Nitartha Digital Library
Tibetan
ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
སྙན་ངག་གི་བསྟན་བཅོས་དབྱངས་ཅན་ཞལ་ལུང་།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྙན་ངག་གི་བསྟན་བཅོས་དབྱངས་ཅན་ཞལ་ལུང་།next

སྙན་ངག་གི་བསྟན་བཅོས་དབྱངས་ཅན་ཞལ་ལུང་།

ཀབིརྐཤཀརསྱཤསྟྲསྶྦརསྭསྟིམུཁསྱཱགམལཀྵསྱསུརྱཔྲབྷཱིནཱམབིཧརཏིསྨ།
སྙན་ངག་གསལ་བར་བྱེད་པའི་བསྟན་བཅོས་དབྱངས་ཅན་ཞལ་ལུང་ཉི་མ་འབུམ་གྱི་འོད་ཅན་ཞེས་བྱ་བ་བཞུགས་སོ། །
མཁྱེན་རབ་མ་ལུས་འདུས་པའི་གཟུགས་སྐུའི་མཛེས་སྡུག་རྒྱ་མཚོ་རྫོགས། །ཟབ་བརླིང་ཡངས་ལྡན་གསུང་དབྱངས་རེས་ཀྱང་ཞིང་ཁམས་རབ་འབྱམས་འགེངས། །རྣམ་མེད་བདེ་ཆེན་ཐུགས་ཀྱི་གཏིང་ནི་ཆོས་རྣམས་ཀྱིས་མི་རྫོགས། །རྒྱལ་ཀུན་ཡབ་གཅིག་ལྷ་ཀྱཻ་དཔྱོད་ལྡན་སྨྲ་བ་མཆོག་གྲུབ་མཛོད། །གང་ཞིག་དྲན་པ་ཡིས་ཀྱང་མགྲིན་པའི་སྒྲོག་གྲོལ་གསུང་དབང་མྱུར་དུ་སྩོལ། །སྐལ་ལྡན་མགྲིན་པར་སྙན་ཚིག་ཕྲེང་མཛེས་ཟླ་མེད་སྤེལ་ལ་ཀུན་ཏུ་དགྱེས། །གང་འཚམ་ཞི་དང་དྲག་པོའི་རྣམ་པར་རོལ་སྟོན་ཡེ་ཤེས་སྒྱུ་འཕྲུལ་མས། །མགྲིན་པའི་འོ་མཚོར་འཇོ་སྒེག་གར་སྟབས་སྒྱུར་ཅིག་ཆུ་གཏེར་གྱེན་འཐོར་བཞིན། །ཕུལ་བྱུང་ཚུལ་འདིའི་ཚིག་སྦྱོར་རྨད་བྱུང་གིས། །ཀུན་དགའི་རྒྱ་མཚོ་འཛིན་མཁས་དཔའ་བོ་དང༌། །འཛིན་མའི་ཚངས་པ་དགེ་བའི་དབང་པོའི་ཞབས། །དབྱངས་ཅན་སྲས་པོ་དཎྜི་ཨེ་མ་བསྔགས། །ཆོས་འདི་བསྒྱུར་བཤད་རྣམ་དཀར་གཟི་འོད་ཀྱིས། །གངས་ལྡན་ཁྱོན་ཡངས་འགེང་མཛད་སའི་ཉི་ཟླ། །ཤོང་དབང་ཡབ་སྲས་ལོ་ཆེན་ནམ་བཟང་ཞབས། །བརྒྱུད་བཅས་རིས་མེད་ཐུབ་བསྟན་བདུད་རྩིའི་གཏེར། །རྨད་བྱུང་རྒྱལ་ཀུན་འཕྲིན་ལས་གཟུགས་ཅན་བཞིན་དང་མཐའ་བྲལ་བློ༵་གྲོས་ཀུན། །ངེས་པར་མཁས་བཙུན་བཟ༵ང་པོའི་གཟུགས་སུ་རྣམ་པར་རོལ་བའི་གསང་བ་གསུམ། །ཀུན་གསལ་ཞགས་པས་འཁྱུད་མིན་གྲ༵གས་སྙན་དཀར་པོས་ཕྱོགས་ཀུན་ནམ་མཁའི་དབྱིངས། །ཁྱབ་མཛད་རྒྱལ་བ་གཉིས་པ༵འི་ཞབས་སེན་དབང་རྒྱལ་སྤྱི་བོར་མཆོད་ལ་སྤྲོ། །ཡོངས་རྫོགས་རྒྱལ་བསྟན་གསེར་གྱི་ཤིང་རྟ་ཆེ། །རྣམ་དཔྱོད་དཔུང་བས་རབ་དྲངས་ལམ་སྲོལ་ཆེ། །སྐྱོང་མཛད་ཀུན་མཁྱེན་མཁས་གྲུབ་ཡབ་སྲས་སོགས། །ཐུབ་བསྟན་སྲོག་ཤིང་དེ་དག་ལ་ཕྱག་འཚལ། །གངས་ཅན་ལྗོངས་ལ་རྒྱལ་བའི་ཉིན་བྱེད་བདུན། །འབྱུང་བར་ལུང་བསྟན་ཇི་བཞིན་རིམ་བྱོན་རྗེ། །དབྱངས་ཅན་བཞད་དང་བསོད་ནམས་ཆུ་གཏེར་ཆེ། །མཐུ་སྟོབས་ཡོན་ཏན་གཏེར་ཆེན་རྣམས་ལ་འདུད། །དུས་གསུམ་རྣམ་འདྲེན་ཀུན་གྱི་ཐུགས་རྗེ་གཅིག་གྱུར་ངག༵་གི་དབ༵ང་ཕྱུག་གང་དེ་ཉིད། །ངུར་སྨྲིག་རོལ་བས་བློ༵་བཟ༵ང་རྒྱལ་བ་གཉིས་པའི་ཆོས་སྲིད་གདུགས་དཀར་གྲིབ་བསིལ་ཆེར། །གནས་ལྔ་འོད་གཟི་བཀྲ་བས་འཛིན་མར་ཁྱབ་བྱས་རྫོགས་ལྡན་དགའ་སྟོན་གསར་བ་ལ། །ཞིང་ཁམས་རྒྱ༵་མཚོ༵འི་རྒྱལ་ཀུན་དགྱེས་ལྡན་བསྔགས་པའི་རྗེ་བཙུན་ཁྱོད་ལ་སྙིང་ནས་གུས། །ཐུགས་རྗེའི་ཆ་ནི་ཕྱག་ན་པདྨ་འཛིན། །མཁྱེན་པའི་ཐིག་པ་འཇམ་དབྱངས་གཞོན་ནུར་གྱུར། །མཐུ་ནུས་གསང་བདག་ལ་འགྲན་རིགས་བརྒྱའི་བདག །ཟླ་མེད་ཡོངས་རྫོགས་བཤེས་གཉེན་རྣམས་ལ་འདུད། །རྒྱུ་སྐར་དབུས་ན་བདུད་རྩི་སྦྱིན་རྒྱས་བཞིན། །ཀུན་ལ་མ་རྨོངས་འཆད་རྩོད་རྩོམ་པ་ཡིས། །རབ་འབྱམས་མཁས་མང་དབུས་ན་ལྷམ་མེ་བ། །པཎ་ཆེན་མ་ཏི་རྣམ་བཞི་རྒྱལ་གྱུར་ཅིག །གང་ཞིག་བློ་ལྡན་མང་དུ་འདུས་པའི་ཚེ། །མཁས་དང་རྨོངས་པའི་ཁྱད་འབྱེད་གཏན་ཚིགས་དང༌། །སྒྲ་རིག་འཁོར་བཅས་ཡིན་ནོ་ཁྱད་པར་དུ། །མཁས་པའི་ཞལ་མཛེས་སྙན་ངག་ཁོ་ན་ཡིན། །བསྟན་བཅོས་འདི་ལ་མཁས་རྨོངས་མང་དག་གིས། །འགྲེལ་པ་དཔེར་བརྗོད་དྲི་ཅན་མང་མོད་ཀྱང༌། །ཚིག་ཉུང་དོན་རྫོགས་དཀའ་འགྲེལ་དབྱངས་ཅན་གླུ། །དེ་རྗེས་འབྲང་རྣམས་གསལ་བྱེད་བདག་སྤྲོ་འདོད། །གང་དག་གཞན་གྱི་བསྟན་པ་སྟོན་པ་དང༌། །སྒྲུབ་བྱེད་གཏན་ཚིགས་མ་ལུས་གཙོར་བཀག་པའི། །མདོ་འགྲེལ་ཐུན་མོང་ཡིན་ན་ལུགས་དེ་སུན། །འབྱིན་བྱེད་དེའི་ཡིན་མ་སྨྱོས་སུ་ཞིག་སྨྲ། །དེ་ཕྱིར་དེ་རྗེས་འབྲང་རྣམས་རྩ་བ་ཡིས། །བཏང་བའི་ཡལ་ག་དག་ལ་སྡོད་པར་རློམ། །
༈ ལུས་ནི་འདོད་པའི་དོན་ཅན་ཚིག་གིས་ཕྲེང༌། །དབྱེ་ན་བཅད་ལྷུག་སྤེལ་མ་རྣམ་གསུམ་འདོད། །ཚིགས་བཅད་ལས་གཞན་རྒྱུན་ཆགས་མེད་པའི་ཕྱིར། །རྒྱུན་ཆགས་ཟུར་དུ་འབྱེད་པ་ཤིན་ཏུ་འཁྲུལ། །རྒྱུན་ཆགས་མ་བཅད་སྡེབ་སྦྱོར་བཞིན་ཡིན་ན། །རྐང་པས་གཅོད་དགོས་རང་གི་ཚིག་དང་འགལ། །གང་ཡང་རྐང་པས་མ་བཅད་ལྷུག་པ་ལ། །སྡེབ་སྦྱོར་པྲཱསྟཱ་མི་འབྱུང་ཚིགས་བཅད་ལ། །རྐང་བཞི་མི་དགོས་མངོན་པས་རྒྱས་འགེབ་པ། །ཞྭ་དཔེ་ལྷམ་ལ་འགེབ་པ་ཁོ་ནར་ཟད། །སྙན་ངག་ཚིག་བཅད་རྐང་པ་བཞི་ལྡན་དེ། །དབྱེ་ན་སྡེབ་སྦྱོར་སྒོ་ནས་བྲི་ཛ་གཉིས། །རིགས་ཀྱི་སྒོ་ནས་གྲོལ་རིགས་མཛོད་འདུས་བཞི། །དང་པོ་རབ་གཅེས་སྤྲོས་པ་གཞན་དུ་ཚོལ། །གྲོལ་པ་ཤོལ་ཀ་གཅིག་གིས་དོན་རྫོགས་སྟོན། །ཡུལ་གཅིག་ཤོལ་ཀ་དུ་མས་རབ་བླངས་ནས། །བྱ་ཚོགས་གཅིག་གིས་ཐམས་ཅད་སྟོན་ནུས་རིགས། །གཅོད་མཚམས་སྣ་ཚོགས་ངོས་ནས་ཤོལ་ཀ་དང༌། །བྱ་ཚིག་ངེས་མེད་བརྗོད་བྱས་ཕྱུག་པ་མཛོད། །དོན་གཅིག་ཤོལ་ཀ་བྱ་ཚིག་དུ་མ་ཅན། །འདུས་པའོ་སརྒས་བཅིངས་པ་ཆ་ཤས་འདོད། །ཤིས་སོགས་སྒོ་དང་སྡེ་བཞི་སོགས་ཀྱི་སྲོག །ཉམས་དང་འགྱུར་བ་རྒྱན་རྣམས་དག་གིས་སྤྲས། །སརྒ་ལྡན་དང་དེ་མཐའ་ཐ་དད་ལྡན། །སྙན་ངག་ཆེ་བའི་མཚན་ཉིད་དེར་འཇུག་སྒོ། །ཤིས་བརྗོད་ཕྱག་བྱ་དངོས་པོ་ངེས་བསྟན་གསུམ། །ཤིས་བརྗོད་ཡུལ་ལ་སྲུངས་སོགས་ཤིས་པར་སྨོན། །ཕྱག་བྱ་འདུད་གུས་བསྔགས་སོགས་ལྡན་པའི་ངག །གཞུང་དེའི་བརྗོད་བྱའི་ལུས་ཀྱི་ཆ་བསྡུས་ནས། །སྟོན་པ་གང་དེ་དངོས་པོ་ངེས་པར་བསྟན། །སྔོན་བྱུང་གཏམ་དང་སྡེ་བཞི་ལ་སོགས་པ། །བརྗོད་བྱའི་དོན་ནི་སྲོག་ཡིན་དེ་ཡི་ཕྱིར། །ལུས་ལ་ཚིག་དོན་གཉིས་སུ་འབྱེད་རྣམས་འཁྲུལ། །བརྗོད་བྱ་སྲོག་དང་བཅད་ལྷུག་སྤེལ་མ་ལུས། །སྒྲ་དོན་གབ་ཚིག་མཛེས་པར་བྱེད་པའི་རྒྱན། །སྨྲ་འདི་ཁྱད་འཕགས་ལེགས་བཤད་ཡིན་པར་སེམས། །
༈ ཡུལ་བསྔགས་གཞན་ལས་རྒྱལ་ཞེས་བྷཱ་མ་ཧ། །གཞན་བསྔགས་དེ་ལས་ལྷག་བསྔགས་དབྱུག་པ་ཅན། །
༈ རྐང་མེད་ཚིག་རྒྱུན་ལྷུག་པའི་མཚན་ཉིད་དེ། །མིང་གིས་དབྱེ་ན་བརྗོད་པ་གཏམ་གཉིས་འདོད། །དོན་གྱི་དབྱེ་བ་བྷཱ་མ་ཧས་བཞེད་ཀྱང༌། །དབྱངས་ཅན་མགྲིན་པར་རོལ་བས་དཎྜིས་བཀག
༈ ཚིགས་བཅད་ལྷུག་པ་སྤེལ་ལེགས་སྤེལ་མར་འདོད། །དབྱེ་ན་བཅད་ལྷུག་སྤེལ་ཅིང་ཀུན་དགའ་སོགས། །སྐད་རིགས་བཞི་འདུས་ཟློས་གར་དེ་དང་ནི། །གཅིག་བརྟེན་བཅད་ལྷུག་སྤེལ་བའི་ཙམྦུ་གཉིས། །
༈ སྙན་ངག་ཚིགས་བཅད་ལྷུག་པ་སྤེལ་མའི་ལུས། །དེ་དག་ལེགས་སྦྱར་རང་བཞིན་ཟུར་ཆགས་དང༌། །འདྲེས་པ་བཞི་རུ་སྔོན་གྱི་མཁས་པས་སྦྱར། །བྱིངས་ཙམ་མིང་ཙམ་རྟགས་ལ་ཀྲིཏ་རྐྱེན་དང༌། །ཀུན་བཤད་ཏིང་དང་སུབ་ཀྱིས་བསྒྲུབ་པ་ཡི། །མིང་དང་ཚིག་ངག་སྐད་མཆོག་ལེགས་སྦྱར་འདོད། །རང་བཞིན་ལེགས་སྦྱར་དེ་ལས་སྐྱེས་པའི་སྐད། །ཡུལ་འཁོར་ཆེ་བརྟེན་སྐད་ཀྱང་དེ་ཡི་མཆོག །ཕྱུགས་རྫི་སོགས་ཚིག་སྙན་ངག་ལ་ཟུར་ཆག །ཀ་ཙན་སོགས་ལས་ལེགས་སྦྱར་ལས་གཞན་འདོད། །ལེགས་སྦྱར་རང་བཞིན་ཟུར་ཆག་གསུམ་འདྲེས་པའི། །ངག་གི་རང་བཞིན་དེ་འདྲ་འདྲེས་མར་བཤད། །སྔོན་བྱུང་གཏམ་སོགས་དེ་བཞི་གང་རུང་ངམ། །གཉིས་སམ་གསུམ་མམ་ཐམས་ཅད་འདྲེས་པ་དང༌། །ལེགས་སྦྱར་འབའ་ཞིག་གིས་ཀྱང་བཅིངས་པ་ཡོད། །སྙན་ངག་དག་ལ་ཉེར་མཁོ་བའི། །ལུས་སྲོག་སྒོ་དང་རྩོམ་ཚུལ་གྱི། །གཅེས་བསྡུས་འཁྲུལ་སྤང་བླ་མའི་གསུང༌། །ཉི་མ་གསར་བ་སླར་ཡང་བཞིན། །སྙན་ངག་གི་ལུས་སོགས་ཀྱི་རབ་ཏུ་བྱེད་པ་སྟེ་དང་པོའོ། །
༈ ཟླ་རྒྱས་ཞལ་ལ་ཨུཏྤལ་སྔོན་པོའི་སྤྱན། །བིམ་པའི་མཆུ་སྒྲོས་འཛུམ་པའི་སྐུའི་དཀྱིལ་འཁོར། །མཛེས་ཟླ་སྲིད་ཞིར་མ་རྙེད་རང་ཉིད་དཔེར། །སྟོན་མཛད་དབང་མོས་ངག་གི་མཆོག་སྦྱིན་མཛོད། །སྒེག་རོལ་སྟབས་སོགས་ལྟ་བྱའི་དོན་ཡིན་ལ། །རྒྱུད་མང་གླུ་སོགས་མཉན་བྱའི་དོན་ལྡན་གྱི། །ཉམས་ལས་གཉིས་སྦྱོར་དོན་ཉམས་ཀུན་ལ་གཅེས། །ལྷོ་ཤར་ཐུན་མོང་མིན་པའི་ལམ་དབྱེ་ན། །སྦྱར་བ་རབ་དྭངས་མཉམ་ཉིད་སྙན་དང་གཞོན། །དོན་གསལ་རྒྱ་ཆེ་བརྗིད་མཛེས་ཏིང་འཛིན་བཅུ། །ལྷོ་བའི་ལམ་སྲོག་ཕལ་ཆེར་བཟློག་པ་ནི། །ཤར་བའི་ལུགས་ཡིན་འདི་དག་གསལ་བར་དབྱེ། །སྡེ་ལྔའི་ཟླ་རྩེ་མདའ་དང་མཐར་གནས་ཀྱི། །སྲོག་ཆུང་བྲལ་དེ་སྡེ་ལྔའི་མིག་ཆུ་བོ། །དྲོ་བ་ཀྵ་རྣམས་མང་འདུས་ལས་གྲུབ་ལྕི། །སྦྱར་བའི་མཚན་ཉིད་བེ་དརྦྷ་ཡི་ལུགས། །འདིར་སྲོག་ཆེ་སྦྱར་གཉིས་པར་སྒྲ་དོན་སྦྱར། །འདིར་ནི་སྦྱོར་ལྕི་སྡེབ་སྦྱོར་ཡི་གེ་ལྕི། །སྲོག་ཆུང་མང་འདུས་སྦྱོར་བ་ལྷོད་པར་བཅས། །ཡིག་བསྐོར་རྗེས་སུ་འཁྲིག་བཅས་ཤར་བ་འདོད། །
༈ གྲོང་པའི་ནུས་བྲལ་འཇིག་རྟེན་གྲགས་དོན་ལྡན། །རབ་དྭངས་རྒྱན་ཏེ་ལྷོ་བའི་མཁས་རྣམས་གསོས། །ཤར་བའི་ངེས་ཚིག་ཡོང་ཕྱིར་གྲགས་མིནའང་སྦྱོར། །
