Nitartha Digital Library
Tibetan
ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ།


   
   
   
   
   
   
   
   
   
གསུང་ཐོར་བུ་ལས་བླ་མའི་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསུང་ཐོར་བུ་ལས་བླ་མའི་གསོལ་འདེབས།next

གསུང་ཐོར་བུ་ལས་བླ་མའི་གསོལ་འདེབས།

ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་ཐོར་བུ་ཁྲིག་ཆགས་སུ་བསྡེབས་པ་ལས་བླ་མ་རྣམས་ལ་གསོལ་བ་འདེབས་ཚུལ་གྱི་སྐོར་བི་ཧར་ཏི་སྨ།
ན་མཿཤྲཱི་བཛྲ་བྷཻ་ར་ཝཱ་ཡ། རིགས་ཀུན་ཁྱབ་བདག་འཇམ་དཔལ་གཤིན་རྗེའི་གཤེད། །ལྷན་སྐྱེས་བདེ་ཆེན་གཏེར་མཛོད་རོ་ལངས་མ། །རྒྱུད་རྒྱལ་འདྲེན་མཛད་གྲུབ་ཆེན་ལཱ་ལི་ཏ། །ཟུང་འཇུག་གར་མཛད་གསུམ་ལ་གསོལ་བ་འདེབས། །གྲུབ་དབང་དོན་ཡོད་རྡོ་རྗེ་ཡེ་ཤེས་སྦས། །རིམ་གཉིས་རྣལ་འབྱོར་པདྨ་བཛྲ་དང༌། །གསུང་རབ་རྒྱ་མཚོའི་མངའ་བདག་མར་མེ་མཛད། །བསྟན་པའི་རྒྱལ་མཚན་བཞི་ལ྾། །བསྐྱེད་རིམ་མཐར་ཕྱིན་རྭ་ལོ་རྡོ་རྗེ་གྲགས། །དེ་སྲས་ཆོས་རབ་ཡེ་ཤེས་སེང་གེའི་ཞབས། །རྭ་ཆེན་འབུམ་སེང་རྗེ་བཙུན་རྒ་ལོ་སྟེ། །རིམ་གཉིས་དབང་ཕྱུག་རྣམས་ལ྾། །ཀུན་མཁྱེན་ཆེན་པོ་རོང་པ་ཤེར་སེང་དང༌། །མདོ་རྒྱུད་ཀུན་མཁྱེན་བླ་མ་ཡེ་ཤེས་དཔལ། །རིམ་གཉིས་དབང་ཕྱུག་མཁས་གྲུབ་དོན་རིན་པ། །བསྐྱེད་རྫོགས་མངོན་གྱུར་གསུམ་ལ྾། །འཇམ་དཔལ་ཞི་ཁྲོ་མི་ཡི་གར་མཛད་པ། །རྒྱལ་བའི་དབང་པོ་རྗེ་བཙུན་ཙོང་ཁ་པ། །རིགས་ལྡན་རྣམ་འཕྲུལ་མཁས་གྲུབ་ཐམས་ཅད་མཁྱེན། །སྲིད་ཞིའི་གཙུག་རྒྱན་གཉིས་ལ྾། །མཁས་ཤིང་གྲུབ་དབང་དཔལ་ལྡན་བཟང་པོ་དང༌། །དེ་དབོན་འཇམ་དབྱངས་དགེ་འདུན་བཀྲ་ཤིས་འཕགས། །པཎ་ཆེན་བསམ་འགྲུབ་རྒྱ་མཚོ་བརྩོན་འགྲུས་འཕགས། །མཐུ་སྟོབས་གྲགས་ལྡན་རྣམས་ལ྾། །རྡོ་རྗེ་བཟང་པོ་རིགས་ལྡན་སངས་རྒྱམ་ཞབས། །རིམ་གཉིས་འཕོ་བར་མངའ་བརྙེས་དཀོན་རྒྱམ་པ། །རྡོ་རྗེ་འཛིན་མཆོག་གསུམ་ལ྾། །གསང་སྔགས་མཐར་སོན་ཁྱབ་བདག་རཏྣའི་མཚན། །མདོ་སྔགས་དབང་ཕྱུག་ཀུ་ཤྲཱི་ཆེན་པོའི་ཞབས། །བསྟན་པའི་བདག་ཆེན་གཉིས་ལ྾། །ཡང་ན། རྒྱལ་བའི་དབང་པོ་རྗེ་བཙུན་ཙོང་ཁ་པ། །མཁས་གྲུབ་རྗེ་དང་ཆོས་ཀྱི་རྒྱལ་མཚན་དང༌། །ཆོས་ཀྱི་རྡོ་རྗེ་རྒྱལ་བ་དབེན་ས་པ། །གྲུབ་མཆོག་དམ་པ་ལྔ་ལ྾། །སངས་རྒྱས་ཡེ་ཤེས་པཎ་ཆེན་ཐམས་ཅད་མཁྱེན། །ནག་ཕྱོགས་ཀུན་འཇོམས་གྲུབ་དབང་བསོད་ནམས་གྲགས། །སངས་རྒྱས་བཀྲ་ཤིས་བསམ་གྲུབ་སྒང་བ་དང༌། །འཇམ་མགོན་ཡབ་སྲས་སྨིན་གྲོལ་ཆོས་རྒྱལ་གཉིས། །ཐུབ་བསྟན་རྒྱས་མཛད་རྣམས་ལ྾། །རྒྱལ་ཀུན་ཡབ་གཅིག་རྗེ་བཙུན་འཇམ་པའི་དབྱངས། །མ་རུངས་གདུལ་དཀའ་མཐའ་དག་འདུལ་བའི་ཕྱིར། །རྡོ་རྗེ་འཇིགས་བྱེད་ཁྲོ་དབང་སྐུར་སྟོན་པར། །རྩེ་གཅིག་གསོལ་འདེབས་དངོས་གྲུབ་རྣམ་གཉིས་སྩོལ། །དེ་ལྟར་བསྟོད་པས་བྱང་ཆུབ་སྙིང་པོའི་བར། །འགལ་རྐྱེན་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ཏེ། །ཞི་རྒྱས་དབང་དྲག་གྲུབ་ཆེན་བརྒྱད་ལ་སོགས། །དངོས་གྲུབ་ཀུན་གྱིས་རྟག་ཏུ་འབྱོར་གྱུར་ཅིག །ཅེས་པ་འདི་ཡང་མང་པོས་རབ་བསྐུལ་ནས། །རང་གི་དབང་གི་བླ་བརྒྱུད་ཕྱོགས་གཅིག་ཡིན། །
༈ རིགས་དང་དཀྱིལ་འཁོར་བདག་པོ་རྡོ་རྗེ་འཆང༌། །མཁྱེན་པའི་ཕུང་པོ་རྒྱལ་བ་ཀུན་གྱི་ཡབ། །དཀྱིལ་འཁོར་སྤྲོ་མཛད་རྡོ་རྗེ་འཇིགས་མཛད་ཆེ། །ཟླ་མེད་སྐྱབས་མཆོག་གསུམ་ལ་གསོལ་བ་འདེབས། །འཇམ་དབྱངས་དངོས་གྱུར་རྒྱལ་བ་གཉིས་པའི་ཞབས། །འཛམ་གླིང་མཁས་པའི་གཙུག་རྒྱན་མཁས་གྲུབ་རྗེ། །མདོ་རྒྱུད་སྲོག་འཛིན་མཁས་གྲུབ་ཤེས་རབ་སེང༌། །ཐུབ་བསྟན་བདག་པོ་གསུམ་ལ྾། །འཇིགས་མཛད་གྲུབ་བརྙེས་དཔལ་ལྡན་བཟང་པོ་དང༌། །དམ་ཅན་བྲན་བྱས་འཇམ་དབྱངས་དགེ་འདུན་འཕེལ། །སྙན་བརྒྱུད་རྒྱུད་སྡེའི་བང་མཛོད་བཀྲ་ཤིས་འཕགས། །མཁས་དང་གྲུབ་བརྙེས་གསུམ་ལ྾། །གྲུབ་དབང་སྤྲུལ་སྐུ་པཎ་ཆེན་བསམ་འགྲུབ་ཞབས། །མདོ་རྒྱུད་ལས་བཞིའི་བང་མཛོད་བརྩོན་འགྲུས་འཕགས། །ལྷ་དང་སྲུང་མར་མངའ་བརྙེས་རྡོ་རྗེ་བཟང༌། །གྲུབ་པའི་དབང་ཕྱུག་གསུམ་ལ྾། །དཀྱིལ་འཁོར་བདག་པོ་སངས་རྒྱས་རྒྱ་མཚོའི་ཞབས། །སྙན་བརྒྱུད་འཕོ་བར་མངའ་བརྙེས་དཀོན་རྒྱམ་པ། དཀོན་མཆོག་གསུམ་དངོས་དཀོན་མཆོག་ཡར་འཕེལ་ཞབས། །རྡོ་རྗེ་འཆང་དངོས་གསུམ་ལ྾། །འཇམ་དབྱངས་མི་ཡི་གར་མཛད་དགེ་བའི་བཤེས། །འཆད་རྩོད་རྩོམ་ལ་རྒྱལ་རྣམས་བཞད་པའི་རྩེ། །རྡོ་རྗེ་ཐེག་པའི་སྲོག་གྱུར་བཤེས་མཛད་ལ། །མི་ཕྱེད་གུས་པས་རྟག་ཏུ་གསོལ྾། །སེམས་ནི་རབ་དགའ་རྒྱས་པའི་རྦ་རླབས་ཅན། །ཤེས་དད་རིན་ཆེན་མ་ལུས་འབྱུང་བའི་གནས། །ལེགས་གསུང་འདབ་བརྒྱ་སྙན་བརྒྱུད་སྦྲང་རྩིའི་རྒྱུན། །སྐལ་ལྡན་ཉེར་འཚོ་བགྱིད་པར་བྱིན་གྱིས་རློབས། །ཡོན་ཏན་ཀུན་གྱི་གཞི་དང་འབྱུང་བའི་གནས། །དེ་ཉིད་བཅུ་ཟུང་བརྟན་མཁས་ཡོན་ཏན་དང༌། །མཚན་ཉིད་བཅུ་ལྡན་བཤེས་གཉེན་མཆོག་ཡིན་པར། །རྟོགས་ནས་ཚུལ་བཞིན་བསྟེན་པར་བྱིན྾། སྲིད་པའི་བདེ་འབྱོར་གན་བུབ་རེས་མོས་ཅན། །བསྟེན་ན་ཐར་པའི་སྲོག་དེ་འཕྲོག་མཐོང་ནས། །ཚངས་འབྱོར་མེ་འོབས་ལྟར་མཐོང་ངེས་འབྱུང་གིས། །ངེས་ལེགས་འགྲམ་རྩ་ཟིན་པར་བྱིན྾། །རྟག་ཏུ་འགྲོ་ལ་བརྩེ་བའི་བྱམས་སྙིང་རྗེས། །རབ་དྲངས་མི་ལྡོག་ཐེག་ཆེན་སེམས་བསྐྱེད་དང༌། །མིང་བཏགས་ཙམ་ལ་བྱ་བྱེད་ཤེས་པའི་བློས། །ཟབ་རྒྱས་ཕ་མཐར་ཕྱིན་པར་བྱིན྾། །འཇུག་སྒོ་དབང་ལ་ཞུགས་ནས་དམ་ཚིག་སྡོམ། །ལམ་གྱི་སྲོག་ཏུ་ལེགས་རྟོགས་གཞིར་བྱས་ཏེ། །ཐ་མལ་སྐྱེ་འཆི་བར་དོ་སྦྱོངས་བྱེད་ལམ། །རིམ་གཉིས་མཐའ་རུ་ཐོན་པར་བྱིན྾། །དེ་བྱས་དགེ་བས་མཁའ་ཁྱབ་ལུས་ཅན་གྱི། །རྣམ་དཀར་སྲོག་གྱུར་རྒྱུད་གྲྭ་རྣམ་གཉིས་ཀྱི། །བཤད་སྒྲུབ་བསྐལ་བར་ཕྱོགས་དང་དུས་ཀུན་ཏུ། །ཡང་ན། རྣམ་དཀར་སྲོག་གྱུར་སྲད་བརྒྱུད་བཤད་སྒྲུབ་རྒྱུན། །བསྐལ་བའི་མཐའི་བར་ཕྱོགས་དང་དུས་ཀུན་ཏུ། །ཆེས་ཆེར་རྒྱས་ཤིང་རྟག་ཏུ་དགེ་བར་ཤོག །ཅེས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་དང་རྣལ་འབྱོར་བཞིའི་ཁྲིད་ཀྱི་བླ་མ་ཉེ་བརྒྱུད་ཀྱི་གསོལ་འདེབས་བྱིན་རླབས་ཀྱི་རོལ་མཚོ་ཞེས་བྱ་བ་འདི་ཡང་མཛྙཱུ་གྷོ་ཥ་ཧ་ས་བཛྲ་གྱིས་བགྱིས་པའོ།། །།
༈ རྒྱུད་སྡེས་ས་ཀུན་ཁྱབ་མཛད་ཚུལ་བཟང་ཞབས། །མདོ་རྒྱུད་མཁས་པའི་རྩེར་སོན་ཤེར་བཟང་བ། །དང་པོའི་སངས་རྒྱས་ཆོས་སྐྱོང་རྒྱ་མཚོའི་ཞབས། །རྡོ་རྗེ་འཆང་སྤྲུལ་གསུམ་ལ་གསོལ་བ་འདེབས། །མདོ་རྒྱུད་གསང་བའི་མཛོད་འཛིན་བ་སོ་བ། །འཇའ་ལུས་གྲུབ་པ་ཆོས་ཀྱི་རྡོ་རྗེ་དང༌། །རིགས་ལྡན་རྣམ་འཕྲུལ་རྒྱལ་བ་དབེན་ས་པ། །གྲུབ་པ་མཆོག་བརྙེས་གསུམ་ལ་གསོལ་འདེབས། །
༈ ན་མཿསྭ་ར་སྭ་སྟྱཻ། རབ་འབྱམས་གསུང་གི་མཛོད་ལ་དབང་བསྒྱུར་པའི། །རབ་མཛེས་འཇོ་སྒེག་གཟུགས་ལྡན་དབྱངས་ཅན་ཞབས། །རབ་ཏུ་གུས་པས་སྤྱི་བོར་ཉེར་བཀོད་ནས། །རབ་སྙན་རྡོ་རྗེའི་གླུ་ནི་ལྷང་ལྷང་ལེན། །མི་ཟད་སྲིད་དང་ཞི་བའི་རབ་འབྱམས་ཆོས། །འཇའ་བྲིས་སྦུག་སྙིང་ལྟ་བུར་རོ་གཅིག་པར། །སོང་བའི་ཐུགས་ཀྱི་ངོ་ན་ཤེས་བྱའི་སྤྲིན། །གཟིགས་བྲལ་མི་ལ་ཁྱོད་གླུ་རྣ་བའི་བཅུད། །སྡུག་དང་མི་སྡུག་རྙེད་དང་མི་རྙེད་སོགས། །བཟང་ངན་དབྱེ་བྲལ་ཏིང་འཛིན་ཚོན་པིར་གྱིས། །ཟབ་གསལ་གཉིས་བྲལ་ལྷ་ཡི་སྐུར་བསྒྱུར་བ། །འཁོར་འདས་བདེ་སྡུག་དབྱེ་བ་མེད་དེ་མཚར། །རྒྱུ་འབྲས་འཇལ་བྱེད་བྱ་བྱེད་ཀུན་བྲལ་བའི། །མཁའ་དཀྱིལ་ལྟ་བུའི་གཤིས་ལ་རྟག་གནས་ཀྱང༌། །རྟོག་པའི་རི་མོ་ཙམ་ལ་བྱ་བྱེད་ཀྱི། །ཆད་པའི་མཐའ་ལ་ལྷུང་མིན་འདི་ཀོ་མཚར། །ཉི་ཟླའི་རྒྱུ་བ་བཅད་ཅིང་སྣང་བ་ཀུན། །ལྷན་སྐྱེས་བདེ་བ་ཆེན་པོའི་ཐུགས་ཀྱི་ངོར། །ལྡོག་ལས་བཞེངས་མིན་རྟེན་དང་བརྟེན་པ་ལྷའི། །ཟུང་འཇུག་སྒྱུ་མའི་རོལ་པ་སྟོན་པ་མཚར། །སྒྱུ་མའི་ལུས་དང་འབྲེལ་བ་མི་ལྡན་ཡང༌། །འཇིག་རྟེན་ཁམས་བརྒྱ་འོད་ཀྱིས་འགེངས་ནུས་པའི། །དཀྱིལ་འཁོར་བདག་པོའི་ཟ་མ་ཏོག་རྙིང་པ། །དོར་དང་མ་དོར་སྒྱུ་འདི་སུ་ཡིས་བྱས། །སྲིད་པའི་ལྷ་འདྲེ་ཟག་བཅས་མཐུ་ལྡན་འགས། །ཁྱོད་ལ་རྒོལ་ནུས་མིན་དེ་ཅི་ཞིག་མཚར། །ཀུན་འཇོམས་ཉོན་མོངས་དགྲ་འདི་སྐད་ཅིག་མར། །བཅོམ་པའི་ཚུལ་ལ་རྒྱལ་བ་རྣམས་ཀྱང་སྐྱེངས། །ཟུང་འཇུག་དབང་གི་བདག་པོར་འཕགས་ཀླུ་དང༌། །རབ་ཏུ་མཚུངས་ཀྱང་ཧ་ཅང་སྙིགས་མའི་དུས། །ཟླ་བའི་ཕྲེང་ལྡན་མདའ་མིག་དུས་ཚོད་ཀྱི། །དཀྱིལ་འཁོར་བདག་པོར་ཕྱིན་པ་ཁྱོད་ཁོ་ན། །སྲིད་པའི་དཔལ་འབྱོར་ཝུ་བ་ལྟར་སྨྲ་བ། །མང་མང་ས་ཡི་རྡུལ་གྱིས་ལངས་མིན་ཡང༌། །སྨྲས་ལྟར་ལག་འདེབས་དཀའ་ཐུབ་ལྷུར་ལེན་པའི། །རྨད་བྱུང་གྲགས་ལྡན་དྲང་སྲོང་ཁྱོད་ཉིད་ཙམ། །སྙིགས་དུས་ཚེ་ཐུང་གཅིག་ལ་སངས་རྒྱས་སར། །བགྲོད་པའི་ལམ་ཡོད་གྲགས་པ་དོན་ལྡན་དུ། །ཆེས་ཆེར་གསལ་བར་སྟོན་པའི་སྤོང་བ་པ། །རིན་ཆེན་ལྟ་བུའི་གདུལ་བྱ་ཁྱོད་ལས་རྟོགས། །དེ་ལྟར་ཕུལ་བྱུང་མཛད་པའི་ག་པུར་ཐིགས། །རྙོག་བྲལ་ཡིད་མཚོར་ལྷུང་དང་ལྷན་ཅིག་ཏུ། །ཡིད་ཆེས་དད་པའི་ཀུ་མུད་ཁ་ཕྱེ་བའི། །སྒྲུབ་པའི་མཛེས་སྡུག་ཉམས་པ་མེད་གྱུར་ཅིག །སྲིད་པའི་དགྲ་གཉེན་སྨྱོན་པའི་ཟློས་གར་མཁན། །འཇིག་རྟེན་བྱ་དགོས་འབབ་ཆུ་དྲག་པོའི་རླབས། །སྲིད་པའི་བདེ་སྡུག་ཁྱད་མེད་མི་གཙང་འདམ། །ཉམ་ངའི་ཚུལ་རྟོགས་ཞེན་ལོག་སྐྱེ་གྱུར་ཅིག །སྲིད་ཞིའི་སྐྱོན་ཡོན་རྟོགས་པའི་ཤེས་རབ་ཀྱིས། །རྣམ་དག་ངེས་འབྱུང་དྲངས་པས་བས་མཐའ་རུ། །ཚེ་གཅིག་སངས་རྒྱས་འགྲུབ་ངེས་ལམ་གྱི་གནད། །ཉམས་སུ་ལེན་དང་མཐའ་རུ་ཕྱིན་གྱུར་ཅིག །དེ་ལྟར་བཞད་པའི་རྡོ་རྗེར་བསྟོད་པའི་གླུ། །མགྲིན་པའི་ལམ་ནས་ལྷོད་ལྷོད་ལེན་པ་པོ། །མདོ་སྔགས་སྨྲ་བ་སྣང་ཤས་ཁོལ་བུ་པ། །དཔའ་བོ་བཞད་པའི་རྡོ་རྗེས་དང་བས་སྨྲས།། །།
༈ ན་མོ་གུ་རུ་ཙ་སྭ་ར་སྭ་སྟྱཻ། ལྷ་དང་མིར་བཅས་སྐྱེ་དགུ་ཐམས་ཅད་དབུས། །མདོ་དང་སྔགས་ཀྱི་སེང་གེའི་ང་རོ་ཡིས། །མཁས་རློམ་རི་དྭགས་ཚོགས་རྣམས་གཞོན་ནུ་ནས། །འཇིགས་མཛད་སྨྲ་བའི་སེང་གེ་ཁྱོད་མིན་སུ། །བློ་གྲོས་སྐད་ཅིག་རེ་རེའི་མེ་ལོང་ལ། །རང་སྤྱི་བདེན་གཉིས་ཤེས་བྱ་ཐམས་ཅད་ཀུན། །མ་འཁྲུལ་མ་འདྲེས་གསལ་བའི་མཁྱེན་རབ་ཀྱིས། །ས་གསུམ་རབ་གསལ་འོད་སྟོང་འཕྲོ་འདི་བསྔགས། །ཁྱོད་ཀྱི་ལེགས་བཤད་བརྒྱད་ལྡན་ལམ་གངྒཱ་.....གསུམ་འབབ། །བློ་གྲོས་རལ་པར་འཛིན་པའི་མགྲིན་.....དབང་ཕྱུག་སྔོན་ཡང༌། །ས་གསུམ་དག་བྱེད་སླད་དུ་ཆེར་བསྟེན་པའི། །དབྱིག་གི་བློ་གྲོས་མ་འདི་སྐལ་བ་བཟང༌། །ཚེ་གཅིག་སངས་རྒྱས་ཚུལ་ལ་ངོ་མཚར་ཅི། །བྱེ་བ་དགུ་བཅུ་རྩ་དྲུག་གྲོང་ཁྱེར་ཅན། །ཤམྦྷ་ལ་རུ་རིགས་ལྡན་འཇམ་གྲགས་ཀྱང༌། །འཛམ་གླིང་མཁས་པའི་གཙུག་རྒྱན་དགེ་ལེགས་དཔལ། །ཟུང་འཇུག་སྒྱུ་མའི་སྐུ་ལ་དབང་འབྱོར་བས། །བརྟན་གཡོ་རབ་འབྱམས་རྡུལ་གྱི་གྲངས་འཛིན་ན། །མཁས་གྲུབ་འགའ་ཙམ་བྱིས་པའི་ངོ་ཙམ་མོད། །དེ་དག་མཛད་པའང་རྨད་བྱུང་དཔག་མི་ནུས། །ཁྱོད་ཀྱིས་མགོན་བྱས་ཐུབ་བསྟན་ནོར་འཛིན་མ། །ལེགས་བཤད་ལྷ་རྫས་གོས་དང་རྒྱན་མང་གིས། །བློ་ལྡན་རྣམ་སད་.....ལྷ། ཀུན་དགའི་དཔལ་རྒྱས་ཤིང༌། །ཕྲག་དོག་སྦྱིན་སྐྱེས་.....ལྷ་མ་ཡིན། སྐྲག་པས་མངལ་ཀུན་ལྷུང༌། །རྒྱུད་སྡེའི་པད་མཚོར་ལོག་རྟོག་རྙོག་སློང་བའི། །རློམ་པའི་ལག་ལྡན་འཁྲུལ་བའི་མྱོས་བུམ་ཀུན། །རིགས་པའི་སྦར་མོས་བཀས་པ་ཀུ་མུད་ཏའི། །ཕོན་པོར་འཁྲུལ་བ་ངེས་སྟེར་ཨ་ཧོ་རྨད། །བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་མ་ལུས་ཀུན། །གྲུབ་མཐའ་རྣམ་བཞིའི་བང་རིམ་ཆེས་མཛེས་པར། །དྲང་ངེས་ཤིང་རྟས་ཀུན་གསལ་.....ནམ་མཁའ། མར་དྲངས་ཚེ། །སྨྲ་ངན་དྲང་སྲོང་དྲེགས་པའི་རལ་ཀུན་བཅད། །རྨོངས་པས་ཕྲག་དོག་སྔོན་གྱི་ལྷ་.....ལྷ་མ་ཡིན། ཡི་ཚོགས། །མདོ་སྔགས་སུམ་.....ལྷ། རྩེན་ཕུན་ཚོགས་མི་བཟོད་པར། །རྒོལ་བར་ཆས་རྣམས་སྟོང་ཐུན་གནམ་རུའི་.....གཞུ། སྒྲས། །མགོ་བོ་མྱོས་ནས་ཆད་ལྟའི་ས་འོག་ཡིབས། །དངོས་གྲུབ་ནོར་བུས་ཡོངས་གང་རྒྱུད་སྡེ་བཞིའི། །རྒྱ་མཚོ་བཞིར་གནས་རིམ་གཉིས་གདེངས་ཀའི་རྩེར། །རིག་སྔགས་ཕུད་སྒྲས་སྒྲིབ་གཉིས་སྲོག་འཕྲོག་པའི། །མཁས་གྲུབ་ཀླུ་དབང་བྱེ་བའི་གཙུག་ན་མཛེས། །མདོ་སྔགས་ཐེག་གསུམ་རྣམ་བཞག་ཕྲ་ཞིབ་ཀུན། །རང་རང་སྐལ་བ་ཇི་བཞིན་འདོམས་པ་ལ། །ཟླ་མེད་སྐྱབས་མཆོག་ཤཱཀྱའི་རྒྱལ་པོ་དང༌། །མགོན་ཁྱོད་གཙུག་ཏོར་ཙམ་ལས་ཐ་མི་དད། །མཐའ་དྲུག་རྒྱ་ལྡན་རྒྱུད་སྡེའི་ཟ་མ་ཏོག །ལེགས་པར་ཁ་ཕྱེ་སྨིན་བྱེད་ཟབ་མོའི་དབང༌། །གྲོལ་བྱེད་མཚན་བཅས་མཚན་མེད་རིམ་གཉིས་ཀྱི། །རིན་ཆེན་ཆར་གྱིས་མཁའ་ཁྱབ་འཇིག་རྟེན་བཀང༌། །ཕྱི་རུ་འདུལ་འཛིན་ནང་དུ་གསང་སྔགས་ཀྱི། །རབ་འབྱམས་རྟེན་དང་བརྟེན་པའི་འཁོར་ལོ་ཡིས། །ཡིད་ཅན་ཀུན་འདྲེན་གསུམ་ལྡན་རྡོ་རྗེ་འཛིན། །རྡོ་རྗེ་འཆང་གིས་ཡང་ཡང་བསྔགས་པའང་ཁྱོད། །རྒྱལ་བའི་ཡབ་གཅིག་ཕྱོགས་བཅུའི་སངས་རྒྱས་དང༌། །གྲུབ་ཆེན་བརྒྱད་ཅུ་དཔའ་བོ་མཁའ་འགྲོའི་ཚོགས། །ཡི་དམ་ལྷ་རྣམས་ཀུན་གྱིས་བྱིན་བརླབས་པའི། །མདོ་སྔགས་ཡབ་རྗེའི་ལུགས་དེའང་ཁྱོད་ཀྱིས་བསྐྱངས། །འཁོར་ལོ་བདེ་མཆོག་རྡོ་རྗེ་འཇིགས་བྱེད་དང༌། །ཀྱཻ་རྡོར་ཡབ་ཡུམ་ཡེ་ཤེས་མགོན་པོ་དང༌། །ཆོས་རྒྱལ་གསུམ་སོགས་ཡི་དམ་བསྟན་སྲུང་གིས། །མགོན་ཁྱོད་བསྔགས་ཤིང་བསྟོད་པས་གྲགས་སྙན་སྤེལ། །དེ་ལྟར་ལུང་རྟོགས་ཡོན་ཏན་ཁམས་གསུམ་ན། །ཆེ་ལ་མཆོག་གྱུར་སྐྱེ་དགུའི་གཙུག་གི་རྒྱན། །ཟླ་མེད་མཁས་གྲུབ་བསྟོད་པའི་དགེ་བ་ཡིས། །ལུས་ཅན་མ་ལུས་དམ་པས་རྗེས་འཛིན་ཤོག།། །།
༈ བསྟོད་ཚིག་མགྲིན་སྔོན་རལ་པའི་རྒྱན་མཆོག་ཡང༌། །སྒྲ་སྙན་ལུང་རིགས་གོམ་པ་མཁས་རྣམས་ཀྱི། །རལ་པའི་རྩེ་མོར་ངེས་པར་འགོད་མཁས་པ། །མང་ཐོས་འཇམ་དབྱངས་བཞད་པའི་རྡོ་རྗེ་ཡིས། །འདི་ཡི་མདོ་སྔགས་ཀུན་དང་ཚང་མ་ལ། །རྒྱལ་རྔ་བདུན་སོགས་དགག་སྒྲུབ་རླབས་གཡོ་བའི། །དག་བྱེད་གངྒཱའི་མཆོད་ཡོན་བློའི་རལ་པར། །བྲན་ཚེ་བདུད་རྩིའི་ཐིགས་པ་མཚོ་རུ་བྱས།།
༈ ན་མ་སྭ་ར་སྭ་སྟྱཻ། གཅིག་མིན་ཇི་ལྟ་ཇི་སྙེད་མ་ལུས་ལྷང་ངེར་མཁྱེན་ཡང་ཆོས་ཀྱི་དབྱིངས་སུ་མནལ། །སྒྲ་དང་རྟོག་པའི་སྤྲོས་པ་བྲལ་ཡང་རང་རང་བློ་དང་འཚམ་པའི་གསུང་དབྱངས་ཅན། །ཐམས་ཅད་མཁྱེན་པ་མ་ལུས་འདུས་ཀྱང་བཤེས་གཉེན་དམ་པ་གཅིག་གི་སྐུར་སྟོན་པའི། །རིགས་བརྒྱའི་ཁྱབ་བདག་དཀོན་མཆོག་གསུམ་འདུས་ཆོས་ཚུལ་འཕེལ་མཛད་ཞབས་སེན་གཙུག་ན་མཛེས། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ཆེ། །ཐབས་སུ་མཁས་པའི་སྒྱུ་འཕྲུལ་དྲ་བའི་མཛོད། །དག་པ་དོན་དམ་གཟུགས་སྐུའི་འཇོ་སྒེག་གིས། །རྣམ་འདྲེན་དཀྱིལ་འཁོར་ཁྱབ་བདག་ལ་ཕྱག་འཚལ། །མཁས་གྲུབ་གཞན་གྱི་བློ་གྲོས་རྭ་བ་རུ། །ཆུད་མིན་དཀོན་པ་སྙན་བརྒྱུད་མཆོག་གི་ཆོས། །རབ་བསིལ་དྲི་བྲལ་ག་བུར་ཆུ་རྒྱུན་ཅན། །དགོངས་དབྱིངས་མཁའ་དེར་ཡར་འཕེལ་ཟླ་བཞིན་འཛེག །ཤིན་ཕྲ་གཟུགས་ཀྱི་སྐུ་དང་ཟག་མེད་ཐུགས། །དངོས་གཅིག་ཟུང་དུ་འཇུག་པའི་མངལ་ལྡན་མ། །ཉི་གཞོན་སྙིང་པོར་འཆང་བའི་མཚམས་སྤྲིན་དང༌། །རིན་ཆེན་མངལ་དུ་སྦྲུམ་པའི་ཆུ་གཏེར་བཞིན། །གང་ཞིག་བལྟམས་ཚེ་སྐུ་ནི་རབ་གཞོན་ཀྱང༌། །ཐུགས་ནི་རྒྱལ་བའི་མེས་པོར་འོས་པ་ཡིས། །རྒྱལ་བ་ཉིན་བྱེད་གཞོན་ནུའི་འོད་སྟོང་གིས། །བགྲང་ཡས་རྣམ་ཐར་འདབ་བརྒྱ་རྒོད་ལ་བྲེལ། །རིང་ནས་སྲིད་པའི་འབྱོར་བ་ལ་ཁྲོས་པས། །ན་ཚོད་ཕྲ་ཡང་སྲིད་འབྱོར་ལ་མི་ཆགས། །རི་དྭགས་རྒྱལ་པོ་དག་ནི་གཞོན་ན་ཡང༌། །ངན་རྩོག་ཟས་ཀྱིས་འཚོ་བ་མིན་ཞེས་ཐོས། །སྡོམ་གསུམ་རིམ་བཞེས་ངུར་སྨིག་འཛིན་པའི་རྩེར། །རབ་ཕྱིན་སྒོ་གསུམ་ཉེས་པའི་དྲི་མ་དང༌། །འགྲོགས་པ་མིན་གང་ཉེ་བར་འཁོར་འདྲ་ཡང༌། །འཛིན་མས་ཐེག་མིན་གཞན་ཕན་ཁུར་འདིར་ཡོད། །ནམ་ཡང་རྒྱུན་མི་འཆད་པའི་ཐོས་བསམ་རྒྱུན། །ཆེས་ཆེར་བབས་ཀྱང་ཚིམ་མིན་ཆུ་གཏེར་ཆེ། །རིན་ཆེན་འབྱུང་ཡང་གདུག་པར་འགྲོགས་མིན་པ། །རྟག་བརྩོན་གྱེན་འཐོར་མཁའ་ཡི་མཐའ་རུ་གཡོ། །བློ་བཟང་མེས་པོས་ཕབས་པའི་ཆོས་ཚུལ་གྱི། །གངྒཱ་མ་ལུས་འཐུང་བའི་དྲང་སྲོང་ཆེ། །དཀོན་མཆོག་མཚན་ཅན་སླར་སྐྱུགས་མཁྱེན་ཡངས་ཀྱི། །རལ་པར་བཟུང་འདིས་སྙིགས་དུས་དྲི་ཀུན་བཀྲུས། །སངས་རྒྱས་ཀུན་གྱི་གསང་གསུམ་རྒྱ་མཚོ་ཆེ། །ཟུང་འཇུག་སྒྱུ་མའི་གར་དུ་འཁྱིལ་བ་དེའི། །ཞལ་ལུང་སྙན་བརྒྱུད་མཁའ་འགྲོའི་ཁ་རླངས་ཅན། །ལེགས་བཟུང་རྡོ་རྗེ་ཐེག་པའི་སྲོག་ཏུ་སོན། །སྙན་བརྒྱུད་སྙིང་པོ་ཅན་གྱི་ཉམས་མྱོང་ཁྲིད། །མ་ཐོབ་ཚིག་སྤྱི་ཙམ་ལ་འབྱམས་པ་ཡི། །བཤེས་གཉེན་འགའ་ཡང་སྙན་བརྒྱུད་རྒྱ་མཚོ་འདི། །ཐོས་ཚེ་ཁྲོན་པར་ཉལ་བའི་ཀ་མི་ཐ། །ཤེས་བྱའི་ཕ་མཐའ་ཟོས་པ་ཁྱོད་བློའི་ལྟོར། །འགྲན་པའི་སྤོབས་ལྡན་ཀུན་མཁྱེནའང་མ་མཐོང་བར། །སྐྲག་ལྡན་རྒྱུ་སྐར་གཞོན་ནུ་དེ་དག་གིས། །བཅུ་གཉིས་བདག་པོར་སྐྱབས་བཅས་མཁའ་ལ་སིམ། །ཆགས་དང་བྲལ་ཡང་སྡུག་བསྔལ་བརྒྱས་ནོན་འགྲོར། །ནམ་ཡང་གཏོང་མིན་ཐུགས་རྗེས་དམ་འཁྱུད་པ། །རང་གི་བུ་ལ་བརྩེ་བའི་ཕུག་རོན་བཞིན། །འདི་མཐོང་དད་པའི་བ་སྤུ་མི་གཡོ་སུ། །མཁས་དང་བཙུན་དང་བཟང་པོའི་ཕ་མཐར་ཕྱིན། །ཞི་དང་དེས་དང་དུལ་དང་ཤིན་ཏུ་དུལ། །དམ་པ་རྣམས་ཀྱི་དངོས་པོ་མ་ལུས་པ། །རྒྱལ་བས་ཁྱོད་ཉིད་ཁོ་ནར་བྱིན་པར་ངེས། །སྲིད་སྒྲུབ་སྒྲོ་ལྡན་རྗེས་འགྲོ་རིགས་ཤེས་ཀྱིས། །ཀུན་རྫོབ་བདེན་དངོས་མ་ལུས་འགེམས་པའི་ཆ། །རེག་མིན་འཕྱར་བ་ཙམ་གྱིས་གཅོད་ནུས་པའི། །གྲིབ་མའི་གྲི་གུག་མཆུ་འདིས་ལེགས་པར་ཁུམས། །འཁོར་འདས་རོ་གཅིག་བདེ་ཆེན་ཆོས་སྐུ་ལས། །ཤིན་ཕྲ་ཟླ་འདྲའི་ལོངས་སྐུ་རྒྱལ་བའི་ཁམས། །མཁའ་ཁྱབ་མི་བསྐྱོད་ལ་ཞུགས་རྡོར་སེམས་སུ། །བཞེངས་ཚེ་སྐྱེ་འཆི་བར་དོའི་མུན་ཚོགས་བཅོམ། །ཆོས་ལོངས་སྤྲུལ་སྐུའི་ཉེར་རྒྱུ་རླུང་སེམས་རྒྱུན། །ཆོས་འཁོར་ཡེ་ཤེས་རྡོ་རྗེས་ཀུན་ཟོས་ཚེ། །ཡན་ལག་བདུན་ལྡན་ལོངས་སྐུའི་རྟེན་བརྟེན་པ། །རགས་པའི་ཟ་མ་ཏོག་ཏུ་ལྷམ་མེར་བཞེངས། །མདོ་དང་རྒྱུད་སྡེ་ཀུན་གྱི་སྣོད་དང་རྩེ། །འདུས་པའི་ལམ་གྱིས་རང་ཉིད་གྲུབ་དབང་རྩེར། །གཤེགས་ཏེ་དེ་བཞིན་འདོམས་པའི་རྡོ་རྗེ་འཆང༌། །ཞིང་འདིར་ཕེབས་མིན་རྣམ་འདྲེན་གཞན་གང་ཞིག །སྙིགས་དུས་ཚིག་སྤྱི་ཙམ་གྱི་ཟློས་གར་མཁན། །རྡོ་རྗེ་འཛིན་པ་མང་པོས་འཛིན་མའི་ཁྱོན། །ཁྱབ་ཚེ་རིགས་ཀུན་བདག་པོ་ངུར་སྨྲིག་གི །རྣམ་རོལ་ཁྱོད་མཚན་ཙམ་ཡང་སྲིད་ཞིའི་གསོས། །ཟག་མེད་ཡེ་ཤེས་གང་འདུལ་སྤྲུལ་པ་ཡིས། །མ་ལུས་འགྲོ་རྣམས་དྲངས་འདིས་རྒྱལ་བ་ཀུན། །སྐྱེངས་ནས་མི་མངོན་མཁའ་སྤྱོད་ལ་ཞུགས་ཏེ། །སྲིད་མཐའི་འགྲོ་ལ་བཏང་སྙོམས་མཛད་དམ་སྙམ། །འཕྲིན་ལས་རྣམ་བཞིའི་རྒྱལ་མཚན་ཆེར་ཕྱར་ནས། །ནག་ཕྱོགས་སྡེ་བཅས་ཡེ་ཤེས་མེར་སྦྱངས་ཤིང༌། །མ་བསྒོམས་སངས་རྒྱས་ས་རུ་བསྐྱལ་བ་དང༌། །ཆབས་གཅིག་ལེགས་བྱས་རྣམ་སད་སྒོ་བརྒྱ་ཕྱེ། །འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །བཤད་དང་སྒྲུབ་པའི་ཆོས་ཀྱི་རྔ་བོ་ཆེ། །རྣམ་དཔྱོད་དབྱུ་གུས་དྲག་ཏུ་བརྡུང་བའི་སྒྲས། །རབ་མཁྲེགས་འཁོར་བ་རྡོ་རྗེའི་མཐའ་ཡང་རལ། །གྲགས་མེད་སྔོན་བྱོན་རྒྱལ་རྣམས་ཐམས་ཅད་མཁྱེན། །ངེས་པར་སྒྲོགས་རྫུན་གཞན་དུ་ཐབས་བཟང་པོས། །ཁྱོད་ལྟར་མི་འདྲེན་བསྐལ་བར་བརྟག་དེ་ཅི། །རྒྱལ་བས་རྣམ་འདྲེན་ཁྱོད་ལ་དགོངས་པར་ངེས། །གྲངས་མེད་མཛད་བཟང་རྒྱུ་སྐར་འཕྲེང་བ་འཕྱང༌། །རྟག་ཏུ་ཕན་པའི་རྣམ་དཀར་ཁོ་ན་འཛག། །ཟུང་འཇུག་དབང་སྔོན་མཛེས་པའི་རི་བོང་ཅན། །ཐུབ་བསྟན་ཀུན་དའི་གཉེན་དེ་ཁྱོད་ལས་སུ། །ཁྱོད་ཀྱི་གསང་གསུམ་འཆི་མེད་ལམ་གྱི་མཐའ། །སྙེགས་འདོད་མཁའ་ལྡིང་རང་སྟོབས་བྲི་བར་ཟད༌། །འོན་ཀྱང་གང་ལ་སྐྱབས་བཅས་དོན་སླད་དུ། །རབ་གུས་བསྟོད་ཚིག་དད་པའི་འཇུག་ངོགས་བསྐྲུན། །སེམས་ནི་རབ་དགའ་རྒྱས་པའི་རྦ་རླབས་ཅན། །ཤེས་དང་རིན་ཆེན་མ་ལུས་འབྱུང་བའི་གནས། །ལེགས་གསུང་འདབ་བརྒྱ་སྙན་ཚིག་བདུད་རྩིའི་རྒྱུན། །སྐལ་ལྡན་ཉེར་འཚོ་བགྱིད་པར་བྱིན་གྱིས་རློབས། །ཡོན་ཏན་ཀུན་གྱི་གཞི་དང་འབྱུང་བའི་གནས། །དེ་ཉིད་བཅུ་ཟུང་བརྟན་མཁས་ཡོན་ཏན་དང༌། །མཚན་ཉིད་བཅུ་ལྡན་བཤེས་གཉེན་མཆོག་ཡིན་པར། །རྟོགས་ནས་ཚུལ་བཞིན་བསྟེན་པར་བྱིན་གྱིས་རློབས། །སྲིད་པའི་བདེ་འབྱོར་གན་བུབ་རེས་མོས་ཅན། །བསྟེན་ན་ཐར་པའི་སྲོག་དེ་འཕྲོག་མཐོང་ནས། །ཚངས་འབྱོར་མེ་འོབས་ལྟར་མཐོང་ངེས་འབྱུང་གིས། །ངེས་ལེགས་འགྲམ་རྩ་ཟིན་པར་བྱིན་གྱིས་རློབས། །རྟག་ཏུ་འགྲོ་ལ་བརྩེ་བའི་བྱམས་སྙིང་རྗེས། །རབ་དྲངས་མི་ལྡོག་ཐེག་ཆེན་སེམས་བསྐྱེད་དང༌། །མིང་བཏགས་ཙམ་ལ་བྱ་བྱེད་ཤེས་པའི་བློས། །ཟབ་རྒྱས་ཕ་མཐར་ཕྱིན་པར་བྱིན་གྱིས་རློབས། །འཇུག་སྒོ་དབང་ལ་ཞུགས་ནས་དམ་ཚིག་སྡོམ། །ལམ་གྱི་སྲོག་ཏུ་ལེགས་རྟོགས་གཞིར་བྱས་ཏེ། །ཐ་མལ་སྐྱེ་འཆི་བར་དོ་སྦྱོང་བྱེད་ལམ། །རིམ་གཉིས་མཐའ་རུ་ཐོན་པར་བྱིན་གྱིས་རློབས། །དེ་བྱས་དགེ་བས་མཁའ་ཁྱབ་ལུས་ཅན་གྱི། །རྣམ་དཀར་སྲོག་གྱུར་སྲད་རྒྱུད་བཤད་སྒྲུབ་རྒྱུན། །བསྐལ་བའི་མཐའི་བར་ཕྱོགས་དང་དུས་ཀུན་ཏུ། །ཆེས་ཆེར་རྒྱས་ཤིང་རྟག་ཏུ་དགེ་བར་ཤོག །ཅེས་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་ཁྱབ་བདག་བླ་མ་དཀོན་མཆོག་མཚན་ཅན་གྱི་ཞལ་སྔ་ནས་ལ་བསྟོད་པ་རིག་འཛིན་གྲུབ་པའི་སྒྲ་དབྱངས་ཞེས་བྱ་བ་འདི་ཡང༌། དམ་པ་དུ་མའི་ཞབས་རྡུལ་ལ་སྤྱི་བོས་གཏུགས་ཤིང༌། ཁྱད་པར་དམ་པ་དེའི་དྲིན་ལས་གསང་སྔགས་རྡོ་རྗེ་ཐེག་པའི་གནད་ལ་ཕྱོགས་མཐོང་རྙེད་པའི་སྙོམས་ལས་པ། འཇམ་དབྱངས་བཞད་པའི་རྡོ་རྗེས་དང་བའི་སེམས་ཀྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག།། །།
༈ ན་མོ་གུ་རུ་མཉྫུ་གྷོ་ཥ་སྭ་ར་སྭ་སྟྱཻ། ཚོགས་གཉིས་སྨོན་པས་ལེགས་པར་གྲུབ་པའི་མཐུས། །སེམས་བསྐྱེད་དུས་ནས་རྒྱལ་བའི་སྲས་སྟོང་གི །ཐོག་མར་གྱུར་ཅིང་མེ་ཏོག་ཆར་འབེབས་སོགས། །རྒྱལ་དབང་འཁོར་བ་འཇིག་ལ་གསོལ་བ་འདེབས། །རྫོགས་པའི་སངས་རྒྱས་འཁོར་འཇིག་རྣམ་འཕྲུལ་བརྒྱས། །གང་ལ་གང་འདུལ་སྤྲུལ་སྐུའི་ཟློས་གར་ལས། །ལྷ་ཡུལ་དམ་པའི་ཆོས་ཀྱིས་སྣང་མཛད་པའི། །རབ་སྣང་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །ཐུབ་དབང་དུས་ན་ཉན་ཐོས་ཚུལ་བཟུང་ནས། །ཐུབ་བསྟན་རྫོགས་ལྡན་བཞིན་དུ་སྤེལ་མཛད་པའི། །སུམ་རྩེན་འདུལ་མཛད་གནས་བརྟན་བཅུ་དྲུག་གི །མཆོག་གྱུར་སྒྲ་གཅན་འཛིན་ལ་གསོལ་བ་འདེབས། །རྒྱལ་བས་ལུང་བསྟན་ལེགས་བཤད་སེང་གེའི་སྒྲས། །ཐུབ་བསྟན་ལ་སྡང་མ་ཁོལ་བཏུལ་ན་ཡང༌། །བཤད་སྒྲུབ་གཉིས་ཀྱིས་དངོས་གྲུབ་མཆོག་ཐོབ་པ། །ཨཱརྱ་དེ་བའི་ཞབས་ལ་གསོལ་བ་འདེབས། །ཟབ་དོན་ཕྱག་རྒྱ་ཆེན་པོའི་རྟོགས་པ་སོགས། །རིམ་གཉིས་ལམ་གྱི་ཤིང་རྟའི་སྲོལ་ཕྱེ་ཞིང༌། །ཕྲ་མེན་མ་སོགས་སྣ་ཚོགས་གདུལ་བྱ་བཏུལ། །མཁས་གྲུབ་ཨིནྡྲ་བོ་དྷིར་.....