ཀྱི་བདེ་བའང་དུཿཁར་འགྱུར་བས་འཇིག་རྟེན་ན་བདེ་བ་མེད་པར་འགྱུར་རོ་ཞེ་ན། སོ་སོ་སྐྱེ་བོའི་བློ་ལ་ལྟོས་ནས་བདེ་བའི་ཐ་སྙད་བྱས་ལ། འཕགས་པ་རྣམས་ཀྱི་གཟིགས་པ་ལ་ལྟོས་ནས་དུཿཁའོ། །ཡང་ལམ་བདེན་ཡང་མི་རྟག་པས་དུཿཁར་ཐལ་ལོ་ཞེ་ན། མི་འགྱུར་ཏེ། དུཿཁ་ཐམས་ཅད་ཟད་པ་འདྲེན་པས་འཕགས་པ་དང་མཐུན་པའི་ཕྱིར་དང་། དུཿཁ་དང་པོ་ལས་འདས་པའི་ཕྱིར་རོ། །གཉིས་པ་ཟག་བཅས་ཐམས་ཅད་ཀུན་འབྱུང་མིན་ཏེ། མདོ་ལས་སྲེད་པ་ཁོ་ན་ཀུན་འབྱུང་དུ་གསུངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། གཙོ་བོ་ལ་དགོངས་པའི་ཕྱིར་རོ། །གཉིས་པ་བདེན་པ་གཉིས་བཤད་པ་ནི། ཐུབ་པས་བདེན་པ་གཉིས་གསུངས་ན་དེ་གཉིས་ཀྱི་མཚན་ཉིད་དང་མཚན་གཞི་ཇི་ལྟ་བུ་ཞེ་ན། ཆོས་གང་ལ་བཅོམ་པའི་འཇིག་པས་བཤིག་ན་དེའི་བློ་མི་འཇུག་ཅིང་ཐ་སྙད་མི་འཐོབ་པ་བུམ་པ་ལྟ་བུ་དང་། ཆོས་གང་ལ་བཅོམ་པའི་འཇིག་པས་མི་གནོད་ཀྱང་བློ་ཡིས་ཆོས་གཞན་དང་གཞན་དུ་བསལ་ན་དེའི་བློ་མི་འཇུག་པ་དཔེར་ན་བུམ་པའི་ཆུ་བཞིན་དུ་ཡོད་པ་ནི་ཀུན་རྫོབ་ཏུ་ཡོད་པ་སྟེ། དོན་དམ་པར་ཡོད་པ་ནི་སྔ་མ་གཉིས་ལས་གཞན་འཇིག་པ་གཉིས་ཀྱིས་མི་གནོད་པར་རང་དབང་དུ་ཡོད་པ་སྟེ། མཚན་གཞི་ནི་རྫས་ཀྱིས་བསྡུས་པའི་སྐད་ཅིག་དང་རྡུལ་ཕྲ་རབ་འཇིག་པ་གཉིས་མེད་པ་རྣམས་དང་འདུས་མ་བྱས་སོ། །གསུམ་པ་སྐྱེ་ཚུལ་ལ། འཇུག་ཚུལ་མདོར་བསྟན། སྒོམ་ཚུལ་རྒྱས་པར་བཤད་པའོ། །དང་པོ་ལ། བྱ་བའི་རིམ་པ་དང་། བློའི་ངོ་བོའོ། །དང་པོ་ནི། ཚུལ་ཇི་ལྟར་བསླབ་པས་བདེན་པ་མཐོང་ཞེ་ན། དང་པོར་གཞི་ཚུལ་ཁྲིམས་རིས་བདུན་གང་རུང་ལ་གནས་ཏེ་བདེན་པ་མཐོང་བ་དང་མཐུན་པའི་ཐོས་པ་དང་། ཐོས་པའི་དོན་བགྲང་གཞལ་གྱིས་བསམ་པར་བྱས་ནས། ལོྃ་ཀྃ་དང་ལོ་ཀ་ལས་འདས་པའི་སྒོམ་པ་ལ་ནི་རབ་ཏུ་སྦྱོར་ཏེ་དེ་ནི་བདེན་པ་མཐོང་བའོ། །གཉིས་པ་ནི། ཐོས་པ་ལས་བྱུང་བའི་བློ་ནི་མིང་ལ་བརྟེན་ནས་དོན་ལ་འཇུག་པ་དང་། བསམ་བྱུང་ནི་རེས་འགའ་མིང་ལས་དང་། རེས་འགའ་དོན་གྱིས་མིང་འདྲེན་པས་གཉིས་ཀའི་ཡུལ་ཅན་དང་། སྒོམ་བྱུང་ནི་མིང་ལ་མི་ལྟོས་པར་དོན་ཁོ་ནའི་ཡུལ་ཅན་ནོ་ཞེས་བྱེ་སྨྲ་འདོད་དོ། །སློབ་དཔོན་ནི་བསམ་བྱུང་དེ་མིང་ལ་དམིགས་པའི་ཆ་ནས་ཐོས་བྱུང་དང་། དོན་ལ་དམིགས་པའི་ཆ་ནས་སྒོམ་བྱུང་དུ་ཐལ་བས་བསམ་བྱུང་མི་རྙེད་པར་འགྱུར་རོ་ཞེས་སུན་ཕྱུང་ནས། རང་ལུགས་ནི་ཡིད་ཆེས་པའི་ལུང་དང་། རིགས་པས་བརྟགས་པ་དང་། ཏིང་ངེ་འཛིན་ལས་སྐྱེས་པ་ལ་བཞེད་དོ། །གཉིས་པ་ལ། རྟེན་སྣོད་དུ་རུང་བ་བསྒོམ་པ་པོའི་ཁྱད་པར། དེས་བསྒོམ་བྱའི་ལམ་གྱི་རིམ་པའོ། །དང་པོ་ལ། མདོར་བསྟན། རྒྱས་པར་བཤད་པ་གཉིས། དང་པོ་ནི་སྒོམ་པ་པོ་གང་ཞིག སྒོམ་པ་ཇི་ལྟར་རྫོགས་པར་འགྱུར་ཞེ་ན། ལུས་འདུ་འཛིན་དང་སེམས་མི་དགེ་བའི་རྣམ་རྟོག་ལས་བསྲིང་བ་གཉིས་དང་ལྡན་ན་རྫོགས་པར་འགྱུར་རོ། །གཉིས་པ་ལ་གཉིས་ལྡན་དཀའ་བ། ལྡོག་པས་སླ་བའོ། །དང་པོ་ནི། ངན་ཉུང་རྙེད་པས་ཡིད་མི་བདེ་བ་ཆོག་མི་ཤེས་པ་དང་། བཟང་མང་རྙེད་པར་འདོད་པ་འདོད་ཆེན་ཅན་ལ་ལམ་སྐྱེ་སླ་བ་མིན་ཞིང་ལྡོག་པ་ལ་སླའོ། །དེ་གཉིས་ཀྱི་ཁྱད་པར་ཅི་ཞེ་ན། བྱེ་སྨྲ་ནི་ཆོས་གོས་སོགས་རྙེད་པ་ལ་ཡང་ཡང་སྲེད་ཅིང་འདོད་པ་ནི་ཆོག་མི་ཤེས་པ་དང་། དེ་མ་རྙེད་པ་ལ་རྙེད་པར་འདོད་པ་ནི་འདོད་ཆེན་ཅན་ནོ། །སློབ་དཔོན་ནི་སྔ་མ་ལྟར་བཞེད་དོ། །གཉིས་པ་ལ་ལྡོག་པ་གཉེན་པོར་བསྟན། དེ་འཕགས་རིགས་སུ་བསྟན་པའོ། །དང་པོ་ནི། ཆོག་མི་ཤེས་དང་འདོད་ཆེན་ཅན་གཉིས་ལས་བཟློག་པ་ནི་གཉིས་པོ་དེ་ཡི་གཉེན་པོ་དག་ཡིན་ལ། གཉེན་པོ་དེ་གཉིས་ནི་ཁམས་གསུམ་དུ་གཏོགས་པ་གསུམ་དང་དྲི་མེད་དང་བཞིའོ། །ངོ་བོ་ནི་མ་ཆགས་པའི་རང་བཞིན་ནོ། །གཉིས་པ་ལ། དངོས་དང་། དེའི་ཁྱད་པར་དཔྱད་པའོ། །དང་པོ་ནི། མ་ཆགས་པ་དེ་ཉིད་ལ་འཕགས་པའི་རིགས་སམ་རྒྱུ་ཞེས་བྱ་སྟེ། དེ་ལས་འཕགས་ཆོས་སྐྱེ་བས་སོ། །དེ་ལ་བཞི་ཡོད་པ་དག་ལས། དང་པོ་ཆོས་གོས་དང་བསོད་སྙོམས་དང་མལ་སྟན་ལ་མ་ཆགས་པ་གསུམ་ནི་ཆོག་ཤེས་ཀྱི་བདག་ཉིད་ཡིན་ལ། བཞི་པ་ནི་སྤོང་བ་འགོག་པ་དང་སྒོམ་པ་ལམ་ལ་དགའ་བ་སྟེ་དེ་བཞི་ལ་མ་ཆགས་པ་ཞེས་བྱ་སྟེ། སྲིད་པ་དང་འདོད་པའི་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །གཉིས་པ་ལ། ངེས་དོན་གང་བསྟན་པ། དེ་ལྟར་བསྟན་པའི་དགོས་པའོ། །དང་པོ་ནི། རིགས་བཞི་པོ་དེས་དོན་གང་བསྟན་ཞེ་ན། དང་པོ་གསུམ་གྱིས་ཚུལ་བསྟན་ལ། ཐ་མས་ལས་བསྟན་ཏེ། ཚུལ་འདིས་གནས་ཤིང་ལས་འདི་བྱེད་ན་ཐར་པ་ཐོབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །གཉིས་པ་ནི། ཅིའི་ཕྱིར་དུ་ཚུལ་དང་ལས་འདི་ལྟ་བུ་བྱ་ཞེ་ན། རྟེན་གྱི་གང་ཟག་གི་རྒྱུད་ལ་སྐྱེ་བའི་གོས་སོགས་ལ་སྲེད་པ་བཞིའི་གཉེན་པོའི་ཕྱིར་དུ་སྟེ་བདག་གིར་འཛིན་པའི་དངོས་པོ་ཆོས་གོས་སོགས་གསུམ་འདོད་པ་དང་། ལུས་ཀྱི་དངོས་པོ་ལ་བདག་ཏུ་འཛིན་པའི་འདོད་པ་སྟེ་ཕྱི་ནང་གི་དངོས་པོ་ལ་སྲེད་པ་གཉིས་ཡོད་པ་ལས། ཚུལ་གྱིས་ནི་དང་པོ་དེའི་དུས་ཏེ་རེ་ཞིག་ཞི་བར་བྱེད་པ་དང་། ལས་ཀྱིས་ནི་གཉིས་ཀའང་གཏན་དུ་ཞི་བར་བྱེད་པའི་ཕྱིར་རོ། །གཉིས་པ་དེས་བསྒོམ་བྱའི་ལམ་གྱི་རིམ་པ་ལ། ཞི་གནས་སྒོམ་ཚུལ་དང་། ལྷག་མཐོང་སྒོམ་ཚུལ་ལོ། །དང་པོ་ལ་བསྟན་བཤད་དོ། །དང་པོ་ནི། སྣོད་དུ་གྱུར་ནས་སྒོམ་པ་དེ་ལ་ཇི་ལྟར་འཇུག་ཅེ་ན། འཇུག་པའི་ཚུལ་ནི་མི་སྡུག་པ་སྒོམ་པས་འཇུག་པ་དང་། ཡང་ན་དབུགས་རྔུབ་པ་དང་འབྱུང་བ་རྗེས་སུ་དྲན་པ་ཡིས་འཇུག་གོ །གང་ཟག་གང་གིས་འཇུག་ཅེ་ན། འདོད་ཆགས་ཤས་ཆེ་བས་མི་སྡུག་པ་སྒོམ་པ་དང་། རྣམ་རྟོག་ལྷག་པ་དབུགས་འབྱུང་རྔུབ་དྲན་པ་རྣམས་སོ། །འདིས་རྣམ་རྟོག་གཅོད་པ་ནི་ཁ་ཅིག་ཡུལ་སྣ་ཚོགས་ལ་མེ་དམིགས་པའི་ཕྱིར་ཞེས་དང་། གཞན་དག་ཁ་ཕྱིར་མ་བལྟས་པའི་ཕྱིར་ཞེས་བཤད་ལ། འདི་ལའང་ཞེ་སྡང་ཤས་ཆེ་བས་བྱམས་པ། གཏི་མུག་ཤས་ཆེ་བས་རྟེན་འབྲེལ་དང་། ང་རྒྱལ་ཤས་ཆེ་བས་ཁམས་ཀྱི་རབ་དབྱེ་བསྒོམ་སྟེ་ཉོན་མོངས་ཆ་མཉམ་ན་ཞི་གནས་སྐྱེ་ལ། ཆ་མཉམ་པའམ་ཆུང་བས་ནི་དང་པོ་ཉིད་ནས་ཞི་གནས་སྐྱེད་པས་ཆོག་པར་བཤད་ཅིང་། ཤས་ཆེ་བའང་དེ་ལྟར་ངེས་པར་མངོན་ཏེ། ཀུན་བཏུས་སུ་ཤས་ཆེ་བའི་དབྱེ་བ་སྟོན་པ་ན་དེ་ལྔ་ལས་མ་བགྲང་བས་སོ། །གཉིས་པ་ལ། མི་སྡུག་པ་སྒོམ་པ། དབུགས་འབྱུང་རྔུབ་དྲན་པའོ། །དང་པོ་ལ་བསྟན་བཤད་གཉིས། དང་པོ་ནི། འདོད་ཆགས་བཞི་ལས་ཁ་དོག་ལ་ཆགས་པའི་གཉེན་པོར་རྣམ་པར་བསྔོས་པ་རྣག་པ་བམ་པ་དམར་བ་འཚིག་པ་སྟེ་ལྔ། དབྱིབས་ལ་ཆགས་པ་ལ་ཟོས་པ་དང་འཐོར་བ་དག་དང་། རེག་བྱ་ལ་ཆགས་པ་ལ་འབུས་གཞིགས་པ་དང་རུས་པས་སྦྲེལ་བའི་ཀེང་རུས་དང་། བསྙེན་བཀུར་ལ་ཆགས་པ་ལ་ཤི་རོ་གཡོ་བ་མེད་པ་ལ་དམིགས་ནས་བསྒོམ་ལ། ཀེང་རུས་སྒོམ་པ་ནི་ཆགས་ཅན་ཐམས་ཅད་ལ་ཤིས་ཏེ་དེའི་གཉེན་པོར་འགྱུར་བས་སོ། །གཉིས་པ་ལ། རྣལ་འབྱོར་སྒོམ་ཚུལ། དེ་ཉིད་ངེས་པར་བྱ་བའོ། །དང་པོ་ནི། སྒོམ་ཚུལ་གསུམ་སྟེ། དང་པོར་རང་གི་དཔྲལ་བའི་དབྱེས་ལ་སོགས་པ་གང་དགའ་བར་རྨ་དོད་ནས་ཤ་རུལ་ཞིང་རྨྱགས་ཏེ་རུས་པར་མོས་པ་ནས། རིམ་གྱིས་རང་ལུས་ཀུན་དང་རྒྱ་མཚོའི་མཐའ་ཀླས་པའི་བར་དུ་ནི་ས་གཞི་ཀུན་རུས་པར་སྤྲོ་ཞིང་། སླར་རྒྱ་མཚོའི་མཐའ་ནས་སྔ་མ་ཁོ་ན་བཞིན་བསམ་ཏེ་རང་ཉིད་གཅིག་པུ་རུས་པར་སེམས་སྡུད་པ་ནི་ལས་དང་པོ་པ་དང་། སྤྲོ་བ་སྔར་བཞིན་ལས་སྡུད་པ་ནི་རང་གི་རྐང་པའི་རུས་པ་ནས་ནི་ཐོད་པ་སྟེ་མགོ་བོའི་ཡན་མན་ནམ། ཕན་ཚུན་གྱི་ཕྱེད་ཀྱི་བར་སྔ་མ་ཁོ་ན་བཞིན་གཏོང་བས་དེ་ལྟར་གསལ་བ་ནི་ཡིད་ལ་བྱེད་པ་སྦྱང་བ་བྱས་པའི་རྣལ་འབྱོར་པར་བཤད་ལ། སྔར་བཞིན་ལས་ཐོད་པའི་ཕྱེད་ཀྱང་བོར་ནས་རང་གི་སྨིན་མ་གཉིས་ཀྱི་བར་དུ་རུས་པ་མཐེ་བོ་གང་ཙམ་པ་ལ་སེམས་འཛིན་པ་ནི་མི་སྡུག་པ་ཡིད་ལ་བྱེད་པ་རྫོགས་པའི་རྣལ་འབྱོར་པ་ཡིན་ནོ། །གཉིས་པ་ནི། མི་སྡུག་པའི་ངོ་བོ་ནི་མ་ཆགས་པའི་དགེ་བའོ། །འཁོར་དང་བཅས་ན་ཕུང་པོ་བཞིའམ་ལྔའོ། །ས་ནི་བསམ་གཏན་ལྔ་ཉེར་བསྡོགས་བཞི་འདོད་པའི་རྩེ་གཅིག་པ་སྟེ་བཅུ་དང་དམིགས་པ་ནི་འདོད་པའི་སྣང་བ་སྟེ་ཁ་དོག་དང་དབྱིབས་ཀྱི་གཟུགས་དང་། རྣམ་པ་ནི་མི་སྡུག་པ་དང་། དུས་གང་ལ་ཡུལ་ཡིན་པ་ནི་སྐྱེ་བའི་དེའི་དུས་པ་དང་། མི་སྐྱེ་བའི་དུས་གསུམ་པ་དང་། རྟེན་ནི་གླིང་གསུམ་གྱི་སྐྱེས་བུད་མེད་ཀྱི་མིས་སྐྱེད་དེ་གཞན་རྣམས་ལ་མེད་དོ། །འཐོབ་པ་ནི་ཚེ་འདིར་སྔར་འདྲིས་ན་ཆགས་བྲལ་དང་མ་འདྲིས་ན་སྦྱོར་བས་སོ། །གཉིས་པ་ལ། ཐུན་མོང་དུ་བསྟན། ཁྱད་པར་དུ་བཤད་པའོ། །དང་པོ་ནི། དབུགས་ནང་དུ་རྔུབ་པ་དང་དབུགས་ཕྱིར་འབྱུང་བ་རྗེས་སུ་དྲན་པ་ནི་ངོ་བོ་དེ་ལྟར་འབྱེད་པའི་ཤེས་རབ་ཡིན་ལ། དྲན་པའི་སྟོབས་བསྐྱེད་པ་ལས་བྱུང་བས་དྲན་པ་ཞེས་སྨོས་སོ། །ས་ནི་བཞི་པ་ཡན་ཆད་ན་རླུང་མེད་ཅིང་དངོས་གཞི་གསུམ་གྱི་བདེ་བ་གསལ་བས་རྣམ་རྟོག་འདྲེན་པའི་ཕྱིར་ཉེར་བསྡོགས་གསུམ་ཁྱད་པར་ཅན་དང་འདོད་པ་སྟེ་བཏང་སྙོམས་ཅན་ལྔ་ན་ཡོད་ལ། སྤྱོད་ཡུལ་ནི་རླུང་ངོ་། །རྟེན་ནི་འདོད་པའི་ལྷ་མིའི་རྟེན་ཅན་ཏེ་འོན་ཀྱང་ལུང་མེད་པ་དང་བདག་ཉིད་ཀྱིས་ཟབ་མོ་མི་རྟོག་པས་ཕྱི་པའི་རྟེན་ཅན་མིན་ནོ། །གཉིས་པ་ལ། སྒོམ་ཚུལ་གྱི་དབྱེ་བ། ཡུལ་གྱི་ངོ་བོ། ཡུལ་ཅན་གྱི་ཁྱད་པར་རོ། །དང་པོ་ནི། བགྲང་བ་ལ་སོགས་པ་རྣམ་པ་དྲུག་གོ །ཇི་སྐད་དུ། བགྲང་དང་རྗེས་འགྲོ་འཇོག་པ་དང་། །རྟོག་པ་དང་ནི་བསྒྱུར་བ་དང་། །ཡོངས་དག་རྣམ་པ་དྲུག་ཏུ་འདོད། །ཅེས་པ་ལྟར་རོ། །དང་པོ་ནི། ལུས་སེམས་མངོན་པར་འདུ་བྱ་བ་མེད་པར་བཞག་ནས། ཉུང་ན་སེམས་ཞུམ་པ་དང་། མང་ན་གཡེང་བར་དོགས་པས་གཅིག་ནས་བཅུའི་བར་དུ་སྐྱོན་གསུམ་དང་བྲལ་བས་བགྲང་བ་སྟེ། གཉིས་པ་གཅིག་ཏུ་འཛིན་ན་མ་ཚང་བ་དང་། གཅིག་ལ་གཉིས་སུ་འཛིན་ན་ལྷག་པ་དང་། རྔུབ་པ་ལ་འབྱུང་བའམ་འབྱུང་བ་ལ་རྔུབ་པར་འཛིན་ན་འཆོལ་བར་བགྲངས་པའི་སྐྱོན་ནོ། །རྗེས་སུ་འགྲོ་བ་ནི་རླུང་གི་རྗེས་སུ་ཤེས་པ་འགྲོ་བ་སྟེ། བརྔུབས་ན་ལྐོག་མ་དང་སྙིང་ག་དང་ལྟེ་བ་དང་བརླ་དང་རྐང་པའི་བར་འགྲོ་ལ། འབྱུང་བ་ན་མཐོ་གང་འདོམ་གང་གི་བར་འགྲོ་བ་སྟེ། དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་དེ་ལས་ལྷག་པར་འདོད་པ་མི་རུང་ངོ་། །འཇོག་པ་ནི་ནོར་བུའི་ཐག་པ་ལྟར་སྣ་རྩེ་ནས་རྐང་པའི་བར་དུ་གནས་པར་ལྟ་ཞིང་། ཕན་གནོད་ལས་ཕན་པ་དང་། གྲང་དྲོ་ལས་དྲོ་བའོ་ཞེས་རྟོག་པའོ། །ཉེ་བར་རྟོག་པ་ནི་ཡུལ་རླུང་ནི་རྫས་བརྒྱད། ཡུལ་ཅན་ཤེས་རབ་ནི་མིང་གི་ཕུང་པོ་བཞི་དང་བཅས་ཏེ་ཕུང་པོ་ལྔ་པར་རྟོག་གོ །དེ་བཞིའི་འབྲས་བུ་བསྒྱུར་བ་ནི་ཁ་ཅིག་རླུང་ལ་དམིགས་པའི་བློ་བསྒྱུར་ཏེ་ཆོས་མཆོག་གི་བར་དང་། ཡོངས་སུ་དག་པ་ནི་མཐོང་ལམ་ལ་སོགས་པའམ། ཁ་ཅིག་རྡོ་རྗེ་ལྟ་བུའི་བར་དང་ཟད་ཤེས་སོ། །ཞེས་འཆད་དོ། །གཉིས་པ་ནི། དབུགས་རྔུབ་དབུགས་འབྱུང་ལུས་གང་ལས། །ཞེས་བཅོས་ཏེ། འདིའི་ཡུལ་གྱི་ཁྱད་པར་ནི་དབུགས་རྔུབ་པ་དབུགས་འབྱུང་བ་ཡིན་ལ། དེ་ཡང་ལུས་ཀྱི་ཕྱོགས་གཅིག་ཡིན་པས་ལུས་ས་གང་ལས་བྱུང་བ་དེའི་རླུང་ཡང་ས་དེ་པའོ། །འགྲོ་བའི་རྒྱུད་ཀྱིས་བསྡུས་པས་སེམས་ཅན་དུ་སྟོན་པ་དང་། དབང་པོ་དང་ཚོགས་པ་ཐ་དད་པས་སེམས་ཀྱིས་མ་ཟིན་པ་དང་། ལུས་རྒྱས་པ་ན་སྒྲིབ་པ་དང་། ཆད་ནས་མཚམས་སྦྱོར་ཞིང་འདོད་དགུར་འབྱུང་བར་རྒྱུན་ལས་བྱུང་བ་ཁོ་ནའོ། །གསུམ་པ་ནི། རང་ས་དང་གོང་སའི་སེམས་ཀྱིས་རྟོགས་ཀྱི། དམན་པའི་ཡུལ་མཆོག་མིན་པས་འོག་མ་འོག་མ་ཡིས་སྤྱོད་ལམ་པ་དང་སྤྲུལ་པའི་ཡིད་ཀྱིས་གོང་མའི་དབུགས་འབྱུང་རྔུབ་དེ་གཉིས་མི་རྟོགས་སོ། །དེ་ལྟར་འཇུག་པའི་སྒོ་གཉིས་ཀྱི་ཞི་གནས་བཤད་ནས། གཉིས་པ་ལྷག་མཐོང་སྒོམ་ཚུལ་ལ། ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་དང་། བདེན་པ་མངོན་པར་རྟོགས་པའི་ལམ་གྱི་སྐྱེ་ཚུལ་ལོ། །དང་པོ་ལ་བསྟན་བཤད་གཉིས། དང་པོ་ལའང་གང་ཟག་དང་། སྒོམ་ཚུལ་ལོ། །དང་པོ་ནི། ཇི་སྐད་བཤད་པའི་འཇུག་སྒོ་གཉིས་ལ་བརྟེན་ནས་ཞི་གནས་གྲུབ་པར་གྱུར་པ་ཡིས་ལྷག་མཐོང་གི་ལམ་དྲན་པ་ཉེར་གཞག་བསྒོམ་པར་བྱའོ། །གཉིས་པ་ནི། ཇི་ལྟར་བསྒོམ་པར་བྱ་ཞེ་ན། ལུས་འབྱུང་བ་དང་འབྱུང་བ་ལས་གྱུར་པ་དང་། ཚོར་བ་མྱོང་བ་དང་། སེམས་དོན་ཙམ་རིག་པ་དང་། ཆོས་དེ་གསུམ་ལས་གཞན་པ་རྣམས་མཚན་མར་འཛིན་པ་ལ་སོགས་པ་རང་མཚན་དང་། སྤྱིའི་མཚན་ཉིད་མི་རྟག་པ་ལ་སོགས་པ་སྟེ་གཉིས་སུ་ཡོངས་སུ་བརྟགས་པས་འཇུག་པ་ཡིན་ནོ། །གཉིས་པ་བཤད་པ་ལ། ཐུན་མོང་གི་སྒོམ་ཚུལ། ཆོས་དྲན་པ་ཉེར་གཞག་གི་སྒོམ་ཚུལ་ལོ། །དང་པོ་ལ། ངོ་བོ། གོ་རིམ། གྲངས་ངེས་སོ། །དང་པོ་ནི། ངོ་བོ་ནི་ཤེས་རབ་ཡིན་ལ་དེའང་སྐྱེས་ཐོབ་མིན་གྱི་ཐོས་པ་དང་། ལ་སོགས་པ་བསམ་པ་དང་སྒོམ་པ་ལས་བྱུང་བའི་ཤེས་རབ་ཡིན་ཡང་དྲན་པའི་སྟོབས་བསྐྱེད་པས་འཇུག་པས་ན་དྲན་པ་ཞེས་སམ། སློབ་དཔོན་ནི། འདིས་ཇི་ལྟར་མཐོང་བ་ལྟར་ལྷན་ཅིག་པའི་དྲན་པ་ཉེ་བར་འཇོག་པས་སོ་ཞེས་གསུངས་སོ། །དེ་དང་མཚུངས་ལྡན་གྱི་གྲོགས་གཞན་ནི་འབྲེལ་བ་དང་། དེ་གཉིས་ཀྱི་ཡུལ་ལུས་སོགས་བཞི་ནི་དམིགས་པ་ལས་དྲན་པ་ཉེར་གཞག་གི་ཐ་སྙད་བྱས་སོ། །གཉིས་པ་ནི། བཞི་པོའི་རིམ་པ་ནི་ཇི་ལྟར་སྐྱེ་བའི་རིམ་པ་བཞིན་ཏེ། སྔ་མ་སྔ་མ་རགས་ཤིང་རྟོགས་སླ་བས་དེ་ལྟར་མཐོང་བའམ། སློབ་དཔོན་ནི་ལུས་ལ་ཆགས་པས་ཚོར་བ་འདོད་དེ་སེམས་ཕྱིན་ཅི་ལོག་ཏུ་གྱུར་པས་ཉོན་མོངས་འཕེལ་བའི་ཕྱིར་ཞེས་སོ། །གསུམ་པ་ནི། ལུས་སོགས་བཞི་ལ་གཙང་བདེ་བདག་རྟག་ཏུ་ཕྱིན་ཅི་ལོག་པ་སྟེ་བཞི་ཡི་གཉེན་པོ་བཞི་ཁོ་ནའོ་ཞེས་སམ། དབུས་མཐའ་ལས། གནས་ངན་ལེན་ཕྱིར་སྲིད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། །དྲན་པ་ཉེ་བར་གཞག་པ་བསྒོམ། །ཞེས་སོ། །གཉིས་པ་ནི། དྲན་པ་ཉེར་གཞག་སྔ་མ་གསུམ་གོམས་པར་བྱས་ནས་དེ་རྗེས་སུ་རྣལ་འབྱོར་པ་དེ་ནི་ཆོས་དྲན་པ་ཉེ་བར་གཞག་པའི་ཡུལ་ཆོས་སྤྱི་ལ་དམིགས་པ་ཐོས་བསམ་ལས་བྱུང་བ་ལ་གནས་པར་བྱེད་ལ། དམིགས་པ་ལུས་སོགས་དེ་དག་ལ་ནི་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་བཞིར་བལྟའོ། །གཉིས་པ་སྦྱོར་ལམ་ལ། སྐྱེ་ཚུལ་ངོ་བོ། ཁྱད་པར། སྔོན་འགྲོའོ། །དང་པོ་ལ་སྐྱེ་བའི་རིམ་པ། དེ་ཕུང་པོ་ལྔར་བསྡུས་པ། དོན་བསྡུ་བའོ། །དང་པོ་ནི། སྤྱི་ལ་དམིགས་པའི་ཆོས་དྲན་པ་ཉེར་གཞག་དེ་གོམས་པ་ལས་དྲོ་བར་གྱུར་པ་འབྱུང་སྟེ། ཉོན་མོངས་ཅན་པའི་བུད་ཤིང་སྲེག་པའི་འཕགས་པའི་ལམ་གྱི་མེ་ཡི་སྔ་ལྟས་ཏེ་དམིགས་རྣམ་འདྲ་བས་སོ། །དྲོད་དེ་ནི་ཁམས་གོང་འོག་གི་བདེན་པ་བཞིའི་སྤྱོད་ཡུལ་ཅན་ཡིན་པས་མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་ཚར་བའོ། །དེ་ལྟར་དྲོད་ཆུང་འབྲིང་ཆེན་པོ་གསུམ་སྒོམ་པ་ལས་རྩེ་མོ་སྐྱེ་སྟེ་དགེ་བའི་རྩ་བ་གཡོ་བའམ་ཉམས་སྲིད་པའི་རྩེ་མོ་ཡིན་པས་དེ་སྐད་བརྗོད་དོ། །དེ་ཡང་དམིགས་རྣམ་དྲོད་དེ་དང་འདྲ་སྟེ། ཁྱད་པར་ནི་གསལ་སྣང་ཆེར་མཆེད་པའོ། །དེ་ལ་ལམ་གྱི་དམིགས་པ་བཞི་པོ་ཡིན་པས། ལམ་ཐམས་ཅད་དྲན་པ་ཉེར་གཞག་བཞི་པོ་དྲོད་རྩེ་གང་གི་ངོ་བོར་སྐྱེ་ཞེ་ན། དེ་གཉིས་ཀ་ཐོག་མར་བདེན་པ་བཞི་ལ་རྣམ་པ་གཏོད་ཅིང་འགོད་པ་ནི་དཀའ་བས་ཆོས་སྤྱི་ལ་དམིགས་པའི་དྲན་པ་ཉེར་གཞག་གི་ངོ་བོར་སྐྱེ་ལ་ཆུང་ངུའི་ཚེ་གཏད་ནས་འཕེལ་བ་ན་སོ་སོར་དམིགས་པ་བསྒོམ་པ་བོགས་ཆེ་བས་གཞན་དག་གིས་ངོ་བོས་ཀྱང་འཕེལ་ཏེ་བདེན་པའི་རྣམ་པ་བྱང་བར་བྱེད་དོ། །ཀྱང་ཞེས་པས་བཞི་པས་འཕེལ་བའོ་ཞེས་གསུངས་སོ། །རྩེ་མོ་ཆེན་པོ་དེ་ལས་བཟོད་པ་སྐྱེ་སྟེ། ཡོངས་སུ་མི་ཉམས་པའི་སྒོ་ནས་བདེན་པ་ལ་ཆེར་བཟོད་པས་དེ་སྐད་བརྗོད་དོ། །དེའང་གསུམ་ལས་ཆུང་འབྲིང་གཉིས་པོ་ནི་དམིགས་རྣམ་དང་གཏོད་ཚུལ་འདྲ་བ་མི་ཉམས་པས་ཁྱད་པར་དུ་གྱུར་པའོ། །མི་འདྲ་བ་ནི་བཟོད་པ་གསུམ་པོ་ཐམས་ཅད་ཆོས་དྲན་པ་ཉེར་གཞག་གིས་འཕེལ་བར་བྱེད་ཀྱི་གཞན་གྱིས་མིན་ཏེ། ཆོས་མཆོག་དང་ཉེ་བའི་ཕྱིར་ཞེས་ཊཱི་ཀར་ཆད་དེ། མཐོང་ལམ་དང་ཉེ་བས་ཆོས་དྲན་པ་ཉེར་གཞག་ཁོ་ནའོ། །བཟོད་པ་ཆེན་པ་ནི་འདོད་པར་གཏོགས་པའི་སྡུག་བསྔལ་གྱི་ཡུལ་ཅན་ཡིན་ལ། དྲོད་སོགས་ནི་ཁམས་གསུམ་པའི་དུཿཁ་སོགས་ལ་དམིགས་པས་སོ། །དེ་ནི་སྐད་ཅིག་མ་གཅིག་ཁོ་ནའོ། །བཟོད་ཆེན་དེ་བཞིན་དུ་ཆོས་མཆོག་ཀྱང་འདོད་པའི་དུཿཁ་ལ་དམིགས་པ་དང་། སྐད་ཅིག་མ་གཅིག་ཁོ་ན་ཡིན་ལ། འཇིག་རྟེན་པའི་ཆོས་ཀུན་གྱི་མཆོག་ཡིན་པས་འཇིག་རྟེན་ཆོས་མཆོག་སྟེ། སྐལ་མཉམ་གྱི་རྒྱུ་མེད་པར་ནུས་པའི་རྩལ་གྱིས་འཕགས་ལམ་འདྲེན་པས་སོ། །གཉིས་པ་ནི། སྦྱོར་ལམ་བཞི་པོ་གཏོད་འཕེལ་དྲན་པ་ཉེར་གཞག་གི་རང་བཞིན་ཡིན་པས་གཙོ་བོ་ཤེས་རབ་ཡིན་ལ། ཐམས་ཅད་མཉམ་གཞག་ཡིན་པས་རིག་བྱེད་མིན་པའི་གཟུགས་ཀྱང་ཡོད་དེ་འཁོར་དང་བཅས་ན་ཕུང་པོ་ལྔ་པ་ཅན་ནོ། །འོན་ཀྱང་དེ་དག་གི་ཐོབ་པ་ནི་དྲོད་སོགས་སུ་མ་གཏོགས་ཏེ། དེ་ནི་འཕགས་པ་ལ་ཡང་ས་མ་ཐོབ་ཀྱི་བར་དུ་ཡོད་པས་སྦྱོར་ལམ་ཡང་ཡོད་པར་ཐལ་བའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་ན་ཐེ་ཚོམ་སྤོང་བར་ངེས་ཤིང་བདེན་པའི་དོན་སོ་སོར་རྣམ་པར་འབྱེད་པ་འཕགས་ལམ་གྱི་ཆ་ཟག་མེད་སྐད་ཅིག་དང་པོ་དང་དངོས་སམ་བརྒྱུད་པས་མཐུན་ཞིང་རྒྱུར་གྱུར་པའམ་ལམ་ལ་སྦྱོར་བ་ཡིན་པས་ན། སྦྱོར་ལམ་ནི་རྣམ་པ་བཞི་ལས། དང་པོ་གཉིས་ཉམས་པ་ཡོད་པས་ཆུང་ངུ་། བཟོད་པ་མི་ཉམས་པས་འབྲིང་། ཆོས་མཆོག་ནི་སྦྱོར་ལམ་དེ་མཐར་ཕྱིན་པས་ཆེན་པོའོ། །གཉིས་པ་ནི། བཞི་ཆར་གྱི་མཉམ་གཞག་གི་ངོ་བོ་སྒོམ་བྱུང་ཁོ་ན་ཡིན་ཞིང་། དེ་ཡང་བདེན་པའི་ཡུལ་ཅན་གྱི་མཉམ་གཞག་གི་དབང་དུ་བྱས་ཀྱི། སྤྱིར་སྦྱོར་ལམ་ན་ཐོས་བསམ་སོགས་སྒོམ་བྱུང་མིན་པའི་དགེ་བ་དུ་མ་ཡོད་པའང་སྦྱོར་ལམ་ལས་མི་འདའ་སྟེ་ཐར་ལམ་ཡིན་ལ་ལམ་གཞན་མིན་པས་སོ། །གསུམ་པ་ལ་སའི་དང་། རྟེན་གྱི་དང་། འཐོབ་གཏོང་གི་དང་། ཡོན་ཏན་གྱི་དང་། རིགས་ཀྱི་ཁྱད་པར་རོ། །དང་པོ་ནི། མི་ལྕོགས་པ་མེད་པ་དང་། བསམ་གཏན་ཁྱད་པར་ཅན་དང་བསམ་གཏན་གྱི་དངོས་གཞི་བཞི་སྟེ་ས་དྲུག་པ་ཁོ་ན་སྟེ། འདོད་པ་ནི་མཉམ་པར་མ་གཞག་པ་དང་ཉེར་བསྡོགས་གོང་མ་གསུམ་བདེན་པའི་རྣམ་པ་ཅན་མིན་པ་དང་། གཟུགས་མེད་འདོད་པ་ལ་མི་དམིགས་པས་སོ། །དྲོད་རྩེ་གཉིས་ནི་འོག་འདོད་པ་ནའང་ཡོད་པས་ས་བདུན་པའོ། །འམ་ཞེས་པ་ནི་ལུགས་ཐ་དད་པ་དབྱངས་སྒྲོག་གི་འདོད་པར་སྟོན་པའོ། །གཉིས་པ་ནི། བཞི་ཆར་ཡང་འདོད་པའི་རྟེན་ཅན་ཉིད་དེ་མཐོང་ལམ་གྱི་སྦྱོར་བ་ཡིན་པས་སོ། །དང་པོ་གསུམ་ནི་སྔོན་མ་བསྐྱེད་ན་བློ་བསལ་བས་གླིང་གསུམ་པའི་མི་ཁོ་ན་དང་། སྔོན་བསྐྱེད་ན་ལྷ་ལའང་བསྐྱེད་ལ། བཞི་པ་ནི་ལན་གཉིས་མི་སྐྱེད་པས་གཉིས་ཀར་རོ། །ཅི་སྦྱོར་ལམ་དག་གི་ཐོབ་པའམ་མངོན་གྱུར་སྔར་སྐྱེས་པའམ་བུད་མེད་ལ་འབྱུང་བ་དེ་ཕྱིས་ཀྱང་དེ་གཉིས་ཀ་ལ་ཕན་ཚུན་འབྱུང་ངམ་ཞེ་ན། དེ་ལ་ཆོས་མཆོག་སྔོན་བུད་མེད་ཀྱིས་བསྐྱེད་ན་གཉིས་ཀའི་རྟེན་ཅན་གྱི་ཐོབ་པ་ནི་འབྱུང་སྟེ་སྐྱེ་བ་འཕོས་པའམ་མཚན་གྱུར་པ་སྐྱེས་པར་འགྱུར་སྲིད་པའི་ཕྱིར། མངོན་གྱུར་ནི་སྐད་ཅིག་གཅིག་ཡིན་པས་སྐྱེས་པར་འཕོ་ལོང་མེད་ཅིང་སྐྱེས་པ་ནི་སྐད་ཅིག་གཉིས་པ་ལ་མཐོང་ལམ་སྐྱེ་ལ་འཕགས་པ་བུད་མེད་དུ་མི་འགྱུར་བའི་ཆོས་ཉིད་ཐོབ་པས་གཉིས་ཀའི་རྟེན་ཅན་མི་ཐོབ་ལ། སྔོན་སྐྱེས་པས་བསྐྱེད་ན་སྐྱེས་པ་ཁོ་ནའི་རྟེན་གྱི་ཐོབ་པ་འབྱུང་སྟེ། མཐོང་ལམ་ཐོབ་ནས་སྐྱེས་པ་བུད་མེད་དུ་མི་འགྱུར་བའི་ཕྱིར་རོ། །གཞན་གསུམ་ནི་ངེས་པར་མ་སྨོས་པ་ཉིད་ཀྱིས་སྐྱེ་བ་འཕོས་པའམ་མཚན་གྱུར་པ་དང་འཐོབ་པས་མངོན་གྱུར་དེ་གཉིས་ཀའི་རྟེན་ཅན་སྲིད་ཅིང་། བཟོད་ཆེན་ནི་ཚེ་དེ་ལ་མཐོང་ལམ་སྐྱེ་བས་མཚན་གྱུར་པ་ཁོ་ནས་གཉིས་ཀའི་རྟེན་ཅན་ཐོབ་ལ། སྐད་ཅིག་གཅིག་ལ་མཚན་འཕོ་ལོང་མེད་པས་མངོན་གྱུར་མ་ཡིན་ནོ། །གསུམ་པ་ནི། འོ་ན་དེ་ཇི་ལྟར་གཏོང་ཞེ་ན། འཕགས་པས་སྦྱོར་ལམ་དེ་དག་ཟག་མེད་ཀྱི་ལམ་སྐྱེས་པ་ཙམ་གྱིས་མི་གཏོང་གི་གང་ལ་བརྟེན་པའི་ས་དེ་བོར་ནས་གོང་དུ་སྐྱེས་པས་གཏོང་ལ། འཕགས་པ་སྦྱོར་ལམ་ལས་ཉམས་པ་མེད་ཅིང་མཐོང་ལམ་གྱིས་བརྟན་པར་བྱས་པས་ཤི་བས་ཀྱང་མི་གཏོང་ངོ་། །འཕགས་མིན་ནི་ས་འཕོ་རུང་མི་འཕོ་རུང་འཆི་བས་ཏེ་རིས་མཐུན་བཏང་བ་ཉིད་ཀྱིས་སོ། །དེས་ན་དང་པོ་དང་པོ་མི་ལྕོགས་མེད་ལ་བརྟེན་པ་ནི་གཉིས་པ་ཡན་ཆད་དུ་སྐྱེ་ན་ས་འཕོ་ཞིང་འཆི་བས་གཏོང་ལ། འདོད་པ་དང་དང་པོར་སྐྱེས་ན་འཆི་བ་ཁོ་ནས་གཏོང་བ་ལྟ་བུའོ། །སོ་སྐྱེ་ནི་དེར་མ་ཟད་སྦྱོར་ལམ་དང་པོ་གཉིས་མི་མཐུན་ཕྱོགས་ཀྱིས་ཡོངས་སུ་ཉམས་པས་ཀྱང་གཏོང་སྟེ། རང་གི་རྟོགས་པ་དང་ས་གང་ལས་ཉམས་བསམ་མོ་ཞེས་འཆད་དོ། །འཆི་བས་གཏོང་བ་ནི་མི་ལྕོགས་མེད་ལ་བསམ་གྱི། དངོས་གཞིའི་སྦྱོར་ལམ་བསྐྱེད་པ་ནི་དེ་ཉིད་ལ་བདེན་པ་མཐོང་བར་ངེས་ཏེ་ཡིད་འབྱུང་ཤས་ཆེ་བས་ཕྱིར་རོ། །བཟོད་འབྲིང་མན་ཆད་ལས་རྣམ་པར་ཉམས་པས་ཕྱིས་བསྐྱེད་པ་ན། སོ་ཐར་བཞིན་སྔོན་མེད་པ་ད་ལྟར་བའི་ཐོབ་པ་འབྱུང་གི་སྔོན་བསྐྱེད་པའི་ཐོབ་པ་མི་འབྱུང་སྟེ། མ་འདྲིས་པ་དང་འབད་པས་བསྒྲུབ་པར་བྱ་བ་ཡིན་པར་རོ། །མཚམས་སྟོན་པའི་སློབ་དཔོན་མངོན་ཤེས་ཐོབ་པ་གཅིག་ཡོད་ན་འཕྲོ་ནས་སྐྱེ་ཞིང་མེད་ན་གཞི་ནས་སོ། །ཐོབ་པ་བཏང་ཙམ་གྱི་རྣམ་པར་ཉམས་པ་དང་། མི་མཐུན་པས་བཏང་བས་ཡོངས་སུ་ཉམས་པ་གཉིས་ཀྱི་ངོ་བོ་ནི་མི་ལྡན་པ་སྟེ་ཐོབ་པ་བཏང་ནས་མ་ཐོབ་པ་སྐྱེས་པའོ། །བཞི་པ་ནི། རྩེ་མོ་ཐོབ་པ་མཚམས་མེད་ལ་འཇུག་སྲིད་ཀྱང་དགེ་བའི་རྩ་བ་མི་འཆད་དེ། དཀོན་མཆོག་ལ་ཤེས་ནས་དད་པ་ཐོབ་པས་དགེ་བའི་རྟེན་ལྷག་པའི་ཕྱིར་ཞེས་གང་སྤེལ་ལས་སོ། །བཟོད་པ་ཐོབ་པ་ནི་ངན་སོང་དུ་མི་འགྲོ་སྟེ། དེའི་རྒྱུ་ལས་ཉོན་གཉིས་ཐག་བསྲིང་བས་སོ། །གཞན་ཡང་ཉེས་པ་དུ་མ་ལས་གྲོལ་བར་བཤད་དོ། །ཆོས་མཆོག་གི་ཡོན་ཏན་ནི་དེ་ཉིད་ལ་བདེན་པ་མཐོང་བའོ། །དྲོད་ཀྱི་ཡོན་ཏན་ནི་ངེས་པར་མྱ་ངན་ལས་འདའ་བ་ཡིན་ལ། ཐར་ཆ་དང་ཁྱད་པར་ནི་གེགས་མེད་ན་ཚེ་འདི་ལ་བདེན་པ་མཐོང་བ་སྲིད་པའོ། །ལྔ་པ་ནི། སློབ་མ་ཉན་ཐོས་ཀྱི་དྲོད་རྩེ་གཉིས་ནི་ཉན་ཐོས་ཀྱི་རིགས་ལས་བཟློག་ནས་སངས་རྒྱས་སུ་འགྱུར་སྲིད་ལ་བཟོད་པ་ཐོབ་ནས་མིན་ཏེ། དེ་ངན་སོང་དུ་མི་འགྲོ་ལ་བྱང་སེམས་ནི་བསམ་བཞིན་དུ་འགྲོ་བས་སོ། །སངས་རྒྱས་ལས་གཞན་རང་རྒྱལ་གྱི་རྒྱུར་ནི་བཟོད་པ་དང་གསུམ་ཀ་ཐོབ་པ་ཡང་འཇུག་གོ །ཆོས་མཆོག་ཐོབ་ནས་མིན་ཏེ། རྟེན་དེ་ཉིད་ལ་མཐོང་ལམ་སྐྱེ་བས་སོ། །སྟོན་པ་སངས་རྒྱས་དང་བསེ་རུ་ལྟ་བུའི་རང་རྒྱལ་གྱི་རིགས་ཅན་སྦྱོར་ལམ་པ་ནི་རིགས་མི་བསྒྱུར་ཏེ། སྦྱོར་ལམ་ནས་བྱང་ཆུབ་ཟད་པ་དང་མི་སྐྱེ་བར་ཤེས་པའི་བར་གྱི་ལམ་བཞི་ཆར་ཏིང་ངེ་འཛིན་གསལ་ཞིང་མི་གཡོ་བའི་བསམ་གཏན་གྱི་མཐའ་བཞི་པ་ལ་བརྟེན་ནས་སྟན་གཅིག་ལ་ཀུན་བསྐྱེད་པས་དེར་ཤེས་པ་མི་མཐུན་པ་མི་འབྱུང་ཞིང་རང་འབྲས་དེ་མ་ཐག་ཏུ་བསྐྱེད་པས་སྒྱིད་ལུགས་པ་མེད་པའི་ཕྱིར་རོ། །འདིས་ནི་ལུགས་འདི་ལ་ཐེག་པ་གསུམ་གྱི་སྦྱོར་ལམ་བཞི་པོ་གང་ནས་རིགས་ངེས་པའི་ས་མཚམས་བཟུང་བ་ཡིན་ལ། སེམས་ཙམ་པ་ནི་མ་ངེས་པའི་རིག་ཅན་གྱི་ཉན་རང་གཉིས་ཀ་ལྷག་མེད་དུ་མ་ཞུགས་བར་དུ་སངས་རྒྱས་སུ་འགྱུར་ངེས་པའི་རིགས་ཅན་ནི་དང་པོ་ཉིད་ནས་རང་རང་གི་བྱང་ཆུབ་ཏུ་ངེས་པས་མི་འགྱུར་བར་བཞེད། དབུ་མ་པ་ནི་ལྷག་མེད་ནས་ཀྱང་སངས་རྒྱས་སུ་འགྱུར་བས་ཐེག་དམན་ལ་གནས་སྐབས་ཙམ་མ་གཏོགས་མཐར་ཐུག་རིགས་ངེས་པ་མི་བཞེད་དོ། །གྲུབ་མཐའ་བཞི་ཆར་གྱིས་ཀྱང་ཐེག་པ་དེ་དང་དེའི་ལམ་ནས་གཞན་གྱི་ལམ་དུ་ཞུགས་ཏེ་གཞན་གྱི་བྱང་ཆུབ་ཐོབ་པར་ངེས་པར་མེད་པར་བཞེད་དོ། །རང་རྒྱལ་ཚོགས་སྤྱོད་འདོད་ན་དེའི་དྲོད་རྩེ་སོགས་ཐོབ་ནས་བཟློག་པ་ཡོད་པ་ཡང་གྲུབ་མཐའ་གོང་འོག་ལ་སྦྱར་ནས་ཤེས་པར་བྱའོ། །བཞི་པ་ནི། ཅི་དང་པོ་ཁོ་ནར་སྦྱོར་ལམ་བསྐྱེད་དམ་ཞེ་ན་མིན་ཏེ། སྦྱོར་ལམ་དེ་ཡི་སྔོན་དུའང་ཐར་པ་ཆ་མཐུན་ངེས་པར་འགྲོ་ལ། དེ་སྐྱེས་ནས་ཆེས་མྱུར་བ་ཡིན་ན་ཐར་ཆ་དང་སྦྱོར་ལམ་དང་མཐོང་ལམ་སྐྱེ་བའི་སྲིད་པ་དང་གསུམ་གྱིས་ཐར་ཏེ། ས་བོན་འདེབས་པ་དང་མྱུ་གུ་སྐྱེ་བ་དང་འབྲས་བུ་སྨིན་པ་ལྟར་རོ། །ཐར་ཆ་དེའང་ཤེས་རབ་གསུམ་གྱི་ནང་ནས་ཐོས་བསམ་ལས་བྱུང་བ་ཁོ་ནའོ། །འོན་ཀྱང་ཞི་གནས་གྲུབ་ནས་ལྷག་མཐོང་དྲན་པ་ཉེར་གཞག་སྒོམ་པར་བཤད་པས་སྒོམ་བྱུང་ཡང་ཡོད་ལ་ཐོས་བསམ་དུ་བཤད་པ་ནི་ཤས་ཆེ་བ་ལ་དགོངས་སམ་སྙམ་མོ། །ལས་ནི་སྒོ་གསུམ་གྱི་ལས་གསུམ་མོ། །སྦྱོར་ལམ་སོགས་ཀྱང་ཐར་ཆ་ཡིན་ཡང་ཐར་པའི་རྒྱུར་མ་གྱུར་པའི་བསོད་ནམས་ཆ་མཐུན་གྱི་སྦྱིན་སོགས་ལས་ཁྱད་པར་དུ་བྱ་བའི་ཕྱིར་སྤྱི་མིང་བྱེ་བྲག་ལ་བཏགས་པའོ། །དེ་ཡང་ཤེས་རབ་གསལ་བ་དང་འཁོར་བ་ལ་སྐྱོ་ཤས་ཆེ་བ་གཉིས་ཀ་ཡོད་པས་གླིང་གསུམ་གྱི་མི་ཡི་ནང་ནས་འཕེན་གྱི་གཞན་ནས་མིན་ཏེ། དེ་གཉིས་ཅི་རིགས་སུ་མེད་པས་སོ། །གསུམ་པ་བདེན་པ་མངོན་པར་རྟོགས་པའི་ལམ་གྱི་སྐྱེ་ཚུལ་ལ། སེམས་བཅུ་དྲུག་གི་སྐྱེ་ཚུལ། མངོན་རྟོགས་གསུམ་དུ་བསྟན་པ། ས་གང་ལ་བརྟེན་པ། སེམས་བཅུ་དྲུག་གི་གྲངས་ངེས། ལམ་གང་གིས་བསྡུས་པའོ། །དང་པོ་ནི། འཇིག་རྟེན་པ་ཡི་ཆོས་མཆོག་ལས་ཆོས་ཀྱི་བཟོད་པ་ཟག་པ་མེད་པ་སྐྱེ་ལ། དེས་འདོད་པའི་སྡུག་བསྔལ་ལ་དམིགས་ཤིང་དེ་སྐྱེས་ནས་འཕགས་པ་ཞེས་གསུངས་སོ། །དེ་ནས་ནི་དམིགས་པ་དེ་ཉིད་ལ་ཐེ་ཚོམ་དང་བྲལ་བའི་ཆོས་ཤེས་སྐྱེ་ལ། འདོད་པའི་དུཿཁ་ལ་བཟོད་ཤེས་གཉིས་སྐྱེ་བ་དེ་བཞིན་དུ་སྡུག་བསྔལ་ལྷག་མ་གོང་མ་གཉིས་ཀྱི་སྡོམ་པ་ལ་རྗེས་སུ་ཤེས་པའི་ཕྱིར་བཟོད་པའི་བཟོད་པ་དང་། ཐོག་མར་འདོད་པའི་ཆོས་ཤེས་ནས་རྗེས་ལ་གོང་མའི་ཆོས་ཤེས་པས་རྗེས་སུ་ཤེས་པ་སྐྱེ་ཞིང་བདེན་པ་གཞན་གསུམ་ལ་དམིགས་པའང་དེ་བཞིན་དུ་ཤེས་བཟོད་བཞི་བཞི་རིམ་བཞིན་སྐྱེ་བས་དེ་ལྟར་ན་བདེན་པ་མངོན་པར་རྟོགས་པ་འདི་ནི་སེམས་ཀྱི་སྐད་ཅིག་བཅུ་དྲུག་གོ །གཉིས་པ་ནི། དེ་ལས་སྤྱིར་དབྱེ་ན་རྣམ་པ་གསུམ་སྟེ། མཐོང་ལམ་ཕུང་པོ་ལྔ་ལས་ཤེས་རབ་ནི་མཐོང་བ། སེམས་སེམས་བྱུང་ཐམས་ཅད་ནི་དམིགས་པ་དང་ཕུང་པོ་ལྔར་བྱ་བའི་མངོན་རྟོགས་ཞེས་བྱ་སྟེ། བདེན་བཞིའི་རིམ་པ་ལྟར་ཤེས་པ་དང་སྤོང་བ་དང་མངོན་དུ་བྱེད་པ་དང་སྒོམ་པའི་བྱ་བ་དང་ལྡན་པས་སོ། །དེ་ཡང་དུཿཁ་མཐོང་བའི་ཚེ་བྱ་བ་བཞི་ཀ་ཡོད་ཅིང་། གཞན་ལ་ཐ་མ་གསུམ་ཁོ་ན་ཡོད་དེ། དུཿཁ་ལན་གཉིས་སྤང་དུ་མེད་པས་སོ། །ཤེས་རབ་ནི་མངོན་རྟོགས་གསུམ་ཀ་གཞན་ཐ་མ་གཉིས་དང་མཚུངས་ལྡན་མིན་པ་ཐ་མ་གཅིག་པུའོ། །རྟོགས་ཚུལ་ནི་མདོ་ལས་དཔེའི་སྒོ་ནས་བཞི་རིམ་གྱིས་རྟོགས་པར་གསུངས་ཏེ། མགོན་མེད་ཟས་སྦྱིན་གྱིས་ཞུས་པར། ཁང་པ་བརྩེགས་པའི་རྨང་དང་རྩིག་པ་དང་ཕྱམ་ལ་སོགས་པའི་དཔེ་དང་། དགེ་སློང་གིས་ཞུས་པར་བང་རིམ་བཞི་པའི་ཐེམ་སྐས་དང་། ཀུན་དགའ་བོས་ཞུས་པར་སྐས་གདང་བཞི་ལ་རིམ་གྱིས་འཛེག་དགོས་པའི་དཔེས་བསྟན་ཏོ། །གསུམ་པ་ནི། བདེན་པ་མངོན་རྟོགས་དེ་ནི་སྤྱིའི་ས་སྦྱོར་ལམ་ཙམ་དང་ཆོས་མཆོག་དང་བྱེ་བྲག་གི་ས་ཡང་གཅིག་སྟེ་བསམ་གཏན་ས་དྲུག་ལ་བརྟེན་པར་བཤད་པས་སོ། །དེ་ཡང་རྒྱུན་ཞུགས་ཕྱིར་འོང་གི་ནི་མི་ལྕོགས་མེད་དང་། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་ནི་ཉེར་བསྡོགས་མིན་པ་ལྔ་དང་། བསེ་རུ་ལྟ་བུའི་ནི་བཞི་པ་ལ་བརྟེན་པར་བཤད་ཟིན་ཏོ། །བཞི་པ་ནི། ཅིའི་ཕྱིར་བདེན་པ་རེ་རེའི་ཡུལ་ཅན་ལ་བཟོད་ཤེས་གཉིས་གཉིས་བཞག་ཅེ་ན། བཟོད་པ་བརྒྱད་དང་ཤེས་པ་བརྒྱད་ནི་གོ་རིམ་དུ་འདོད་པ་དང་གོང་མའི་མཐོང་སྤང་གི་ཐོབ་པ་གཅོད་པ་ལ་གང་གིས་ཀྱང་བར་ཆད་བྱ་བར་མི་ནུས་པས་བར་ཆད་མེད་པའི་ལམ་དང་། ཉོན་མོངས་ལས་གྲོལ་བའི་ལམ་ཡིན་པས་རྣམ་གྲོལ་ལམ་སྟེ་རྐུན་པོ་ཕྱིར་དབྱུང་བ་དང་སྒོ་འཕར་བཅད་པ་བཞིན་ནོ། །དེ་ལྟར་ན་བཅུ་དྲུག་གོ །ལྔ་པ་ནི། བཅུ་དྲུག་པོ་དེ་ལ་སྐད་ཅིག་དང་པོ་བཅོ་ལྔ་ནི་མཐོང་བའི་ལམ་ཡིན་ཏེ། བདེན་པའི་དོན་སྔར་མོས་པ་ཙམ་ལས་མངོན་སུམ་དུ་མ་མཐོང་ལ་དེའི་མངོན་པར་རྟོགས་པའི་སྒོ་ནས་མངོན་སུམ་དུ་མཐོང་བའི་ཕྱིར། བཅུ་དྲུག་པ་ནི་མཐོང་བ་གོམས་པར་བྱེད་པས་སྒོམ་ལམ་ཡིན་ནོ། །རྗེས་བཟོད་ཉིད་གསར་དུ་མཐོང་ཡང་བདེན་པ་རིལ་གྱིས་མཐོང་བ་མིན་པས་མཐོང་ལམ་དུ་མི་བརྗོད་དེ། ཞིང་གི་ཉག་མ་གཅིག་མ་བརྔས་པས་མ་བརྔས་པར་མི་འཇོག་པ་བཞིན་ནོ། །འོ་ན་ཤེས་པ་བདུན་ཡང་མཐོང་ལམ་མ་ཡིན་པར་འགྱུར་རོ་ཞེ་ན། བཟོད་པས་རྟོགས་ཟིན་པས་གསར་མཐོང་མེད་ཀྱང་འགྲོན་པོ་ལམ་ཞུགས་ལྟར་འཕེན་པ་མ་དོར་བའམ། བཟོད་པ་ཕྱི་མའི་སྐལ་མཉམ་གྱི་རྒྱུ་བྱེད་པས་སམ་ལམ་ལ་རྗེས་བཟོད་མ་སྐྱེས་པ་དེ་སྲིད་དུ་བདེན་པ་ཀུན་མཐོང་བ་མ་རྫོགས་པས་མཐོང་ལམ་དུ་བཞག་ལ། བཅུ་དྲུག་པ་མཐོང་ལམ་མ་ཡིན་ཏེ། སྐད་ཅིག་ནི་མྱུར་བ་ཡིན་པ་ལ་འདི་རྒྱུན་ཡིན་པ་དང་། ཞུགས་ལམ་བཏང་ནས་གནས་པའི་ལམ་ཐོབ་པ་དང་ཤེས་པ་བརྒྱད་དང་རྣམ་པ་བཅུ་དྲུག་ཚང་བར་ཐོབ་པའི་ཕྱིར། དེ་སྒོམ་ལམ་ཡིན་ཀྱང་ཉམས་པ་ནི་མེད་དེ། མཐོང་ལམ་གྱི་ས་སྤངས་པའི་བྲལ་ཐོབ་འཛིན་པས་སོ། །སྐད་ཅིག་གི་དོན་ནི་བྱ་རྫོགས་ཡིན་གྱི་དུས་མཐའི་སྐད་ཅིག་མ་བྱ་བྱེད་བྲལ་བའི་ཕྱིར་རོ་གསུང་ཡང་བཟོད་པ་བར་ཆད་མེད་ལམ་མིན་པར་འགྱུར་བས་མི་འཐད་དོ། །འདིར་མཐོང་ལམ་བཅོ་ལྔའི་ནང་ནས་བཟོད་པ་བརྒྱད་བར་ཆད་མེད་ལམ་དང་། བདུན་རྣམ་གྲོལ་ལམ་དང་། གོང་མར་བར་ཆད་མེད་ལམ་བཞིར་བཤད་པ་དང་། རྒྱན་ལས་བར་ཆད་མེད་ལམ་ནི་དང་པོ་ཁོ་ནར་བཤད་པ་གྲུབ་མཐའ་གོང་འོག་གི་ཁྱད་པར་མ་ཕྱེད་པར་གནས་སྐབས་ཐམས་ཅད་དུ་དཀར་ནག་ཟང་ཐལ་དུ་སྨྲ་བ་རྣམས་ནི་སྨྲ་བ་ལ་དགའ་བ་ཙམ་དུ་ཟད་དོ། །གཉིས་པ་ལ། བདེན་པ་མངོན་པར་རྟོགས་པའི་གང་ཟག་ལ་གསུམ་སྟེ། གང་ཟག་ཟུང་བཞི་བཤད། རྣམ་གྲངས་བདུན་དུ་དབྱེ་བ། རྫས་དྲུག་དུ་བསྡུ་བའོ། །དང་པོ་ལ། མཐོང་ལམ་ལ་དང་། སྒོམ་ལམ་ལ་དང་། མི་སློབ་ལམ་ལ་གནས་པའི་གང་ཟག་གོ །དང་པོ་ལ་དབང་པོའི་སྒོ་ནས་དབྱེ་བ། འབྲས་བུའི་སྒོ་ནས་དབྱེ་བའོ། །དང་པོ་ནི། ལམ་དེ་དག་ལ་གནས་པ་གང་ཟག་ཡིན་ནོ་ཞེས་པའམ། ཡང་ན་གང་ཇི་ལྟར་དུ་ཞིག་གིས་བྱེད་པ་གང་གིས་རྟོགས་པ་ནི་བདེན་པ་དང་ལམ་རིམ་དང་གང་ཟག་དང་ལམ་ཡིན་ནོ། །ཞེས་དོན་གྱིས་འབྲེལ་ཏེ། དེ་ལ་སྤྱི་དོན་ནི་གཞན་དུ་འཆད་དོ། །གཞུང་དོན་ནི་དབང་པོ་རྟུལ་པོ་དང་རྣོན་པོ་གཉིས་མཐོང་ལམ་སྐད་ཅིག་བཅོ་ལྔ་པོ་དག་ཏུ་རིམ་བཞིན་དད་པའི་རྗེས་འབྲང་དང་ཆོས་ཀྱི་རྗེས་འབྲང་ཞེས་གསུངས་ཏེ། སྔོན་གཞན་གྱི་དྲིན་གྱིས་དོན་གྱི་རྗེས་སུ་འབྲང་བ་དང་། སྔོན་བདག་ཉིད་ཁོ་ནས་མདོ་སོགས་དོན་གྱི་རྗེས་སུ་འབྲང་བས་སོ། །ཟག་མེད་ཀྱི་ལམ་ལ་ཁྱད་པར་མེད་ཀྱང་གནས་སྐབས་གཞན་ན་རྣོ་རྟུལ་གྱིས་དེའི་ཚེ་ཡང་རྣོ་རྟུལ་དུ་བཞག་པའམ། དེའི་ཚེ་ཡང་མྱུར་བུལ་ལ་སོགས་པ་མི་འགལ་ཞེས་སོ། །གཉིས་པ་ལ། རྒྱུན་ཞུགས་ཞུགས་པ། ཕྱིར་འོང་ཞུགས་པ། ཕྱིར་མི་འོང་ཞུགས་པའོ། །དང་པོ་ནི། དེ་གཉིས་སྔོན་འཇིག་རྟེན་པའི་སྒོམ་པའི་ལམ་གྱིས་དེའི་སྤང་བྱ་ཅུང་ཟད་མ་སྤངས་ན་འབྲས་བུ་བཞིའི་དང་པོ་ལ་ཞུགས་པ་ཡིན་པར་མ་ཟད་མཐོང་ལམ་གྱི་སྔོན་རོལ་དུ་འདོད་ཉོན་དང་པོ་ནས། རྣམ་པ་ལྔའི་བར་ཅི་རིགས་སུ་བཅོམ་པ་ཡིན་ན་ཡང་དེ་ཡིན་ནོ། །གཉིས་པ་ནི། གང་ཟག་གཉིས་པོ་དེས་སྔོན་འདོད་པའི་སྒོམ་སྤངས་དྲུག་པ་ནས། དགུ་པ་ཚུན་ཆད་དེ་བརྒྱད་པའི་བར་ཟད་པ་ཡིན་ན་ནི་འབྲས་བུ་གཉིས་པ་ཕྱིར་འོང་ལ་ཞུགས་པ་ཡིན་ནོ། །གསུམ་པ་ནི། དེ་གཉིས་སྔོན་འདོད་ཉོན་དགུ་པ་སྤངས་པའམ་ཡང་ན་གོང་མ་ཅི་ཡང་མེད་པའི་བར་ལས་ཆགས་བྲལ་ཞིག་ཡིན་ན་འབྲས་བུ་གསུམ་པ་ཕྱིར་མི་འོང་ལ་ཞུགས་པ་ཡིན་ནོ། །གོང་མར་ཞུགས་པ་གསུམ་པོ་དེ་རྟོགས་པའི་དབང་དུ་བྱས་ནས་སྦྱོར་ལམ་ནས་འཇོག་པར་མཛད་དེ་རིམ་གྱིས་པས་རྒྱུན་ཞུགས་ཞུགས་པ་དེ་ནས་བཟུང་བའི་རིགས་པས་སོ། །སྤངས་པའི་དབང་དུ་བྱས་ན་འབྲས་བུ་དེ་དང་དེ་ཐོབ་པའི་གེགས་ཀྱི་གཙོ་བོ་སྤོང་བ་ལ་ཞུགས་དགོས་པས་ཞུགས་པ་གོང་མ་གསུམ་ལ་འདོད་ཉོན་ལྔ་པ་དང་བརྒྱད་པ་དང་སྲིད་ཉོན་བརྒྱད་པ་སྤོང་དགོས་པར་ཀུན་བཏུས་འགྲེལ་ཆེན་ཉི་སྣང་གསུམ་ལས་བཤད་པ་དེ་ཁོ་བོ་འབའ་ཞིག་གི་སྤྱོད་ཡུལ་ལོ། །གཉིས་པ་ལ་མཐོང་སྤང་སྤངས་པའི་སྒོ་ནས་བཞག སྒོམ་སྤང་སྤོང་ཚུལ་གྱི་སྒོ་ནས་བཞག་གོ །དང་པོ་ལ། འབྲས་བུའི་སྒོ་ནས་དང་། དབང་པོའི་སྒོ་ནས་དང་། ཙམ་ཁྱད་ཀྱི་སྒོ་ནས་བཞག་པའོ། །དང་པོ་ནི། གང་ཟག་གང་ཞིག་སྐད་ཅིག་བཅོ་ལྔའི་ཚེ་འབྲས་བུ་གསུམ་པོ་གང་རུང་ཞིག་ལ་ཞུགས་པ་ཡིན་པ་དེ་ནི་བཅུ་དྲུག་པ་ལ་དེ་དང་དེའི་འབྲས་བུ་ལ་གནས་པ་ཡིན་ནོ། །གཉིས་པ་ནི། གསུམ་པོས་འབྲས་བུ་ཐོབ་པ་དེའི་ཚེ་དབང་པོ་རྣོ་རྟུལ་དག་དད་པས་མོས་པ་དང་མཐོང་བས་ཐོབ་པར་གསུངས་ཏེ། དད་པ་ལྷག་པ་དང་ཤེས་རབ་ལྷག་པས་བདེན་པ་མངོན་པར་རྟོགས་པར་བྱས་པས་སོ། །གསུམ་པ་ནི། གལ་ཏེ་རྣམ་པ་ལྔ་སྤངས་ཀྱང་བཅུ་དྲུག་པ་ལ་ཕྱིར་འོང་ཞུགས་པར་མི་འགྱུར་བ་ཅི་ཞེ་ན། དེས་དེའི་ཚེ་རྒྱུན་ཞུགས་ཀྱི་འབྲས་བུ་ཙམ་ཐོབ་ཀྱི་འབྲས་བུའི་ཁྱད་པར་གྱི་ལམ་ཐོབ་པ་མེད་པས་དེའི་ཕྱིར་འབྲས་གནས་ཁྱད་པར་ཅན་དུ་བྱ་བའི་ཕྱིར། འབྲས་བུ་གཞན་ཐོབ་པར་བྱ་བ་ལ་མི་བརྩོན་པ་དེ་ནི་དེ་ལ་ཞུགས་པ་མིན་ལ་ཤུགས་ཀྱིས་ན་འབྲས་བུ་ཕྱི་མ་ཐོབ་དོན་དུ་སྤང་བྱ་སྤོང་བ་ལ་བརྩོན་པ་དེ་ནི་འབྲས་བུ་དེ་ལ་ཞུགས་པའོ། །གཉིས་པ་ལ། རྒྱུ་མཚན་སྤང་གཉེན་གྱི་རྣམ་གཞག རྒྱུ་མཚན་ཅན་གང་ཟག་གི་རྣམ་གཞག་གོ །དང་པོ་ནི། ས་དང་ས་འདོད་པ་ནས་སྲིད་རྩེའི་བར་ལ་ཉེས་པ་སྟེ་སྤང་བྱ་རྣམ་པ་དགུ་དགུ་རེ་ཡོད་ཅིང་། དེ་བཞིན་དུ་ཡོན་ཏན་ཏེ་གཉེན་པོ་རྣམས་ཀྱང་། དགུ་དགུ་རེ་ཡོད་དོ། །ཇི་ལྟར་ཞེ་ན། རྩ་བའི་དབྱེ་བ་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་ཀྱི་རེ་རེ་ལའང་ཆུང་ངུའི་ཆུང་ངུ་ལ་སོགས་པ་ཐ་དད་པར་ཡོད་པའི་ཕྱིར་རོ། །དེའང་གཉེན་པོ་ཆུང་རིམ་དང་སྤང་བྱ་ཆེ་རིམ་ནས་སྤོང་ངོ་། །གཉིས་པ་ལ། རྒྱུན་ཞུགས་ཀྱི། ཕྱིར་འོང་གི ཕྱིར་མི་འོང་གི་སྐོར་རོ། །དང་པོ་ལ་ཙམ་པོ་དང་ཁྱད་པར་ཅན་ནོ། །དང་པོ་ནི། རྒྱུན་ཞུགས་ལ་དབྱེ་ན་སྲིད་པ་ལན་བདུན་པ་དང་རིགས་ནས་རིགས་སྐྱེ་གཉིས་ལས། དང་པོ་ལ་མ་ངེས་པ་དང་ངེས་པ་གཉིས། དང་པོ་ནི་སྔོན་སྲིད་པ་ལན་བདུན་མྱོང་བའི་ལས་བསགས་པ་འབྲས་བུ་ལ་གནས་པ་སྒོམ་པས་སྤང་བར་བྱ་བ་ཅུང་ཟད་ཀྱང་མ་ཟད་པ་སྲིད་པ་བཅུ་གསུམ་པ་ཚུན་ཆད་དུ་མྱང་འདས་ཐོབ་པའོ། །ངེས་པ་ནི་རེ་ལྟར་ཏེ་མཆོག་ཏུ་ཐོགས་ནས་སྲིད་པ་ལན་བདུན་ལེན་ངེས་པའོ། །དེ་ཕན་ཆད་མི་ལེན་པས་རེ་ལྟར་ཐོགས་ན་ཞེས་རྒྱལ་སྲས་སོ། །འདིའི་སྐྱེ་བ་ལེན་ཚུལ་ལ་གྲུབ་མཐའ་སྨྲ་བ་སོ་སོའི་བཞེད་པ་དགག་སྒྲུབ་དང་བཅས་པ་གཞན་དུ་བཤད་དོ། །གཉིས་པ་ནི་རྒྱུན་ཞུགས་དེ་ནི་འདོད་པའི་སྒོམ་སྤང་རྣམ་པ་གསུམ་མམ་རྣམ་པ་བཞི་ལས་གྲོལ་ཅིང་དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་ལ་ལྔ་པ་སྔར་མ་སྤངས་པའི་ཕྱིར་འདི་ལ་ཡང་མི་སྤོང་བ་དང་། འདོད་པར་རིགས་མཐུན་གྱི་ཚེ་གཉིས་སམ་གསུམ་དུ་ལེན་པར་བྱེད་ཅིང་བཞི་པ་མི་ལེན་པ་ནི་རིགས་ནས་རིགས་སྐྱེ་ཡིན་ནོ། །འདི་ལ་ལྷ་མི་གཉིས་ལས་གཉིས་ཆར་ཡང་རྟེན་དེ་དང་དེ་ལ་སྐྱེ་བ་གཉིས་སམ་གསུམ་བླངས་ནས་རྟེན་དེ་ལ་མྱ་ངན་ལས་འདའོ། །གཉིས་པ་ལ་ཞུགས་པ་དང་འབྲས་གནས་སོ། །དང་པོ་ནི། རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་འདོད་པའི་སྒོམ་སྤང་གཅིག་ནས་རྣམ་པ་ལྔ་ཡི་བར་དུ་བཅོམ་པ་དང་དྲུག་པ་སྤོང་བའི་སྦྱོར་བ་ཐོབ་པ་ནི་འབྲས་བུ་གཉིས་པ་ཕྱིར་འོང་ལ་ནི་ཞུགས་པའང་ཡིན་ནོ། །གཉིས་པ་ལ། ཙམ་པོ་དང་ཁྱད་པར་ཅན་གཉིས་ལས། དང་པོ་ནི། འདོད་པའི་ཉོན་མོངས་པའི་རྣམ་པ་དྲུག་པ་ཟད་པར་གྱུར་ཅིང་བདུན་པ་སྤོང་བ་ལ་མི་བརྩོན་པ་དེ་ནི་ལན་ཅིག་ཕྱིར་འོང་བ་ཙམ་པོ་ཞེས་བྱའོ། །འདོད་པར་ལན་ཅིག་ཕྱིར་འོང་བ་ལ་དེ་ཞེས་བྱ་ལ་སྐྱེ་བ་གཉིས་ལེན་ཡང་རིགས་མཐུན་གཉིས་མི་ལེན་པས་རིགས་ནས་རིགས་སྐྱེར་མི་འགྱུར་རོ། །གཉིས་པ་ནི། འབྲས་གནས་དེ་ཉིད་ཉེས་པའི་ཆ་བདུན་ནམ་བརྒྱད་པ་ཟད་ཅིང་དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་ནི་དགྲ་བཅོམ་ཐོབ་པ་ལ་ཚེ་གཅིག་དང་ཕྱིར་མི་འོང་ཐོབ་པ་ལ་སྐྱོན་གཅིག་གིས་བར་དུ་ཆོད་པས་ཚེ་གཅིག་བར་ཆད་གཅིག་པ་སྟེ་བདུན་ཟད་པ་ན་བར་ཆད་གཉིས་ལུས་ཀྱང་བར་ཆད་གཅིག་པ་ཞེས་བྱ་སྟེ། འདོད་པ་ལ་ཆགས་པ་དང་བྲལ་མ་བྲལ་གྱི་ཁྱད་པར་ནི་འདོད་ཉོན་དགུ་པ་སྤངས་མ་སྤངས་ཀྱིས་རབ་ཏུ་ཕྱེ་བས་སོ། །འདི་ཉིད་གོང་མར་ལྷའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པར་བཤད་པ་ནི་འདོད་ལྷའི་རྟེན་ལ་མཐོང་ལམ་ཐོབ་པའི་དབང་དུ་བྱས་ལ་དེས་མིའི་རྟེན་ཅན་ལ་མཚོན་པར་དགོངས་སམ་སྙམ་སྟེ་དཔྱད་དོ། །གསུམ་པ་ལ་ཞུགས་པ་དང་འབྲས་གནས་གཉིས། དང་པོ་ནི། ཕྱིར་འོང་ཁྱད་པར་ཅན་དེ་ཉིད་འབྲས་བུ་གསུམ་པ་ལ་ནི་ཞུགས་པའང་ཡིན། གཉིས་པ་ལ་ཙམ་པོ་དང་ཁྱད་པར་ཅན་གཉིས། དང་པོ་ནི། གང་ཟག་དེ་ཉིད་འདོད་པའི་ཉོན་མོངས་ཅན་དགུ་པ་ཟད་པའི་རྣམ་གྲོལ་ལམ་ཐོབ་ཅིང་། གོང་མའི་ཉོན་མོངས་ཅན་སྤོང་བ་ལ་མི་བརྩོན་པ་དེ་ཕྱིར་མི་འོང་འབྲས་གནས་ཙམ་པོ་ཡིན་ནོ། །གཉིས་པ་ལ། ཁྱད་པར་ཅན་གྱི་དབྱེ་བ། དེ་ཉིད་ཕྱི་མའི་ཞུགས་པར་བཞག་པའོ། །དང་པོ་ལ། སྐྱེ་བ་ལེན་ཚུལ་གྱི་སྒོ་ནས་དབྱེ་བ། ཡོན་ཏན་ཐོབ་ཚུལ་གྱི་སྒོ་ནས་བཞག་པའོ། །དང་པོ་ལ། ཁམས་གོང་དུ་འགྲོ་བ། ཚེ་འདིར་མྱ་ངན་ལས་འདའ་བ། དེ་དག་གི་ཁྱད་པར་བཤད་པའོ། །དང་པོ་ལ། གཟུགས་སུ་ཉེར་འགྲོ་གཟུགས་མེད་ཉེར་འགྲོའོ། །དང་པོ་ལ་བར་འདའ་སྐྱེས་འདའ། གོང་འཕོའོ། །གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་དེ་ནི་གསུམ་ལས། དང་པོ་བར་འདའ་བ་ནི་གཟུགས་སུ་སྐྱེ་བའི་ཀུན་སྦྱོར་སྤངས་ཤིང་མངོན་པར་འགྲུབ་པའི་ཀུན་སྦྱོར་མ་སྤངས་པས་གཟུགས་ཀྱི་བར་དོར་མྱ་ངན་ལས་འདའ་བའོ། །འདིའི་དབྱེ་བ་གསུམ་འོག་ཏུ་འཆད་དོ། །གཉིས་པ་སྐྱེས་འདའ་བ་ནི་གཟུགས་ཀྱི་ཀུན་སྦྱོར་གཉིས་ཀ་མ་སྤངས་པས་གཟུགས་སུ་སྐྱེས་ཏེ་མྱ་ངན་ལས་འདའ་བའོ། །དེ་ལ་ལམ་རང་གི་ངང་གིས་འབྱུང་བ་སྐྱེས་ཙམ་ནས་འདའ་བ་དང་། ལམ་ལ་བརྩོན་ཡང་ལམ་ངང་གིས་མི་འབྱུང་བ་མངོན་པར་འདུ་བྱེད་དང་བཅས་ཏེ་ཡོངས་སུ་མྱ་ངན་ལས་འདའ་བ་དང་། ལམ་ལ་ཆེས་ཆེར་མི་བརྩོན་ཡང་ལམ་ངང་གི་འབྱུང་བ་མངོན་པར་འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བའོ། །གསུམ་པ་ལ་ངོ་བོ་དང་དབྱེ་བ་གཉིས། དང་པོ་ནི། གོང་དུ་འཕོ་བ་ནི་ཕྱི་མ་གང་དུ་སྐྱེས་པ་དེ་ཉིད་དུ་མྱ་ངན་ལས་མི་འདའ་བར་དེའི་གོང་དུ་འཕོས་ནས་མྱང་འདས་ཐོབ་པ་གསུམ་རྣམས་སོ། །གཉིས་པ་ལ་འོག་མིན་འགྲོ་དང་སྲིད་རྩེ་འགྲོ་གཉིས། དང་པོ་ནི། གཟུགས་སུ་ཉེར་འགྲོའི་གོང་འཕོ་དེ་ནི་ལྷག་མཐོང་ཤས་ཆེར་སྤྱད་པ་འོག་མིན་འགྲོ་དང་། ཞི་གནས་ཤས་ཆེར་སྤྱད་པ་སྲིད་རྩེ་འགྲོ་གཉིས་ལས། དང་པོ་ནི། རྒྱུའི་ཁྱད་པར་བསམ་གཏན་སྤེལ་མར་བསྒོམ་ན་འབྲས་བུའི་ཁྱད་པར་འོག་མིན་གྱི་མཐར་འགྲོ་སྟེ། དེ་ལ་དབྱེ་ན་གསུམ་སྟེ་མིའི་རྟེན་ལ་བསམ་གཏན་སྤེལ་མར་བསྒོམ་པ་ལས་གོང་མ་གསུམ་ལས་ཉམས་ནས། ཕྱི་མ་ཚངས་རིས་སུ་སྐྱེས་ཏེ་རྟེན་དེ་ལ་སྔོན་གོམས་པའི་དབང་གིས་བཅོ་ལྔ་སྤེལ་བསྒོམས་ཏེ་བར་གྱི་གནས་རྣམས་བོར་ནས་འོག་མིན་དུ་སྐྱེས་ཏེ་འདའ་བ་འཕར་བ་དང་། ཚངས་རིས་ནས་གནས་གཙང་དང་པོ་གསུམ་གང་རུང་དུ་སྐྱེས་ཏེ་དེ་ནས་མཐར་འོག་མིན་དུ་སྐྱེས་ནས་འདའ་བ་ཕྱེད་འཕར་དང་། ཚངས་ཆེན་མ་གཏོགས་པ་གནས་རིས་བཅུ་དྲུག་པོ་ཐམས་ཅད་དུ་ལན་རེ་སྐྱེས་ཏེ་མཐར་འོག་མིན་དུ་མྱང་འདས་ཐོབ་པ་གནས་ཐམས་ཅད་དུ་འཆི་འཕོ་བ་དང་གསུམ་མོ། །ཚངས་ཆེན་དུ་མི་སྐྱེ་སྟེ་ལྟ་བ་ངན་པའི་གནས་ཡིན་པའི་ཕྱིར་དང་གཙོ་བོ་གཅིག་ཏུ་ཟད་པའི་ཕྱིར་ཞེས་གསུངས་ཀྱང་། སོ་སོ་སྐྱེ་བོའི་རྒྱལ་པོའི་འཁོར་དུ་དགྲ་བཅོམ་འབྱུང་བར་བཤད་པས་སྒྲུབ་བྱེད་ལ་སྙིང་པོ་མེད་ཅིང་། རྒྱལ་སྲས་མར། ཚངས་རིས་ནས་བཟུང་སྟེ། གནས་གཞན་ཐམས་ཅད་དུ་རྒྱུན་མི་ཆད་པར་ལན་རེ་སྐྱེས་ནས་ཞེས་གསུངས་པས་དེར་ཡང་སྐྱེ་བར་མངོན་ནོ། །དེང་སང་འདོད་པར་བསམ་གཏན་སྤེལ་བའི་ཕྱིར་མི་འོང་ཡིན་ན་སྤེལ་བསྒོམ་ལས་ཉམས་པས་ཁྱབ་པར་སྨྲ་བ་ནི། བར་འདའ་བ་དང་སྐྱེས་འདའ་བ་གཉིས་པོ་རེ་རེ་ལའང་སྐྱེ་སའི་གནས་ཀྱི་སྒོ་ནས་བཅུ་བདུན་ཡོད་པའི་དོན་མ་རྟོགས་པར་ཟད་དོ། །གཉིས་པ་ནི། སྤེལ་བསྒོམ་མ་བྱས་པའི་གོང་འཕོ་གཞན་ནི་གནས་གཙང་མར་མི་འགྲོ་བར་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བའོ། །འདི་ཕྱིས་གཟུགས་མེད་དུ་འགྲོ་ཡང་སྔོན་ལ་གཟུགས་སུ་འགྲོ་བས་དེ་སྐད་བརྗོད་དོ། །འདིར་འགྲེལ་པར་དེ་གཉིས་ཀྱི་ཕ་མཐར་བཟུང་བ་ཡིན་གྱི་དེར་མ་ཕྱིན་པར་གྲོལ་བའི་གོང་འཕོ་ཡོད་པར་བཤད་པ་ནི་སྤྱིར་དེའི་རིགས་ཅན་སྔར་བཤད་ལྟར་མ་ངེས་པའི་དབང་དུ་མཛད་དོ། །གཟུགས་སུ་ཉེར་འགྲོ་ལས་གཞན་གཉིས་པ་ནི་འདོད་པ་ནས་གཟུགས་མེད་ཁོ་ནར་འགྲོ་བ་ཡིན་ལ། འདི་ནི་གཟུགས་མེད་ཀྱི་སེམས་ཐོབ་པ་ལས་མ་ཉམས་པར་གྲངས་ངེས་གཟུགས་མེད་བཞི་པོ་ཅི་རིགས་པར་སྐྱེ་ཞིང་། དེ་ལ་དབྱེ་ན་སྐྱེས་ཙམ་ནས་དང་། མངོན་པར་འདུ་བྱེད་དང་བཅས་ཏེ་དང་། མངོན་པར་འདུ་བྱེད་མེད་པར་འདའ་བ་དང་། གོང་འཕོ་དང་བཞིའོ། །གཉིས་པ་ནི། ཕྱིར་མི་འོང་དེ་ལ་གཉིས་ལས་གཞན་ནི་ཚེ་འདི་ཁོ་ན་ལ་མྱ་ངན་ལས་འདའ་བ་སྟེ་མཐོང་ཆོས་ཞིའོ། །གསུམ་པ་ལ། གཟུགས་སུ་ཉེར་འགྲོ་དགུར་དབྱེ། དམ་པའི་འགྲོ་བ་བདུན་དུ་བསྡུ། དབྱེ་བ་དེ་དག་གང་གི་དབང་དུ་བྱས་པ། བསམ་གཏན་སྤེལ་སྒོམ་གྱི་ཚུལ་ལོ། །དང་པོ་ནི། བར་འདའ་བ་སྐྱེས་འདའ་བ་གོང་འཕོ་གསུམ་པོ་རེ་རེ་ལའང་རྣམ་པ་གསུམ་གསུམ་དུ་ཕྱེ་ནས་གཟུགས་སུ་ཉེར་འགྲོ་དགུར་བཤད་དོ། །བར་འདའ་བ་ལ་དབྱེ་ན་མྱུར་བར་འདའ་བ། མྱུར་བ་མིན་པར་འདའ་བ། རིང་མོ་ཞིག་ནས་འདའ་བ་དང་གསུམ་ཡོད་ལ། དཔེ་རིམ་བཞིན་ཞོགས་མའི་མེ་སྟག་གྲུབ་མ་ཐག་ཡལ་བ་དང་། ལྕགས་ཀྱི་ཚྭ་ཚྭ་གནམ་དུ་ཡར་བཞིན་དུ་ཡལ་བ་དང་། ས་ལ་མ་ལྷུང་ཙམ་དུ་ཡལ་བ་དཔེར་གསུངས་སོ། །དགུ་པོ་དེ་དག་གི་ཁྱད་པར་རྣམས་མངོན་པར་འགྲུབ་པ་དང་སྐྱེས་ནས་དང་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཅན་དང་དབང་པོ་རྣོ་འབྲིང་རྟུལ་པོའི་རིམ་པ་དགུ་དང་། ཉོན་མོངས་པ་སྤང་དཀའ་སླའི་རིམ་པ་དགུའི་བྱེ་བྲག་ལས་སོ། །གཉིས་པ་ནི། དགུ་པོ་དེའི་གོང་དུ་འཕོ་བ་ནི་མ་ཕྱེ་བར་གཅིག་ཏུ་བྱས་ནས་སྐྱེས་བུ་དམ་པའི་འགྲོ་བ་བདུན་དུ་ལུང་བར་མར་བཤད་དོ། །མི་འབྱེད་པར་ནི་ཊཱི་ཀ་ལས་གདུལ་བྱའི་བསམ་པ་ལ་ལྟོས་པའོ་ཞེས་བཤད། ཁ་ཅིག་གཟུགས་མེད་དུ་འགྲོ་བ་མ་བསྡུས་ཀྱི་དོགས་པའོ་ཞེས་བཤད་དེ་ལེགས་པར་བཤད་དོ། །ཅིའི་ཕྱིར་སློབ་པ་གཞན་རྣམས་སྐྱེས་བུ་དམ་པའི་འགྲོ་བ་མིན་ནམ་ཞེ་ན། དམ་པའི་དོན་ནི་ལས་དམ་པ་དགེ་བ་ལ་འཇུག་ཅིང་དམ་མིན་མི་དགེ་བ་ལ་མི་འཇུག་པ་ཡིན་ལ། འགྲོ་བའི་དོན་གོང་དུ་སོན་པ་དེ་ཉིད་དང་འོག་ཏུ་ཕྱིར་ལོག་ནས་མི་འོང་བའི་ཕྱིར་རོ། །སློབ་པ་གཞན་ནི་མི་ཚངས་སྤྱོད་སོགས་མི་དགེ་བ་ཕྲ་མོ་ལ་འཇུག་སྲིད་པས་དམ་པ་ཡང་མིན་ཞིང་གོང་དུ་མ་སོན་པས་འགྲོ་བའང་མིན་ལ། ཚེ་འདི་ལ་ཐར་པའི་ཕྱིར་མི་འོང་དང་དགྲ་བཅོམ་ལ་སོང་བ་མེད་ཅིང་ཁམས་གོང་གི་སྐྱེ་བོ་ལ་ཕྱིར་མི་འོང་བ་མེད་དོ། །འོ་ན་མདོ་ལས་སྐྱེས་བུ་དམ་པ་གང་ཞེ་ན། སློབ་པ་ཡན་ལག་བརྒྱད་དང་ལྡན་པའོ། །དམ་པ་ལས་དམ་པ་གང་ཞེ་ན། མི་སློབ་པའི་ཆོས་བཅུ་དང་ལྡན་པའོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེར་ནི་བསླབ་གཞི་ལྔའི་སྡིག་པ་དང་ཉོན་མོངས་པ་མི་དགེ་བ་ཕལ་ཆེར་སྤངས་པས་རྣམ་གྲངས་པའི་དམ་པར་བསྟན་ལ། འདིར་རྣམ་གྲངས་པ་མེད་པར་བསྟན་པའོ། །གསུམ་པ་ནི། གཟུགས་སུ་ཉེར་འགྲོ་ལ་སོགས་པ་དེ་དག་ཇི་ལྟ་བུ་ལ་ཡོད་ཅེ་ན། འདོད་པར་བདེན་པ་མཐོང་ནས་ཚེ་ཡོངས་སུ་གྱུར་ཏེ་འདོད་པར་སྐྱེས་པའི་འཕགས་པ་ནི་དུཿཁ་མང་བས་ཆེས་སྐྱོ་བའི་ཕྱིར་ཁམས་གཞན་གོང་མར་འགྲོ་བ་མེད་ཀྱི་འདི་ཉིད་དུ་ཚེ་དེའམ་གཞན་ལ་ཕྱིར་མི་འོང་ཐོབ་ནས་ཐར་བར་འགྱུར་ལ། འདོད་པར་རྟེན་པ་ནི་གསར་རྙིང་གིས་ཡིད་འབྱུང་མི་འབྱུང་སྟེ་རྒན་པོའི་ཁྱིམ་ཐབ་བཞིན་ནོ། །དོན་གྱིས་གཟུགས་སུ་ཚེ་གྱུར་པ་གཟུགས་མེད་དུ་ཡང་འཇུག་སྟེ་གོང་འཕོ་སྲིད་རྩེར་འགྲོ་བ་བཞིན་ནོ། །འདོད་པར་ཚེ་ཡོངས་སུ་གྱུར་པ་དེ་དང་གོང་མར་སྐྱེས་པའི་འཕགས་པ་ནི། ཚེ་གཞན་དུ་ལམ་འདྲིས་པའི་ཕྱིར་དབང་པོ་སྨིན་ཞིང་བརྟན་པ་ཐོབ་པས་ཡོངས་སུ་མི་ཉམས་ཤིང་དེ་ཉིད་ཀྱིས་དབང་པོ་འཕོ་བ་ཡང་མི་རྟེན་ནོ། །བཞི་པ་ལ་དང་པོར་གང་སྤེལ་བ། གྲུབ་པའི་ཚད། སྤེལ་བའི་དགོས་པ། གྲངས་ངེས་ཀྱི་ཚད་དོ། །དང་པོ་ནི། སྔར་མ་སྤེལ་བའི་དང་པོར་ནི་བཞི་པའི་དངོས་གཞི་དེ་ཉིད་སྤེལ་བར་བྱེད་ཀྱི་གཞན་ནི་མིན་ཏེ། ཏིང་ངེ་འཛིན་དེ་ལས་སུ་རུང་ཞིང་ལམ་སླ་བའི་མཆོག་ཡིན་པ་དང་གཞན་ནི་མི་ནུས་པའི་ཕྱིར་རོ། །ཕྱིས་གོམས་པ་ན་འོག་མ་གསུམ་ཡང་སྤེལ་ལོ། །རྟེན་ནི་དང་པོར་གླིང་གསུམ་གྱི་མིས་སྤེལ་ལ། ཕྱིས་ཉམས་པ་གཟུགས་སུ་སྤེལ་ལོ། །སྦྱོར་བ་ནི་དང་པོར་ཟག་མེད་དང་ཟག་བཅས་དང་ཟག་མེད་རྒྱུན་ལྡན་གསུམ་སྤེལ་བ་ནས་རིམ་གྱིས་རྒྱུན་ཕྲི་སྟེ་སྐད་ཅིག་རེ་རེ་སྤེལ་བའི་བར་རོ། །ཟག་མེད་སྔ་ཕྱིའི་མཚམས་སྔ་མ་ལས་ལྡང་སེམས་དང་ཕྱི་མ་ལ་འཇུག་སེམས་ཀྱི་རྗེས་ཐོབ་གཉིས་ཀྱིས་སོ། །གཉིས་པ་ནི། སྐད་ཅིག་མ་རེ་རེ་བ་གསུམ་བསྲེས་ནས་སྒོམ་པ་ནི་དེ་གྲུབ་པའི་དངོས་གཞི་སྟེ་སྐད་ཅིག་སྔ་མ་གཉིས་བར་ཆད་མེད་ལམ་དང་ཕྱི་མ་རྣམ་གྲོལ་ལམ་མོ། །སློབ་དཔོན་ནི་དུས་མཐའི་སྐད་ཅིག་མ་སངས་རྒྱས་ལས་གཞན་གྱིས་སྤེལ་མི་ནུས་རྒྱུན་ལྡན་གསུམ་ལ་འདོད་དགུར་འཇོག་པ་ནི་གྲུབ་པའོ་ཞེས་སོ། །གསུམ་པ་ནི། གནས་གཙང་མར་སྐྱེ་བ་དང་། མཐོང་ཆོས་ལ་བདེ་བར་གནས་པར་བྱ་བ་དང་། ཉོན་མོངས་པས་འཇིགས་ཏེ་རོ་མྱོང་མཚུངས་ལྡན་ཐག་བསྲིངས་ཏེ་མི་ཉམས་པར་བྱ་བའི་ཕྱིར་ཡང་སྤེལ་ལོ། །དེ་ཡང་ཕྱིར་མི་འོང་དབང་རྟུལ་ལ་གསུམ་ཆར་ཚང་ལ་རྣོན་པོ་ལ་སྔ་མ་གཉིས་དང་། དགྲ་བཅོམ་རྟུལ་པོ་ལ་ཕྱི་མ་གཉིས་དང་རྣོན་པོ་ལ་བར་པ་ཁོ་ན་ཡོད་ལ། སྐྱེ་བ་ཡང་ཟག་བཅས་ཀྱིས་ཏེ་རྫོགས་བྱེད་དམ་འགྲུབ་བྱེད་དོ། །བཞི་པ་ནི། ཅིའི་ཕྱིར་གནས་གཙང་མ་ལྔར་ངེས་ཤེ་ན། སྤེལ་མ་དེ་ནི་ཆུང་ངུ་ཐུན་གཅིག་ལ་སེམས་གསུམ་སྤེལ་དང་། འབྲིང་དྲུག་དང་། ཆེན་པོ་དགུ་དང་། ཤིན་ཏུ་ཆེ་བ་བཅུ་གཉིས་དང་། ཤིན་ཏུ་ཆེས་ཆེ་བ་ཟག་མེད་བཅུ་དང་ཟག་བཅས་ལྔ་སྟེ་བཅོ་ལྔར་སྤེལ་བ་རྣམ་པ་ལྔའི་ཕྱིར་རིམ་བཞིན་འབྲས་བུ་གནས་གཙང་གི་སྐྱེ་བ་ཡང་ལྔ་ཁོ་ནའོ། །གཉིས་པ་ནི། འགོག་པའི་སྙོམས་འཇུག་ཐོབ་པའི་ཕྱིར་མི་འོང་ནི་ཐར་པ་ལྟར་ཞི་བའི་ཆོས་དེ་ལུས་ཀྱིས་མངོན་སུམ་བྱེད་པའོ་ཞེས་མིང་ཚན་ལ་བརྩམས་ཏེ་བཤད་པའི་མདོ་འདིར་འདོད། སེམས་ཙམ་པ་ནི་ལུས་ལ་བརྟེན་ཏེ་སྐྱེ་བའི་ཕྱིར་དང་། སློབ་དཔོན་ནི་མཉམ་བཞག་གི་ཚེ་ལུས་ཀྱི་སྤྱོད་པ་ཞི་བ་ཐོབ་པ་དང་དེ་ལས་ལངས་པ་ན་འགོག་པ་ནི་ཐར་པ་ལྟར་ཞི་བའོ་སྙམ་དུ་ཤེས་པས་མངོན་སུམ་དུ་བྱེད་པའོ་ཞེས་གསུངས་ལ། འབུམ་པ་ནི་ཤེས་རབ་ཀྱི་ལུས་ཀྱིས་ཞེས་སོ། །གཉིས་པ་དེ་ཉིད་ཕྱི་མའི་ཞུགས་པར་གཞག་པ་ནི། ཕྱིར་མི་འོང་བསམ་གཏན་དང་པོའི་ཉོན་མོངས་ཅན་དང་པོ་སྤངས་པ་ནས། སྲིད་རྩེའི་ཆ་བརྒྱད་པའི་བར་དུ་ཟད་པ་ནི་དགྲ་བཅོམ་པ་ཉིད་ལ་བརྒྱུད་ནས་ཞུགས་པ་ཡིན་ལ། དེར་མ་ཟད་ཆ་དགུ་པ་སྤོང་བའི་བར་ཆད་མེད་ལམ་ལ་གནས་པ་ཡང་དེ་ལ་དངོས་སུ་ཞུགས་པ་སྟེ་དགྲ་བཅོམ་མིན་པས་སོ། །འགྲེལ་ཆེན་གཉིས་དང་ཀུན་བཏུས་གསུམ་ལས་ཕྱི་མ་ཁོ་ན་གསུངས་པ་ནི་སྔ་མ་ལས་མཆོག་ཏུ་གྱུར་པའི་ལུགས་སོ། །དེ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ཏེ། ལམ་ཐམས་ཅད་ཀྱི་སྐལ་མཉམ་གྱི་རྒྱུ་རྒྱས་ཤིང་བར་ཆད་མེད་པའི་ནང་ན་ཆེ་བ་ཡིན་པས་ཕར་ཉོན་མོངས་ཐམས་ཅད་འཇོམས་ནུས་ལ་ཚུར་ཉོན་མོངས་ཅན་གང་གིས་ཀྱང་མི་བཤིག་པས་སོ། །དཔེར་ན་རྡོ་རྗེ་ཕ་ལམ་གྱིས་ཕར་དངོས་པོ་ཐམས་ཅད་གཅོད་ཚུར་སུས་ཀྱང་གཞིག་མི་ནུས་པ་བཞིན་ནོ། །དབྱེ་ན་ཟག་མེད་ས་དགུའི་ཡོད་དོ། །དམིགས་པ་ནི་སྲིད་རྩེའི་བདེན་བཞི་དང་འོག་ས་བརྒྱད་ཀྱི་འགོག་ལམ་ལ་དམིགས་ཤིང་རྣམ་པ་བཞིར་བསྒྱུར་བས་དུ་མ་སྟེ། ལམ་སྤྱིའི་ངོ་བོ་ལ་དམིགས་པ་མི་བཤིག་པ་ལྟར་ན་མི་ལྕོགས་མེད་པས་བསྡུས་པ་ནི། སྒོམ་པའི་ལམ་ལ་འགོག་པའམ། །ལམ་ལ་ཆོས་ཤེས་གང་ཡིན་ཏེ། །ཁམས་གསུམ་གྱི་ནི་གཉེན་པོ་ཡིན། །ཞེས་པས་འདོད་པའི་འགོག་ལམ་ལ་དམིགས་པའི་རྣམ་པ་བརྒྱད་དང་གོང་ས་བརྒྱད་ཀྱི་འགོག་པ་ལ་དམིགས་པ་བཞི་བཞི་དང་། སྤྱིའི་གཉེན་པོ་རྗེས་ཤེས་ཀྱི་ལམ་ལ་དམིགས་པ་བཞི་དང་། འོག་སའི་སྤངས་པས་སྲིད་རྩེའི་སྡུག་ཀུན་ལ་དམིགས་པ་བརྒྱད་དེ་ལྔ་བཅུ་རྩ་གཉིས་དང་། བསམ་གཏན་ཀུན་ཏུ་ལྟ་བ་པོ་ཡིན་པས་གཞན་ལྔ་ཡང་འདྲ་ཞིང་། གཟུགས་མེད་དམིགས་པ་ལས་ངེས་འབྱུང་ཡིན་པས་འོག་སའི་གཉེན་པོ་ལ་དམིགས་པ་བོར་བས་ཉི་ཤུ་རྩ་བརྒྱད་དང་རྩ་བཞི་དང་ཉི་ཤུ་ཡིན་ཏེ་སུམ་བརྒྱ་བརྒྱད་ཅུ་རྩ་བཞིའོ། །ལམ་སྤྱི་ལ་དམིགས་པ་བཤིག་སྟེ་སོ་སོར་དམིགས་པ་ལྟར་ན་བསམ་གཏན་ས་དྲུག་གིས་བསྡུས་པ་ས་དགུའི་འགོག་ལམ་གྱིས་བརྒྱད་བརྒྱད་སྲིད་རྩེའི་སྡུག་ཀུན་གྱིས་བརྒྱད་དེ་བརྒྱད་བཅུ་བརྒྱད་བཅུ་དང་། གཟུགས་མེད་འོག་སའི་དགག་བྱ་ལ་མི་དམིགས་པས་བཀག་པ་འགོག་ལམ་ཡང་མི་དམིགས་པས་བཞི་བཅུ་དང་སོ་གཉིས་དང་ཉེར་བཞི་སྟེ་ལྔ་བརྒྱ་བདུན་ཅུ་རྩ་དྲུག་གོ །གསུམ་པ་མི་སློབ་ལམ་ལ་གནས་པའི་གང་ཟག་ལ། འབྲས་གནས་དངོས། དེའི་ཞར་བྱུང་། འབྲས་གནས་ཀྱི་དབྱེ་བའོ། །དང་པོ་ནི། རྣམ་གྲོལ་ལམ་འདུས་བྱས་དང་པོ་ངོས་གཟུང་བ་ནི། སྲིད་རྩེའི་དགུ་པ་དེ་ཟད་པའི་བྲལ་ཐོབ་དང་ལྷན་ཅིག་སྐྱེས་པའི་ཟད་པ་ཤེས་པ་སྟེ་ཟག་པ་ཀུན་ཟད་པའི་བྲལ་ཐོབ་དང་དང་པོར་ལྷན་ཅིག་སྐྱེས་པའི་ཕྱིར་རོ། །ཟད་པ་ཤེས་པ་དེའི་ཚེ་གང་ཟག་དེ་མི་སློབ་པ་དང་དགྲ་བཅོམ་པ་ཞེས་བྱ་སྟེ། སྤྱིར་བསླབ་གསུམ་མངོན་དུ་བྱེད་ཀྱང་འབྲས་བུ་གཞན་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་བསླབ་པར་བྱར་མེད་པའི་ཕྱིར་དང་། ཆགས་བཅས་སྐྱེ་བོ་དང་སློབ་པ་ཐམས་ཅད་ཀྱིས་མཆོད་པར་འོས་པའི་ཕྱིར་རོ། །དེ་མི་སློབ་པ་ཡིན་པས་སྔར་བཤད་པའི་ཞུགས་གནས་བདུན་ནི་སློབ་པར་གྲུབ་སྟེ། ཟག་པ་ཟད་པར་བྱ་བའི་ཕྱིར་བསླབ་གསུམ་ལ་རྟག་ཏུ་སློབ་པས་སོ། །བྱིས་པ་རྣམས་ནི་སློབ་པ་མིན་ཏེ་བདེན་པ་ཇི་ལྟ་བར་ཤེས་པའི་ཤེས་རབ་མེད་པའི་ཕྱིར་རོ། །སློབ་དཔོན་འཕགས་པ་ནི་སྦྱོར་ལམ་པ་སློབ་པར་བཤད་པ་ཡོད་ཅེས་གསུངས་སོ། །ཡང་མཐོང་སྒོམ་གྱི་ལམ་སློབ་པ། མཐར་ཕྱིན་གྱི་ལམ་མི་སློབ་པ། ཟག་བཅས་དང་འདུས་མ་བྱས་ནི་གཉིས་ཀ་མིན་པའོ། །གཉིས་པ་ལ་འདོད་ཆགས་དང་བྲལ་བའི་ཚུལ་དཔྱད། ཟད་པ་ཤེས་པའི་རྗེས་ལ་གང་འབྱུང་དཔྱད། དགེ་སྦྱོང་གི་ཚུལ་དང་འབྲས་བུ་ངོས་གཟུང་བའོ། །དང་པོ་ལ་ཆགས་བྲལ་སྤྱིར་བསྟན། བྲལ་ཐོབ་ཀྱི་སྐྱེ་ཚུལ་བཤད། ས་གང་གིས་གང་ལས་འདོད་ཆགས་དང་བྲལ་བའི་ཚུལ། འཇིག་རྟེན་པའི་ལམ་གྱི་དམིགས་རྣམ་མོ། །དང་པོ་ནི། གོང་ས་འཇིག་རྟེན་པ་མེད་ཅིང་རང་ས་ལ་སྲེད་པ་རྒྱས་པ་དང་འོག་ས་དམན་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ལམ་ཁོ་ནས་སྲིད་རྩེའི་ལས་ཆགས་པ་དང་བྲལ་ལ། གཞན་བརྒྱད་པོ་ལས་རྣམ་པ་གཉིས་ཀ་ལས་འབྲལ་ཏེ། འཇིག་རྟེན་པའི་གོང་སའི་ཉེར་བསྡོགས་ཡོད་པའི་ཕྱིར་རོ། །གཉིས་པ་ནི། འཇིག་རྟེན་པ་ཡིས་ཆགས་པ་དང་བྲལ་བའི་འཕགས་པ་བྱིས་པ་ལྟར་རེ་ཞིག་པར་འགྱུར་རོ་ཞེ་ན། མིན་ཏེ། བྱིས་པའི་སྤངས་པ་ནི་བྲལ་ཐོབ་ཟག་བཅས་ཙམ་གྱིས་འཛིན་པས་མི་བརྟན་ལ། དེ་ལ་དེའི་ཚེ་བྲལ་བའི་ཐོབ་པ་ཟག་བཅས་ཟག་མེད་རྣམ་པ་གཉིས་ཀས་འཛིན་པས་བརྟན་ཞིང་རྒྱས་ལ་ཉམས་ཀྱང་མ་ཤི་བར་སོར་ཆུད་པར་འགྱུར་རོ་ཞེས་བཤད་དོ། །བསྡུ་བར། འཇིག་རྟེན་པས་ས་བོན་སྤོང་མི་ནུས་པའི་ཕྱིར་སླར་ཉམས་པར་འགྱུར་ལ། འཕགས་པའང་རེ་ཞིག་པའི་གཉེན་པོ་སྟེ་ཕྱིས་ཟག་མེད་ངེས་པར་མངོན་དུ་བྱེད་ཅེས་སོ། །སྡེ་པ་ཁ་ཅིག་འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤངས་ཀྱང་བྲལ་ཐོབ་གཉིས་ཀྱི་སྟེ། ཅིའི་ཕྱིར་ཞེ་ན། དེའི་ཚེ་བྲལ་ཐོབ་ཟག་བཅས་མི་སྐྱེ་ན་དབང་རྟུལ་སྔོན་ཟག་མེད་ཁོ་ནས་ཅི་ཡང་མེད་ཀྱི་བར་ལས་གྲོལ་ཏེ་འབྲས་བུ་ཁྱད་པར་ཅན་དུ་གྱུར་པ་ཞིག་དབང་པོ་འཕོ་བ་ན་རྟུལ་པོའི་ལམ་ཁྱད་པར་ཅན་དང་བཅས་པ་བཏང་ནས་རྣོན་པོའི་འབྲས་བུ་ཙམ་པོ་ཐོབ་པའི་ཕྱིར་གོང་མའི་བྲལ་ཐོབ་མི་ལྡན་པས་དེ་ལ་སླར་ཉོན་མོངས་ཅན་ལྡན་པར་འགལ་བ་ལས་མི་ལྡན་པའི་ཕྱིར་བྲལ་ཐོབ་ཟག་བཅས་སྐྱེའོ་ཞེས་ཟེར་རོ། །དེ་ནི་མ་ངེས་ཏེ། སྲིད་རྩེའི་ཕྱེད་ཟེར་ཡང་བརྒྱད་པ་མན་ཆད་གང་རུང་ལས་རྣམ་པར་གྲོལ་བ་ཞིག་དབང་པོ་འཕོས་ན་བྲལ་ཐོབ་ཟག་མེད་བཏང་ལ་ཟག་བཅས་མི་སྲིད་ཀྱང་ཕྱེད་པོའི་ཉོན་མོངས་མི་ལྡན་པ་བཞིན་དང་། བྱིས་པ་འདོད་པ་ལས་གྲོལ་བའི་བྲལ་ཐོབ་བསམ་གཏན་དང་པོའི་ས་པ་ཡོད་པ་ཞིག་གོང་མ་གཉིས་པ་སོགས་སུ་སྐྱེས་པ་ལ་བྲལ་ཐོབ་ས་འཕོས་པས་བཏང་ཡང་འདོད་པའི་ཉོན་མོངས་ཅན་མི་ལྡན་པ་བཞིན་ཏེ། འོག་ས་བཏང་ཡང་སྤང་བྱའི་མ་ཐོབ་པ་ཡོད་པས་མི་ལྡན་པའོ། །འོག་ཏུ་ཟག་མེད་ཀྱི་ཤེས་པས་ཀུན་རྫོབ་ཤེས་པ་འཐོབ་པར་བཤད་པ་ནི་ཤེས་པའི་ཐོབ་པའོ་ཞེས་གསུངས་སོ། །གསུམ་པ་ནི། ཟག་མེད་སྲིད་རྩེའི་གཉེན་པོ་ཡིན་པས་རང་དང་གོང་སའི་སྤོང་ལ། མི་ལྕོགས་མེད་པ་ཉེ་བསྡོགས་ཀྱི་ལམ་ཡིན་པས་འོག་ས་སྤོང་བའི་ཕྱིར་དེ་ཡིས་ས་དགུ་པོ་ཐམས་ཅད་ལས་འདོད་ཆགས་དང་བྲལ་ཞིང་། ཉེར་བསྡོགས་གཞན་ནི་ཟག་བཅས་ཁོ་ན་ཡིན་པས་རང་གི་འོག་ས་ལས་འབྲལ་ལོ། །འོ་ན་ཉེར་བསྡོགས་ཀྱིས་འོག་ས་ལས་རྒྱལ་བའི་རྣམ་གྲོལ་ལམ་ཐ་མ་དེ་དང་དངོས་གཞི་གང་གི་ངོ་བོར་སྐྱེ་ཞེ་ན། ས་དང་པོ་གསུམ་ལ་རྒྱལ་བ་ལ་ནི་དབང་པོ་རྣོ་ན་ཚོར་བ་སྤོ་ནུས་ཤིང་ཉེར་བསྡོགས་ལ་དགའ་བ་ཆུང་བས་དངོས་གཞི་བསམ་གཏན་གྱི་ངོ་བོར་སྐྱེ་ཞིང་། རྟུལ་ན་ཚོར་བ་སྤོ་མི་ནུས་པས་ཉེར་བསྡོགས་ཀྱི་ངོ་བོ་ལས་མཐའི་རྣམ་གྲོལ་ལམ་སྐྱེ་ལ། དེའི་གོང་མ་བཞི་པ་མན་ཆད་ཀྱི་ཉེར་བསྡོགས་དངོས་གཞི་དང་ཚོར་བ་མཐུན་ཞིང་ཆགས་བྲལ་གྱི་ས་ལ་གུས་པས་དེའི་ངོ་བོ་ལས་རྣམ་གྲོལ་ལམ་ཐ་མ་སྐྱེ་བ་མིན་ནོ། །འཕགས་པ་སྟེ་ཟག་མེད་ཀྱི་ལྷག་མ་བརྒྱད་ཀྱིས་ནི་རང་ས་དང་གོང་ས་ལས་རྒྱལ་གྱི་འོག་ས་ལས་མིན་ཏེ། འོག་ས་ལས་མ་རྒྱལ་བར་དངོས་གཞི་མི་ཐོབ་ལ་དེ་ཐོབ་པའི་ཚེ་དེའི་སྔོན་དུ་འགྲོ་བའི་ཉེར་བསྡོགས་ཀྱིས་རྒྱལ་ཟིན་པའི་ཕྱིར་མགོ་གཉིས་གཅད་དུ་མེད་པ་བཞིན་ནོ། །བཞི་པ་ནི། འཇིག་རྟེན་པ་ཡི་རྣམ་གྲོལ་དང་བར་ཆད་མེད་པའི་ལམ་གྱི་དམིགས་རྣམ་ཇི་ལྟ་བུ་ཞེ་ན། རྣམ་པ་ནི་དེ་གཉིས་གོ་རིམ་བཞིན་བར་ཆད་མེད་པ་ནི་འོག་ས་ལ་དམིགས་ནས་རགས་པ་དང་། སོགས་པ་ཐ་བ་ངན་པ་དང་རྩིག་པ་སྟུག་པོ་ལྟ་བུར་བལྟ་ལ། རྣམ་གྲོལ་ལམ་ནི་གོང་ས་ལ་དེ་ལས་ལྡོག་པ་ཞི་བ་དང་། སོགས་པ་གྱ་ནོམ་པ་དང་ངེས་འབྱུང་གི་རྣམ་པ་ཅན་ཡིན་ནོ། །དམིགས་པ་ནི་རྣམ་གྲོལ་ལམ་ནི་གོང་སའི་སྤྱོད་ཡུལ་ཅན་དང་། བར་ཆད་མེད་པ་ནི་འོག་མའི་སྤྱོད་ཡུལ་ཅན་ནོ། །གཉིས་པ་ནི། ཟད་ཤེས་ལས་ཤེས་པ་གང་འབྱུང་ཞེ་ན། གལ་ཏེ་མི་གཡོ་བའི་ཟད་ཤེས་ཡིན་ན་མི་ཉམས་པས་དེ་ལས་དུཿཁ་ཤེས་པར་བྱར་མེད་པ་ལ་སོགས་པར་ལྟ་བའི་མི་སྐྱེའི་བློ་གྲོས་འབྱུང་ལ། གལ་ཏེ་མི་གཡོ་བ་མིན་ན་ཟད་པ་ཤེས་པའི་རྒྱུན་ཙམ་བྱུང་ནས་ལྡང་བའམ། ཡང་ན་མི་སློབ་པའི་ལྟ་བ་འབྱུང་གི ཉམས་སྲིད་པས་མི་སྐྱེ་བ་ཤེས་པ་མི་འབྱུང་ཞིང་མི་སློབ་པའི་ལྟ་བ་དེ་ནི་རེས་འགའ་མི་གཡོ་བ་ལ་འབྱུང་བས་དགྲ་བཅོམ་པ་ཐམས་ཅད་ལ་སྐྱེའོ། །གསུམ་པ་ལ། དངོས་ཀྱི་དོན། དེ་ཉིད་ཚངས་པའི་འཁོར་ལོ་བསྟན། ཁམས་གང་དུ་འབྲས་བུ་གང་ཐོབ་པའོ། །དང་པོ་ལ་ངོ་བོ་དང་རྩོད་སྤོང་ངོ་། །དང་པོ་ནི། དགེ་སྦྱོང་གི་ཚུལ་དང་ལྡན་པ་ནི་འཕགས་པ་ཡིན་ལ་དེའི་ཚུལ་ནི་དྲི་མ་མེད་པའི་བར་ཆད་མེད་པའི་ལམ་སྟེ། སྡིག་པ་གཏན་དུ་ཞི་བར་བྱེད་པའི་ཕྱིར་ཏེ། ལུང་བར་མ་ལས། འདིས་སྡིག་པ་མི་དགེ་བའི་ཆོས་ཡང་སྲིད་པར་སྐྱེ་བ་ནས། འཆི་བའི་བར་རྣམ་པར་ཞི་བར་བྱས་པས་དགེ་སྦྱོང་དུ་འགྱུར་རོ་ཞེས་སོ། །ཚུལ་དེའི་འབྲས་བུ་ནི་རྒྱུ་མཐུན་དང་སྐྱེས་བུ་བྱེད་འབྲས་འདུས་བྱས་རྣམ་གྲོལ་ལམ་དང་། བྲལ་བ་དང་ཐོབ་པའི་སྐྱེས་བུ་བྱེད་འབྲས་འདུས་མ་བྱས་སྤངས་པའོ། །གཉིས་པོ་དེ་དག་སོ་སོར་བརྒྱད་ཅུ་རྩ་དགུ་སྟེ། ས་དགུའི་སྒོམ་སྤང་བརྒྱད་ཅུ་རྩ་གཅིག་དང་། གོང་འོག་གི་མཐོང་སྤང་བརྒྱད་སྤངས་པའི་རྣམ་གྲོལ་ལམ་བརྒྱད་ཅུ་རྩ་དགུ་དང་། ཟད་པ་སྤངས་པ་བརྒྱད་ཅུ་རྩ་དགུ་རྣམས་ཡིན་པས་དེ་དང་བཅས་པ་ཚུལ་ཡང་བརྒྱད་ཅུ་རྩ་དགུར་འགྱུར་རོ། །གཉིས་པ་ལ། དབྱེ་བ་ལ་དང་། དགེ་སྦྱོང་ཚུལ་གྱི་ལ་རྩོད་སྤོང་གཉིས་ལས། དང་པོ་ནི། འོ་ན་སངས་རྒྱས་ཀྱིས་རྒྱུན་ཞུགས་ནས་དགྲ་བཅོམ་པའི་བར་བཞི་ལས་མ་གསུངས་ལ་འདིར་ཁ་བསྐང་དགོས་པས་དེ་ཐམས་ཅད་མཁྱེན་པ་མིན་པའམ་འདིར་སྒྲོ་བཏགས་པར་འགྱུར་རོ་ཞེ་ན། དབྱེ་བ་དེ་ལྟར་མང་མོད་ཀྱི་མདོ་ལས་འབྲས་བུ་བཞིར་བསྡུས་ཏེ་རྣམ་པར་གཞག་པ་ནི་ལམ་གྱི་གནས་སྐབས་གང་ལ་རྣམ་འཇོག་གི་རྒྱུ་ལྔ་དག་ནི་སྲིད་པ་དེའི་དུས་སུ་འབྲས་བུ་གཅིག་ཏུ་གསུངས་པའི་ཕྱིར་བཞི་སྟེ། རྒྱུ་ལྔ་ནི་འབྲས་བུ་ལས་སྔོན་ཐོབ་པ་ཞུགས་ལམ་བཏང་བ་དང་། དེ་ལས་གཞན་གནས་པའི་ལམ་ཐོབ་པ་དང་། སྤངས་པ་ཐམས་ཅད་ཀྱིས་ཐོབ་པ་འབྲས་བུ་ལ་གནས་པས་བསྡུས་པ་གཅིག་རྙེད་དེ་ཟད་པ་སྡོམ་པ་དང་། རྒྱུ་རྒྱས་པའི་སྒོ་ནས་མ་འོངས་པའི་ཆོས་དང་རྗེས་སུ་ཤེས་པ་བརྒྱད་ཚན་ཐོབ་པ་དང་། མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ཚང་བར་ཐོབ་པའོ། །བཞི་པོ་ཐམས་ཅད་ལ་རྒྱུ་ལྔ་ཚང་ཡང་ཕྲ་རྒྱས་སུ་ཁམས་ལས་གྲོལ་བ་དང་། འབྲས་བུ་ཐོབ་ན་སྡོམ་པར་བཤད་པ་ནི་ཡོངས་ཤེས་ཀྱི་སྡོམ་པའི་རྒྱུ་ཡིན་གྱི་སྤངས་པ་ཙམ་གྱིས་མིན་པར་འཆད་དོ། །གཉིས་པ་ནི། ཅི་ཟག་མེད་ཀྱི་ལམ་ཁོ་ན་དགེ་སྦྱོང་གི་ཚུལ་ཡིན་ན་འཇིག་རྟེན་པས་ཐོབ་པའི་ཆགས་བྲལ་སྔོན་འགྲོའི་འབྲས་བུ་གཉིས་དགེ་སྦྱོང་ཚུལ་གྱི་འབྲས་བུར་མི་རུང་ངོ་ཞེ་ན། འཇིག་རྟེན་པ་ཡི་ས་ཐོབ་པའི་འབྲས་བུ་དེ་གཉིས་ནི་མཐོང་ལམ་གྱིས་ཐོབ་པ་དང་བསྲེས་ཏེ་སྔ་ཕྱིའི་སྤངས་པ་ཐམས་ཅད་དེ་གཉིས་ཀྱིས་འབྲས་བུ་བསྡུས་པའི་ཐོབ་པ་གཅིག་གིས་བཅིངས་པའི་ཕྱིར་དང་། ཟག་མེད་ཐོབ་འཛིན་ཕྱིར་ཞེས་པ། ཁ་ཅིག་སྔར་གྱི་སྣོན་པར་སྦྱོར་བའི་མི་འཐད་དེ་བསྲེས་པ་ཉིད་ཀྱིས་ཟག་མེད་ཀྱི་ཐོབ་པ་འཛིན་པ་གྲུབ་པའི་ཕྱིར། དེས་ན་ཕྱི་མའི་དོན་ནི་འཇིག་རྟེན་པས་ཐོབ་པའི་རིམ་གྱིས་པའི་འབྲས་བུ་ཡང་དགེ་སྦྱོང་ཚུལ་འབྲས་བུ་མི་རུང་ངོ་ཞེ་ན། རུང་སྟེ། དེས་དགེ་སྦྱོང་གི་ཚུལ་དུ་གྱུར་པའི་ཟག་མེད་ཀྱི་ཐོབ་པ་འཛིན་པའི་ཕྱིར། དཔེར་ན་ཕོ་བྲང་འཁོར་བའི་མིས་བསགས་པའི་ནོར་ཡང་རྒྱལ་པོའི་ཕྱག་རྒྱས་བཏབ་པས་དེའི་ནོར་དུ་བརྗོད་པ་བཞིན་ནོ། །ཞེས་པའོ། །གཉིས་པ་ནི། དགེ་སྦྱོང་གི་ཚུལ་དང་། དེའི་འབྲས་བུ་དེ་ཉིད་ཚངས་པ་ཉོན་མོངས་སྤངས་པའམ་མྱ་ངན་ལས་འདས་པའི་ཚུལ་ཏེ་ངོ་བོའམ་ཐབས་ཞེས་ཀྱང་བྱ་ལ། ཚངས་པའི་འཁོར་ལོ་ཞེས་ཀྱང་བྱ་སྟེ། སངས་རྒྱས་ནི་ཚངས་པའི་ཚུལ་བླ་ན་མེད་པ་དང་ལྡན་པས་ཚངས་པ་ཡིན་པར་བཤད་ལ་དེས་བསྐོར་བའི་ཕྱིར་རོ། །ཅི་མདོ་ལས་ཆོས་ཀྱི་འཁོར་ལོ་ལན་གསུམ་བཟླས་པ་རྣམ་པ་བཅུ་གཉིས་ཞེས་པ་དེ་ལམ་གང་ཡིན་ཞེ་ན། མཐོང་བའི་ལམ་སྟེ་འཁོར་ལོ་དང་ཆོས་མཐུན་པའི་ཕྱིར་རོ། །གང་གི་མཐུན་ན་འཁོར་ལོ་རིན་པོ་ཆེ་ནི་གླིང་བཞིར་མྱུར་བར་འགྲོ་བ་དང་། སོགས་པ་ཡུལ་གཞན་འདོར་ཞིང་གཞན་དུ་འཇུག་པ་དང་། ཁམས་ཀྱི་རྒྱལ་ཕྲན་ལ་སོགས་པ་ལས་མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང་། རྒྱལ་བ་དགེ་བ་བཅུ་ལ་འཛུད་པས་རྣལ་དུ་འགོད་པ་དང་། ས་མཐོ་བར་འཕར་ཞིང་དམའ་བར་འབབ་པ་བཞིན་དུ་མཐོང་ལམ་སྐད་ཅིག་བཅོ་ལྔ་མྱུར་བས་མྱུར་བར་འགྲོ་བ་དང་ཤེས་བཟོད་ཐམས་ཅད་བདེན་པ་གཞན་འདོར་ཞིང་འཇུག་པ་དང་། བར་ཆད་མེད་པས་མཐོང་སྤང་ལས་མ་རྒྱལ་བ་རྒྱལ་བར་བྱེད་པ་དང་། རྣལ་གྲོལ་ལམ་གྱིས་བྲལ་ཐོབ་འཛིན་པས་རྒྱལ་བ་རྣལ་དུ་འགོད་པ་དང་། གོང་མའི་བདེན་པ་ལ་འཕར་ཞིང་འདོད་པའི་ལ་འབབ་པས་སོ། །བཙུན་པ་དབྱངས་སྒྲོགས་ནི། མཐོང་ལམ་འཕགས་ལམ་ཡན་ལག་བརྒྱད་ལས། ཡང་དག་པའི་ལྟ་བ་དང་རྟོག་པ་དང་རྩོལ་བ་དང་དྲན་པ་བཞི་ནི། རྩིབས་བཞིན་དུ་ཕན་ཚུན་འཇུག་པའི་མཐོང་སྤང་གི་རྟོག་པ་གཅོད་པས་རྩིབས་དང་། སོགས་པ་ཚུལ་ཁྲིམས་ཀྱི་ངོ་བོ་གསུམ་ནི་དེ་ལས་སེམས་དང་ཤེས་རབ་སྐྱེ་བའི་ཕྱིར་རྟེན་ཡིན་པས་ལྟེ་བ་དང་། ཏིང་ངེ་འཛིན་ནི་དམིགས་པ་ལ་སེམས་སྡུས་པས་མུ་ཁྱུད་བཞིན་ཞེས་སོ། །དེ་སྐད་དུ་མདོ་ལས། ཀུན་ཤེས་ཀཽཎྜིནྱ་ལ་མཐོང་ལམ་སྐྱེས་པ་ན་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་སྨྲས་པས་སོ། །མདོ་ལས་དུཿཁ་ནས། ལམ་འཕགས་པའི་བདེན་པའོ་ཞེས་ངས་སྔོན་མ་ཐོས་པའི་ཆོས་རྣམས་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ་ཞེས་པ་ལ་སོགས་པའི་དོན། བཟླས་པ་གསུམ་ནི་འདི་དུཿཁ་འཕགས་པའི་བདེན་པའོ་ཞེས་ངོ་བོ་དང་། དེ་ཤེས་པར་བྱའོ་ཞེས་བྱ་བ་དང་། དེ་ཤེས་སོ་ཞེས་མཐར་ཐུག་པ་ལ་བཟླས་པ་ཡིན་ལ། རྣམ་པ་བཅུ་གཉིས་ནི་དེ་རེ་རེ་ཞིང་མངོན་སུམ་དུ་གྱུར་པས་མ་རིག་པ་དང་ཐེ་ཚོམ་མེད་པས་ཤེས་པ་དང་ཡང་དག་པའི་དོན་གྱིས་རིགས་པ་དང་རྣམ་པར་དག་པའི་ཕྱིར་བློ་སྐྱེས་པ་སྟེ། བདེན་པ་གཞན་གསུམ་ལ་བྱ་བ་དང་མཐར་ཐུག་པ་དང་མངོན་དུ་བྱ་བ་དང་བསྒོམ་པས་ཁྱད་པར་དུ་བྱས་པའི་ཕྱིར་སྔར་བཞིན་ནོ། །དེ་ལྟར་བཟླས་པ་བཅུ་གཉིས་དང་རྣམ་པ་ཞེ་བརྒྱད་ཡོད་ཀྱང་གསུམ་ཚན་དང་བཅུ་གཉིས་ཚན་དུ་འདྲ་བས་དེར་བརྗོད་དེ། གནས་བདུན་ལ་མཁས་པའི་དགེ་སློང་ཞེས་བརྗོད་པ་བཞིན་ནོ། །དེ་ཡང་མདོ་སྡེ་པ་དང་ཉི་འོག་པ་ནི་བཟླས་པ་གསུམ་མཉམ་གཞག་གི་རྣམ་པ་ཡིན་ལ། མིག་སྐྱེས་པ་སོགས་ནི་བློ་གཞན་གྱིས་དཔྱད་ན་དེ་ལྟ་བུ་ཡིན་པར་འདོད། ཁ་ཆེ་བ་ནི་མཉམ་གཞག་གི་རྣམ་པ་བཅུ་དྲུག་ཏུ་ངེས་ཏེ། མཐོང་ལམ་ལ་བྱ་བ་ཅུང་ཟད་ཡོད་ཀྱང་གཙོ་བོར་ངོ་བོ་དང་། སྒོམ་ལམ་ན་བདེན་པའི་ངོ་བོ་མཐོང་ཟིན་པས་བྱ་བ་དང་། མི་སློབ་པ་ན་ངོ་བོ་མཐོང་ཟིན་གྱི་བྱ་བ་མེད་པས་མཐར་ཐུག་པ་བཟླས་པ་ཞེས་འདོད་ཅིང་། སློབ་དཔོན་ནི་དེ་ལྟར་ན་བཟླས་པ་གསུམ་ལ་བསྟན་ནས་མཐོང་ལམ་ཁོ་ན་ཆོས་འཁོར་དུ་ཇི་ལྟར་བཞག དེས་ན་ལམ་སྤྱི་ཆོས་འཁོར་ཏེ་བཟླས་པ་གསུམ་ནི་ངོ་བོ་ལ་བཟླས་པ་ལ་སོགས་པ་གསུམ་ཡིན་ལ། རྣམ་པ་བཅུ་གཉིས་ནི་དེ་རེ་རེ་ཞིང་བདེན་པ་བཞིའི་བྱེ་བྲག་གིས་རྣམ་པ་བཞི་བཞི་ཡིན་ཞིང་། མདོ་ལས་བཤད་པ་ནི་ཐོག་མར་བསྐོར་བར་རྩོམ་པ་ལ་དགོངས་སོ་ཞེས་སོ། །གསུམ་པ་ནི། འདོད་པ་ཁོ་ནར་དང་པོ་གསུམ་འཐོབ་སྟེ། སྔ་མ་གཉིས་འདོད་པ་ལས་མ་གྲོལ་ཞིང་གསུམ་པ་ནི་ཕྱིར་འོང་སྔོན་དུ་འགྲོ་བའམ་དགུ་པ་མ་སྤངས་པར་གོང་དུ་མི་སྐྱེ་ཞིང་སྤངས་པ་དང་ཕྱིར་མི་འོང་དུ་འགྲོ་བས་སོ། །ཐ་མ་དགྲ་བཅོམ་ནི་སྲིད་རྩེའི་གཉེན་པོས་ཕྱེ་ལ་དེ་ཁམས་གསུམ་ཆར་དུ་སྐྱེ་སྲིད་པས་ཁམས་གསུམ་ཆར་དུ་ཐོབ་བོ། །འོ་ན་ཆགས་བྲལ་སྔོན་འགྲོའི་ཕྱིར་མི་འོང་འདོད་པ་ལས་གྲོལ་བས་འཐོབ་པས་གོང་མར་ཅི་སྟེ་མི་ཐོབ་ཅེ་ན། གོང་ན་ནི་མེད་དེ་དེ་ནི་ཟག་མེད་སྒོམ་ལམ་སྐྱེ་བ་དང་སྲིད་རྩེའི་མཐོང་སྤང་སྤོང་ཐབས་ལ་དགོངས་པས་མཐོང་ལམ་གྱིས་ཕྱེ་ལ་དེ་ན་མཐོང་ལམ་གསར་དུ་སྐྱེ་བ་མེད་པའི་ཕྱིར་རོ། །ཅི་སྟེ་ཞེ་ན། གོང་མའི་བྱས་པ་རྣམས་ནི་སྙོམས་འཇུག་གི་བདེ་བ་ལ་ཆགས་ཤིང་དུཿཁ་མེད་པས་མི་སྐྱོ་ལ་སྐྱོ་བ་མེད་པར་འཁོར་བ་ལས་ངེས་པར་འབྱུང་བའི་ལམ་མི་རྩོམ་པའི་ཕྱིར་དང་། བཅུ་ཚན་བཅུའི་ལུང་ལས་ཀྱང་རྒྱུན་ཞུགས་གཉིས་ཕྱིར་འོང་གཉིས་ཕྱིར་མི་འོང་ལྔ་དང་དགྲ་བཅོམ་པ་སྟེ་བཅུ་ལས་གཞན་ལྔ་ནི་འདིར་རྩོམ་ཞིང་འདིར་མཐར་ཕྱིན་ལ། ཕྱིར་མི་འོང་ལྔ་ནི་འདིར་རྩོམ་ཞིང་དེར་མཐར་ཕྱིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །གསུམ་པ་འབྲས་གནས་ཀྱི་དབྱེ་བ་ལ། དྲུག་ཏུ་དབྱེ་བ། དགུར་དབྱེ་བ། རྫས་དྲུག་ཏུ་བསྡུ་བའོ། །དང་པོ་ལ་དགྲ་བཅོམ་རིགས་དྲུག་དུ་དབྱེ། རིགས་དབྱེ་དེ་གཞན་ལ་སྦྱར། ཉམས་པའི་ཚུལ། དེ་ལ་རྩོད་སྤོང་། དབང་པོ་ཇི་ལྟར་འཕོ་བའི་ཚུལ་ལོ། །དང་པོ་ལ་དབྱེ་བ་སོ་སོའི་ངོ་བོ། གཉིས་སུ་བསྡུ་བ། ཆོས་གང་ལས་ཉམས་པའོ། །དང་པོ་ནི། དགྲ་བཅོམ་པ་ལ་དབྱེ་ན་དྲུག་ཏུ་འདོད་དེ། ཉམས་པའི་ཆོས་ཅན་དང་། འཆི་བར་སེམས་པ་དང་། རྗེས་སུ་སྲུང་བ་དང་། གནས་པ་ལས་མི་བསྐྱོད་པ་དང་། རྟོགས་པའི་སྐལ་བ་ཅན་དང་། མི་གཡོ་བའི་ཆོས་ཅན་ནོ། །དེ་ཡང་འདོད་པ་ན་དྲུག་ཆར་ཡོད་ཅིང་གོང་མ་ན་བཞི་པ་དང་དྲུག་པ་ཡོད་ཀྱི་མི་ཉམས་ཤིང་དབང་པོ་མི་འཕོ་བས་གཞན་མེད་པར་བྱེ་སྨྲ་འདོད་ལ། མདོ་སྡེ་པ་སྲིད་པར་འདོད་པས་ཁམས་གསུམ་ཆར་ན་དྲུག་ཡོད་དོ་ཞེས་སོ། །ཉམས་པའི་རྐྱེན་ནི་མདོ་ལས་ལྔ་འབྱུང་སྟེ། ལས་ཀྱི་མཐའ་དང་སྨྲ་བ་དང་རྩོད་པ་ལ་ཞུགས་པ་དང་ལམ་རིང་དུ་རྒྱུ་བའི་སྦྱོར་བ་དང་ལྡན་པ་དང་ནད་ཡུན་རིང་པོས་ཐེབས་པའོ་ཞེས་སོ། །རིགས་དྲུག་ཏུ་འགྱུར་བའི་རྒྱུ་ནི་རིམ་པ་ལྟར་སྔོན་སློབ་པའི་དུས་ན་རྒྱུན་དང་གུས་པར་སྦྱོར་བ་མེད་པ་དང་གཉིས་ཀ་མེད་པ་དང་ཁྱད་པར་དུ་གུས་སྦྱོར་མེད་པ་དང་། རྒྱུན་དུ་སྦྱོར་བ་དང་གུས་པར་སྦྱོར་བ་དང་གཉིས་ཀར་སྦྱོར་བའི་དབང་པོ་རྟུལ་པོ་དང་རྣོན་པོའོ། །ཁ་ཅིག་དབང་པོའི་ཁྱད་པར་རོ། །ཞེས་སོ། །དྲུག་པོ་དེ་དག་ལས་དང་པོ་ལྔ་ནི་སྒོམ་ལམ་གྱི་དད་པས་མོས་པ་ལས་དངོས་སུ་དང་། མཐོང་ལམ་གྱི་དད་པའི་རྗེས་འབྲང་ལས་བརྒྱུད་ནས་སྐྱེས་པས་ལྔ་པོ་དེ་དག་ནི་རྣམ་གྲོལ་ལམ་ཐོབ་པ་དང་གནས་པ་ནི་ཡོ་བྱད་ཀྱི་མཐུན་རྐྱེན་དང་འགལ་རྐྱེན་དང་དགྲའི་ཚེར་མ་མེད་པའི་དུས་དང་སྦྱོར་ལ། མི་གཡོ་བའི་ཆོས་ཅན་ནི་དབང་པོ་རྣོ་བས་རྣམ་གྲོལ་ལམ་མི་མཐུན་ཕྱོགས་ཀྱིས་མི་གཡོ་བ་ཡིན་པ་དེའི་ཕྱིར་གང་ཟག་དེ་དུས་དེ་ལྟ་བུ་དང་མི་སྦྱོར་བར་འདོད་དགུར་རྣམ་གྲོལ་མངོན་དུ་འགྱུར་ཞིང་དེ་ནི་དངོས་སུ་མཐོང་ཐོབ་དང་བརྒྱུད་ནས་ཆོས་ཀྱི་རྗེས་འབྲང་གི་རྒྱུ་ལས་བྱུང་ངོ་། །སྡེ་པ་གོང་མས་མཐོང་ཆོས་ལ་བདེ་བ་གནས་ཀྱི་ཏིང་ངེ་འཛིན་དུས་དང་སྦྱོར་མི་སྦྱོར་དུ་འདོད་དོ། །གཉིས་པ་གཉིས་སུ་བསྡུ་བ་ནི། དགྲ་བཅོམ་པའི་རིགས་དེ་དག་སྔོན་ནས་སམ་དེའི་ཚེ་ཡིན་ཞེ་ན། དེ་ལ་གཉིས་ལས་ཉམས་པའི་སྔོན་དུ་ན་དེ་བས་དམན་པ་ནས་སྦྱང་དུ་མེད་པས་སྔོན་ནས་ཡིན་ལ། ལྷག་མ་ལྔ་ནི་ཁ་ཅིག་དང་པོ་སློབ་པ་ནས་དེའི་རིགས་ཅན་དང་། ཁ་ཅིག་སློབ་པའི་ཚེ་རིགས་འོག་མ་ཡིན་པ་ལས་མི་སློབ་པ་ཉིད་ཀྱི་ཚེ་དབང་པོ་འཕོས་ཏེ་སྦྱངས་པ་ལས་གྱུར་པའི་རིགས་ཅན་ནོ། །གསུམ་པ་ནི། ལྔ་པོ་དེ་དག་ཅི་ལས་ཉམས་ཤེ་ན། དང་པོ་ནི་རིགས་ལས་མི་ཉམས་ཏེ་དེ་ལས་དམན་པ་མེད་པའི་ཕྱིར། ལྷག་མ་བཞི་ནི་རིགས་ལས་ཉམས་ཏེ་འོག་མར་ལྟུང་ལ། ལྔ་ཆར་ཡང་འབྲས་བུ་ལས་ཉམས་པར་འགྱུར་ཏེ་དབང་པོ་རྟུལ་བས་སླར་ཉོན་མོངས་ཅན་སྐྱེ་བའི་ཕྱིར་རོ། །འོན་ཀྱང་རིགས་དང་འབྲས་བུ་དང་པོ་ལས་ཉམས་པ་མིན་ཏེ། མི་སློབ་པའི་འཆི་བར་སེམས་པ་ལ་སོགས་པའི་རིགས་དང་པོ་སྔོན་སློབ་པ་ནས་ཡོད་པ་ནི་སློབ་མི་སློབ་ཀྱིས་བརྟན་པར་བྱས་པ་དང་། སློབ་པའི་རིགས་དང་པོ་བྱིས་པ་ནས་ཡོད་པའང་འཇིག་རྟེན་པ་དང་འདས་པ་གཉིས་ཀྱིས་བརྟན་པར་བྱས་པས་མི་ཉམས་སོ། །འབྲས་བུ་དང་པོ་ལས་མི་ཉམས་ཏེ། དེ་ནི་མཐོང་སྤང་སྤངས་བས་ཕྱེ་ལ། དེ་སླར་མི་སྐྱེ་བའི་ཕྱིར་ཏེ། ཡུལ་མེད་པའི་ཕྱིར་དང་། སྦྱོར་བ་མེད་པའི་ཕྱིར་རོ། །དང་པོ་གྲུབ་སྟེ་དེ་བདག་ལྟའི་གཞི་ཅན་ཡིན་ལ་བདག་དེ་མེད་པས་སོ། །གཉིས་པ་ཡང་གྲུབ་སྟེ། སྤྱིར་དྲན་པ་ཉམས་པ་ནི་ངེས་པར་མི་རྟོག་ན་དྲན་པ་ཉམས་ཏེ་ཉོན་མོངས་ཅན་སྐྱེ་བ་ལས་མི་རྟོག་པའི་ཚེ་མཐོང་སྤང་རྟོག་བཅས་མི་སྐྱེ་རྟོག་ན་དྲན་པ་མི་ཉམས་པས་སོ། །ཆགས་བྲལ་སྔོན་འགྲོའི་འབྲས་བུ་གཉིས་ཀྱང་མི་ཉམས་ཏེ་རྒྱུ་མཚན་དེ་ཉིད་དམ་ལམ་གཉིས་ཀྱིས་བརྟན་པར་བྱས་པས་སོ། །གཉིས་པ་ནི། སློབ་པ་དང་འཕགས་མིན་བྱིས་པ་གཉིས་ཀ་དགྲ་བཅོམ་པའི་རིགས་དྲུག་དང་ལྡན་ལ། མཐོང་བའི་ལམ་ལ་ནི་དབང་པོ་འཕོ་བ་མེད་དེ་བར་ཆད་མེད་པར་སྐྱེ་བས་སྦྱོར་བ་མི་སྲིད་པའི་ཕྱིར་རོ། །དེའི་ཤུགས་ལ་བྱིས་པ་དང་འཕགས་ལམ་གཞན་ན་འཕོ་བ་ཡོད་པར་གྲུབ་བོ། །གསུམ་པ་ནི། ཡོན་ཏན་ཡོད་པ་ཤོར་བའི་ཐོབ་པ་ལས་ཉམས་པ་དང་ཐོབ་པར་བྱ་བ་མ་ཐོབ་པའི་མ་ཐོབ་པ་ལས་ཉམས་པ་དང་། ཐོབ་པ་མངོན་དུ་མི་བྱེད་པའི་ཉེར་སྤྱད་ལས་ཡོངས་སུ་ཉམས་པ་སྟེ་ཡོངས་སུ་ཉམས་པ་རྣམ་པ་གསུམ་ཞེས་བྱ་ལ། དང་པོ་གཉིས་རྙེད་པ་དང་ཕྱི་མ་བརྟན་པས་ཐོབ་པ་ལས་ཉམས་པའོ། །དེ་ལ་སྟོན་པ་ལ་ཐ་མ་ཁོ་ན་ཡོད་དེ་རྣོ་ཞིང་ཡོན་ཏན་གྱི་དབང་ཕྱུག་ཡིན་པས་དང་པོ་གཉིས་མེད་པའི་ཕྱིར་རོ། །མི་གཡོ་བ་ལ་བར་མའང་ཡོད་དེ་རང་བྱུང་གི་ཆོས་ལ་སོགས་པ་མ་ཐོབ་པ་ལས་ཉམས་པ་ཡོད་པའི་ཕྱིར། དགྲ་བཅོམ་གཞན་དང་བྱིས་པ་དང་སློབ་པ་ཐམས་ཅད་གོང་དུ་སྐྱེས་པ་ལ་སོགས་པས་གཏོང་བས་རྣམ་པ་གསུམ་ཀ་ཡོད་དོ། །བཞི་པ་ནི། དགྲ་བཅོམ་ལས་ཉམས་པ་ཡོད་ན་ཡང་སྐྱེ་བས་ཚངས་སྤྱོད་ལ་ཡིད་བརྟན་མི་རུང་བར་འགྱུར་རོ་ཞེ་ན། སྤྱིར་འབྲས་བུ་ཙམ་ལས་ཉམས་པ་ནི་དེའི་ངང་ལ་འཆི་བ་མེད་དེ་འབྲས་བུ་གཅེས་སྤྲས་སུ་འཛིན་པས་སོར་མ་ཆུད་པར་འབྲས་བུ་དང་འགལ་བའི་བྱ་བ་མིན་པ་དེ་མི་བྱེད་པའི་ཕྱིར་རོ། །ལྔ་པ་ནི། རྟོགས་པའི་སྐལ་བ་ཅན་མི་གཡོ་བར་དབང་པོ་འཕོ་བ་ལ་སྦྱོར་ལམ་ནི་གཅིག་ཡིན་ལ་རྣམ་གྲོལ་དང་བར་ཆད་མེད་ལམ་ནི་དགུ་དགུ་སྟེ་རིགས་དེ་སྔོན་ལམ་གཉིས་ཀྱིས་ཤིན་ཏུ་བསྟེན་ཅིང་བརྟན་པར་བྱས་པའི་ཕྱིར། ཁ་ཏོན་མ་དག་པ་རིང་པོར་བྱང་བ་བཟློག་དཀའ་བ་བཞིན་ནོ། །དད་མོས་ཤིག་མཐོང་བས་ཐོབ་པར་འཕོ་བ་ལ་ལམ་གསུམ་པོ་རེ་རེ་སྟེ། སློབ་ལམ་གཅིག་པུས་འདྲིས་པའི་ཕྱིར་རོ། །དབང་པོ་འཕོ་བའི་ལམ་དེ་ཡང་ཟག་མེད་དེ། འཕོ་བྱ་ཟག་མེད་གང་ཞིག་དམན་པས་མཆོག་ལས་ངེས་པར་མི་འབྱུང་བས་སོ། །དེ་ཡང་མི་ཡི་ནང་དུ་འཕེལ་གྱི་ལྷར་མིན་ཏེ། གོང་མའི་ལྷ་མི་ཉམས་པར་བཤད་ལ་བདེན་པ་མཐོང་བའི་འདོད་ལྷ་ཡང་རྣོ་བས་མི་ཉམས་པའི་ཕྱིར་རོ། །བྱིས་ལམ་ནི་ཟག་བཅས་ཡིན་ལ་རྟེན་ནི་ཉམས་པ་ཡོད་པས་ལྷར་ཡང་རུང་ངོ་། །འདི་སྔོན་འབྲས་བུ་ཐོབ་ཚུལ་དང་འདྲ་བས་མི་སློབ་པ་ནི་ཟག་མེད་ས་དགུ་ལ་བརྟེན་ལ། སློབ་པ་ཆགས་བཅས་མི་ལྕོགས་མེད་དང་ཆགས་བྲལ་ནི་གང་ཐོབ་པའི་བསམ་གཏན་ས་དྲུག་ཅི་རིགས་ལ་རྟེན་ནོ་གཟུགས་མེད་གསུམ་ཐོབ་ན་ཅིའི་ཕྱིར་མི་རྟེན་ཞེ་ན། མིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་དབང་པོ་འཕེལ་བའི་ཚེ་རྟུལ་པོ་འབྲས་བུ་ཙམ་པོ་དང་། ཅི་སྟེ་ཁྱད་པར་ཅན་ཐོབ་ན་ཡང་བཏང་སྟེ་རྣོན་པོའི་འབྲས་བུ་ཙམ་པོ་ཐོབ་པར་འགྱུར་ལ། དེ་ནི་འདོད་པའི་སྒོམ་སྤང་སྤངས་པས་ཕྱེ་ལ་གཟུགས་མེད་འདོད་པའི་གཉེན་པོར་མི་རུང་བའི་ཕྱིར་རོ། །གཉིས་པ་དགུར་དབྱེ་བ་ལ་གཉིས་ལས། དང་པོ་ནི། སངས་རྒྱས་ལ་ཆེ་འབྲིང་གཉིས་དང་། མི་གཡོ་བ་ལ་རང་བཞིན་དུ་གནས་པ་དང་སྦྱངས་པ་ལས་གྱུར་པ་གཉིས་སུ་ཕྱེ་ནས་ཉན་ཐོས་བདུན་ཏེ་དེ་དགུར་ངེས་པ་ནི་དབང་པོ་རྣམ་པ་དགུ་པོ་ཅན་ནོ། །གཉིས་པ་རྣམ་གྲངས་བདུན་དུ་དབྱེ་བ་ནི། གང་ཟག་བདུན་ཏེ་སྦྱོར་བ་ལས་དད་པ་དང་ཆོས་ཀྱི་རྗེས་འབྲང་དང་། དབང་པོ་ལས་དད་མོས་མཐོང་ཐོབ་དང་། འགོག་པའི་སྙོམས་འཇུག་ཐོབ་པ་ལས་ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང་ཉོན་མོངས་ཅན་ལས་རྣམ་པར་གྲོལ་བ་ལས་ཤེས་རབ་ཀྱིས་རྣམ་གྲོལ་དང་དེ་གཉིས་ཀས་བྱས་པ་གཉིས་ཀའི་ཆ་ལས་རྣམ་གྲོལ་ལོ། །གསུམ་པ་རྫས་དྲུག་ཏུ་བསྡུ་བ་ལ་གསུམ་སྟེ། དྲུག་ཏུ་བསྡུ་བ་དངོས། རྣམ་གྲོལ་གཉིས་ཀྱི་ཁྱད་པར། སློབ་མི་སློབ་གང་གིས་རྫོགས་པའོ། །དང་པོ་ནི། དེ་དག་ཀྱང་མིང་གིས་ཕྱེ་ལ་རྫས་སུ་དྲུག་སྟེ། འདི་ལྟར་ལམ་གསུམ་ལ་རྣོ་རྟུལ་གཉིས་གཉིས་ཡིན་གྱི། ལྔ་པ་གསུམ་པ་དང་བཞིར་འདུས་པའི་ཕྱིར་རོ། །གཉིས་པ་ནི། བདུན་ལས་དང་པོ་ལྔ་བཤད་ཟིན་ལ་མི་སློབ་པ་གཉིས་ལས་འགོག་པ་ཐོབ་པ་ནི་སྙོམས་འཇུག་བརྒྱད་ཀྱིས་སྙོམས་འཇུག་གི་སྒྲིབ་པའི་ཆ་དང་རྡོ་རྗེ་ལྟ་བུ་ལ་སོགས་པའི་ཤེས་རབ་ཀྱིས་ཉོན་སྒྲིབ་ཀྱི་ཆ་སྟེ་གཉིས་ཀ་ལས་རྣམ་པར་གྲོལ་ལ། ཅིག་ཤོས་འགོག་པ་མ་ཐོབ་པ་ནི་མི་ལྕོགས་མེད་རྐྱང་པ་ལ་བརྟེན་ནས་ཤེས་རབ་ཀྱིས་ཉོན་མོངས་ལས་གྲོལ་བ་སྟེ་སྔ་མ་མངོན་ཤེས་སོགས་ཀྱི་ཡོན་ཏན་དང་ལྡན་པས་རྒྱན་ཅན་ཕྱི་མ་རྒྱན་མེད་ཅེས་སོ། །གསུམ་པ་ནི། འགོག་ཐོབ་སྙོམས་འཇུག་དང་མཐོང་ཐོབ་དང་ཆོས་རྗེས་འབྲང་དབང་པོ་དང་ཕྱིར་མི་འོང་འབྲས་བུ་སྟེ་གསུམ་པོ་རྣམས་ཀྱི་སློབ་པ་ཡོངས་སུ་རྫོགས་པ་ཞེས་བྱའོ། །དེ་ཡང་སྔ་ཕྱི་གཉིས་དང་བར་པ་ལ་མུ་བཞི་ཚན་གཉིས་དང་སྙོམས་འཇུག་རྫོགས་པ་ལ་འབྲས་བུ་མ་རྫོགས་པ་མེད་པས་དེ་གཉིས་ལ་མུ་གསུམ་མོ། །མི་སློབ་པ་ནི་འབྲས་བུ་དགྲ་བཅོམ་པར་ངེས་པས་གཞན་དབང་པོས་དུས་དང་མི་སྦྱོར་བ་དང་སྙོམས་འཇུག་གིས་གཉིས་ཀའི་ཆ་ལས་རྣམ་གྲོལ་ཏེ་གཉིས་ཀྱིས་ཡོངས་སུ་རྫོགས་པས་མུ་བཞི་སྟེ། དབང་པོ་རྫོགས་ལ་སྙོམས་འཇུག་གིས་མིན་པ་དུས་མི་སྦྱོར་ཤེས་རབ་ཀྱི་རྣམ་གྲོལ་དང་། མུ་གཉིས་པ་དུས་སྦྱོར་གཉིས་ཀ་ལས་རྣམ་གྲོལ་དང་། གསུམ་པ་དུས་མི་སྦྱོར་གཉིས་ཀ་ལས་རྣམ་གྲོལ་དང་། བཞི་པ་དུས་སྦྱོར་ཤེས་རབ་ཀྱིས་རྣམ་གྲོལ་ལོ། །གསུམ་པ་ལམ་ཉིད་ཀྱི་ཁྱད་ཆོས་བྱེ་བྲག་ཏུ་བཤད་པ་ལ། ལམ་བཞིར་དབྱེ་བ། གནས་དང་དབང་པོས་ཐ་དད་པའི་ལམ་དུ་བསྟན་པ། བྱང་ཆུབ་ཕྱོགས་མཐུན་དུ་བསྟན་པ། མདོའི་དོན་ལ་རྩོད་པ་སྤོང་བ། ལམ་གྱིས་ཐོབ་པའི་རྣམ་གྲོལ་ལོ། །དང་པོ་ནི། ཐར་ལམ་ཐམས་ཅད་མདོར་བསྡུ་ན་ལམ་ནི་རྣམ་པ་བཞི་སྟེ། གང་གི་མཇུག་ཏུ་བར་ཆད་མེད་ལམ་སྐྱེ་བ་སྦྱོར་བའི་ལམ་དང་གང་གིས་སྒྲིབ་པ་སྤོང་བ་བར་ཆད་མེད་པའི་ལམ་དང་དེས་སྒྲིབ་པ་ལས་གྲོལ་བའི་དང་པོར་སྐྱེས་པ་རྣམ་གྲོལ་ལམ་དང་། དེ་དག་ལས་གཞན་པ་ལམ་ལ་རྗེས་ཤེས་ཀྱི་རྒྱུན་དང་ཟད་ཤེས་ཀྱི་སྐད་ཅིག་གཉིས་པ་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པ་ལ་སོགས་པ་ཁྱད་པར་ཅན་དང་བཞིའོ། །ཅིའི་ཕྱིར་ལམ་ཞེས་བྱ་ཞེ་ན། མཱརྒའི་སྒྲ་འབྲས་བུའི་སར་བགྲོད་པར་བྱེད་པས་ལམ་སྟེ། དེ་ལ་བརྟེན་ནས་ཐར་པར་འགྲོ་བས་སམ་འདིས་ཐར་པ་ཚོལ་བའོ། །འོ་ན་ཐ་མ་གཉིས་ཀྱི་ཚེ་ཐར་པ་ཐོབ་ཟིན་པས་ལམ་དུ་ཇི་ལྟར་རུང་ཞེ་ན། དམིགས་རྣམ་དང་ངོ་བོ་འདྲ་བས་ལམ་དུ་བཏགས་པའམ། མཧཱ་ལྟར་ན་གོང་ནས་གོང་དང་ལྷག་མེད་བགྲོད་པས་ལམ་མོ་ཞེས་སོ། །གཉིས་པ་ནི། བསམ་གཏན་གྱི་དངོས་གཞི་བཞི་པོ་དེ་དག་གི་ལམ་ནི་ཤིང་རྟའི་འཁོར་ལོ་ཚང་ཞིང་ཁལ་སྙོམས་པ་ལྟར་ཡན་ལག་གིས་ཟིན་ཞིང་ཞི་ལྷག་ཆ་སྙོམས་པས་འབད་མི་དགོས་པར་ངང་གིས་འབྱུང་བའི་ཕྱིར་སླ་ལ་ས་གཞན་མི་ལྕོགས་མེད་དང་། ཁྱད་པར་ཅན་དང་གཟུགས་མེད་དག་གི་དེ་ལས་བཟློག་པའི་ཕྱིར་དཀའ་བ་ཡིན་ཏེ་གཉིས་ཞི་གནས་ཆུང་ལ་གཟུགས་མེད་ལྷག་མཐོང་ཆུང་བའི་ཕྱིར་རོ། །བློ་རྟུལ་པོའི་ལམ་ནི་ཤེས་བྱ་མངོན་པར་ཤེས་ཤིང་རྟོགས་པ་བུལ་ལ། ཅིག་ཤོས་བློ་རྣོན་པོའི་ལམ་ནི་མངོན་ཤེས་མྱུར་བའོ། །དེས་ན་མུ་བཞི་སྟེ། ལམ་སླ་མངོན་ཤེས་བུལ་བ་བསམ་གཏན་ལ་བརྟེན་པའི་བློ་རྟུལ་པོ་དང་། གཉིས་པ་ས་གཞན་གྱི་རྣོན་པོ་དང་། གསུམ་པ་བསམ་གཏན་གྱི་རྣོན་པོ་དང་། །བཞི་པ་གཞན་གྱི་རྟུལ་བའོ། །གསུམ་པ་ལ། བྱང་ཆུབ་ཕྱོགས་མཐུན་གྱི་དབྱེ་བསྡུ། ཆོས་གང་གནས་སྐབས་གང་དུ་སྒོམ་པ། ཆོས་དུ་ཟག་བཅས་ཟག་མེད་ཡིན་པ། ས་གང་ན་ཆོས་དུ་ཡོད་པ། གནས་སྐབས་གང་དུ་ཤེས་ནས་དད་པ་ཐོབ་དཔྱད་པའོ། །དང་པོ་ནི། ཐེག་པ་གསུམ་གྱི་ཟད་པ་དང་མི་སྐྱེ་བ་ཤེས་པ་ནི་མཐུན་ཡུལ་བྱང་ཆུབ་ཡིན་ཏེ། བོ་དྷིའི་སྒྲ་ལས་ཉོན་མོངས་ཅན་དང་དེ་མིན་པའི་མུན་པ་མ་ལུས་པར་སྤངས་པས་བྱང་བ་དང་རང་དོན་བྱས་པ་དང་སྤང་བྱ་མེད་པར་རྟོགས་པས་ཆུབ་པ་སྟེ། བུདྡྷའི་སྒྲ་ཉིད་སངས་པ་དང་རྒྱས་པར་འགྲོ་བ་བཞིན་ནོ། །བྱང་ཆུབ་དེའི་ཕྱོགས་དང་མཐུན་པ་ནི་སུམ་ཅུ་རྩ་བདུན་ཏེ། བྱང་ཆུབ་དེ་དང་དངོས་སམ་བརྒྱུད་ནས་མཐུན་ཞིང་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་གནས་སྐབས་ཁྱད་པར་ཅན་གཙོ་བོར་བྱས་ན་ཡན་ལག་བདུན་དངོས་དང་གཞན་བརྒྱུད་ནས་མཐུན་ལ། མ་བྱས་ན་རྡོ་རྗེ་ལྟ་བུ་ན་ཡོད་པ་ཞེས་དངོས་དང་གཞན་བརྒྱུད་ནས་མཐུན་པས་སོ། །གནས་སྐབས་ཁྱད་པར་ཅན་རྒྱུས་བསྡུས་པ་ནི་