༈ ཕྱེད་ལ་སྲོག་ཆུང་འཇམ་དང་ཕྱེད་ལ་སྲོག །ཆེ་དང་རྩུབ་ལྡན་འཇམ་རྩུབ་མཉམ་པའི་ཕྱིར། །མཉམ་པའི་རྒྱན་ཏེ་བྷེ་དརྦྷ་ཡི་ལུགས། །གཅིག་ལ་སྲོག་ཆེ་རྐང་པ་གཞན་གསུམ་ལ། །འཇམ་ལྡན་མི་མཉམ་འདི་འདྲ་ཤར་པས་སྦྱོར། །
༈ ཚིག་གི་ཉམས་ཆེ་དོན་ཡང་ཉམས་ཁྱད་ཅན། །མཁས་པ་དགའ་བྱེད་སྙན་པའི་མཚན་ཉིད་འདོད། ཡིག་ཚིག་གང་ལ་སྔ་ཕྱིའི་གཟུགས་དང་གནས། །ཕྱི་མོ་བརྩེགས་མཚུངས་ཉེར་གནས་རྗེས་ཁྲིད་ལྡན། །སྒྲ་ཡི་ཉམས་ལྡན་སྙན་པར་ལྷོ་བ་བཞེད། །ཚིགས་བཅད་རྐང་དང་བཅད་ལྷུག་གཉིས་ལ་ཡང༌། །ཚིག་ལ་དབྱངས་ངེས་མེད་ཀྱང་གསལ་བྱེད་གཅིག །ཡང་ཡང་བསྐོར་དང་སྔ་ཕྱི་ཆེར་མི་རིང༌། །རྗེས་ཁྲིད་སྒྲ་ཉམས་སྙན་པ་གཽ་ཌའི་ལུགས། །དབྱེ་ན་རྐང་པར་བསྐོར་དང་ཚིག་ལ་བསྐོར། །རིང་ཐོས་ཤར་པ་ཁོ་ནའི་རྗེས་ཁྲིད་བཞི། །ཡི་གེ་གཅིག་སོགས་རྐང་པའི་ཐོག་ལྟ་བུར། །ཡང་ཡང་བསྐོར་པར་རྐང་པར་བསྐོར་བ་སྟེ། །གསུམ་པར་ཡི་གེ་ཚོགས་དགོས་མཐའ་བརྟེན་སོགས། །གཟུགས་གཅིག་རྐང་པ་སྔ་མ་ཇི་བཞིན་དགོས། །རྗེས་ཁྲིད་ཡིག་རྐྱང་བ་དང་དབྱངས་ངེས་མེད། །མཐའ་རྟེན་སོགས་ངེས་མེད་པའི་ཁྱད་པར་གཅེས། །རྐང་པ་རྐང་པར་ཡི་གེ་གཞན་དང་གཞན། །རིང་མིན་ཡང་ཡང་བསྐོར་བ་ཚིག་ལ་བསྐོར། །ཡི་གེ་བསྐོར་བ་བར་དུ་ཡི་གེ་དག །དགུ་སོགས་མང་པོས་ཆོད་གང་རིང་པར་བསྐོར། །སྦྱོར་བ་རྩུབ་མང་བརྗོད་དཀའི་རྗེས་སུ་ཁྲིད། །ཤར་པ་ཁོ་ནའི་འདོད་དེ་ལྷོད་ཀྱང་སྦྱོར། །རྗེས་ཁྲིད་དེ་འདྲ་བེ་དརྦྷ་མི་འདོད། །ཐུན་མོང་དེ་མིན་ཀུན་ལ་དོན་ཉམས་གཅེས། །གླང་རྫི་སོགས་ལ་གྲགས་དོན་དེའི་ངག་སྨྲས། །གྲོང་པའི་དོན་ལྡན་སྐྱོན་ཆེ་དེ་སྤོང་ན། །ཀུན་དང་ཐུན་མོང་མིན་པའི་ཚིག་སྦྱོར་གྱིས། །སྙན་ངག་ལམ་དུ་ལེན་པ་དེ་ཡི་སྨན། །གཅོད་མཚམས་ལེགས་གམ་མིང་དེ་ཐུན་མོང་པའི། །གྲོང་པའི་དོན་སྟོན་སྒྲ་ཡི་གྲོང་པའང་སྐྱོན། །མིང་དེ་གཞན་ལ་འཇུག་རུང་ཡིན་ཀྱང་དེར། །སྐབས་ཀྱི་དེ་ལས་འོས་མེད་གྲོང་མིན་པ། །དམིགས་གསལ་ཅན་ཡང་འདིར་ཁས་མི་ལེན་མིན། །
༈ རྩུབ་མིན་ཡི་གེ་མང་བ་ཤིན་ཏུ་གཞོན། །ཐམས་ཅད་གཞོན་པ་ལྷོད་པའི་སྐྱོན་ཡིན་སྤངས། །ལྷོ་བའི་ལུགས་ཡིན་ཤར་པའང་འདོད་མོད་ཀྱང༌། །གཙོ་བོར་བརྗོད་པར་དཀའ་བས་རྩུབ་པ་འདོད། །
༈ དོན་བརྟག་མི་དགོས་རྟོགས་ནུས་དོན་གསལ་མཚན། །ཤར་བ་ཁ་ཅིག་སྒྲ་རིགས་ལས་འགོངས་པ། །སྦྱོར་ཡང་ལྷོ་ཤར་ཕལ་ཆེར་འདིར་མཐུན་འཇིག །
༈ ཚིག་སྦྱོར་གང་དུ་དོན་འགག་ཞིག་བརྗོད་པས། །དེ་ལྡན་ཁྱད་འཕགས་ཡོན་ཏན་རྟོགས་ནུས་དག །རྒྱ་ཆེའི་རྒྱན་འདོད་པ་དང་སྙན་ངག་མགོན། །གཉིས་པའི་རྒྱ་ཆེ་བསམ་སྦྱོར་གང་རུང་ལས། །བརྩམ་དགོས་འདིར་ནི་གང་ལ་སྦྱར་ཀྱང་ཆོག །ཁྱད་པར་འཕགས་པའི་དཔལ་བརྗོད་དེའི་ཤུགས་ཀྱིས། །དེ་ལྡན་ཡོན་ཏན་ཆེ་རྟོགས་ནུས་པའི་ངག །རྒྱ་ཆེའི་རྒྱན་དུ་གོ་ཌའི་མཁས་དག་འདོད། །
༈ འབྲུ་མང་ལ་སོགས་ཚིག་སྡུད་མང་སྤྲས་ངག །བརྗིད་པར་ལུགས་གཉིས་བཞེད་དེ་བཅད་ལྷུག་གཉིས། །པྲཱསྟཱ་ར་ལྕི་མང་དང་ཡང་བ་ཉུང༌། །ཕྱེད་ལ་དེ་ལྡོག་མཐོ་དམའི་རྣམ་པ་ཅན། །བརྗོད་པར་ཤར་འདོད་བརྗོད་དང་གཏམ་གྱིས་སྤྲས། །པྲསྟ་ར་ཡི་ལྕི་ཡང་འཁྲུགས་མིན་པས། །མཉམ་པར་མཛེས་ལྡན་ཚིག་སྡུད་བཅས་པའི་ངག །བརྗིད་པའི་ངོ་བོར་བེ་དརྦྷ་ཡིས་བཞེད། །སྔ་མ་ཚིགས་བཅད་ཕྱི་མ་ལྷུག་པ་ལ། །གཙོར་དགྱེས་གཉིས་ཀའི་བཅད་ལྷུག་དག་ཀྱང་འདོད། །
༈ འཇིག་རྟེན་གྲགས་པ་མ་བརྒལ་འུད་མི་ཆེ། །མཛེས་པའི་ངོ་བོར་ལྷོ་ཕྱོགས་མཁས་མང་བཞེད། །སྔོན་བྱུང་གཏམ་དང་བསྔགས་སོགས་དེ་བརྗོད་གཞི། །འཇིག་རྟེན་གྲགས་པ་ལས་བརྒལ་འུད་ཆེན་པོས། །བརྗོད་འདོད་བློ་ཡིས་དོན་གང་ཕུལ་བྱུང་བཀོད། །མཛེས་པའོ་གཽ་ཌ་བ་ཚིམ་ལྷོ་མི་བཞེད། །འདི་ཡང་གཏམ་དང་བསྔགས་སོགས་དག་ལས་སྦྱོར། །
༈ སེམས་ལྡན་གཞན་གྱི་ཆོས་དེ་སེམས་མེད་ཀྱི། །གཞན་ལ་འཇིག་རྟེན་ལུགས་ཀྱི་རྗེས་འབྲང་བཀོད། །གང་དུ་སྒྲ་དེ་ཡང་དག་འཛིན་ལྡན་ངག །ཏིང་ངེ་འཛིན་དུ་ལྷོ་ཕྱོགས་མཁས་མང་བཞེད། །གཞན་ཡང་གཅིག་དང་དུ་མ་བཀོད་པ་གཉིས། །དངོས་བསྟན་སེམས་ལྡན་སྐྱུག་སོགས་སྒྲིབ་བྱ་གཅིག །སྒྲིབ་བྱེད་སེམས་མེད་ལ་བཀོད་བཏགས་པ་པའི། །སྐྱུག་སོགས་སྒྲ་དེ་འཛིན་ལྡན་སྙན་ངག་ཚིག །ཆོས་གཅིག་བཀོད་པའི་ཏིང་ངེ་འཛིན་དུ་བཤད། །དངོས་བསྟན་སེམས་ལྡན་ཉལ་སོགས་དུ་མའི་ཆོས། །སེམས་མེད་གཞན་ལ་བཀབ་ནས་ཉལ་བ་སོགས། །དུ་མའི་ཆོས་བཏགས་སྒྲ་དེ་འཛིན་པའི་ངག །དུ་མའི་ཆོས་བཀོད་ཏིང་ངེ་འཛིན་གྱི་རྒྱན། །འདི་ལ་དངོས་བསྟན་ལུགས་གཉིས་སོ་སོ་རུ། །མི་གསལ་འོན་ཀྱང་ཁྱད་པར་མེད་འདོད་ན། །ཐུན་མོང་རྒྱན་འགྱུར་དེས་ན་ལམ་བཅུ་པོ། །གཙོ་བོར་ལྷོར་བཞེད་འགའ་ཞིག་ཐུན་མོང་ཆོས། །ཕལ་ཆེར་བཟློག་དགོས་ཀུན་ལ་མིན་པའམ། །ཏིང་འཛིན་དང་པོ་ལྷོར་ལུགས་ཕྱི་མ་གཉིས། །ཤར་གྱི་བྱའམ་བཏགས་པར་བྱ་དགོས་ཉིད། །ཁྱད་འཕགས་སྙན་ངག་འབྱུང་ཁུངས་མང་ཐོས་དང༌། །སྐྱེས་ཐོབ་སྤོབས་མཆོག་ཡིན་ནོ་ཚེ་སྔོན་གྱི། །བག་ཆགས་དམན་ཀྱང་ངག་དང་ངག་གི་ལྷ། །ཐོས་དང་སྒྲུབ་པས་འབད་ན་རྗེས་བཟུང་ནས། །མཁས་མང་གོ་ས་མཐོན་པོ་ངག་ལ་ཡང༌། །བདེ་བླག་ངེས་འགོད་ནག་མོ་ཁོལ་བོ་བཞིན། །ལྷོ་ཤར་མཁས་མང་སོ་སོ་རུ། །གཤེགས་པའི་ལམ་བཅུ་མཁས་པའི་གསུང༌། །ཉུང་ངུའི་ངག་གིས་རབ་དབྱེ་མཁན། །མེ་ལོང་མཁན་པོ་མ་ཡིན་ནམ། །ཞེས་ལྷོ་ཤར་ཐུན་མོང་མིན་པའི་ལམ་རྣམ་པར་དབྱེ་བའི་རབ་ཏུ་བྱེད་པ་སྟེ་གཉིས་པའོ། །
༈ ན་མཿསྭ་ར་སྭ་སྟྱཻ། མཛེས་སྡུག་དཀྱིལ་འཁོར་རྫོགས་ཀྱང་ཆགས་པའི་ར་རི་བཏང༌། །ཐུགས་རྗེས་ཀུན་ལ་བསིལ་ཡང་རྨོངས་པའི་ཚང་ཚིང་བསྲེག །རྟག་ཏུ་གཡོ་བ་མེད་ཀྱང་སྐལ་ལྡན་གླིང་བཞིར་འགྲོ། །མཚོ་བྱུང་ཟླ་བས་ངག་གི་ཀུན་མུད་འབྱེད་པར་མཛོད། །རེ་རེའང་མཐའ་བྲལ་གྲངས་ལྡན་ཤེས་བྱའི་ཚོགས། །གང་གི་བློ་ངོར་ཤིན་ཉུང་རྨོངས་སྟུག་མུན། །སྒྲིབ་བསལ་རིག་པའི་སྒོ་ཡངས་འབུམ་འབྱེད་བཤེས། །འཇམ་དབྱངས་མི་ཡི་གར་མཛད་རྒྱལ་གྱུར་ཅིག །འཁྲུལ་བའི་མུན་སྟུག་འཇིག་པའི་ཆོས་ཉིད་ཅན། །ལེགས་བཤད་དཀྱིལ་འཁོར་རྫོགས་པའི་བཅུ་གཉིས་བདག །སྒྲུབ་དང་སུན་འབྱིན་འབྱམས་ཀླས་འོད་སྤྲོ་པར། །མགྲིན་པའི་དབང་ཕྱོགས་སྐྱ་རེངས་ཁོང་ནས་བཞེད། །ཕྱོགས་གཉིས་མཁས་པའི་ལེགས་བཤད་ཆུ་ཀླུང་ཀུན། །གཅིག་འདུས་ཐུན་མོང་རྒྱན་གྱི་རྒྱ་མཚོ་ཆེ། །མ་བརྒལ་ལེགས་བཤད་དབང་རྒྱལ་མི་རྙེད་པས། །མཁས་པའི་དེད་དཔོན་བསྟེན་ལ་འདིར་ཞུགས་ཀྱཻ། །
༈ བཅད་ལྷུག་སྤེལ་མའི་སྙན་ངག་ལུས་ཅི་རིགས། །སྣ་ཚོགས་སྦྱོར་བས་མཛེས་པར་བྱེད་པ་རྒྱན། །དབྱེ་ན་དོན་རྒྱན་སྒྲ་དང་གབ་ཚིག་གསུམ། །དང་པོར་དབྱེ་ན་རང་བཞི༡ན་བརྗོད་དང་ད༢པེ། །གཟུག༣ས་ཅན་གསལ༤་བྱེད་བསྐོར༥་དང་འགོག༦་པ་དང༌། །དོན་༧གཞན་བཀོད་དང་ལྡོག་༨ཅན་སྲིད་པ༩་ཅན། །བསྡུས་༡༠བརྗོད་ཕུལ་བྱུང༡༡་རབ་བཏ༡༢གས་དང་ནི་རྒྱུ༡༣། །ཕྲ༡༤་མོ་ཆ༡༥་དང་རི༡༦མ་དང་དག༡༧འ་བ་དང༌། །ཉམས༡༨་ལྡན་གཟི་༡༩བརྗིད་ཅན་དང་རྣམ་གྲ༢༠ངས་བརྗོད། །ཀུན་༢༡ཕན་རྒྱ་༢༢ཆེ་བསྙོན་༢༣དོར་སྦྱ༢༤ར་བ་དང༌། །ཁྱད་༢༥བརྗོད་མཚུངས་༢༦སྦྱོར་འག༢༧ལ་དང་སྐབས་མིན་༢༨བསྟོད། །ཟོལ་༢༩བསྟོད་ངེས་༣༠བསྟན་ལྷན་ཅིག་༣༡བརྗོད་པ་དང༌། །ཡོངས་༣༢བརྗེས་ཤིས་༣༣བརྗོད་རབ་༣༤སྤེལ་དགོངས་༣༥ ཅན་ཏེ། །སོ་ལྔའི་རྒྱན་འདོད་མཚན་ཉིད་རབ་བཤད་བྱ། །
༈ དངོས་པོ་རྣམས་ཀྱི་རང་བཞིན་གནས་སྐབས་ཆོས། །སྣ་ཚོགས་སྒྲོ་བཏགས་མིན་པར་དངོས་གནས་ལ། །ཇི་བཞིན་གསལ་བྱེད་རང་བཞིན་བརྗོད་པའི་རྒྱན། །དབྱེ་ན་རིགས་དང་བྱ་བ་ཡོན་ཏན་རྫས། །སྒྲོ་བཏགས་མེད་པར་ནང་གསལ་ཀུན་ཁྱབ་སྤྱིའི། །རིགས་བརྗོད་ངག་གང་རང་བཞིན་བརྗོད་པའི་རིགས། །བྱ་བ་གཙོ་བོར་སྟོན་པའི་དྲང་པོའི་ངག །རང་བཞིན་བརྗོད་པའི་བྱ་བ་བརྗོད་པར་འདོད། །བཏགས་མིན་གཟུགས་སོགས་འདོད་པའི་ཡོན་ཏན་ཆ། །གཙོ་བོར་བརྗོད་དེ་ཡོན་ཏན་བརྗོད་པར་བཤད། །གང་ཞིག་གཞན་དང་ཐུན་མོང་མིན་པའི་རྫས། །དྲང་པོར་བརྗོད་དེ་རང་བཞིན་བརྗོད་པའི་རྫས། །འདི་སྐབས་མ་ངེས་སྒྲོ་སྐུར་སྣ་ཚོགས་པ། །ཚོང་འདུས་འོ་མ་ལྟ་བུ་མཐོང་མེད་ཀྱང༌། །དཔྱད་བཟོད་ནམ་མཁའི་པདྨོའི་རེག་བྱ་བཞིན། །བསྟན་བཅོས་ཀུན་ལ་རྒྱལ་སྲིད་ཇི་བཞིན་དཔལ་གྱིས་མཐོ། །མཁས་མང་སྙིང་དུ་བཅིངས་པའི་རང་བཞིན་བརྗོད་པ་གང༌། །ཟླ་བ་དག་པའི་སྙིང་པོ་ཇི་བཞིན་གསལ་བྱས་པས། །ས་ལོས་ཁེངས་པ་སྐྱུངས་ནས་མཁའ་སྤྱོད་བྲོས་མིན་ནམ། །ཞེས་རང་བཞིན་བརྗོད་པའི་རབ་ཏུ་བྱེད་པ་སྟེ་གསུམ་པའོ། །