ཨིནྡྲ་བྷུ་ཏི་དང་བོ་དྷི་མི་འདྲ། ཨིནྡྲ་བོ་དྷི་ནི་དགེ་སློང་མ་དཔལ་མོའི་མིང་པོ་ཡིན། གསོལ་བ་འདེབས། །བསླབ་གསུམ་ནོར་བུའི་ཚོགས་ཀྱིས་བང་མཛོད་ཁེངས། །འཆད་རྩོད་རྩོམ་པའི་མཁྱེན་རབ་རྦ་རླབས་གཡོ། །མཁས་གྲུབ་ཀླུ་དབང་མང་པོས་རབ་བསྟེན་པ། །མཁྱེན་རབ་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །སྐྱེས་ཐོབ་ཤེས་རབ་མཆོག་ལྡན་སྦྱངས་པས་ཀྱང༌། །མདོ་རྒྱུད་མན་ངག་མང་པོ་ཐུགས་ལ་འཁྲུངས། །སྐད་གཉིས་སྨྲ་དབང་ཀ་བ་དཔལ་བརྩེགས་ཞེས། །མདོ་དང་བསྟན་བཅོས་མང་བསྒྱུར་གསོལ་བ་འདེབས། །མཐོན་པོའི་རིགས་འཁྲུངས་གྲུབ་པའི་བཤེས་གཉེན་བསྟེན། །དངོས་གྲུབ་མཆོག་བརྙེས་རྒྱུད་སྡེའི་དབང་ལུང་ཁྲིད། །སྤེལ་བྱས་ངོ་མཚར་བརྒྱད་སོགས་རྨད་བྱུང་གི །གྲུབ་བརྙེས་མི་ཏྲ་ཛོ་ཀིར་གསོལ་བ་འདེབས། །སྔོན་སྦྱངས་མ་ལ་ཡ་ཡི་ནགས་ཚལ་ལས། །དམ་པའི་དྲི་གསུང་ཆད་མེད་མང་འཕྲོ་ཞིང༌། །འཕགས་ཡུལ་ཤར་ཕྱོགས་མཛེས་པའི་རྒྱན་གཅིག་པུ། །རྒྱལ་སྲས་ཆོས་ཀྱི་དཔལ་འབར་གསོལ་བ་འདེབས། །ཀླུ་སྒྲུབ་རྣམ་འཕྲུལ་གྲགས་ཤིང་རྟོགས་པའི་མཛོད། །གངས་ཅན་མཁས་གྲུབ་མང་པོས་འགེངས་མཛད་པ། །དཔག་དཀའི་རྣམ་པར་ཐར་པའི་མཛོད་བརྙེས་པ། །མཁས་གྲུབ་རྡོ་རྗེ་རྒྱལ་མཚན་གསོལ་བ་འདེབས། །མཐོན་པོའི་རྟོགས་པ་བརྙེས་ཀྱང་འགྲོ་ཕན་ཆེད། །གདུལ་བྱ་རང་རང་བློ་མཐུན་སྣང་བརྙན་ཅན། །སྤྲེའུ་བྱང་ཆུབ་སེམས་དཔའི་ཆ་བྱད་ཀྱིས། །སྣ་ཚོགས་གདུལ་བྱ་བཏུལ་ལ་གསོལ་བ་འདེབས། །གཞོན་ནུ་ཉིད་ནས་ཁོ་བོ་འཕགས་པ་ལྷ། །ཡིན་ཞེས་མཚན་གསོལ་རྟོགས་པ་མཆོག་བརྙེས་ཤིང༌། །རིས་མེད་སྡེ་དགོན་མང་སྤེལ་ཞྭ་སེར་གྱི། །མཛེས་རྒྱན་འཕགས་པ་ལྷ་ལ་གསོལ་བ་འདེབས། །གྲུབ་དབང་ཀུ་ཅོར་རྟོགས་ལྡན་སྲས་སུ་འཁྲུངས། །མཐའ་འཁོབ་འཇང་སོགས་སྣ་ཚོགས་རྫུ་འཕྲུལ་བརྒྱས། །ལེགས་བཏུལ་ཞྭ་སེར་བསྟན་པ་སྤེལ་མཛད་པ། །འཕགས་པ་སངས་རྒྱས་ཞབས་ལ་གསོལ་བ་འདེབས། །བལྟམས་པ་ཙམ་ནས་གསང་སྔགས་སྒྲོགས་པ་དང༌། །རྫུ་འཕྲུལ་ཞབས་རྗེས་སྣ་ཚོགས་ལེགས་བསྟན་ཏེ། །མཐོང་བ་ཙམ་གྱིས་དོན་གཉིས་ལྡན་མཛད་པ། །འཕགས་པའི་མཚན་ཅན་ཞབས་ལ་གསོལ་བ་འདེབས། །སྐུ་གསུང་ཐུགས་ཀྱི་རྫུ་འཕྲུལ་གྲགས་སྙན་གྱི། །འབྲུག་སྒྲས་ས་གསུམ་ཁྱབ་པས་བྱང་ཕྱོགས་ཀྱི། །ས་ཡི་ཚངས་པས་ཞབས་ལ་བཏུད་མཛད་པ། །ཆོས་ཀྱི་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །གསང་གསུམ་སྐུ་གསུམ་དབྱིངས་ལ་ལེགས་གནས་ཀྱང༌། །ཡོན་ཏན་བུམ་ནང་མར་མེ་བཞིན་དུ་སྦས། །མཐའ་ཡས་གདུལ་བྱའི་ཚོགས་རྣམས་འདྲེན་མཛད་པ། །རྒྱལ་བ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་ཀྱང༌། །བརྒྱད་ཁྲིའི་དུས་ན་བྱམས་མགོན་མདུན་སའི་རྒྱན། །གསེར་བཟང་དྲི་མ་མེད་པར་རབ་གྲགས་པ། །རྒྱལ་སྲས་ཚུལ་བཟུང་ཞབས་ལ་གསོལ་བ་འདེབས། །མ་འོངས་ཤར་ཕྱོགས་མངོན་པར་མཛེས་པའི་རྒྱན། །དེ་བཞིན་གཤེགས་པ་མི་བསྐྱོད་རྒྱལ་པོ་རུ། །མངོན་པར་འཚང་རྒྱ་ལུང་བསྟན་མཆོག་བརྙེས་པ། །ཡང་དག་རྫོགས་སངས་རྒྱས་ལ་གསོལ་བ་འདེབས། །མགོན་ཁྱོད་སྤྲུལ་པའི་ཟློས་གར་ཉིན་བྱེད་ཕྲེང༌། །བགྲང་མི་ནུས་ཀྱང་དམ་པ་སྔ་མ་ཡིས། །དགོས་ངོར་འགའ་བསྒྲགས་བཞིན་དུ་ལེགས་བསྟོད་པས། །མགོན་ཁྱོད་སྲིད་མཐའི་བར་དུ་ཞབས་བརྟན་ཤོག །བླ་མ་མཆོག་གསུམ་ལྷ་སྲུང་ཐུགས་རྗེ་དང༌། །བདག་ཅག་དད་འདུན་རྟེན་འབྲེལ་ནུས་མཐུ་ཡིས། །རྗེ་བཙུན་རྒྱལ་བ་རྒྱ་མཚོའི་སྐུ་ཚེ་དང༌། །རྣམ་དཀར་འཕྲིན་ལས་བརྟན་ཅིང་རྒྱས་གྱུར་ཅིག །ཅེས་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཨཱརྱ་དེ་བ་བསམས་བཞིན་མིའི་ཟློས་གར་མཛད་པ་འཕགས་མཆོག་རྒྱལ་བ་རྒྱ་མཚོའི་འཁྲུངས་རབས་ལྷ་དབང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་སྐྱེས་རབས་བཅུ་དགུ་པ་ལྟར་གྱི་གསོལ་འདེབས་དགོས་ཞེས། རབ་འབྱམས་སྨྲ་བ་བློ་བཟང་དོན་གྲུབ་སོགས་ཀྱིས། ཉིན་མོ་བདེ་ལེགས། མཚལ་སྲང་སུམ་ཅུ་དང་བཅས་ཡང་ཡང་བསྐུལ་བའི་ངོར། རྗེ་དེ་ཉིད་ཀྱི་འཁྲུངས་རབས་གསོལ་འདེབས་ནོར་བུའི་ཕྲེང་མཛེས་སྐལ་བཟང་མགྲིན་རྒྱན་ཅེས་བྱ་བ་འདི་ཡང༌། ྋཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་བླ་བྲང་ཡིད་དགའ་ཆོས་འཛིན་དུ་བྲིས་པའོ།། །།
༈ ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ་སྭ་ར་སྭ་སྟྱཻ། བརྟན་མཁས་སོགས་དང་ཞི་དུལ་ཡོན་ཏན་བཅུ། །དེ་ཉིད་བཅུ་ཟུང་ལྡན་པའི་སོ་ཐར་དང༌། །ཐེག་ཆེན་བཤེས་གཉེན་མདོ་སྔགས་རྒྱ་མཚོ་ཡི། །ཁྱབ་བདག་དཔལ་ལྡན་བླ་མར་གསོལ་བ་འདེབས། །ཚེ་སྔོན་སྦྱངས་པའི་སྤྲུལ་སྐུའི་ཉིན་བྱེད་ཀྱིས། །བལྟམས་དང་གཞོན་ནུའི་དུས་ནས་མཁྱེན་རབ་ཀྱི། །འོད་སྟོང་འབར་བས་སྐལ་ལྡན་པད་ཚལ་འབུམ། །ངོ་མཚར་བཞད་པར་མཛད་ལ་གསོལ་བ་འདེབས། །ལེགས་པར་སྨིན་བཞིན་མདོ་སྔགས་མ་ལུས་པ། །དམ་པ་མང་བསྟེན་ལུང་དང་རིགས་པ་ཡིས། །ལོག་སྨྲ་ཚར་གཅོད་ཕྱོགས་གླང་གྲགས་པས་ཀྱང༌། །འགྲན་བྲལ་མཁས་པའི་ཡང་རྩེར་གསོལ་བ་འདེབས། །རྒྱ་བོད་མཁས་པའི་ལུགས་མང་ལེགས་དཔྱད་ནས། །མ་ཚང་ཁ་འགེངས་རྒྱ་ཆེན་སྙིང་པོ་བསྡུ། །འཁྲུལ་བ་སྤངས་ཏེ་མདོ་རྒྱུད་གནད་ཀྱི་དོན། །ལེགས་རྩོམ་དཔལ་ལྡན་བླ་མར་གསོལ་བ་འདེབས། །སྔོན་སྦྱངས་ཤུགས་ཀྱིས་འདུལ་ཁྲིམས་ཀུན་བསྡམས་པས། །ཚུལ་ཁྲིམས་དྲི་ངད་རྒྱང་གྲགས་བར་ལྡང་ཞིང༌། །ཉེ་བར་འཁོར་དེ་ལྗོངས་འདིར་བྱོན་པ་བཞིན། །བཙུན་པའི་མཐར་ཐུག་བླ་མར་གསོལ་བ་འདེབས། །བདག་པས་གཞན་གཅེས་ཐུགས་སྦྱངས་སེམས་བསྐྱེད་ཀྱིས། །མཁའ་ཁྱབ་འགྲོ་ལ་བརྩེ་བའི་དབང་སོང་བས། །ཕར་ཕྱིན་དྲུག་དང་བསྡུ་བ་རྣམ་པ་བཞི། །མཐོང་ཐོས་དྲན་རེག་དོན་མཛད་གསོལ་བ་འདེབས། །མཉམ་གཞག་ངོ་མཚར་ཆོས་ཀུན་མཁའ་ལྟར་གཟིགས། །རྗེས་ཐོབ་སྒྱུ་མར་རྟོགས་པའི་ཤེས་རབ་གཉིས། །རྒྱུན་ཆད་མེད་པར་དུས་ཀུན་རབ་སྦྱངས་པའི། །ཤེར་ཕྱིན་ཉམས་ལེན་རྨད་བྱུང་གསོལ་བ་འདེབས། །དབང་བཞིའི་སྒོར་ཞུགས་དམ་ཚིག་ལེགས་སྐྱོང་ཞིང༌། །བསྐྱེད་རིམ་སྐུ་གསུམ་ང་རྒྱལ་གསལ་སྣང་གིས། །རང་ཉིད་ལྷར་གཟིགས་ང་རྒྱལ་བརྟན་པོ་བརྙེས། །སྔགས་ཀྱི་རྡོ་རྗེ་འཛིན་མཆོག་གསོལ་བ་འདེབས། །རྩ་འཁོར་དྲུག་དང་དྷཱུ་ཏིར་གནད་བསྣུན་པའི། །དགའ་བཞི་སྟོང་བཞིར་སྦྱོར་བའི་མཉམ་བཞག་དང༌། །རྗེས་ཐོབ་ཆོས་ཀུན་བདེ་སྟོང་ལྷ་ཡི་སྐུར། །འཆར་བའི་རྡོ་རྗེའི་ཐུགས་ལྡན་གསོལ་བ་འདེབས། །དེ་ལྟར་མཛད་པས་དོན་གཉིས་མཐར་ཕྱིན་སླད། །ཡང་ཡང་གསུང་གི་བདུད་རྩིས་རབ་ངོམས་པའི། །མཁས་གྲུབ་དམ་པ་མང་པོས་འཛིན་མའི་ཁྱོན། །འགེངས་མཛད་བསྟན་འགྲོའི་བླ་མར་གསོལ་བ་འདེབས། །མགོན་པོ་ཁྱོད་ཀྱི་ཡོན་ཏན་མ་ལུས་པ། །སྒྲོ་སྐུར་བྲལ་བར་བརྗོད་པར་མི་ནུས་ཀྱང༌། །དད་པས་ཅུང་ཟད་བརྗོད་པས་བདག་ཅག་ཀུན། །ཚེ་རབས་ཀུན་ཏུ་མགོན་ཁྱོད་ལེགས་བསྟེན་ནས། །ཐོས་བསམ་བསྒོམ་པ་མ་ལུས་མཐར་ཕྱིན་ཤོག །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང༌། །ཆོས་སྐྱོང་མཐུ་སྟོབས་བདག་ཅག་དད་མོས་ཀྱིས། །ཁྱབ་བདག་མགོན་པོ་བློ་བཟང་ཆོས་ལྡན་ཞབས། །བསྐལ་བརྒྱར་ཞབས་བརྟན་འཕྲིན་ལས་རྒྱས་གྱུར་ཅིག །རྒྱལ་བསྟན་སྤྱི་དང་བློ་བཟང་རྒྱལ་བའི་ཆོས། །ས་གསུམ་ཁྱབ་མཛད་དཔལ་ལྡན་རྡོ་རྗེ་འཆང༌། །ལྷ་མིའི་མཁས་པ་ཡོངས་ཀྱི་གཙུག་རྒྱན་དུ། །འོག་མིན་ཞིང་གཙོ་ལྟ་བུར་ཞབས་བརྟན་ཤོག །ཐུབ་པས་ལུང་བསྟན་བློ་བཟང་གྲགས་པའི་ཆོས། །མདོ་སྔགས་བདག་པོ་གསུམ་ལྡན་རྡོ་རྗེ་འཆང༌། །བསྟན་འགྲོའི་བདེ་སྐྱིད་སྣང་བ་འབར་བཞིན་དུ། །སྣང་མཐའ་མགོན་བཞིན་དུས་ཀུན་ཞབས་བརྟན་ཤོག །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང༌། །ལྷ་དང་སྲུང་མའི་མཐུ་སྟོབས་དམ་ཚིག་དང༌། །བདག་ཅག་བསམ་པ་རྣམ་པར་དག་པའི་མཐུས། །ཇི་ལྟར་སྨོན་པ་བསླུ་མེད་འགྲུབ་གྱུར་ཅིག །ཅེས་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྩ་བའི་བླ་མ་ངག་དབང་བློ་བཟང་ཆོས་ལྡན་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས་ཙིནྟ་མ་ཎའི་ཕྲེང་བ་ཞེས་བྱ་བ་འདི་ཡང་སྔོན་རབས་དམ་པའི་བག་ཆགས་ཅན་ལྷག་བསམ་དང་མཁྱེན་རབ་ཕུན་སུམ་ཚོགས་པ་ཆོས་འཁོར་རྒྱལ་མེ་ཏོག་ཐང་གི་མཁན་པོས་གསེར་ཞོ་བདུན་གྱི་སྣ་ཚོགས་རྡོ་རྗེ་དང༌། བཀྲ་ཤིས་ཁ་བཏགས་བཅས་དང༌། འཁོར་ལོ་བཞི་དང་ལྡན་པ་ལུང་དང་རིགས་པའི་དབང་ཕྱུག་ཤེས་རབ་དར་རྒྱས་དང༌། བློ་བཟང་ཉི་མ་གཉིས་ཀྱིས་ཀྱང་ཉིན་བདེ་ཆེ་ལེགས་དང་བཅས་བསྐུལ་ཞིང༌། རང་ལ་དེ་ལྟ་བུའི་འདོད་པ་ཆེན་པོ་ཡོད་པས་རྐྱེན་བྱས། ྋཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་སྦྱར་བ་དགེ་བར་གྱུར་ཅིག།། །།
༈ ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྙིགས་དུས་འཇམ་དབྱངས་བློ་ལྡན་མཁས་བཙུན་བཟང༌། །ཟབ་རྒྱས་མདོ་སྔགས་སྒོ་འབྱེད་ཚེ་གཅིག་ལ། །སངས་རྒྱས་སྟེར་མཛད་རྒྱལ་བ་གཉིས་པ་ཞེས། །གྲགས་པའི་མཚན་གྱིས་འགྲོ་འདྲེན་གསོལ་བ་འདེབས། །བློ་བཟང་རྒྱལ་བའི་མདོ་སྔགས་ཆོས་ལུགས་ཀྱིས། །འཇམ་དཔལ་མངོན་བཞུགས་རི་བོ་དང་ཉེ་བའི། །ཤར་ཕྱོགས་གོང་མའི་རྒྱལ་ཁབ་སྐལ་ལྡན་ཀུན། །དལ་འབྱོར་དོན་ལྡན་མཛད་ལ་གསོལ་བ་འདེབས། །སྐྱེས་དུས་འབྲུག་གྲག་གཞོན་དུས་བསླབ་སྦྱངས་མཁས། །ཕར་ཚད་དབུ་མ་མངོན་འདུལ་ལ་སྦྱངས་པས། །རྒྱན་དྲུག་བཞེད་གཞུང་དོན་ཀུན་ལམ་རིམ་གྱིས། །ལེགས་རྙེད་མཁས་པའི་རྒྱན་གྱུར་གསོལ་བ་འདེབས། །བདེ་གསང་འཇིགས་སོགས་རྒྱུད་སྡེ་རྣམ་པ་བཞིའི། །འཇུག་སྒོ་དབང་དང་མཚན་བཅས་མཚན་མེད་དང༌། །བསྐྱེད་རྫོགས་ཉམས་ཁྲིད་རིགས་བརྒྱའི་ཁྱབ་བདག་ལས། །ངེས་རྙེད་རྡོ་རྗེའི་སློབ་དཔོན་གསོལ་བ་འདེབས། །མདོ་སྔགས་གངས་ཅན་འགྱུར་རོའི་གདམས་པ་ཀུན། །རྙེད་ཚེ་དོན་མེད་བྱ་བ་ཀུན་སྤངས་ཏེ། །ལམ་རིམ་ཁྲིད་ཆེན་བརྒྱད་སོགས་ལ་སྦྱངས་པའི། །མ་ནོར་གདམས་པས་ཚིམ་མཛད་གསོལ་བ་འདེབས། །དེ་ལྟར་བསྟོད་པས་འགྲོ་བ་མ་ལུས་ཀུན། །ཐུན་མོང་ལམ་གྱིས་རྒྱུད་སྦྱངས་སྔགས་ཀྱི་ལམ། །ཐོས་བསམ་སྒོམ་དང་ལེགས་པར་སྨོན་པའི་མཐུས། །སེང་གེའི་ང་རོའི་འཁོར་དུ་སྐྱེ་བར་ཤོག །རྨད་བྱུང་སྲས་བཅས་སོགས་བྱ། ཞེས་འདི་རྒྱུད་ཀྱི་བླ་མ་ཁྱུང་ཚ་བས། །ནན་གྱིས་བསྐུལ་ངོ་མ་ཆོག་མང་ཐོས་པ། །འཇམ་དབྱངས་བཞད་པའི་རྡོ་རྗེས་བྲིས་པ་དགེ །
༈ ན་མ་སྭ་ར་སྭ་སྟྱཻ། ངག་གི་དབང་ཕྱུག་བློ་བཟང་རྒྱལ་བའི་ལུགས། །ལེགས་བཤད་ཆོས་ཀྱིས་ས་སྟེང་སྐལ་ལྡན་རྣམས། །ཚིམ་མཛད་ཁྱབ་བདག་དཀྱིལ་འཁོར་རྒྱ་མཚོའི་མགོན། །རྡོ་རྗེ་འཆང་སྤྲུལ་བླ་མར་གསོལ་བ་འདེབས། །མགོན་ཁྱོད་བསྟན་འགྲོའི་བདེ་སྐྱིད་སྤེལ་སླད་དུ། །སྤྲུལ་སྐུའི་ཉིན་བྱེད་ཐུབ་བསྟན་གླིང་བཞིའི་མགོན། །འཕྲིན་ལས་འོད་སྣང་རྒྱ་མཚོའི་སྟེང་ཁྱབ་པས། །ཐོས་བསམ་སྒོམ་པའི་པད་ཚལ་རྒྱས་པར་ཤོག །ཚེ་རབས་ཀུན་ཏུ་མགོན་དེས་རྗེས་འཛིན་ཅིང༌། །ལེགས་བཤད་བདུད་རྩི་ཡོངས་ལ་སྤེལ་ནུས་པར། །བླ་མ་མཆོག་གསུམ་ཡི་དམ་སྲུང་མ་ཡིས། །བསམ་བཞིན་འགྲུབ་པའི་འཕྲིན་ལས་གཡུར་ཟ་ཤོག །ཅེས་པའང་བློ་བཟང་ཉི་མས་བསྐུལ་ཞིང་རང་གི་དད་པས་ཀྱང་དྲངས་ཏེ། མང་ཐོས་འཇམ་དབྱངས་བཞད་པའི་རྡོ་རྗེས་བྲིས། །
༈ རྣམ་འདྲེན་དབང་པོ་འཕྲིན་ལས་ལྷུན་གྲུབ་ཞབས། །མདོ་རྒྱུད་གཏེར་ཆེན་པཎ་ཆེན་བཀའ་འགྱུར་པ། །འཇམ་དཔལ་དབྱངས་དངོས་བློ་བཟང་ཆོས་ལྡན་ཞབས། །ཐུབ་བསྟན་རྒྱས་མཛད་གསུམ་ལ་གསོལ་བ་འདེབས། །ངག་དབང་བློ་བཟང་རྒྱ་མཚོ་ནས་བརྒྱུད་པའི། །ཟབ་རྒྱས་ཆོས་ཀྱི་བཀའ་མདུད་ལེགས་བཀྲོལ་ནས། །བརྩོན་འགྲུས་དྲག་པོས་གཞན་ལ་འདོམས་མཛད་པའི། །མཚན་ཉིད་ལྡན་པའི་བཤེས་ལ་གསོལ་བ་འདེབས། །ཞེས་པའང་རྗེ་ཉིད་ཀྱིས་གསུངས་སོ།། །།
ཨོཾ་སྭ་སྟི་སིདྡྷིརསྟུ། ཐུབ་དབང་བཤད་པས་དོན་གཉིས་ལེགས་གྲུབ་ཅིང༌། །སྐལ་ལྡན་གདུལ་བྱའི་རྒྱ་མཚོ་སྤེལ་མཛད་པའི། །མང་ཐོས་རི་བོང་འཛིན་པའི་ཆ་གང་བ། །བཤེས་གཉེན་གཉིས་སྐྱེས་མགོན་པོར་གསོལ་བ་འདེབས། །མི་འཁྲུགས་རྒྱལ་པོའི་གཟུངས་དང་འཇམ་དཔལ་མཚན། །བརྗོད་སོགས་འདི་ལྟར་བསྒྲུབ་པའི་དགེ་ཚོགས་ཀྱིས། །རྒྱལ་སྲས་ཆེན་པོ་དོན་གྲུབ་རྒྱ་མཚོ་ཡི། །སྐུ་ཡི་སྐྱེ་བ་ཉི་མ་ལྟར་གསལ་ཤོག །བླ་མ་ཡི་དམ་ཆོས་སྐྱོང་ཐུགས་རྗེ་དང༌། །བདག་ཅག་དད་མོས་རྣམ་དཀར་དགེ་ཚོགས་ཀྱིས། །ལམ་གྱི་སྒྲིབ་སྦྱངས་གཟུངས་བཞིའི་ཐུགས་གསལ་ཞིང༌། །དོན་གཉིས་གྲུབ་པའི་སྐྱེས་རབས་ཆེས་གསལ་ཤོག །ཅེས་འདི་རྒྱལ་བའི་གསུང་རབ་བཅུ་གཉིས་བདག །འཇམ་དབྱངས་བླ་མ་དོན་གྲུབ་རྒྱ་མཚོ་ཡི། །སྤྲུལ་སྐུ་མྱུར་འབྱོན་བདེན་ཚིག་གླུ་ཞེས་པ། །འཇམ་དབྱངས་བཞད་པས་དད་པ་ཁོ་ནས་སྦྱར། །
༈ ན་མཿསྭ་ར་སྭ་སྟྱཻ། མདོ་སྔགས་གནས་ཀུན་བློ་གྲོས་གོམ་གྱིས་གཞལ། །མཁས་བཙུན་བཟང་འཛོམ་ཐུབ་བསྟན་ཟབ་བཅུད་ཆོས། །ཇི་བཞིན་སྐལ་ལྡན་སྨིན་གྲོལ་གྲགས་སྙན་གྱིས། །ས་གསུམ་ཁྱབ་མཛད་བླ་མར་གསོལ་བ་འདེབས། །ངེས་འབྱུང་བློས་དྲངས་རབ་བྱུང་བསྙེན་རྫོགས་ཏེ། །ཞི་དུལ་བརྟན་མཁས་བདུད་རྩིའི་བུམ་བཟང་དང༌། །མཁན་སློབ་ལ་འོས་ཆོས་ཀྱིས་ཆེས་མཐོ་བས། །ཉེ་བར་འཁོར་ལྟར་གྲགས་ལ་གསོལ་བ་འདེབས། །རྒྱལ་སྲས་ཉི་ཐང་བ་དང་གཞུང་ལུགས་བརྒྱ། །སྨྲ་མཁས་བྲག་སྒོ་སོགས་བསྟེན་མདོ་སྔགས་ཆོས། །ལམ་གྱི་རིམ་པར་འཕགས་ཡུལ་མ་ཁོལ་དང༌། །སྐུ་ལུས་ཙམ་ལས་དབྱེར་མེད་གསོལ་བ་འདེབས། །རང་དོན་བློ་ཡི་འཁྲི་བ་ཀུན་བཅད་ཅིང༌། །ལྷག་བསམ་བཟང་པོས་བདག་གཞན་བརྗེ་ནུས་པའི། །རྒྱ་ཆེན་ཆོས་དང་ཟབ་མོར་གྲགས་ལྡན་གྱིས། །རིས་མེད་གདུལ་བྱ་བསྐྱངས་ལ་གསོལ་བ་འདེབས། །བཀའ་ཆེན་བཅུ་དང་དབུ་མ་རིགས་ཚོགས་སོགས། །ཐུགས་བཤད་མཛད་ཅིང་ཁྱད་པར་ལམ་རིམ་ཚར། །བཅོ་བརྒྱད་དབུས་དང་ཁམས་དང་ལྷོ་བྲག་ཏུ། །ཐུགས་ནས་འཆད་ལ་ཟླ་མེད་གསོལ་བ་འདེབས། །རྒྱ་ཆེན་གཞུང་བརྒྱ་མཁྱེན་པའི་རལ་བ་གསིག །སྒྲུབ་པའི་མཆེ་བ་སུན་འབྱིན་སྡེར་ཕྲེང་གཡོ། །རྩོད་ངག་སེང་གེའི་ང་རོས་ཕས་རྒོལ་གྱི། །རི་དྭགས་མ་ལུས་འཇིགས་ལ་གསོལ་བ་འདེབས། །མཁས་འདོད་རྒྱུ་སྐར་ནུབ་ཀྱང་མཁྱེན་རབ་ཀྱི། །འོད་སྟོང་འབར་བས་ཆོས་འབྱུང་ཊཱིཀྐ་སོགས། །རྩོམ་པའི་འདབ་བརྒྱ་ཕྱེ་བས་བློ་ལྡན་གྱི། །རྐང་དྲུག་དགའ་བའི་གཏེར་ལ་གསོལ་བ་འདེབས། །བཅུ་ཕྲག་བདུན་དུ་བཤད་སྒྲུབ་རྔ་ཆེན་བསྒྲགས། །ཐུབ་བསྟན་ལེགས་བསྐྱངས་སློབ་མས་འཛིན་མ་ཁྱབ། །གཞན་ཕན་གྲུབ་ནས་བསམ་བཞིན་ཐུབ་པ་ལྟར། །མྱ་ངན་འདའ་བར་མཛད་ལ་གསོལ་བ་འདེབས། །མགོན་ཁྱོད་བསྟོད་པའི་ཚོགས་གཉིས་ཆུ་གཏེར་མཐུས། །ཐེག་ཆེན་འཁོར་ལོ་བཞི་ལྡན་རྟེན་བརྒྱུད་དེ། །རྒྱལ་སྲས་ཀུན་བཟང་སྤྱོད་པའི་གྲུ་ཆེན་གྱིས། །ལུས་ཅན་སྐུ་གསུམ་རིན་ཆེན་གླིང་བགྲོད་ཤོག །ཚུལ་འདིར་འབད་སོགས་མཐོང་ཐོས་བསམ་པ་རྣམས། །རྒྱལ་བ་སྲས་བཅས་མཛད་པ་མ་ལུས་པ། །སྤྱོད་དེ་ངེས་གསང་ཐེག་པས་མཐའ་ཡས་འགྲོ། །སྐུ་བཞིའི་ཕོ་བྲང་མཆོག་ལ་འགོད་གྱུར་ཅིག །བསླུ་མེད་བླ་མ་མཆོག་གསུམ་ཐུགས་རྗེ་དང༌། །རྟེན་འབྱུང་བསླུ་བ་བྲལ་བའི་ནུས་པ་དང༌། །བདག་ཅག་དད་མོས་ལྷག་བསམ་མི་དམན་མཐུས། །ཇི་སྐད་སྨོན་བཞིན་འབྲས་བུ་ཐོབ་པར་ཤོག །ཅེས་ལུང་རིགས་སྨྲ་བའི་དབང་པོ། འདུལ་བ་དང༌། མ་མོ་དང༌། མདོ་སྡེ་འཛིན་པ་ཆེན་པོ་སློབ་དཔོན་རིན་པོ་ཆེ་ལི་ཐང་མཁན་ཆེན་བློ་བཟང་ཆོས་གྲགས་ཀྱི་ཞལ་སྔ་ནས་ལ་བསྟོད་པ་ཚོགས་གཉིས་ཆུ་གཏེར་ཞེས་བྱ་བ་འདི་ནི། དོན་གཉེར་ཅན་དུ་མས་བསྐུལ་བ་དང༌། རང་ཉིད་ཀྱང་བཀའ་དྲིན་དྲན་པའི་ཆེད་དུ་བྱི་བ་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་གི་ཉིན་ྋཤཱཀྱའི་དགེ་སློང་མང་ཐོས་མཉྫུ་གྷོ་ཥ་ཧ་ས་བཛྲ་གྱིས་སུག་བྲིས་སུ་བགྱིས་པ་འདིས་ཀྱང་དུས་ཀུན་ཏུ་བླ་མ་དམ་པ་རྣམས་ཀྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།། །།
༈ ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཙ་སྭ་ར་སྭ་སྟྱཻ། ཟླ་མེད་སྟོན་པ་རྣམ་སད་མཆོད་ཡོན་རྒྱུན། །ཟབ་རྒྱས་རླབས་ཀྱི་ཕྲེང་ལྡན་ས་གསུམ་དུ། །དྲངས་པའི་མཁྱེན་ཀླུང་རལ་པ་གངྒཱའི་བཅུད། །འདྲེན་མཁས་བླ་མ་སྐལ་ལྡན་ཤིང་རྟར་འདུད། །འཇམ་དབྱངས་ཞལ་བཅུད་མདོ་སྔགས་བདུད་རྩིའི་མཚོར། །མཐའ་དྲུག་དྲང་ངེས་ལྷ་ཡི་འདབ་བརྒྱའི་ཚོགས། །རྣམ་དཔྱོད་རྐེད་ཕྲའི་ཆང་གིས་རབ་བཞད་པའི། །རྡོ་རྗེ་འཛིན་པའི་དེད་དཔོན་གསོལ་བ་འདེབས། །བཤེས་གཉེན་འཇམ་དབྱངས་ལྟ་བུ་རབ་བསྟེན་ནས། །ཐུབ་པའི་སྡེ་སྣོད་གསུམ་དང་དེའི་དགོངས་འགྲེལ། །དབུ་ཚད་འདུལ་མངོན་ཕར་ཕྱིན་ཀུན་གྱི་དོན། །བཞད་པའི་མང་ཐོས་མགོན་ལ་གསོལ་བ་འདེབས། །དམ་པའི་ཞབས་བསྟེན་བཀའ་དང་བསྟན་བཅོས་སོགས། །རྒྱ་བོད་གཞུང་ལ་རིགས་པ་བརྒྱ་ཕྲག་གིས། །སོ་སོར་དཔྱད་པའི་འཁྲུལ་མེད་བདུད་རྩིའི་རོས། །ཚིམ་མཛད་བཤེས་གཉེན་མཁས་པར་གསོལ་བ་འདེབས། །ཚིག་སྤྱིའི་རི་དྭགས་སྙེགས་མིན་རྣམ་དཔྱོད་ཀྱི། །ཧ་ནུ་མན་ཐའི་སྤྲེའུ་འཕྲུལ་བསྟེན་ལེགས་བསྒོམ་པས། །དངོས་འཛིན་འབོད་གྲོགས་ཕྲ་རགས་མང་འཆར་མགོ །མཐའ་བྲལ་རལ་གྲིས་བཅད་ལ་གསོལ་བ་འདེབས། །ཤིང་རྟ་ཆེན་པོའི་གཞུང་བཞིན་སེམས་བསྐྱེད་ཅིང༌། །བྱམས་མགོན་ས་སྡེའི་གཞུང་བཞིན་ཕྱིན་དྲུག་སྦྱངས། །བསྡུ་བཞིས་རང་དང་གཞན་དོན་ལྷུར་བླངས་པའི། །གཞན་ཕན་རྒྱ་མཚོའི་བཤེས་ལ་གསོལ་བ་འདེབས། །རྣམ་དག་དབང་གིས་ལེགས་སྨིན་སྐུ་བཞིའི་སྒོར། །དམ་ཚིག་སྡོམ་པའི་རྒྱན་ལྡན་དཔྱད་འཇོག་ངོར། །ང་རྒྱལ་གསལ་སྣང་སྐུ་གསུམ་ལྷ་བརྒྱའི་ཚོགས། །སྤྲོ་བསྡུས་སྣོད་བཅུད་སྦྱངས་ལ་གསོལ་བ་འདེབས། །གཞི་ཡི་སྐུ་གསུམ་རིམ་ལྔའི་རས་རིས་ལ། །ལམ་གྱི་སྐུ་གསུམ་རིམ་ལྔའི་ཚོན་སྤྲས་པས། །འབྲས་བུ་སྐུ་གཉིས་སྐུ་གསུམ་བཞི་དང་ལྔའི། །ཞི་ཁྲོའི་གར་བརྒྱ་མངོན་གྱུར་གསོལ་བ་འདེབས། །བཟླས་བསྒོམ་རིན་ཆེན་ཀ་བ་འབུམ་ལྡན་པའི། །རབ་གནས་སྦྱིན་སྲེག་གཏོར་མ་འཁོར་ལོ་སོགས། །ལས་ཀྱི་རྒྱལ་མཆོག་ནམ་མཁའ་མཛོད་ཀྱི་སྒོ། །འབུམ་ཕྱེ་རྫོགས་ལྡན་དགའ་སྟོན་གསོལ་བ་འདེབས། །གསང་བདེའི་རིམ་ལྔ་སྦྱོར་དྲུག་རྣལ་འབྱོར་བཞི། །ནཱ་རོ་ནི་གུའི་ཆོས་དྲུག་འཕོ་ཁྲིད་དང༌། །བྱིན་རླབས་བཞི་ལྡན་སྙན་བརྒྱུད་རྫོགས་རིམ་ལ། །ལེགས་སྦྱངས་རྒྱུན་དུ་གོམས་ལ་གསོལ་བ་འདེབས། །སྨིན་བྱེད་དབང་དང་ཁྲིད་དང་བཤད་པའི་བཀས། །རང་རང་སྐལ་བ་བཞིན་དུ་སྐལ་ལྡན་རྣམས། །བཤད་སྒྲུབ་སྨིན་གྲོལ་ལམ་ལ་ལེགས་བཀོད་དེ། །དལ་འབྱོར་དོན་ལྡན་མཛད་ལ་གསོལ་བ་འདེབས། །བླ་མ་ལྷར་བཅས་རྣམས་ཀྱི་བྱིན་རླབས་དང༌། །བསྟན་སྲུང་མཐུ་སྟོབས་བདག་ཅག་དད་མོས་མཐུས། །འགྲོ་བའི་ལམ་སྟོན་དགེ་བའི་བཤེས་གཉེན་ཆེ། །ཚེ་དཔག་མེད་བཞིན་བསྐལ་བརྒྱར་ཞབས་བརྟན་ཤོག །ཐུབ་པའི་དབང་པོའི་སྨོན་ལམ་ཐུགས་རྗེ་དང༌། །རྒྱལ་བ་སྲས་བཅས་སྤྱི་དང་དམ་པའི་ཚོགས། །གོང་མ་རྣམས་ཀྱིས་བཞེད་བཞིན་མདོ་སྔགས་ཀྱི། །བཤད་སྒྲུབ་ཕྱོགས་དུས་ཀུན་ཏུ་རྒྱས་གྱུར་ཅིག །ཚུལ་འདི་སྒྲུབ་སོགས་བསྟན་པའི་སྦྱིན་བདག་རྣམས། །སྟོབས་འབྱོར་རིགས་བརྒྱུད་ཐང་གི་རྒྱལ་རབས་བཞིན། །འཕེལ་རྒྱས་ཐུབ་བསྟན་བླ་ནས་བླར་མཆོད་ཅིང༌། །ཕན་བདེའི་རྒྱ་མཚོར་རྟག་ཏུ་སྤྱོད་གྱུར་ཅིག །བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་རླབས་དང༌། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་ནུས་པའི་མཐུས། །ཇི་ལྟར་སྨོན་བཞིན་ལྷུན་གྱིས་གྲུབ་པ་དང༌། །བདེ་སྐྱིད་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །ཅེས་གསོལ་འདེབས་ཀེ་ཏ་ཀའི་ཕྲེང་མཛེས་ཞེས་བྱ་བ་འདི་ནི་རིགས་རུས་སྤྱོད་པ་སོགས་ཕུན་སུམ་ཚོགས་པ་དུ་མའི་རིགས་སུ་གྱུར་པ་གྲོ་ཚང་ནང་སོ་ཚེ་དཔལ་ནོར་བུ་དབང་རྒྱལ་གྱིས་ཉིན་བདེ་དངུལ་གྱི་མཎྜལ་གསེར་ཞོ་དང་བཅས་ཡང་ཡང་བསྐུལ་བའི་ངོ་མ་ལྕོགས་ནས་ཤིང་བྱ་ཟླ་ཚེས་ལ་བྲིས་པ་ཀུན་ལ་དགེ་བར་གྱུར་ཅིག།། །།
༈ ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྒྱལ་བ་སྲས་བཅས་ཇོ་བོ་ཡབ་སྲས་དང༌། །རྒྱལ་བ་གཉིས་པ་ཡབ་སྲས་ལ་སོགས་པའི། །རྩ་བརྒྱུད་བླ་མ་ཡི་དམ་སྲུང་མའི་མཐུས། །ལེགས་སྨོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་སྩོལ། །རྒྱལ་བ་གཉིས་པའི་བསྟན་པ་ཕྱོགས་ཀུན་ཏུ། །དར་རྒྱས་ལེགས་བཤད་འོད་སྣང་འབྱིན་མཛད་པའི། །དམ་པ་ཀུན་དང་ཁྱབ་བདག་དགེ་བའི་བཤེས། །འཇམ་དབྱངས་བཞད་པའི་རྡོར་རྗེར་གསོལ་བ་འདེབས། །ངག་གི་དབང་ཕྱུག་འཇམ་དབྱངས་མི་ཡི་གར། །བློ་བཟང་ལུང་རྟོགས་རྒྱལ་མཚན་ཆེས་མཐོ་ཞིང༌། །བརྩོན་འགྲུས་རིམ་གཉིས་དེ་ཉིད་བཅུ་སོགས་ཀྱི། །བློ་གྲོས་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །མགོན་ཁྱོད་ཐུབ་བསྟན་སྤྱི་དང་ཙོང་ཁ་པའི། །རིང་ལུགས་བསྟན་པ་ཕྱོགས་བཅུར་འཕེལ་རྒྱས་ཕྱིར། །འོག་མིན་ལོངས་སྤྱོད་རྫོགས་པའི་སྐུ་བཞིན་དུ། །གཡོ་མེད་རྡོ་རྗེའི་རང་བཞིན་ཞབས་བརྟན་ཤོག །ལྷ་དང་བླ་མ་སྲུང་མའི་མཐུ་སྟོབས་དང༌། །རྟེན་འབྲེལ་ནུས་མཐུ་བདག་ཅག་དད་མོས་ཀྱིས། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཅིང༌། །བདག་ཅག་བསམ་དོན་ཆོས་བཞིན་འགྲུབ་གྱུར་ཅིག །གནས་སྐབས་སྦྱིན་བདག་སྐྱེས་དགུ་ཀུན་བདེ་ཞིང༌། །ཐོས་བསམ་སྒོམ་དང་ཆོས་སྤྱོད་བཅུར་སྤྱད་དེ། །ཕྱིན་དྲུག་ལམ་གྱིས་རང་གཞན་དོན་གྲུབ་སྟེ། །འགྲོ་ཀུན་བླ་མེད་བྱང་ཆུབ་ལ་འགོད་ཤོག །མཐུ་སྟོབས་རྨད་བྱུང་དཀོན་མཆོག་བྱིན་རླབས་དང༌། །ཡི་དམ་ལྷ་ཚོགས་ཐུགས་རྗེ་ཆོས་སྲུང་མཐུས། །ཇི་ལྟར་སྨོན་བཞིན་སྐྱེ་དགུ་མཐའ་དག་གི །དོན་གཉིས་ལེགས་པར་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་གསོལ་འདེབས་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ་འདི་ཡང༌། བྱང་ཕྱོགས་ཆོས་བཞིན་སྐྱོང་བའི་བསྟན་འཛིན་ཆོས་རྒྱལ་གྱི་གདུང་བརྒྱུད་སའི་ཚངས་པ་བཀྲ་ཤིས་དོན་གྲུབ་ཀྱི་ཏི་ཤྲཱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཛམྦྷ་ལས་འདི་ལྟ་བུ་ཞིག་དགོས་ཞེས་ཡང་ཡང་བསྐུལ་ངོར། སྲོང་བཙན་སྒྲུབ་གནས་ཕ་བོང་ཁར། ྋཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་བྲིས་པ་འདིས་ཀྱང་རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་པར་གྱུར་ཅིག།། །།
༈ བླ་མ་མཆོག་གསུམ་རྒྱལ་བ་སྲས་བཅས་ལ། །རྩེ་གཅིག་མོས་པས་དུས་ཀུན་བདག་ཕྱག་འཚལ། །ཚེ་རབས་མོས་བསྟེན་འཇམ་མགོན་ལྷ་ཚོགས་ལ། །གུས་པས་གསོལ་འདེབས་དངོས་གྲུབ་མ་ལུས་སྩོལ། །གསེར་སྦྱངས་ལྷུན་པོ་བཞིན་དུ་བརྗིད་པའི་སྐུ། །འགྲོ་བློར་གང་འཚམ་མཁའ་ཁྱབ་གསུང་དབྱངས་ཅན། །ཆོས་ཀུན་མཁྱེན་ཀྱང་གཉིས་སྣང་ཞི་བའི་ཐུགས། །རྣམ་འདྲེན་ཤཱཀྱ་སེང་གེར་གསོལ་བ་འདེབས། །རྒྱལ་སྲས་ཆེན་པོ་དྲི་མེད་གྲགས་པའི་ཞབས། །འཇམ་དབྱངས་བཀའ་སྒྲུབ་པཎ་ཆེན་སངས་རྒྱས་བསྐྱངས། །རིགས་པའི་ཉི་མ་ཕྱོགས་གླང་སྙིང་རྗེའི་གཏེར། །སྨྲ་བའི་དབང་ཕྱུག་གསུམ་ལ༌྾། །རྟེན་འབྱུང་མཆོག་རྟོགས་ཟླ་བ་གྲགས་པ་དང༌། །འཇམ་དབྱངས་མངོན་གྱུར་པཎ་ཆེན་ཛེ་ཏཱ་རི། །རྒྱལ་སྲས་ཆེན་པོ་རིན་ཆེན་གསལ་བའི་ཞབས། །མཁས་གྲུབ་ཆེན་པོ་གསུམ་ལ༌྾། །འཇམ་དབྱངས་ཚེ་རབས་འབྲེལ་བའི་དབུ་མ་པ། །ཡབ་སྲས་གསང་བའི་མཛོད་འཛིན་ཞྭ་ལུ་པ། །རྒྱུད་ཟུང་འབྲེལ་བའི་ཆོས་མཛོད་བརྩོན་འགྲུས་འཕགས། །གདམས་པའི་འབྱུང་གནས་གསུམ་ལ྾། །དང་པོའི་སངས་རྒྱས་རྡོ་རྗེ་འཆང་བསྟེན་ནས། །ཟབ་དོན་སྙན་བརྒྱུད་ནོར་བུ་བཞིན་དཀོན་ཆོས། །མཆོག་ཏུ་སྤེལ་མཛད་དཀྱིལ་འཁོར་རྒྱ་མཚོའི་བདག །ཐུབ་བསྟན་སྲོག་ཤིང་འཛིན་ལ྾། །ཡབ་གཅིག་འཇམ་དབྱངས་གྲུབ་བརྙེས་དེ་དག་གི །ལེགས་བཤད་ཉི་མས་ཐུབ་བསྟན་བཅུ་གཉིས་གླིང༌། །གསལ་བར་རྒྱལ་བ་སྲས་བཅས་དགྱེས་བཞད་ཅན། །རྡོ་རྗེ་འཛིན་པའི་ཞབས་ལ྾། མཆོག་གསུམ་མཁས་གྲུབ་དེ་དག་ཐམས་ཅད་ལ། །རྩེ་གཅིག་མོས་པས་མཐོང་ཐོས་དྲན་རེག་གིས། །སྐྱེ་དགུ་འདྲེན་ལ་ཉེ་བའི་སྲས་བརྒྱད་དང༌། །རྒྱལ་རྣམས་འདུས་བཞིན་མྱུར་དུ་འགྲུབ་གྱུར་ཅིག །མཐོ་དམན་འགྲོ་བ་གང་དུ་སྐྱེས་གྱུར་ཀྱང༌། །རྒྱལ་བ་སྲས་བཅས་བྱིན་རླབས་མཐུ་སྟོབས་དང༌། །ལྷག་བསམ་མཁའ་བཞིན་ཁྱབ་པའི་བདེན་སྟོབས་ཀྱིས། །རེ་བཅས་འགྲོ་རྣམས་སྒྲོལ་བའི་མཆོག་གྱུར་ཅིག། །དུས་གསུམ་བསགས་པའི་རང་གཞན་དགེ་ཚོགས་མཐུས། །གར་གནས་ཕྱོགས་དེར་བཤད་སྒྲུབ་བཀྲ་ཤིས་རྒྱས། །དགེ་མཚན་དཀར་བར་གདུལ་བྱས་རྟག་སྤྱོད་དེ། །མྱུར་དུ་སྟོབས་བཅུ་མངའ་བ་ཐོབ་གྱུར་ཅིག །སྐྱེ་བ་ཀུན་ཏུ་རང་གི་འདུན་མོས་བཞིན། །བླ་མ་ཡི་དམ་རྒྱུན་དུ་གཙུག་བསྟེན་ཏེ། །བསྟན་འགྲོའི་དོན་དང་བཤད་སྒྲུབ་ལེགས་བསྒྲུབ་ཅིང༌། །རྒྱལ་བ་གཉིས་པ་ཡབ་སྲས་ལྟར་གྱུར་ཅིག །གསོལ་འདེབས་དབང་གི་རྒྱལ་པོའི་ཕྲེང་མཛེས་འདི། །དགོས་ཞེས་བདེ་ཐང་སྤྲུལ་སྐུའི་བཀའ་ནན་གྱིས། །ཁྱད་འཕགས་རིན་ཆེན་ཚོགས་བཅས་ནན་བསྐུལ་ངོར། །རྔ་ལ་དབྱུ་གུས་བསྐུལ་བཞིན་དབང་མེད་སྨྲས། །འགལ་འཁྲུལ་བླ་མ་ཡི་དམ་མཆོག་གསུམ་ལ། །སྙིང་ནས་བཤགས་སོ་དགེ་བའི་ཀུན་བདེ་ཤོག།། །།