འོག་ནས་འཆད་པའི་རང་གི་གནས་སྐབས་ན་ཡོད་པ་ཡིན་ལ་དེ་མ་ཡིན་པ་ནི་ལམ་གོང་འོག་ཏུ་སྔ་ཕྱིའི་མིང་ཐོབ་པ་དག་སྟེ། དང་པོ་ལྔ་ནི་གོང་འོག་ཐམས་ཅད་དུ་མིང་ཐོབ་ལ་ཕྱི་མ་གཉིས་ནི་འཕགས་ལམ་ལའོ། །འབྲས་བུས་བསྡུས་པ་ནི་སྒོམ་པ་མི་སློབ་པའི་ལམ་ན་ཡོད་པ་སྟེ་རྒྱུན་ཕྱི་མ་དང་མཐུན་པའོ་ཞེས་སོ། །ཕར་ཕྱིན་དྲུག་ལ་སོགས་པ་ནི་བྱང་ཆུབ་གསུམ་ཆར་དང་མཐུན་པ་མེད་པས་ཕྱོགས་མཐུན་དུ་མ་བསྟན་ཏོ་ཞེས་འཐད་དོ། །དེ་དག་ཀྱང་མིང་གི་སྒོ་ནས་ཕྱེའི་རྫས་སུ་བཅུ་སྟེ། བཅུ་གང་ཞེ་ན། དད་པ་ནས་ཤིན་སྦྱངས་ཀྱི་བར་རོ། །ཇི་ལྟར་བྱས་པས་ཤེ་ན་དྲན་པ་ཉེར་གཞག་དང་ཡང་དག་པར་རབ་ཏུ་འཇོག་པ་ཞེས་བྱ་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རིམ་པ་བཞིན་ཤེས་རབ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །དེ་ཕྱིར་གཉིས་ནི་དད་པ་དང་བརྒྱད་ནི་བརྩོན་འགྲུས་དང་བཞི་ནི་དྲན་པ་དང་བརྒྱད་ནི་ཏིང་ངེ་འཛིན་ཏེ། སུམ་ཅུ་རྫས་ལྔས་བསྡུས་ལ། བྱང་ཆུབ་ཡན་ལག་གི་བཏང་སྙོམས་དང་དགའ་བ་དང་། ལམ་གྱི་ཡན་ལག་གི་རྟོགས་པ་དང་། ཚུལ་ཁྲིམས་ཀྱི་ཡན་ལག་གསུམ་དང་བྱང་ཆུབ་ཡན་ལག་གི་ཤིན་ཏུ་སྦྱངས་པ་སྟེ་སློབ་དཔོན་གྱིས་བཞེད་པའོ། །བྱེ་སྨྲ་ནི། ལུས་ངག་གི་ཚུལ་ཁྲིམས་རྫས་ཐ་དད་པས་རྫས་བཅུ་གཅིག་གོ་ཞེས་སོ། །བསྡུ་བར་ཚུལ་ཁྲིམས་དགའ་བ་ཤིན་སྦྱངས་བཏང་སྙོམས་ཏེ་དྲུག་ལས་གཞན་དབང་པོ་ལྔར་བསྡུས་སོ། །ཅི་ཤེས་རབ་དང་བརྩོན་འགྲུས་དང་ཏིང་ངེ་འཛིན་དང་རྣམ་པ་བཞི་བཞི་གསལ་ན་བརྒྱད་བརྒྱད་ཇི་ལྟར་ཡོད་ཅེ་ན། གཉིས་པ་ནི། དེ་དག་གནས་སྐབས་གང་དུ་བསྒོམ་ཞེ་ན། སྡེ་ཚན་བདུན་ནི་གོ་རིམ་བཞིན་དུ་ལམ་ལ་འཇུག་པའི་ལས་ནི་དང་པོ་པ་ཚོགས་ལམ་དུ་ཕྱིན་ཅི་ལོག་བཞི་སྤངས་པའི་ཕྱིར་དྲན་པ་ཉེར་གཞག་དང་། ངེས་འབྱེད་ཆ་མཐུན་རྣམས་ལས་དྲོ་བར་བདེན་པའི་དམིགས་རྣམ་གྱི་ཁྱད་པར་ཐོབ་པའི་རྒྱུས་བརྩོན་པ་སྤེལ་བའི་ཕྱིར་ཡང་དག་སྤོང་བ་དང་། རྩེ་མོར་མི་ཉམས་པའི་དགེ་བ་བཟོད་པ་ལ་འཇུག་པའི་ཕྱིར་རྫུ་འཕྲུལ་རྐང་པ་དང་། བཟོད་པར་མི་ཉམས་པས་དད་སོགས་ལ་དབང་ཐོབ་པའི་ཕྱིར་དབང་པོ་དང་། ཆོས་མཆོག་ཏུ་མི་མཐུན་པས་མི་རྫི་བའི་ཕྱིར་སྟོབས་དང་། སྒོམ་ལམ་དུ་བྱང་ཆུབ་ཟད་མི་སྐྱེ་ཤེས་དང་ཉེ་བའི་ཕྱིར་བྱང་ཆུབ་ཡན་ལག་དང་། མཐོང་ལམ་དུ་མྱུར་བར་འགྲོ་བའི་ལམ་གྱི་ཡན་ལག་སྒོམ་པས་རབ་ཏུ་ཕྱེ་སྟེ། གྲངས་ཀྱི་རིམ་པ་ནི་མི་ཉམས་པར་སྔར་སྨོས་སོ། །སེམས་ཙམ་པས་ཚོགས་ལམ་གསུམ་དང་དྲོད་རྩེ་དང་བཟོད་མཆོག་དང་མཐོང་ལམ་དང་སྒོམ་ལམ་ཞེས་སོ། །གསུམ་པ་ནི། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། ལམ་གྱི་ཡན་ལག་བརྒྱད་ནི་ཟག་པ་མེད་པ་དང་གཞན་ལྔ་ལ་རྣམ་པ་གཉིས་གཉིས་ཏེ་བྱིས་པ་དང་འཕགས་པའི་བྱེ་བྲག་གིས་སོ། །བཞི་པ་ནི། བསམ་གཏན་དང་པོ་ན་སྡེ་ཚན་བདུན་པོ་ཐམས་ཅད་ཡོད་ལ་མི་ལྕོགས་མེད་ན་བྱང་ཆུབ་ཡན་ལག་གི་དགའ་བ་མ་གཏོགས་པ་ཡོད། གཉིས་པ་ན་ནི་ལམ་གྱི་ཡན་ལག་གི་རྟོག་པ་མ་རྟོགས་པ་གཞན་རྣམས་ཡོད་ལ། བསམ་གཏན་གོང་མ་གཉིས་ན་དེ་གཉིས་མ་གཏོགས་པ་ཡོད་ཅིང་། བསམ་གཏན་ཁྱད་པར་ཅན་ནའང་དེ་མ་གཏོགས་སོ། །གཟུགས་མེད་པ་དང་པོ་གསུམ་ནའང་ཁྱད་པར་ཅན་དེ་དང་ཚུལ་ཁྲིམས་ཀྱི་ཡན་ལག་གསུམ་མ་གཏོགས་སོ་གཉིས་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་བདུན་དང་ནི་ལམ་གྱི་ཡན་ལག་བརྒྱད་མ་གཏོགས་པ་རྣམས་འདོད་ཁམས་དང་སྲིད་རྩེ་ན་ཡོད་ལ། དེ་ཡང་འདོད་པ་ན་ཚོགས་ལམ་དང་འཕགས་ལམ་གྱི་སྦྱོར་རྗེས་ཀྱི་ཚེ་མིང་ཐོབ་པ་དག་ཡོད་ལ། དབྱངས་སྒྲོགས་ནི་དྲོད་རྩེས་བསྡུས་པ་ཡང་ཡོད་པར་འདོད། སྲིད་རྩེ་ན་སྦྱོར་རྗེས་ཀྱིས་བསྡུས་པ་ཁོ་ན་ཡོད་ཀྱི་བསོད་ནམས་ཆ་མཐུན་གྱི་དད་སོགས་ཀྱིས་མིང་མི་ཐོབ་བོ། །འོ་ན་གཟུགས་མེད་གཟུགས་ལ་མི་དམིགས་པས་ལུས་དྲན་པ་ཉེར་གཞག་ཇི་ལྟར་ཡོད་ཅེ་ན། ཊཱི་ཀ་ལས། སྤྱོད་ཡུལ་ཟག་བཅས་འོག་མ་མིན། །ཞེས་པས་ཟག་མེད་ཡིན་པར་བསྟན་ཏེ། ས་གསུམ་ན་ལམ་ལ་རྗེས་ཤེས་དང་། བཞི་ཆར་ན་དེའི་སྦྱོར་བས་བསམ་གཏན་ས་དྲུག་གིས་ཟག་མེད་ཀྱི་སྡོམ་པ་ལ་དམིགས་པའོ་ཞེས་སོ། །ལྔ་པ་ནི། མདོ་ལས་ཤེས་ནས་དད་པ་བཞི་ཞེས་འབྱུང་བའི་དོན་ནི། མཐོང་ལམ་གྱི་ཚེ་བདེན་པ་དང་པོ་གསུམ་མཐོང་བ་ན་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་། ཆོས་རང་རང་གི་བདེན་པ་ལ་མངོན་སུམ་དུ་ཤེས་ནས་དེ་ལ་ཡིད་ཆེས་པའི་དད་པ་ཐོབ་ལ་ལམ་བདེན་མངོན་པར་རྟོགས་ནས་སངས་རྒྱས་མི་སློབ་པའི་ལམ་དང་། དེ་ཡིས་ཆོས་མཐོང་བ་ལས་བྱུང་བའི་དགེ་འདུན་དག་ལ་ཡང་དད་པ་ཐོབ་ཅིང་། ཡང་ཞེས་པས་ཆོས་ལ་དད་པ་དང་ཚུལ་ཁྲིམས་ཀྱང་ཐོབ་པ་བསྟན་ཏོ། །ཆོས་ནི་མང་ན་གང་ཡིན་གཞན་གཉིས་དཀོན་མཆོག་བཟུང་བ་ལྟར་ཆོས་ཀྱང་དེ་བཟུང་ངམ་ཞེ་ན། མིན་ཏེ། ཆོས་ནི་བདེན་པ་དང་པོ་གསུམ་དང་རང་སངས་རྒྱས་སློབ་མི་སློབ་དང་བྱང་ཆུབ་སེམས་དཔའ་སློབ་པའི་ལམ་མངོན་རྟོགས་བཅུ་དྲུག་དང་སྲིད་རྩེའི་གཉེན་པོ་བཅུ་བདུན་པོ་དག་ཡིན་ཏེ། དེ་གཉིས་ནི་བཞི་འདུས་པ་མེད་པས་དགེ་བདུན་མིན་ཞིང་འདིར་ཆོས་ནི་ཤེས་བྱའམ་རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །དེ་དག་ཀྱང་རྫས་སུ་རྣམ་པ་གཉིས་ཏེ། ཕྱི་མ་རྣམས་ནི་དད་པ་དང་དང་པོ་དྲི་མ་མེད་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ། །བཞི་པ་ལ་ཡང་དག་པའི་རྣམ་གྲོལ་དང་། ཡང་དག་པའི་ཤེས་པའོ། །དང་པོ་ནི། མདོ་ལས་སློབ་པ་ནི་ཡན་ལག་བརྒྱད་དང་ལྡན་པའོ། །མི་སློབ་པ་ནི་ཡན་ལག་བཅུ་དང་ལྡན་ཞེས་སློབ་པ་ལ་རྣམ་གྲོལ་དང་ཡང་དག་པའི་ཤེས་པ་ཅི་སྟེ་མ་བཤད་ཅེ་ན། ཉོན་མོངས་པ་ཅི་རིགས་པས་བཅིངས་ཤིང་ཕྱོགས་གཅིག་ལས་གྲོལ་བས་རྣམ་གྲོལ་གྱི་མིང་མི་ཐོབ་པའི་ཕྱིར་སློབ་པའི་ལམ་གྱི་ཡན་ལག་ཏུ་རྣམ་གྲོལ་མདོ་ལས་མ་བཤད་ལ་དེས་ན་ཤེས་པ་ཡང་མི་གཞག་སྟེ་མ་གྲོལ་བར་དོན་བྱས་པ་དང་ཡང་བྱར་མེད་པར་ཤེས་པ་ག་ལ་ཡོད། རྣམ་གྲོལ་དེ་ལ་ཉོན་མོངས་བཅོམ་པ་འདུས་མ་བྱས་དང་མོས་པ་འདུས་བྱས་རྣམ་པ་གཉིས་ལས་མི་སློབ་པའི་ཡན་ལག་ནི་ལྟ་བ་ལ་སོགས་པ་འདུས་བྱས་ཡིན་པ་ལྟར་ལམ་གྱི་ཚོགས་པ་ན་ཡོད་པའི་ཕྱིར་འདུས་བྱས་དེ་ཡིན་ལ། དེ་ཉིད་མདོ་ལས་རྣམ་གྲོལ་གཉིས་སུ་གསུངས་ཏེ་འཆིང་བ་དང་སྤང་བྱའི་གཙོ་བོ་ལས་གྲོལ་བས་སེམས་འདོད་ཆགས་ལས་གྲོལ་བ་དང་ཤེས་རབ་མ་རིག་པ་ལས་གྲོལ་བའོ། །སློབ་དཔོན་ནི་མོས་པ་ཁོ་ན་རྣམ་གྲོལ་མིན་གྱི་སེམས་དྲི་མ་མེད་པ་ཉིད་རྣམ་གྲོལ་ལོ་ཞེས་སོ། །གཉིས་པ་ནི། ཡང་དག་པའི་ལྟ་བ་ལས་གཞན་པའི་ཤེས་པ་གང་ཞེ་ན། བྱང་ཆུབ་རྟོགས་པའི་དོན་དུ་ཇི་སྐད་བཤད་པ་དེ་ཉིད་ཡང་དག་པའི་ཤེས་པ་སྟེ་འདི་གཉིས་རྣམ་གྲོལ་གྱི་ཕུང་པོ་ཐ་མ་གཉིས་སོ། །ལྔ་པ་ལ། སེམས་གང་སྒྲིབ་པ་ལས་གྲོལ་བ། ལམ་གང་གིས་སྒྲིབ་པ་སྤོང་། རྣམ་གྲོལ་ལ་སོགས་པའི་ཁྱད་པ། ཡིད་འབྱུང་ལས་བྱུང་བའི་མུ་བཞིའོ། །དང་པོ་ནི། མི་སློབ་པའི་སེམས་གང་རྣམ་གྲོལ་ཞེ་ན། དེ་ནི་སྐྱེ་འགྱུར་མ་འོངས་པ་སྒྲིབ་པ་ཉོན་མོངས་ཅན་པའི་ཐོབ་པ་ལས་ནི་རྡོ་རྗེ་ལྟ་བུའི་ཚེ་རྣམ་པར་གྲོལ་བར་འགྱུར་ལ། མི་སློབ་པའི་མི་སྐྱེ་བའི་སེམས་དང་ལོྃ་ཀྃ་དག་ཀྱང་གྲོལ་མོད་ཀྱི་རྟོགས་སླ་བས་བསྟན་བཅོས་ལས་མ་བཤད་དོ། །གཉིས་པ་ནི། དེའི་སྒྲིབ་པ་དུས་གང་གི་ལམ་གྱིས་སྤོང་ཞེ་ན། འགག་པར་འགྱུར་བ་ད་ལྟར་བའི་ལམ་གྱིས་ནི་ད་ལྟར་བ་དེ་ཡི་དུས་ཀྱི་སྒྲིབ་པ་རབ་ཏུ་སྤང་ངོ་། །གསུམ་པ་ནི། རྣམ་གྲོལ་འདུས་མ་བྱས་དང་སྤངས་པའི་ཁམས་དང་འདོད་ཆགས་དང་བྲལ་བའི་ཁམས་དང་འགོག་པའི་ཁམས་ཞེས་གསུངས་པ་རྣམས་ལ་ཁྱད་པར་ཅི་ཡོད་ཅེ་ན། རྣམ་གྲོལ་འདུས་བྱས་ལ་གཉིས་སུ་ཕྱེ་བ་ལྟར་མདོ་དང་བསྟན་བཅོས་ལས་རྣམ་གྲོལ་འདུས་མ་བྱས་ཉིད་ཁམས་གསུམ་ཞེས་བྱ་ལ། དེ་གསུམ་གྱི་ཁྱད་པར་ནི་འདོད་ཆགས་ཀུན་ཟད་པ་ནི་འདོད་ཆགས་དང་བྲལ་བའི་ཁམས་དང་། སྤངས་པའི་ཁམས་ནི་འདོད་ཆགས་ལས་གཞན་པའི་ཉོན་མོངས་དག་ཟད་པ་དང་། འགོག་པའི་ཁམས་ཞེས་བྱ་བ་ནི་ཉོན་མོངས་ཀྱི་གཞི་ཉོན་མོངས་མིན་པའི་གཟུགས་སོགས་ཟད་པའོ། །དེ་གསུམ་ངོ་བོའམ་ལྡོག་པ་ཐ་དད་པའི་དབྱེ་བ་གང་ཡིན་བསམ་དགོས་སོ་ཞེས་སོ། །བཞི་པ་ནི། འོ་ན་འདོད་ཆགས་དང་བྲལ་བ་ཐམས་ཅད་སུན་འབྱིན་ཅིང་ཡིད་འབྱུང་ངམ་ཞེ་ན། མ་ངེས་ཏེ་སྡུག་བསྔལ་དང་དེའི་རྒྱུ་ཀུན་འབྱུང་ལ་དམིགས་པའི་བཟོད་པ་དང་ཤེས་པ་རྣམས་ཀྱིས་ཡུལ་དམན་པ་ལ་སྐྱོན་དུ་རྟོགས་པས་ཡིད་འབྱུང་ལ། ཡིད་འབྱུང་ངམ་མི་འབྱུང་ཡང་རུང་སྟེ་ལམ་བར་ཆད་མེད་པ་གང་གིས་སྤང་བྱ་སྤོང་བར་འགྱུར་བ་དེ་བདེན་པ་གང་ལ་དམིགས་ཀྱང་ཀུན་གྱིས་འདོད་ཆགས་དང་བྲལ་བར་འགྱུར་རོ། །རྒྱུ་མཚན་དེ་ལྟར་ན་ནི་མུ་བཞི་སྲིད་དེ། ཡིད་འབྱུང་ལ་འདོད་ཆགས་དང་མི་འབྲལ་བ་ནི་བདེན་པ་དང་པོ་གཉིས་ལ་དམིགས་པའི་སྦྱོར་བ་དང་རྣམ་གྲོལ་དང་ཁྱད་པར་གྱི་ལམ་དང་། ཆགས་བྲལ་སྔོན་འགྲོའི་ཆོས་བཟོད་གཉིས་ཏེ་ལ་ལས་འབྲལ་མི་ནུས་ཤིང་ལ་ལས་འབྲལ་ཟིན་པས་སོ། །མུ་གཉིས་པ་འགོག་ལམ་གྱི་ཡུལ་ཅན་མཐོང་སྒོམ་བར་ཆད་མེད་ལམ་དང་ཆགས་བྲལ་སྔོན་འགྲོའི་ཆོས་བཟོད་གཉིས་ལས་གཞན་པ་སྟེ། མཆོག་ཏུ་དགའ་བའི་ཡུལ་ལ་ཡོན་ཏན་དུ་ལྟ་བས་སོ། །གསུམ་པ་ནི་དང་པོ་གཉིས་ཀྱི་ཡུལ་ཅན་མཐོང་ལམ་བར་ཆད་མེད་ལམ་ཆགས་བྲལ་སྔོན་འགྲོའི་ཆོས་བཟོད་གཉིས་ལས་གཞན་པའོ། །བཞི་པ་ནི་འགོག་ལམ་གྱི་ཡུལ་ཅན་ཉོན་མོངས་སྤོང་བའི་བར་ཆད་མེད་ལམ་ལས་གཞན་ཐམས་ཅད་དོ། །དམ་པའི་ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་གཞུང་དོན་རབ་ཏུ་གསལ་བའི་ཉི་མ་ལས་གནས་དྲུག་པའི་བཤད་པའོ།། །།བདུན་པ་ཡེ་ཤེས་བསྟན་པ་ལ་གཉིས་ཏེ། ཁྱད་པར་གྱི་གཞི་བཤད་པ། དེའི་ཁྱད་པར་གྱི་ཆོས་བཤད་པའོ། །དང་པོ་ལ་གསུམ་སྟེ། བཟོད་ཤེས་ལྟ་བའི་ཁྱད་པར། ཤེས་པ་བཅུ་ངོས་གཟུང་བ། དེའི་ཁྱད་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། ཟག་མེད་ཤེས་པ་ལྟ་བའི་ཁྱད་པར་དང་། ཟག་བཅས་ཤེས་པ་ལྟ་བའི་ཁྱད་པར་རོ། །དང་པོ་ནི། གོང་དུ་དེ་ལས་བཟོད་པ་ཞེས་པ་དང་། ཆོས་ཀྱི་བཟོད་པ་ཞེས་དང་། དེ་ཉིད་ལས་ཆོས་ཤེས་དང་། མི་སློབ་པ་ལྟ་ཞེས་དང་། ལྟ་བ་ཡིན་ཏེ་ཞེས་དང་། དུཿཁ་དུ་བཟོད་ཤེས་ཏེ་ཞེས་འབྱུང་བའི་བཟོད་པ་ལ་སོགས་པ་དེ་དག་གཅིག་གམ་ཐ་དད་ཅེ་ན། དྲི་མེད་མཐོང་ལམ་གྱི་བཟོད་པ་བརྒྱད་པོ་རྣམས་ནི་ཤེས་པ་མིན་ཏེ། རང་ཡུལ་ལ་འཇུག་པའི་གེགས་ཐེ་ཚོམ་དང་མ་བྲལ་བའི་ཕྱིར་རོ། །གཞན་གྱིས་དང་མ་བྲལ་ཡང་ཡུལ་ཐ་དད་པས་ཤེས་པར་རུང་ལ་ཆགས་བྲལ་སྔོན་འགྲོའི་ཆོས་བཟོད་བཞི་སྔར་འཇིག་རྟེན་པའི་ལམ་གྱི་ཐེ་ཚོམ་དང་བྲལ་ཡང་རང་གིས་བྲལ་བ་མེད་པས་སོ། །ཇི་སྲིད་བྱ་བ་མ་བྱས་པ་དེ་སྲིད་དུ་བདེན་པ་ལ་རྟོག་ལ་དེའི་འོག་ཏུ་བྱ་བ་བྱས་པར་འཛིན་པས་དུཿཁ་ཤེས་སོ་ལ་སོགས་པ་ངེས་པའི་རྣམ་པ་འཇུག་གི་ཡང་དག་པར་རྟོགས་པ་མེད་པ་དང་། ཡོངས་སུ་ཚོལ་བའི་བསམ་པ་ཅན་མིན་པའི་ཕྱིར་ཟད་པ་དང་མི་སྐྱེ་བའི་བློ་ནི་ལྟ་བ་མིན་ཞིང་མི་སློབ་པའི་ལྟ་བ་ནི་བྱ་བ་བྱས་པར་འཛིན་པ་མིན་ནོ། །འོ་ན་བསྟན་བཅོས་ལས་སློབ་ལམ་དེའི་རྒྱུ་ལས་བྱུང་བའི་ཤེས་མཐོང་སོགས་ནི་ཟད་པར་ཤེས་པར་བཤད་ལ་མཐོང་ལྟ་དོན་གཅིག་གོ་ཞེ་ན། བཤད་ཟིན་འཕངས་པ་སྟེ། ལམ་ལྔ་ལ་མཐོང་ལམ་སྒོམ་ལམ་གཉིས་ལྟ་བ་ཡིན་པའི་ཤུགས་སུ་སོང་བའམ་མིག་ཤེས་ལྟར་མངོན་སུམ་དུ་འཇུག་པའི་ཕྱིར་རོ། །བཟོད་པ་བརྒྱད་དང་ཤེས་པ་དེ་གཉིས་ལས་གཞན་པའི་འཕགས་པའི་བློ་ཐམས་ཅད་ནི་ཐེ་ཚོམ་དང་བྲལ་ཞིང་རྟོག་པས་ཤེས་པ་དང་ལྟ་བ་གཉིས་ཀ་ཡིན་ནོ། །གཉིས་པ་ནི། གཞན་ཟག་བཅས་ཀྱི་ཤེས་རབ་ཐམས་ཅད་ཀུན་རྫོབ་ཤེས་པ་སྟེ། དེ་ལ་སྤང་ལམ་ཡོད་ཀྱང་དེ་ལ་བདེན་པ་ཤེས་ཆ་ནས་མི་སྤོང་བས་ཐེ་ཚོམ་གྱིས་ཤེས་པ་དེའི་བཟློག་པ་ལ་གེགས་མི་བྱེད་པའི་ཕྱིར་རོ། །ལྟ་བ་དེ་ལས་ཉོན་མོངས་ཅན་ལྔ་དང་ལོ་ཀའི་ཡང་དག་པ་སྟེ་དྲུག་ནི་ལྟ་བའང་ཡིན་པར་གནས་དང་པོར་བཤད་ཟིན་ལ་གཞན་ནི་ལྟ་བ་མིན་ནོ། །བཟོད་པར་གྱུར་པ་ནི་སྦྱོར་ལམ་བཟོད་པའམ་བདེན་པ་མཐོང་བ་ལ་བཟོད་པ་ཆོས་མཆོག་དང་འཕགས་པའི་ཤེས་རབ་ཟག་བཅས་ཀུན་ཡིན་ནོ། །དེས་ན་བཟོད་ཤེས་མུ་བཞི་སྟེ། མུ་དང་པོ་ནི་དྲི་མེད་ཀྱི་བཟོད་པ་བརྒྱད་དང་། གཉིས་པ་དེ་ལས་གཞན་པའི་ཟག་མེད་ཀྱི་ཤེས་རབ་དང་། གསུམ་པ་བཟོད་པ་ཟག་བཅས་དང་། བཞི་པ་གཟུགས་ལ་སོགས་པའོ། །ཤེས་པའང་ལྟ་བ་དེ་དང་འདྲ་ཞིང་བཟོད་པ་ཡིན་ལ་ལྟ་བ་མིན་པ་མི་སྲིད་དོ། །གཉིས་པ་ལ་གསུམ་སྟེ། བཅུར་དབྱེ་བ། ཟད་མི་སྐྱེ་ཤེས་པའི་ཁྱད་པར། ཤེས་པ་བཅུའི་གྲངས་ངེས་སོ། །དང་པོ་ལ་བཞི་སྟེ། གསུམ་དུ་དབྱེ། དེ་ལས་ཕྱུངས་ཏེ་བཞིར་བཞག དེ་ལས་ཕྱུངས་ཏེ་གཉིས་སུ་བཞག དེ་ལས་ཕྱུངས་ཏེ་གཅིག་ཏུ་བཞག་པའོ། །དང་པོ་ནི། ཤེས་པ་ཐམས་ཅད་བཅུ་པོ་འདིས་བསྡུས་ལ། ཤེས་པ་འདི་ཡང་བསྡུ་ན་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་གཉིས་ཡིན་ལ། དེ་ལས་དང་པོ་ནི་ཀུན་རྫོབ་ཀྱི་ཤེས་པ་ཞེས་བྱ་ལ། དེ་ཡང་ཡུལ་ཀུན་རྫོབ་ནི་བུམ་པ་ལ་སོགས་པ་དང་། ཡུལ་ཅན་ཀུན་རྫོབ་ནི་རྣམ་པ་བཅུ་དྲུག་འཛིན་པའི་ཟག་བཅས་ཏེ་གཉིས་ཡོད་ཀྱང་ཕལ་ཆེར་ཡུལ་ཀུན་རྫོབ་འཛིན་པས་མིང་བཏགས་སོ། །དེ་ལ་དབྱེ་ན་ལུས་སོགས་རང་གི་མཚན་ཉིད་དང་། མི་རྟག་ལ་སོགས་སྤྱིའི་མཚན་ཉིད་དང་། དེ་ལས་གཞན་འགྲོ་འཆག་ལ་སོགས་པའི་རྣམ་པ་གསུམ་མམ། རང་བཞིན་ལྡན་པ་གཉེན་པོ་སྦྱོར་བ་དང་། མངོན་པར་རྟོགས་པའི་མཐའ་ལས་བྱུང་བ་དང་། ཡོན་ཏན་ཐམས་ཅད་འབྱོར་བའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་སྟེ་བཞིའོ། །ཟག་པ་མེད་པའི་ཤེས་པ་ལ་ཡང་རྣམ་པ་གཉིས་ཏེ། ཆོས་ཤེས་པ་དང་ནི་རྗེས་སུ་ཤེས་པ་གཉིས་ཁོ་ན་ཡིན་ནོ། །དེ་ལྟར་ན་ཤེས་པ་སྔ་མ་གཉིས་ནི་གསུམ་སྟེ་ཀུན་རྫོབ་ཤེས་པ་དང་ཆོས་ཤེས་རྗེས་ཤེས་སོ། །དེ་ལ་ཀུན་རྫོབ་ཤེས་པའི་དམིགས་པའི་ཡུལ་ནི་ཅི་རིགས་པར་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ཡིན་ལ། ཆོས་ཤེས་པ་ཞེས་བྱ་བའི་སྤྱོད་ཡུལ་ནི་འདོད་པ་ན་སྤྱོད་པའི་དུཿཁ་དང་། ལ་སོགས་པ་ཀུན་འབྱུང་དང་འགོག་པ་དང་ལམ་རྣམས་སོ། །རྗེས་སུ་ཤེས་པའི་སྤྱོད་ཡུལ་ནི་གོང་མའི་དུཿཁ་ལ་སོགས་པ་བཞིའོ། །གཉིས་པ་ནི་ཆོས་རྗེས་ཤེས་པ་གཉིས་པོ་དེ་དག་ཉིད་ལ་ཡུལ་བདེན་པའི་བྱེ་བྲག་གིས་བཞི་བཞིར་ཡོད་དེ། འདོད་པའི་བདེན་བཞི་ཤེས་པའི་ཆོས་ཤེས་བཞི་དང་། གོང་སའི་བདེན་བཞི་ཤེས་པའི་རྗེས་ཤེས་བཞིར་ཡོད་པའི་ཕྱིར་རོ། །གསུམ་པ་ནི། ཆོས་ཤེས་རྗེས་ཤེས་ལས་ལྟ་བའི་རང་བཞིན་མིན་པ་རྣམ་པ་བཞི་པོ་དེ་དག་ཁོ་ན་ལ་བྱ་བ་བྱས་པར་འཛིན་པའི་ཚེ་མི་སྐྱེ་བ་ཤེས་པ་དང་ཟད་པ་ཤེས་པ་གཉིས་སུ་ཡང་དབྱེའོ། །ཟད་མི་སྐྱེ་ཤེས་དེ་གཉིས་དང་པོར་སྐྱེས་པ་ནི་རྗེས་སུ་ཤེས་པ་ཡིན་ཏེ། སྦྱོར་བའི་ཚེ་སྲིད་རྩེའི་སྒོམ་སྤང་སྡུག་ཀུན་གཉིས་ལ་དམིགས་པ་ལྟར་རྒྱལ་ཟིན་མ་ཐག་ཏུ་ཡང་དེ་ལ་དམིགས་ལ་སླར་ཐམས་ཅད་ལ་རྒྱས་པར་འགྱུར་བའི་ཕྱིར་རོ། །དཔེར་ན་གླང་པོ་ཆེ་དུག་མདས་བསྣུན་ན་ལུས་ཐམས་ཅད་ལ་རྒྱས་ནས་ཤི་མ་ཐག་རྨ་སྒོང་འདུ་ཞིང་རེ་ཞིག་ནས་ཐམས་ཅད་དུ་རྒྱས་པ་བཞིན་ནོ། །དེས་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་དེ་གཉིས་སྡུག་ཀུན་ལ་དམིགས་པའི་ཚེ་དམིགས་པ་གཅིག་ལ་འགོག་ལམ་ལ་དམིགས་པའི་ཚེ་མི་གཅིག་གོ །བཞི་པ་ལ། དང་པོ་དང་། ཁྱད་པར་གཉིས། ངོ་བོ་ནི། ཕ་རོལ་གྱི་སེམས་རིག་པ་སྟེ་ཤེས་པ་ནི་ཤེས་པ་བཞིའི་ཆ་ལས་བཞག་སྟེ། ཀུན་རྫོབ་དང་ལམ་དང་ཆོས་དང་རྗེས་ཤེས་བཞི་ལས་སོ། །དེས་ན་ཀུན་རྫོབ་ཤེས་པའི་ལྡོག་པ་ནི་ཤེས་པ་གཅིག་ཡིན་ལ་རྫས་ནི་སེམས་ཤེས་དང་གཉིས་སོ། །ཆོས་ཤེས་བདུན་དང་བདེན་གསུམ་བཞི། །ལམ་ལྔ་ཟད་དང་མི་སྐྱེ་དྲུག །སེམས་ཤེས་གཅིག་དང་བཞིའི་ཆའོ། །གཉིས་པ་ལ། གང་གིས་གང་མི་ཤེས་པ་དང་། གང་གིས་གང་ཤེས་པའོ། །དང་པོ་ནི། སེམས་ཤེས་དེས་ནི་དམན་པའི་ཡུལ་མཆོག་མིན་པས་བསམ་གཏན་བཞིའི་རང་ས་ལས་འདས་པ་གོང་མའི་སེམས་མི་ཤེས་ཤིང་། དབང་པོ་འདས་པ་དད་མོས་ཀྱིས་མཐོང་ཐོབ་དང་། དུས་སྦྱོར་གྱིས་དུས་མི་སྦྱོར་མི་ཤེས། གང་ཟག་འོག་མའི་དབང་པོ་འདས་པ་འགྲེལ་ཊཱིཀ་ལས་མ་བཀག་པས་ཤེས་པར་མངོན་ནོ་ཞེས་དོན་དེ་གསུང་། སློབ་པ་ཆགས་བཅས་ལ་སེམས་ཤེས་མེད་པས་གང་ཟག་བཞི་པོ་ཕྱིར་མི་འོང་དགྲ་བཅོམ་རང་རྒྱལ་སངས་རྒྱས་རྣམས་ཀྱིས་འདས་པ་གོང་མ་གོང་མའི་མི་ཤེས་ལ། ཉན་ཐོས་ལ་སངས་རྒྱས་ལ་ཤེས་ནས་དད་པ་བཤད་པ་ནི་མཐོང་ལམ་ལ་བཀག་པས་སེམས་ཤེས་མིན་ལ། ཉན་ཐོས་ཀྱིས་སངས་རྒྱས་ཀྱི་ཤེས་པར་མདོ་ལས་བཤད་པ་ནི་རྒྱུ་གཞན་གྱིས་ཤེས་པའོ། །ཞིག་པ་སྟེ་འདས་པ་དང་མ་སྐྱེས་པ་མ་འོངས་པའི་སེམས་མི་ཤེས་ཏེ། ད་ལྟར་གྱི་ཕ་རོལ་གྱི་སེམས་ཡུལ་ཡིན་པའི་ཕྱིར་རོ། །ཆོས་ཤེས་པའི་བློ་དང་རྗེས་སུ་ཤེས་པའི་བློའི་ཕྱོགས་དང་མཐུན་པའི་སེམས་ཤེས་ཀྱིས་ནི་རང་གི་ཕྱོགས་མཐུན་ཤེས་ཀྱི་ཕན་ཚུན་ཤེས་པ་མིན་ཏེ། འདོད་པ་དང་གོང་མའི་གཉེན་པོ་བདེན་པ་ལ་དམིགས་པའི་ཕྱིར། མིག་ཤེས་ཀྱིས་སྒྲ་བཞིན་ནོ། །གཉིས་པ་ནི། ཉན་ཐོས་ཀྱི་སེམས་ཤེས་ཀྱིས་ཕ་རོལ་གྱི་མཐོང་བའི་ལམ་སྐད་ཅིག་མ་གཉིས་རིག་པ་སྟེ་ཤེས་ཀྱི། གསུམ་པ་ལ་སོགས་པ་དམིགས་རྣམ་མི་མཐུན་པ་ནི་མི་ཤེས་ཏེ། སྦྱོར་བ་གཞན་གྱིས་བསྒྲུབ་དགོས་ཤིང་། མཐོང་ལམ་ནི་ཆེས་མྱུར་བས་ལངས་ནས་སྦྱོར་བ་མི་རྫོགས་པའི་ཕྱིར་རོ། །དེ་ཡང་དུཿཁ་ཆོས་བཟོད་ཆོས་ཤེས་སམ་སྦྱོར་བའི་དབང་གིས་གཞན་ཤེས་པ་ཡང་སྲིད་དོ། །བསེ་རུ་ལྟ་བུའི་སེམས་ཤེས་ཀྱིས་ནི་དང་པོ་གཉིས་དང་བརྒྱད་པ་སྟེ་གསུམ་ཤེས་པ་སྲིད་དེ། དབང་པོ་རྣོན་པོས་ཏེ་སྦྱོར་བ་ཆུང་བས་བདུན་པའི་བར་ལ་སྦྱོར་བ་ཚར་བའི་ཕྱིར་དང་། ཆེས་དུབ་པས་བཅུ་བཞིའི་བར་ལ་སྦྱོར་བ་གསུམ་པ་མི་རྫོགས་པའི་ཕྱིར། དེ་བཞིན་དུ་གཞན་གསུམ་ཤེས་པའང་སྲིད་དོ། །ཁ་ཅིག་དང་པོ་གཉིས་དང་བཅོ་ལྔ་པ་ཤེས་སོ་ཞེས་ཟེར་རོ། །སངས་རྒྱས་ཀྱིས་ནི་སྦྱོར་བ་མེད་པར་སྐད་ཅིག་བཅོ་ལྔ་པོ་ཀུན་མཁྱེན་ཏེ། བཞེད་པ་ཙམ་ལ་རག་ལས་པའི་ཕྱིར་རོ། །ལམ་གཞན་གྱི་ཆོས་དང་རྗེས་སུ་ཤེས་པ་དུ་ཡོད་ཤེས་པར་མངོན་ནོ། །གཉིས་པ་ཟད་མི་སྐྱེ་ཤེས་པའི་ཁྱད་པར་ནི། ཁ་ཆེ་བ་ལྟར་ན་དེ་གཉིས་ཀྱི་མཉམ་གཞག་ལ་ཁྱད་པར་མེད་ཀྱང་རྗེས་ཐོབ་ལས་ཏེ། ཟད་པ་ཤེས་པ་ནི་བདེན་པ་བཞི་པོ་རྣམས་ལ་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ། །ལ་སོགས་པ་ཀུན་འབྱུང་སྤངས་སོ་འགོག་པ་མངོན་དུ་བྱས་སོ་ལམ་བསྒོམས་སོ་ཞེས་བྱ་བར་ངེས་པའི་རྒྱུ་ལས་བྱུང་བའི་ཤེས་པ་དང་། མཐོང་རིག་བློ་རྟོགས་ཤེས་རབ་སྣང་། །མངོན་རྟོགས་གང་ཡིན་འདིར་ཟད་ཤེས། །ཞེས་བྱའོ། །ཡང་དག་གིས་སྡུག་བསྔལ་ཡོངས་སུ་ཤེས་ཡང་ཤེས་པར་བྱར་མེད་ཅེས་པ་ལ་སོགས་པ་ཀུན་འབྱུང་སྤངས་ཟིན་ཡང་སྤང་བར་བྱར་མེད། འགོག་པ་མངོན་དུ་བྱས་ཟིན་ཡང་མངོན་དུ་བྱར་མེད་ལམ་བསྒོམས་ཟིན་ཡང་བསྒོམ་དུ་མེད་ཅེས་བྱ་བར་ངེས་པའི་རྒྱུ་ལས་བྱུང་བའི་ཤེས་པ་སོགས་བརྒྱད་ནི་མི་སྐྱེ་བ་ཤེས་པ་ཡི་བློ་ཡིན་པར་འདོད་དོ། །ཉི་འོག་པ་ན་རེ། དེ་ཉིད་མཉམ་གཞག་གི་རྣམ་པ་ཡིན་ཞིང་དེ་ཉིད་ཀྱི་ཕྱིར་རེ་ཞིག་ཤེས་པ་གང་ཡིན་པ་མཐོང་བ་ཡང་ཡིན་ཞེས་ཟེར་རོ། །གསུམ་པ་ཤེས་པ་བཅུའི་གྲངས་ངེས་ལ། གྲངས་ངེས་དངོས་དང་། གཉེན་པོ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། ཅིའི་ཕྱིར་ཤེས་པ་གསུམ་ཡོད་པ་ལ་བཅུར་བཞག་ཅེ་ན། ཡུལ་གྱི་རང་བཞིན་ཕལ་ཆེར་ཀུན་རྫོབ་དང་ཟག་བཅས་ཀྱི་རང་བཞིན་ལས་ནི་ཀུན་རྫོབ་ཤེས་པ་བཞག འདོད་དང་གོང་མའི་གཉེན་པོ་ལས་རིམ་པ་བཞིན་ཆོས་ཤེས་དང་རྗེས་ཤེས་གཉིས་ཀ བདེན་པ་བཞི་ཤེས་ནི་ཁམས་གཉིས་ཀའི་གཉེན་པོར་འདྲ་བས་དམིགས་པ་ཐ་དད་མིན་ཡང་རྣམ་པ་ཐ་དད་པ་ལས་སྡུག་བསྔལ་ཀུན་འབྱུང་ཤེས་པ་དག་བཞག རྣམ་པ་དང་སྤྱོད་ཡུལ་ཏེ་དམིགས་པ་གཉིས་ཀ་ཐ་དད་པ་ལས་འགོག་ལམ་ཤེས་པ་བཞག སེམས་ཤེས་ཀྱིས་སེམས་བྱུང་ཡང་ཤེས་མོད་ཀྱི་སྔོན་སྦྱོར་བའི་ཚེ་སེམས་ཤེས་པར་བྱའོ་ཞེས་གཏད་ནས་བསྒྲུབས་པ་ལས་སེམས་ཤེས་བཞག ཟད་ཤེས་དང་པོ་སྲིད་རྩེའི་གཉེན་པོ་ཡིན་ཡང་རྒྱུན་དེར་མ་ངེས་པས་བྱ་བ་བྱས་པའི་རྒྱུ་ཉིད་ལས་དང་པོར་སྐྱེས་པས་ཕྱེ་བ་དང་། སྔར་གྱི་ཟག་མེད་ཀྱི་ཤེས་པ་ཐམས་ཅད་སྐལ་མཉམ་གྱི་རྒྱུ་ལས་སྐྱེས་ལ་དེ་ཉིད་འཕེལ་ཞིང་རྒྱས་པ་ལས་མི་སྐྱེ་བ་ཤེས་པ་སྟེ་དེ་ལྟར་ན་བཅུ་པོ་འདིར་བཞག་གོ །གཉིས་པ་ནི། མཐོང་ལམ་དུ་ཆོས་ཤེས་ཀྱིས་གཉེན་པོ་མི་བྱེད་དེ། ལོག་ཞུགས་ཐ་དད་པའི་ཕྱིར། སྒོམ་པའི་ལམ་ལ་ཡང་སྡུག་ཀུན་ཤེས་པས་མི་སྤོང་སྟེ། འོག་ས་ལས་གྲོལ་ཟིན་ཡང་གོང་མ་ལས་མ་གྲོལ་བའི་ཕྱིར་ཏེ། སྤང་བྱ་སྤོང་བ་ལ་དེ་དངོས་སུ་དང་འགལ་བ་ལ་ཡོན་ཏན་དུ་བལྟ་བའི་ཤུགས་ལ་སུན་འབྱིན་པ་གཉིས་ལས་གང་ཡང་མེད་པས་ཞེས་གང་སྤེལ་ལས་བཤད་དོ། །དེ་ལ་འགོག་པའམ་ལམ་ལ་ཆོས་ཤེས་པ་ཡང་འདོད་པ་ལས་མ་གྲོལ་བར་མིན་ཏེ། ས་དགུ་རིམ་གྱིས་སྤོང་བས་སོ། །དེས་ན་འདོད་པའི་རྟེན་ཅན་ཞིག་སྔར་འདོད་པའི་སྒོམ་སྤང་སྤོང་བ་ན་འགོག་ལམ་ཤེས་པ་གང་ཡིན་པ་དེ་བསྐྱེད་ནས། དེའི་རྒྱུན་ལ་གོང་མའི་གཉེན་པོ་ཡང་ཡང་འདྲིས་པ་དེ་བསྐྱེད་དེ་ཁམས་གསུམ་ཆར་གྱི་ནི་གཉེན་པོར་འགྱུར་བ་ཡིན་ནོ། །འོ་ན་ཆོས་ཤེས་འདོད་པའི་གཉེན་པོར་བསྟན་པ་ཇི་ལྟ་བུ་ཞེ་ན། སྤང་བྱ་མཐའ་དག་གི་གཉེན་པོར་ཡེ་ཤེས་མཐའ་དག་འགྱུར་བ་ཡིན་ལ་ཁམས་གོང་མའི་ནི། དང་པོ་སྡུག་ཀུན་ལ་དམིགས་པ་གཉེན་པོར་མེད་པའི་ཕྱིར་དང་། དང་པོ་མཐོང་སྤང་རྣམས་ཀྱི་གཉེན་པོ་མིན་པའི་ཕྱིར་རོ། །འོ་ན་རྗེས་ཤེས་འདོད་པའི་ཁམས་ཀྱི་གཉེན་པོར་འགྱུར་རམ་ཞེ་ན། མ་ཡིན་ཏེ། ཆོས་ཤེས་ཁོ་ནས་རྒྱལ་ཟིན་པའི་ཕྱིར་ཞེས་ཊཱི་ཀར་བཤད། གང་སྤེལ་ལས། ཤེས་པ་རྣམས་ནི་རྣོ་བའི་ཕྱིར་རང་ཡུལ་ལ་བྱ་བ་བྱས་ཏེ་གཞན་གྱི་ཡུལ་ལ་བྱ་བ་བྱེད་པའི་ཕྱིར་ཆོས་ཤེས་ཀྱིས་གོང་མའི་སྒོམ་སྤང་རྣམས་ནི་འདོད་པའི་ཀུན་འགྲོའི་ཡུལ་ཡིན་པའི་ཕྱིར་འཇོམས་ཏེ། དཔེར་ན་དགྲ་ཕམ་པར་བྱས་ནས་ཡུལ་འཇིག་པ་བཞིན་ཞེས་དང་། རྗེས་ཤེས་ནི་འདོད་པ་ན་དེ་ལྟ་བུའི་བྱ་བ་མེད་ཅིང་སྔར་གོང་མའི་སྒོམ་སྤང་རྗེས་ཤེས་ཀྱིས་སྤངས་ནས་ཕྱིས་འདོད་པའི་སྒོམ་སྤང་ཉོན་མོངས་སྤོང་བ་མེད་པའི་ཕྱིར་དང་། སྐད་ཅིག་བཅུ་དྲུག་པའི་ཚེ་བདེན་པ་ལ་གུས་ཀྱི་དེའི་རྒྱུན་ལ་སྒོམ་སྤང་སྤོང་བ་མི་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་ས་གཞན་ཡང་འོག་མའི་འགོག་ལམ་ལ་དམིགས་པས་གོང་མའི་གཉེན་པོ་བྱེད་པ་ཡོད་དོ་ཞེས་བཤད་དོ། །གསུམ་པ་དེའི་ཁྱད་པར་དཔྱད་པ་ལ་གཉིས་ཏེ། རྣམ་པའི་ཁྱད་པར། ཤེས་པའི་ཁྱད་པར་རོ། །དང་པོ་ལ་གཉིས་ཏེ། ཤེས་པ་སོ་སོའི་རྣམ་པ། རྣམ་པ་སོ་སོའི་ངོ་བོའོ། །དང་པོ་ནི། ཤེས་པ་གང་ཞིག་རྣམ་པ་ཇི་ལྟར་འཇུག་ཅེ་ན། ཆོས་ཤེས་པ་དང་རྗེས་སུ་ཤེས་པ་གཉིས་ནི་མི་རྟག་པ་ལ་སོགས་པའི་རྣམ་པ་བཅུ་དྲུག་ཅན་ཏེ་འོག་ཏུ་འཆད་དོ། །ཀུན་རྫོབ་ཤེས་པ་ནི་ཆོས་ཤེས་རྗེས་ཤེས་དེ་བཞིན་དུ་རྣམ་པ་བཅུ་དྲུག་ཅན་ཡང་ཡིན་ལ་དེར་མ་ཟད་གཞན་ཆོས་ཐམས་ཅད་རང་སྤྱིའི་རྣམ་པ་ཅན་ཡང་ཡིན་ཏེ་དེ་དག་འཛིན་པའི་ཕྱིར་རོ། །བདེན་པ་བཞི་ཤེས་ནི་རེ་རེ་ཞིང་རྣམ་པ་བཞི་བཞི་པ་ཅན་ཡིན་ཏེ། རང་རང་གི་བདེན་པའི་རྣམ་པ་དག་ཏུ་འཇུག་པས་སོ། །དེར་མ་ཟད་ཕ་རོལ་སེམས་ཤེས་དྲི་མེད་ཀྱང་བདེན་པ་བཞི་ཤེས་དེ་བཞིན་དུ་ལམ་སོགས་བཞིའི་རྣམ་པ་ཅན་ཏེ་ལམ་ཤེས་པ་ཡིན་པའི་ཕྱིར་རོ། །དེ་དྲི་མ་དང་བཅས་པ་ནི་ཤེས་བྱ་སེམས་སེམས་བྱུང་གང་ཡིན་པ་དེའི་རྣམ་པ་ཅན་ཏེ། དེ་ཤེས་པ་ཡིན་པའི་ཕྱིར། དེས་སེམས་བྱུང་གི་རྫས་རེ་རེ་ཞིག་ཁོ་ན་འཛིན་ཏེ། ཆེས་བསྐྱེད་དཀའ་བས་སོ། །དཔེར་ན་གོས་དང་དྲི་མ་ཅིག་ཅར་མི་འཛིན་པ་བཞིན་ཞེས་མཐུན་དཔེར་བཤད་ཀྱང་དཔེ་ཅིག་ཅར་འཛིན་པས་མི་མཐུན་ཏེ་ཡིན་ཞེས་དོན་དེ་བཞེད་དོ། །གལ་ཏེ་གནས་མང་པོ་པའི་མདོ་ལས། འདོད་ཆགས་དང་བཅས་པའི་སེམས་ནས། རྣམ་པར་གྲོལ་བའི་སེམས་ཀྱི་བར་དུ་འབྱུང་བས་སེམས་དང་འདོད་ཆགས་གཉིས་ཤེས་པར་མངོན་ནོ་ཞེ་ན། དེ་ནི་རྗེས་ཀྱིས་དེ་ལྟར་ཤེས་པ་ལ་མཉམ་གཞག་གི་ཤེས་པ་སྐད་གསུངས་པའོ། །ཁྱད་པར་ནི་སེམས་ཀྱིས་རྫས་ཀྱི་རང་གི་མཚན་ཉིད་ཙམ་འཛིན་གྱི་དམིགས་རྣམ་དང་སྤྱིའི་མཚན་ཉིད་མི་འཛིན་ཏེ། དམིགས་པ་འཛིན་ན་གཟུགས་ཤེས་དང་རང་རིག་ཏུའང་འགྱུར་ལ། རྣམ་པ་ཡུལ་གྱི་བྱེ་བྲག་མི་འཛིན་པ་ཡིན་གྱི་ཤེས་པའི་འཛིན་སྟངས་ཤེས་པ་ཡིན་ཏེ། འགྲེལ་པར་སེམས་འདི་ནི་ཆགས་པ་ཡིན་ནོ་ཞེས་བྱ་བར་ཤེས་སོ་ཞེས་གསུངས་པའི་ཕྱིར། མཐོང་ལམ་ནི་ཉི་ཚེ་བ་མི་འཛིན་པའམ་མྱུར་བར་སྐྱེད་པས་དེ་ལ་བཀག་ཅིང་ཚོལ་བའི་རྣམ་པར་འཇུག་པས་ཟད་མི་སྐྱེ་ཤེས་ལ་བཀག་པ་དང་། བར་ཆད་མེད་ལམ་ནི་སྤོང་ལམ་ཡིན་ལ་སེམས་ཤེས་ནི་རྣམ་གྲོལ་དང་ཁྱད་པར་གྱི་ལམ་ཡིན་པས་བཀག་ལ་ལམ་གྱི་རྣམ་པ་ཅན་ཡིན་པས་སྨོན་མེད་ཁོ་ནས་བསྡུས་སོ། །ཤེས་པ་ལྷག་མ་ཟད་མི་སྐྱེ་ཤེས་པ་ནི་སྟོང་པ་དང་བདག་མེད་མ་གཏོགས་པའི་རྣམ་པ་བཅུ་བཞི་ཅན་ཏེ། དེ་གཉིས་དོན་ལ་དམིགས་པའམ་དེའི་རྒྱུ་མཚན་ཅན་ཡིན་ཡང་རྗེས་ཀྱི་ཚེ་ཀུན་རྫོབ་ལ་བརྟེན་ནས་བདག་གི་སྐྱེ་བ་ཟད་ཅེས་སོགས་བདག་གི་ཐ་སྙད་འདོགས་པ་གང་ཞིག་མཉམ་རྗེས་མཐུན་པའི་ཕྱིར། གཉིས་པ་ལ། རྣམ་པ་བཅུ་དྲུག་གི་ངོ་བོ། གཟུང་འཛིན་དང་བཅས་པའོ། །དང་པོ་ནི། ཟག་མེད་ལ་རང་མཚན་གྱི་རྣམ་པ་ཡོད་དམ་མེད་ཅེ་ན་ཁ་ཆེ་བ་ན་རེ། དྲི་མེད་ལ་བཅུ་དྲུག་ལས་གཞན་པའི་རྣམ་པ་མེད་དེ་ཡུལ་བདེན་པ་ཁོ་ན་ལ་དམིགས་པས་སོ་ཞེས་ཟེར་རོ། །གཞན་ཉི་འོག་པ་ན་རེ། རང་གི་མཚན་ཉིད་ཀྱི་རྣམ་པ་ཡོད་ཅེས་ཟེར་ཏེ། འཐད་པ་ནི་བསྟན་བཅོས་རྣམ་ཤེས་ཀྱི་ཚོགས་ལས་ཁམས་གསུམ་དང་མི་ལྡན་པ་ཟག་པ་མེད་པའི་སེམས་ཀྱིས་འདོད་པ་དང་ལྡན་པའི་ཆོས་ཤེས་པར་འགྱུར་བ་ཡོད་དམ་ཞེ་ན། ཡོད་དེ་རིགས་པས་བསྐྱེད་པའི་སྒོ་ནས་མི་རྟག་པ་ནས། རྐྱེན་གྱི་བར་དང་། འདི་ནི་གནས་ཡོད་དོ་འདི་ནི་གཞི་ཡོད་དོ་ཞེས་པས་གནས་ངོ་བོ་དང་གཞི་རྒྱུ་ངེས་པའོ་ཞེས་སོ། །ཅི་རྣམ་པ་བཅུ་དྲུག་པོ་དེ་མིང་ངམ་རྫས་ཡིན་ཞེ་ན། ཁ་ཅིག་ན་རེ་སྡུག་བསྔལ་གྱི་རྣམ་པ་བཞི་རྫས་བཤད་ལ་གཞན་གསུམ་རྣམ་གྲངས་ཡིན་པས་རྫས་སུ་བདུན་ཡིན་ལ་མིང་གི་སྒོ་ནས་ནི་བཅུ་དྲུག་གོ་ཞེས་ཟེར་ལ། བྱེ་བྲག་སྨྲ་བ་ནི་རྫས་སུ་རང་རྣམ་པ་བཅུ་དྲུག་སྟེ། འདི་ལྟར་རྐྱེན་ལ་རག་ལས་པས་མི་རྟག་པ་དང་ཞེས་སོགས་ནས། གཞན་དུ་འབྱིན་པས་ངེས་འབྱིན་ནོ། །ཡང་ན་རྟག་སོགས་བཅུ་དྲུག་གི་གཉེན་པོར་རིམ་པ་བཞིན་ནོ། །གཉིས་པ་ནི། རྣམ་པའི་ངོ་བོ་ཤེས་རབ་བོ། །མདོ་སྡེ་པ་ན་རེ། དེ་ལྟར་ན་ཤེས་རབ་ཉིད་རྣམ་བཅས་སུ་མི་རུང་ཞིང་། ངོ་བོ་ཡིན་པས་འཇོག་ན་གཞན་དེར་མི་རུང་བས་ཤེས་པའི་འཛིན་སྟངས་སོ། །ཅི་ཤེས་རབ་ཁོ་ནས་འཛིན་ནམ་ཞེ་ན། མིན་ཏེ། དེ་ཉིད་དང་བཅས་པའི་དམིགས་པ་དང་བཅས་པ་ཐམས་ཅད་ཀྱིས་འཛིན་པར་བྱེད་ལ་གང་དུ་ཡོད་ཀྱང་རུང་བའི་ཤེས་བྱ་གཞི་ལྔ་པོ་ཐམས་ཅད་གཟུང་བྱ་ཡིན་པས་ཤེས་རབ་ནི་གཟུང་བྱ་འཛིན་བྱེད་རྣམ་པ་གསུམ་ཀ་དམིགས་བཅས་གཞན་རྣམས་གཉིས་དང་དམིགས་མེད་ནི་གཅིག་གོ །གཉིས་པ་ཤེས་པའི་ཁྱད་པར་ལ་ལྔ་སྟེ། ངོ་བོའི་དང་། སའི་དང་། རྟེན་གྱི་དང་། དྲན་པ་ཉེར་གཞག་གི་དང་། དམིགས་པའི་ཁྱད་པར་རོ། །དང་པོ་ནི། དང་པོ་ཀུན་རྫོབ་ཤེས་པ་ནི་དགེ་སོགས་རྣམ་པ་གསུམ་ཡིན་ལ། གཞན་དགུ་པོ་རྣམས་ནི་དགེ་བ་ཁོ་ན་སྟེ། སེམས་ཤེས་ཟག་བཅས་ཀྱང་བསྒོམ་བྱུང་ཡིན་ལ་གཞན་རྣམས་ནི་ལམ་བདེན་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དང་པོ་ནི་ཟག་བཅས་ཡིན་པས་ས་དགུ་པོ་ཐམས་ཅད་ན་ཡོད་ཅིང་། བསམ་གཏན་ས་དྲུག་ན་ཆོས་ཤེས་པ་ཞེས་བྱ་བ་ཡོད་དེ་དེ་དྲུག་གི་འདོད་པ་ལ་དམིགས་པས་སོ། །ཟག་མེད་ས་དགུ་ན་རྗེས་ཤེས་ཞེས་བྱ་བ་ཡོད་དེ། རྗེས་ཤེས་དེ་ས་གོང་མ་ལ་དམིགས་པས་སོ། །དེའི་ཆར་གཏོགས་བདེན་པ་བཞི་ཤེས་དང་ཟད་མི་སྐྱེ་ཤེས་ཏེ་དྲུག་ནི་དེ་བཞིན་དུ་ས་དགུ་ན་ཡོད་ཅིང་། ཆོས་ཤེས་ཀྱི་ཆར་གཏོགས་རྣམས་ནི་ས་དྲུག་ནའོ། །གཞན་ཡིད་ཤེས་པ་ནི་བསམ་གཏན་བཞི་ཁོ་ན་ན་ཡོད་དེ། བསྐྱེད་དཀའ་བ་དང་དེའི་སྦྱོར་བ་གཟུགས་ལ་བཏགས་ཏེ་འཆའ་ཞིང་གཟུགས་ལ་དམིགས་པས་སོ། །གསུམ་པ་ནི། སེམས་ཤེས་དེ་ནི་འདོད་པ་དང་གཟུགས་ཀྱི་རྟེན་ཅན་ཡིན་ལ། ཆོས་ཤེས་པ་ཞེས་བྱ་བ་ནི་འདོད་པའི་རྟེན་ཅན་ཁོ་ན་སྟེ། དེ་ནི་འདོད་པ་སུན་འབྱིན་པ་ལྷུར་ལེན་པ་ཡིན་ལ། གཟུགས་མེད་འདོད་པ་ལ་མི་དམིགས་ཤིང་གཟུགས་ཀྱང་འདོད་པ་ལས་འདས་པས་སུན་མི་འབྱིན་པས་སོ། །རྟེན་འདོད་པ་བ་ནི་འདི་ལས་གྲོལ་ཡང་ཕུང་པོ་ལྷག་མ་མ་ལུས་པས་སུན་འབྱིན་ཏོ། །དེ་གཉིས་ལས་གཞན་བརྒྱད་ནི་ཁམས་གསུམ་པའི་རྟེན་ཅན་ཡིན་ནོ། །བཞི་པ་ནི། འོ་ན་ཤེས་པ་བཅུ་པོ་དྲན་པ་ཉེར་གཞག་བཞི་པོ་གང་ཡིན་ཞེ་ན། འགོག་པའི་བློ་ནི་ཆོས་དྲན་པ་ཉེ་བར་བཞག་པ་གཅིག་པུ་ཡིན་ཏེ། ཡུལ་ལུས་ལ་སོགས་པ་མེད་པས་སོ། །བློ་ཤེས་རབ་ཤེས་པ་གསུམ་རྣམ་གྲངས་ཡིན་པ་ནི་གྲུབ་པའི་མཐའོ། །ཕ་རོལ་སེམས་བློ་ནི་ཕྱི་མ་གསུམ་མིན་ཏེ། ཡུལ་ཚོར་བ་སོགས་འཛིན་པས་སོ། །གཉིས་ཀྱི་ལྷག་མ་བརྒྱད་ནི་བཞི་ཆར་ཡིན་ཏེ། ལུས་སོགས་བཞི་ཆར་གྱི་ཡུལ་ཅན་ཡིན་པས་སོ། །ལྔ་པ་ལ། ཤེས་པ་དུ་གང་གིས་དམིགས་པ་ཡིན་པ། ཆོས་དུ་གང་གིས་དམིགས་པ་ཡིན་པ། ཤེས་པ་གཅིག་གིས་ཇི་ཙམ་ཤེས་པའོ། །དང་པོ་ནི། ཤེས་པ་གང་གིས་དམིགས་པ་ཤེས་པ་དུ་ཡིན་ཞེ་ན། ཆོས་ཤེས་བློའི་སྤྱོད་ཡུལ་ནི་རྗེས་ཤེས་མ་གཏོགས་གཞན་དགུ་ཡིན་ལ་སེམས་ཤེས་ཟག་བཅས་ནི་དེའི་ཡུལ་མིན་ནོ། །ལམ་བློའི་ཡུལ་ནི་ཀུན་རྫོབ་ཤེས་པ་ལས་གཞན་དགུ་དང་། རྗེས་ཤེས་བློའི་ཡུལ་ནི་ཆོས་ཤེས་ལས་གཞན་དགུ་ཡིན་ལ་སྡུག་བསྔལ་གྱི་བློ་དང་དེའི་རྒྱུ་ཀུན་འབྱུང་གི་བློའི་ཡུལ་ནི་ཀུན་རྫོབ་དང་སེམས་ཟག་བཅས་གཉིས་ཁོ་ན་ཡིན་ཞིང་། ལྷག་མ་བཞི་ཡི་ཡུལ་ནི་བཅུ་ཆར་ཡིན་པ་སྲིད་དེ་ཀུན་རྫོབ་ཤེས་པས་ཆོས་ཐམས་ཅད་དང་སེམས་ཤེས་ཟག་བཅས་ཀྱི་དང་པོ་དང་ཟག་མེད་ཀྱི་གཞན་དང་ཕྱི་མ་གཉིས་ཆོས་རྗེས་ཤེས་པའི་ཆ་ཡིན་པས་བཅུ་ཆར་འཛིན་ལ། གཅིག་འགོག་ཤེས་ཀྱི་ཡུལ་ནི་ཤེས་པ་མིན་ཏེ། དེས་འགོག་པ་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་གང་ཤེས་པ་གང་གི་ཡུལ་དུ་འགྱུར་ཞེ་ན། ཆོས་བཅུ་དག་ཏུ་ཕྱེ་ལ་བློས་ཤེས་པ་བཅུ་དང་སྦྱར་བར་བྱ་སྟེ། ཇི་ལྟར་ཕྱེ་ན་འདུས་བྱས་ལ་ཁམས་གསུམ་ན་སྤྱོད་པ་གསུམ་དྲི་མེད་ཀྱི་ཆོས་དང་བཞི་ལ་མཚུངས་ལྡན་ཡིན་མིན་གཉིས་གཉིས་དང་། འདུས་མ་བྱས་ལ་དགེ་བ་དང་ལུང་མ་བསྟན་རྣམ་པ་གཉིས་སུ་ཕྱེ་བའི་བྱེ་བྲག་གིས་བཅུའོ། །དེ་ལ་དང་པོའི་ཡུལ་ནི་ཐམས་ཅད་དང་། གཉིས་པའི་ཡུལ་ནི་འདོད་པ་དང་ལམ་གྱི་གཉིས་གཉིས་འདུས་མ་བྱས་དགེ་བ་སྟེ་ལྔ་དང་། གསུམ་པའི་ཡུལ་ནི་གོང་མ་གཉིས་དང་ལམ་གྱི་གཉིས་གཉིས་འགོག་པ་སྟེ་བདུན་དང་བཞི་པ་དང་ལྔ་པའི་ཡུལ་ནི་ཁམས་གསུམ་གྱི་གཉིས་གཉིས་ཏེ་དྲུག་དང་། དྲུག་པའི་ཡུལ་ནི་འགོག་པ་གཅིག་པུ་དང་། བདུན་པའི་ཡུལ་ནི་དྲི་མེད་ཀྱི་གཉིས་དང་། བརྒྱད་པའི་ཡུལ་ནི་འདོད་གཟུགས་དང་དྲི་མེད་མཚུངས་ལྡན་ཏེ་གསུམ་དང་། དགུ་པ་དང་བཅུ་པའི་ཡུལ་ནི་འདུས་མ་བྱས་ལུང་མ་བསྟན་མ་གཏོགས་པ་དགུའོ། །གསུམ་པ་ནི། ཤེས་པ་གཅིག་གིས་ཆོས་ཐམས་ཅད་ཤེས་པར་འགྱུར་བ་ཡོད་དམ་ཞེ་ན། མེད་དེ། ཀུན་རྫོབ་ཤེས་པ་ཁོ་ན་ཡུལ་རྒྱ་ཆེ་ཡང་དེའི་སྐད་ཅིག་གཅིག་པུས་རང་གི་ངོ་བོ་དང་རང་གི་ཚོགས་པ་སྟེ་ལྷན་ཅིག་འབྱུང་བ་མི་རིགས་ཏེ། ཡུལ་དང་ཡུལ་ཅན་ཐ་དད་པ་ཧ་ཅང་ཉེ་བས་སོ། །དེ་ལས་གཞན་ཐམས་ཅད་ནི་ཚོགས་ལམ་དུ་སྟོང་པའམ་བདག་མེད་པའི་རྣམ་པ་ཉིད་དུ་རིག་པར་འགྱུར་ཏེ། གོའུ་ཏ་མ་ཤེས་པ་གཅིག་གིས་ཆོས་ཐམས་ཅད་ཤེས་པ་མཆིས་སམ། དེ་ནི་མེད་དེ་སྐད་ཅིག་གཉིས་ཀྱིས་ཤེས་སོ་ཞེས་འབྱུང་བའི་ཕྱིར་རོ། །གཉིས་པ་དེའི་ཁྱད་པར་གྱི་ཆོས་བཤད་པ་ལ། ཤེས་པའི་ལྡན་པ། ཐུན་མོང་གི་ཐོབ་པ། ཤེས་པའི་ཡོན་ཏན་ནོ། །དང་པོ་ནི། གང་ཟག་གང་ཞིག་ཤེས་པ་དུ་དང་ལྡན་ཞེ་ན། བྱིས་པ་ཆགས་བཅས་ནི་དང་པོ་ཁོ་ན་དང་ལྡན་ལ། ཆགས་བྲལ་ལ་སེམས་ཤེས་ཟག་བཅས་དང་ལྡན་ནོ། །འཕགས་པ་ནི་ཟག་མེད་སྐད་ཅིག་དང་པོ་ལ་ཆགས་ཅན་གྱི་སློབ་པ་གཉིས་ཡིན་ན་ཀུན་རྫོབ་ཤེས་པ་དང་འདོད་པ་དང་ཉེར་བསྡོགས་ཀྱི་དགེ་བ་ཁམས་གསུམ་ཆར་གྱི་གཉེན་པོ་གཅིག་པུ་དང་ལྡན་ལ། སྐད་ཅིག་གཉིས་པ་ལ་ཆོས་ཤེས་དང་སྡུག་བསྔལ་ཤེས་པ་བསྣན་ཏེ་གསུམ་དང་ལྡན། དེ་ཡན་ཆད་སྐད་ཅིག་བཞི་པ་དང་དྲུག་པ་དང་བཅུ་པ་དང་བཅུ་བཞི་པ་སྟེ་བཞི་ལ་ནི་རྗེས་ཤེས་དང་ཀུན་འབྱུང་དང་འགོག་པ་དང་ལམ་ཤེས་ལས་རེ་རེ་འཕེལ་བ་དང་ལྡན་ལ། ཆགས་བྲལ་ལ་སེམས་ཤེས་ཟག་བཅས་བསྣན་ཞིང་། སྒོམ་ལམ་དུ་ཆགས་བཅས་བདུན་དང་ཆགས་བྲལ་བརྒྱད་དང་། མི་སློབ་པ་དགུའམ་བཅུ་དང་ལྡན་ནོ། །གཉིས་པ་ལ། མཐོང་ལམ་གྱི་གནས་སྐབས་སུ་ཐོབ་པ། གཞན་གྱི་གནས་སྐབས་སུ་ཐོབ་པ། ཐོབ་པའི་དབྱེ་བའོ། །དང་པོ་ནི། མཐོང་བའི་ལམ་ལ་བཟོད་པ་བརྒྱད་དང་ཤེས་པ་བདུན་ཇི་ལྟར་སྐྱེས་པ་རྣམ་རང་རང་གི་རིགས་འདྲ་ཁོ་ན་མ་འོངས་པ་འཐོབ་ལ། སྤྱིར་མཐོང་ལམ་སྐལ་མཉམ་གྱི་རྒྱུ་རྒྱས་པས་རིགས་འདྲ་ཁོ་ན་འཐོབ་ཀྱང་བྱེ་བྲག་ཏུ་མཐོང་ལམ་དེ་ཉིད་ལ་རིགས་མི་འདྲ་བ་ཅུང་ཟད་འཐོབ་པ་ནི་རྒྱུ་མ་རྒྱས་ཀྱང་རྒྱུ་གཞན་གྱིས་ཏེ། སྡུག་བསྔལ་ལ་རྗེས་ཤེས་སོགས་གསུམ་ལ་ནི་སྔར་མེད་པའི་ཀུན་རྫོབ་ཤེས་པ་ཡང་འཐོབ་ལ། ཆོས་ཤེས་ལ་མི་ཐོབ་པ་ནི་རང་གི་བདེན་པ་རྫོགས་པར་མ་རྟོགས་པའི་ཕྱིར་རོ། །བདེན་པ་ཟད་པར་རྟོགས་པ་ན་ཐོབ་པ་དེའི་ཕྱིར་ཀུན་རྫོབ་ཤེས་པ་དེ་ནི་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཤེས་པ་ཞེས་བྱའོ། །ཅིའི་ཕྱིར་ལམ་ལ་རྗེས་ཤེས་ཀྱི་ཚེ་མིན་ཞེ་ན། ལམ་ནི་རིགས་མང་བས་ཟད་པར་སྒོམ་མི་ནུས་ཏེ་མངོན་པར་རྟོགས་པའི་མཐའ་མེད་པས་སོ། རྗེས་ཤེས་གཉིས་པའི་ཚེ་ཡང་རིས་ལྷག་མ་གསུམ་མ་སྤངས་པས་མཐའ་མེད་དོ་ཞེ་ན། དེ་ནི་ཀུན་འབྱུང་མཐོང་སྤང་སྤངས་པའི་མཐའ་ཡིན་ལ། ལམ་ནི་ལམ་མཐོང་སྤང་གི་གཉེན་པོར་ཟད་པར་སྒོམ་པའི་མཐའ་ཡང་མེད་དེ། ཐེག་པ་གསུམ་མམ་ཆུང་ངུ་ལ་སོགས་པ་གང་ཟག་གཅིག་གིས་སྒོམ་མི་སྲིད་པས་སོ། །བརྒལ་ལན་འདི་འགོག་པ་ལ་ཡང་མཚུངས་ཞེས་འཆད་དོ། །ཅི་ཤེས་པ་དེ་ནི་ནམ་ཞིག་མངོན་དུ་བྱེད་ཅེ་ན། ཀུན་རྫོབ་ཤེས་པ་དེ་ནི་ཐོབ་པ་ཙམ་སྐྱེས་པ་མི་སྐྱེ་བའི་ཆོས་ཅན་ཡིན་ཏེ། མཐོང་ལམ་གྱི་འཁོར་ཡིན་པས་སྒོམ་ལམ་དུ་མངོན་དུ་མི་འགྱུར་ལ་མཐོང་ལམ་ཉིད་བར་མ་ཆད་དུ་སྐྱེ་བས་དེར་མངོན་དུ་འགྱུར་བའི་སྐབས་མེད་པས་སོ། །སེམས་ཙམ་པ་ནི་ཟག་མེད་ཀྱི་མཐུས་དེ་ལས་ལངས་པ་ན་བདེན་པའི་ཡུལ་ཅན་ཀུན་རྫོབ་ཤེས་པ་སྐྱེ་ལ། དེ་སྐྱེ་བའི་ནུས་པའམ་རིག་རྗེས་ཤེས་ལ་རྙེད་ན་དེའི་འབྲས་བུ་རིགས་ལས་བྱུང་བ་ཀུན་རྫོབ་ཤེས་པ་ཡང་རྙེད་ཅེས་ཟེར་རོ། །ས་ནི་ཆགས་བཅས་ཀྱིས་ས་གཞན་མི་ཐོབ་པས་མི་ལྕོགས་མེད་རང་དང་འོག་ས་འདོད་པ་སྟེ་ས་གཉིས་པའི་ཀུན་རྫོབ་ཤེས་པ་ཐོབ་ལ། ཆགས་བྲལ་གྱིས་ས་ལས་གྲོལ་བའི་རིམ་པས་ས་གསུམ་ནས་བདུན་པའི་ཀུན་རྫོབ་ཤེས་པ་དང་། མི་ལྕོགས་མེད་ཁོ་ན་དང་ས་གསུམ་ནས་དྲུག་གི་བར་གྱི་ཤེས་བཟོད་ཐོབ་ཅེས་འཇོག་གོ །དེ་ཡང་ས་གང་ལ་བརྟེན་པ་དུས་གཉིས་པ་འཐོབ་ལ་མ་འོངས་པ་ནི་མི་སྐྱེ་བའི་ཆོས་ཅན་ཁོ་ན་སྟེ་མཐོང་ལམ་ལན་གཉིས་མི་སྐྱེ་བས་སོ། །མཐོང་ལམ་དེར་དྲན་པ་ཉེར་གཞག་དུ་དག་ཅིག་ཐོབ་ཅེ་ན། ཐམས་ཅད་དུ་ཆོས་དྲན་པ་ཉེར་གཞག་ད་ལྟར་བ་ཡིན་ལ། མ་འོངས་པའི་དབང་དུ་བྱས་ན་འགོག་པ་མངོན་པར་རྟོགས་པའི་མཐའ་ལས་འབྱུང་བའི་ཀུན་རྫོབ་ཤེས་པ་ནི་ཆོས་ཁོ་ན་དང་གཞན་ལ་ནི་བཞིར་བཤད་དོ། །དེ་ཡང་རང་བདེན་རྣམ་ཅན་ཡིན་པས་གཞན་ལ་དམིགས་པ་ནི་མི་ཐོབ་ལ། རྒྱུ་མ་རྒྱས་པས་དེའི་རྣམ་པ་ཡང་མི་ཐོབ་བོ། །ཤེས་པ་རྣམ་པ་དྲན་པ་ཉེར་གཞག་ནི་རྣམ་གྲངས་ཏེ། དུཿཁ་ལ་དམིགས་པའི་ཤེས་པ་ཡིན་པ་དང་། སྐྱེ་འཇིག་ཆོས་ཅན་དུ་ཤེས་པ་དང་། ལུས་སོགས་འཛིན་པའི་སྒོ་ནས་སོ། །འོན་ཀྱང་བཟོད་པ་ལ་རྣམ་པ་དང་དྲན་པ་ཉེར་གཞག་འཐོབ་ཀྱི་ཤེས་པ་ལ་ནི་བཀག་གོ །དེ་ནི་མཐོང་བའི་ལམ་གྱིས་འཐོབ་པར་བྱ་བ་ཡིན་པའི་ཕྱིར་འབད་ལས་འབྱུང་། སྦྱོར་བ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །གཉིས་པ་ལ། འཕགས་ལམ་ལ་དུ་འཐོབ་པ་དང་། བྱིས་པའི་ལམ་ལ་དུ་འཐོབ་པ་གཉིས། དང་པོ་ལ། གྲངས་མི་འདྲ་བ་དང་འདྲ་བ་གཉིས། དང་པོ་ལ། སློབ་ལམ་དང་མི་སློབ་ལམ་ལ་དུ་འཐོབ་གཉིས། དང་པོ་ནི། འདོད་པའི་འཆིང་བ་ཀུན་ལྡན་ནམ་དགུ་པའི་བར་ལྡན་པའི་ཆགས་བཅས་ཀྱི་གང་ཟག་གཉིས་ཀྱིས་བཅུ་དྲུག་པ་ལ་བདེན་པ་བཞི་ཤེས་པ་དང་ཆོས་རྗེས་ཤེས་པ་སྟེ་ཟག་མེད་ཀྱི་ཤེས་པ་དྲུག་ཐོབ་ལ། དེ་དག་ཀྱང་མཐོང་སྤང་གི་གཉེན་པོ་རྣམ་གྲོལ་ཐོབ་པ་ཡིན་གྱི་འབྲས་བུ་ཙམ་པོའི་ཚེ་ཡིན་པས་སྒོམ་སྤང་གི་གཉེན་པོ་ནི་མིན་ནོ། །ས་ནི་ཆགས་བཅས་ཡིན་པས་མི་ལྕོགས་མེད་ཁོ་ན་དང་། ད་ལྟར་བའི་ཐོབ་པ་ནི་ལམ་རྗེས་ཤེས་པ་གཉིས་དང་། དེ་དག་འཐོབ་པའི་རྒྱུ་མཚན་ནི་བདེན་པ་མཐོང་བ་རྫོགས་པས་སྐལ་མཉམ་གྱི་རྒྱུ་རྒྱས་པ་དང་། དེ་ལས་གཞན་མི་ཐོབ་པ་ནི་ཆགས་བཅས་ཡིན་པས་སེམས་ཤེས་དང་སློབ་པ་ཡིན་པས་ཕྱི་མ་མི་ཐོབ་ལ་ཀུན་རྫོབ་ཤེས་པ་མི་འཐོབ་པར་བཤད་ཟིན་ཏོ། །འདོད་པ་ནས་ཅི་ཡང་མེད་ཀྱི་བར་ལ་འདོད་ཆགས་དང་ནི་བྲལ་བས་བདུན་ཐོབ་སྟེ་སེམས་ཤེས་བསྣན་པའོ། །ས་ནི་རང་གང་ལ་བརྟེན་པའི་རང་དང་འོག་ས་འཐོབ་ཅིང་གཞན་སྔར་བཞིན་ནོ། །ཆགས་བཅས་ཀྱི་བཅུ་དྲུག་པ་དེའི་གོང་མ་འདོད་པའི་སྒོམ་སྤང་གི་གཉེན་པོ་ཆགས་བཅས་བར་ཆད་མེད་ལམ་དགུ་པ་མན་ཆད་ཀྱི་སྒོམ་པའི་ལམ་སྦྱོར་བ་སོགས་བཞི་ལ་སྔར་གྱི་བདུན་དང་མི་ལྕོགས་པ་མེད་པས་བསྡུས་པ་རང་རང་གི་རིགས་འདྲ་གསར་པ་འཐོབ་སྟེ། གཉེན་པོ་ཡིན་པ་དང་རང་གི་རིགས་འདྲའི་རྒྱུ་རྒྱས་པས་སོ། །རྗེས་ཤེས་འདོད་པའི་གཉེན་པོ་མིན་ཡང་མཐོང་སྤང་གི་གཉེན་པོར་གྱུར་པ་རྒྱུ་རྒྱས་པས་འཐོབ་ལ། ལོ་ཀའི་ལམ་ཡིན་ན་ཀུན་རྫོབ་ཤེས་པ་དང་། ཟག་མེད་ཡིན་ན་ཆོས་དང་བདེན་པ་བཞི་ཤེས་གང་རུང་གཅིག་ད་ལྟར་བ་ཡིན་ཞིང་། བདུན་ཆར་མ་འོངས་པ་ཐོབ་ལ་གཞན་མི་ཐོབ་པ་སྔར་བཞིན་ནོ། །འདོད་པ་དང་སྲིད་རྩེ་ལས་རྒྱལ་བ་བཤད་ཟིན་ཅིང་འཆད་པར་འགྱུར་བས་བར་གྱིས་ས་བདུན་ལས་རྒྱལ་བར་བྱེད་པའི་བར་ཆད་མེད་ལམ་དྲུག་ཅུ་རྩ་གསུམ་པོ་ལ་བདུན་བདུན་ཏེ། དང་པོའི་བར་ཆད་མེད་ལམ་ཆུང་ངུའི་ཆུང་ངུ་ཟག་མེད་ཡིན་ན་ས་གསུམ་གྱི་ཆོས་དང་འགོག་ལམ་བདེན་པ་གཉིས་བདེན་པ་བཞི་ཤེས་གང་རུང་གཅིག་ད་ལྟར་བ་ཡིན་ལ། ཟག་བཅས་ཡིན་ཞིང་བསམ་གཏན་དང་པོ་ལས་རྒྱལ་བར་བྱེད་ན་གཉིས་པའི་ཉེར་བསྡོགས་ཀྱིས་ཀུན་རྫོབ་ཤེས་པ་ད་ལྟར་བ་སྟེ་མ་འོངས་པ་ནི་བདུན་པོ་རྒྱུ་རྒྱས་པ་དང་གཉེན་པོའི་རིགས་ཡིན་པས་འཐོབ་ལ། སེམས་ཤེས་བར་ཆད་མེད་ལམ་ལ་བཀག་ལ་ཕྱི་མ་གཉིས་སློབ་པ་ཡིན་པས་མི་འཐོབ་ལ། བར་ཆད་མེད་ལམ་གཞན་ཡང་དེ་དང་འདྲ་སྟེ་བྱེ་བྲག་ནི་ཀུན་རྫོབ་ཤེས་པ་རང་ས་དང་གོང་མའི་ཉེར་བསྡོགས་དང་ཟག་མེད་ཀྱི་རང་ས་ལྷག་པར་བསྣན་པའོ། །མི་སློབ་པ་ལ་བརྒྱད་དམ་དགུར་འགྱུར་བས་སློབ་པའི་མངོན་ཤེས་དང་པོ་ལྔའི་བར་ཆད་མེད་པ་ལའང་བདུན་འཐོབ་སྟེ། ཆགས་བྲལ་གྱི་ས་ཐོབ་ན་འོག་ས་ལས་རྒྱལ་བའི་བར་ཆད་མེད་པ་ཉིད་ས་བཞིའི་མངོན་ཤེས་ཀྱི་བར་ཆད་མེད་པའང་ཡིན་པས་སྔར་དང་འདྲ་ལ། འོག་ནས་འབྱུང་བའི་སྦྱོར་བས་འཐོབ་ན་ནི་རང་གི་སྦྱོར་བ་གང་ལ་བརྟེན་ནས་སྐྱེས་པ་དེ་མ་ཐག་ཏུ་མངོན་ཤེས་འབྱུང་བ་ནི་བར་ཆད་མེད་པ་སྟེ་དངོས་གཞི་གང་རུང་གིས་ཀུན་རྫོབ་ཤེས་པ་ད་ལྟར་བ་དང་། རང་དང་འོག་སའི་ཟག་མེད་ནི་རྒྱུ་རྒྱས་པས་མ་འོངས་པ་ཁོ་ན་འཐོབ་བོ། །རྟོགས་པའི་སྐལ་བ་ཅན་མི་གཡོ་བ་འཐོབ་པ་སྟེ་དེར་དབང་པོ་འཕོ་བའི་བར་ཆད་མེད་ལམ་ལ་ཐམས་ཅད་དུ་འགྲོ་བའི་ཟག་མེད་དྲུག་དང་ཟད་ཤེས་ཏེ་བདུན་འཐོབ་ལ། དུས་ནི་ཆོས་རྗེས་ཤེས་པ་གང་རུང་དང་བདེན་པ་བཞི་ཤེས་གང་རུང་དང་ཟད་ཤེས་ཏེ་གསུམ་ད་ལྟར་བ་དང་གཞན་མ་འོངས་པའོ། །ས་གང་ལ་བརྟེན་པ་གཅིག་ད་ལྟར་བ་གཞན་དགུ་ཆར་མ་འོངས་པའོ། །ཟད་ཤེས་ནི་དབང་པོ་རྟུལ་བས་རྟུལ་པོ་གཏོང་མི་ནུས་པའི་ཕྱིར་རྣོན་པོ་ཡིན་ཞིང་མི་སྐྱེ་བ་ཤེས་པ་མི་འཐོབ་སྟེ། དབང་པོ་འཕོ་བ་མ་རྫོགས་པས་མི་གཡོ་བར་མི་འགྱུར་བའི་ཕྱིར། དཔེར་ན་འོག་ས་ལས་མ་གྲོལ་བར་དངོས་གཞི་མི་འཐོབ་པ་བཞིན་ནོ། །སློབ་པའི་སྤེལ་མ་སྒོམ་པའི་བར་ཆད་མེད་ལམ་དག་ལ་ཡང་ཟག་མེད་དྲུག་དང་ཀུན་རྫོབ་ཤེས་པ་སྟེ་བདུན་འཐོབ་ལ། ཟག་མེད་ཀྱི་ཚེ་ཆོས་རྗེས་ཤེས་པ་གང་རུང་དང་བདེན་པ་བཞི་ཤེས་གང་རུང་གཅིག་ད་ལྟར་བ་དང་། ཟག་བཅས་ཀྱི་ཚེ་ཀུན་རྫོབ་ཤེས་པ་ད་ལྟར་བའོ། །ས་ནི་ད་ལྟ་བ་བཞི་པོ་ཁོ་ན་དང་ཟག་མེད་ཀྱི་དངོས་གཞི་བཞི་ཆར་མ་འོངས་པ་འཐོབ་ཅིང་ཀུན་རྫོབ་ཤེས་པ་ནི་བཞི་པ་ཁོ་ནའོ། །ས་བདུན་གྱི་གོང་མ་སྲིད་རྩེ་ལས་རྒྱལ་བའི་རྣམ་པར་གྲོལ་བའི་ལམ་དང་པོ་བརྒྱད་ལའང་ཟག་མེད་ས་དགུ་དང་། སེམས་ཤེས་པ་བཞིས་བསྡུས་པ་སྟེ་བདུན་འཐོབ་ལ། ད་ལྟར་བ་ནི་ཆོས་རྗེས་ཤེས་པ་གང་རུང་གཅིག་དང་བདེན་པ་བཞི་ཤེས་གང་རུང་གཅིག་གོ །སློབ་པ་དབང་པོ་སྦྱོང་བའི་རྣམ་གྲོལ་ལམ་ལ་ཆགས་བཅས་ཡིན་ན་ཟག་མེད་དྲུག་དང་། ཆགས་བྲལ་ཡིན་ན་སེམས་ཤེས་ཏེ་ཤེས་པ་བདུན་འཐོབ་ལ། འདོད་པའི་གཉེན་པོས་ཕྱེ་བ་ཡིན་པས་ཆོས་དང་བདེན་པ་བཞི་ཤེས་ལས་གང་རུང་གཅིག་ད་ལྟར་བ་འཐོབ་ཅིང་། ས་ནི་ཇི་ལྟར་ཐོབ་པའི་རང་དང་འོག་ས་འཐོབ་ལ་གཉིས་པ་ལ་སོགས་ཐོབ་ཀྱང་འདོད་པའི་གཉེན་པོ་ཡིན་པས་ཁྱད་པར་དུ་མི་འགྱུར་ཞིང་བརྟེན་པའི་གོང་ས་མི་ཐོབ་པར་བཤད་པ་ནི་སྤང་ལམ་ཡིན་པར་འཆད་དོ། །འམ་ཞེས་པ་ནི་ལུགས་ཐ་དད་པ་སྟེ་ཁ་ཅིག་མཐོང་ལམ་གྱིས་འབྲས་བུ་གསུམ་འཐོབ་པ་ལྟར་འདིས་ཀྱང་འཐོབ་པ་འདྲ་བས་མངོན་པར་རྟོགས་པའི་མཐའ་ལས་བྱུང་བའི་ཀུན་རྫོབ་ཤེས་པ་ཐོབ་བོ་ཞེས་ཟེར་རོ། །སྦྱོར་བའི་ལམ་ལ་ནི་དེ་གཉིས་ཀྱིས་ཀུན་རྫོབ་ཤེས་པ་ཡང་འཐོབ་བོ། །དེའི་བར་ཆད་མེད་པའི་ལམ་ལ་སེམས་ཤེས་བཀག་པས་དྲུག་ཁོ་ན་འཐོབ་ལ་དེ་བཞིན་དུ་སྲིད་རྩེ་ལས་རྣམ་པར་རྒྱལ་བར་བྱེད་པའི་བར་ཆད་མེད་ལམ་ལའང་ཟག་མེད་དྲུག་ཁོ་ནའོ། །གཉིས་པ་མི་སློབ་པ་ལ་འཐོབ་པ་ནི་སྲིད་རྩེ་ལ་འདོད་ཆགས་དང་བྲལ་བའི་རྣམ་གྲོལ་ལམ་དགུ་པ་ནི་ཟད་པ་ཤེས་པ་ཡིན་ལ་དེ་ལ་མི་སྐྱེ་བ་ཤེས་པ་མ་གཏོགས་དགུ་འཐོབ་ལ། ད་ལྟར་བ་ནི་སྡུག་ཀུན་རྗེས་ཤེས་དང་ཟད་མི་སྐྱེ་ཤེས་གང་རུང་གཅིག་དང་། ས་ནི་དགུ་ཆར་རྒྱུ་རྒྱས་པས་འཐོབ་སྟེ་སྐྱེ་བའི་རིམ་པའམ་གྲངས་ཀྱི་རིམ་པའོ། །མི་གཡོ་བའི་ཆོས་ཅན་དེས་ནི་མི་སྐྱེ་བ་ཤེས་པའང་ཐོབ་པས་བཅུ་ཆར་འཐོབ་བོ། །གང་གིས་མི་གཡོ་བ་དེར་འཕོ་བའི་རྣམ་གྲོལ་ལམ་ཐ་མ་ལའང་བཅུ་འཐོབ་བོ། །གཉིས་པ་ནི། སྔར་བཤད་པའི་ལྷག་མ་འདོད་པའི་གཉེན་པོ་རྣམ་གྲོལ་ལམ་དགུ་པ་དང་། ས་བདུན་གྱི་གཉེན་པོ་དང་མངོན་ཤེས་དང་སྤེལ་མ་སྒོམ་པའི་རྣམ་གྲོལ་དང་། མི་གཡོ་བར་དབང་པོ་འཕོ་བའི་རྣམ་གྲོལ་དང་པོ་བརྒྱད་དང་། ཆགས་བྲལ་གྱི་སྦྱོར་བ་དང་ཁྱད་པར་གྱི་ལམ་ཐམས་ཅད་ལ་ཟད་མི་སྐྱེ་ཤེས་པ་ལས་གཞན་བརྒྱད་འཐོབ་ལ། མི་སློབ་པའི་མངོན་ཤེས་དང་སྤེལ་མ་སྒོམ་པའི་བར་ཆད་མེད་ལམ་ལ་བརྒྱད་དང་དགུའམ་རྣམ་གྲོལ་ལམ་ལ་སོགས་པ་ལ་དགུ་དང་བཅུའམ། དབང་པོ་འཕོ་བའི་སྦྱོར་བ་ལ་དགུ་འཐོབ་ཅེས་ཁ་བསྐང་ངོ་། །གཉིས་པ་བྱིས་པའི་ལམ་དུ་འཐོབ་པ་ལ་གསུམ་ལས། ཆགས་བྲལ་གྱི་ལམ་ལ་ནི་འདོད་པ་དང་བསམ་གཏན་སྔ་མ་གསུམ་ལས་རྒྱལ་བའི་དངོས་གཞི་བསྡུས་པ་དང་རྣམ་གྲོལ་ཐ་མ་དང་ཁྱད་པར་གྱི་ལམ་ལ་ཀུན་རྫོབ་ཤེས་པ་ངེས་པར་འཐོབ་ལ་འདྲིས་ན་སེམས་ཤེས་ཀྱང་འཐོབ་ཅིང་། དེ་དག་གི་སྦྱོར་བ་ཉེར་བསྡོགས་ཀྱིས་བསྡུས་པ་དང་བར་ཆད་མེད་པ་རྣམ་གྲོལ་ལམ་བརྒྱད་ལ་ཉེར་བསྡོགས་ཀྱི་ཀུན་རྫོབ་ཤེས་པ་ཁོ་ན་འཐོབ་ལ་དེ་ཡན་ཆད་ལ་སེམས་ཤེས་མེད་དོ། །ཡོན་ཏན་ཁྱད་པར་ཅན་སྒྲུབ་པའི་ལམ་ལ་ནི་མངོན་ཤེས་གསུམ་དང་ཚད་མེད་དང་རྣམ་ཐར་དང་ཟད་པར་ལ་སོགས་པའི་བསམ་གཏན་གྱིས་བསྡུས་པའི་སྦྱོར་བ་དང་རྣམ་གྲོལ་དང་ཁྱད་པར་གྱི་ལམ་ལ་གཉིས་ཀ་འཐོབ་ཅིང་། མིག་རྣའི་མངོན་ཤེས་ལུང་མ་བསྟན་ཡིན་པས་མ་འོངས་པ་མི་འཐོབ་ལ། མངོན་ཤེས་སྤྲུལ་པ་མ་གཏོགས་ཞེས་པ་ནི་འཐོབ་བྱེད་བསམ་གཏན་དགེ་བ་དང་འདིར་དེ་ཉིད་གསར་དུ་མི་ཐོབ་པའམ་མ་འོངས་པ་སྔར་སྐྱེ་མེད་ཅེས་འཆད་དོ། །དེ་དག་གིས་བར་ཆད་མེད་པ་དང་བསམ་གཏན་མིན་པའི་སྦྱོར་བ་དང་རྣམ་གྲོལ་ལ་ཀུན་རྫོབ་ཤེས་པ་གཅིག་པུའོ། །ངེས་འབྱེད་ཆ་མཐུན་ལ་ནི་བསམ་གཏན་གྱི་ས་པ་ལའང་མཐོང་ལམ་གྱི་འཁོར་ཡིན་པས་སེམས་ཤེས་མི་འཐོབ་བོ། །གཉིས་པ་ལམ་གང་ལ་ས་དུས་ཐོབ་པ་ནི། འོག་ས་སྤོང་བའི་ལམ་གང་ཡིན་ཡང་རུང་སྟེ་རྣམ་གྲོལ་དགུ་པའི་ཚེ་གོང་མའི་ཉེར་བསྡོགས་དང་དངོས་གཞི་གཉིས་ཀ་ཐོབ། ས་དེ་མན་ཆད་ཉེར་བསྡོགས་ཁོ་ནའི་ཀུན་རྫོབ་ཤེས་པ་འཐོབ་ལ། ཟག་མེད་ཀྱི་ཚེ་ཤེས་པ་ནི་བསམ་གཏན་གཉིས་པ་ལྟ་བུ་གང་ལས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར། བསམ་གཏན་གཉིས་པ་གང་ཞིག་ཟག་མེད་ཐོབ་པ་ན་གནས་སྐབས་དེར་དང་པོའི་ས་གསུམ་གྱི་ཟག་མེད་ཀྱང་འཐོབ་སྟེ་གཉེན་པོའི་རིགས་ཡིན་པས་སོ། །རྣམ་གྲོལ་ལམ་ཐ་མའི་ཚེ་གསུམ་པའི་ཟག་མེད་ཀྱང་འཐོབ་སྟེ་དེས་ན་ལམ་ས་གང་ཡིན་པ་དེའི་རང་དང་འོག་ས་ཡང་འཐོབ་བོ། །ཟད་པ་ཤེས་པའི་དུས་ན་ཟག་མེད་དུ་མ་ཟད་ཟག་བཅས་ཀྱང་འཐོབ་སྟེ། ཀུན་རྫོབ་ཤེས་པ་ས་ཀུན་གྱི་ཡོན་ཏན་མི་སྡུག་པ་དང་རྣམ་ཐར་ལ་སོགས་པ་ངེས་པར་སྦྱོར་བས་ཐོབ་པ་མིན་པ་རྡོ་རྗེ་ལྟ་བུས་ཉོན་མོངས་པའི་ཐག་པ་བཅད་པ་ན་དར་གྱི་སྦྲོག་མ་ཐག་པ་བཅད་དེ་དབུགས་ཕྱིན་པ་ལྟ་བུ་དང་ཆོས་མཐུན་པར་ཐོབ་པའི་ཕྱིར། དཔེར་ན་རྒྱལ་སྲིད་ཐོབ་པ་ན་ཡུལ་མིས་ནོར་གྱིས་བསུ་བ་ལྟར་རོ། །དེ་ཡང་འདོད་པའི་རྟེན་ལ་ས་དགུ་ཆར་ནས་སྲིད་རྩེ་ལ་རང་སའི་བར་ཡིན་ལ། སྔོན་རྙེད་ཟིན་པ་ནི་མི་འཐོབ་སྟེ་ཉམས་པ་ལས་རྙེད་པ་དེ་ཡང་མི་ཐོབ་ལ། སློབ་དཔོན་འདུས་བཟང་ནི་ཐོབ་པ་བཏང་བ་འཁོར་བ་ནས་འདྲིས་པ་རྣམས་མ་འབད་པར་མངོན་དུ་འགྱུར་ལ། དབྱིག་བཤེས་ན་རེ། ད་ལྟར་མི་ལྡན་ན་བཏང་ཡང་འཐོབ་བོ་ཞེས་ཟེར་རོ། །གསུམ་པ་ཐོབ་པའི་དབྱེ་བ་ནི། རྙེད་པ་ཁོ་ན་ཐོབ་བམ་ཞེ་ན། བཞི་སྟེ། ཆོས་སྔར་མེད་རྙེད་པ་དང་། ཆོས་དེ་དངོས་སུ་ཡང་ཡང་བརྟེན་པ་སྟེ་ད་ལྟར་བའི་གཉིས་ཀ་དང་མ་འོངས་པའི་རྙེད་པ་ཁོ་ན་འཐོབ་ཀྱི་བརྟེན་དུ་མེད་ལ། འདས་པ་ལ་གཉིས་ཀ་མེད་དེ་ཐོབ་ཟིན་ལྡན་པར་ཟད་པའམ་ཤེས་པའི་ཐོབ་པ་དང་བསྟུན་པར་འཆད་ཅིང་། ཉོན་མོངས་ཅན་དང་ལུང་མ་བསྟན་ཁ་ཅིག་ལ་རྙེད་བརྟེན་གཉིས་ཀ་དང་འདུས་མ་བྱས་ལ་རྙེད་པ་ཡོད་ཀྱང་། དགེ་བ་འདུས་བྱས་ཐོབ་པར་འཆད་པ་ནི་ཤེས་པ་ཕལ་ཆེར་དགེ་བ་འདུས་བྱས་ཡིན་པར་འདོད་པ་དང་བསྟུན་པའམ་སྤྱིའི་ཆོས་བྱེ་བྲག་ལ་བསྟན་པར་འཆད་དོ། །གཉེན་པོ་ནི་ལམ་སྟེ་ལུས་སེམས་ཀྱི་གཉེན་པོ་སྒོམ་པ་དང་། ཉོན་མོངས་ཅན་གྱི་ཐོབ་པ་གཅོད་པ་ཐག་སྲིང་བའི་ཐོབ་པ་གཉིས་ནི་ཟག་བཅས་སྤང་བའི་དོན་དུ་ཡིན་ལ། དེ་གཉིས་ཀྱི་ཁྱད་པར་ནི་སྤང་བྱ་ཉོན་མོངས་ཅན་ཁོ་ནས་ཁྱད་པར་དུ་མ་བྱས་པ་དང་བྱས་པར་འཆད་དོ། །དེས་ན་དགེ་བ་ཟག་བཅས་ལ་བཞི་དང་ལུང་མ་བསྟན་ལ་ཐ་མ་གཉིས་དང་ཟག་མེད་ལ་དང་པོ་གཉིས་སོ། །ཉི་འོག་པ་སྡོམ་པ་དང་རྣམ་པར་འཇིག་པའི་འཐོབ་པ་དང་དྲུག་ཏུ་འདོད་པ་ནི་གཉེན་པོ་དང་ཐག་སྲིང་བའི་ནང་དུ་འདུས་པར་ཁ་ཆེ་བ་འདོད་དོ། །གསུམ་པ་ཤེས་པའི་ཡོན་ཏན་ལ་གཉིས་ཏེ། ཐུན་མོང་མ་ཡིན་པའི་ཡོན་ཏན་དང་། ཐུན་མོང་བའི་ཡོན་ཏན་ནོ། །དང་པོ་ལ་དབྱེ་བའི་སྒོ་ནས་མདོར་བསྟན། སོ་སོའི་རང་བཞིན་རྒྱས་པར་བཤད། མཉམ་མི་མཉམ་གྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་དབྱེ་གཞི། དབྱེ་ན་བཅོ་བརྒྱད་ཡོད་དེ། སྟོབས་བཅུ་ལ་སོགས་པ་མི་འཇིགས་པ་བཞི། དྲན་པ་ཉེར་གཞག་གསུམ་ཐུགས་རྗེ་ཆེན་པོ་རྣམས་སོ། །གཉིས་པ་ལ། སྟོབས་བཅུ། མི་འཇིགས་པ་བཞི། དྲན་པ་ཉེར་གཞག་གསུམ། ཐུགས་རྗེ་ཆེན་པོ་བཤད་པའོ། །དང་པོ་ལ། སོ་སོའི་རང་བཞིན། ས་གང་གིས་བསྡུས་པ། སངས་རྒྱས་ཉིད་ལ་བཞག་པའོ། །དང་པོ་ནི། གནས་དང་གནས་མིན་པ་མཁྱེན་པའི་སྟོབས་ནི་ཤེས་པ་བཅུ་སྟེ། དེའི་ཡུལ་ཆོས་ཡིན་པ་ས་བཅུ་ཆར་གྱིས་ཤེས་ཏེ། བདེན་པ་དང་པོ་གཉིས་འགོག་ཤེས་ལས་གཞན་བརྒྱད་འགོག་པ་འགོག་ཤེས་དང་དེའི་ཆ་ཤེས་པ་བཞི་སྟེ་ལྔ་དང་ལམ་ནི་ལམ་ཤེས་ཆ་ཤས་དྲུག་དང་འདུས་མ་བྱས་ལུང་མ་བསྟན་ནི་ཀུན་རྫོབ་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །ལས་དང་འབྲས་བུ་མཁྱེན་པའི་སྟོབས་ལ་ཤེས་པ་བརྒྱད་ཡོད་དེ། ཡུལ་ནི་ཟག་བཅས་སྡུག་ཀུན་ཡིན་པས་འགོག་ལམ་བོར་བའོ། །བསམ་གཏན་བཞི་དང་། སོགས་པ་རྣམ་ཐར་བརྒྱད་ལ་སོགས་པ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པ་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་རྣམས་ལ་ནི་ཤེས་པ་དགུ་སྟེ་འགོག་ཤེས་བོར་བ་རྣམས་ཀྱིས་དངོས་པོ་རིག་ལ་མཚན་ཉིད་ནི་དངོས་རིག་གོ །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་ནི་འབྲས་བུ་ཡང་བཟུང་ན་ཤེས་པ་བཅུ་སྟེ་དེས་དངོས་པོ་རིག་ལ། འམ་ཞེས་པ་ལམ་ཉིད་བཟུང་ན་འགོག་ཤེས་བོར་བ་དགུའོ། །སྔོན་གནས་རྗེས་སུ་དྲན་པ་མཁྱེན་པ་དང་འཆི་བ་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་གཉིས་ནི་ཀུན་རྫོབ་གཅིག་པུ་ཡིན་ཏེ། དེས་རང་མཚན་གྱི་རྣམ་པར་མཁྱེན་པའི་ཕྱིར་རོ། །ཟག་པ་ཟད་པ་མཁྱེན་པའི་སྟོབས་ནི་ཤེས་པ་དྲུག་གམ་བཅུ་ཡིན་ཏེ། ཟག་ཟད་འགོག་པ་ཉིད་བཟུང་ན་འགོག་ཤེས་ལྔ་ཀུན་རྫོབ་ཤེས་པ་དང་དྲུག་ཡིན་ལ་ཟག་པ་ཟད་པའི་རྒྱུད་ཀྱི་མཁྱེན་པ་བཟུང་ན་བཅུར་ཡོད་དོ། །གཉིས་པ་ནི། སྔོན་གནས་དང་འཆི་འཕོ་སྐྱེ་བ་མཁྱེན་པའི་སྟོབས་ནི་བསམ་གཏན་བཞི་པོ་དག་ཁོ་ན་ན་ཡོད་དེ་བསྐྱེད་དཀའ་བས་སོ། །ལྷག་མ་བརྒྱད་ནི་ས་བཅུ་གཅིག་པོ་རྣམས་ལས་ཀུན་རྫོབ་ཤེས་པ་ཀུན་ན་ཡོད་ཅིང་ཤེས་པ་ཟག་མེད་དགུའི་ཅི་རིགས་པར་ཡོད་དོ། །རྟེན་ནི་འཛམ་གླིང་གི་སྐྱེས་པ་ཁོ་ནའོ། །གསུམ་པ་ནི། ཤེས་པ་བཅུ་གཞན་ལ་ཡོད་པ་སྟོབས་མིན་གྱི་སངས་རྒྱས་ཁོ་ནའི་སྟོབས་ཞེས་བྱའོ། །ཅིའི་ཕྱིར་སངས་རྒྱས་འདི་ཁོ་ནའི་ཤེས་པ་སྟོབས་ཡིན་ཞེ་ན། རྒྱུ་མཚན་གང་གི་ཕྱིར་ན་གནས་དང་གནས་མིན་སོགས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མངའ་བར་འཇུག་པའི་ཕྱིར་རོ། །གཞན་གྱིས་ནི་ཕྱོགས་རེ་ཤེས་ཀྱི་ཐོགས་མེད་དུ་མི་འཇུག་གོ །ཐུགས་ཀྱི་སྟོབས་ནི་ཤེས་བྱ་ལྟར་མཐའ་ཡས་ན། སྐུ་ལ་སྟོབས་ཇི་ཙམ་མངའ་ཞེ་ན། སྲིད་མེད་ཀྱི་བུའི་སྟོབས་ཞེས་པ་མངའ་ལ། སྡེ་པ་གཞན་དག་ན་རེ། ཚིགས་རེ་རེ་ན་སྟོབས་རེ་མངའ་བས་ཚིགས་སུམ་བརྒྱ་དྲུག་ཅུ་ཡོད་པ་ནའོ། །བཙུན་པ་ན་རེ། སྐུའི་སྟོབས་ཀྱང་མཐའ་ཡས་ཏེ་གཞན་དུ་མཁྱེན་པའི་སྟོབས་བཟོད་པར་མི་འགྱུར་རོ་ཞེས་ཟེར་རོ། །སྲེད་མེད་ཀྱི་བུའི་སྟོབས་ཚད་ཇི་ཙམ་ཞེ་ན། གླང་པོ་ཆེ་ཕལ་པ་དང་སོགས་པ་སྤོས་ཀྱི་དང་། ཚན་པོ་ཆེ་དང་རབ་གནོན་དང་ཡན་ལག་མཆོག་དང་སྟོབས་མཆོག་དང་སྲེད་མེད་ཀྱི་བུ་དང་བདུན་གོང་ནས་གོང་དུ་བཅུ་བཅུས་གླགས་པ་སྟེ་བསྒྱུར་བའི་སྟོབས་ནི་དེའི་བུའི་སྟོབས་ཡིན་ནོ། །ཁ་ཅིག་སྟོབས་མཆོག་བཅུའི་སྟོབས་དེ་ནི་སྲེད་མེད་ཀྱི་བུའི་སྟོབས་ཕྱེད་ཡིན་ནོ་ཞེས་སོ་སྐུའི་སྟོབས་ཇི་ལྟར་ཆེ་བ་དེ་ལྟར་རུང་སྟེ། ལྷས་བྱིན་གྱིས་བསད་པའི་གླང་ཆེན་གྱི་རོ་རྭ་བ་དང་འོབས་བདུན་ཟློ་བས་མཐའ་ཡས་པར་སློབ་དཔོན་བཞེད་དོ། །སྐུའི་སྟོབས་དེ་ནི་རེག་བྱ་འབྱུང་བའི་རང་བཞིན་ནམ། ཁ་ཅིག་སྔར་བཤད་པའི་འབྲས་བུའི་རེག་བྱ་ལས་གཞན་པའི་རེག་བྱའི་སྐྱེ་མཆེད་དོ་ཞེས་ཟེར་རོ། །གཉིས་པ་མི་འཇིགས་པ་ནི་རྣམ་པ་བཞིར་ངེས་ཏེ། རང་དོན་ཡེ་ཤེས་དང་སྤངས་པ་ལས་བརྩོམ་པ་གཉིས། གཞན་དོན་སྤང་བྱ་དང་གཉེན་པོ་ལས་བརྩོམ་པ་གཉིས་ཏེ་བཞིའོ། །དེ་ཇི་ལྟར་ན་སྟོབས་དང་པོ་ཤེས་པ་བཅུ་ཡིན་པ་བཞིན་མི་འཇིགས་པ་དང་པོ་ཡང་དེ་བཞིན་དུ་ཡིན་ཏེ། ཆོས་ཐམས་ཅད་སངས་རྒྱས་པ་ནི་ཤེས་བྱ་ཀུན་ལ་བློ་རྒྱས་པ་ཡིན་པའི་ཕྱིར་སྟོབས་བཅུ་པོ་ཤེས་པ་དྲུག་གམ་བཅུ་ཡིན་པ་དེ་བཞིན་དུ་མི་འཇིགས་པ་གཉིས་པ་ཡང་ཡིན་ཏེ། ཟག་པ་ཟད་དོ་ཞེས་པ་འགོག་པ་ཉིད་བཟུང་ན་དྲུག་དང་རྒྱུད་ཀྱི་མཁྱེན་པ་བཟུང་ན་བཅུའོ། །སྟོབས་གཉིས་པ་ཤེས་པ་བརྒྱད་ཡིན་པ་བཞིན་མི་འཇིགས་པ་གསུམ་པ་ཡང་དེ་བཞིན་དུ་ཡིན་ནོ། །གསུམ་པ་ནི་བར་ཆད་ཀྱི་ཆོས་སྡུག་ཀུན་གཉིས་ཡིན་པས་སོ། །སྟོབས་བདུན་པ་ཤེས་པ་དགུའམ་བཅུ་ཡིན་པ་བཞིན་དུ་མི་འཇིགས་པ་བཞི་པ་ཡིན་ཏེ། བཞི་པ་ཡང་ངེས་འབྱིན་གྱི་ལམ་འབྲས་གཉིས་ཀ་བཟུང་ན་བཅུ་དང་ལམ་ཉིད་བཟུང་ན་དགུའོ། །མཁྱེན་པ་ཉིད་ཇི་ལྟར་མི་འཇིགས་པ་ཡིན་ཞེ་ན། བྱེ་སྨྲ་ན་རེ། ཤེས་པས་མངོན་སུམ་དུ་མཐོང་ནས་དེ་ལྟར་མ་ནོར་བར་གསུངས་པས་སོ་ཞེས་ལ། སློབ་དཔོན་ནི་འཇིགས་པ་ནི་སེམས་བྱུང་གཞན་ཡིན་ལ་དེའི་གཉེན་པོ་སེམས་བྱུང་ནི་མི་འཇིགས་པ་སྟེ་ཤེས་པ་རྒྱུར་བྱས་ནས་མི་སྐྲག་པར་འགྱུར་བས་ཤེས་པའི་འབྲས་བུའོ་ཞེས་སོ། །གསུམ་པ་དྲན་པ་ཉེ་བར་བཞག་པ་ནི། ཆགས་སྡང་གི་གཉེན་པོ་མ་བརྗེད་པའི་དྲན་པ་དང་བྱ་བ་ཡིན་མིན་ཤེས་པའི་ཤེས་བཞིན་གྱི་བདག་ཉིད་ཀུན་རྫོབ་ཤེས་པ་སྟེ་དེ་གསུམ་ཤེས་པ་ཁོ་ན་མ་ཡིན་ནོ། །མ་འདྲེས་པར་བཞག་པའི་རྒྱུ་ནི་ཅི་ཉན་ཐོས་ཁ་ཅིག་ཀྱང་དེ་ལྟ་བུ་ལ་ཆགས་སྡང་མི་འབྱུང་ངོ་ཞེ་ན། བྱེ་སྨྲ་ན་རེ། སངས་རྒྱས་ཀྱིས་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་ཞེས་བཞེད་ལ། སློབ་དཔོན་ནི་དེ་ཡང་སངས་རྒྱས་ཀྱི་ཆེ་བར་བཞག་གི་ཉན་ཐོས་ཀྱིས་མིན་ནོ་ཞེས་བཞེད་དོ། །བཞི་པ་ཐུགས་རྗེ་ཆེན་པོ་ནི་ཀུན་རྫོབ་ཀྱི་བློ་གཏི་མུག་མེད་པ་སྟེ། སུ་ནི་དང་། སུ་ནི་རྒུད་ཞེས་སོགས་ཉིན་མཚན་དྲུག་ཏུ་བརྩེ་བས་སོ། །ཅིའི་ཕྱིར་ཆེན་པོ་ཡིན་ཞེ་ན། གྲངས་མེད་གསུམ་གྱི་ཚོགས་གཉིས་ཆེན་པོས་འགྲུབ་པའི་ཕྱིར་དང་། དུཿཁ་གསུམ་དང་ལྡན་པ་ལ་བརྩེ་བས་རྣམ་པ་འཛིན་སྟངས་ཆེ་བ་དང་། སེམས་ཅན་ཐམས་ཅད་ལ་དམིགས་པས་སྤྱོད་ཡུལ་རྒྱ་ཆེ་བ་དང་། ཁམས་གསུམ་པའི་སེམས་ཅན་ལ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་སྒོ་ནས་སྡུག་མི་སྡུག་མཉམ་པར་འཇུག་པའི་ཕྱིར་དང་། བརྩེ་བའི་རྣམ་པ་ཆེས་ཆེ་བའི་ཕྱིར་ན་ཆེན་པོ་སྟེ། རྒྱུ་དང་ཡུལ་དང་ངོ་བོ་ཉིད་གསུམ་གྱིས་ཆེ་བར་བསྟན་ཏོ། །སྙིང་རྗེ་དང་ཐ་དད་དུ་བྱ་བ་ཅི་ཡོད་ཅེ་ན། རྣམ་པ་བརྒྱད་ཡོད་དེ། ངོ་བོ་ཞེ་སྡང་གཏི་མུག་མེད། །དམིགས་པ་ཁམས་གཅིག་ཁམས་གསུམ་པ། །རྣམ་པ་དུཿཁ་ཅིག་དང་གསུམ། །ས་ནི་བསམ་གཏན་བཞི་བཞི་པ། །རྒྱུད་ནི་ཉན་ཐོས་སོགས་དང་རྒྱལ། །ཐོབ་པ་འདོད་དང་སྲིད་རྩེའི་བྲལ། །དོན་ནི་ཡོངས་སུ་སྐྱོབ་མི་སྐྱོབ། །ལས་ནི་མི་འདྲ་འདྲ་བར་འཇུག །ཅེས་པའོ། །གསུམ་པ་མཉམ་མི་མཉམ་གྱི་སྒོ་ནས་མཇུག་བསྡུ་བ་ནི། ཅི་སངས་རྒྱས་ཐམས་ཅད་དེ་དག་ལ་སོགས་པ་ཡོན་ཏན་ཀུན་གྱིས་མཉམ་མམ་ཞེ་ན། ཡེ་ཤེས་རྒྱུ་ཚོགས་གཉིས་རྒྱུན་རིང་ཐུང་སོགས་ཅུང་ཟད་ཡོད་ཀྱང་ཡོངས་སུ་རྫོགས་པས་འགྲུབ་པ་དང་། འབྲས་བུ་ཆོས་ཀྱི་སྐུ་ཡོངས་སུ་འགྲུབ་པ་དང་ཕན་འདོགས་པ་འགྲོ་བ་མཐོ་རིས་དང་བྱང་གྲོལ་ལ་འགོད་པའི་དོན་གྲངས་མི་མཚུངས་ཀྱང་གཅིག་གི་མཛད་སྤྱོད་ཀུན་གྱིས་མཛད་ཅིང་སྤྱོད་པས། ཆོས་དེ་གསུམ་གྱི་སྒོ་ནས་མཉམ་པ་ཉིད་ཡིན་ལ། དེ་ལས་གཞན་དུ་སངས་རྒྱས་བཟང་ངན་དུ་འགྱུར་བའི་ཕྱིར་རོ། །སྐུ་ཚེ་དང་རིགས་དང་སྐུ་བོང་ཚོད་ཀྱིས་ནི་མཉམ་པ་མིན་ཏེ་གདུལ་བྱ་དང་མཐུན་པར་མཇུག་པས་སོ། །དེ་ཡང་རྟོགས་པ་བརྗོད་པ་ཆེན་པོའི་མདོ་ལས། རྣམ་གཟིགས་ཀྱི་ཚེ་ཚད་ནི་ལོ་སྟོང་ཕྲག་བརྒྱད་ཅུ་དང་། སྟོན་པའི་ནི་བརྒྱ་དང་། རིགས་ནི་རྣམ་གཟིགས་རྒྱལ་རིགས་སུ་གྱུར་པ་དང་། གཙུག་ཏོར་ནས་འོད་སྲུང་གི་བར་བྲམ་ཟེ་དང་། སྟོན་པ་ནི་གོའུ་ཏ་མར་གྱུར་པ་དང་། སྐུ་ཚད་ནི་སྟོན་པ་ཁྲུ་བཞི་པ་དང་བྱམས་པ་ཁྲུ་བརྒྱད་ཅུ་པར་གྱུར་པ་གསུངས་པ་ལྟ་བུའོ། །དེ་ལ་རིགས་སྤྱི་ཡིན་ལ་གདུང་ནང་ཚན་ནོ། །གཉིས་པ་ཐུན་མོང་བའི་ཡོན་ཏན་ལ། མདོར་བསྟན། རྒྱས་པར་བཤད་པའོ། །དང་པོ་ནི། སངས་རྒྱས་རྣམས་ཀྱི་ཡོན་ཏན་གྱི་ཆོས་གཞན་དག་ནི་དངོས་པོ་ལ་ཁྱད་པར་ཆེར་ཡོད་ཀྱང་གཞན་ལའང་རིགས་འདྲ་མཚན་ཉིད་པ་ཡོད་པས་སློབ་མ་ཉན་ཐོས་དང་ཐུན་མོང་བ་ཡིན་ལ། དེ་ནི་ཉོན་མོངས་མེད་པ་དང་སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པའི་ཡོན་ཏན་དང་། སོགས་པ་ཟག་ཟད་མངོན་ཤེས་དང་འགོག་པའི་རྣམ་ཐར་རོ། །ཁ་ཅིག་ནི་སོ་སོའི་སྐྱེ་བོ་དང་ཐུན་མོང་བ་ཡིན་ཏེ། དེ་ནི་མངོན་ཤེས་སོགས་སོ། །གཉིས་པ་ལ། འཕགས་པ་དང་ཐུན་མོང་བ། ཕལ་ཆེར་སོ་སྐྱེ་དང་ཐུན་མོང་བ་གཉིས་ལས་སོ། །དང་པོ་ལ། སོ་སོའི་ངོ་བོ། དེ་རྣམས་ཐུན་མོང་གི་ཐོབ་ཚུལ་ལོ། །དང་པོ་ལ་ཉོན་མོངས་མེད་པ། སྨོན་ནས་ཤེས་པ། སོ་སོ་ཡང་དག་རིག་པའོ། །དང་པོ་ནི། ཉོན་མོངས་མེད་པ་དེའི་ངོ་བོ་ནི་ཀུན་རྫོབ་ཤེས་པ་སྟེ་ཏིང་ངེ་འཛིན་གྱིས་བདག་ལ་ཉོན་མོངས་བསྐྱེད་པར་འགྱུར་བར་རིག་ནས། ཇི་ལྟར་ན་མི་སྐྱེ་བར་འགྱུར་སྙམ་དུ་མཐོང་བ་ལ་སོགས་པའི་ཐབས་ལ་སྤྱོད་ཅིང་། དེ་ལས་ལངས་པའི་ཚེ་སྔར་དང་རྗེས་སུ་མཐུན་པར་གཞན་གྱི་སེམས་སྲུང་བའི་ཐབས་ཀྱི་ཁྱད་པར་ཡིན་གྱི། ཏིང་ངེ་འཛིན་སྐྱེས་ཙམ་ཁོ་ནའི་མཐུས་ཉོན་མོངས་མི་སྐྱེ་བ་མིན་ནོ། །དེ་སྒོམ་པའི་དགོས་པ་ནི་སེམས་ཅན་ལ་དུཿཁ་མི་བསྐྱེད་པའི་ཕྱིར་ཏེ། དེ་ནི་ཕལ་ཆེར་ཉོན་མོངས་པ་ལས་སྐྱེ་ཞིང་། རང་ཉིད་ཀྱང་ཡོན་གནས་ཁྱད་པར་དུ་རིག་ནས་བདག་ལ་གཞན་གྱིས་ཉོན་མོངས་མི་སྐྱེ་བར་བྱེད་པའོ། །བསྡུ་བར་དགོས་པ་གསུམ་བཤད་དོ། །ས་ནི་བསམ་གཏན་གྱི་མཐའ་བཞི་པ་ན་ཡོད་དེ། དེ་ལམ་སླ་བའི་མཆོག་ཡིན་པས་སོ། །གང་སྤེལ་ལས། སྡུག་བསྔལ་གྱི་རྒྱུ་དང་འགལ་བ་དང་ལམ་སླ་བས་ཞེས་བཤད། རྟེན་ནི་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ཁོ་ནས་བསྐྱེད་དེ་གཞན་ནི་ཉམས་པ་སྲིད་པ་དང་། སློབ་པ་གཉིས་ནི་རང་གི་ཡང་མ་སྤངས་ན་གཞན་གྱི་ག་ལ་ནུས། དེ་ཡང་གླིང་གསུམ་གྱི་མིས་བསྐྱེད་དེ། བློ་གསལ་བ་དང་གྲོགས་ཉོན་མོངས་མང་བ་དང་ལྷན་ཅིག་ཡིན་པའི་ཕྱིར་རོ། །རང་དང་གནས་ལ་སོགས་པ་ལ་ཡང་ཅུང་ཟད་དམིགས་ཀྱང་ཆེད་དུ་བྱ་བའི་ཡུལ་ཉོན་མོངས་པ་ནི་འདོད་པར་གཏོགས་པ་སྟེ། མིའི་འཕགས་པ་ལ་འདོད་པའི་སེམས་ཅན་གྱིས་ཉོན་མོངས་བསྐྱེད་པའི་ཕྱིར་རོ། །དེ་སྐྱེས་ཟིན་སྤོང་མི་ནུས་པས་མ་སྐྱེས་པ་དང་། དེ་ཡང་གཞི་མེད་མཐོང་སྤང་གི་ཀུན་འགྲོ་ནི་རང་ས་ཐམས་ཅད་ལ་དམིགས་ཤིང་གཞན་འཕགས་པ་ལ་མི་དམིགས་པས་གཞི་དང་བཅས་པ་སྒོམ་སྤང་ཉོན་མོངས་སྤྱོད་ཡུལ་དུ་བྱས་ནས་མི་སྐྱེ་བར་གྱུར་ཅིག་སྙམ་པའི་རྣམ་པ་ཅན་ནོ། །གཉིས་པ་ནི། སྨོན་ནས་ཤེས་པའི་ངོ་བོ་ནི་འདི་ཤེས་པར་བྱའོ་ཞེས་སྨོན་པའམ་བསམ་པ་སྔར་བཏང་ནས་སྐྱེ་བ་སྔ་ཕྱི་ལ་སོགས་པ་ཤེས་པ་སྟེ། ངོ་བོ་ལ་སོགས་པ་བཞི་ནི་དེའང་ཉོན་མོངས་མེད་པ་དེ་བཞིན་ནོ། །དེའི་དམིགས་པ་ནི་སྟོབས་ལྟར་ཐོགས་མེད་མིན་ཡང་ཉོན་མོངས་པས་ལྷག་པའམ་ཕལ་ཆེ་བས་ཆོས་ཐམས་ཅད་དེ། བྱེ་སྨྲ་ན་རེ། འདི་ཡང་གོང་ས་ཡུལ་མིན་པས་གཟུགས་མེད་ཀྱི་ཚེ་སྔ་ཕྱི་དངོས་སུ་མི་ཤེས་ཀྱི་རྗེས་སུ་དཔག་ནས་ཤེས་པར་ཟད་དེ། འབྲུ་ལས་ཞིང་ལྟར་ཞེས་བཤད་དོ། །གཞན་དག་སངས་རྒྱས་ཀྱིས་དངོས་སུ་ཤེས་པར་འདོད་དོ། །གསུམ་པ་ནི། སོ་སོ་ཡང་དག་རིག་པ་ནི་བཞི་སྟེ། ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །ཉོན་མོངས་མེད་པ་དེ་བཞིན་དུ་འདི་ཡང་གང་ཟག་དང་རྟེན་འདྲ་ལ་གཞན་རྣམས་ནི་མི་འདྲ་སྟེ། དང་པོ་གསུམ་གྱི་ཡུལ་ནི་གོ་རིམ་བཞིན་དུ་དོན་འདིའི་མིང་ནི་སྔོན་གྲགས་པ་འདིའོ་ཞེས་པ་དང་། ཆོས་ནི་བསྟན་པའི་ཆོས་ཏེ་དེའི་མིང་ཚིག་གི་ཡི་གེའི་ཚོགས་ལ་ཐོགས་པ་མེད་པར་ཤེས་པ་དང་མིང་འདིའི་དོན་ནི་འདིའོ་ཞེས་སམ། དོན་གྱི་མཆོག་ཐར་པའི་དངོས་པོའམ་མཚན་ཉིད་ཐོགས་མེད་དུ་ཤེས་པ་དང་། ངག་སྒྲ་ཐ་དད་པའི་རྒྱུ་མཚན་ལ་ཐོགས་མེད་དུ་ཤེས་ལ། བཞི་པ་ནི་རིགས་པ་ཏེ་དོན་དང་འབྲེལ་བས་ཐགས་ཐོགས་མེད་པ་སྟེ། ཅི་ལ་ཞེ་ན། དོན་དང་འབྲེལ་བའི་ངག་མངོན་པར་བརྗོད་པའམ་རྒོལ་ཕྱིར་རྒོལ་སྒྲུབ་པ་དང་སུན་འབྱིན་གྱི་འབེལ་བའི་གཏམ་ལ་དབང་བ་སྟེ་ཐོགས་མེད་དུ་ངག་ཀུན་ནས་སློང་བར་བྱེད་ཅིང་ལམ་ནི་ཏིང་ངེ་འཛིན་ཐོབ་པ་མི་བརྗེད་པའི་སྒོ་ནས་ཇི་ལྟར་འདོད་པར་འཇུག་པའམ་རང་ངམ་གཞན་གྱིས་མི་ཐོབ་པར་ཤེས་པ་ལ་དབང་བ་ཉིད་ལ་སྟེ་ཐོགས་པ་མེད་པས་དེའི་དམིགས་པ་ནི་ངག་དང་ལམ་ཞེས་བཤད་པ་ཡུལ་གཞན་ཡོད་པར་མཚོན་པའོ། །མཚན་ཉིད་ནི་བཞི་པའི་ཤེས་དགུའི་རང་བཞིན་ཏེ་འགོག་ཤེས་བོར་བའོ། །འདི་ནི་ས་ཐམས་ཅད་པ་ཡིན་ཏེ། ངག་ལམ་གཉིས་གང་རུང་ལ་དམིགས་པས་སོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་ཤེས་པ་བཅུའམ་དྲུག་ཡིན་ཏེ། དོན་ཆོས་ཐམས་ཅད་ཡིན་ན་བཅུ་དང་། མྱང་འདས་ཡིན་ན་འགོག་ཤེས་ཆ་ཤས་ལྔ་ཀུན་རྫོབ་ཤེས་པའོ། །དེ་ནི་ས་ཀུན་ན་ཡོད་དོ། །གཞན་གཉིས་ནི་ཀུན་རྫོབ་ཤེས་པའི་རང་བཞིན་ཏེ། མིང་ལ་སོགས་པ་དག་ལ་དམིགས་པས་སོ། །ཆོས་རིགས་ནི་འདོད་པ་དང་བསམ་གཏན་བཞི་ན་ཡོད་དེ། ཡན་ཆད་ན་མིང་གི་ཚོགས་མེད་པས་སོ། །ངག་སྟེ་ངེས་པའི་ཚིག་རིག་པ་ནི་འདོད་པ་དང་བསམ་གཏན་དང་པོ་ཁོ་ན་ན་ཡོད་དེ། ཡན་ཆད་ན་རྟོག་པ་མེད་པས་སོ། །ཊཱི་ཀར་ངེས་ཚིག་ལས་གཞན་གསུམ་མཉམ་རྗེས་ཅིག་ཅར་དུ་བཤད་ཅིང་། ཁ་ཅིག་ཆོས་རིག་རྗེས་ཐོབ་ཐོས་བསམ་གྱི་ངོ་བོ་ཡིན་ཞེས་ཟེར་རོ། །གང་རུང་གཅིག་མ་ཚང་བར་ནི་བཞི་པོ་དེ་ཐོབ་པ་མེད་དེ། གཅིག་ཡོད་ན་ཀུན་ཡོད་པར་ངེས་པའི་ཕྱིར་རོ། །དེ་དག་བསྐྱེད་པའི་སྔོན་གྱི་སྦྱོར་བ་ནི་རིམ་བཞིན་ཨངྐ་བསྒྱུར་བ་ལ་སོགས་པའི་རྩིས་དང་། སངས་རྒྱས་ཀྱི་བཀའ་དང་། སྒྲ་དང་གཏན་ཚིགས་རིགས་པ་ལ་མཁས་པར་བྱའོ་ཞེས་ཁ་ཅིག་འདོད། འོན་ཀྱང་དང་པོ་གཉིས་བཟློག་ན་ལག་རྗེས་མཐུན་ནོ་ཞེས་གཞན་དག་ཟེར་རོ། །བྱེ་སྨྲ་ནི་ཐམས་ཅད་ཀྱི་སྦྱོར་བ་བཀའ་ཁོ་ནར་འདོད་དོ། །ཚིག་ལས་དོན་རྟོགས་ནས་སྒྲ་བཤད་པ་ངེས་ཤིང་ཐོགས་པ་མེད་པར་བསྒྱུར་བས་གོ་རིམ་ཡང་གྲུབ་བོ། །གཉིས་པ་འཐོབ་ཚུལ་ནི། ཡོན་ཏན་དྲུག་པོ་དེ་དག་ནི་རབ་ཀྱི་མཐའི་བསམ་གཏན་གྱི་སྟོབས་ཀྱིས་འཐོབ་ལ། རབ་མཐའ་དེ་ནི་རྣམ་པ་དྲུག་སྟེ་སྔར་གྱི་དྲུག་ལས་ངེས་ཚིག་བོར་བ་ལྔ་དང་རབ་མཐའ་ཙམ་པོའོ། །རབ་མཐའ་དེ་གང་ཞེ་ན། བསམ་གཏན་ཐམས་ཅད་ཀྱི་མཆོག་ཡིན་པས་བཞི་པ་ཁོ་ན་རབ་མཐའ་ཡིན་ལ། བཞི་པ་དེ་ནི་འདོད་པ་ནས་སྲིད་རྩེའི་བར་ས་ཀུན་གྱིས་མཐར་གྱིས་གནས་པ་ལུགས་མཐུན་དང་ལུགས་དང་མི་མཐུན་པར་ཞུགས་པས་མཐུན་པ་སྟེ། རྒྱུར་བྱས་པས་ཆུང་ངུ་ལས་འབྲིང་དང་དེ་ལས་ཆེན་པོར་འཕེལ་བའི་རབ་ཀྱི་མུ་མཐར་ཕྱིན་པས་ན་མུ་བཞི་པ་ལྟར་གྱི་མཐའ་པ་ཡིན་ནོ། །ཡོན་ཏན་དྲུག་པོ་དེ་དག་ཀྱང་སངས་རྒྱས་ལས་གཞན་པའི་ནི་སྦྱོར་བ་ལས་སྐྱེས་པ་ཡིན་གྱི། འདོད་ཆགས་དང་བྲལ་བ་ལས་ཐོབ་པ་ནི་མ་ཡིན་ནོ། །སངས་རྒྱས་ཀྱི་ནི་སྦྱོར་བ་ལས་བྱུང་བ་ནི་ཅུང་ཟད་ཀྱང་མེད་དེ། ཡོན་ཏན་ཐམས་ཅད་མངོན་དུ་གྱུར་པ་བཞེད་པ་ཙམ་ལ་རག་ལས་པའི་ཕྱིར་རོ། །གཉིས་པ་སོ་སྐྱེ་དང་ཐུན་མོང་བ་ལ་དྲུག་སྟེ། དབྱེ་བ། ངོ་བོ། ས། སྤྱོད་ཡུལ། འཐོབ་ཚུལ། དེ་དག་གཏན་ལ་ཕབ་པའོ། །དང་པོ་ནི། གོང་དུ་མངོན་པར་ཤེས་པ་ཞེས་གསུངས་པ་ཅི་ཞེ་ན་མངོན་ཤེས་ནི་དྲུག་སྟེ་རྫུ་འཕྲུལ་གྱི་མངོན་ཤེས་དང་། ལྷའི་རྣ་བའི་དང་ཡིད་དེ་གཞན་སེམས་ཤེས་པ་དང་། སྔོན་གྱི་ཚེ་རབས་རྗེས་སུ་དྲན་པ་དང་། འཆི་འཕོ་བ་དང་སྐྱེ་བ་མཐོང་བ་ལྷའི་མིག་གི་དང་། ཟག་པ་ཟད་པ་མངོན་དུ་བྱ་བའི་མངོན་ཤེས་སོ། །གཉིས་པ་ནི། དེ་ཐམས་ཅད་རྣམ་པར་གྲོལ་བའི་ལམ་གྱིས་བསྡུས་པའི་བློ་ཤེས་རབ་ཀྱི་རང་བཞིན་ཡིན་ཏེ། བར་ཆད་མེད་པའི་ཚེ་ཤེས་མི་ནུས་པའི་ཕྱིར་རོ། །མིག་རྣ་གཉིས་རྣམ་གྲོལ་དངོས་མིན་ཡང་རྒྱུའི་མིང་བཏགས་པའོ། །གསུམ་པ་དང་དྲུག་པ་ལས་གཞན་བཞི་ནི་ཀུན་རྫོབ་ཤེས་པ་ཡིན་ལ། སེམས་ཤེས་ལ་ནི་ཤེས་པ་ལྔའི་ཆ་ཡོད་པ་ཡིན་ཏེ། ཆོས་རྗེས་ལམ་ཀུན་རྫོབ་རང་དང་ལྔའོ། །ཟད་པའི་མངོན་ཤེས་ནི་སྟོབས་བཞིན་དུ་ཤེས་པ་དྲུག་གམ་བཅུ་ཡིན་ལ། འོན་ཀྱང་ཐོགས་མེད་དུ་འཇུག་པ་ནི་མིན་ནོ། །འདི་ནི་ས་ཐམས་ཅད་པ་ཡང་ཡིན་ནོ། །གསུམ་པ་ནི། ལྷག་མ་ལྔ་ནི་བསམ་གཏན་བཞི་པོ་དག་གི་ས་པ་ཡིན་ནོ། །མིག་རྣའི་མངོན་ཤེས་དང་པོའི་ས་པ་ཡིན་ཞིང་གོང་མ་གསུམ་གྱི་ས་པར་བཞག་པ་ནི་རྟེན་ནམ་ཐོབ་བྱེད་བར་ཆད་མེད་པའི་དབང་དུ་བྱས་པའོ། །གཟུགས་མེད་ཀྱི་ས་པ་མེད་དེ་སེམས་ཤེས་ནི་གཟུགས་ལ་སྟེགས་བཅས་ཏེ་སྒྲུབ་པས་མེད་ལ། སྔོན་གནས་རྗེས་དྲན་ཡང་མཐར་གྱིས་སྔོན་གནས་དྲན་པས་འགྲུབ་ལ། གཟུགས་མེད་ནི་སྔོན་གནས་འོག་ས་པ་དང་རྒྱུ་སོགས་མི་འཛིན་པའི་ཕྱིར་མེད་ལ། ལྷག་མ་གསུམ་ནི་གཟུགས་ལ་དམིགས་པའི་ཕྱིར་མེད་དོ། །བཞི་པ་ནི། རང་ས་དང་འོག་སའི་སྤྱོད་ཡུལ་ཅན་ཡིན་པས། དང་པོ་ཡང་ས་དེའམ་འོག་མར་འགྲོ་བའམ། དེ་གཉིས་སྤྲུལ་པར་བྱེད་ཀྱི་གོང་དུ་མ་ཡིན་ལ། དེ་བཞིན་དུ་གཉིས་པས་ཀྱང་རང་ས་དང་འོག་སའི་སྒྲ་ཐོས་ཀྱི་གོང་མའི་མིན་པ་སོགས་སྦྱར་རོ། །ལྔ་པ་ནི། འཐོབ་བྱ་ཚེ་རབས་ཉེ་ལམ་དུ་མ་འདྲིས་ན་སྦྱོར་བས་འཐོབ་ལ། འདྲིས་པ་ནི་ཆགས་བྲལ་གྱིས་ཐོབ་ཅིང་ཐམས་ཅད་ཀྱང་མངོན་དུ་ནི་སྦྱོར་བ་ཁོ་ནས་འགྱུར་རོ། །དྲུག་པ་ལ། ཐུན་མོང་དུ་དང་། ཁྱད་པར་དུ་གཏན་ལ་ཕབ་པའོ། །དང་པོ་ལ། དྲན་པ་ཉེར་གཞག་བཞི། དགེ་སོགས་གསུམ། རིགས་པ་གསུམ། ཆོ་འཕྲུལ་གསུམ་དང་སྦྱར་བའོ། །དང་པོ་ནི། མངོན་ཤེས་གསུམ་པ་ནི་དྲན་པ་ཉེ་བར་གཞག་པ་ཕྱི་མ་གསུམ་ཡིན་ལ། རྫུ་འཕྲུལ་དང་རྣ་བ་དང་མིག་གི་མངོན་ཤེས་གསུམ་ནི་དྲན་པ་ཉེར་གཞག་དང་པོ་ཡིན་ཏེ། རིམ་བཞིན་ཕྱིའི་སྐྱེ་མཆེད་བཞི་དང་སྒྲ་དང་གཟུགས་ལ་དམིགས་པས་སོ། །སྔོན་གནས་དྲན་པ་ནི་ལུས་སོགས་བཞི་ཆར་ཤེས་པས་བཞི་ཆར་དང་། དྲུག་པ་ནི་ཤེས་པ་བཅུའམ་དྲུག་གི་བྱེ་བྲག་གི་བཞིའམ་ཐ་མའོ། །གཉིས་པ་ནི། མིག་དང་རྣ་བའི་མངོན་ཤེས་ནི་ལུང་མ་བསྟན་ཏེ། དེ་ཡང་གོང་ས་གསུམ་ལ་བརྟེན་པ་ཕལ་ཆེ་བ་ལ་བསམ་པའོ། །དང་པོ་ཉིད་ལ་བརྟེན་པ་དགེ་བ་ཡང་ཡོད་ཅེས་རྒྱལ་སྲས་སོ། །ཀླུ་མེས་ན་རེ། སྐྱེས་ཐོབ་ཀྱི་དགེ་བ་སྒོ་ལྔའི་འཁོར་དུ་བྱུང་ཡང་མངོན་ཤེས་མིན་ལ། སྦྱོར་བྱུང་གི་དགེ་བ་ཤེས་རབ་གསུམ་དེའི་འཁོར་དུ་མི་འབྱུང་བས་ལུང་མ་བསྟན་ཁོ་ནའོ་ཞེས་སོ། །ལྷག་མ་རྣམས་ནི་དགེ་བ་ཁོ་ནའོ། །གསུམ་པ་ནི། མདོ་ལས། རིགས་པ་གསུམ་པོ་ཕུན་ཚོགས་ལས། །དེའི་ཕྱིར་གསུམ་རིག་ཅེས་བྱའོ། །ཞེས་དང་ཡང་སྡེ་སྣོད་གསུམ་པ་ཡིན་རིག་པ་གསུམ་པ་ཡིན་ཞེས་པའི་རིག་པ་གང་ཞེ་ན། མངོན་ཤེས་ཐ་མ་གསུམ་ནི་ཆོད་པའི་དོན་ཤེས་པས་མི་སློབ་པའི་རིག་པ་གསུམ་པོ་ཞེས་བྱ་སྟེ། སྔོན་གནས་དང་། འཆི་འཕོ་སྐྱེ་བ་དང་། ཟག་པ་ཟད་པ་མངོན་དུ་བྱ་བའི་རིག་པའོ། །གསུམ་ཁོ་ནར་ངེས་པ་ནི། སྔོན་མཐའ་ལ་སོགས་པ་མ་རིག་པ་ནི་བཟློག་པའི་ཕྱིར་དུ་སྟེ། འདི་དག་ནི་རིམ་བཞིན་སྔོན་མཐའ་ཕྱི་མཐའ་བར་ལ་རྨོངས་པ་ཟློག་པར་བྱེད་པའི་ཕྱིར་རོ། །དེ་ཡང་མི་སློབ་པ་ཡིན་ལ་རིག་པ་ཡང་ཡིན་པ་ནི་ཟག་པ་ཟད་པའི་ཤེས་པ་ཟག་མེད་ཡིན་ལ། དེའི་ཟག་བཅས་དང་གཞན་གཉིས་ནི་ཀུན་རྫོབ་ཤེས་པ་ཡིན་པས་མི་སློབ་པའི་ངོ་བོ་མིན་ཡང་། དེའི་རྒྱུད་ལ་སྐྱེས་པའི་ཕྱིར་མི་སློབ་པ་དེའི་རིག་པ་ཞེས་བྱའོ། །རིག་པ་དང་པོ་གཉིས་སློབ་པ་ཆགས་བྲལ་ལ་ཡོད་པར་འདོད་མོད་ཀྱི་མདོ་ལས་རིག་པར་མ་བཤད་དེ། མ་རིག་པས་ཟིལ་གྱིས་གནོན་པ་དང་བཅས་པའི་རྒྱུད་ཡིན་པའི་ཕྱིར། དཔེར་ན་རྣམ་གྲོལ་མ་བཤད་པ་བཞིན་ནོ། །བཞི་པ་ནི། མངོན་ཤེས་དང་པོ་དང་གསུམ་པ་དང་དྲུག་པ་གསུམ་ནི་རྫུ་འཕྲུལ་དང་ཀུན་བརྗོད་པ་དང་རྗེས་སུ་མཐུན་པའི་ཆོ་འཕྲུལ་རྣམས་སུ་མདོ་ལས་གསུངས་སོ། །སྒྲ་དོན་ནི་ཧ་རའི་སྒྲ་ལས་ཡིད་འཕྲོག་པར་བྱེད་པས་ཆོ་འཕྲུལ་ཏེ། ཐོག་མ་དང་བར་དང་ཐ་མ་གསུམ་མམ། བསྟན་པ་ལ་ཞེ་འགྲས་པ་དང་ཐ་མལ་པར་གནས་པ་དང་ཞུགས་པའི་ཡིད་འཕྲོག་པར་བྱེད་པའོ། །དེ་གསུམ་ལས་རྗེས་སུ་བསྟན་པ་ནི་མཆོག་ཡིན་ཏེ། རྒྱུ་མི་འཁྲུལ་བའི་ཕྱིར་དང་། དང་པོ་གཉིས་ནི་དངོས་སུ་འབྲས་བུ་ལ་མི་སྦྱོར་ལ་འདི་ནི་ཚེ་འདིར་ཉོན་མོངས་དང་བྲལ་བས་ཕན་པ་དང་། ཕྱི་མར་སྡུག་བསྔལ་གྱི་འཁོར་བ་དང་བྲལ་བར་བྱེད་པས་ཡིད་དུ་འོང་བའམ། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བར་བྱེད་པའི་ཕྱིར་རོ། །གཉིས་པ་ལ། རྫུ་འཕྲུལ་གྱི་མངོན་ཤེས། མིག་རྣའི་མངོན་ཤེས། སྐྱེས་ཐོབ་ཀྱི་རང་བཞིན་ནོ། །དང་པོ་ལ། རྫུ་འཕྲུལ་གྱི་ཁྱད་པར། སྤྲུལ་སེམས་ངོས་གཟུང་བ། དེས་ཇི་ལྟར་སྤྲུལ་པ། སྤྲུལ་སེམས་ཀྱི་ངོ་བོ། རྫུ་འཕྲུལ་གྱི་དབྱེ་བའོ། །དང་པོ་ནི། རྫུ་འཕྲུལ་ནི་རི་ཧི་ཞེས་པ་འདིས་འབྱོར་བར་བྱེད་པས་ན་རྫུ་འཕྲུལ་ཏེ་ཏིང་ངེ་འཛིན་ནོ། །རྫུ་འཕྲུལ་དེ་ལས་ཅི་འབྱོར་པའི་ཡུལ་ནི་སྤྲུལ་པ་དང་འགྲོ་བ་གཉིས་ལས། འགྲོ་བ་ལ་གསུམ་སྟེ། བྱ་ལྟར་ལུས་ཕྱིན་བྱེད་དང་། ལམ་རིང་པོ་ཡང་ཐུང་ངུར་མོས་པས་མྱུར་དུ་འགྲོ་བ་མོས་པ་ལས་བྱུང་བ་དང་། ཡིད་ལྟར་མགྱོགས་པའི་འགྲོ་བའོ། །སྟོན་པ་ལ་བྱང་ཕྱོགས་འོད་ཟེར་ཅན་དུ་མོའུ་འགལ་གྱི་བུའི་མ་བཏུལ་ནས་ཚུར་བྱོན་པ་ལྟ་བུ་ཡིད་མགྱོགས་ཀྱི་འགྲོ་བ་མངའ་སྟེ། དེས་ན་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་བོ་ཞེས་གསུངས་སོ། །ཉན་ཐོས་སོགས་གཞན་དག་ལ་ལུས་ཕྱིན་བྱེད་དང་། རྒྱལ་བུ་ཐམས་ཅད་སྒྲོལ། བྷངྒ་ལར་འགྲོ་བ་ལ་གནོད་སྦྱིན་རྣམས་ཀྱིས་མོས་པས་ཕྱིན་པ་ལྟ་བུ་མོས་པ་ལས་བྱུང་བ་ཡོད་ལ། ཡང་གི་སྒྲས་སྟོན་པ་ལ་ཤིན་ཏུ་ཡང་མངའ་བར་བསྟན་ཏོ། །སྤྲུལ་པ་ལ་གཉིས་ལས། འདོད་པར་གཏོགས་པའི་སྤྲུལ་པའི་ངོ་བོ་ནི་ཕྱི་ཡི་སྐྱེ་མཆེད་བཞི་ཁོ་ན་སྟེ། འདོད་པའི་སྤྲུལ་སེམས་མེད་པར་བཤད་པས་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དང་། སེམས་ཅན་གསར་སྐྱེ་མེད་པས་དབང་པོ་ལྔ་དང་། རྒྱུན་མེད་པས་སྒྲ་སྤྲུལ་མི་ནུས་པའི་ཕྱིར་རོ། །དེ་ཡང་དབྱེ་ན་རྣམ་པ་གཉིས་ཏེ། རང་རྟ་གླང་སོགས་སུ་སྤྲུལ་པ་རང་རྒྱུད་དང་འབྲེལ་བ་དང་། རང་ལས་ཕྱི་རོལ་དུ་སྤྲུལ་པ་གཞན་རྒྱུད་དང་འབྲེལ་བ་གཉིས་སོ། །གཟུགས་སུ་གཏོགས་པའི་སྤྲུལ་པ་ནི་དྲི་རོ་གཉིས་མེད་པས་གཞན་གཉིས་ཁོ་ན་སྤྲུལ་ལ། དེ་ཡང་རང་བཞིན་གྱི་ལུས་དང་འབྲེལ་བ་གཉིས་ཏེ། དེ་ལྟར་ན་སྐྱེ་མཆེད་བཞི་པོ་དེ་རྟེན་འདོད་གཟུགས་ཀྱི་དབྱེ་བས་བརྒྱད་དོ། །འོ་ན་གཟུགས་སུ་སྐྱེས་པས་རང་རྒྱུད་དང་འབྲེལ་པ་བཞི་སྤྲུལ་ན་དྲི་རོ་དང་ལྡན་པར་འགྱུར་རོ་ཞེ་ན། གོས་དང་རྒྱན་ལུས་དང་འབྲེལ་ཡང་སེམས་ཅན་ཐམས་ཅད་དབང་རྟེན་མིན་པ་ལྟར་དྲི་རོ་ཡང་དེའི་ཉོན་མོངས་མི་རྒྱས་པས་མི་ལྡན་ལ། ཁ་ཅིག་སེམས་སྐྱེ་མཆེད་གཉིས་སྤྲུལ་ལོ་ཞེས་སོ། །གཉིས་པ་ནི། ཅི་མངོན་ཤེས་ཁོ་ནས་སྤྲུལ་ལམ་ཞེ་ན་མིན་ཏེ། ཏིང་ངེ་འཛིན་གྱིས་དེ་འབྱོར་ཞིང་འགྲུབ་པར་བྱེད་ལ། མངོན་ཤེས་ཀྱིས་སྤྲུལ་པ་ཇི་ལྟར་བྱ་ཤེས་ནས་དེ་ལས་ལངས་ཏེ་སྤྲུལ་སེམས་མངོན་དུ་བྱས་ནས་དེ་དེ་དག་གིས་དེ་དངོས་སུ་སྤྲུལ་ལ་འགྲོ་སེམས་ཀྱང་དེས་བསྡུས་པའོ། །སྤྲུལ་སེམས་དེ་དག་ཀྱང་ནི་དབྱེ་ན་བཅུ་བཞིའོ། །གང་ཞེ་ན། བསམ་གཏན་དང་པོའི་འབྲས་བུ་སྤྲུལ་པའི་སེམས་པ་གཉིས་ཡིན་པ་ནས། བཞི་པའི་འབྲས་བུ་ལྔ་ཡིན་པའི་བར་རོ། །དེ་དག་ཀྱང་རིམ་པ་བཞིན་དུ་བསམ་གཏན་དང་པོའི་སྤྲུལ་སེམས་ནི་རང་གི་འོག་ས་དང་རང་སའི་སྤྲུལ་སེམས་སོ། །བསམ་གཏན་འོག་མའི་འབྲས་བུ་ས་གོང་མ་ལས་སྐྱེས་པའི་སྤྲུལ་སེམས་ནི་ཡོད་པ་མིན་ནོ། །སྤྲུལ་སེམས་དེ་རྙེད་ཚུལ་ནི་བསམ་གཏན་བཞིན་དུ་འདོད་ཆགས་དང་བྲལ་བས་ཐོབ་བོ། །སྤྲུལ་སེམས་ཁོ་ནས་མཉམ་པར་མ་བཞག་པར་ལྡང་ངམ་ཞེ་ན། མིན་ཏེ། སྤྲུལ་སེམས་དེ་ནི་དག་པ་པ་མངོན་ཤེས་དང་རང་ཉིད་ལས་རྒྱུན་འབྱུང་ལ། དེ་ལས་ཀྱང་རྒྱུན་དང་དག་པ་པའི་བསམ་གཏན་གཉིས་སོ། །འོག་གིས། བྱིན་གྱིས་བརླབས་ནས་གཞན་འཇུག་ཕྱིར། །ཞེས་པའི་བྱིན་གྱིས་རློབས་པ་སྤྲུལ་སེམས་དག་པ་པ་གང་ཡིན་དཔྱད་དགོས་ཏེ། དང་པོ་ལྟར་ན་དེ་ལས་སྒྲ་སེམས་དང་གསུམ་འབྱུང་མོད་ཀྱི། འོན་ཀྱང་དེ་མ་ཐག་རྐྱེན་དུ་གོང་སའི་ལུང་མ་བསྟན་འབྱུང་བར་བཤད་པ་མེད་པ་ལྟར་གོང་ས་གཉིས་པ་ལ་སོགས་པའི་སྤྲུལ་སེམས་ལས་ཀྱང་འོག་ས་དང་པོ་པའི་སྨྲ་སེམས་མི་འབྱུང་བ་འདྲ་བས་དེ་བཞིན་དག་པ་པའོ་ཞེས་བཤད་དོ། །གསུམ་པ་ནི། རང་གི་ས་པའི་སྤྲུལ་སེམས་ཀྱིས་རང་སའི་སྤྲུལ་པ་སྤྲུལ་པར་བྱེད་ཀྱི། ས་གཞན་གྱི་སྤྲུལ་སེམས་ཀྱིས་ས་གཞན་གྱི་སྤྲུལ་པ་མི་སྤྲུལ་ལོ། །ངག་སྨྲར་འཇུག་པ་ནི་གཉིས་པ་ཡན་ཆད་ཀྱི་སྤྲུལ་པ་ས་འོག་མ་དང་པོའི་སྨྲ་སེམས་ལས་སྨྲ་སྟེ། གཉིས་པ་ཡན་ཆད་ན་རྣམ་པར་རིག་བྱེད་རྣམ་པར་རིག་པ་ཀུན་ནས་སློང་བར་བྱེད་པ་མེད་པའི་ཕྱིར་རོ་ཟེར། ཀྱང་གི་སྒྲས་འདོད་པའི་དང་དང་པོའི་རང་སས་སྨྲ་བར་འཕེན་ནོ། །སྟོན་པའི་སྤྲུལ་པ་ནི་བཞེད་པས་སྨྲ་བས་རང་ཉིད་གསུང་བ་ལ་མི་ལྟོས་ལ། དེ་མིན་པ་གཞན་གྱི་སྤྲུལ་པ་ནི་སྤྲུལ་པ་པོ་དང་བཅས་ནས་ཅིག་ཅར་སྨྲ་སྟེ། གཅིག་གཅིག་སྨྲ་བར་བྱེད་པ་ན། །སྤྲུལ་པ་ཐམས་ཅད་སྨྲ་བར་བྱེད། །གཅིག་གཅིག་མི་སྨྲར་གྱུར་པ་ན། །དེ་དག་ཐམས་ཅད་མི་སྨྲར་འགྱུར། །ཞེའོ། །ཅི་སྨྲ་སེམས་ཀྱི་ཚེ་སྤྲུལ་སེམས་མེད་ན་རྒྱུ་དེ་ལས་བྱུང་བའི་སྤྲུལ་པ་ཡང་མེད་པར་འགྱུར་བས་སུ་སྨྲ་ཞེ་ན། དང་པོ་སྦྱོར་བའི་ཚེ་སྤྲུལ་པ་བྱས་ལ་བྱིན་གྱིས་བརླབས་ཏེ་སྨྲར་འཇུག་གོ་ཞེས་འཕངས་ཏེ། སྤྲུལ་སེམས་ཀྱིས་སྤྲུལ་ནས་འདི་སྲིད་དུ་གནས་པར་གྱུར་ཅིག་ཅེས་བྱིན་གྱིས་བརླབས་ནས་གཞན་སྨྲ་སེམས་ཀྱིས་ངག་སྨྲ་བ་ལ་འཇུག་པའི་ཕྱིར། ཅི་གསོན་པོ་ཁོ་ན་ལ་བྱིན་རླབས་ཡོད་དམ་ཞེ་ན། སྤྲུལ་པ་པོ་ཤི་བ་ལ་ཡང་ཇི་སྲིད་འཕངས་པ་མ་རྫོགས་བར་དུ་བྱིན་རླབས་ཡོད་དེ། འོད་སྲུང་ཆེན་པོས་སྤྲུལ་པ་བྱིན་གྱིས་བརླབས་ནས་འདས་པའི་རྗེས་སུ་དེའི་སྤྲུལ་པས་དེའི་ཕྱག་གིས་རུས་པ་བསྣམས་ནས་ཆོས་བསྟན་པས་ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་ལུང་ཕྲན་ཚེགས་ལས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་རྙིང་རྗེ་པད་དཀར་ལས་ཀྱང་འབྱུང་ངོ་། །ཤ་ཁྲག་སོགས་མི་བརྟེན་པའི་དངོས་པོ་ལ་ནི་བྱིན་བརླབས་དེ་མེད་དེ། འོད་སྲུང་ཆེན་པོས་ཤ་སོགས་བྱིན་གྱིས་མ་བརླབས་པར་རུས་པ་སོགས་བྱིན་གྱིས་བརླབས་པའི་ཕྱིར་རོ། །གཞན་དག་ནི་ཤི་བ་ལ་བྱིན་རླབས་ཡོད་པ་མིན་ཏེ། འོད་སྲུང་གི་ཀེང་རུས་གནས་པ་ནི་གནས་གཙང་མའི་ལྷ་རྣམས་ཀྱི་མཐུའོ་ཞེས་སོ། །ཅི་སེམས་གཅིག་གིས་སྤྲུལ་པ་གཅིག་ཁོ་ན་སྤྲུལ་པར་བྱེད་དམ་ཞེ་ན། དང་པོར་ཐོབ་མ་ཐག་གི་སེམས་དུ་མས་སྤྲུལ་པ་གཅིག་སྤྲུལ་པར་བྱེད་པ་ཡིན་ལ། མངོན་ཤེས་བྱང་བར་གྱུར་ནས་ནི་བཟློག་པ་སྟེ་སེམས་གཅིག་གིས་སྤྲུལ་པ་དུ་མ་སྤྲུལ་ལོ། །བཞི་པ་ནི། གནས་གཉིས་པར་སྤྲུལ་སེམས་ལུང་མ་བསྟན་ཞེས་པ་དེ་ངེས་སམ་ཞེ་ན། སྒོམ་པ་ལས་སྐྱེས་པ་ནི་ལུང་མ་བསྟན་ཏེ། འདོད་པ་ལས་གྲོལ་བ་ཁོ་ན་ལ་ཡོད་པས་མི་དགེ་བ་མིན་ཞིང་གོང་སར་མངོན་དུ་འགྱུར་བས་དགེ་བ་མིན་པའི་ཕྱིར་རོ། །ལྷ་ཀླུ་ཤ་ཟ་སོགས་ལ་ཡོད་པའི་སྐྱེ་བ་ལས་སྐྱེས་པ་ནི་ཕན་གནོད་ལ་སོགས་པའི་དབང་གིས་རྣམ་པ་གསུམ་མོ། །ལྔ་པ་ནི། ཅི་རྫུ་འཕྲུལ་གཉིས་པོ་དེར་ཟད་དམ་ཞེ་ན། མ་ཟད་དེ། གཉིས་པོ་དེ་དང་སྔགས་ལས་བྱུང་བ་དང་སྨན་དག་ལས་བྱུང་བ་དང་ལས་ལས་སྐྱེས་པ་དང་རྣམ་པ་ལྔའོ། །གཉིས་པ་ནི། ཅི་ལྷའི་མིག་དང་རྣ་བ་ལྷའི་དངོས་སམ་འོན་ཏེ་འཁོར་ལོ་སྒྱུར་རྒྱལ་ལ་སོགས་པའི་ལྟར་འདྲ་བ་ལས་བཏགས་པ་ཡིན་ཞེ་ན། དངོས་ཡིན་ཏེ། འབྲས་བུ་སྐྱེ་བའི་བསམ་གཏན་བདག་གི་དང་ཁྱད་པར་མེད་དོ། །བརྟེན་པ་དེ་ནི་བསམ་གཏན་གྱི་མཐུས་སྔར་གྱི་དབང་པོའི་ཚོགས་པར་བསམ་གཏན་ས་པའི་འབྱུང་བ་རྒྱུར་བྱས་པའི་གཟུགས་ཅན་དང་བ་ཐོག་མར་གྲུབ་ནས་མ་ཞིག་གི་བར་རྟག་ཏུ་བརྟེན་བཅས་ཁོ་ན་སྟེ། རྟེན་གཅིག་གམ་གཉིས་ཀ་གཏན་ཞར་བ་དང་ལོང་བ་ལ་སོགས་པའི་མ་ཚང་བ་ལ་མེད་ཅེས་པའམ། གཉིས་ཀའི་ཆོས་སུ་སྦྱར་ཡང་རུང་ཞེས་འཆད་དོ། །ཡུལ་ནི་ཐག་རིང་བ་དང་ཆ་ཕྲ་བ་དང་། སོགས་པ་ནི་སྒྲིབ་པའི་སྤྱོད་ཡུལ་ཅན་ཏེ། གང་ཕྱིར་ཤ་ཡི་མིག་གིས་གཟུགས། །ཐག་རིང་གནས་དང་སྒྲིབ་པ་དང་། །ཕྲ་བ་ཐམས་ཅད་མི་མཐོང་ལྟར། །དེ་ཕྱིར་ལྷ་ཡིས་མཐོང་བར་འདོད། །ཅེས་སོ། ལྷའི་མིག་གིས་ཐག་ཇི་སྲིད་ཅིག་མཐོང་ཞེ་ན། ཉན་རང་སངས་རྒྱས་གསུམ་གྱིས་མངོན་པར་འདུ་བྱེད་པ་མེད་པར་རིམ་པ་བཞིན་སྟོང་དང་སྟོང་གཉིས་དང་སྟོང་གསུམ་མཐོང་ལ། དེ་གསུམ་གྱི་མངོན་པར་འདུ་བྱེད་པའི་ལྷའི་མིག་གིས་རིམ་བཞིན་སྟོང་གཉིས་དང་གསུམ་དང་གྲངས་མེད་མཐོང་ངོ་། །གསུམ་པ་ནི། ཅི་རྫུ་འཕྲུལ་ཁོ་ན་སྐྱེ་བས་ཐོབ་བམ་ཞེ་ན། མངོན་ཤེས་གཞན་ལ་ཡང་སྐྱེ་བས་ཐོབ་པ་ཡང་ཡོད་མོད། སྐྱེས་ཐོབ་ཀྱི་མིག་དེས་ནི་སྲིད་པ་བར་མ་རང་བཞིན་ཕྲ་བ་དེ་མི་མཐོང་ལ། སེམས་ཤེས་སྐྱེས་ཐོབ་དེ་ནི་དང་པོའི་བསམ་པའི་དབང་གིས་དགེ་བ་ལ་སོགས་པ་རྣམ་པ་གསུམ་ཡོད་ཅིང་། གང་གི་ལུས་སེམས་ཀྱི་མཚན་མ་བཟུང་བས་ཤེས་པའི་རྟོག་གེ་པ་དང་། རྟོག་བྱེད་ཅེས་པའི་རིགས་སྔགས་ཀྱིས་བྱས་པའང་དགེ་སོགས་གསུམ་མོ། །སེམས་ཤེས་དང་སྔོན་གནས་དྲན་པ་སྐྱེས་ཐོབ་དམྱལ་བ་པས་ནི་དང་པོ་སྐྱེ་མ་ཐག་ཚོར་བས་མ་ཉེན་པ་ན་ཤེས་ལ། དེ་ཡང་གནས་བཞི་པར་ཁ་ཅིག་དམྱལ་བར་སྐྱེས་པ་ན་དགེ་བ་མཚམས་མི་སྦྱོར་བར་བཤད་པས་ཕལ་ཆེ་བ་ལ་བསམ་པར་མངོན་ཞེས་བཤད་དོ། །འགྲོ་བ་གཞན་རྣམས་ཀྱིས་རྟག་ཏུ་ཤེས་ཏེ། ཡི་དྭགས་ཀྱིས་ཀྱང་ཤེས་པ་ནི། བདག་གིས་མཐུན་དང་མི་མཐུན་ལས། །ལོངས་སྤྱོད་དག་ནི་གང་བསགས་པ། །དེ་དག་གཞན་གྱིས་ལོངས་སྤྱོད་དེ། །ཁོ་བོ་ཅག་ནི་དུཿཁ་བརྟེན། །ཞེས་པ་ལྟ་བུའོ། །རྟེན་ནི་མི་རྣམས་ལ་རྫུ་འཕྲུལ་ལ་སོགས་པ་ལྔ་ཆར་སྐྱེ་བས་ཐོབ་པ་མེད་ལ། འགྲོ་བ་གཞན་ན་ཡོད་པར་གྲུབ་བོ། །རྫུ་འཕྲུལ་སྐྱེས་ཐོབ་དམྱལ་བ་ན་ཡང་མེད་ཅིང་མིག་རྣ་སྐྱེས་ཐོབ་འདོད་ལྷ་ཀླུ་དང་གཟུགས་ན་སྤྱོད་པ་ལ་ཡོད་པར་བཤད། ལྷག་མ་གཉིས་ནི་འགྲོ་བ་བཞི་ནའོ། །རྫུ་འཕྲུལ་ལས་ལས་བྱུང་བ་ནི་མི་དང་དུད་འགྲོ་ལ་ཡོད་ཅིང་མིག་རྣ་སྔོན་གནས་དྲན་པ་ལས་ལས་བྱུང་བ་ནི་མི་ལ་ཡོད་དེ། རང་བཞིན་གྱིས་སྐྱེ་བ་དྲན་པའང་ལས་ཀྱིས་སོ། །སྒོམ་བྱུང་ནི་འདོད་གཟུགས་ཀྱི་ལྷ་མི་ལ་ཡོད་ལ། རྒྱུ་གཞན་ལས་བྱུང་བ་ནི་མི་ལའོ། །སྐྱེས་ཐོབ་དང་ལས་བྱུང་གི་ཁྱད་པར་ནི། འགྲོ་བ་གང་དུ་སྐྱེས་པའི་དུས་ཉིད་ནས་རང་བཞིན་གྱིས་དེའི་ཐོབ་པ་འབྱུང་བར་ངེས་པ་ནི་དང་པོ་སྟེ། འགྲོ་བ་ཞེས་པས་བར་སྲིད་ཀྱི་རྫུ་འཕྲུལ་སེལ་ཞིང་སྐྱེས་པའི་དུས་ཉིད་ན་ཞེས་པས་བྱ་ལ་སོགས་པའི་ལྟར་དུས་ཕྱིས་ཐོབ་པ་སེལ་ལོ། །གཉིས་པ་ནི། སྔོན་གྱི་ལས་ཀྱི་བྱེ་བྲག་ལས་བྱུང་བ་ལས་སྐྱེས་སོ། །གང་གི་མངོན་ཤེས་ཀྱི་མིང་ཐོབ་པ་ནི་སྒོམ་བྱུང་ཁོ་ནའོ། །ཆོས་མངོན་པ་མཛོད་ཀྱི་རྣམ་པར་བཤད་པ་གཞུང་དོན་རབ་ཏུ་གསལ་བའི་ཉི་མ་ཞེས་བྱ་བ་ལས་གནས་བདུན་པའོ།། ༈ །།ད་ནི་གནས་བརྒྱད་པ་འཆད་དེ་གོང་དུ་མངོན་ཤེས་སོགས་ཞེས་པའི་བསམ་གཏན་མན་ཆད་ཤེས་པའི་ངོ་བོ་མིན་པས་འདིར་སྟོན་པ་ལ། སྙོམས་འཇུག་དངོས། དེ་ལ་བརྟེན་པའི་ཡོན་ཏན་ནོ། །དང་པོ་ལ་སྙོམས་འཇུག་བརྒྱད་དུ། ཏིང་ངེ་འཛིན་གསུམ་དུ། ཏིང་ངེ་འཛིན་བཞིར་དབྱེ་བའོ། །དང་པོ་ལ། བསམ་གཏན་གྱི་དབྱེ་བ། རྒྱུ་སྙོམས་འཇུག ཐུན་མོང་དུ་གཏན་ལ་ཕབ་པའོ། །དང་པོ་ནི། ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་ཁྱབ་པ་དང་རིམ་པ་དང་ཡང་མཐུན་པས་དང་པོར་བསམ་གཏན་འཆད་པ་ལ་མདོར་བསྡུ་ན་བསམ་གཏན་དག་ནི་རྣམ་པ་གཉིས་ཏེ་རྒྱུ་སྙོམས་འཇུག་དང་འབྲས་བུ་སྐྱེ་བའོ། །གཉིས་པོའི་ཁྱད་པར་ནི་མཉམ་གཞག་ཁོ་ན་དང་གཉིས་ཀའམ། དགེ་བ་ཁོ་ན་དང་ལུང་མ་བསྟན་གཉིས་ཀའམ། སྒོམ་བྱུང་ཁོ་ན་དང་སྐྱེས་ཐོབ་ཐོས་བྱུང་ཡང་ཡིན་པ་རྒྱུ་དང་འབྲས་བུ་ཞེས་སམ། རང་ས་ཁོ་ན་དང་འོག་སར་ཡང་མངོན་དུ་བྱེད་པའམ། རྒྱུན་ཆགས་པ་དང་རེས་འགའ་བའམ། དངོས་གཞི་ཁོ་ན་དང་ཉེར་བསྡོགས་དང་བཅས་པ། འབྲས་བུ་དང་རྒྱུའོ་ཞེས་ཟེར་ལ། དེ་རེ་རེ་ཡང་དང་པོ་ནས་བཞི་པའི་བར་བཞི་བཞི་ཡིན་པས་བརྒྱད་དོ། །བསམ་གཏན་དེར་སྐྱེ་བ་དག་ནི་རབ་སྟེ་བཅུད་བསྟན་དུ་གོང་མའི་གནས་དག་བཅུ་བདུན་ནི་ཞེས་བཤད་ཅིང་བསྟན་ཏོ། །གཉིས་པ་ལ། བསམ་གཏན་བཞི། གཟུགས་མེད་བཞི། གཉིས་ཀའི་མཇུག་བསྡུ་བའོ། །དང་པོ་ལ། སྤྱིའི་ངོ་བོ། སོ་སོའི་མཚན་ཉིད་དོ། །དང་པོ་ནི། སྙོམས་འཇུག་གི་ངོ་བོ་ནི་བྱེ་བྲག་ཏུ་སྨྲ་བ་ནི། སེམས་དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་འཇུག་པར་བྱེད་པའི་སེམས་བྱུང་ཏིང་ངེ་འཛིན་ཏོ། །གྲོགས་ནི་རྗེས་འབྲང་དང་བཅས་ན་ཕུང་པོ་ལྔ་ཡིན་ཏེ། རིག་བྱེད་མ་ཡིན་པ་ངེས་པར་ཡོད་པས་སོ། །ཐམས་ཅད་ཀྱང་ཏིང་ངེ་འཛིན་དང་མཐུན་པས་བསམ་གཏན་ནོ་དང་པོ་ཞེས་པ་མི་འཐད་དེ། དེ་ལྟར་ན་སེམས་རྩེ་གཅིག་པའི་གནས་སྐབས་ཁོ་ན་བསམ་གཏན་དུ་འགྱུར་ཏེ། ཐལ་མོའི་གནས་སྐབས་ལག་པའི་ངོ་བོ་ཡིན་པ་བཞིན་ཞེས་བཀག་ནས། རང་ལུགས་ནི་སེམས་རྩེ་གཅིག་པ་ཉིད་བསམ་གཏན་ཏེ། མདོ་ལས། ལྷག་པའི་སེམས་ཀྱི་བསླབ་པ་དང་སེམས་ཡོངས་སུ་དག་པའི་གཙོ་བོ་ནི་བསམ་གཏན་བཞིའོ་ཞེས་སོ་ཞེས་མདོ་སྡེ་པ་སྨྲའོ། །སྒྲ་དོན་ནི་དྷྱཱ་ན་ཞེས་པ་འདིས་མཆོག་ཏུ་སེམས་པར་བྱེད་པས་བསམ་གཏན་ཏེ། སེམས་མཉམ་པར་གཞག་ན་ཇི་ལྟ་བ་བཞིན་ཤེས་པར་བྱེད་ཅེས་པའི་དོན་ནོ། །ཉོན་མོངས་ཅན་ལ་མཆོག་ཏུ་སེམས་པ་མེད་ཀྱང་ལོག་པར་སེམས་པས་ས་བོན་རུལ་བ་ལྟར་བསམ་གཏན་དུ་བཏགས་པར་ཚངས་པའི་ཚོགས་ཀྱི་མདོར་བཤད་དོ། །གཉིས་པ་ལ་གཉིས། དང་པོ་ནི། དཔྱོད་དང་དགའ་དང་བདེ་དང་ལྡན་པའི་རྩེ་གཅིག་པ་སྟེ་གཉིས་པ་ཡན་ཆད་ཁྱད་པར་ཅན་དང་འདོད་པ་སེལ་ཞིང་ས་དེ་ན་འབྲལ་མི་སྲིད་པས་དཔྱོད་པས་རྟོག་པའང་མཚོན་ནོ། །འོ་ན་རྟོག་དང་ལྡན་ཞེས་སྨོས་ཀྱང་ཆོག་མོད་ཅེ་ན། ཊཱི་ཀར་ཡན་ལག་སྔ་སྔ་སྤངས་ཞེས་པས་རྟོག་པ་སྤངས་པའི་ཁྱད་པར་ཅན་ཡང་གཉིས་པར་འགྱུར་བས་མ་སྨོས་ཞེས་ཏེ། ཁ་ཅིག་མཚན་ཉིད་ནི་སྔ་མ་སྤངས་ཤིང་ཕྱི་མ་དང་ལྡན་པ་ཡིན་ལ། ཁྱད་པར་ནི་དེ་སྤངས་ཀྱང་དགའ་བ་དང་མི་ལྡན་པས་སྐྱོན་མེད་ཅིང་བརྟག་པ་མཚུངས་པས་མཚོན་པར་འཆད་ལ། མ་ཧཱ་ནི་མཁས་པ་ལ་དེ་ལྟར་ཡིན་ཀྱང་རྨོངས་པ་ལ་སྔ་མ་སྲིད་ཅེས་སོ། །ཕྱི་མ་གསུམ་ནི་ཡན་ལག་སྔ་མ་སྔ་མ་སྤངས་ལ་ཕྱི་མ་དང་ལྡན་པ་ཡི་རྩེ་གཅིག་པ་སྟེ། དཔྱོད་པ་སྤངས་ལ་དགའ་བདེ་དང་ལྡན་པའི་རྩེ་གཅིག་པ་དང་། དཔྱོད་དགའ་སྤངས་ལ་བདེ་བ་དང་ལྡན་པའི་རྩེ་གཅིག་པ་དང་། གསུམ་ཆར་སྤངས་ལ་གཟུགས་ཀྱི་རྩེ་གཅིག་པ་ཡིན་པས་བསམ་གཏན་ཡན་ལག་ལ་ངེས་འབྱུང་ཞེས་བྱའོ། །གཉིས་པ་ལ། སྤྱིའི་ངོ་བོ། སོ་སོའི་མཚན་ཉིད། སྒྲ་དོན་གསུམ། དང་པོ་ནི། བསམ་གཏན་དེ་བཞིན་དུ་གཟུགས་མེད་ཀྱང་གཉིས་དང་བཞི་དང་སྐྱེ་བ་ལྔར་བཤད་པ་དང་སྙོམས་འཇུག་རྩེ་གཅིག་པར་བྱེད་པའོ། །མི་འདྲ་བ་ནི་རྗེས་འབྲང་བཅས་ན་ཕུང་པོ་བཞི་ཁོ་ན་སྟེ། གྲོགས་རིགས་བྱེད་མིན་པ་མེད་པས་སོ། །གཉིས་པ་སོ་སོའི་མཚན་ཉིད་ནི། འོག་མ་འོག་མའི་སའི་དམིགས་པ་ལས་དབེན་ཞིང་འདའ་བར་བྱེད་པའི་ཉེར་བསྡོགས་ལས་སྐྱེས་པ་སྟེ། འོག་མ་བསམ་གཏན་བཞི་པ་ལས་དབེན་པ་ལས་སྐྱེས་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནས། སྲིད་རྩེའི་བར་དུ་སྦྱར་བས་གཟུགས་མེད་དམིགས་པ་ལས་ངེས་འབྱུང་ཞེས་བྱའོ། །དེས་ན་གཟུགས་ལ་དམིགས་པ་ཡོད་དམ་ཞེ་ན། དངོས་གཞི་ལ་ཉེར་བསྡོགས་ཕྱི་མ་གསུམ་དང་བཅས་པར་ནི་གཟུགས་ཀྱི་འདུ་ཤེས་སམ་དམིགས་པ་བཤིག་ཅེས་བྱ་སྟེ་རང་ས་ན་གཟུགས་མེད་ཅིང་། དངོས་གཞི་ནི་འོག་མ་ཙམ་དང་ཉེར་བསྡོགས་འོག་ས་གཉིས་པ་ལ་མི་དམིགས་པའི་ཕྱིར་རོ། །དེ་ཡང་ཐོགས་པའི་འདུ་ཤེས་དང་བྲལ་བ་ཡིན་གྱི། རྗེས་ཤེས་ས་དྲུག་གི་རིག་བྱེད་མིན་པ་དང་། ཉེར་བསྡོགས་དང་པོ་ན་བཞི་པའི་གཟུགས་ལ་དམིགས་པའི་འདུ་ཤེས་སོགས་ཡོད་དོ། །གསུམ་པ་ལ་གཉིས་ལས། སྤྱིའི་སྒྲ་དོན་ལ་གཉིས་ལས། དང་པོ་ནི། གཟུགས་མེད་པའི་ཁམས་ན་གཟུགས་མེད་དོ་ཞེས་པ་ནི་གཞུང་བཞིན་གྱི་སྒྲའོ། །གོས་དམར་བའི་སྡེ་པ་ནི་དེ་ན་སྙིང་བུ་ག་དགུ་པ་ཡོད་ཟེར། བོད་ཁ་ཅིག གནས་བརྟན་པ་སྤྱིའི་ལས་ཀྱིས་གྲུབ་པའི་སྣོད་དང་། མང་པོས་བཀུར་བ་སེམས་ཅན་གྱི་གཟུགས་དང་། ཕལ་ཆེན་པ་གཉིས་ཀ་ཡོད་པར་འདོད་ཀྱང་ལྷ་མོ་རྐེད་མེད་མ་ལྟར་ཆ་ཕྲ་བས་མེད་པར་བཏགས་པ་ཡིན་ཏེ། གསུས་པོ་ཆེའི་མདོ་ལས། ཚེ་དང་དྲོད་གཉིས་འདྲེས་པ་སྟེ། །ཞེས་དང་། ཤཱ་རིའི་བུ་འདམ་བུའི་ཤོག་གཉིས་ལྟར་མིང་དང་གཟུགས་ཕན་ཚུན་བརྟེན་ཏོ་ཞེས་དང་། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་དང་། ཕུང་པོ་བཞིས་གཞན་དུ་རྣམ་ཤེས་འགྲོ་བ་བཀག་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པས་མི་འཐད་དེ། དང་པོ་ནི་མདོ་དེ་དག་སྤྱིར་གསུང་ན། ཕྱིའི་དྲོད་ཀྱང་ཚེ་དང་འདྲེས་པ་དང་། དེའི་མིང་ལ་བརྟེན་པ་དང་། རྣམ་ཤེས་ལས་བྱུང་བར་འགྱུར་ཞིང་། ཕུང་པོ་ཚང་བ་ལས་གཞན་དུ་རྣམ་ཤེས་བཀག་པ་མ་གྲུབ་ལ། བྱེ་བྲག་ཁམས་གོང་མ་ལ་དགོངས་ན་མ་ངེས་སོ། །གཉིས་པ་ནི། དེ་ན་གཟུགས་ཇི་ལྟ་བུ་ཞིག་ཡོད། ལུས་ངག་གི་སྡོམ་པ་ཙམ་མོ་ཞེ་ན། ལུས་ངག་མེད་པར་དེའི་སྡོམ་པ་ཇི་ལྟར་ཡོད། འབྱུང་བ་མེད་པར་འབྱུང་གྱུར་མི་རུང་ངོ་། །ཆ་ཕྲ་བས་གཟུགས་མེད་ཡིན་ན་རྣམ་པ་ཕྲ་བ་ཆུའི་སྐྱེ་བོ་གཟུགས་ལྟར་མི་སྣང་བ་དང་རང་བཞིན་ཕྲ་བ་བར་སྲིད་དང་གཟུགས་ན་སྤྱོད་པ་ཡང་དེར་འགྱུར་ལ། ཆེས་དྭང་བ་ཡིན་ན་སྙོམས་འཇུག་ལྟར་སྐྱེ་བ་ལ་ཡང་ཁྱད་པར་ཡོད་པས་སྲིད་རྩེ་ཁོ་ནར་དེར་འགྱུར་ཞིང་། ལུང་ལས་ཀྱང་། གཟུགས་མེད་པ་རྣམས་ནི་གཟུགས་ལས་ངེས་པར་འབྱུང་བ་ཡིན་ནོ་ཞེས་དང་། གཟུགས་མེད་པའི་རྣམ་པར་ཐར་པ་ཞི་བ་གང་དག་གཟུགས་ལས་འདས་ནས་ཞེས་དང་། གཟུགས་ཅན་མ་ཡིན་པའི་སེམས་ཅན་ཡོད་ཅེས་དང་། རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་འདས་ནས་སོ་ཞེས་སོ། །གཉིས་པ་རྩོད་སྤོང་ནི་དེའི་ཕྱིར་རིང་དུ་རྒྱུན་ཆད་ན་འོག་ཏུ་གཟུགས་ཅི་ལས་སྐྱེ་ཞེ་ན། དེ་ནི་བྱེ་བྲག་ཏུ་སྨྲ་བ་འདས་པའི་གཟུགས་དང་། མདོ་སྡེ་པ་ཁ་ཅིག་ལུས་སེམས་ཕན་ཚུན་ས་བོན་ཅན་ཡིན་པས་རྣམ་སྨིན་གྱི་སྒོ་ནས་སེམས་ཀྱི་འཇུག་པ་རྙེད་པའི་ཚེ་ལུས་ཀྱི་ས་བོན་དང་། རིགས་པའི་མདོ་སྡེ་པ་གཟུགས་ལས་སྐྱེ་བར་འདོད། སེམས་ཙམ་པ་སེམས་ཀུན་གཞི་ལས་སྐྱེ་བར་འདོད་དོ། །གཉིས་པ་སོ་སོའི་སྒྲ་དོན་ནི་ནམ་མཁའ་ལ་སོགས་པ་ཁོ་ན་ལ་དམིགས་སམ་ཞེ་ན། སྦྱོར་བའི་ཚེ་བཞི་པ་ལ་སྐྱོན་དུ་བལྟས་ཏེ་ཆོས་ཐམས་ཅད་ནམ་མཁའ་ལྟར་མཐའ་ཡས་པའོ་སྙམ་དུ་མོས་ཤིང་། དེ་ལས་དངོས་གཞི་གྲུབ་པས་དེར་བསྟན་པ་ཡིན་གྱི། ཕྱིས་ནི་གཞན་ལ་ཡང་དམིགས་ཏེ། མདོ་ལས་དེ་རྣམ་པ་ཐམས་ཅད་དུ་ཞེས་སོགས་སོ། །དེ་བཞིན་དུ་ནམ་མཁའ་ལ་སྐྱོན་དུ་བལྟས་ཏེ་ཆོས་ཀུན་རྣམ་ཤེས་ཙམ་མོ་ཞེས་སྦྱོར་བས་རྣམ་ཤེས་མཐའ་ཡས་ཞེས་སོ། །དེ་དང་སེམས་ཙམ་གྱི་ལྟ་བ་ལ་ཁྱད་པར་ཅི་ཡོད་ཅེ་ན། ལྟ་བས་ཐག་མ་ཆོད་པར་ཏིང་ངེ་འཛིན་གྱི་རྩལ་སྦྱོང་ཙམ་དང་། ཐག་ཆོད་པའམ་ཡུད་ཙམ་རྣམ་ཤེས་སུ་ལྟ་ཡང་ཕུང་པོར་ཞེན་པ་དང་སྤྲོས་བྲལ་སྒོམ་པའོ་ཞེས་སོ། །རྣམ་ཤེས་ལ་སྐྱོན་དུ་བལྟས་ནས་ཅི་ཡང་མེད་པ་བདེའོ་ཞེས་བྱ་བ་དེ་ལྟར་སྦྱོར་བའི་ཕྱིར་དེར་བསྟན་ཏེ་དེ་དང་དབུ་མའི་ཁྱད་ཀྱང་སྔར་བཞིན་ནོ། །ཅི་ཡང་མེད་པ་ལ་སྐྱོན་དུ་བལྟས་ཏེ་འདུས་ཤེས་རགས་པ་ནི་ནད་དང་འབྲས་དང་ཟུག་རྔུ་ཞེས་སུན་འབྱིན་པས་ཕྲ་ཞིང་དམན་པའི་ཕྱིར་འདུ་ཤེས་མེད་ཅེས་བྱ་ལ། འདུ་ཤེས་མེད་པ་ནི་ཀུན་ཏུ་རྨོངས་པའོ་ཞེས་འཛིན་པས་འདུ་ཤེས་གཏན་ནས་མེད་པའང་མིན་ཏེ། མདོར་ན་འདུ་ཤེས་མེད་མིན་འདི་ནི་བདེ་བའོ་ཞེས་སྦྱོར་བས་སོ། །དེ་ལ་སྲིད་པའི་རྩེ་མོ་ཞེས་ཀྱང་བྱའོ། །གསུམ་པ་ནི། སྙོམས་འཇུག་གི་དངོས་གཞིའི་རྫས་རྣམ་པ་བརྒྱད་ཡོད་དེ། གོང་དུ་བཤད་པ་དེ་ལྟར་བསམ་གཏན་བཞི་དང་གཟུགས་མེད་བཞིའོ། །གསུམ་པ་ཐུན་མོང་དུ་གཏན་ལ་ཕབ་པ་ལ། སྙོམས་འཇུག་གསུམ་དང་སྦྱར་བ། བསམ་གཏན་གྱི་ཡན་ལག་ངོས་གཟུང་བ། སྙོམས་འཇུག་ཐོབ་ཚུལ། རྟེན་གང་གིས་གང་མངོན་དུ་བྱེད་པ། སྤྱོད་ཡུལ་གང་ལ་དམིགས་པ། ཉོན་མོངས་གང་གིས་སྤོང་བའོ། །དང་པོ་ནི། བརྒྱད་པོ་དེ་དག་ལས་དང་པོ་བདུན་ལ་མིང་ཙམ་གྱི་སྒོ་ནས་རྣམ་པ་གསུམ་གསུམ་སྟེ། རོ་མྱང་བ་དང་མཚུངས་པར་ལྡན་པ་དང་དག་པ་དང་ཟག་མེད་གསུམ་མོ། །བརྒྱད་པ་སྲིད་པའི་རྩེ་མོ་ནི་རྣམ་པ་གཉིས་ཁོ་ན་སྟེ། སེམས་མི་གསལ་ཞིང་ཟག་མེད་ནི་ལྷག་མཐོང་གཙོ་བོར་བྱེད་པས་སོ། །སྤྱིར་སྲེད་ལྟ་ང་རྒྱལ་རྨོངས་པ་ཤས་ཆེ་བའི་བསམ་གཏན་ཡོད་ཀྱང་རོ་མྱོང་ལྡན་ཁོ་ན་བཤད་པ་ནི་མདོ་ཁ་ཅིག་ལས་འབྱུང་བའམ། གང་སྤེལ་ལས་དམིགས་པ་ལ་འབྲེལ་ཞིང་ཞེན་པ་ཁོ་ན་བསམ་གཏན་ཉོན་མོངས་ཅན་ཡིན་ལ་གཞན་དེ་ལྟར་མིན་ནོ་ཞེས་སོ། །ས་ལས་གོང་དུ་ངེས་པར་འབྱུང་བ་མི་ཤེས་ཤིང་དེ་ཁོ་ན་གཙོ་བོར་འཛིན་པས་རོ་མྱང་ལྡན་དུ་འགྱུར་རོ་ཞེས་སོ། །གསུམ་པོ་དེ་ལ་རོ་མྱང་བ་དང་མཚུངས་པར་ལྡན་པ་ནི་སྲེད་པ་དང་བཅས་པའི་སྙོམས་འཇུག་ཡིན་ལ། འཇིག་རྟེན་པ་ཡི་དགེ་བའི་ངོ་བོར་གྱུར་པའི་སྙོམས་འཇུག་གི་རྫས་ནི་དག་པ་པ་ཞེས་བྱ་སྟེ། དཀར་པོའི་ཆོས་དང་ལྡན་པའི་ཕྱིར་རོ། །རོ་མྱང་ལྡན་དེས་ཅི་ཞིག་མྱོང་བར་བྱེད་ཅེ་ན། དག་པ་པ་འདས་མ་ཐག་པ་དེ་ནི་རོ་མྱང་ལྡན་དེས་མྱང་བྱ་ཡིན་པས། དེ་ནི་དག་པ་ལས་ལངས་ལ་རོ་མྱང་ལྡན་ལ་སྙོམས་པར་ཞུགས་སོ། །ཟག་མེད་ནི་འཇིག་རྟེན་ལས་འདས་པའི་དགེ་བའི་རྫས་སོ། །གཉིས་པ་ལ། ཡན་ལག་དངོས། བསམ་གཏན་གྱི་ཁྱད་པར། དེ་དག་ལ་རྩོད་པ་སྤང་བའོ། །དང་པོ་ལ་ཐུན་མོང་དུ་བསྟན་པ། གསུམ་ཁྱད་པར་དུ་བསྟན་པའོ། །དང་པོ་ནི། བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། མི་མཐུན་ཕྱོགས་འདོད་པའི་འདོད་ཆགས་གནོད་སེམས་རྣམ་འཚེ་དང་། དུཿཁ་ཡིད་མི་བདེ་རྣམ་གཡེང་ལྔ་ཐག་སྲིང་བའི་གཉེན་པོ་ནི་དྲན་ཤེས་བཞིན་བཏང་སྙོམས་གསུམ་ཡིན་ཡང་དགའ་བའི་འདོད་ཆགས་ཀྱིས་དཀྲིས་པས་རང་མིང་གིས་མ་བསྟན་པར་དེ་བྱེད་པ་རྟོག་དཔྱོད་དང་། ཕན་ཡོན་ནི་དེས་མི་མཐུན་པ་སྤངས་ནས་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་མྱོང་བ་དང་། དེ་གཉིས་ཀ་འཇུག་པར་བྱེད་པའི་རྟེན་ཏིང་ངེ་འཛིན་རྣམས་སོ། །གཉིས་པ་ལ་ནི་ཡན་ལག་བཞི་སྟེ། དང་པོའི་འདོད་ཆགས་རྟོག་དཔྱོད་དུཿཁ་རྒོད་པ་ཏིང་ངེ་འཛིན་མ་རྫོགས་པ་ལྔ་སྤོང་བའི་གཉེན་པོ་ནི་སྔ་མ་གསུམ་ཡིན་ཞིང་དེར་རྟོག་དཔྱོད་ཀྱིས་འཁྲུག་པ་ཞི་བས་ནང་རབ་ཏུ་དྭང་བའི་མིང་གིས་བསྟན་པ་དང་། གཞན་དགའ་བ་ལ་སོགས་པ་གསུམ་སྔར་བཞིན་ནོ། །གསུམ་པ་ལ་ཡན་ལག་ལྔ་སྟེ། གཉིས་པའི་འདོད་ཆགས་ཡིད་བདེ་དགའ་བ་རྒོད་པ་ཏིང་ངེ་འཛིན་མ་རྫོགས་པ་བཞིའི་གཉེན་པོའི་དགའ་བ་རྩོལ་བའི་འདུ་བྱེད་བཏང་སྙོམས་དང་། དེའི་རྒྱུ་མཚན་མ་བརྗེད་པའི་དྲན་པ་དང་། དེ་མི་ཉམས་པའི་ཤེས་རབ་སྟེ་ཤེས་བཞིན་གསུམ་ནི་དགའ་བའི་ཀུན་དཀྲིས་དང་བྲལ་བས་རང་མིང་གིས་བསྟན་པ་དང་། ཕན་ཡོན་ནི་སེམས་ཀྱི་ཚོར་བ་བདེ་བ་དང་། སེམས་གནས་པར་བྱེད་པས་ཏིང་ངེ་འཛིན་གནས་ཀྱི་ཡན་ལག་སྟེ། མདོ་ལས་ཏིང་ངེ་འཛིན་གང་ཞེ་ན། སེམས་གནས་པ་དང་ཡང་དག་པར་གནས་པའོ་ཞེས་སོ། །མཐའ་བཞི་པ་ན་ཡན་ལག་བཞི་སྟེ། དབུགས་འབྱུང་རྔུབ་གསུམ་པའི་འདོད་ཆགས་བདེ་བ་ལ་རྩོལ་བ་ཏིང་ངེ་འཛིན་མ་རྫོགས་པ་ལྔའི་གཉེན་པོ་ནི་སྐྱོན་དང་བྲལ་བས་དྲན་པ་དང་བཏང་སྙོམས་ཡོངས་སུ་དག་པ་དང་། ཕན་ཡོན་ནི། བདེ་མིན་སྡུག་མིན་གྱི་ཚོར་བ་དང་གཉིས་ཀའི་རྟེན་ནི་ཏིང་ངེ་འཛིན་རྣམས་ཏེ། དེས་ན་གཉིས་པ་ཏིང་ངེ་འཛིན་དང་། གསུམ་པ་ཕན་ཡོན་དང་། བཞི་པ་ཡོངས་སུ་དག་པ་རྫོགས་པས་སྔ་མ་བས་འཕགས་སོ། །ཡན་ལག་དེ་དག་མིང་གི་སྒོ་ནས་བཅོ་བརྒྱད་ཡིན་ཡང་མཚན་ཉིད་འདྲ་བའི་དངོས་པོའི་རྫས་སུ་ནི་བཅུ་གཅིག་སྟེ་དང་པོའི་ལྔ་དང་། གཉིས་པའི་དང་པོ་དང་གསུམ་པའི་བཞི་དང་། བཞི་པའི་གསུམ་པ་རྣམས་སོ། །གཉིས་པ་ནི། ཅིའི་ཕྱིར་བསམ་གཏན་གསུམ་པའི་བདེ་བ་རྫས་གཞན་དུ་བརྗོད་ཅེ་ན། དེ་ནི་ཚོར་བ་ཡིན་ལ། དང་པོ་གཉིས་ན་ཤིན་ཏུ་སྦྱངས་པ་ལ་བདེ་བ་ཡིན་པར་བསྟན་པས་ཐ་དད་དེ། མཉམ་གཞག་ཏུ་དབང་ཤེས་མི་སྲིད་ཅིང་དགའ་བ་སྨོས་པས་ལུས་སེམས་ཀྱི་ཚོར་བ་བདེ་བར་མི་རུང་བས་སོ། །འདིའི་དགག་སྒྲུབ་རྒྱས་པ་ནི་གཞན་དུ་བྲིས་ཟིན་པའི་ཕྱིར་རོ། །ནང་རབ་ཏུ་དྭང་བ་ནི་དང་པོའི་ས་ལས་ངེས་པར་འབྱུང་བའི་ཡིད་ཆེས་པའི་དད་པ་ཡིན་པའམ་སྐལ་ལྡན་ཁྱད་པར་ནི་རྒྱུ་རྟོག་དཔྱོད་ཀྱི་འཁྲུག་པ་ཞི་བ་ཙམ་དུ་འདོད་དོ། །དང་པོ་གཉིས་ཀྱི་དགའ་བ་ནི་ཡིད་བདེ་ཡིན་ཏེ། ལུང་རྣམ་པ་གཉིས་ཀྱིས་གསུམ་པ་ན་ཡིད་བདེ་མེད་པར་ཤེས་ལ་བསམ་གཏན་ནི་ཡན་ལག་ལས་ངེས་འབྱུང་ཡིན་པའི་ཕྱིར་རོ། །ལུང་དང་པོ་ནི། རྣམ་པར་འགྱུར་བའི་མདོ་ལས་བསམ་གཏན་གསུམ་པ་བཤད་པ་ན་འདིར་ཡིད་བདེ་བ་མ་ལུས་པར་འགག་པར་འགྱུར་རོ་ཞེས་དང་། འབུམ་པ་ལས། བཞི་པའི་དབང་དུ་བྱས་ནས་བདེ་བ་ཡང་སྤངས་སྟེ་སྔ་ནས་དུཿཁ་ཡང་སྤངས་ཤིང་ཡིད་བདེ་བ་དང་མི་བདེ་བ་ཡང་ནུབ་ཅེས་སོ། །སྡེ་པ་ཁ་ཅིག དགའ་བ་སེམས་བྱུང་རྫས་གཞན་དུ་འདོད་ཅིང་སེམས་ཙམ་པ་ནི་ཡིད་ཤེས་འཁོར་གྱི་ཚོར་བ་གཅིག་ཉིད་རྟེན་ཀུན་གཞི་དང་བརྟེན་པ་ཡིད་ཚིམ་པར་བྱེད་པས་བདེ་བ་དང་ཡིད་བདེའི་མིང་ཐོབ་བོ་ཞེས་སོ། །གཉིས་པ་ལ་གསུམ་སྟེ། ཉོན་མོངས་ཅན་ཡིན་མིན། སྐྱོན་ཅན་སྐྱོན་མེད། སྐྱེ་བ་དང་སྙོམས་འཇུག་གི་ཁྱད་པར་རོ། །དང་པོ་ནི། ཉོན་མོངས་ཅན་ལ་དེ་དག་ཐམས་ཅད་ཡོད་དམ་ཞེ་ན། མེད་དེ། ས་དེའི་ཉོན་མོངས་པས་མི་དབེན་པས་དང་པོ་ལ་དབེན་པ་ལས་སྐྱེས་པའི་དགའ་བདེ་མེད་པ་དང་། དེས་རྙོག་པའི་དགེ་བ་ཡིན་པས་གཉིས་པ་ལ་ནང་རབ་ཏུ་དྭང་བ་དང་། བདེ་བ་ཉོན་མོངས་ཅན་གྱིས་སླངས་པས་གསུམ་པ་ལ་ཤེས་བཞིན་དང་དྲན་པ་དང་། དེས་དྲི་མ་ཅན་དུ་བྱས་པས་བཞི་པ་ལ་བཏང་སྙོམས་དང་དྲན་པ་དག་པ་མེད་ཅིང་། གཉིས་པའི་ཤིན་སྦྱངས་དང་། གསུམ་པའི་བཏང་སྙོམས་མ་སྨོས་ཀྱང་དགེ་བ་ཡིན་པས་མེད་པར་གྲུབ་པའམ་ཁ་ཅིག་ཡོད་དོ་ཞེས་སོ། །ཁ་ཅིག་ནི་དགེ་བ་ཡིན་པས་སྔ་མ་གཉིས་ལ་ཤིན་ཏུ་སྦྱངས་པ་དང་ཕྱི་མ་གཉིས་ལ་བཏང་སྙོམས་མེད་དོ་ཞེས་སོ། །དེའི་ལྟར་ན་དགའ་བདེ་ནི་འདོད་པའི་མི་དགེ་བས་དབེན་པ་ཙམ་དང་། རབ་དང་ནི་རྟོག་དཔྱོད་ཞི་བ་ཙམ་དང་། དྲན་ཤེས་བཞིན་ནི་དྲན་པ་དང་ཤེས་རབ་ཙམ་ལ་བསམ་པར་མངོན་ནོ། །གཉིས་པ་ནི། ལུང་བར་མ་ལས་བསམ་གཏན་གསུམ་སྐྱོན་དང་བཅས་པའི་ཕྱིར་གཡོ་བ་དང་བཅས་ལ། བཞི་པ་མི་གཡོ་ཞེས་པའི་དོན་ཅི་ཡིན་ཞེ་ན། སྐྱོན་བརྒྱད་ཅེས་ཏེ་སྐྱོན་ཉིད་གཡོ་བའི་སྒྲར་བཤད་པའམ་དེས་གཡོ་བར་བྱེད་པ་ལས་ནི་གྲོལ་བས་མི་གཡོ་བ་སྟེ། མདོ་ལས་བཞི་པ་བསྒྲུབས་ཏེ་གནས་པ་དེའི་སེམས་རླུང་མེད་པའི་མར་མེ་ལྟར་མི་མཐོ་མི་དམའ་བར་མི་གཡོ་བ་ཐོབ་བོ་ཞེས་སོ། །སྐྱོན་དེ་དག་ཀྱང་གང་ཞེ་ན། རྟོག་དང་ཞེས་སོ། །གསུམ་པ་ནི། སྙོམས་འཇུག་གི་ཚོར་བ་གང་ཡོད་པ་ནི་སྐྱེ་བ་ན་ཡོད་དམ་ཞེ་ན། སྐྱེ་བའི་བསམ་གཏན་དང་པོ་དག་ན་ནི་ཚོར་བ་གསུམ་ཡོད་དེ་ཡིད་བདེ་བ་དང་དབང་པོའི་རྣམ་པར་ཤེས་པ་གསུམ་གྱི་བདེ་བ་དང་རྣམ་ཤེས་བཞིའི་བཏང་སྙོམས་རྣམས་སོ། །གཉིས་པ་ན་ནི་ཚོར་བ་གཉིས་ཏེ་བཏང་སྙོམས་དང་ཡིད་བདེ་གཉིས་སོ། །གསུམ་པ་ན་ཚོར་བ་གཉིས་ཏེ་ཡིད་ཀྱི་ས་པའི་བདེ་བ་དང་བཏང་སྙོམས་སོ། །བཞི་པ་ན་ནི་བཏང་སྙོམས་ཀྱི་ཚོར་བ་ཁོ་ན་ཡོད་དོ། །གསུམ་པ་ནི་འོ་ན་གཉིས་པ་ལ་སོགས་པ་ན་ལུས་དང་མིག་དང་རྣ་བའི་རྣམ་ཤེས་མེད་པས་མཐོང་ཐོས་རེག་པ་རྒྱུན་ཆད་པ་དང་རྟོགས་དཔྱོད་མེད་པས་ལུས་ངག་གི་རིགས་བྱེད་ཀྱང་མི་རུང་བས་སྨྲ་བ་དང་འགྲོ་འོང་ལ་སོགས་པ་མེད་པར་འགྱུར་རོ་ཞེ་ན། རྣམ་ཤེས་དེ་གསུམ་དང་རིག་བྱེད་ས་དེའི་བསྡུས་པ་མེད་ཀྱང་རྟེན་དེ་ལ་ཡོད་དེ་འོག་སའི་སྤྲུལ་སེམས་མངོན་དུ་བྱེད་པ་ལྟར་དེ་དག་ཀུན་སློང་གི་སེམས་རྟོག་དཔྱོད་གང་ཡིན་པ་དེ་ནི་དང་པོར་རྟོགས་པ་མངོན་དུ་བྱེད་ཅིང་། དེ་ཡང་ལུང་མ་བསྟན་ཏེ་སྤངས་པའི་ཕྱིར་ཏེ་ཉོན་མོངས་པ་ཅན་མིན་ལ། དམན་པའམ་དགེ་བ་ནི་རྣམ་སྨིན་ཡིན་ལ་གོང་དུ་སྐྱེས་པ་ནི་འོག་མའི་རྣམ་སྨིན་དོན་དུ་མི་གཉེར་བས་དགེ་བ་མ་ཡིན་པར་དགོས་པའི་དབང་གིས་མ་བསྒྲིབས་པ་མངོན་དུ་བྱེད་དོ། །གསུམ་པ་སྙོམས་འཇུག་ཐོབ་ཚུལ་ལ། ཐོབ་ཚུལ་དངོས། གང་གིས་མཇུག་ཏུ་གང་སྐྱེ་བ། ཐོད་རྒལ་གྱི་སྙོམས་འཇུག་ཇི་ལྟར་སྐྱེ་བའོ། །དང་པོ་ནི། དེ་དག་དང་སྔར་ཡེ་མི་ལྡན་ན་འོག་སའི་འདོད་ཆགས་དང་བྲལ་བ་དང་གོང་ནས་འོག་ཏུ་སྐྱེ་བ་ལས་ནི་དག་པ་པ་འཐོབ་ལ། སྲིད་རྩེ་ནི་གོང་ས་མེད་པས་སྐྱེ་བས་མི་འཐོབ་ཅིང་། དེ་དང་མི་ལྡན་ཞེས་པ་ནི་རིགས་ཙམ་ལྡན་པ་ལས་བྱེ་བྲག་སྦྱོར་ལམ་དང་ཉམས་པ་ཆ་མཐུན་ལ་སོགས་པ་ཁ་ཅིག་སྦྱོར་བ་དང་། ཉམས་པས་འཐོབ་པར་སྟོན་ལ། དུས་ནི་བསམ་གཏན་སྔ་མ་གསུམ་འཇིག་རྟེན་པས་གྲོལ་ཏེ་ཐོབ་ན་དབང་རྣོན་གྱིས་དུས་གསུམ་ཆར་དང་། རྟུལ་པོས་འདས་མ་འོངས་ཁོ་ན་དང་། བཞི་པ་ཡན་ཆད་ནི་གཉིས་ཀས་དུས་གསུམ་པ་དང་། ཟག་མེད་ཀྱིས་གྲོལ་བ་དང་སྐྱེ་བས་ཐོབ་ན་འདས་མ་འོངས་ཁོ་ན་ཐོབ་བོ། །ཟག་མེད་ནི་སྔར་མི་ལྡན་ན་འོག་ས་ལ་འདོད་ཆགས་དང་བྲལ་བ་ཁོ་ན་ཡིས་འཐོབ་ལ། ལྡན་ན་ཟད་ཤེས་ཀྱི་ཚེ་མི་སློབ་པ་དང་། དབང་པོ་འཕོས་ན་རྣོན་པོའི་དངོས་གཞི་སྦྱོར་བས་ཀྱང་འཐོབ་བོ། །སློབ་པའི་འབྲས་བུ་དང་པོ་གཉིས་ནི་དངོས་གཞིས་མ་བསྡུས་ལ། གསུམ་པ་ནི། ཆགས་བྲལ་གྱིས་འཐོབ་པ་སྦྱོར་ཐོབ་མིན་ཞིང་། ཕྱིར་མི་འོང་ཆགས་བྲལ་སྔོན་འགྲོའི་མཐོང་ལམ་གྱིས་ཟག་མེད་ཀྱི་དངོས་གཞི་སྔར་མེད་ཀྱང་མཐོང་ལམ་གཞན་གྱིས་མི་ཐོབ་པས་དེ་ཐོབ་རྒྱུར་མ་བསྟན་ཏོ། །རང་ས་ལས་ཉམས་ན་མི་ལྡན་པར་འགྱུར་ལ། གོང་ས་ལས་ཉམས་པའི་ཚེ་འོག་སའི་རིགས་ཙམ་བཏང་བ་མེད་པས་ཉམས་པས་མི་འཐོབ་ཅིང་། འཕགས་པ་འོག་སར་མི་ལྡོག་ཅིང་ཡེ་ནས་ལྡན་པས་སྐྱེ་བས་ཀྱང་མི་འཐོབ་ལ་དུས་ནི་སྔར་བཞིན་ནོ། །ཉོན་མོངས་ཅན་གོང་ས་ལས་ཉམས་པ་དང་སྲིད་རྩེ་ལས་གཞན་འོག་ཏུ་སྐྱེ་བ་ཡིས་འཐོབ་ཀྱི་སྔར་ནས་ལྡན་པས་ཆགས་བྲལ་གྱིས་ནི་མི་འཐོབ་ལ། དུས་ནི་ཉམས་ན་གསུམ་ཆར་སྐྱེ་བའི་ཚེ་སྙོམས་འཇུག་མི་སྲིད་པས་འདས་མ་འོངས་ཁོ་ན་འཐོབ་བོ། །དེ་དག་གི་གཏོང་ཚུལ་ནི་གནས་བཞི་པར་བཤད་ཟིན་ཏོ། །གཉིས་པ་ལ་ཐུན་མོང་དུ་བསྟན་པ་དང་། དག་པ་བ་ཁྱད་པར་དུ་བཤད་པའོ། །དང་པོ་ནི། མཉམ་གཞག་ནི། ཟག་པ་མེད་པའི་མཇུག་ཐོགས་སུ་ལྟག་དང་འོག་མ་གསུམ་པའི་བར་གྱི་དགེ་བ་སྐྱེ་སྟེ། རྒྱུན་གྱི་ཚེ་རང་སའི་ཟག་མེད་དང་ལངས་པ་ན་དག་པ་པ་དང་། ལྟག་གཉིས་པའི་ཟག་མེད་ནི་མཐར་གྱིས་གནས་པ་ལུགས་འབྱུང་རིགས་མཐུན་དག་པ་པ་ནི་རིགས་མི་མཐུན་ཐོད་རྒལ་གྱི་རིང་སྦྱོར་དང་། ལྟག་གསུམ་པའི་ཟག་མེད་ནི་ཉེ་བའི་སྦྱོར་བ་དང་དག་པ་པ་ཐོད་རྒལ་ལུགས་འབྱུང་དངོས་སོ། །འོག་མ་གཉིས་པའི་ཟག་མེད་ནི་ལུགས་ལྡོག་རིགས་མཐུན་དང་། དག་པ་པ་དེའི་རིགས་མི་མཐུན་ཏེ་རིང་སྦྱོར་དང་། འོག་མ་གསུམ་པའི་ཟག་མེད་ནི་ཉེ་སྦྱོར་དང་དག་པ་པ་ནི་ཐོད་རྒལ་ལུགས་ལྡོག་དངོས་སོ། བཞི་པ་ནི་མི་བསྐྱེད་དེ་གཉིས་བརྒལ་མི་ནུས་པས་སོ། །གྲངས་ནི་དང་པོའི་ཟག་མེད་ལས་རང་དང་ལྟག་གཉིས་པ་དང་གསུམ་པའི་གཉིས་གཉིས་ཏེ་དྲུག་འབྱུང་ལ། གཉིས་པ་ལ་བརྒྱད་དང་གསུམ་པ་ནས་ནམ་མཁའི་བར་ལ་བཅུ་བཅུ་དང་། རྣམ་ཤེས་ལས་དགུ་དང་ཅི་ཡང་མེད་པས་བདུན་ཏེ་སྲིད་རྩེ་ན་ཟག་མེད་མེད་པས་སོ། །གཟུགས་མེད་ཀྱི་དགེ་བ་ནི་ལམ་རྗེས་ཤེས་ཁོ་ན་ལས་བྱུང་གི་ཆོས་ཤེས་ལས་མིན་ཏེ། དེའི་དམིགས་པ་འདོད་པ་ཡིན་པས་སོ། །བསམ་གཏན་ནི་དེ་གཉིས་ཀ་ལས་འབྱུང་ངོ་། །དག་པ་པ་ལས་ཀྱང་དེ་བཞིན་དང་། རང་གི་ས་པའི་ཉོན་མོངས་ཅན་ཀྱང་དེའི་རོ་མྱོང་བར་བྱེད་པའི་ཚེ་སྐྱེ་བས་གྲངས་ཀྱང་ཉོན་མོངས་ཅན་ལྷག་པའི་སྔར་བཞིན་དང་ལམ་གང་འབྱུང་བ་ཡང་སྔར་གྱིས་ཤེས་པར་བྱའོ། །ཉོན་མོངས་ཅན་ལས་ནི་དེ་ལ་དེར་ཤེས་ནས་རང་སའི་དག་པ་པ་དང་ཉོན་མོངས་ཅན་གྱི་རྒྱུན་སྐྱེ་བ་དང་། ཉོན་མོངས་ཅན་གྱིས་གཟིར་བའི་ཚེ་འོག་མའི་དག་པ་པ་གཅིག་ཀྱང་སྐྱེ་ཞིང་། གྲངས་ནི་དང་པོའི་ལས་འདོད་པའི་དགེ་བ་འབྱུང་ཡང་སྙོམས་འཇུག་མིན་པས་རང་སའི་གཉིས་ཁོ་ན་དང་། གཉིས་པའི་ལས་དང་པོའི་དག་པ་པ་སྟེ་གསུམ་དང་། དེ་ཡན་ཆད་ལས་འོག་གཉིས་པ་དང་གསུམ་པའི་དག་པ་པ་གཉིས་དང་རང་སའི་གཉིས་ཏེ་བཞི་བཞིའོ། །མཉམ་གཞག་ལས་གཞན་པའི་འཆི་འཕོ་བའི་དག་པ་པ་སྐྱེས་ཐོབ་ལས་ཤི་ནས་གང་དུ་སྐྱེ་ཡང་རུང་བས་ཉོན་མོངས་ཅན་ས་དགུ་པོ་ཀུན་འབྱུང་ལ། ཉོན་མོངས་ཅན་ལས་ནི་གོང་མར་སྐྱེ་བ་མེད་པས་དེ་གཉིས་ཉོན་མོངས་ཅན་མིན་ནོ། །གཉིས་པ་ནི། དག་པ་པ་ལ་དབྱེ་ན་ཉམས་པའི་ཆ་མཐུན་དང་། སོགས་པ་གནས་པ་དང་ཁྱད་པར་དང་ངེས་འབྱེད་ཆ་མཐུན་དང་རྣམ་བཞིའོ། །བཞི་པོ་དེའི་མཚན་ཉིད་ནི་གོ་རིམ་བཞིན་དུ་ཉོན་མོངས་པ་སྐྱེ་བ་དང་རྗེས་སུ་མཐུན་པ་དང་། རང་གི་ས་སྐྱེ་བ་དང་། གོང་མ་སྐྱེ་བ་དང་། ཟག་མེད་སྐྱེ་བ་དང་རྗེས་སུ་མཐུན་པའོ། །བཞི་པོ་དེ་དག་ལས་གང་གིས་མཇུག་ཐོགས་སུ་དུ་ཞིག་སྐྱེ་ཞེ་ན། ཉམས་པའི་ཆ་དང་མཐུན་པའི་མཇུག་ཐོགས་སུ་དང་པོ་གཉིས་དང་། གཉིས་པ་ལས་དང་པོ་གསུམ་དང་། གསུམ་པ་ལས་ཐ་མ་གསུམ་དང་། བཞི་པ་ལས་ཐ་མ་གཅིག་པུ་འབྱུང་ངོ་། །གསུམ་པ་ནི། བསམ་གཏན་དང་གཟུགས་མེད་པའི་ས་བརྒྱད་ཀྱི་ཟག་བཅས་ཟག་མེད་རྣམ་པ་གཉིས་པོ་མཐར་གྱིས་རིགས་མཐུན་པར་འབྲེལ་པ་དང་། རིགས་མི་མཐུན་པར་ལུགས་འབྱུང་ལུགས་ལྡོག་ཏུ་འཇུག་པའི་རིང་བ་དང་ས་གཅིག་རྒལ་ཏེ་ལུགས་འབྱུང་དུ་སོང་ཞིང་ལུགས་ལྡོག་ཏུ་འོངས་པ་ཉེ་བའི་སྦྱོར་བ་ནི་སྦྱོར་བའོ། །དེ་ནས་དངོས་གཞི་ནི་བརྒྱད་རྒལ་བར་བཤད་པ་དབང་རྣོན་ཡིན་པས་འདིར་རིགས་མི་མཐུན་པར་གོང་དང་འོག་གི་གསུམ་པར་འགྲོ་བ་ནི་ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན་ནོ། །རྟེན་ནི་བློ་གསལ་བས་གླིང་གསུམ་གྱི་མི་དང་། གང་ཟག་ནི་ཉོན་མོངས་མེད་པ་དང་ཏིང་ངེ་འཛིན་ལ་དབང་བས་མི་གཡོ་བ་ཁོ་ནའོ། །བཞི་པ་ནི། བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་དེ་དག་རྟེན་གང་ལ་མངོན་དུ་བྱེད་ཅེ་ན། སྤྱིར་བཏང་ལ་ཐམས་ཅད་རང་ས་དང་འོག་སའི་རྟེན་ཅན་ཡིན་གྱི་གོང་མའི་རྟེན་ལ་འོག་མའི་སྙོམས་འཇུག་མངོན་དུ་བྱེད་པ་མེད་དེ། དེ་ལ་དགོས་པ་མེད་པའི་ཕྱིར་རོ། །དམིགས་གསལ་སྟོན་པ་ནི་སྲིད་རྩེར་ཅི་ཡང་མེད་ཀྱི་འཕགས་པ་ཟག་མེད་ཀྱི་སྙོམས་འཇུག་མངོན་དུ་བྱེད་པ་ཡོད་དེ། དེ་མངོན་སུམ་དུ་བྱས་ནས་སྲིད་རྩེའི་ཟག་པ་ཟད་པར་བྱེད་པའི་ཕྱིར་ཏེ། རང་སའི་ཟག་མེད་མེད་ཅིང་ཅི་ཡང་མེད་དེ་ཉེ་བའི་ཕྱིར་རོ། །ལྔ་པ་ནི། སྙོམས་འཇུག་འདི་དག་གི་དམིགས་པ་ཅི་ཞིག་ཡིན་ཞེ་ན། སྲེད་པ་དང་བཅས་པ་རོ་མྱོང་མཚུངས་ལྡན་གྱིས་རང་གི་ས་པའི་སྲིད་པ་ཁོ་ན་ལ་དམིགས་པ་ཡིན་ཞིང་། བསམ་གཏན་དགེ་བའི་ཡུལ་དུ་ནི་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་རུང་བས་ཡོད་དགུ་ཡིན་ཡང་། གཟུགས་མེད་ཀྱི་དངོས་གཞི་དགེ་བ་རྣམས་ཀྱི་སྤྱོད་ཡུལ་ནི་ས་འོག་མའི་ཟག་བཅས་ཀྱི་དངོས་པོ་མིན་ཏེ་རང་གོང་ཁོ་ན་ལ་དམིགས་པས་སོ། །དམིགས་པ་ཟག་མེད་ནི་སྔར་བཤད་ཟིན་ཏོ། །ཉེར་བསྡོགས་ཀྱི་དམིགས་པ་ནི་ས་འོག་མ་འོག་མ་ཡིན་ནོ། །དྲུག་པ་ལ་སྤོང་ཚུལ་དངོས། ཉེར་བསྡོགས་ཀྱི་ཁྱད་པར། བསམ་གཏན་ཁྱད་པར་ཅན་ནོ། །དང་པོ་ནི། །དེ་དག་ལས་སྲིད་པའི་གཉེན་པོ་ཡིན་པས་ཟག་པ་མེད་པས་ཉོན་མོངས་རྣམས་སྤོང་ཞིང་ཉེར་བསྡོགས་ཀྱི་དག་པ་པས་ཀྱང་འོག་སའི་སྤོང་གི