༈ ཚིག་གི་གཏེར་གྱུར་ལྷ་ཡི་ལྷ། །ཟག་མེད་ཡེ་ཤེས་སྒྱུ་མའི་འཕྲུལ། །དབྱངས་ཀྱི་རྒྱལ་མོ་ལ་བཏུད་ནས། །དཔེ་རྒྱན་དག་གི་མཚན་ཉིད་དབྱེ། །དཔེ་དོན་ཇི་ལྟར་མཚུངས་པ་ལྷུར་ལེན་དཔེ། །དབྱེ་ན་བརྗོད་བྱའི་སྒོ་ནས་འཁྲིག་པ་མེ། །མཚུངས་པ་གསལ་བྱེད་སྒོ་ནས་ཐུབ་པ་རི། །མཚུངས་ཆོས་དངོས་སྟོན་ཆོས་དཔེའི་རྒྱན་དུ་འདོད། །དཔེ་དང་དཔེ་ཅན་ཙམ་སྟོན་དངོས་པོའི་དཔེ། །དོན་གྱིས་དཔེ་ཉིད་འཇལ་བ་ཟློག་པའི་དཔེ། །དཔེ་དོན་འཇལ་རེས་བྱེད་པ་ཕན་ཚུན་དཔེ། །དེ་ལས་གཞན་མཚུངས་འགོག་པ་ངེས་པའི་དཔེ། །དེ་མཚུངས་གཞན་པའང་མི་འགོག་ངེས་མེད་དཔེ། །ཕྱོགས་རེས་མཚུངས་མིན་གཞན་པའང་བསྡུས་པའི་དཔེ། །འུད་བྱས་འདི་གཉིས་མིན་ལས་ཁྱད་མེད་ཕུལ། །མ་སྙེམ་གཞན་ལའང་ཡོད་ཅེས་རབ་བཏགས་དཔེ། །མིག་ལྡན་པད་བཞིན་དཀོན་དཔེས་མཚར་སྟོན་རྨད། །འདྲ་དྲག་དཔེ་རྗེས་སྙེགས་པ་རྨོངས་པའི་དཔེ། །དཔེའམ་དོན་ནམ་གཉིས་འཛིན་ཐེ་ཚོམ་དཔེ། །དོན་ཆོས་རྟགས་བཀོད་དཔེ་དང་འབྱེད་གཏན་འབེབས། །གཉིས་ལས་མི་ཉུང་དོན་སྦྱར་མཚུངས་སྒྲ་སྦྱར། །སྒྲ་གཅིག་མཚམས་ཐ་དད་དམ་མིང་གཅིག་ལ། །དོན་གཉིས་བྱས་ནས་མཚུངས་བརྗོད་མཉམ་ཉིད་དཔེ། །ལ་ལས་རྟོག་བཏགས་གཞན་རྣམས་གུ་དོག་དྲག །ཁ་ཅིག་ཉ་ཉུང་བསྲེས་ཀྱང་འདི་གཉིས་ཁྱད། །མི་ཉུང་དོན་ལ་སྦྱར་དགོས་སྦྱར་བའི་དཔེ། །མཚུངས་ཆོས་གཅིག་གིས་ཆོག་ཅིང་སྒྲ་དང་དོན། །གང་ལ་སྦྱར་ཀྱང་ཆོག་པ་མཉམ་ཉིད་དཔེ། །ལེགས་བཤད་གསར་པའི་སོར་མོས་འགྲེལ་བྱེད་རྣམས། །སྦུག་འཐུམ་སྒྲོག་ལས་བཀྲོལ་བར་ཡི་རང་མཛོད། །མཚུངས་ལས་འགའ་སྨད་དོན་བསྔགས་སྨད་པའི་དཔེ། །དཔེ་འགའ་བསྔགས་ནས་དོན་འཇལ་བསྔགས་པའི་དཔེ། །ཇི་ལྟར་གྱུར་ཀྱང་མཚུངས་བརྗོད་བརྗོད་འདོད་དཔེ། །དཔེ་དོན་རྟེན་ནམ་ཕན་ཚུན་འགའ་ཞེས་འགལ། །དཔེ་སྨད་ལྟར་བྱས་མི་མཚུངས་ཞེས་དགག་དཔེ། །འདི་ལྷག་དགོས་ཀྱང་ཁྱད་ཅི་ཞེས་ངོ་བསྟོད། །དཔེ་མིན་དོན་འདིའོ་སོར་སྟོན་དེ་ཉིད་དཔེ། །མཚུངས་མིན་རང་ཉིད་དཔེར་བསྟན་ཐུན་མོང་མིན། །མང་པོ་གཅིག་གྱུར་དཔེ་སྟོན་འབྱུང་མིན་དཔེ། །དཔེ་ལ་དེ་མེད་ལྟར་སྟོན་སྲིད་མིན་དཔེ། །དཔེ་འགའི་ཁྱད་ལྡན་དོན་སྟོན་མང་བའི་དཔེ། །གང་ནས་ཚུར་བཏོན་ལྟར་སྟོན་རྣམ་འགྱུར་དཔེ། །སྔ་མ་སྔ་མ་དཔེར་བྱས་དོན་སྟོན་ཕྲེང༌། །ངག་དོན་བྱེད་ཅན་དྲུག་ལས་གསུམ་པ་དང༌། །གཉིས་པ་གཙོར་བྱས་ཉིད་ཀྱིས་ངག་དོན་གྱི། །དཔེ་དོན་ཁྱད་གཞི་ཁྱད་ཆོས་རིམ་འཇལ་བ། །ངག་དོན་དཔེ་སྟེ་བཞིན་སྒྲའི་སྒོ་ནས་གཉིས། །སྔ་མར་དོན་དང་ཕྱི་མར་དཔེ་བཀོད་ནས། །དཔེ་དོན་མཉམ་རྟོགས་ཟླ་བོའི་དངོས་པོའི་དཔེ། །དཔེ་ལྷག་དོན་དམན་བྱ་བ་གཅིག་བསྡུས་ནས། །དཔེ་དོན་མཚུངས་པར་སྟོན་པ་མཚུངས་སྦྱོར་དཔེ། །དོན་གང་རྒྱུ་དེས་དཔེ་དང་མཚུངས་སྟོན་རྒྱུ། །དཔེ་དོན་རྟགས་འདྲེས་མང་ཉུང་མཐོ་དམན་སྦྱར། །སྐྱོན་ཡིན་མཁས་པས་སྦྱར་བའི་སྐྱོན་མེདའང་ཡོད། །བཞིན་ལྟར་ལྟ་བུ་ཇི་ལྟའི་སྒྲ་དང་མཐུན། །མཚུངས་དང་ཡང་དག་མཚུངས་དང་མཉམ་པ་དང༌། །ཡང་དག་གསལ་དང་ངེས་གསལ་རབ་གསལ་དང༌། །གཟུགས་ཀྱི་ཟླ་བོ་གཉེན་པོ་དགྲ་ཟླ་དང༌། །སོ་སོར་རྟོགས་དང་འགྲན་དང་འདྲ་དང་ལྟ། །བཅས་དང་བསླུ་དང་རིགས་མཐུན་རྗེས་སུ་སྨྲ། །
༈ གཟུགས་བརྙན་དང་ནི་སོ་སོར་སྡེབ་པ་དང༌། །གཟུགས་མཚུངས་གཟུགས་མཉམ་གཟུགས་ཡང་དག་པར་གཞལ། །མཚན་ཉིད་མཐུན་དང་མཚན་ཉིད་འདྲ་དང་མཚུངས། །མཐུན་ཕྱོགས་དང་ནི་དཔེར་བྱས་དཔེ་དང་རྟོགས། །དམན་དང་ཅུང་ཟད་དམན་དང་རབ་ཏུ་སྨྲ། །སོ་སོར་ཟློག་དང་རིགས་སུ་མཐུན་པ་དང༌། །ཆོས་མཐུན་ཆོས་ཐུན་མོང་དང་གྲིབ་མ་འདྲ། །
༈ གཞི་མཐུན་བསྡུས་བཅས་འབྲུ་མང་ཚིག་སྡུད་ཅན། །འགྲན་དང་རྒྱལ་དང་སྡང་དང་འཁུ་བ་དང༌། །མི་མཐུན་སྒྲོག་དང་འཐབ་དང་འཕྱ་བ་དང༌། །དམའ་འབེབ་བྱེད་དང་སྨོད་དང་ཅོ་འདྲི་དང༌། །འགོག་དང་འགོག་དང་ཕྲག་དོག་མི་བཟོད་དང༌། །
༈ དེ་ཡི་སྐལ་བཟང་འཕྲོག་པར་བྱེད་པ་དང༌། །དེ་ཡི་མཛེས་པ་ཟུམ་པར་བྱེད་པ་དང༌། །དེ་དང་མཚུངས་ལས་ཕམ་དང་ལྷག་པར་མཛེས། །དེ་ཡི་རྗེས་སུ་རྐང་པ་འཇོག་པ་དང༌། །དེ་ཡི་ནུས་པ་ལ་འཇུག་བྱེད་པ་དང༌། །དེ་ཡི་རྗེས་འགྲོ་རྗེས་སུ་འཆིང་བ་དང༌། །དེ་ཡི་ངང་ཚུལ་དེ་འགོག་བྱེད་པ་དང༌། །དེ་ཡི་རྗེས་སུ་བྱེད་རྣམས་མཚུངས་པའི་ཆོས། །གསལ་བྱེད་སྒྲ་ནི་རེ་དྲུག་གཞུང་གིས་བསྟན། །ཆ་དང་གྲོགས་དང་སྤུན་ཟླ་དང་ནི་མཐོང༌། །ཐོས་དང་དྲན་དང་རེག་དང་ཕམ་དང་སྙེག །མཛེག་དང་སེམས་དཔའོ་བཅུ་གཅིག་གཞན་གྱིས་བཤད། །འདིར་བསྡུས་བཅུ་ཕྲག་བདུན་དང་བདུན་དག་འདོད། །འདིར་ནི་དཔེ་རྒྱན་མཚན་ཉིད་རབ་གསལ་བ། །བླ་མའི་གསུང་བཞིན་འཁྲུལ་བྲལ་ལེགས་པར་བཤད། །དཔེ་རྒྱན་གྱི་རབ་ཏུ་བྱེད་པ་སྟེ་བཞི་པའོ། །
༈ གསང་གསུམ་རྒྱ་མཚོ་ཆེ་ལ་རོལ་བ་ཡི། །ཚངས་པའི་སྲས་མོ་ངང་པའི་བུ་མོའི་ཞབས། །སྙིང་དབུས་འདབ་བརྒྱར་བཀོད་ནས་གཟུགས་ཅན་རྒྱན། །དྭངས་པའི་མཚོ་ལ་བྱད་ལྟར་གསལ་བར་བྱ། །དོན་དེ་དཔེ་ཡི་ངོར་བཀོད་དཔེ་དོན་གཉིས། །ཐ་དད་སྣང་མིན་གཅིག་ཏུ་སྒྲོ་བཏགས་དཔེ། །གཟུགས་ཅན་རྒྱན་ཏེ་ཉི་ཤུའི་དབྱེ་བ་འདོད། །དྲུག་སྒྲ་བོར་ནས་དོན་དཔེར་བཀོད་བསྡུས་གཟུགས། །དྲུག་སྒྲ་ལྡན་དོན་དཔེར་བཀོད་མ་བསྡུས་གཟུགས། །ཕྱེད་བསྡུས་མ་བསྡུས་བསྡུས་དང་མ་བསྡུས་གཟུགས། །དོན་ཚང་ཚང་བའི་དཔེར་བཀོད་མཐའ་དག་གཟུགས། །ཆ་དང་ཆ་ཅན་གཉིས་ཡོད་ཆ་ཤས་རྣམས། །གཟུགས་བྱས་ཆ་ཅན་མ་བཀོད་ཆ་ཤས་གཟུགས། །ཆ་ཅན་གཟུགས་བྱས་ཆ་མིན་ཆ་ཅན་གཟུགས། །ཚིག་དེར་གསལ་ཀྱང་ཡན་ལག་ཡན་ལག་ཅན། །གཞན་གཟུགས་མ་བྱས་ཡན་ལག་གཅིག་ཙམ་བྱས། །བདག་སྒྲ་ཅན་སྨོས་ཡན་ལག་གཅིག་གཟུགས་ཅན། །དེ་བཞིན་ཡན་ལག་གཉིས་བྱས་གཞན་མ་བྱས། །ཡན་ལག་གཉིས་གཟུགས་ཅན་སོགས་རིགས་པ་བསྒྲེ། །ཆ་ཤས་གཟུགས་དང་འདི་གཉིས་ཁྱད་པར་ནི། །ཚིག་དེར་ཡན་ལག་གང་གསལ་གཟུགས་བྱས་པ། །ཆ་ཤས་གཟུགས་སོ་འདིར་ནི་ལྷག་མི་དགོས། །ལྡན་པའི་དོན་ཅན་དཔེར་བཀོད་ལྡན་པའི་གཟུགས། །མི་ལྡན་ཐ་དད་གཟུགས་བཀོད་མི་ལྡན་གཟུགས། །ཡན་ལག་ཅན་གཟུགས་བྱས་དང་ཡན་ལག་མས། །གཟུགས་བྱས་མ་བྱས་འདྲེས་པ་མ་མཉམ་གཟུགས། །དོན་གང་གཟུགས་བྱས་དེ་ཡི་ཡོན་ཏན་གྱིས། །གཞན་ལའང་མི་གནོད་འདི་ཀུན་དགའ་བསྐྱེད་ཅེས། །ཁྱད་ཆོས་ལྡན་ཏེ་ཁྱད་པར་དང་བཅས་གཟུགས། །གཟུགས་བྱས་གང་གི་བྱ་བ་འགའ་མི་བྱེད། །དེ་ཡི་མི་བྱེད་བྱས་འདི་འགལ་བའི་གཟུགས། །རྒྱུ་འགས་དཔེ་འགའི་གཟུགས་བྱས་རྒྱུ་ཡི་གཟུགས། །གཞི་གང་དཔེ་ཡི་ཁྱད་གཞིའི་གཟུགས་བྱས་ནས། །ཁྱད་ཆོས་འགའ་ཞིག་སྒྲ་དང་ལ་ལར་དོན། །སྦྱར་ནས་དཔེ་དོན་སོར་འགོད་སྦྱར་བའི་གཟུགས། །དཔེ་ཅན་དཔེའི་གཟུགས་བྱས་ནས་དཔེ་དོན་གྱི། །མཚུངས་སྒྲ་དཔེ་ལ་ལྡན་པ་དཔེ་ཡི་གཟུགས། །དོན་དཔེའི་གཟུགས་བྱས་གཉིས་པོ་མི་མཚུངས་པའི། །སོ་སོར་འབྱེད་པའི་སྒྲ་ལྡན་ལྡོག་པའི་གཟུགས། །དོན་དཔེའི་གཟུགས་བྱས་དཔེ་ཡི་མི་བྱེད་ཁྱད། །བསྟན་ནས་གཟུགས་ཅན་འགོག་དེ་འགོག་པའི་གཟུགས། །གཟུགས་བྱས་གང་གིས་གཞན་ལ་བྱ་མིན་བྱས། །གཞན་གྱིའང་སྐྱོན་བསྟན་གཉིས་ཀའི་མཉམ་འཇོག་གཟུགས། །དཔེ་ཅན་དཔེ་དང་དཔེ་དེའང་དཔེ་གཞན་གྱི། །གཟུགས་བྱས་འཕར་མར་བཀོད་པ་གཟུགས་ཅན་གཟུགས། །དཔེ་ཅན་དག་ལ་དེ་མིན་ཅེས་བསྙོན་ནས། །དཔེ་རྣམས་གཟུགས་སུ་བྱས་པས་ཁྱད་འཕགས་ཀྱི། །ཡོན་ཏན་གསལ་བར་བྱེད་པ་བསྙོན་དོར་གཟུགས། །དེ་བཞིན་གཟུགས་ཅན་ཉམས་ལྡན་ཚོགས། །མཁས་པས་བརྟགས་ནས་རང་སྦྱར་ན། །དབང་ཕྱོགས་ས་འཛིན་ཕྲག་གོང་གི། །ཉིན་བྱེད་རྗེས་འགྲོ་འབྱུང་བར་བཤད། །གཟུགས་ཅན་མཚན་ཉིད་བླ་མའི་གསུང༌། །ཇི་བཞིན་ཕུན་ཚོགས་ལེགས་པར་སྨྲས། །ཞེས་གཟུགས་ཅན་གྱི་རབ་ཏུ་བྱེད་པ་སྟེ་ལྔ་པའོ། །
༈ དབྱངས་ཀྱི་དཀྱིལ་འཁོར་མ་ལུས་རྫོགས། །ཐུགས་རྗེས་བསིལ་བའི་གཟི་ཅན་མའི། །ངག་གི་སྤོབས་པ་གྲུབ་མཛོད་དང༌། །གསལ་བྱེད་བསྐོར་བ་བཤད་པར་བྱ། །རིགས་དང་བྱ་བ་ཡོན་ཏན་རྫས་དང་བཅས། །ཚིག་གཅིག་ཐོག་མཐའ་བར་གསུམ་གང་ཞིག་ན། །གནས་དེས་གལ་ཏེ་ངག་སྦྱོར་གཞན་པ་ཀུན། །གསལ་བར་བྱེད་ལ་ཕན་ན་གསལ་བྱེད་འདོད། །རང་བཞིན་བརྗོད་སྐབས་འདབ་ལྡན་ཤིང་གི་རིགས། །བརྗོད་པས་མཚན་ཉིད་དེ་ལྡན་གོ་ནུས་ཤིང༌། །འདིར་ནི་རིགས་སོགས་གང་བརྗོད་གསལ་བྱེད་ཚིག །གང་ན་ཡོད་དེས་ཚིག་གཞན་གསལ་ནུས་དགོས། །རིགས་ཅན་ཐོག་མར་བཀོད་ནས་འོག་མའི་ཚིག །མཐའ་དག་གསལ་དེ་ཐོག་མའི་རིགས་བརྗོད་གསལ། །བྱ་བ་ཐོག་མར་བཀོད་ནས་འོག་མའི་ཚིག །མཐའ་དག་གསལ་ནུས་བྱ་བརྗོད་ཐོག་མའི་གསལ། །ཐོག་མར་ཡོན་ཏན་བརྗོད་དེ་འོག་མའི་ངག །ཀུན་གསལ་དེ་འདྲ་ཐོག་མའི་ཡོན་ཏན་གསལ། །ཁྱད་རྫས་ཐོག་མར་བཀོད་ནས་འོག་མ་ཀུན། །གསལ་ནུས་རྫས་བརྗོད་ཐོག་མའི་གསལ་བྱེད་དོ། །རིགས་ཚིག་བར་གནས་དེ་ཡིས་གོང་འོག་ཀུན། །གསལ་ནུས་བར་གྱི་རིགས་བརྗོད་གསལ་བྱེད་འདོད། །བྱ་ཚིག་བར་ན་གནས་དེས་གོང་དང་འོག །ཀུན་གསལ་ནུས་ན་བར་གྱི་བྱ་བརྗོད་གསལ། །ཡོན་ཏན་ཚིག་གང་བར་ན་གནས་པ་ཡིས། །གོང་འོག་གསལ་ན་བར་གྱི་ཡོན་ཏན་གསལ། །རྫས་ཚིག་བར་ན་གནས་དེས་གོང་འོག་དག། །གསལ་ན་རྫས་བརྗོད་བར་གྱི་གསལ་བྱེད་དོ། །རིགས་ཚིག་མཐར་གནས་གང་གིས་གོང་མ་ཀུན། །གསལ་བར་བྱེད་ན་རིགས་བརྗོད་ཐ་མའི་གསལ། །བྱ་ཚིག་མཐའ་ན་གནས་དེས་གོང་མ་རྣམས། །གསལ་ན་བྱ་བརྗོད་ཐ་མའི་གསལ་བྱེད་དོ། །འདིར་ནི་གཉིས་བསྐང་ལྷག་མའང་རིགས་པ་བསྒྲེ། །སྔ་མ་སྔ་མ་ལ་ལྟོས་དོན་རིམ་བྱས། །ངག་གི་ཕྲེང་བ་སྤེལ་ནས་གསལ་བྱེད་ཚིག །གང་གིས་གསལ་དེ་ཕྲེང་བའི་གསལ་བྱེད་དོ། །གསལ་བྱེད་གནས་གསུམ་གཅིག་ཏུ་ངེས་མི་དགོས། །གསལ་བྱེད་བྱེད་པོ་གཅིག་གིས་འགལ་བྱ་གཉིས། །ཅིག་ཅར་བསྟན་དེ་འགལ་བའི་གསལ་བྱེད་བརྗོད། །དོན་བྱ་གཅིག་ཉིད་དུ་མའི་རྣམ་གྲངས་ཀྱིས། །བཀོད་ནས་དོན་གཅིག་གསལ་བ་དོན་གཅིག་གསལ། །སྦྱོར་ཆོས་ཐ་མི་དད་ལྡན་གཞི་གཉིས་པོ། །འབྲེལ་བྱས་གསལ་བྱེད་སྦྱར་བའི་གསལ་བྱེད་དོ། །དེ་ལྟས་གསལ་བྱེད་ལ་བརྟེན་ནས། །འདི་རུ་མ་སྤྲོས་ལྷག་མའི་ཚོགས། །ངག་རིག་མཁས་པས་དཔྱད་དེ་སྦྱར། །གསལ་བྱེད་བླ་མའི་གསུང་བཞིན་བཤད། །