༈ བླ་མ་མཆོག་གསུམ་རྒྱལ་བ་སྲས་བཅས་དང༌། །ཁྱད་པར་སྟོན་པ་མཉམ་མེད་བྱམས་འཇམ་དབྱངས། །འཕགས་པ་ཡབ་སྲས་ཇོ་བོ་ཡབ་སྲས་དང༌། །རྒྱལ་བ་གཉིས་པ་སྲས་བཅས་ལ་ཕྱག་འཚལ། །སྔོན་སྦྱངས་འཇམ་དབྱངས་བསྙེན་པའི་ཤར་རིའི་རྩེར། །ལེགས་སྨོན་ཐུགས་རྗེའི་འོད་སྲུང་བུས་དྲངས་པའི། །རིག་གནས་རིན་ཆེན་ཀུན་སྦྱར་འོད་འབུམ་བཞད། །ཐུབ་བསྟན་བཅུ་གཉིས་བདག་པོར་གསོལ་བ་འདེབས། །འཇམ་དབྱངས་བཞིན་དུ་འཆད་རྩོད་རྩོམ་ལ་མཁས། །ཞི་དུལ་བཙུན་པས་ཉེ་བར་འཁོར་བཞིན་དུ། །བསླབ་གསུམ་པད་ཚལ་བཞད་པའི་འོད་སྟོང་ཅན། །བཤེས་གཉེན་ཉིན་བྱེད་དབང་པོར྾། །གཞོན་ནུའི་སྒོ་ངའི་སྦུབ་རྒྱ་མ་གྲོལ་ཡང༌། །སྒོམ་འདུན་དགོན་འཛིན་འཆང་སོགས་བག་ཆགས་ཤུགས། །མི་དམན་ཀ་ལ་པིང་ཀའི་སྐད་སྙན་པོས། །འགྲོ་མང་ངོ་མཚར་བཀོད་ལ྾། །མདོ་སྔགས་གཞུང་བརྒྱའི་བཅུད་དང་ཁྱད་པར་དུ། །བཱ་ཎ་ཀྲ་མ་ར་ས་ཡུ་ཛིར་གྱི། །སྦྲང་རྩིས་ཚིམ་རྟགས་བཅུ་སོགས་འཇའ་ཚོན་བཞིན། །སྐྱེས་ཐོབ་ཉམས་སྣང་མང་ལ྾། །དམ་པ་མང་པོའི་ཞབས་སེན་དབང་གི་རྒྱལ། །ཅོད་པན་བཅིངས་ཏེ་དབང་ཁྲིད་སྙན་བརྒྱུད་ཀྱི། །རིན་ཆེན་བདུན་ལྡན་ཐུབ་བསྟན་གླིང་བཞི་ཀུན། །ང་ལས་ནུ་བཞིན་སྤྱོད་པར་ཞབས་བརྟན་ཤོག །ཚིག་སྤྱོད་ནེ་ཙོ་རྨོངས་ཡུས་རྡོ་རྗེ་རྣའི། །བརྟུལ་ཞུགས་བཟུང་མིན་ལེགས་བསྒོམ་མཁའ་ལྡིང་ཞོན། །མདོ་སྔགས་ཟབ་རྒྱས་འཇུག་པ་བཅུས་སྙེམས་པ། །ཀུན་ལས་རྣམ་རྒྱལ་བསྐལ་བརྒྱར་ཞབས་བརྟན་ཤོག །སྙིགས་མའི་དུག་གི་ལོ་མས་ཀུན་མྱོས་པར། །རྒྱལ་བ་གཉིས་པ་ཇོ་བོ་ཡབ་སྲས་ཀྱི། །བསྟན་པའི་བདུད་རྩིའི་ཆར་གྱིས་སྐྱེ་དགུའི་རིམས། །ཞི་མཛད་བུམ་བཟང་བསྣམས་པར་རྟག་བཞུགས་གསོལ། །ཁྱོད་ཀྱིས་རྟག་ཏུ་འགྲོ་ཀུན་མར་བསམ་ཏེ། །བསོད་ནམས་བདེན་པ་བདར་བཞིན་ལུས་ཅན་ཀུན། །ཕན་ཚུན་མཐུན་པ་བྱམས་མགོན་ཕེབས་དུས་བཞིན། །དེང་ནས་བཟུང་སྟེ་དུས་ཀུན་སྤྱོད་པར་ཤོག །འགྲོ་རྒྱུད་སྒྲིབ་གཉིས་སྦྱོང་ཕྱིར་རྒྱལ་ཀུན་དང༌། །ཀུན་བཟང་སོགས་ཀྱི་སྨོན་ལམ་ཐུགས་རྗེའི་མཐུས། །ནད་མུག་རིགས་འཁྲུགས་སྙིགས་མུན་ཀུན་ཞི་ནས། །བློ་བཟང་ཆོས་སྲིད་སྣང་བས་ཀུན་ཁྱབ་ཤོག །ཞྭ་སེར་བསྟན་པ་རྨད་བྱུང་རིའི་དབང་པོ། །བསླབ་གསུམ་ཆུ་གཏེར་ལེགས་བྱས་རྦ་རླབས་ཅན། །ཐུབ་བསྟན་གླིང་བཞིའི་དབུས་ན་མངོན་འཕགས་པའི། །ཕན་བདེའི་ཉི་ཟླའི་རྣ་རྒྱན་རྟག་འབར་ཤོག །དུས་གསུམ་སྐྱེ་འཕགས་ཀུན་གྱི་དགེ་ཚོགས་དང༌། །མཆོག་གསུམ་སྲས་བཅས་ནུས་མཐུ་སྨོན་ལམ་གྱིས། །འགྲོ་རྒྱུད་དད་པས་བསྐུལ་ཏེ་ཐོས་བསམ་སྒོམ། །བཤད་སྒྲུབ་གཡེལ་མེད་ཆུ་བོའི་རྒྱུན་བཞིན་ཤོག །འདི་བསྐུལ་འདོན་བྱེད་ཤེར་རིན་གཉིས་སོགས་ཀྱི། །སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྣམ་རྒྱལ་སོགས། །དགོན་གནས་འདེབས་དང་དགེ་འདུན་ཐོས་སྒོམ་འཕེལ། །བསམ་བཞིན་མཆོག་གསུམ་ཆོས་སྲུང་མཐུས་འགྲུབ་ཤོག །བསྟན་འཛིན་རྒྱན་དྲུག་ལྟ་བུའི་མཁས་མང་འདུ། །སྦྱིན་བདག་རིགས་བརྒྱུད་མང་བཀུར་བུ་བཞིན་དར། །སྐྱེ་དགུའི་དད་འདུན་བསོད་ནམས་དབྱར་མཚོ་ལྟར། །དུས་ཀུན་ཕན་ཚུན་འགྲན་བཞིན་འཕེལ་བར་ཤོག །བླ་མ་རྒྱལ་བ་སྲས་བཅས་བྱིན་རླབས་ཀྱིས། །འགྲོ་མགོན་བླ་མ་མཆོག་གི་ཞབས་བརྟན་ཅིང༌། །ལུས་ཅན་ཉིན་དང་མཚན་དུ་བདེ་དགེར་སྤྱོད། །བཤད་སྒྲུབ་ལེགས་ཚོགས་ཀུན་འཕེལ་བཀྲ་ཤིས་ཤོག །ཅེས་གསོལ་འདེབས་བདུད་རྩིའི་བུམ་བཟང་ཞེས་བྱ་བ་འདི་ལྟ་བུ་ཞིག་དགོས་ཞེས་བསྟན་འགྲོའི་དོན་དུ་ལྷག་བསམ་ཤིན་ཏུ་ཆེ་ཞིང། དམ་པའི་སྐྱེ་རབས་ཕྲེང་བར་བྱེད་པའི་བདེ་ཐང་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྣམ་རྒྱལ་གྱིས་དངུལ་བུམ། བཀྲ་ཤིས་ཁ་བཏགས། རྟེན་ཁེབས་ལེགས་པ་དང་བཅས་ཡང་ཡང་བསྐུལ་བ་དང༌། ཆོས་ལ་བག་ཆགས་སད་ཅིང་བསྙེན་སྒྲུབ་ལ་དགའ་བའི་སྔགས་རམ་པ་བློ་བཟང་ཆོས་དབང་གིས་མ་རིག་གཉིད་སངས་གོས་ཁ་ཚན་གྲངས་དང་བཅས་ཏེ། རྣམ་ཐར་གསོལ་འདེབས་གསལ་རྒྱས་དགོས་ཞེས་བསྐུལ་ཞིང༌། སླར་ཡང་ལན་དུ་མར་རྟེན་དང་བཅས་ཏེ་རྒྱུན་དུ་རྣ་བ་ཚ་བར་བསྐུལ་བའི་ངོ་མ་ཆོག་ནས། རང་གི་སྣང་ཚུལ་ཐུན་མོང་ཙམ་སྙན་ངག་ཀྱི་འུད་དང་བཅས་ཏེ། ྋཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་སྒོ་མང་བླ་བྲང་དུ་སུག་བྲིས་བྱས་པ་འདིས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག།། །།
༈ བདེ་གསང་འཇིགས་གསུམ་མི་ཏྲ་བརྒྱ་རྩ་སོགས། །མདོ་དང་སྔགས་ཀྱི་དཀྱིལ་འཁོར་རྒྱ་མཚོའི་བཅུད། །མ་ལུས་འཛིན་མཛད་ཁྱབ་བདག་འཁོར་ལོའི་མགོན། །འཇམ་དབྱངས་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །ཤིང་རྟ་ཆེན་པོ་རྣམས་ཀྱི་བཞེད་གཞུང་ཀུན། །མ་འདྲེས་བདུད་རྩིའི་དགའ་སྟོན་འཆད་རྩོད་རྩོམ། །ཇི་བཞིན་སྩོལ་མཛད་ས་གསུམ་བསྟན་པའི་རྒྱན། །དཔལ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག །བླ་མ་མཆོག་གསུམ་ཡི་དམ་བསྟན་པ་ལ། །ལེགས་མོས་དད་དང་ཐོས་བསམ་སྒོམ་པའི་མཐུས། །བདག་ཅག་འདྲེན་པ་འཇམ་དབྱངས་བཞད་པའི་རྗེ། །མདོ་སྔགས་མང་སྨྲ་རྡོ་རྗེ་ལྟར་བརྟན་ཤོག །དེ་ཡི་མཐུ་ལས་མདོ་སྔགས་ཟབ་རྒྱས་བསྟན། །རྒྱལ་བ་གཉིས་པའི་རིང་ལུགས་གདུགས་དཀར་པོའི། །ཕན་བདེའི་གྲིབ་བསིལ་ལུས་ཅན་ཀུན་ཁྱབ་པའི། །དགའ་སྟོན་གླུ་དབྱངས་འོག་མིན་བར་འགེངས་ཤོག །དགོན་སྡེ་འདི་ཡང་བསླབ་པ་གསུམ་ལྡན་ཞིང༌། །བྱམས་དང་སྙིང་རྗེས་རྒྱུད་གང་མཁས་ཤིང་བཙུན། །གསུང་རབ་དྲང་ངེས་རིགས་པས་ལེགས་རྟོགས་པའི། །ལམ་རིམ་གཉིས་སོགས་ཐུབ་བསྟན་དར་བར་ཤོག །ཐུན་མོང་ལམ་གྱིས་རྒྱུད་སྦྱངས་སྡོམ་གསུམ་ལྡན། །རིམ་གཉིས་རི་དབང་ལྟར་བརྟན་རྣལ་འབྱོར་དང༌། །སྨིན་བྱེད་དབང་དང་གྲོལ་བྱེད་བསྐྱེད་རྫོགས་ཀྱི། །ཉམས་ལྡན་མཁས་གྲུབ་མང་པོས་ས་ཁྱབ་ཤོག །ཁྱད་པར་བཤད་སྒྲུབ་བསྟན་པའི་དཔུང་པ་ཡིས། །ཕྱོགས་རེ་ཙམ་མིན་ཡབ་རྗེའི་དགོངས་པ་བཞིན། །གདན་གཅིག་སྟེང་དུ་མདོ་སྔགས་ཀུན་སྤྱོད་དེ། །ཐུབ་བསྟན་ཆེས་ཆེར་ཕྱོགས་དུས་ཀུན་རྒྱས་ཤོག །བྱང་ཕྱོགས་ཆོས་བཞིན་སྐྱོང་བ་མི་ཡི་རྗེ། །དགའ་ལྡན་ཇུ་ནང་ཡབ་སྲས་དབོན་ས་བཅས། །མང་བཀུར་གོང་མ་ལྔ་བཞིན་སྟོབས་འབྱོར་དང༌། །ཆེས་ཆེར་གོང་འཕེལ་རྡོ་རྗེ་ལྟར་བརྟན་ཤོག །བླ་མ་ལྷར་བཅས་རྣམས་ཀྱི་ཐུགས་རྗེ་དང༌། །ཡི་དམ་བསྟན་སྲུང་རྒྱ་མཚོའི་མཐུ་སྟོབས་དང༌། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་ཡིས། །ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་གྱུར་ཅིག །མཉྫུ་གྷོཥཱ་ཧ་ས་བཛྲ་གྱིས་བྲིས།།