དངོས་གཞི་དག་པ་པ་ནི་འོག་སའི་སྤངས་ཟིན་པ་དང་འདི་པའི་རང་སའི་སྲེད་པ་རྒྱས་པ་དང་། དམན་པས་གོང་ས་མཆོག་ལས་མི་འབྱིན་པས་མི་སྤོང་ལ། ཀྱང་སྒྲས་མི་ལྕོགས་མེད་ཀྱི་ཟག་མེད་དེས་ཀྱང་སྤོང་བར་བསྟན་ཏོ། །གཉིས་པ་ནི། དངོས་གཞི་བརྒྱད་པོ་དེ་དག་ལ་འཇུག་པར་བྱེད་པའི་ཉེར་བསྡོགས་ཀྱང་བརྒྱད་ཡིན་ལ། ངོ་བོ་ནི་འདོད་ཆགས་དང་བྲལ་བའི་ལམ་ཡིན་པས་དག་པ་པ་དང་འབད་དེ་དྲང་དགོས་པ་དང་འོག་ས་ལས་ཡིད་འབྱུང་བ་དང་མ་བྲལ་བས་བདེ་མིན་སྡུག་མིན་ནམ། འབད་དེ་དྲང་དགོས་པས་དེ་ཡིན་ལ་གཉིས་ཀྱིས་སྔ་མའོ། །བྱེ་བཤད་ལས་བརྒྱད་ཆར་ཉོན་མོངས་ཅན་མཉམ་པར་མ་གཞག་པས་མཚམས་སྦྱོར་བ་ནི་རང་གི་གྲུབ་མཐའོ། །དང་པོ་མི་ལྕོགས་མེད་ན་འཕགས་ལམ་ཟག་པ་མེད་པའང་ཡོད་དེ། གསལ་བའམ་རང་ས་ལས་ཡིད་འབྱུང་བ་དང་ལྡན་པས་གོང་སའི་ཡང་གཉེན་པོ་བྱེད་པ་དང་། བསྡུ་བར་དེ་མཉམ་གཞག་གི་དང་པོ་ཡིན་པས་སོ་ཞེས་སོ། །ཁ་ཅིག་ནི་རོ་མྱང་ལྡན་དང་གསུམ་ཀ་སྟེ་གསལ་བ་ཉིད་དམ། འདུས་བཟང་ན་རེ། དངོས་གཞི་ལ་འགྲེ་ན་སྙོག་པས་སོ་ཞེས་སོ། །གསུམ་པ་ནི། ཁྱད་པར་ཅན་ཞེས་འབྱུང་བ་ཉེར་བསྡོགས་དང་གཅིག་གམ་ཐ་དད་ཅེ་ན། ཐ་དད་དེ། དང་པོ་ཉིད་རྟོག་པ་མེད་པས་ཁྱད་པར་དུ་འགྱུར་ལ་དཔྱོད་པ་ཙམ་གྱིས་རྩེ་གཅིག་པ་ནི་བསམ་གཏན་ཁྱད་པར་ཅན་ཡིན་པས་གཉིས་པ་ལ་སོགས་པ་མེད་ཅིང་། དེ་ནི་དག་པ་ལ་སོགས་པ་རྣམ་པ་གསུམ་དང་འབད་དེ་དྲང་དགོས་པས་ཚོར་བ་བདེ་མིན་སྡུག་མིན་དང་ལྡན་ཞིང་ལམ་ཡང་དཀའ་ལ། དེ་དག་པ་པ་སྒོམ་པ་ནི་ཚངས་ཆེན་གྱི་འབྲས་བུ་ཅན་ཏེ་དེ་མང་ཡང་ཚངས་ཆེན་གཅིག་ལས་མེད་པ་ནི་གཞན་མ་ངེས་པའམ་མཆོག་གཅིག་སྐྱེ་བ་ཡིན་ནོ་ཞེས་སོ། །གཉིས་པ་ཏིང་ངེ་འཛིན་གསུམ་དུ་དབྱེ་བ་ལ། རྟོགས་བཅས་དཔྱོད་བཅས་སོགས་གསུམ་དུ་དབྱེ་བ། སྟོང་པ་ཉིད་སོགས་གསུམ་དུ་དབྱེ་བ། སྟོང་ཉིད་སྟོང་ཉིད་སོགས་གསུམ་དུ་དབྱེ་བའོ། །དང་པོ་ནི། ཁྱད་པར་ཅན་རྟོགས་མེད་དཔྱོད་བཅས་ཙམ་དུ་བསྟན་པས་དེ་མན་ཆད་དང་པོའི་ཉེར་བསྡོགས་དང་དངོས་གཞི་ནི་རྟོག་དང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཡིན་ལ། གཉིས་པའི་ཉེར་བསྡོགས་ཡན་ཆད་ནི་རྟོག་དཔྱོད་གཉིས་ཀ་མེད་པའི་ཏིང་ངེ་འཛིན་ཏོ། །གཉིས་པ་ལ་དབྱེ་བ་དངོས། དེ་ཁྱད་པར་དུ་བཤད་པའོ། །དང་པོ་ནི། བདག་དང་བདག་གིར་ཞེན་པ་དང་སྲིད་པ་ལ་སྲེད་པ་དང་སྲིད་པ་ཟད་པ་མི་འདོད་པའི་གཉེན་པོར་སྟོང་ཉིད་དང་སྨོན་མེད་དང་མཚན་མེད་བསྟན་ལ། མཚན་མ་མེད་པ་ནི་ཡུལ་ལྔ་དང་འདུས་བྱས་ཀྱི་མཚན་ཉིད་བཞི་དང་ཕོ་མོའི་མཚན་མ་སྟེ་བཅུ་བཞི་པ་ལ་དམིགས་ནས་འགོག་པའི་རྣམ་པ་བཞི་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ཏོ། །སྟོང་པ་ཉིད་ནི་གང་ཡང་རུང་བ་ལ་དམིགས་ནས་བདག་མེད་པ་དང་སྟོང་པ་ཉིད་དུ་འཇུག་པའི་རྣམ་པ་དང་ལྡན་པ་ཡིན་ཞིང་། སྨོན་པ་མེད་པ་ནི་དེ་ལས་གཞན་པའི་ཡུལ་སྨོན་བྱ་མིན་པ་སྡུག་བསྔལ་གྱི་དང་པོ་གཉིས་དང་ཀུན་འབྱུང་གི་བཞི་དང་གཟིངས་ལྟར་ལྷག་མེད་དུ་འཇུག་པའི་ཚེ་དོར་བྱ་ཡིན་པས་ལམ་བདེན་གྱི་བཞི་སྟེ་རྣམ་པ་བཅུ་དང་ལྡན་པ་ཡིན་པར་ལུང་བར་མ་ལས་བཤད་དོ། །གཉིས་པ་ནི། བྱིས་ལམ་དང་འཕགས་པའི་སྦྱོར་རྗེས་ཁ་ཅིག་གིས་བསྡུས་པ་དག་པ་པ་དང་གཞན་ས་དགུའི་དྲི་མ་མེད་པ་གཉིས་པས་དེ་དག་དྲི་མེད་ནི་རྣམ་ཐར་ལྷག་བཅས་ལྷག་མེད་ཀྱི་གྲོང་དངོས་སུ་འཇུག་པས་སྒོ་གསུམ་ཡིན་གྱི། ཟག་བཅས་ནི་བརྒྱུད་ནས་འཇུག་པས་སྲང་བཞིན་དུ་སྒོ་ཞེས་མི་བྱ་སྟེ། བསྡུ་བ་ལས། སྟོང་པ་ཉིད་དང་ཏིང་ངེ་འཛིན་དང་རྣམ་ཐར་ནི་ཤེས་རབ་གསུམ་ཀ་དང་སྒོམ་བྱུང་དང་ལོ་ཀ་ལས་འདས་པའི་སྒོམ་བྱུང་ཁོ་ནའོ། །གསུམ་པ་ནི། མདོ་ལས་སྟོང་པ་ཉིད་སྟོང་པ་ཉིད་ཅེས་པ་ལ་སོགས་པ་སྔ་མའི་རྣམ་པ་ཅན་ཡིན་པས་རྫས་དེ་ཉིད་ལས་བཟློག་པ་གཞན་ཡང་ཏིང་ངེ་འཛིན་གསུམ་གསུངས་ཏེ། རྣམ་ཐར་གསུམ་ཉིད་དམ་དེའི་བཀག་པ་ལ་དམིགས་ནས་སུན་འབྱིན་པས་རྣམ་པར་སུན་འབྱིན་ཞེས་ཀྱང་བྱ་ཞེས། སྟོང་ཉིད་མཚན་མེད་སོགས་དགུ་ཕྲུགས་སུ་ནི་མི་སྦྱོར་རོ། །དེ་ལ་དང་པོ་གཉིས་ཀྱིས་སྟོང་ཉིད་སྟོང་ཉིད་ནི་མི་སློབ་པའི་སྟོང་པའི་ཏིང་ངེ་འཛིན་ལ་དམིགས་ནས་འདི་ནི་བདག་གི་མིན་ནོ་ཞེས་སྟོང་པའི་རྣམ་པར་ལྟ་བ་ཡིན་གྱི་བདག་མེད་པར་མིན་ཏེ། སྟོང་པའི་རྣམ་པའི་རྗེས་ལ་བསྐྱེད་པའི་ཕྱིར་རོ། །སྨོན་པ་སྨོན་མེད་ནི་མི་སློབ་པའི་སྨོན་མེད་ལ་དམིགས་ནས་མི་རྟག་པར་ལྷའི་ཡུལ་ཟག་མེད་ལ་ཀུན་འབྱུང་གི་གཞི་དང་དུཿཁ་དང་ལམ་ཉིད་ཀྱིས་སུན་མི་འབྱིན་པས་དེའི་བཞི་དང་སྨོན་མེད་ཀྱི་བྱེ་བྲག་ཏུ་མི་རུང་བས་རྣམ་པ་གཞན་དུ་མི་བལྟའོ། །མཚན་མ་མེད་པ་མཚན་མེད་ནི་མི་སློབ་པའི་མཚན་མེད་ལས་ལངས་ནས་མ་བརྟགས་པར་རྐྱེན་མ་ཚང་བས་ཟད་དེ་བརྟགས་མིན་ཐོབ་པ་ལ་དམིགས་ནས་ཞི་བའི་རྣམ་པར་བལྟ་སྟེ། དགྲ་གསོད་བྱེད་ལ་དགའ་ན་དགྲ་ལ་མི་དགའ་བར་གྲུབ་པ་ལྟར་འགོག་བྱེད་ལ་ཡོན་ཏན་དུ་བལྟས་པས་དགག་བྱ་སུན་ཕྱུང་བར་འགྱུར་རོ། །འགོག་པའི་རྣམ་པར་མི་བལྟ་སྟེ་དེ་ནི་མི་རྟག་པའི་འགོག་པ་དང་ཐུན་མོང་ཡིན་པས་མི་རྟག་པ་ཡང་དམིགས་བྱ་འགྱུར་ལ་འདོད་ན་དེ་ཉིད་མཚན་མ་ཡིན་པས་མཚན་མེད་ཀྱི་བྱེ་བྲག་ཏུ་མི་རུང་ངོ་། །ཏིང་ངེ་འཛིན་དེ་དག་ནི་འཕགས་ལམ་ལ་སྡང་བས་ཟག་བཅས་ཏེ་ཟག་མེད་དེ་ལྟ་མ་ཡིན་ནོ། །མིའི་ནང་དུ་སྐྱེད་དེ་བློ་གསལ་བས་སོ། །དབང་པོ་རྣོ་བས་མི་གཡོ་བས་སྐྱེད་ཀྱི་གཞན་གྱིས་མིན་ཏེ། དགའ་བའི་གནས་སུ་གྱུར་པས་རྣམ་ཐར་ལ་རྒྱབ་ཀྱིས་ཕྱོགས་མི་ནུས་སོ། །བདེན་པའི་རྣམ་པ་ཅན་དང་མི་ལྡན་པའི་ཉེར་བསྡོགས་བདུན་པོ་མ་གཏོགས་པའི་ས་བཅུ་གཅིག་པའོ། །གསུམ་པ་ཏིང་ངེ་འཛིན་བཞིར་དབྱེ་བ་ནི། དགེ་བ་གཉིས་པའི་བསམ་གཏན་དང་པོ་ནི་མཐོང་ཆོས་ལ་བདེ་བར་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པ་སྟེ། འདོད་པ་ལས་འདས་པའི་ཐོག་མར་ཐོབ་པས་ཡིད་ཚིམ་པའི་ཕྱིར། མིག་གི་མངོན་ཤེས་ཀྱིས་འཁོར་འཆི་འཕོ་སྐྱེ་ཤེས་ནི་སྔ་ཕྱི་རྟོགས་པའི་ཚུལ་གྱི་ཤེས་པ་དང་། དེ་ཉིད་ཀྱིས་ཁ་དོག་བཟང་ངན་ལ་སོགས་པ་མི་རྟོག་པའི་ཚུལ་གྱིས་མཐོང་བར་འགྱུར་ཏེ། དེ་ཉིད་ཏིང་ངེ་འཛིན་མིན་ཡང་འབྲས་བུ་ལ་རྒྱུའི་མིང་བཏགས་ནས་ཏིང་ངེ་འཛིན་དུ་འདོད་ཅིང་རྣམ་གྲོལ་བློ་ཞེས་པས་བསམ་གཏན་ཁོ་ནར་འདོད་དོ། །སྦྱོར་བ་ལས་བྱུང་བའི་ཡོན་ཏན་ཁམས་གསུམ་པ་མི་སྡུག་པ་ལ་སོགས་པ་དང་ཟག་མེད་ཀྱི་ལམ་ཐམས་ཅད་ནི་བློའི་ཁྱད་པར་གོང་ནས་གོང་དུ་འབྱེད་ཅིང་བསྐྱེད་པར་འགྱུར་བའི་ཏིང་ངེ་འཛིན་ནོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསམ་གཏན་མཐའ་བཞི་པས་བསྡུས་པ་གང་ཡིན་པ་དེ་ནི་རྒྱུད་དེ་ལ་ཟག་པ་གཅིག་ཀྱང་མ་ལུས་པར་ཟད་པར་འགྱུར་བ་སྒོམ་པ་སྟེ། འདི་དག་ནི་སྟོན་པ་ཉིད་ཀྱིས་སྔོན་ཞིང་པའི་གྲོང་འཛམ་བུའི་ཤིང་དྲུང་དུ་བསམ་གཏན་དང་པོ་བསྐྱེད་ཅིང་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྲོད་ལ་བདུད་བཏུལ་ཏེ། ལྷའི་སྤྱན་གྱིས་སེམས་ཅན་འཆི་འཕོ་བ་དང་སྐྱེ་བ་ཉམ་ང་བ་གཟིགས་ནས་གུང་ལ་དེ་དག་བསྐྱབ་པའི་ཕྱིར་བསམ་གཏན་དང་རྣམ་ཐར་ལ་སོགས་པ་སྐྱེད་དེ། ཐོ་རངས་བཞི་པ་ལ་བརྟེན་ནས་ངེས་པ་ལ་ཞུགས་ཏེ་རྡོ་རྗེ་ལྟ་བུའི་བར་དུ་མངོན་དུ་མཛད་པ་ལ་དགོངས་ནས་གསུངས་པའོ། །གསུམ་པ་སྙོམས་འཇུག་གི་ཡོན་ཏན་ལ། ཚད་མེད་བཤད། ཡོན་ཏན་གཞན་བཤད་པའོ། །དང་པོ་ལ། དབྱེ་བ་དང་གྲངས་ངེས། ཁྱད་པར་གྱི་ཆོས་གཉིས། དང་པོ་ནི། ཚད་མེད་པ་ནི་དབྱེ་ན་བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་བཞི་ཡིན་ཏེ། ཡུལ་སེམས་ཅན་ཚད་མེད་པ་ལ་དམིགས་ཤིང་བསོད་ནམས་ཚད་མེད་འབྱུང་བས་སོ། །གྲངས་ངེས་པ་ནི་སྤང་བྱ་གནོད་སེམས་དང་། ལ་སོགས་པ་རྣམ་འཚེ་དང་གཞན་བདེ་བ་ལ་ཕྲག་དོག་པའི་མི་དགའ་བ་དང་འདོད་པའི་འདོད་ཆགས་དང་གནོད་སེམས་མང་བ་རྣམས་ཀྱི་གཉེན་པོའི་ཕྱིར་རིམ་བཞིན་ནོ། །བཏང་སྙོམས་དང་བྱམས་པའི་སྤངས་བྱའི་གནོད་སེམས་ནི་ཆགས་པས་བསླངས་པ་དང་མ་བསླངས་པ་ཡིན་ལ། བཏང་སྙོམས་དང་མི་སྡུག་པའི་སྤང་བྱའི་འདོད་ཆགས་ནི་འཁྲིག་པ་དང་ཁ་དོག་གིའམ་ཉེ་དུ་དང་འཁྲིགས་པའི་འདོད་ཆགས་སོ། །གཉིས་པ་ནི། ཞེ་སྡང་མེད་པ་ཉིད་བྱམས་པ་དང་སྙིང་རྗེ་ཡང་ཡིན་ཏེ། མནར་སེམས་མེད་ན་བདེ་བ་དང་ཕྲད་ཅིང་དུཿཁ་དང་བྲལ་བར་འདོད་པས་སོ། །ཕ་རོལ་བདེ་བ་ལ་དམིགས་ནས་ཡིད་བདེ་བ་ནི་དགའ་བ་ཡིན་ལ། བཏང་སྙོམས་ནི་ཉེ་དུ་ལ་འབྲེལ་མེད་ལྟར་བྱེད་པ་མ་ཆགས་པ་སྟེ། ཆགས་པ་སྔོན་དུ་འགྲོ་བའི་གནོད་སེམས་ཀྱི་གཉེན་པོ་བྱེད་པའམ། སློབ་དཔོན་ནི་ཆགས་སྡང་གཉིས་ཀ་ནས་སྙོམས་པའི་རང་བཞིན་ཞེས་བྱའོ། །རྣམ་པ་ནི་ཀྱེ་མ་སྟེ་ཞེ་ཐག་པ་ནས་སེམས་ཅན་འདི་དག་བདེ་བ་དང་ལྡན་པར་གྱུར་སྡུག་བསྔལ་དང་བྲལ་བར་གྱུར་ཅིག དགའ་བ་དང་མི་འབྲལ་བར་འགྱུར་ཅིག སེམས་ཅན་རྣམས་ལ་ཆགས་སྡང་མེད་པར་སྙོམས་པའི་རྣམ་པའོ། །འོ་ན་དེ་ལྟར་མ་གྱུར་པ་ལ་དེར་མོས་པ་ཕྱིན་ཅི་ལོག་ཏུ་འགྱུར་རོ་ཞེ་ན། བདེའོ་ཞེས་མི་སེམས་ཀྱི་གྱུར་ཅིག ཅེས་སེམས་པའམ་མོས་པ་ནི་དགའ་བའི་བསམ་པ་ཅན་ཡིན་པས་ཕྱིན་ཅི་ལོག་མིན་ལ། དེ་ལྟར་གྱུར་ཀྱང་མི་དགེ་བར་མི་འགྱུར་ཏེ་གནོད་སེམས་སོགས་ཀྱི་གཉེན་པོ་བྱེད་པས་སོ། །སྤྱོད་ཡུལ་ནི་རང་དང་ཉེ་བ་ལ་དམིགས་ནས་སྐྱེ་བའི་གནོད་སེམས་སོགས་འདོད་པ་ན་ཡོད་པས་དེའི་གཉེན་པོ་འདོད་པའི་སེམས་ཅན་རྣམས་ལ་དམིགས་ཤིང་། དགའ་བ་ཡིད་བདེ་ཡིན་པས་བསམ་གཏན་དང་པོ་གཉིས་ན་ཡོད་ལ་གཞན་ནི་ཆགས་སྡང་མེད་པ་ཡིན་པས་བསམ་གཏན་ས་དྲུག་ཆར་ན་ཡོད་པའམ། ཁ་ཅིག་ནི་དངོས་གཞི་ལྔ་ཁོ་ན་ན་ཡོད་ཅེས་པའམ། ཁ་ཅིག་མཉམ་པར་མ་བཞག་པའམ་སྦྱོར་བས་ཡང་བསྣན་ཏེ་ས་བཅུ་པའོ་ཞེས་སོ། །བཞི་པོ་དེ་ཡི་གནོད་སེམས་སོགས་དངོས་སུ་མི་སྤོང་སྟེ་དངོས་གཞི་ཡིན་པའམ་མོས་པ་ཡིད་ལ་བྱེད་པ་དང་ཉི་ཚེ་བའི་སེམས་ཅན་ལ་དམིགས་པའི་ཕྱིར་རོ། །ཇི་སྐད་དུ་རྣམ་འགྲེལ་ལས། བྱམས་སོགས་རྨོངས་དང་འགལ་མེད་ཕྱིར། །ཤིན་ཏུ་ཉེས་པ་ཚར་ཆོད་མིན། །ཞེས་སོ། །འོན་ཀྱང་དེ་དག་གི་སྦྱོར་བས་བསྡུས་པ་འདོད་པ་དང་ཉེར་བསྡོགས་ཀྱིས་གནོད་སེམས་སོགས་མགོ་གནོན་པ་དང་དངོས་གཞིས་སྤངས་པ་ཐག་སྲིང་བའི་གཉེན་པོར་བྱེད་པས་དེ་ལྟར་བཤད་དོ། །སྐྱེད་ཚུལ་ནི་ཉོན་མོངས་ཆུང་ན་རང་གིས་མྱོང་བའི་བདེ་བའམ་སངས་རྒྱས་སོགས་ལ་ཡོད་པ་ཐོས་པ་ལྟར་སེམས་ཅན་ལ་མོས་པར་བྱེད་ཅིང་། ཆེ་ན་མཛའ་བོ་སོགས་གསུམ་དུ་ཕྱེ་སྟེ་དང་པོར་ཆེན་པོ་ལ་མོས་ཤིང་དེ་ནས་འབྲིང་དང་ཆུང་ངུ་དང་ཐ་མལ་པ་དང་དགྲ་བོ་ཆུང་འབྲིང་ཆེན་པོ་ལ་སྟེ། དེ་ཐམས་ཅད་མཉམ་པར་མོས་ན་ཁྱིམ་གཅིག་དང་གྲོང་དང་ཡུལ་འཁོར་སོགས་ཀུན་ལ་མོས་པར་བྱེད་ལ། སྙིང་རྗེ་དང་དགའ་བ་ཡང་དེ་དང་འདྲ་ཞིང་བཏང་སྙོམས་པ་ནི་ཐ་མལ་པ་ནས་སྔར་རྩོམ་ལ། དེ་ནས་ཆགས་སྡང་ཆེ་ན་དགྲ་མཛའ་ནས་སོ། །ཚད་མེད་སྐྱེ་བ་མྱུར་བུལ་གྱི་རྒྱུ་ནི་སེམས་ཅན་ལ་ཡོན་ཏན་དང་སྐྱོན་དུ་འཛིན་པའོ། །ལུང་ལ་ལྟོས་པས་མངོན་གྱུར་མིའི་ནང་དུ་བསྐྱེད་ཅིང་ཐོབ་པ་ནི་གསུམ་པོ་ལྔ་དང་དགའ་བ་གསུམ་གྱི་རྟེན་ནོ། །ཚད་མེད་བཞི་ལས་དགའ་བ་ནི་གསུམ་པ་དང་བཞི་པར་སྐྱེས་པ་ལ་མི་ལྡན་པ་སྲིད་པས་ངེས་པར་གསུམ་གྱི་ཐོབ་པ་ལྡན་ལ། མངོན་འགྱུར་ནི་རྣམ་པ་འགལ་བས་གཅིག་ཁོ་ནའོ། །གཉིས་པ་ལ་བཞི་སྟེ། ཡོན་ཏན་དངོས། དེ་དག་གི་ཐོབ་ཚུལ། རྟེན་གྱི་ཁྱད་པར། ཏིང་ངེ་འཛིན་གྱི་སྐྱེ་ཚུལ་ལོ། །དང་པོ་ལ། རྣམ་ཐར། ཟིལ་གནོན། ཟད་པར་རོ། །དང་པོ་ལ་བསྟན་བཤད་གཉིས། དང་པོ་ནི། རྣམ་པར་ཐར་པ་ལ་དབྱེ་ན་བརྒྱད་དེ། གཟུགས་ཅན་གསུམ་གཟུགས་མེད་བཞི་འགོག་པའི་རྣམ་ཐར་གཅིག་གོ །དགོས་པ་ནི་ཉོན་མོངས་མེད་སོགས་ཀྱི་ཡོན་ཏན་དང་འཕགས་པའི་རྫུ་འཕྲུལ་སྒྲུབ་པ་དང་ཉོན་མོངས་ཐག་སྲིང་བ་དང་སྙོམས་འཇུག་ལ་དབང་བར་བྱ་བའི་ཕྱིར། སྒྲ་དོན་ནི་དམིགས་པ་ལ་རྒྱབ་ཀྱིས་ཕྱོགས་པས་རྣམ་ཐར་ཏེ་གཟུགས་ཅན་རང་གཞན་གྱི་ཡུལ་དང་གཟུགས་མེད་འོག་ས་དང་འགོག་པ་འདུ་བྱེད་ཀུན་ལ་རྒྱབ་ཀྱིས་ཕྱོགས་པས་སོ། །གཉིས་པ་བཤད་པ་ལ། ངོ་བོ་དང་ཡུལ་ལོ། །དང་པོ་ལ་གཟུགས་ཅན་གྱི་དང་། གཟུགས་མེད་ཀྱི་དང་། འགོག་པའི་རྣམ་ཐར་རོ། །དེ་ལ་དང་པོ་གཉིས་ནི་རྣམ་པར་བསྔོས་པ་སོགས་སུ་བལྟ་བ་སྔར་བཤད་པའི་མི་སྡུག་པ་ཡིན་ལ། ས་ནི་འདོད་པ་དང་པོའི་ཁ་དོག་ལ་ཆགས་པའི་གཉེན་པོར་བསམ་གཏན་སྔ་མ་གཉིས་ན་ཡོད་ཀྱི་དེ་ཡན་ཆད་ན་མེད་དེ། གཉིས་པ་སོགས་ན་མིག་ཤེས་མེད་པས་ཁ་དོག་གི་འདོད་ཆགས་ཀྱང་མེད་པའི་ཕྱིར་རོ། །གསུམ་པ་ནི་ས་སྐྱོན་དང་བྲལ་བས་རྣམ་ཐར་མཆོག་འགྲུབ་པའམ་མཐའ་བཞི་པ་ན་ཡོད་ཅིང་གསུམ་པར་རྣམ་ཐར་མ་བཞག་པ་ནི་ཁ་དོག་གི་འདོད་ཆགས་མེད་པས་མི་སྡུག་པ་དང་། བདེ་བའི་སྐྱོན་གྱིས་བསྐྱོད་པས་སྡུག་པའི་རྣམ་ཐར་མ་བཞག་གོ །ངོ་བོ་ནི་དེ་ཡང་འདོད་ཆགས་ཐག་སྲིང་བས་གཙོ་བོ་མ་ཆགས་པ་འཁོར་དང་བཅས་ན་ཕུང་པོ་ལྔ་པ་ཡིན་ལ། དེ་སྒོམ་པའི་དགོས་པ་ནི་མི་སྡུག་པ་གཉིས་པོས་སེམས་ཞུམ་པ་གཟེངས་བསྟོད་པ་དང་སྡུག་པ་ལ་ཆགས་མ་ཆགས་ཀྱིས་སྔ་མ་གཉིས་གྲུབ་མ་གྲུབ་བརྟག་པའི་ཕྱིར་རོ། །གཉིས་པ་ནི། གཟུགས་མེད་པའི་རྣམ་ཐར་ནི་དེའི་མཉམ་གཞག་དགེ་བ་དག་པ་པ་དང་ཟག་མེད་རྣམས་ཏེ། ཉོན་མོངས་ཅན་དང་མཉམ་གཞག་མ་ཡིན་པས་སྙོམས་འཇུག་གི་སྒྲིབ་པ་མི་སྤོང་བས་སོ། །ཊཱི་ཀར་མཉམ་པར་མ་བཞག་པ་ནི་འཆི་སྲིད་ཁོ་ན་དང་དུས་གཞན་ན་ཡང་རྣམ་སྨིན་སྐྱེས་ཡོད་པ་ལ་བསམ་པ་དང་། ཡང་ན་འཆི་བའི་དགེ་བ་སྐྱེས་ཐོབ་དང་། གཞན་ནའང་དེ་ཡོད་པ་འགྲེལ་པའི་དགོངས་པར་འཆད་དོ། །གསུམ་པ་ནི། འགོག་པའི་སྙོམས་པར་འཇུག་པའོ། །ཐོག་མའི་འཇུག་སེམས་ནི་འཆད་པ་དང་མཐུན་པས་རང་བཞིན་གྱིས་ཕྲ་བ་སྲིད་རྩེའི་སེམས་ལ་དེ་བས་ཀྱང་ཕྲ་བར་བྱས་ནས་འཇུག་ཅིང་། ལྡང་སེམས་ནི་རང་ས་སྲིད་རྩེའི་དག་པ་པ་དང་འོག་མ་ཅི་ཡང་མེད་པ་ཡི་འཕགས་པའི་སེམས་ཀྱིས་དེ་ལས་ལྡང་སྟེ། དེ་གཉིས་གང་གིས་ལྡང་བ་དང་ཇི་སྲིད་ནས་ལྡང་བ་ནི་འཕེན་པའི་རྗེས་སུ་བྱེད་ལ། ལས་གྲུབ་པ་ལས་བཞི་པའི་ཟག་མེད་ཀྱིས་ལྡང་བ་ཡང་བཤད་དོ། །མདོ་ལས་དེ་དང་གསུམ་པ་ཁོ་ན་ལ་ལུས་ཀྱིས་མངོན་སུམ་བྱས་ཏེ་ཞེས་སྨོས་པ་ནི། གཟུགས་ཅན་ལ་གནས་གྱུར་པའི་སྒོ་ནས་སྒྲིབ་པ་མཐའ་དག་སྤོང་བ་དང་སྡུག་པ་ཡིན་ཡང་ཉོན་མོངས་མི་སྐྱེ་བས་གསུམ་པ་དང་། གཟུགས་མེད་ལས་རྒྱུ་དང་པོ་བརྒྱད་པ་གཙོ་བོ་ཡིན་པ་དང་། ཁམས་དང་སའི་མཐའ་ན་གནས་པའི་ཕྱིར། ཞེས་ཏེ་དེ་ནི་རྒྱུར་ཡོངས་སུ་རྫོགས་པའང་རྒྱུར་འགྲིག་གོ །གཉིས་པ་ཡུལ་ནི། དང་པོ་གསུམ་འདོད་པར་གཏོགས་པའི་སྣང་བ་གཟུགས་སྡུག་མི་སྡུག་གི་ཡུལ་ཅན་ཡིན་ཞིང་། གང་དག་གཟུགས་ཅན་མ་ཡིན་པ་བཞི་པོ་དེ་དག་གི་སྤྱོད་ཡུལ་ནི་གོང་དང་རང་གི་ས་པའི་སྡུག་བསྔལ་ལ་སོགས་པ་བདེན་པ་གསུམ་དང་ལམ་ནི་རྗེས་ཤེས་ཀྱི་ཕྱོགས་དང་མཐུན་པ་ཐམས་ཅད་ཡིན་ལ། མཚན་མ་མེད་པ་མཚན་མེད་ཀྱི་ཡུལ་བརྟགས་མིན་དང་། ནམ་མཁའ་མཐའ་ཡས་ཀྱི་ནམ་མཁའ་ཡང་ཡིན་ནོ། །གཉིས་པ་ཟིལ་གནོན་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལ་དབྱེ་ན་བརྒྱད་དེ། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་ངན་པ་རྣམས་ལ་བལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ནས་མཐོང་སྟེ་དེ་ལྟར་འདུ་ཤེས་ཏེ་མཐོང་བ་འདི་ནི་དང་པོའོ། །དེ་བཞིན་དུ་ཆེན་པོ་ལ་བལྟ་བ་དང་། ནང་གཟུགས་མེད་པར་འདུ་ཤེས་པས་ཆུང་ཆེ་གཉིས་ལ་བལྟ་བ་དང་། དེས་ཕྱིའི་གཟུགས་སྔོན་པོ་ཁ་དོག་སྔོན་པོ་ལྟ་བུར་སྟོན་པ་འོད་སྔོན་པོ་འབྱུང་བ། དཔེར་ན་ཟར་མའི་མེ་ཏོག་ལྟ་བུ་ཡུལ་ཝཱ་ར་ཎ་སིའི་རས་ཡུག་ཕུན་སུམ་ཚོགས་པ་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོར་བསྟན་པ་འོད་སྔོན་པོ་འབྱུང་བ་ལྟ་བུ་རྣམས་ལ་བལྟ་ཞེས་སྔ་མ་བཞིན་དང་། སེར་པོ་དོང་ཀའི་མེ་ཏོག་དང་། དམར་པོ་བནྡྷུ་ཛཱི་བ་ཀའི་མེ་ཏོག་དང་། དཀར་པོ་སྐར་མ་པ་བ་སངས་ལྟ་བུའོ། །ཚིག་གི་དོན་ནི་གཟུགས་ཆུང་ངུ་སེམས་ཅན་དང་ཆེན་པོ་སྣོད་ཡིན་ལ། ཁ་དོག་བཟང་ངན་ནི་སྡུག་མི་སྡུག་ཏུ་སར་བཤད་ཅིང་། ཁ་དོག་བཞི་ལ་དཔེ་གཉིས་སྨོས་པ་ནི་རང་བཞིན་དང་བཅོས་མ་སྟེ། སྔོན་པོ་ལ་སོགས་པའི་ཚིག་བཞི་ནི་དོན་དང་དཔེའི་ཆོས་གཉིས་སུ་ལན་གཉིས་སྨོས་ལ། ཤེས་པ་དང་མཐོང་བ་ནི་གང་སྤེལ་ལས་ཤེས་བྱ་དང་དེའི་རྒྱུ་མཚན་གྱིས་རྣལ་འབྱོར་རྫོགས་པའོ་ཞེས་དང་། སར་ཞི་གནས་དང་ལྷག་མཐོང་ཞེས་བཤད་ལ། བར་ཆད་མེད་དང་རྣམ་གྲོལ་ལམ་དུའང་འཆད་དོ། །གཟུགས་མེད་ལ་ཟིལ་གནོན་མི་གཞག་པ་ནི་བསྡུ་བར་གཟུགས་ཟིལ་གྱིས་གནོན་པར་དཀའ་བས་དེ་གནོན་ན་གཟུགས་མེད་ཟིལ་གྱིས་གནོན་པའི་དབང་ཡང་འཐོབ་བོ་ཞེས་སོ། །མཚན་ཉིད་ལ་དང་པོ་གཉིས་ནི་རྣམ་ཐར་དང་པོ་བཞིན་དུ་གཟུགས་སུ་འདུ་ཤེས་ཤིང་གསུམ་པ་བཞི་པ་གཉིས་ནི་རྣམ་ཐར་གཉིས་པ་བཞིན་གཟུགས་མེད་པར་འདུ་ཤེས་ལ། དེ་ལས་གཞན་ཡང་བཞི་པོ་ནི་སྡུག་པའི་རྣམ་ཐར་བཞིན་དུ་གཟུགས་མེད་པར་འདུ་ཤེས་ཏེ་སྣོད་དང་སེམས་ཅན་ལ་སྤྱིར་དམིགས་གསུང་ངོ་། །རྣམ་ཐར་དང་ཟིལ་གནོན་གྱི་ཁྱད་པར་ནི་གང་སྤེལ་ལས་དམིགས་པ་ལ་རྒྱབ་ཀྱིས་ཕྱོགས་ཙམ་དང་། སྐད་ཅིག་ལ་ཇི་ལྟར་འདོད་པར་མོས་ཤིང་ཉོན་མོངས་མི་སྐྱེ་བ་དང་། ཁ་དོག་བཟང་ངན་ལ་ཆགས་སྡང་མི་སྐྱེ་བས་སོ་ཞེས་དང་། ཁ་ཅིག་བཟང་ངན་ཐམས་ཅད་མི་སྡུག་པར་རོ་གཅིག་ཏུ་ཤེས་པའོ་ཞེས་སོ། །གསུམ་པ་ཟད་པར་ལ་དབྱེ་ན་བཅུ་སྟེ། འབྱུང་བ་བཞི་སྔོ་སོགས་བཞི་ནམ་མཁའ་རྣམ་ཤེས་སོ། །སྒྲ་དོན་ནི་དམིགས་པ་ལ་མོས་པའི་རྣམ་པ་བར་མ་ཆད་བྱེད་པའི་དོན་གྱིས་ཏེ་འགྱུར་ཁ་ཅིག་ལས་མཐའ་དག་གི་སྐྱེ་མཆེད་ཅེས་འབྱུང་ཞིང་རྣམ་ཐར་ཟིལ་གནོན་ནི་དུས་གཅིག་ཏུ་ཡུལ་ཆད་པ་ལ་དམིགས་ན་རིམ་གྱིས་ཐམས་ཅད་ལའོ། །དེ་གསུམ་གྱི་ཁྱད་པར་ནི་སྔ་མ་རྣམ་པར་གཞག་པ་ཕྱི་མ་སྟེ་ཡོན་ཏན་རིམ་གྱིས་འཛེག་པ་དང་པོར་རྒྱབ་ཀྱིས་ཕྱོགས་དེ་ནས་ཟིལ་གྱིས་གནོན་དེ་ནས་ཁྱབ་པར་བྱེད་པའམ། ཁ་ཅིག་ཆུང་ངུ་འབྲིང་ཆེན་པོ་ཐམས་ཅད་དེ་རྣམ་ཐར་རྒྱུ་ཟད་པར་འབྲས་བུ་ཟིལ་གནོན་གཉིས་ཀའོ་ཞེས་སོ། །དེ་ལ་དང་པོ་བརྒྱད་ཀྱི་ངོ་བོ་ནི་མ་ཆགས་པའི་རང་བཞིན་ཡིན་ལ། ས་ནི་བསམ་གཏན་གྱི་མཐའ་བཞི་པ་ཁོ་ནར་ཡོད་ཅིང་སྤྱོད་ཡུལ་ནི་འདོད་པ་ན་སྤྱོད་པའི་འབྱུང་བཞི་ཡིན་པས་རེག་རིག་བྱ་སྟེ་དབང་པོས་སྣོད་དང་དྲི་རོས་གཟུགས་ཁམས་སུ་མི་ཁྱབ་ཅིང་སྒྲ་ནི་རྒྱུན་མེད་པས་ཟད་པར་དུ་མི་གཞག་པར་ས་ལས་བཤད་དོ། །ཐ་མ་གཉིས་ནི་གཟུགས་མེད་པ་སྔ་མ་གཉིས་པོ་དག་སྟེ། གཞན་ནི་དམིགས་པ་མི་གསལ་ཞིང་སྤྲོ་བསྡུ་དང་མི་མཐུན་པས་སམ། ཁ་ཅིག་ཟད་པར་གྱི་འབྲས་བུ་ཡིན་པས་ཟད་པར་དུ་མི་གཞག་ཅེས་སོ། །སྤྱོད་ཡུལ་ནི་ཁྱབ་པར་དམིགས་པས་རང་གི་ས་པའི་ཕུང་པོ་བཞིའོ། །གཉིས་པ་དེ་དག་གིས་འཐོབ་ཚུལ་ནི། འགོག་པའི་ཐོབ་པ་དང་རྟེན་དང་གང་ཟག་ནི་གནས་གཉིས་པར་བཤད་ཟིན་ལ། ལྷག་མ་རྣམས་འདྲིས་པ་འདོད་ཆགས་དང་བྲལ་བ་དང་མ་འདྲིས་པ་སྦྱོར་བས་འཐོབ་ཅིང་། གསུམ་པ་རྟེན་ནི་གཟུགས་མེད་པ་ཞེས་བྱ་བའི་རྣམ་པར་ཐར་པ་ནི་ཁམས་གསུམ་གྱི་རྟེན་ཅན་ཡིན་ལ། ལྷག་མ་བཅུ་དགུ་ནི་ལུང་གིས་སྐྱེད་པས་མིའི་རྟེན་ལས་སྐྱེའོ། །བཞི་པ་ནི། འོ་ན་ལྷ་ལ་ལུང་མེད་པས་ཁམས་གོང་མ་གཉིས་པོ་དག་ཏུ་གོང་མའི་སྙོམས་འཇུག་ཇི་ལྟར་སྐྱེ་ཞེ་ན། དེར་གཟུགས་མེད་པའི་སྙོམས་འཇུག་ནི་སྐལ་བ་མཉམ་པའི་རྒྱུའི་སྟོབས་དང་དེའི་སྙོམས་འཇུག་སྐྱེ་བ་དང་མཐུན་པའི་རྒྱུད་དུ་གནས་པར་བྱེད་པ་ལས་ཀྱི་སྟོབས་ཀྱིས་སྐྱེ་སྟེ། དེ་ལ་རྒྱུ་ཡོད་ཀྱང་ལས་གཙོ་བས་སོ། །གཟུགས་ཀྱི་ཁམས་འོག་མ་འོག་མར་གོང་མ་གོང་མའི་བསམ་གཏན་རྣམས་སྐྱེ་བ་ནི་རྒྱུ་གཉིས་པོ་དེ་དག་དང་། འཇིག་རྟེན་འཇིག་པའི་ཚེ་ལྟ་བུ་ཆོས་ཉིད་ཀྱིས་ཀྱང་སྐྱེ་སྟེ། དེའི་ཚེ་སེམས་ཅན་ཐམས་ཅད་དགེ་བའི་ཆོས་རྣམས་ཀྱི་འཇུག་པ་ཤས་ཆེ་བས་བསམ་གཏན་སྐྱེ་བ་དང་མཐུན་པའི་རྒྱུད་དུ་གནས་པར་འགྱུར་རོ། །དེ་ལ་ཡང་རྒྱུ་ཡོད་ཀྱང་འཇིགས་པ་ཉེ་བར་གནས་པས་ཆོས་ཉིད་ཅེས་བྱ་ཞིང་ཆོས་ཉིད་ནི་ཊཱི་ཀར། མདོ་སྡེ་པ་ཁ་ཅིག་ན་རེ། སྔོན་གྱི་བསམ་གཏན་གྱི་བག་ཆགས་ཀྱི་དབང་གིས་དགེ་བའི་འཇུག་པ་ཤས་ཆེ་ཞིང་ལུང་མེད་པར་སྐྱེ་བ་དང་མཐུན་པ་ནི་ཆོས་ཉིད་དེ་རང་བཞིན་ནམ་ངོ་བོ་ཞེས་བྱའོ། །བྱེ་བྲག་ཏུ་སྨྲ་བ་ཁ་ཅིག་གཞན་ལས་དེའི་ལུང་མ་མནོས་པར་ཚེ་སྔ་མའི་སྐལ་མཉམ་གྱི་རྒྱུ་ལས་རྒྱུ་མཐུན་གྱི་འབྲས་བུ་བསམ་གཏན་སྐྱེ་བ་ནི་ཆོས་ཉིད་དོ་ཞེས་ཏེ། འདི་སྐད་དུ་ལུང་མེད་པར་སྔོན་གྱི་བསམ་གཏན་གྱི་བག་ཆགས་ཀྱིས་སྐྱེའོ་ཞེས་བརྗོད་དོ། །དེ་ཡང་རང་སའི་སྐྱེ་བ་ནི་ཆོས་ཉིད་མིན་ལ། འདོད་ལྷ་ལ་ཡང་རྒྱུ་དེ་དག་ཉིད་ཡོད་ཅིང་། མི་ལ་དེའི་སྟེང་དུ་ཡིད་བྱེད་བདུན་དང་སེམས་གནས་པའི་ཐབས་དགུ་ལ་སོགས་པ་ལུང་གི་སྟོབས་དེ་བསྣན་ཏེ་གསུམ་དང་བཞི་ཡོད་དོ། །དམ་པའི་ཆོས་མངོན་པ་མཛོད་ཀྱི་རྣམ་བཤད་གཞུང་དོན་རབ་ཏུ་གསལ་བའི་ཉི་མ་ཞེས་བྱ་བ་ལས་གནས་བརྒྱད་པའོ།། ༈ །།གསུམ་པ་གཞུང་དོན་ཡོངས་སུ་རྫོགས་པའི་བྱ་བ་ལ། སྟོན་པའི་དམ་ཆོས་ཀྱི་དབྱེ་བ། དེ་འཛིན་པའི་གང་ཟག བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ། ཉེས་པ་བཟོད་པར་གསོལ་བ། ཐར་པ་འདོད་པས་བག་ཡོད་བྱ་བར་གདམས་པའོ། །དང་པོ་ནི། སྡེ་སྣོད་ཀྱི་མ་མོ་འདི་གནས་པ་དེ་སྲིད་དུ་སྟོན་པའི་བསྟན་པ་གནས་པ་ཞེས་བྱ་ལ། དེ་ལ་དབྱེ་ན་དམ་པས་གསུངས་པའམ་དམ་པར་བྱེད་པའི་ཆོས་དེ་ནི་རྣམ་པ་གཉིས་ཏེ། ལུང་སྦྱིན་པའམ་གདམས་པའི་ཆོས་སྡེ་སྣོད་གསུམ་དང་། དེའི་དབང་གིས་རྟོགས་པར་གྱུར་པའི་བདག་ཉིད་ཀྱི་ཆོས་བྱང་ཆུབ་ཕྱོགས་མཐུན་ནམ་ལམ་ལྔའོ། །འགོག་པ་ནི་སྟོན་པའི་དབང་གིས་འབྱུང་བ་མིན་པའམ་དེས་འཐོབ་ཅིང་རྟོགས་ཀྱང་གནས་པའི་དུས་ཚད་མེད་པས་མ་སྨོས་པར་འཆད་དོ། །ལུང་སྔར་སྨོས་པ་ནི་ལུང་གི་སྣང་བ་ནུབ་ན་རྟོགས་པ་ཡང་ནུབ་པར་འགྱུར་བར་བསམ་པའོ་ཞེའོ། །གཉིས་པ་ནི། ཆོས་དེ་གཉིས་འཛིན་པར་བྱེད་པ་ནི་ཇི་སྲིད་སྨྲ་བར་བྱེད་པ་དང་སྒྲུབ་པ་ཉམས་སུ་ལེན་པར་བྱེད་པ་ཡོད་པ་དེ་སྲིད་ཁོ་ན་གནས་པ་ཡིན་ནོ། །དུས་ཀྱི་ཚད་ནི་ལྔ་སྟོང་དུ་གནས་སོ། །ཁ་ཅིག་ན་རེ་རྟོགས་པ་དེ་ཙམ་དུ་གནས་ལ་ལུང་དེ་བས་ཆེས་རིང་བར་གནས་པ་ཡིན་ནོ་ཞེས་ཏེ་ཊཱི་ཀས་དེ་རིགས་པར་བཤད་དོ། །གསུམ་པ་ནི། བདག་གིས་ཞེས་སོགས་རྐང་པ་གཉིས་སོ། །བཞི་པ་ནི། ཉེས་པར་ཟིན་གང་ཞེས་སོགས་རྐང་པ་གཉིས་སོ། །ལྔ་པ་ནི་སྟོན་པ་ཞེས་སོགས་ཚིགས་སུ་བཅད་པ་གསུམ་མོ། །གསུམ་པ་མཇུག་གི་དོན་ནི། ཆོས་མངོན་པའི་མཛོད་ཅེས་སོགས་སོ། །གང་བློའི་མགུལ་པ་འབུམ་ཕྲག་གོ་དགུའི་གཞུང་བཟང་ནོར་བུས་རབ་མཛེས་ཤིང་། །གང་གིས་མ་མོའི་སྡེ་སྣོད་ཇི་བཞིན་གསལ་བར་བཤད་པ་ཆོས་མངོན་མཛོད། །གང་དེའི་རྣམ་བཤད་སྐྱོན་གསུམ་དང་བྲལ་གཞུང་དོན་མཆོག་རྣམས་རབ་གསལ་བ། །གང་གི་རྣ་བར་རབ་སྙན་ལེགས་བཤད་སྒྲོགས་པ་རྣམ་པར་རྒྱལ་བའི་རྔ་ཆེན་འདི། །མ་ལུས་ཤེས་བྱའི་གནས་ལ་བློ་གྲོས་རྒྱས། །མཁའ་ལྟར་སྙོམས་པའི་ཐུྃགས་རྗེྃ་དང་ལྡན་ཞིང་། །མན་ངག་ནོར་བུའི་དཔལྃ་འབྱོར་བཟངྃ་པོ་ཡིས། །ཕན་བདེའི་དགའ་སྟོན་སྤེལ་བའི་ཕྱིར་དུ་བྲིས། །འདི་བྲིས་དགེ་བ་ཉི་འོད་བྲིས་པའི་གངས་རི་ལྟར་དཀར་དེས། །སྐྱེ་བ་ཀུན་ཏུ་སྐྱེ་མེད་དོན་རྟོགས་བྱང་ཆུབ་སེམས་ཐོབ་ནས། །བརྩོན་པའི་ཤུགས་ཀྱིས་ཚོགས་གཉིས་ལེགས་བསྒྲུབས་སྐུ་གཉིས་མངོན་གྱུར་ཏེ། །སྲིད་གསུམ་འདམ་ལས་ཁམས་གསུམ་འགྲོ་རྣམས་འདྲེན་པའི་དཔལ་དུ་ཤོག །གནས་སྐབས་ཀུན་ཏུའང་མདོ་རྒྱུད་ཚིག་དོན་ལ། །ཐོགས་མེད་བློ་དང་མི་བརྗེད་གཟུངས་ཐོབ་སྟེ། །རྙེད་དང་བཀུར་སྟི་སྐྱོ་ངལ་རབ་སྤངས་ནས། །སྐལ་ལྡན་འགྲོ་ལ་ཚུལ་བཞིན་འདོམས་པར་ཤོག །ལེགས་བཤད་འདི་ཡང་ནམ་མཁའ་གནས་ཀྱི་བར། །ལེགས་པར་གནས་ནས་མཁའ་མཉམ་གདུལ་བྱ་ལ། །ལེགས་བཤད་ཚིག་དོན་གསལ་བར་སྒྲོག་པ་དང་། །ལེགས་བཤད་དགའ་སྟོན་ཕྱོགས་བཅུར་འཕེལ་བར་ཤོག། ༈ །།འདི་བསྒྲུབས་པ་ལས་བྱུང་བ་ཡིས། །དགེ་བའི་རྩ་བ་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།


no previousདམ་པའི་ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་གཞུང་དོན་རབ་ཏུ་གསལ་བའི་ཉི་མ།next