༈ གསལ་བྱེད་གནས་གསུམ་དག་ཏུ་ཚིག་དང་དོན། །ཚིག་དོན་གཉིས་བསྐོར་བསྐོར་རྒྱན་གསུམ་འདོད་དེ། །དོན་གཅིག་མི་འདྲའི་ཚིག་བསྐོར་དོན་བསྐོར་དང༌། །དོན་དག་ཚིག་གཅིག་ལ་བསྐོར་ཚིག་ལ་བསྐོར། །ཚིག་དོན་གཉིས་ལ་སོར་བསྐོར་ཚིག་དོན་བསྐོར། །བསྐོར་བའི་རྒྱན་ཡང་བདག་གིས་འདིར། །བླ་མའི་གསུང་ལ་བརྟེན་ནས་ནི། །ཚིག་ཉུང་དོན་ནི་རབ་གསལ་བྱས། །གསལ་བྱེད་ཀྱི་རྒྱན་དང་བསྐོར་བའི་རྒྱན་གྱི་རབ་ཏུ་བྱེད་པ་སྟེ་དྲུག་པའོ། །
༈ ཇི་ལྟ་ཇི་སྙེད་ཤེས་བྱའི་སྣང་བརྙན་ཀུན། །མ་འདྲེས་འཛིན་པའི་ངག་གི་ཨཱ་དརྴ། །ཉམས་བརྒྱས་དབྱངས་སུ་ལེན་མཁས་མཚོ་བྱུང་ཀྱཻ། །སྨྲ་བའི་དབང་པོ་མཆོག་ཏུ་བདག་གྲུབ་མཛོད། །དོན་གང་སྒྲུབ་སོགས་དགག་བྱར་བྱས་པ་དེ། །སྒྲུབ་ཏུ་མི་སྟེར་འགོག་བྱེད་འགོག་པའི་རྒྱན། །དུས་གསུམ་ལ་ལྟོས་གསུམ་སོགས་ཕ་མཐའ་ཀླས། །འདིར་ནི་དངོས་བསྟན་བཅུ་ཕྲག་གཉིས་དང་གསུམ། །སྔར་བྱུང་དོན་ལ་མིན་བློ་སྔར་སྐྱེས་གང༌། །དགག་བྱར་བྱས་ནས་འགོག་དེ་འདས་པ་འགོག །ད་ལྟའི་དོན་ཅན་དགག་བྱར་བྱས་ནས་དེ། །བསྟོད་ལྡན་འགོག་བྱེད་ཀྱིས་འགོག་ད་ལྟར་འགོག །སྔར་བྱས་དོན་ཆོས་འགོག་བྱེད་གང་ཞིག་གིས། །ཕྱིས་འབྱུང་དགག་བྱ་འགོག་པ་མ་འོངས་འགོག །གང་ཞིག་དགག་བྱའི་ཆོས་དེ་དང་འགལ་བའི། །འགོག་བྱེད་བརྗོད་ནས་འགོག་དེ་ཆོས་འགོག་པ། །ཆོས་ཅན་གང་གི་མཚར་ཆོས་ཁས་བླངས་ནས། །དེ་ལས་ཆོས་ཅན་མཐོང་འགོག་ཆོས་ཅན་འགོག །དེ་འདྲ་འབྱུང་བའི་སྔར་བྱས་རྒྱུ་གང་ཞིག །བྱས་པ་མེད་ཅེས་འགོག་པ་རྒྱུ་འགོག་པ། །རྒྱུ་འགའ་ཚོགས་ཀྱང་དེ་དག་ལ་བརྟེན་འབྲས། །མ་བྱུང་མཚར་བར་སྟོན་དེ་འབྲས་བུ་འགོག །རྗེས་སུ་གནང་ལྟར་བྱས་ནས་ཐབས་གཞན་གྱིས། །དེ་སྒྲུབ་མི་སྟེར་རྗེས་སུ་གནང་བས་འགོག །དེ་འདྲའི་ལེགས་ཚུལ་བཤད་ནས་འོན་ཀྱང་དེ། །དབང་ཚེ་ལྟ་བུའི་འགོག་པ་དབང་གིས་འགོག །དེ་ལ་མ་གུས་གཞན་དུ་གུས་བསྟན་ནས། །མ་གུས་ཚིག་གིས་འགོག་པ་མ་གུས་འགོག །ཚུལ་དེ་ཤིས་བརྗོད་སྒོ་ནས་གསལ་བྱས་ནས། །དེ་ཉིད་ཐབས་ཀྱིས་འགོག་པ་ཤིས་པའི་འགོག །ཤིན་ཏུ་རྩུབ་པའི་ངག་ནི་སྔོན་འགྲོ་བས། །དོན་དེ་འགོག་པ་རྩུབ་མོས་འགོག་པར་བརྗོད། །དེ་ཉིད་སྒྲུབ་ལ་བསྐུལ་བའི་གྲོགས་བྱེད་ལྟར། །བྱས་ནས་དེ་ཉིད་འགོག་པ་གྲོགས་ཀྱིས་འགོག །དེ་ལ་འབད་ལྟར་བྱས་ཀྱང་འདོད་པའི་དོན། ། ཁ་ནས་ཐལ་ཞེས་དེ་འགོག་འབད་པས་འགོག །གང་ཞིག་གཞན་དབང་སོང་བ་དེ་བསྟན་དེའི། །དབང་ལྟར་འདོད་ཅེས་འགོག་གཞན་དབང་གིས་འགོག །ཐབས་མང་རྙེད་དཀའ་བཀོད་ནས་དེ་བསྩལ་ནས། །དོན་དེ་གྱིས་ཞེས་དེ་འགོག་ཐབས་ཀྱིས་འགོག །ད་ནི་དེ་བྱས་མ་བྱས་ཁྱད་ཅི་ཞེས། །ཁྲོས་པའི་ཚིག་གིས་དེ་འགོག་ཁྲོས་པའི་འགོག །སྙིང་རྗེར་བཅས་ནས་བྱ་འོས་མ་བྱས་པར། །མྱ་ངན་སྐབས་དོན་དེ་འདྲ་སྙིང་རྗེས་འགོག །འགྱོད་པ་གཙོ་བོར་བཏོན་ནས་དོན་འགའ་ཞིག །གྲུབ་པ་འགོག་པ་འགྱོད་པས་འགོག་པར་བརྗོད། དེ་འམ་གང་ངམ་ཅི་ཡིན་ཁྱད་པར་འདིས། །དེ་མིན་དེས་ཞེས་སྟོན་པ་ཐེ་ཚོམ་འགོག །དཔེ་དོན་ཁྱད་ཆོས་ཐུན་མོང་ཡོད་སྦྱར་ནས། །གཙོ་བོ་དཔེ་འགོག་དེ་འདྲ་སྦྱར་བས་འགོག །དགག་བྱ་དོན་ལ་ལྡན་མིན་བསྟན་པ་གང༌། །མཚུངས་པ་གཞན་ལྡན་དེས་འགོག་དོན་གཞན་འགོག །དེ་ཡི་ཕུལ་བྱུང་སྟོན་སླད་ཁྱད་འཕགས་རྒྱུས། །དེ་ལ་བསྟོད་པ་མིན་ཞེས་རྒྱུ་ཡིས་འགོག །ཕྲ་ཞིབ་རིགས་པས་མ་བཤད་པ། །གཞན་ཡང་བརྟགས་ནས་མཁས་པས་སྦྱོར། །དཔག་དཀའ་འགོག་པའི་རྒྱན་དག་ཀྱང༌། །འཁྲུལ་བ་སྤངས་ནས་གསུང་བཞིན་བཤད། །འགོག་རྒྱན་གྱི་རབ་ཏུ་བྱེད་པ་སྟེ་བདུན་པའོ། །
༈ ངག་གི་མཆོག་སྦྱིན་ཀུན་གྱི་དབང་མོ་ལ། །བཏུད་ནས་རྒྱན་མཆོག་དོན་གཞན་བཀོད་པ་དབྱེ། །གང་ཞིག་དོན་དེ་བསྒྲུབ་བྱར་སྔོན་བཀོད་ནས། །སྒྲུབ་བྱེད་གཞན་རྗེས་བཀོད་དེ་དོན་གཞན་བཀོད། །སྔོན་དུ་དོན་ཆོས་བསྒྲུབ་བྱར་བཀོད་རྗེས་དེར། །ཀུན་ཁྱབ་སྒྲུབ་བྱེད་བཀོད་པ་ཀུན་ཁྱབ་དོན། །འདི་ལ་གཞན་བཤད་མཐོང་མོད་ཚུལ་འདི་ལེགས། །ཡོངས་གྲགས་འགྱུར་འདིའི་སྔ་ཕྱི་བརྗེ་སྲོལ་བཞེད། །ཁྱད་ཅན་བསྒྲུབ་བྱར་སྔོན་དུ་བཀོད་རྗེས་གཞན། །སྒྲུབ་བྱེད་ནུས་ཅན་བཀོད་ཁྱད་ལ་གནས་དོན། །བསྒྲུབ་བྱ་བཀོད་ནས་སྒྲུབ་བྱེད་སྒྲ་གཅིག་དོན། །གཉིས་སོགས་འཇིག་བཀོད་སྦྱར་བའི་དོན་གཞན་བཀོད། །སྐྱོན་ལྡན་དཔལ་བསྐྱེད་བསྒྲུབ་བྱ་སྒྲུབ་བྱེད་ཀྱང༌། །སྐྱོན་ལྡན་དཔལ་བསྐྱེད་བཀོད་དེ་འགལ་དོན་གཞན། །དོན་དེས་མི་འོས་བསྒྲུབ་བྱ་སྒྲུབ་བྱེད་གཞན། །མི་འོས་རྗེས་བཀོད་མི་འོས་དོན་གཞན་བཀོད། །འོས་པའི་བསྒྲུབ་བྱ་བཀོད་རྗེས་གཞན་འོས་པའི། །སྒྲུབ་བྱེད་མཚུངས་པ་བཀོད་དེ་འོས་དོན་གཞན། །གཉིས་ཀྱིས་འོས་དང་མི་འོས་གཉིས་བསྒྲུབ་བྱར། །བཀོད་རྗེས་རིམ་བཞིན་སྒྲུབ་བྱེད་དཔལ་དང་སྐྱོན། །ལྡན་བཀོད་འོས་དང་མི་འོས་དོན་གཞན་བཀོད། །གཉིས་ཀྱིས་མི་འོས་འོས་པ་གཉིས་བསྒྲུབ་བྱ། །སྒྲུབ་བྱེད་རིམ་བཀོད་མི་འོས་འོས་དོན་གཞན། །དོན་གཞན་བཀོད་པ་གསལ་བྱེད་དག །ཉུང་ངུས་མཚུངས་བྲལ་རྣམ་དབྱེ་བྱས། །དོན་གཞན་བཀོད་པའི་རྒྱན་གྱི་རབ་ཏུ་བྱེད་པ་སྟེ་བརྒྱད་པའོ། །
༈ ཨེ་མ་དབྱངས་ཀྱི་དཀྱིལ་འཁོར་དུ། །ཤེས་བྱའི་རི་བོང་མཚན་མ་ཅན། །ངག་གི་ལྷ་མོ་ལ་བཏུད་ནས། །ལྡོག་ཅན་རྒྱན་ཡང་དབྱེ་བར་བྱ། །སྒྲའམ་ཤུགས་དང་སྐབས་ཐོབ་ཅི་རིགས་ཀྱིས། །དཔེ་དོན་མཚུངས་པར་འཇལ་ཀྱང་ཁྱད་ཅིག་གིས། །མི་མཚུངས་འབྱེད་བྱེད་སྒྲ་ལྡན་ལྡོག་ཅན་རྒྱན། །དུ་མའི་ཆོས་མཚུངས་བསྟན་ཀྱང་ཁྱད་ཅིག་གིས། །དཔེ་ལས་དོན་འབྱེད་གཅིག་གི་ལྡོག་པ་ཅན། །མཚུངས་པ་བསྟན་ཀྱང་དཔེ་དོན་གཉིས་ཀ་ཡི། །འབྱེད་བྱེད་ཐ་དད་གཉིས་བསྟན་གཉིས་ཀའི་ལྡོག །དཔེ་དང་དཔེ་ཅན་གཉིས་ཀར་སྒྲ་སྦྱར་བའི། །མཚུངས་པའི་སྒྲ་ལྡན་འབྱེད་བྱེད་སྦྱར་ཅན་ལྡོག །འདི་ལ་གཉིས་ལས་མི་ཉུང་སྒྲ་སྦྱར་དགོས། །དུ་མས་མཚུངས་ཀྱང་འགོག་བྱེད་ཁྱད་ཅིག་གིས། །མཚུངས་པ་འགོག་དེ་འགོག་ཅན་ལྡོག་པ་ཅན། །ཆོས་འགའ་མཚུངས་ཀྱང་རྟགས་སུ་དོན་ཁྱད་ཆོས། །བཀོད་པས་འབྱེད་གང་གཏན་ཚིགས་ཅན་ལྡོག་པ། །དཔེ་དང་དོན་ལ་སྒྲ་དག་ཐུན་མོང་དུ། །འཇུག་པར་མཚུངས་ཀྱང་ཁྱད་པར་ཆོས་གཞན་གྱིས། །འབྱེད་ཕྱིར་འདི་ལྔ་མཚུངས་པའི་ལྡོག་ཅན་འདོད། །སྒྲ་ཡིས་མ་ཡིན་ཤུགས་ལ་མཚུངས་རྟོགས་གང༌། །རྟོགས་མཚུངས་ལྡོག་ཅན་འདོད་དེ་དབྱེ་ན་གཉིས། །དཔེ་དོན་ཁྱད་པར་རྟེན་གྱི་སྒོས་འབྱེད་པའི། །སྒྲ་ལྡན་ཤུགས་མཚུངས་རྟོགས་ཏེ་རྟེན་ཅན་ལྡོག །དོན་གྱི་ལྷག་ཁྱད་བསྟན་པའི་འབྱེད་བྱེད་སྒྲས། །མཚུངས་པར་ཤུགས་རྟོགས་དཔེ་ལས་དོན་ལྷག་ལྡོག །མཚུངས་པའི་ཆོས་ཀྱིས་འབྱེད་བྱེད་སྒྲ་ལྡན་གང༌། །འབྱེད་བྱེད་མཚུངས་པའི་ལྡོག་ཅན་འདོད་དེ་གཉིས། །མཚུངས་ཆོས་དངོས་བསྟན་འབྱེད་བྱེད་མཚུངས་པ་ཡང༌། །ཟིན་གང་ཆོས་དང་འབྱེད་བྱེད་སྒྲས་ཟིན་ལྡོག །མཚུངས་ཆོས་མ་ཟིན་དཔེ་དོན་འབྱེད་བྱེད་ཟིན། །ཆོས་མ་ཟིན་དང་འབྱེད་བྱེད་སྒྲས་ཟིན་ལྡོག །ཆོས་དེར་རིགས་སུ་མཐུན་ཀྱང་དོན་གྱི་ཁྱད། །འབྱེད་བྱེད་དཔེ་ཡིས་མིན་གང་རིགས་མཐུན་ལྡོག །འདིར་ནི་མཚུངས་ཀྱང་འབྱེད་བྱེད་སྒྲ་ཡོད་པས། །དཔེ་རྒྱན་སྐྱོན་གྱིས་རེག་མིན་དེ་བས་ན། །ཀ་ཡི་སྦུག་འཐུམ་མ་མཛད་བྱ་གཤོང་པ། །ལྡོག་ཅན་རྒྱན་གྱི་རྣམ་དབྱེ་མཚར་སྡུག་བཞིན། །བླ་མའི་གསུང་གི་མེ་ལོང་ལ་གབས་གང༌། །རྣམ་དཔྱོད་དར་གྱིས་ཕྱི་བདར་ལེགས་བྱས་ནས། །བསྟན་ཚེ་སྲིད་གསུམ་ཁེངས་པ་འཕྲོག་སྙམ་བྱེད། །ཁྱོད་གསུང་རིན་ཅེན་ལྡ་ལྡིའི་ཕུན་ཚོགས་གཟི། །བསྔགས་བརྗོད་དར་གྱི་ལྷབ་ལྷུབ་གཡོ་བ་གང༌། །མང་ཐོས་གནག་སྣུམ་རལ་པའི་རྒྱན་བྱས་ཚེ། །གཞན་སེམས་དུག་ཞི་ལུགས་འདིའི་གྲགས་སྙན་འབར། །ལྡོག་ཅན་རྒྱན་གྱི་རབ་ཏུ་བྱེད་པ་སྟེ་དགུ་པའོ། །
༈ མཚུངས་བྲལ་མགུར་གྱི་དུང་ལས་ཚངས་པའི་དབྱངས། །བདུན་ལྡན་འགུག་མཁས་ཡེ་ཤེས་དབང་མོ་ཀྱཻ། །མགྲིན་པའི་འོ་མཚོར་རོལ་པར་རྟག་མཛོད་དང༌། །སྲིད་ཅན་བསྡུས་བརྗོད་ཕུལ་བྱུང་གསལ་བར་བྱ། །གྲགས་པའི་རྒྱུ་བཟློག་རྒྱུ་གཞན་ཅུང་ཟད་དམ། །གྲགས་དང་གྲགས་མིན་ལ་ལྟོས་མིན་གང་དུ། །རང་གི་ངོ་བོ་སྟོན་གང་སྲིད་པ་ཅན། །གྲགས་རྒྱུ་འགའ་བཟློག་ཕྱི་རྒྱུ་ཅུང་ཟད་སྒོས། །རང་གི་སྐབས་སྟོན་གྲགས་བཟློག་ཕྱི་སྲིད་ཅན། །ཡོངས་གྲགས་འགའ་བཟློག་ནང་རྒྱུ་ཅུང་ཟད་སྒོས། །གང་སྟོན་ཡོངས་གྲགས་རྒྱུ་བཟློག་ནང་སྲིད་ཅན། །གྲགས་ཆེན་གྲགས་ཆུང་རྒྱུ་གཉིས་བཟློག་པའི་སྒོས། །དེ་སྟོན་གྲགས་དང་མ་གྲགས་བཟློག་སྲིད་ཅན། །རྟོག་བཏགས་ཆུ་ཤིང་ཇི་བཞིན་སྤང་བྱས་ནས། །མཁས་པའི་གཞུང་བཞིན་སྲིད་རྒྱན་ལེགས་པར་བཤད།