༈ ན་མ་ཨཥྚ་དེ་བ་གུ་རུ་བུད་དྷ་བོ་དྷི་ས་ཏྭ་བྷྱཿ སྐུ་བཞིའི་བདག་ཉིད་སངས་རྒྱས་ཆོས་ཚོགས་དང༌། །བྱིན་རླབས་གཏེར་ཆེན་རྩ་བརྒྱུད་བླ་མའི་ཚོགས། །བདེ་གསང་འཇིགས་གསུམ་ཡི་དམ་མཁའ་འགྲོ་སོགས། །བཀའ་སྲུང་རྒྱ་མཚོས་འདོད་པའི་དོན་ཀུན་སྒྲུབས། །འཇམ་དབྱངས་བླ་མ་རྣམས་ལས་རྒྱ་ཆེན་ཐོས། །མཁས་མང་འདུས་ཁྲོད་ལུང་དང་རིགས་པ་སྦྱངས། །དབེན་པར་མདོ་སྔགས་དོན་རྣམས་ཉམས་སུ་བླངས། །ཐུབ་བསྟན་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །མདོ་སྔགས་ཀུན་ཐོས་བྱང་ཆུབ་ལམ་རིམ་སྦྱངས། །དབུ་ཚད་ཕར་ཕྱིན་ཚིག་དོན་ལེགས་པར་ཆུབ། །ཁྲིད་ཆེན་བརྒྱད་དང་བརྒྱ་བཅས་མན་ངག་གསུམ། །ཞིབ་ཐོས་ལེགས་སྨོན་གྲུབ་ལ་གསོལ་བ་འདེབས། །སྔོན་བསགས་བག་ཆགས་འཇམ་དབྱངས་ཐུགས་རྗེ་ཡིས། །བློ་གྲོས་འབུམ་དུ་བཤད་པས་མདོ་སྔགས་བརྒྱའི། །ཉམས་སྣང་མེ་ལོང་ལྟར་འཆར་བསོད་ནམས་ཚོགས། །སྔོན་བསགས་རྡོ་རྗེ་འཛིན་པར་གསོལ་བ་འདེབས། །བླ་མ་དཀོན་མཆོག་གསུམ་གྱི་བྱིན་རླབས་དང༌། །བདག་སོགས་དགེ་འདུན་འདུས་སྡེའི་དད་མོས་དང༌། །རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པའི་མཐུས། །འཇམ་དབྱངས་བཞད་པའི་རྡོ་རྗེ་ཞབས་བརྟན་ཤོག །མགོན་པོ་ཁྱོད་ལ་བསྟོད་ཅིང་གསོལ་བཏབ་པས། །ཚེ་རབས་ཀུན་ཏུ་དལ་འབྱོར་རྟེན་ཐོབ་ཅིང༌། །ཁྱོད་ཀྱིས་རྗེས་བཟུང་རྒྱལ་བའི་བསྟན་ལ་ཞུགས། །ཐོས་བསམ་སྒོམ་པ་མཐར་ཕྱིན་མྱུར་འགྲུབ་ཤོག །རྩ་བརྒྱུད་བླ་མ་རྣམས་ཀྱི་བྱིན་རླབས་དང༌། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་འཕྲིན་ལས་སྟོབས། །མཐུ་ལྡན་ཆོས་སྲུང་རྣམས་ཀྱི་ནུས་མཐུ་ཡིས། །བཀྲ་ཤིས་ཆོས་འཕེལ་གླིང་འདི་རྒྱས་པར་ཤོག །རྨད་བྱུང་སྲས་བཅས་སོགས། ཞེས་པ་འདི་ཡང་མཛོད་དགེའི་དགོན་པ་བཀྲ་ཤིས་ཆོས་འཕེལ་གླིང་གི་ཏ་འོན་བླ་མ། དགེ་སྐོས་གཉེར་པ་བཅས་ཀྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོར། ྋདགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་བྲིས་པ་ཀུན་ལ་དགེ་བར་གྱུར་ཅིག།། །།
༈ གཞོན་ནུའི་དུས་ནས་སྔོན་སྦྱངས་བག་ཆགས་སད། །དབུས་གཙང་གཉིས་སུ་མདོ་སྔགས་གཞུང་མང་སྦྱངས། །བསྒོམ་པའི་ཉམས་མྱོང་ཟ་ཟའི་སྣང་བ་ཅན། །འཇམ་དབྱངས་བཞད་པའི་རྡོ་རྗེར་གསོལ་བ་འདེབས། །རྡོ་རྗེ་འཆང་འདྲའི་བླ་མ་མང་བསྟེན་ནས། །མདོ་རྒྱུད་གཞུང་ལུགས་ཀུན་ལ་སྒྲོ་འདོགས་བཅད། །ཟབ་རྒྱས་གདམས་པས་རང་གཞན་ཚིམ་མཛད་པ། །རྡོ་རྗེའི་མཚན་ཅན་ཞབས་ལ་གསོལ་བ་འདེབས། །འདི་ཡང་རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེས་གསུངས་སོ། །
༈ རྒྱལ་བའི་ཡབ་གཅིག་འཇམ་དབྱངས་ཙོང་ཁ་པའི། །སྡེ་སྣོད་མ་ལུས་བཞད་པའི་འཆད་རྩོད་རྩོམ། །མཐུ་སྟོབས་ནག་ཕྱོགས་འཇོམས་པའི་རྡོ་རྗེ་ཅན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །འཇམ་དཔལ་དབྱངས་དངོས་རྗེ་བཙུན་ཙོང་ཁ་པའི། །མདོ་སྔགས་བཤད་སྒྲུབ་པད་ཚལ་བཞད་པའི་གཉེན། །ཟབ་རྒྱས་རྒྱ་མཚོའི་བཅུད་འཛིན་བཤེས་གཉེན་མཆོག །རྡོ་རྗེ་འཛིན་པ་བསྐལ་བརྒྱར་ཞབས་བརྟན་ཤོག །ཅེས་པ་འདི་རྗེ་འཇམ་དབྱངས་བཞད་པས་མཛད་པའོ། །
༈ འཇམ་མགོན་ངག་གི་དབང་ཕྱུག་གསུང་ངག་རྒྱུན། །བློ་བཟང་གྲགས་པའི་མདོ་སྔགས་བདུད་རྩིའི་བཅུད། །སྐལ་ལྡན་གདུལ་བྱ་མང་པོར་འདོམས་མཛད་པའི། །བཤེས་གཉེན་དམ་པ་བསྐལ་བརྒྱར་ཞབས་བརྟན་ཤོག །འདི་ཡང་རྗེ་བླ་མ་ཉིད་ཀྱིས་མཛད་པའོ། །
༈ ཁྱབ་བདག་འཇམ་པའི་དབྱངས་སོགས་ལྷག་པའི་ལྷར། །རབ་གྲགས་ཡི་དམ་དུ་མ་ལེགས་བསྙེན་པའི། །འཕྲིན་ལས་རྣམ་བཞིས་བསྟན་འགྲོའི་དོན་མཛད་པའི། །རྡོ་རྗེ་འཛིན་པའི་མཆོག་ལ་གསོལ་བ་འདེབས། །སླར་ཡང་ཕྱི་མར་མགོན་ཁྱོད་ཞལ་མཐོང་ཞིང༌། །དགྱེས་བཞིན་རྗེས་བཟུང་གསུང་གི་བདུད་རྩི་མྱང༌། །དལ་བའི་རྟེན་ལ་སྙིང་པོ་ལེགས་བླངས་ནས། །སངས་རྒྱས་མྱུར་དུ་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་པ་ཡང་ངོ༌། །
༈ ན་མོ་གུ་རུ་མཉྫུ་གྷོ་ཥཱ་སྭ་ར་སྭ་སྟི་སིངྔྷི་བྷྱཿ ཞི་དུལ་ཚུལ་ཁྲིམས་བརྟན་མཁས་གར་མཛད་ཀྱང༌། །མཐུ་སྟོབས་ཉི་མ་འབུམ་དུ་འབར་བའི་གཟིས། །བྱང་ཕྱོགས་རྒྱུད་ཀྱི་གདོན་བགེགས་མུན་འཇོམས་པའི། །ཁྱབ་བདག་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །འཁོར་ལོ་སྡོམ་པ་ཧེ་རུ་ཀ་དཔལ་གྱི། །རིམ་གཉིས་མཐོན་པོའི་སྒྱུ་འཕྲུལ་ལ་བརྟེན་ནས། །གནས་གསུམ་ཌཱ་ཀི་ཆོས་སྐྱོང་སྤྲིན་བཞིན་དུ། །སྡུད་མཛད་བསོད་ནམས་རྒྱལ་མཚན྾། །ཁ་ཆེར་ཚེ་སྔོན་དགེ་བའི་བཤེས་རྙེད་པས། །གསང་སྔགས་སྒོར་ཞུགས་དབང་བཞིའི་ས་བོན་གྱིས། །རིམ་གཉིས་མཆོག་གྲུབ་རིན་ཆེན་སྙེ་མས་དུད། །མཁས་གྲུབ་བློ་གྲོས་སྦས་པར྾། །ཚོགས་གཉིས་རིན་ཆེན་སྣོད་དུ་ལེགས་སྨོན་གྱི། །ངེས་གསང་རྒྱ་མཚོའི་རྦ་རླབས་ཆལ་ཆིལ་གཡོ། །རྣམ་མང་སྐྱེ་བོའི་གདུང་བ་འཕྲོག་མཛད་པ། །མཁས་མཆོག་ཚོགས་གཉིས་རྒྱ་མཚོར྾། །བློ་གྲོས་གཏེར་མཛོད་རྒྱལ་བ་གཉིས་པའི་བསྟན། །ལུང་རྟོགས་གསེར་སྦྱངས་འཁོར་ལོས་བྱང་ཕྱོགས་ཀྱི། །རིགས་འབྱོར་གནམ་བསྐོས་དྲེགས་ལྡན་མཐའ་དག་གི །གཙུག་རྒྱན་བློ་གྲོས་རྒྱ་མཚོར྾། །རྒྱལ་ཀུན་སྤྱི་གཟུགས་བློ་བཟང་གྲགས་བསྟན་གྱི། །མདོ་སྔགས་ཚོན་བརྒྱ་བཀྲ་བའི་ལྷབ་ལྷུབ་ཅན། །བཤད་སྒྲུབ་རྒྱལ་མཚན་ས་གསུམ་སྒྲེངས་མཛད་པའི། །ཡབ་གཅིག་ཆོས་ཀྱི་རྒྱལ་པོར༌྾། །མགོན་ཁྱོད་ངེས་པ་ལྔ་ལྡན་གཟུགས་སྐུ་བཞིན། །ངག་གི་དབང་ཕྱུག་བློ་བཟང་རིང་ལུགས་ཀྱི། །མདོ་སྔགས་བསྟན་པའི་རྒྱལ་མཚན་ལེགས་བཟུང་སླད། །རྡོ་རྗེའི་ཁྲི་ལ་བསྐལ་བརྒྱར་ཞབས་བརྟན་ཤོག །མཁའ་ཁྱབ་མ་རྣམས་འགྲོ་ལ་རྗེས་བརྩེ་དང༌། །སྔོན་གྱི་ལེགས་སྨོན་མཐུ་དང་དད་ལྡན་གྱི། །ཁྲིམས་ལྡན་འདུས་སྡེས་བདེན་ཚིག་གླུར་བླངས་པས། །ཕན་བདེའི་གསོས་སུ་བསྐལ་བརྒྱར་ཞབས་བརྟན་ཤོག །བསླུ་མེད་མཆོག་གསུམ་འཇིགས་མཛད་བདེ་མཆོག་དང༌། །མྱུར་མཛད་མགོན་པོ་དམ་ཅན་ཆོས་ཀྱི་རྒྱལ། །བསྟན་སྲུང་རྣམས་ཀྱིས་མགོན་ཁྱོད་བསྐལ་བརྒྱའི་བར། །ཞབས་བརྟན་འཕྲིན་ལས་ཡོངས་ཁྱབ་སྒྲུབ་གྱུར་ཅིག །ཅེས་དཔལ་གསང་བའི་བདག་པོའི་རྣམ་འཕྲུལ་དགེ་བཤེས་སྤྱན་སྔ་བ་ཚུལ་ཁྲིམས་འབར། མཆོག་གི་དངོས་གྲུབ་བརྙེས་པ་འདུལ་འཛིན་བློ་གྲོས་སྦས་པ་སོགས་དམ་པའི་སྐྱེ་རབས་ཀྱི་ཕྲེང་བ་རིམ་པ་ལྟར་ཕེབས་པ་བྱང་ཕྱོགས་བསྟན་པའི་མངའ་བདག་ལ་མོ་ཞབས་དྲུང་གི་སྤྲུལ་སྐུ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་འཁྲུངས་རབས་གསོལ་འདེབས་ནོར་བུའི་ཕྲེང་མཛེས་འདོད་པ་ཀུན་སྟེར་ཞེས་པ་འདི་ནི་ཉིད་ཀྱི་ཕྱག་གཡོག་གསོ་རིག་སྨྲ་བའི་དབང་པོ་ངག་དབང་ཚུལ་ཁྲིམས་ཀྱིས་བསྐུལ་ཞིང་རང་གིས་ཀྱང་དད་པས་ཉེ་བར་བསྐུལ་ཏེ། རྗེ་དེ་ཉིད་ལ་དད་པའི་མང་ཐོས་སྤོང་བ་པ། ྋཤཱཀྱའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་བླ་བྲང་དུ་བྲིས་པ་འདིས་ཀྱང་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་བཀྲ་ཤིས་ཤིང་དགེ་མཚན་སྒོ་ཐམས་ཅད་དུ་རྒྱས་པར་གྱུར་ཅིག།། །།
༈ རྗེ་རིན་ཆེན་ཆོས་བཟང་.....རྭ་ཆེན་རྡོ་རྗེའི་མཚན་ཅན་དུས་ཀྱི་མཐར། །རང་གིས་ལྷག་པའི་ལྷ་དེ་སྒྲུབ་པའི་སླད། །སླར་ཡང་བོད་འདིར་དགེ་སློང་ཚུལ་འཛིན་པ། །དཔལ་ལྡན་བླ་མ་དེ་ལ་སྙིང་ནས་འདུད། །རྗེ་ཉིད་ཀྱིས་གསུངས་སོ། །
༈ འཇམ་དབྱངས་ངག་གི་དབང་ཕྱུག་ཙོང་ཁ་པའི། །བསྟན་པ་འཛིན་པའི་རྩེར་སོན་ཕན་བདེའི་གཉེན། །འཕྲིན་ལས་ལྷུན་གྲུབ་མདོ་སྔགས་ཆུ་སྐྱེས་ཚལ། །སྐྱེད་མཛད་སྤྲུལ་པའི་ཉིན་བྱེད་དེ་ལ་འདུད། །ཅེས་པའང་ངོ༌། །
༈ རྩ་བརྒྱུད་བླ་མ་སངས་རྒྱས་བྱང་སེམས་དང༌། །ཡི་དམ་ཆོས་སྐྱོང་སྤྱི་དང་ཁྱད་པར་དུ། །འཇིག་རྟེན་མགོན་པོ་སྤྱན་རས་གཟིགས་དབང་མཐུས། །ཡོངས་འཛིན་བཤེས་གཉེན་ཤེས་རབ་བཀྲ་ཤིས་ཀྱི། །སྤྲུལ་པའི་སྐུ་མཆོག་ཐུབ་བསྟན་མ་ལུས་པ། །གསལ་བྱེད་ཉི་མ་གཉིས་པ་ལྟ་བུ་ཡི། །སྤྲུལ་སྐུ་འཁྲུལ་མེད་རྩོད་བྲལ་མྱུར་འབྱོན་ཤོག །བདག་ཅག་དད་དང་འདུན་མོས་དམ་ཚིག་དང༌། །བསླབ་གསུམ་རིམ་གཉིས་ལ་བརྩོན་དགེ་སྟོབས་ཀྱིས། །སྤྲུལ་པའི་སྐུ་མཆོག་རབ་གསལ་མྱུར་འབྱོན་ཤོག །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང༌། །ཞེས་སོགས་བྱ། ཞེས་པ་འདི་ཡང་ཡོངས་ཀྱི་བཤེས་གཉེན་ཆེན་པོ་སྟིས་ཚང་མ་ཎི་པའི་སྤྲུལ་སྐུ་མྱུར་འབྱོན་ཆེད་དུ་འཇམ་དབྱངས་བཞད་པའི་རྡོ་རྗེས་བྲིས།།


previousགསུང་ཐོར་བུ་ལས་བླ་མའི་གསོལ་འདེབས།next