༈ བརྗོད་འདོད་དཔེ་ཅན་གང་ལ་བསམ་བྱས་ནས། །མཚུངས་པའི་དཔེ་དག་ངག་ཏུ་བརྗོད་པའི་སྒོས། །དཔེ་ཅན་བསྡུས་བརྗོད་ཚུལ་གྱིས་བརྗོད་པ་གང༌། །དེ་འདྲ་བསྡུས་བརྗོད་ཞེས་བྱའི་རྒྱན་དུ་བརྗོད། །དཔེ་ཅན་ལ་བསམ་དཔེ་ལ་སྨྲས་པ་ཡིས། །དོན་བསྡུས་འདི་འདྲའི་བསྡུས་བརྗོད་སྤྱིར་བསྟན་མཛད། །དོན་དང་དཔེ་གཞི་ཐ་དད་ཁྱད་པར་ཆོས། །ཐུན་མོང་ཅན་བསམ་དཔེ་ལ་སྨྲས་པ་གང༌། །ཁྱད་གཞི་ཐ་དད་ཁྱད་ཆོས་མཚུངས་བསྡུས་བརྗོད། །ཁྱད་གཞི་ཐ་དད་ཁྱད་ཆོས་འགའ་ཐུན་མོང༌། །ཐུན་མོང་མིན་པ་དཔེ་ལ་བརྗོད་པའི་སྒོས། །དོན་བསྡུས་གཞི་ཐད་ཆོས་མཚུངས་མི་མཚུངས་བསྡུས། །དོན་གྱི་མི་ལྡན་ཆོས་འགའ་ལ་བསམ་ནས། །ཁྱད་ཆོས་དེ་བྲལ་དཔེ་སྔོན་མི་སྲིད་པ། །བརྗོད་ནས་དོན་བསྡུས་སྔོན་མེད་བསྡུས་བརྗོད་རྒྱན། །བསྡུས་བརྗོད་ཚུལ་ལ་གཞན་གྱིས་དོན་བྲལ་དག །སྨྲས་རྣམས་བཏང་སྙོམས་བྱས་ནས་གཞུང་བཞིན་བཤད། །
༈ འཇིག་རྟེན་མཚམས་ལས་བརྒལ་བའི་འུར་ཆེན་གྱིས། །དོན་གྱི་ཁྱད་པར་སྟོན་ཏེ་ཕུལ་བྱུང་རྒྱན། །འུད་བྱས་འུད་བྲལ་འདིར་གཅིག་མ་དམིགས་ཕྱིར། །རང་བཞིན་བརྗོད་དང་ཕུལ་བྱུང་གཞི་མཐུན་འཁྲུལ། །དོན་གྱི་ཁྱད་པར་འགའ་བསྔགས་དེ་ཡི་ཁྱད། །ལྷག་པའི་དཔེ་ལ་མེད་ཅེས་འུད་བརྗོད་པ། །གང་ཞིག་ཁྱད་འཕགས་ཕུལ་བྱུང་རྒྱན་དུ་བརྗོད། །དེའི་ཁྱད་སྟོན་སླད་དེ་ལ་ཐེ་ཚོམ་ཞེས། །འུད་ཀྱིས་བརྗོད་གང་ཐེ་ཚོམ་ཕུལ་བྱུང་འདོད། །འུད་ཀྱིས་ངེས་པ་རྙེད་དཀའ་ལྟར་སྨྲས་ནས། །རེག་པས་ངེས་ཞེས་འུད་བྱས་ངེས་པ་ཕུལ། །གང་ཞིག་གིས་ཀྱང་མི་དཔོགས་མི་གཞལ་ཏེ། །འདིར་ཤོང་མཚར་ཞེས་འུད་བྱས་ངོ་མཚར་འཕྲུལ། །མཛེས་རྒྱན་སྐབས་སུ་ལག་པ་ལྟ་བུ་ཞིག །གང་དུ་འཇུག་བཞིན་དེར་མི་ཤོང་ཞེས་འུད། །སྐབས་འདིར་ལག་པ་ལྟ་བུ་ཆེ་གྲགས་པ། །གང་དུ་མི་ཤོང་བ་དེ་འདིར་ཆུད་པ། །མཚར་ཞེས་འུད་བྱས་ཁྱད་ཡོད་འཁྲུལ་མི་དགོས། །རྒྱན་འདྲེས་སྤྲོ་ན་དཔེ་རྒྱན་སོ་གཉིས་དང༌། །སྦྱར་བའི་ཕུལ་བྱུང་ཇི་བཞིན་རྒྱན་འདྲེས་པ། །བགྲང་ལས་འདས་པ་འབྱུང་ཕྱིར་བློ་གྲོས་ཀྱིས། །དཔགས་ནས་ལེགས་པར་སྦྱར་ཚུལ་མཐའ་ཇི་ཞིག །བཤད་དང་འཆད་འགྱུར་མི་དམན་ངག་ལས་ཀྱང༌། །འདི་འདྲ་ཕུལ་བྱུང་གྲགས་པའི་རོ་ལྡན་པས། །མཚུངས་བྲལ་གཅིག་པུའི་ལམ་དུ་བསྔགས་པར་བྱེད། །དེ་ཕྱིར་དེ་ཡང་གསུང་ངག་བཞིན་དུ་བྱས། །སྲིད་པ་ཅན་གྱི་དང་བསྡུས་བརྗོད་ཕུལ་བྱུང་གི་རབ་ཏུ་བྱེད་པ་སྟེ་བཅུ་པའོ། །
༈ ལྷ་དང་མི་རྣམས་ཀུན་གྱི་མེས་པོ་ཡིས། །ཆོས་དང་སྲིད་པའི་ངོ་མཚར་ཀུན་བསྡུས་ནས། །གསུང་གི་དབང་མོར་སྤྲུལ་དེའི་ཞབས་སྐྱེས་དཔལ། །མགྲིན་མཚོར་བྱིན་ལས་སྐལ་བ་མཆོག་གྲུབ་མཛོད། །སྙན་ངག་མཁན་གྱི་བདོག་པའི་མཆོག་གཅིག་པུ། །རབ་རྟོག་རྒྱན་གྱི་མཚན་ཉིད་གསལ་བར་བྱ། །སེམས་དང་ལྡན་ནམ་གཅིག་ཤོས་ཅི་རིགས་ཀྱི། །རྣམ་པ་གཞན་དུ་གནས་ལ་སྒྲོ་བཏགས་ནས། །རྣམ་པ་གཞན་བརྗོད་རབ་རྟོགས་སྒྲ་ལྡན་དག །རབ་རྟོག་རྒྱན་ཏེ་དབྱེ་ན་རྣམ་པ་གསུམ། །སེམས་ལྡན་དེ་ཡི་ཆོས་གང་གཞན་གནས་པར། །རྣམ་པ་གཞན་དུ་སྒྲོ་བཏགས་རབ་རྟོག་གི །སྒྲ་ལྡན་དེ་ནི་སེམས་ལྡན་རབ་རྟོག་འདོད། །སེམས་མེད་གང་གི་གནས་ཚུལ་ལ་བརྟགས་ནས། །རྣམ་པ་གཞན་བརྗོད་རབ་རྟོག་སྒྲ་ལྡན་དག །སེམས་མེད་རབ་རྟོག་རྒྱན་དུ་ཁོ་བོ་འདོད། །སེམས་མེད་པ་ལ་སེམས་ལྡན་ཆོས་བཀོད་སྒྲ། །འཛིན་ལྡན་རྣམ་པ་གཞན་དུ་སྒྲོ་བཏགས་དག །རབ་རྟོག་བཞིན་སྒྲ་ལྡན་དག་ཏིང་འཛིན་གྱི། །རབ་རྟོག་འདོད་དེ་བཞིན་སྒྲས་ཁ་ཅིག་འདིར། །དཔེ་རུ་འཁྲུལ་ན་ལགས་འམ་ཀུན་བཤད་ཀྱི། །ཏིང་གི་མཐའ་ཡིན་དཔེ་ལ་དེ་ཕན་ཕྱིར། །དོན་དང་དཔེ་གཉིས་སོ་སོར་མེད་པའི་ཕྱིར། །ཚིག་དོན་གང་ལའང་འདིར་ནི་འཁྲུལ་མི་དགོས། །སྙམ་དང་དོགས་དང་ངེས་དང་འདྲ་མིན་ནམ། །བཞིན་དང་ཡང་སོགས་རབ་རྟོག་སྒྲ་རུ་འདོད། །ཁ་ཅིག་དཔེ་སྒྲ་ཕལ་ཆེར་འདོད་ན་ཡང༌། །དཔྱད་ན་ཀུན་རྫོབ་ཆོས་ཀྱི་མཚན་ཉིད་གྱུར། །ལེའུ་དང་ཏིང་འཛིན་རབ་རྟོག་སྒྲ་མེད་ཅིང༌། །འདིར་ནི་རབ་རྟོག་སྒྲ་དགོས་གཅེས་པར་ཟུངས། །རབ་རྟོག་རྒྱན་གྱི་རྒྱུ་སྐར་ཕྲེང༌། །ལེགས་བཤད་བདུད་རྩིའི་འོད་ཅན་དང༌། །འགྲོག་པའི་ཡིད་ཀྱི་ཀུ་མུད་ཁ། །ཐུབ་བསྟན་རྒྱན་དུ་མཛེས་པར་ཕྱེ། །ཞེས་རབ་རྟོག་རྒྱན་གྱི་རབ་ཏུ་བྱེད་པ་སྟེ་བཅུ་གཅིག་པའོ། །
༈ ཚོགས་གཉིས་ཆུ་གཏེར་ལས་འོངས་པའི། །རྒྱལ་ཡུམ་འཆི་མེད་བདུད་རྩི་དེས། །སྙིང་བུམ་སྐལ་བཟང་བྱས་པ་ལས། །གྲུབ་པའི་རྒྱུད་མང་དབྱངས་སུ་ལེན། །བྱེད་པོ་ཤེས་བྱེད་དངོས་བཏགས་རྒྱུ་ཅི་རིགས། །གཙོ་བོར་སྟོན་གང་རྒྱུ་ཡི་རྒྱན་དུ་འདོད། །རྒྱུ་འབྲས་གཉིས་ཀ་རྩལ་སྟོན་མི་དགོས་ཀྱང༌། །བསྟན་ན་འཁྲུལ་བྲལ་ལེགས་བཤད་དབྱངས་སུ་ལེན། །དབྱེ་ན་དངོས་པོ་དངོས་མེད་མཚར་རྒྱུ་གསུམ། །དང་པོ་ལ་ནི་བྱེད་པོ་ཤེས་བྱེད་གཉིས། །བྱེད་ལ་འགྲུབ་བྱེད་གཉིས་དང་ལས་རྒྱུ་གཉིས། །དངོས་པོ་གང་གིས་སྔར་མེད་དགའ་སྐྱེད་དག །སྐྱེད་བྱེད་འགྲུབ་པའི་རྒྱུ་རུ་འདོད་པར་བྱ། །དངོས་པོ་གང་གིས་ཆོས་གཞན་ཉམས་བྱས་དག །སྟོན་གང་ཉམས་བྱས་འགྲུབ་པའི་རྒྱན་དུ་འདོད། །དཔྱིས་ཀྱི་ས་བོན་རྒྱུར་བྱས་སྟོན་དུས་ཀྱི། །ནས་སྐྱེས་ལྟ་བུ་འགྲུབ་བྱེད་རྒྱུ་ཡི་རྒྱན། །འགྱུར་བྱ་སྣམ་དཀར་འགྱུར་བྱེད་རྒྱུ་ཚོན་གྱིས། །འབྲས་བུ་ཁ་དོག་རྣམ་འགྱུར་རྒྱུ་དང་འབྲས། །ཐོས་བསམ་ལྟ་བུའི་ལས་དེ་བྱ་བའི་རྒྱུ། །མཁས་གྱུར་གཞན་གྱིས་གུས་སོགས་བྱ་བའི་འབྲས། །རྡོ་རྗེ་ལྟ་བུའི་དཀའ་གནས་འདི་སྐོར་ལ། །འགྲེལ་བ་མཁན་རྣམས་མི་སྨྲའི་བརྟུལ་ཞུགས་དང༌། །འགའ་ཞིག་སྨྲ་ཡང་བྱེ་མའི་ཁང་བུ་རྩིག །འགྱུར་བྱ་གང་ལ་འགྱུར་བྱེད་རྒྱུ་དག་གིས། །བསྒྱུར་བར་སྟོན་པ་རྣམ་འགྱུར་རྒྱུ་ཡི་རྒྱན། །ཐོབ་བྱ་གང་ཞིག་ཐོབ་བྱེད་བྱ་བ་དེས། །ཐོབ་པར་སྟོན་པ་ཐོབ་བྱའི་རྒྱུ་ཡི་རྒྱན། །ཤེས་བྱེད་རྒྱུ་ལ་ཕྱིན་ནང་ཤེས་བྱེད་གཉིས། །གང་ཞིག་བརྗོད་པས་ཕྱི་ཡི་དུས་ལ་སོགས། །གང་ཡིན་ཤེས་འགྱུར་ཕྱི་ཡི་ཤེས་བྱེད་རྒྱུ། །ཁྱད་པར་གང་ཞིག་བརྗོད་པས་སྐྱེས་བུ་དེའི། །ནང་གི་ཁྱད་རྟོགས་ནང་གི་ཤེས་བྱེད་རྒྱུ། །དགག་པའི་ཚིག་དག་བརྗོད་པའི་ཁྱད་པར་དེས། །གང་ཞིག་གཞན་ཐོབ་སྟོན་པ་དངོས་མེད་རྒྱུ། །མེད་རྒྱུས་འབྲས་བུ་ཡོད་མེད་སྐྱེད་པ་ལྔ། །སྔ་ནས་མེད་པའི་ཁྱད་པར་དག་བརྗོད་ནས། །གདུང་སོགས་སྐབས་སྟོན་སྔ་ནས་མེད་བྱེད་རྒྱུ། །དངོས་པོ་འགའ་ཞིག་ཞིག་པས་ཁྱད་པར་གཞན། །འཐོབ་སྟོན་ཞིག་ནས་མེད་པའི་བྱེད་རྒྱུའི་རྒྱན། །གང་གི་ཁྱད་པར་གང་ལ་མེད་པ་ཡིས། །གཞན་འཐོབ་བརྗོད་པ་ཕན་ཚུན་མེད་པའི་རྒྱུ། །དངོས་པོ་གང་དག་སྤངས་པས་གཞན་འཐོབ་པ། །བརྗོད་གང་སྤངས་ནས་མེད་པའི་བྱེད་རྒྱུའི་རྒྱན། །རྒྱུ་ལ་དགག་ཚིག་བརྩེགས་ལྡན་མཐའ་བཟུང་དེས། །འབྲས་བུ་མ་འོངས་མེད་པ་ཞིག་སྐྱེད་པ། བརྗོད་གང་རྒྱུ་མེད་པས་ནི་འབྲས་མེད་བསྐྱེད། །རིགས་སོགས་དངོས་པོ་མ་གོམས་སོགས་དངོས་མེད། །དོན་ཡིན་གང་གིས་སྔར་མེད་ལ་སོགས་པའི། །རང་བཞིན་གྱུར་པའི་དངོས་པོ་ཡི་ནི་རྒྱུ། རྒྱུ་འབྲས་ལྷན་ཅིག་སྐྱེས་ལ་སོགས་པ་རུ། །བརྗོད་པས་ཡ་མཚན་སྟོན་གང་མཚར་བའི་རྒྱུ། །དབྱེ་ན་གྲངས་མེད་དངོས་བསྟན་རིང་འབྲས་དང༌། །རྒྱུ་འབྲས་ལྷན་ཅིག་སྐྱེས་དང་དེ་རྗེས་སྐྱེས། །རིགས་པ་མིན་པས་བསྐྱེད་དང་རིགས་པས་བསྐྱེད། །གང་གིས་གང་ལ་འཕངས་པས་དེ་ལས་གཞན། །རིང་ན་གནས་ཀྱང་བཅོམ་སོགས་སྟོན་པའི་ངག །རྒྱུ་རིང་གིས་ནི་འབྲས་རིང་སྐྱེད་པར་བཤད། །རྒྱུ་དེ་དག་དང་དེ་སྐྱེས་ལྷན་ཅིག་སོགས། །སྟོན་གང་རྒྱུ་འབྲས་ལྷན་ཅིག་མཚར་རྒྱུའི་རྒྱན། །འབྲས་བུ་སྔར་སྐྱེས་བསྟན་ནས་དེ་རྗེས་སུ། །འཕེལ་རྒྱུ་སྐྱེས་པར་སྟོན་པའི་ངག་གང་ཞིག །འབྲས་བུ་སྔར་སྐྱེས་དེ་མ་ཐག་རྒྱུར་སྐྱེས། །སྣང་བས་སྲིན་བྱར་མུན་པ་བསྐྱེད་ལྟ་བུའི། །རིགས་མིན་རྒྱུ་འབྲས་སྟོན་གང་རིགས་མིན་རྒྱུ། །ཟླ་བས་པད་ཟུམ་ལྟ་བུ་སྐྱེད་འོས་པའི། །རྒྱུ་འབྲས་སྟོན་གང་རིགས་སྐྱེད་མཚར་རྒྱུའི་རྒྱན། །རྒྱུ་རྒྱན་རྡུལ་ཕྲན་གྲངས་ལྡན་བློས་དཔྱད་ནས། །སྣ་ཚོགས་སྦྱར་བའི་འཇོ་སྒེག་གར་བསྒྱུར་ན། །ཤེས་ལྡན་གཟིགས་མོར་ཆེ་མོད་བྲིས་བཤུས་ཙམ། །ལྷུར་ལེན་རྣམས་ལ་སྙན་ངག་དྲི་མི་བྲོ། །འཕགས་ཡུལ་དཎྜིས་བརྟུལ་ཞུགས་གཞན། །བཏང་སྟེ་དབྱངས་ཅན་མགྲིན་པའི་མཚོར། །བཟུང་བཞིན་ངུར་སྨིག་གར་མཛད་པས། །ལེགས་བཤད་དཀྱིལ་འཁོར་ཡོངས་སུ་རྫོགས། །ཞེས་རྒྱུ་རྒྱན་གྱི་རབ་ཏུ་བྱེད་པ་སྟེ་བཅུ་གཉིས་པའོ། །
༈ ཆོས་དང་ཆོས་ཉིད་དབྱེར་མེད་པའི། །ཡེ་ཤེས་སྒྱུ་མའི་འཇོ་སྒེག་གིས། །རྨོངས་པའི་ཡམས་ནད་ཀུན་སེལ་བའི། །གསུང་གི་དབང་མོ་དེ་ལ་འདུད། །སྙན་ངག་མཛེས་པའི་རྒྱན་གྱི་མཆོག །ཕྲ་མོ་ཆ་དང་རིམ་པའི་རྒྱན། །འཁྲུལ་བྲལ་ལམ་དུ་དམ་པ་བཞིན། །བདེ་བླག་འཇིག་འདི་དང་དུ་ལོང། །ཕྱི་ནང་རྣམ་འགྱུར་བརྡའ་སོགས་ཀྱིས། །ངག་ལ་མ་ལྟོས་སྐབས་ཀྱི་དོན། །སྟོན་པའི་རོ་ལྡན་ཕྲ་མོ་བཤད། །དེ་ལ་ཟུར་དང་རྣམ་པའི་གཉིས། །གང་ཞིག་གང་ལ་ཆགས་པ་ལྟ་བུ་སོགས། །མཐོང་ཚེ་སྨྲ་སྤངས་པདྨ་ཟུམ་སོགས་བརྡས། །གང་གི་སྐབས་སུ་རེ་བ་སྐོང་བར་སྟོན། །དེ་འདྲ་ཟུར་གྱི་ཕྲ་མོ་བདག་ཅག་འདོད། །གང་གི་བསམ་པ་གང་ལ་མ་བརྗོད་ཀྱང༌། །འཛུམ་སོགས་རྣམ་འགྱུར་ཞིག་གིས་དེ་སྟོན་པ། །འདི་འདྲ་རྣམ་པའི་ཕྲ་མོ་ཡིན་པར་འདོད། །བསྡུས་བརྗོད་དོན་ལ་བསམ་ནས་དེ་འདྲ་བའི། །དཔེ་ཉིད་བརྗོད་དགོས་འདི་ནི་ཚིག་མེད་པར། །བརྡའ་འམ་མདངས་ཙམ་ཞིག་གིས་སྟོན་པ་ཁྱད། །
༈ རང་བཞིན་གསལ་བ་སྦ་དགོས་སྒྲིབ་བྱའི་དོན། །སྒྲིབ་བྱེད་ཟོལ་ལམ་ཆ་ཡིས་ཁ་བསྒྱུར་ནས། །སྒྲིབ་པའི་དག་ནི་ཆ་ཡི་རྒྱན་ཡིན་གཉིས། །འོས་པའི་དངོས་པོ་གསལ་བའི་སྒྲིབ་བྱའི་དོན། །འོས་པའི་སྒྲིབ་བྱའི་དེ་མཐུན་ཟོལ་སྨྲས་ངག །ཟོལ་གྱིས་སྦེད་པ་འོས་པའི་ཆ་ཡི་རྒྱན། མི་འོས་དངོས་པོ་གསལ་བའི་སྒྲིབ་བྱའི་དོན། ཟོལ་གྱིས་སྒྲིབ་བྱེད་གཞན་གྱིས་སྒྲིབ་སྨྲས་ངག །ཟོལ་གྱིས་སྦེད་པ་མི་འོས་ཆ་ཡི་རྒྱན། སྒྲིབ་བྱའི་སྐྱོན་སོགས་སྒྲིབ་བྱེད་བསྟོད་སོགས་ཀྱིས། །ཟོལ་གྱིས་གླེང་བ་སྨད་པའི་ཟོལ་གྱི་ཆ། །སྒྲིབ་བྱེད་ཟོལ་སྨད་ཚིག་གི་ཤུགས་བསྟན་དུ། །འཇམ་སོགས་ཡོན་ཏན་སྟོན་པ་བསྟོད་པའི་ཆ། །
༈ དངོས་པོ་འགའ་ཞིག་སྔོན་ལ་བསྟན་པ་རྣམས། །གྲངས་དང་རིམ་པ་མ་ནོར་རྗེས་སྟོན་པ། །གྲངས་བཞིན་ཅན་ནམ་རིམ་པ་ཅན་དུ་འདོད། །རིམ་བཞིན་འཇལ་ཕྱིར་དཔེ་སོགས་ལ་འཁྲུལ་ནས། །དཔེ་དང་རྒྱན་གཞན་མཚན་ཉིད་ཚང་ན་ཡང༌། །འདིར་ནི་དོན་རྣམས་སྔོན་དུ་རིམ་བཀོད་པ། །ཕྱི་ནས་རིམ་བཞིན་དཔེས་ཀྱང་འཇལ་བ་ཉིད། །གཙོ་བོར་ལེན་ཕྱིར་འདྲེས་ཀྱང་སྐྱོན་མེད་ལ། །གཙོ་བོའི་སྒོ་ནས་རིམ་པ་ཅན་དུ་འཇོག །མཚུངས་མེད་ཕྲ་དང་ཆ་རིམ་རྒྱན་གྱི་འཛམྦུའི་གསེར། །འཁྲུལ་བ་བྱི་དོར་བགྱིས་པའི་གཟི་འོད་འབར་བ་ཡིས། །ཉི་མས་གཟི་བརྗིད་འཕྲོག་པར་དོགས་ནས་བྲོས་པ་ལ། །ཟླ་བ་སྐར་བཅས་འདུས་ནས་རྒོད་ལ་བྲེལ་བ་བཞིན། །ཞེས་ཕྲ་མོ་དང་ཆ་དང་རིམ་ཅན་གྱི་རབ་ཏུ་བྱེད་པ་སྟེ་བཅུ་གསུམ་པའོ། །
༈ རྒྱལ་བ་ཀུན་གྱི་ཡོན་ཏན་གཟུགས་ཅན་བཞིན། །མཛེས་སྡུག་ལྷ་མོར་ངེས་བསྟན་གསུང་དབང་མས། །མགྲིན་པ་ལྷ་བརྒྱའི་འདུན་སར་བྱས་པ་ལས། །ལེགས་བཤད་གན་མཛོད་ངོ་མཚར་འགོག་མེད་སྟོན། །དགའ་དང་ཉམས་ལྡན་གཟི་བརྗིད་ཅན། །མཁས་པ་ཡོངས་ཀྱིས་འཛིན་མ་བཞིན། །བསྟེན་འོས་རྒྱན་དེ་རྫོགས་ལྡན་དུ། །འགོད་མཁས་ང་ལས་ནུ་འམ་ཅི། །ཁྱད་འཕགས་ཉམས་ལྡན་དགའ་བ་བརྗོད་པའི་ངག །དགའ་བའི་རྒྱན་ཏེ་དེ་ལ་རྣམ་པ་གཉིས། །དགའ་བའི་ཡུལ་ཐོབ་པ་ལས་དངོས་སུ་ནི། །ཁྱད་འཕགས་དགའ་བ་བརྗོད་པ་དངོས་ཐོབ་དགའ། །དགའ་ཡུལ་གཟུགས་བརྙན་ཙམ་ལའང་ལྷག་དགའ་ངག །གཟུགས་བརྙན་དགའ་བའི་རྒྱན་ཞེས་བྱ་བར་འདོད། །
༈ སྒེག་སོགས་ཁྱད་འཕགས་ཡིད་འོང་ཉམས་ལྡན་ངག །ཉམས་ལྡན་རྒྱན་ཏེ་དེ་ལ་རྣམ་པ་བརྒྱད། །འབྱོར་མཁས་མཛེས་སྡུག་སྒྱུ་རྩལ་ལ་སོགས་ཀྱིས། །དྲེགས་པས་ཕྱི་རོལ་སྒེག་པ་དགའ་བའི་སྒེག །ནང་དུ་ཁྲོས་པའི་ཉམས་ཀྱིས་ཕྱི་རོལ་ཏུ། །དྲག་ཤུལ་ཆེ་བར་སྟོན་གང་དྲག་ཤུལ་ཉམས། །ནང་དུ་དཔའ་བའི་སྤྲོ་ཉམས་ཆེན་པོ་ཡིས། །ཆེན་པོའི་ལམ་ཐོབ་སྟོན་གང་དཔའ་བའི་ཉམས། །སྡུག་བསྔལ་རྒྱུ་དང་སྡུག་བསྔལ་ལ་སྤྱོད་སོགས། །སྙིང་རྗེའི་ངག་ཏུ་གླེང་བ་སྙིང་རྗེའི་ཉམས། །མི་གཙང་ཟ་སོགས་སྟོན་གང་མི་སྡུག་ཉམས། །ནང་ན་བཀོད་པའི་ཉམས་ཀྱིས་ཀླད་ཆུང་ལ། །བློ་ཤེད་ཅན་འབོད་ལྟ་བུ་བཞད་གད་ཉམས། །ཕྱི་ནང་འབྱོར་སོགས་སྔོན་མེད་ལྟ་བུ་ཡི། །ལེགས་པར་ངོ་མཚར་རྨད་དུ་བྱུང་བའི་ཉམས། །འཇིགས་ཤིང་སྐྲག་པའི་རྒྱུ་ནི་ཆེན་པོ་ལ། །འཇིགས་པ་ཆེར་སྐྱེས་སྟོན་པ་འཇིགས་རུང་ཉམས། །ས་རྒ་དང་པོར་གྲོང་མིན་བརྗོད་བྱའི་ཉམས། །འདིར་ནི་སྒེག་སོགས་བརྒྱད་ལ་དབང་བྱས་ཤིང༌། །ཚིག་ཀྱང་ཉམས་ལྡན་རོ་ཡིས་གང་བ་བྱས། །
༈ ནང་གི་ང་རྒྱལ་གཟི་བརྗིད་ཆེན་པོ་ཡིས། །ང་རྒྱལ་ཚིག་སྨྲས་གཟི་བརྗིད་ཅན་གྱི་རྒྱན། །ཆོས་ཀྱི་ང་རྒྱལ་ཚིག་སྨྲས་ཆོས་ཀྱི་དང༌། །འཇིག་རྟེན་དཔའ་རྩལ་ང་རྒྱལ་ཚིག་སྨྲས་པ། །འཇིག་རྟེན་གཟི་བརྗིད་ཅན་སོགས་འདོད་པར་བྱ། །བསྟན་བཅོས་འདི་ལ་རྒྱས་འགྲེལ་མཛད་རྣམས་ཀྱང༌། །ཕལ་ཆེར་བྲིས་བཤུས་ཚིག་ཟིན་པར་བཏབ་ལས། །བརྗོད་དོན་བྱུང་ན་འཆད་པོ་གངས་ཅན་འདིར། །སྔོན་ཆད་མ་བྱུང་བྱེད་པོས་བཀག་པར་ངེས། །ཕུལ་བྱུང་ཚིག་དོན་སྒེག་ལྡན་སྒྲའི་ལྷ་མོ། །མཚོ་ལས་མ་བྱུང་མེས་པོའི་ཞལ་ལས་མིན། །འཇིག་རྟེན་དབང་ཕྱུག་ཚེམས་ལས་མ་བྱུང་གང༌། །འཇམ་དབྱངས་བཞད་པའི་མགྲིན་མཚོ་ལས་འོངས་སྐད། །ཅེས་དགའ་དང་ཉམས་ལྡན་གཟི་བརྗིད་ཅན་གྱི་རབ་ཏུ་བྱེད་པ་སྟེ་བཅུ་བཞི་པའོ། །
༈ རྣམ་ཀུན་མཁྱེན་པའི་གཏིང་མེད་མཚོར། །ཐུགས་རྗེས་མཛེས་སྡུག་སྐུར་སྤྲུལ་པའི། །གསུང་གི་དབང་མོས་བདག་མགྲིན་མཚོར། །ལེགས་བཤད་འདབ་བརྒྱ་བཀྲ་བར་མཛོད། །རྣམ་གྲངས་བརྗོད་དང་ཀུན་ཕན་རྒྱ་ཆེ་དང༌། །བསྙོན་དོར་དང་བཅས་རྣམ་གསལ་བྲི་བར་བྱ། །གཞན་དོན་འགྲུབ་པའི་སླད་དུ་དེ་མིན་གཞན། །བརྗོད་པའི་ངག་ནི་རྣམ་གྲངས་བརྗོད་པར་འདོད། །དེ་ལ་དགེ་སོགས་གསུམ་མམ་ལུགས་གཉིས་སོ། །དོན་བསམ་མ་བརྗོད་དཔེ་བཀོད་བསྡུས་བརྗོད་རྒྱན། །བརྡའ་འམ་རྣམ་འགྱུར་ཙམ་གྱིས་ཕྲ་མོ་བྱས། །སྒྲིབ་བྱ་དེ་མཐུན་སྒྲིབ་བྱེད་བཀོད་པའི་ཆ། །འདིར་ནི་དེ་དང་འབྲེལ་མཚུངས་མེད་པ་གཞན། །སྒྲིབ་བྱེད་ཚིག་གིས་རྣམ་གྲངས་ཙམ་སྟོན་ཕྱིར། །དེ་དག་ཤར་ནུབ་འདྲེས་དོགས་ག་ལ་སེམས། །
༈ བྱ་བ་རྩོམ་ལ་སྐལ་བའི་སྟོབས་ལས་ཀྱང༌། །འགྲུབ་བྱེད་ཕུན་སུམ་ཚོགས་བྱེད་ཀུན་ཏུ་ཕན། །དེ་ལ་ཆོས་དང་འཇིག་རྟེན་ཀུན་ཕན་གཉིས། །
༈ བསམ་འབྱོར་ཅི་རིགས་ཆེན་པོ་བླ་མེད་གང༌། །རྒྱ་ཆེ་བ་སྟེ་དེ་ལ་རྣམ་པ་གཉིས། །སྙིང་སྟོབས་བློ་དང་བརྩེ་སོགས་ཅི་རིགས་པའི། །བསམ་པ་བླ་མེད་བསམ་པ་རྒྱ་ཆེའོ། །གནས་ལུས་ལོངས་སྤྱོད་བླ་མེད་འབྱོར་བར་བཤད། །
༈ གང་ཞིག་དངོས་དེ་མིན་ཞེས་བསྙོན་བྱས་ནས། །དོན་གཞན་ཅུང་ཟད་སྟོན་གང་བསྙོན་དོར་ཏེ། །དེ་ལ་ཆོས་ཡུལ་རང་བཞིན་ལ་བསྙོན་གསུམ། ཁྱད་ཆོས་དངོས་དེ་མིན་ཞེས་གཞན་ཡིན་པར། །ཁས་ལེན་དེ་འདྲ་ཆོས་ལ་བསྙོན་པར་བཤད། །རེག་སོགས་ཡུལ་ལ་དེ་མིན་ཞེས་བསྙོན་ནས། །རྣམ་པ་གཞན་དུ་གླེང་པ་ཡུལ་ལ་བསྙོན། །རང་བཞིན་བསིལ་བ་སོགས་ལ་དེ་མིན་ཞེས། །རང་བཞིན་གཞན་དུ་གླེང་བ་རང་བཞིན་ལའོ། །རྣམ་དཔྱོད་ཆུ་གཏེར་ཆེ་ལས་ཤེས་བྱའི་ཚོགས། །མ་འདྲེས་ཇི་སྙེད་འཆར་བའི་འཇུག་ངོགས་འདི། །འཇམ་དབྱངས་གཞོན་ནུས་དབྱངས་ཅན་དགྱེས་པའི་སླད། །སྤྲུལ་མོད་མེས་པོས་སྤྲུལ་ཞེས་རིག་བྱེད་གླེང༌། །ཞེས་རྣམ་གྲངས་བརྗོད་པ་ཀུན་ཕན་རྒྱ་ཆེ་བསྙོན་དོར་བཞིའི་རབ་ཏུ་བྱེད་པ་སྟེ་བཅོ་ལྔ་པའོ། །
༈ སྲིད་པ་གསུམ་ན་དཔེ་དང་འགྲན་པའི་ཟླ། །རྙེད་མིན་རྣམ་འདྲེན་གསུང་གི་དབང་མོ་ཁྱོད། །ཁོ་བོའི་མགྲིན་པར་བཞུགས་ལ་སྔོན་མེད་ཚིག །ལྷ་རྫས་རྣམ་པར་བཀྲ་བའི་མཛོད་ཕྱེ་ཞིག །མཁས་པ་ཀུན་གྱི་འཇུག་ངོགས་རྨད་དུ་བྱུང༌། །སྦྱར་བའི་རྒྱན་གྱི་མཚན་ཉིད་རབ་གསལ་བྱ། །ཚིག་གི་གཟུགས་གཅིག་པ་ལས་སྒྲ་དང་དོན། །གང་རུང་མཚུངས་པའི་ཕན་ཚུན་སྦྱར་བའི་གཞི། །སྦྱར་ཆོས་དུ་མའི་དོན་ལྡན་སྦྱར་བར་འདོད། །དེ་ནི་དགུ་སོགས་དུ་མའི་དབྱེ་བ་ཅན། །གཞི་དང་ཆོས་ལ་ཨུ་ད་ཡ་སོགས་ཚིག །གཅོད་མཚམས་གཅིག་པ་གཟུགས་གཅིག་ཐ་དད་མིན། །ནཀྵ་ཏྲཱ་སོགས་ཚིག་གི་གཟུགས་འདྲ་བ། །གཅོད་མཚམས་དབང་གིས་གཞི་དང་ཆོས་སོ་སོར། །འཇུག་པ་ཐ་དད་ཚིག་འདྲའི་སྦྱར་བའོ། །དཔེ་གཟུགས་འགོག་ལྡོག་གསལ་བྱེད་དེ་བྱས་ཟིན། །གཞི་དང་ཆོས་ཀྱི་སྦྱར་ཆོས་དུ་མས་གཙོར། །བྱ་བ་གཅིག་བྱེད་བྱ་བ་ཐ་དད་མིན། །དོན་དང་དཔེ་ཡི་སྦྱར་ཆོས་དུ་མས་ཀྱང༌། །བྱ་བ་འགལ་མིན་བྱ་བ་འགལ་མིན་སྦྱར། །གཞི་དང་ཆོས་ཀྱི་སྦྱར་བའི་ཚིག་གིས་ནི། །རྒྱས་ནུབ་ལྟ་བུའི་དོན་ལྡན་འགལ་བའི་ལས། །ཚིག་དེ་གཉིས་ཀར་སྦྱར་ཀྱང་གཅིག་ཤོས་གཞན། །མིན་ངེས་འདི་ལ་ངེས་འཇུག་ངེས་ཅན་སྦྱར། །ཀཎྜ་ཀ་སོགས་ཚིག་དོན་གང་རུང་གི །སྦྱར་ཆོས་གཅིག་ལ་ངེས་བསྟན་སླར་ཡང་དེ། །གཞན་ལའང་སྟོན་པ་ངེས་འགོག་སྦྱར་བའི་རྒྱན། །དོན་གང་སྦྱར་གཞི་སྦྱར་ཆོས་སོ་སོར་ནས། །དཔེ་རྣམས་ཀྱི་ནི་ཁྱད་གཞི་ཁྱད་ཆོས་དང༌། །མི་འགལ་སོ་སོར་སྦྱར་བ་འགལ་མེད་སྦྱར། །དོན་གང་སྦྱར་གཞི་སྦྱར་ཆོས་སོ་སོར་ནས། །དཔེ་རྣམས་གཞི་དང་གཅིག་ཏུ་སྦྱར་ནས་ཆོས། །འགལ་བ་དག་སྟོན་འགལ་བའི་སྦྱར་བའོ། །འདིར་ནི་སྦྱར་ལྡན་ལྡོག་ཅན་ལ་མེད་པས། །ལྡོག་ཅན་སྦྱར་བར་ཐལ་ཞེས་འཕེན་པ་འཁྲུལ། །གང་ལ་སྦྱར་ཀྱང་མཁས་པ་ཕལ་ཆེར་གྱི། །མགྲིན་པའི་དགུན་མཁར་སྒྲོགས་མིན་སྦྱར་རྒྱན་གྱི། །གཡུ་འབྲུག་ང་རོ་བསྒྲགས་ལ་གཟུར་གནས་རྣམས། །རྣམ་དཔྱོད་མདོངས་མཐའ་དགའ་བའི་གར་གྱིས་བྲེལ། །ཞེས་སྦྱར་རྒྱན་གྱི་རབ་ཏུ་བྱེད་པ་སྟེ་བཅུ་དྲུག་པའོ། །
༈ ཚོགས་གཉིས་ཆུ་གཏེར་ཆེ་ལས་བྱུང༌། །ཁྱོད་ཞལ་ཉ་ལྕིབ་ཁོག་ཡངས་ལས། །བཟུང་བའི་སྙན་ཚིག་མུཀྟི་ཀས། །བདག་མགྲིན་བསྔགས་པའི་ཡུལ་མཆོག་མཛོད། །ཁྱད་པར་བརྗོད་དང་མཚུངས་སྦྱོར་གྱི། །རྒྱན་གཉིས་རྣམ་དབྱེ་གསལ་ལྡན་བྲི། །ལྷག་པའི་ཁྱད་པར་རབ་ཏུ་བསྟན་པའི་ཕྱིར། །ཡོན་ཏན་རིགས་དང་བྱ་བ་སོགས་གང་དུ། །མ་ཚང་ཉིད་དུ་བསྟན་པ་ཁྱད་པར་བརྗོད། །དེ་ནི་ལྔ་སོགས་མང་པོའི་རྣམ་དབྱེ་འདོད། །འཇམ་སོགས་ཡོན་ཏན་མ་ཚང་ཁྱད་པར་རྒྱུས། །འབྲས་ཐོབ་དག་ནི་ཡོན་ཏན་ཁྱད་པར་བརྗོད། །རིགས་ཀྱི་ཁྱད་པར་འགའ་དང་མི་ལྡན་རྒྱུས། །འབྲས་བུ་བསྐྲུན་པ་རིགས་ཀྱི་ཁྱད་པར་བརྗོད། །ཁྲོ་སོགས་བྱ་བ་འགའ་ཞིག་མ་བྱས་ཀྱང༌། །རྒྱུ་དེས་འབྲས་ཐོབ་བྱ་བའི་ཁྱད་པར་བརྗོད། །རྫས་ཀྱི་ཁྱད་པར་འགའ་ཞིག་མ་ཚང་ཡང༌། །རྒྱུ་དེས་འབྲས་ཐོབ་རྫས་ཀྱི་ཁྱད་པར་བརྗོད། །ཁྱད་པར་འགའ་ཞིག་མ་ཚང་ཁྱད་པར་རྒྱུས། །འབྲས་བུ་བསྐྱེད་པ་རྒྱུ་ཡི་ཁྱད་པར་བརྗོད། །མ་བཤད་ངོ་བོའི་ཁྱད་པར་བརྗོད་སོགས་ཕྲེང༌། །རྒྱུ་སྐར་གྲངས་ལ་བལྟ་ཡི་འདིར་ཅི་དགོས། །
༈ བསྟོད་དམ་སྨད་པར་མིང་ངམ་རྣམ་གྲངས་ཀྱིས། །མཚུངས་པར་བསྟོད་དམ་སྨད་པར་བྱས་པ་གང༌། །མཚུངས་སྦྱོར་རྒྱན་ཏེ་དེ་ནི་རྣམ་པ་གཉིས། །བསྟོད་ཡུལ་ཁྱད་འཕགས་ཡུལ་དུ་མིང་གིས་སམ། །རྣམ་གྲངས་མཚུངས་པས་བསྟོད་པས་མཚུངས་སྦྱོར་བསྟོད། །སྨད་ཡུལ་དམན་པར་མིང་ངམ་རྣམ་གྲངས་ཀྱིས། །སྨད་པ་དེ་འདྲ་སྨད་པའི་མཚུངས་སྦྱོར་རྒྱན། །ཕུལ་བྱུང་རྒྱན་གྱི་རྐང་འཐུང་ཕྲེང་བས་སྤ། །མཐོ་དམན་སྐྱོན་ཡོན་གཟུགས་སྣང་ཀུན་འཆར་བའི། །ཁྱད་བརྗོད་མཚུངས་སྦྱོར་མེ་ལོང་ཚལ་ཡངས་གང༌། །ལེགས་བྱས་རྣམ་སད་ངག་གི་རྩེ་དགའི་ཡུལ། །ཞེས་ཁྱད་པར་བརྗོད་པ་དང་མཚུངས་སྦྱོར་རྒྱན་གྱི་རབ་ཏུ་བྱེད་པ་སྟེ་བཅུ་བདུན་པའོ། །
༈ གང་གིས་རེག་ན་དམན་པའི་འགྲོ་རྣམས་ཀྱང༌། །བདེ་བ་མཆོག་དང་མངོན་མཐོར་འགོད་བྱེད་པའི། །ཁྱོད་ཞབས་སྙིང་གི་པདྨོར་བཀོད་པ་ལས། །ངག་གི་དབང་ཕྱུག་མཆོག་ཏུ་བདག་གྲུབ་མཛོད། །འགལ་རྒྱན་དྲི་ཟའི་རྒྱུད་མང་རྡུང་ལ་སྤྲོ། །འགལ་ཟླ་སྒྲུབ་བྱེད་སླད་དུ་གང་ཞིག་ཏུ། །དངོས་པོའི་ཁྱད་པར་ཆོས་སོགས་འགལ་བ་རྣམས། །ལྷན་ཅིག་འགྲོགས་པར་རབ་བསྟན་འགལ་བའི་རྒྱན། །དེ་ལ་དྲུག་སོགས་ཡན་ལག་དབྱེ་བ་མང༌། །ཐ་དད་གཞི་གཉིས་བྱ་བ་མི་མཐུན་པ། །གང་དུ་འགྲོགས་ལྡན་ཐ་དད་བྱ་བ་འགལ། །གཞི་ནི་གཅིག་གིས་འཕེལ་ཉམས་ལྟ་བུ་གཉིས། །བྱ་བྱེད་འགྲོག་ལྡན་གཞི་གཅིག་བྱ་བྱེད་འགལ། །ཁྱད་གཞི་གཅིག་གི་སྟེང་དུ་ཁྱད་པར་ཆོས། །ཕྲ་སྦོམ་དཀར་ནག་ལྟ་བུའི་འགལ་མང་འགྲོག །གཞི་གཅིག་ཆོས་མང་འགལ་ལམ་ཡོན་ཏན་འགལ། །ཁྱད་གཞི་གཅིག་གི་སྟེང་དུ་རྫས་དུ་མར། །འགལ་མང་འགྲོག་གང་རབ་བསྟན་རྫས་འགལ་རྒྱན། །མཚུངས་པ་གསལ་བྱེད་དུས་སུ་འབྲུ་མང་གི །ཚིག་སྡུད་འདྲ་ཙམ་འདིར་བྱས་འོན་ཀྱང་དེར། །བདག་པོའི་སྒྲ་ཡོད་འདིར་ནི་གཞིའི་སྟེང་དུ། །རྫས་མང་སྤུངས་པ་གཙོར་བྱེད་ཁྱད་པར་གཅེས། །ཁྱད་གཞིའི་བྱ་བ་མ་བྱས་པར་ཡང་དེར། །བྱ་བའི་ལས་ལྡན་བྱ་བ་འགལ་བའི་རྒྱན། །འགལ་བའི་དངོས་པོ་ཚིག་ལ་སྦྱར་ལྡན་པ། །དུ་མ་སྤེལ་བ་གཙོ་བྱེད་སྦྱར་འགལ་རྒྱན། །ལྡེ་མིག་ལྟ་བུའི་གནད་འདི་དག །མཁྱེན་པར་བྱས་ནས་སྙན་ངག་ལས། །ཤེས་ལྡན་གཟིགས་མོའི་ཚད་ཀྱི་གྲངས། །འཛིན་མའི་རྡུལ་ཕྲན་རྗེས་སུ་བསྙེགས། །ཞེས་འགལ་རྒྱན་གྱི་རབ་ཏུ་བྱེད་པ་སྟེ་བཅོ་བརྒྱད་པའོ། །
༈ མཛེས་སྡུག་ཟླ་ཞལ་འོ་མའི་མཚོ་ལས་བྱུང༌། །མཆུ་སྒྲོས་བིམ་པ་སྤྱན་རས་ཨུཏྤལ་ལས། །བྱུང་བའི་སྨྲ་སྟོན་ལྷ་མོའི་མཁྱེན་རབ་ཀྱི། །འཁོར་ལོ་བདག་གི་སྙིང་ལ་འཕོ་བར་མཛོད། །གང་གི་དྲིན་ལས་སྐབས་མིན་ཟོལ་གྱིས་བསྟོད། །ངེས་བསྟན་ལྷན་ཅིག་བརྗོད་དང་ཡོངས་བརྗེས་ཤིས། །རབ་སྤེལ་དགོངས་ཅན་རྒྱན་དང་བཅས་ཏེ་ཡང༌། །འཁྲུལ་བྲལ་དམ་པའི་དབྱངས་སུ་ལེན་པར་སྤྲོ། །སྐབས་སུ་མིན་པར་འདོད་པས་བསྟོད་པ་གང༌། །སྐབས་སུ་མ་བབ་པའམ་སྐབས་མིན་བསྟོད། །ཆོས་དང་འཇིག་རྟེན་སྒོ་ནས་སྐབས་མིན་གཉིས། །
༈ གལ་ཏེ་སྨད་བཞིན་བྱས་ནས་བསྟོད་པའི་ཕུལ། །སྐྱོན་ལྟར་སྣང་ཡང་ངོ་བོ་ཡོན་ཏན་དུ། །ཉེ་བར་ངེས་འཐོབ་ཟོལ་གྱིས་བསྟོད་པ་སྟེ། །གསུམ་སོགས་དབྱེ་བའི་ཡན་ལག་རབ་ཏུ་རྒྱས། །མཐུ་ཡི་ཁྱད་པར་ཆེ་བ་རབ་བརྗོད་ནས། །སྙེམས་སོགས་སྨད་ལྟར་བྱེད་པ་མཐུའི་ཟོལ་བསྟོད། །སྙིང་སྟོབས་བརྩོན་འགྲུས་དཔའ་བས་འབྱོར་སོགས་དང༌། །ཁྱད་འཕགས་ཆོས་ཐོབ་མ་བྱིན་བླངས་ཞེས་སོགས། །སྨད་པ་ལྟར་བྱེད་དཔའ་བའི་ཟོལ་གྱིས་བསྟོད། །མཁས་འབྱོར་གྲགས་སོགས་ཅི་རིགས་སྟོབས་ཀྱི་ཆས། །མཐའ་རུ་འཛེགས་ལ་སྐྱོན་ལྟར་སྨད་པ་གང༌། །སྟོབས་ཀྱི་ཕུན་ཚོགས་ཟོལ་གྱིས་བསྟོད་པའོ། །འདིས་མཚན་སྦྱར་ཅན་གཟུགས་ཅན་ལ་སོགས་པའི། །ཟོལ་བསྟོད་མཁས་པའི་བློས་དཔྱད་གྲངས་ལས་འདས། །
༈ བསྒྲུབ་བྱའི་དོན་ལས་ངེས་པ་སྟོན་བྱེད་གཞན། །དེ་ཡིས་དེ་མཚུངས་མཆོག་གམ་མཆོག་མིན་དུ། །ངེས་བསྟན་གསལ་བྱེད་སྒྲ་ལྡན་ངེས་པ་བསྟན། །དབྱེ་བ་མཆོག་དང་མཆོག་མིན་ངེས་བསྟན་གཉིས། །ཐོག་མར་ཕུན་ཚོགས་ངེས་སྟོན་དཔེ་བཀོད་ནས། །ཕུན་ཚོགས་གསལ་བྱེད་སྒྲ་ལྡན་མཆོག་ངེས་བསྟན། །ཐོག་མར་མཆོག་མིན་ངེས་སྟོན་དཔེ་བཀོད་ནས། །ངན་པ་གསལ་བྱེད་སྒྲ་ལྡན་མཆོག་མིན་ངེས། །འདིར་ནི་དཔེ་སྔོན་བཀོད་དང་བསྒྲུབ་བྱ་རྗེས། །དོན་གཞན་དཔེ་བཟློག་འདིར་ནི་ངེས་བསྟན་གྱི། །གསལ་བྱེད་ལྡན་ཕྱིར་དཔེ་རུའང་འཁྲུལ་བས་དབེན། །
༈ གང་དང་གང་གི་ཡོན་ཏན་ལས་སོགས་ལྷན། །གཅིག་ཏུ་བསྟན་པ་ལྷན་ཅིག་བརྗོད་དེ་གསུམ། །གང་དང་དེ་ཡི་སྒྲ་སོགས་ཡོན་ཏན་རྣམས། །ལྷན་ཅིག་ཟུང་བརྗོད་ཡོན་ཏན་ལྷན་ཅིག་བརྗོད། །གང་དང་དེ་ཡི་བྱ་བ་ལྷན་ཅིག་པ། །ཐ་དད་ཟུང་བརྗོད་བྱ་བ་ཐ་དད་དོ། །གང་དེ་རྣམས་ཀྱི་བྱ་བ་གཅིག་བྱེད་པའི། །ལྷན་ཅིག་བརྗོད་པ་བྱ་བ་གཅིག་པའི་ལྷན། །འདི་སྐོར་འགའ་ཞིག་འཁྲུལ་བའི་ཚོང་ཟོང་འགྲེམ།
༈ དོན་རྣམས་བསྣོལ་བ་གང་ཡིན་ཡོངས་བརྗེས་སོ། །དེ་ལའང་དགེ་སོགས་དབྱེ་བ་ཁོ་བོ་འདོད། །
༈ མངོན་འདོད་དངོས་པོ་བསྲུང་ངམ་བསྒྲུབ་པ་ལ། །གེགས་མེད་ལེགས་པར་སྨོན་པ་ཤིས་བརྗོད་རྒྱན། །རྒྱུ་ཡིས་དོན་གང་བསྒྲུབས་ཟིན་སྨོན་སོགས་མང༌། །མཐར་སོགས་རྒྱལ་སོགས་ཤིས་པའི་སྒྲ་ལྡན་བྱ། །རྗེས་འགྲོ་མེད་སོགས་སྔོན་ནས་བཀོད་པ་འགའ། །སྔར་བྱས་དགོངས་ཏེ་དཎྜིས་འདིར་མ་བཤད། །
༈ ཐ་དད་རྒྱན་གསུམ་ཕན་ཆད་བསྲེས་པ་གང༌། །རབ་སྤེལ་རྒྱན་ཏེ་དེ་ལ་རྣམ་པ་གཉིས། །ཡན་ལག་ཡན་ལག་ཅན་སོགས་བརྗོད་འདོད་ཀྱི། །དངོས་པོ་སྐབས་སྦྱར་བསྲེ་བྱའི་རྒྱན་ཕན་ཚུན། །ལྟོས་པར་རྣམ་བསྲེས་གཅིག་ལ་གཅིག་ལྟོས་སྤེལ། །བསྲེ་བྱའི་རྒྱན་རྣམས་རང་རང་དབང་ཐོབ་བསྲེས། །སྟོབས་མཚུངས་རབ་སྤེལ་རྒྱན་དུ་མཁས་པས་བཤད། །ཁ་ཅིག་རང་བཞིན་འཁྱོག་བརྗོད་གཉིས་དགོས་ཞེས། །སྨྲ་བ་བྱེ་མའི་ཁང་བུ་བརྩིགས་ལ་བྲེལ། །སྔར་བཤད་མ་ལུས་དྲང་དང་འཁྱོག་བརྗོད་གཉིས། །འཁྱོག་བརྗོད་ཕལ་ཆེར་ཉམས་དང་འགྱུར་བ་ཡིས། །ཚིག་གི་སྦྱོར་བའི་དཔལ་ནི་རྒྱས་པར་བྱ། །
༈ ཁྱད་པར་ཆོས་བཞིའི་བསམ་པ་དབང་བྱས་ནས། །དེ་བཞིན་སྦྱར་བའི་སྙན་ངག་དགོངས་པ་ཅན། །སོ་ལྔ་བགྲངས་ཕྱིར་ཟུར་དུ་འདོད་དགོས་ཀྱང༌། །དཔེར་བརྗོད་མེད་ཕྱིར་གཞན་དུ་བཞག་དཀའ་བས། །ཆད་དམ་གཉིས་པ་དཔེ་ཡིན་དཔྱད་དགོས་ཉིད། །
༈ མཚམས་སྦྱོར་འཇུག་པའི་ཡན་ལག་མཚན་ཉིད་སོགས། །ལུང་གཞན་བརྗོད་པའང་མཁས་པས་རྒྱན་དུ་བཤད། །
༈ རྒྱ་ཆེ་མཐའ་ཡས་མདའ་མེའི་རྒྱན་གྱི་ཚད་བྱས་གང༌། །དོན་གསལ་ཉུང་ངུས་མཚན་ཉིད་གསལ་ལྡན་བྱས་ཟིན་ཏེ། །འོ་སྦྲང་མྱང་བཞིན་བརྗོད་པས་སྙན་ངག་ཁྱད་པར་དག །འདི་དག་གོམས་བྱས་ཉིད་ཀྱིས་རྣམ་པར་དབྱེ་ནུས་ཉིད། །རབ་འབྱམས་ཤེས་བྱར་བལྟ་བའི་སྤྱན་དཀྱུས་སྲིད་ལས་བརྒལ། །གསུང་རབ་མང་དུ་ཐོས་པའི་སྙན་གྱི་སྒོ་རབ་ཡངས། །འཆད་རྩོད་རྩོམ་ལ་ཞལ་རླངས་དྲག་ཏུ་འཕྱུར་བའི་ལྗགས། །རིང་བོར་རྐྱོང་བའི་མཁས་རྣམས་ཞལ་སྐྱིན་འདི་ཀོ་སུ། །རྒྱ་མཚོ་ལ་ནི་རླབས་ཕྲེང་དང༌། །ཉིན་བྱེད་ལ་ནི་འོད་བཞིན་དུ། །མཁས་པའི་མགྲིན་པ་མཛེས་བྱེད་པའི། །དོན་རྒྱན་རིན་ཆེན་ཕྲེང་སྤེལ་ཟིན། །ཅེས་དོན་རྒྱན་ལྷག་མ་བདུན་གྱི་རབ་ཏུ་བྱེད་པ་སྟེ་བཅུ་དགུ་པའོ། །
༈ འབྱམས་ཀླས་ཤེས་བྱ་རྡུལ་ཕྲན་ལ་འགོད་ཡེ་ཤེས་གཏེར་ཆེན་པོ། །འཛུམ་པའི་ཞལ་རས་འདབ་བརྒྱ་འབུམ་གྱི་མཛེས་སྡུག་ཀུན་བསྡུས་ཅན། །གཞན་གྱིས་མ་བསྲུབ་ཤེལ་དཀར་ཞུན་མཚོ་ལས་བྱུང་སྨྲ་ལྷ་མོས། །སྒྲ་སྙན་རྒྱུད་མང་མགྲིན་མཚོར་རྡུང་བའི་སྲིད་ཞིའི་ཁེངས་པ་འཕྲོག །མཁས་མཁས་དག་གིའང་ཞལ་བླངས་ལས་མིན་པའི། །སྙན་སྙན་སྒྲ་རྒྱན་ཧ་རིའི་དྲི་ངད་ལྡང༌། །ཞིབ་ཞིབ་རྣམ་དཔྱོད་ཡངས་པོའི་དྲི་བཞོན་གྱིས། །ལྡེམ་ལྡེམ་ངག་གི་མེ་ཏོག་བསྐྱོད་ལ་བྲེལ། །ཡི་གེའི་གཟུགས་སམ་སྐད་གདངས་ཅི་རིགས་ཉིད། །ལྷུར་ལེན་ཐུན་མོང་རྒྱན་དེ་སྒྲ་ཡི་རྒྱན། །ཟུང་ལྡན་བྱ་དཀའ་གཞན་དང་དབྱངས་ངེས་གསུམ། །ཆོད་དང་མ་ཆོད་ཅི་རིགས་བདག་ཉིད་ཅན། །ཡི་གེ་མང་འདུས་བསྐོར་བ་ཟུང་ལྡན་ནོ། །ཆོད་པ་བསྐོར་བྱ་ཟུང་གི་ཡའི་བར་དུ། །ཡི་གེ་རྣམས་ཀྱིས་མཆོད་པའི་མ་ཆོད་པ། །ཟུང་གི་ཡ་གཉིས་གཞན་གྱིས་བཅད་པ་མིན། །ཀ་སོགས་གཅིག་མིན་རྒྱལ་སོགས་ཡི་གེ་འདུས། །ཟུང་ལྡན་རྩ་བའི་དབྱེ་བ་ཆོད་མ་ཆོད། །གནས་ཀྱི་ཐོག་མ་བར་མཐའི་སྤྱོད་ཡུལ་ཅན། །བསྐོར་བའི་ཚུལ་གྱིས་གཅིག་གཉིས་གསུམ་བཞི་ལྡན། །བྱ་སླ་དང་པོར་བྱ་དཀའ་གནས་གཞན་ཡོད། །མཐའ་ཐོག་སྦྱར་ལྡན་ཀུན་ཏུ་ཟུང་ལྡན་དང༌། །བསྲེས་དང་བཟློག་པའི་ཟུང་ལྡན་དྲུག་བཤད་དེ། །མ་ཆོད་ཟུང་ལྡན་རྐང་པ་གཉིས་སོགས་ལ། །སྐོར་ཚེ་ཟུང་ལྡན་གཉིས་སོགས་གཞན་དང་གཞན། །བསྐོར་དགོས་བཞིའི་ཚེ་མ་ཆོད་ཟུང་ལྡན་གཟུགས། །ཐ་དད་བཞི་དགོས་གཅིག་ཉིད་བཞིར་བཟླས་ན། །ཆོད་ཅིང་མ་ཆོད་ཕྱོགས་ཡིན་འདིར་མི་འགྱུར། །རྐང་པའི་ཐོག་མར་བཀོད་པ་བཅོ་ལྔ་བཤད། །མ་ཆོད་ཟུང་ལྡན་དང་པོའི་ཐོག་མ་ཅན། །དེ་བཞིན་རྐང་པ་གཉིས་པའི་ཐོག་མ་ཅན། །གསུམ་པའི་ཐོག་མ་བཞི་པའི་ཐོག་མ་ཅན། །སྔ་གཉིས་ཐོག་མ་དང་པོ་གསུམ་པའི་ཐོག །དང་མཐའ་ཐོག་མ་བར་པ་གཉིས་ཀྱི་ཐོག །གཉིས་བཞིའི་ཐོག་མ་ཕྱི་མ་གཉིས་ཀྱི་ཐོག །སྔ་གསུམ་ཐོག་མ་སྔ་གཉིས་བཞི་པའི་ཐོག །ཕྱི་གཉིས་དང་པོའི་ཐོག་མ་ཕྱི་གསུམ་ཐོག །རྐང་བཞིའི་ཐོག་མ་ཅན་རྣམས་དངོས་སུ་གསུང༌། །
༈ ཡིག་མང་འདུས་པའི་སྐོར་བྱ་ཟུང་གི་ཡའི། །བར་དུ་ཡི་གེས་བཅད་པ་ཆོད་པའི་ཟུང༌། །རྐང་པའི་ཐོག་མར་ཡོད་པ་བཅུ་གསུམ་བཤད། །ཡ་གཅིག་དང་པོ་ཡ་གཅིག་གཉིས་པའི་ཅན། །དེ་བཞིན་ཡ་བྲལ་དང་པོ་གསུམ་པའི་ཐོག །ཡ་བྲལ་དང་པོ་བཞི་པའི་ཐོག་མ་ཅན། །ཡ་དག་གཉིས་པ་གསུམ་པའི་ཐོག་མར་ལྡན། །ཡ་ཕྱེད་གཉིས་པ་བཞི་པའི་ཐོག་མར་བཀོད། །ཕྱི་མ་མིག་ཐོག་སྔ་མ་རྩེ་མོའི་ཐོག །གཉིས་པ་དོར་ནས་གསུམ་གྱི་ཐོག་མར་བྱས། །ཕྱི་མ་མེ་ཡི་ཐོག་མ་རིག་བྱེད་ཐོག །ཆུ་བོའི་ལ་ཡོད་སྔ་ཕྱི་རིགས་མི་གཅིག །མི་མཉམ་གཉིས་དང་མཉམ་གཉིས་མི་གཅིག་སྤེལ། །ཟླ་བ་མཚོ་དང་རིགས་གཅིག་བར་མིག་གཅིག །འདི་དག་ཟུང་གི་ཡ་ཉིད་བསྐོར་བྱ་ཡིས། །ཟུང་ཉིད་བསྐོར་ཚེ་མ་ཆོད་ཆོད་སོགས་འགྱུར། །
༈ གང་ལ་མ་ཆོད་ཟུང་གཉིས་བསྐོར་བའི་བར། །ཡི་གེ་མང་པོས་བཅད་པ་མ་ཆོད་ཆོད། །དངོས་སུ་གསུམ་གསུང་དབྱེ་བ་གཞན་ཡང་ཡོད། །མ་ཆོད་ཟུང་གཉིས་སྔ་ཕྱི་སོ་སོར་བསྐོར། །ཕྱེད་ཕྱེད་འདྲ་བའི་མ་ཆོད་ཆོད་པའི་ཟུང༌། །དེ་བཞིན་ཐོག་མཐའ་རིགས་གཅིག་གཞན་གཉིས་གཅིག །མ་ཆོད་ཆོད་པའི་སྔ་མཐའ་བར་འདྲ་ཅན། །མ་ཆོད་ཟུང་ལྡན་གཅིག་ཉིད་ཐོག་བཞིར་བཟླས། །ཆོད་ཅིང་མ་ཆོད་འབྱུང་བའི་ཐོག་མ་འདྲ། །བྱ་སླ་རྐང་པའི་ཐོག་མར་ཟུང་ལྡན་གྱི། །གསལ་བྱེད་རྣམ་རྟོག་ས་བོན་གྲུང་པོ་གང༌། །འཁྲུལ་བྲལ་གཤིས་སར་བཏབ་པའི་སྙན་ངག་གི །ཚིག་སྦྱོར་སྨིན་པའི་སྙེ་མ་གཡུར་དུ་ཟ། །ཞེས་སྒྲ་རྒྱན་ལས་བྱ་སླ་བའི་ཟུང་ལྡན་གྱི་རབ་ཏུ་བྱེད་པ་སྟེ་ཉི་ཤུ་པའོ། །
༈ རབ་ཟབ་ཟབ་རྒྱས་སྐུ་མངའ་མངའ་བདག་ལྷ། །ལྷ་མཆོག་མཆོག་གི་གསུང་དབང་དབང་ཕྱུག་མ། །མ་བཞིན་བཞིན་འཛུམ་ལྷའི་རྗེ་རྗེ་བཙུན་ཡུམ། །ཡུམ་མཆོག་མཆོག་གི་སྙན་ངག་ངག་འདིར་སྩོལ། །དཀར་དཀར་ཟླ་འོད་མ་བྲན་ལྷ་ཁྱོད་ཚེམས་དཀར་དཀར། །འཛུམ་འཛུམ་འགྲོ་ལ་རྒྱུ་མེད་བརྩེ་བའི་བཞིན་འཛུམ་འཛུམ། །སྙན་སྙན་རྒྱུད་དུ་བརྡུང་མིན་དྲུག་ལྡན་དབྱངས་སྙན་སྙན། །ལྷུག་ལྷུག་སྒྲ་རྒྱན་བྱ་དཀའ་ཐོགས་མེད་སྩོལ་ལྷུག་ལྷུག །གཏེར་བཞིན་རྣམ་དབྱེ་རྣམ་མང་ཟུང་ལྡན་དག །མ་སྤྲོས་རབ་བསྡུས་རབ་ཏུ་བྱས་ཏེ་ལས། །གནས་གཞན་ལ་ལྡན་ཟུང་ལྡན་བྱ་དཀའ་དང༌། །མཐའ་ཐོག་ཟུང་བྱས་ཟུང་ལྡན་རྣམ་གཉིས་དབྱེ། །རྐང་བཞིའི་དབུས་སོགས་གང་དུ་ཟུང་གཉིས་དག །ཅི་རིགས་བསྐོར་བ་གནས་གཞན་བྱ་དཀའི་རྒྱན། །དབྱེ་བ་རྐང་བཞིའི་དབུས་དང་མཐའ་ན་དང༌། །བར་མཐའ་གཉིས་དང་ཐོག་བར་མཚེ་མ་དང༌། །ཐོག་མཐའ་མིག་དང་གནས་མེ་ལ་ཡོད་དྲུག །རེ་རེའང་གཉིས་ཕྱེ་ཉི་མའི་གྲངས་སུ་འགྱུར། །དབུས་བཞིར་ཟུང་གཅིག་བཞིར་བཟླས་མ་ཆོད་ཆོད། །ཡ་བརྒྱད་ཆོད་པར་དབུས་བཀོད་ཆོད་ཅིང་ཆོད། །མཐའ་བཞིར་ཡ་བཞི་བཀོད་པ་ཆོད་ཅིང་ཆོད། །དེ་བཞིན་ཟུང་བཟླས་ཆོད་ཅིང་མ་ཆོད་པའོ། །བར་དང་མཐའ་རུ་ཡ་བཟླས་ཆོད་ཅིང་ཆོད། །དེ་བཞིན་མ་ཆོད་ཟུང་བཀོད་མ་ཆོད་ཆོད། །ཐོག་དང་བར་དུ་ཡ་བཀོད་ཆོད་ཅིང་ཆོད། །གང་ལ་མཉམ་པ་མཚེ་མའི་ཐོག་མཐའ་བྱས། །མི་མཉམ་འཁྲིག་པའི་ཐོག་པར་ཟུང་བསྐོར་བ། །དེ་འདྲའི་རྐང་པ་སྤེལ་བྱས་མ་ཆོད་ཆོད། །ཐོག་མཐར་ཡང་ཡང་ཡ་བཟླས་ཆོད་ཅིང་ཆོད། །དེར་གནས་ཟུང་བཟླས་ཆོད་ཅིང་མ་ཆོད་པའོ། །རྐང་པའི་ཐོག་མཐའ་དབུས་གསུམ་ཡ་བཟླས་ཆོད། །དེ་གསུམ་ཟུང་དུ་བཟླས་པ་མ་ཆོད་ཆོད། །
༈ གང་གི་རྐང་པའི་མཐའ་ཐོག་ཟུང་དེའི་ཡ། །བཀོད་པ་བསྒྲིག་པའི་ཟུང་དུ་འོང་པ་གང༌། །མཐའ་ཐོག་སྦྱར་བའི་ཟུང་ལྡན་རྒྱན་དུ་བཤད། །དམ་དམ་རྡོ་རྗེ་བཞིན་དཀའ་དཀའ་གནས་དག །དག་དག་དཔྱོད་ལ་བློ་ཚིམ་ཚིམ་བྱེད་འདི། །འདི་འདི་ཁོ་ན་ཞེས་འདོད་འདོད་དེ་ལ། །ལ་ལ་འཁྲུལ་ཕྱིར་མཁས་འདོད་འདོད་པ་ཙམ། །ཞེས་སྒྲ་རྒྱན་ལས་བྱ་དཀའ་དང་མཐའ་ཐོག་སྦྱར་བའི་ཟུང་ལྡན་གྱི་རབ་ཏུ་བྱེད་པ་སྟེ་ཉེར་གཅིག་པའོ། །
༈ གང་གི་མཁྱེན་རབ་བདུད་རྩིའི་འོད་ཕྲེང་ཚོགས། །འདབ་ལྡན་འཁོར་ལོ་སྙིང་ལ་བརྒྱར་བྲན་པས། །དེའི་མགྲིན་སྙན་ཚིག་སྔོན་མེད་ཀུ་མུ་ཏའི། །གཡོ་ལྡན་ཕྲེང་མཛེས་མཛོད་ཅིག་མཚོ་ལྡན་མ། །ཀུན་དང་འདྲེས་དང་ལྡོག་པའི་ཟུང་ལྡན་དག །གཅིག་ཏུ་མཁས་རྣམས་རོལ་པའི་ཕུལ་མིན་ཞིང༌། །སྙན་འཇེབས་ཕུལ་བྱུང་རོ་དང་ལྡན་མིན་ཀྱང༌། །རྣམ་གྲངས་མཁས་པས་བཤད་དེ་ཅུང་ཟད་དབྱེ། །ཚིགས་སུ་བཅད་དང་དེ་ཕྱིར་རྐང་པ་དག །ཅི་རིགས་བཟླས་པ་ཀུན་ཏུ་ཟུང་དང་ལྡན། །ཕྱེད་དང་ཕྱེད་དུ་བཟླས་པ་ཡང་དག་སྦྱར། །གསུམ་ཡོད་ཟླ་རྩེར་བཟླས་དང་མིག་འབྱུང་བཟླས། །བསེ་རུ་འཁྲིག་པར་མེ་ནི་རིག་བྱེད་བཟླས། །གཟུགས་ནི་མཚོ་རུ་མེ་ནི་མེ་རུ་བཟླས། །ཡང་དག་སྦྱར་འདིར་རྐང་བཞིའི་ཟུང་དང་ཟུང༌། །བཟླ་དགོས་ཕྱེད་དམ་གསུམ་སོགས་བཟླས་ཙམ་མིན། །
༈ རྐང་པ་ཙམ་ཞིག་བཟླས་པ་དེ་ཡི་ཟུང༌། །དེ་ནི་གཅིག་གཉིས་གསུམ་དུ་བཟླས་རྣམས་སོ། །གཟུགས་ནི་མིག་བཟླས་གཟུགས་ནི་རྩེ་མོར་བཟླས། །གཟུགས་ནི་བཞིར་བཟླས་མིག་ནི་རྩེ་མོར་བཟླས། །མིག་ནི་བཞིར་བཟླས་མེ་ནི་ཆུ་བོར་བཟླས། །དེ་དག་གཅིག་བཟླས་རྣམ་དབྱེ་དྲུག་ཏུ་བཤད། །བསེ་རུ་ལག་པ་འཇིག་རྟེན་དག་ཏུ་བཟླས། །ཟླ་བ་རྩེ་མོ་ཆུ་བོ་ཉིད་དུ་བཟླས། །མཚེ་མ་ཡོན་ཏན་མཚོ་རུ་བཟླས་དང་གསུམ། །རྐང་པ་གཉིས་བཟླས་དབྱེ་བ་དག་ཏུ་འདོད། །རྐང་བཞི་གཟུགས་གཅིག་དེ་ནི་གསུམ་བཟླས་ཡིན། །འདི་ལ་རྐང་པར་ཟུང་མེད་དགོས་པ་ཉིད། །
༈ ཚིགས་བཅད་གང་ཞིག་མིག་ཏུ་བཀོད་བྱས་ངག །ཚིགས་བཅད་བཟླས་པའོ་དབྱེ་བ་འདིར་མ་བཤད། །
༈ རྐང་བཞིར་ཟུང་ལྡན་རྣམ་པ་གཅིག་བྱས་ངག །ཟུང་ལྡན་ཆེན་པོར་བཤད་དེ་དེར་བཟླས་ལྷག
༈ མེད་དོ་འདི་དང་རྐང་པ་གསུམ་བཟླས་པའི། །རྣམ་དབྱེ་སྨྲ་ལ་ལྗགས་རིང་རྐྱོང་མཁས་པ། །སྨྲས་པ་འདི་ལ་རྐང་པ་རེ་རེ་ཡང༌། །ཟུང་ལྡན་ཡིན་ནོ་རྐང་པ་གསུམ་བཟླས་ལ། །རྐང་པ་ཟུང་མེད་གཅེས་པའི་ཁྱད་པར་སེམས། །ཐོག་མཐའ་སྦྱར་དང་དབུས་བཀོད་ཟུང་རྣམས་གཟུགས། །མི་གཅིག་མི་གཅིག་སྤེལ་བ་འདྲེས་པར་བཤད། །
༈ ཚིགས་བཅད་དེ་ཕྱེད་རྐང་པ་ཅི་རིགས་པ། །ལུགས་ལས་བཟློག་བྱས་ཟུང་ལྡན་ལུགས་ལས་བཟློག །རྐང་བཟློག་ཕྱེད་བཟློག་ཚིགས་བཅད་བཟློག་པ་གསུམ། །རྐང་པ་སྔ་མ་ལུགས་བཟློག་ལས་བཀོད་པ། །རྐང་པ་བཟློག་སྟེ་དེ་བཞིན་ཚིགས་བཅད་ཕྱེད། །ལུགས་ལས་བཟློག་བྱས་ཚིགས་བཅད་ཕྱེད་པ་བཟློག །ཚིགས་བཅད་སྔ་མ་བཟློག་ནས་གཉིས་པ་རུ། །བཀོད་པ་དེ་འདྲ་ཚིགས་བཅད་བཟློག་པར་འདོད། །དེ་ལྟར་ཀུན་གྱི་ལོངས་སྤྱོད་འཁོར་ལོ་ལ། །རྟག་པར་གནས་ཀྱང་མྱང་དཀའི་ཟུང་ལྡན་གྱི། །དཀའ་གནས་ཉུང་ངུས་རྗེན་པར་སྟོན་བྱེད་མཁན། །དབྱངས་ཅན་མགྲིན་འཁྱུད་དཎྜི་ཡིན་པར་ངེས། །ཞེས་སྒྲ་རྒྱན་ལས་ཀུན་ཏུ་ཟུང་ལྡན་སོགས་ཀྱི་རབ་ཏུ་བྱེད་པ་སྟེ་ཉེར་གཉིས་པའོ། །
༈ མགྲིན་མཚོར་ལྡེམ་ལྡེམ་འདབ་བརྒྱ་ལ་བཞུགས་ནས། །ལྷམ་མེར་བདུད་རྩིའི་འོད་དང་སྙན་པའི་ངག །མི་འཆིའི་གསོས་ཐབས་སྨྲ་སྟོན་ལྷ་ཁྱོད་ཀྱིས། །རོ་འཛིན་ཆེ་མངར་སྦྲང་རྩིའི་རྒྱལ་མཚན་མཛོད། །བྱ་དཀའ་བ་ལང་གཅིན་དང་འཁོར་ཅན་ངག །དབྱངས་སོགས་ཡི་གེ་ངེས་པའི་བྱ་དཀའ་རྣམས། །ཇི་བཞིན་འཁྲུལ་བའི་མུན་བཅོམ་ལེགས་བཤད་ཆ། །ཡོངས་རྫོགས་བློ་གསལ་ཀུན་དའི་གཉེན་དེ་སྤྲོ། །གང་ཞིག་ཕྱེད་ཀྱི་ཡི་གེ་བཀོད་པ་རྣམས། །གཅིག་གིས་བར་ཆོད་དཀྱུས་དང་འོག་མ་ནས། །འཕར་ཏེ་ཀློག་པའི་གཟུགས་གཅིག་བྱ་དཀའི་གཅིན། །སྟེང་འོག་དང་པོ་གཉིས་གཅིག་དེ་རྗེས་མིན། །གསུམ་པ་གཉིས་གཅིག་བཞི་པ་གཉིས་མིན་སོགས། །འོག་མའི་མི་གཅིག་གོང་མ་གོང་མའི་སྤེལ། །བ་ལང་འགྲོ་བའི་གཅིན་བཞིན་བཀོད་ཕྱིར་གཅིན། །
༈ ཚིགས་བཅད་ཕྱེད་ཀྱི་སྔ་མ་དཀྱུས་ཐུར་འདྲ། །ཕྱི་མ་བཟློག་ནས་དཀྱུས་དང་ཐུར་འདྲ་བར། །འཁོར་གང་ཕྱེད་དུ་འཁོར་ཕྱིར་ཕྱེད་འཁོར་བརྗོད། །
༈ རྐང་པའི་གཟུགས་གཅིག་དེས་ཀུན་འཁོར་བའམ། །གང་གི་སྔ་མའི་དང་པོ་དཀྱུས་དང་ཐུར། །གྱེན་དང་ཡར་ལ་བཟློག་པས་སྒོར་མོར་འཁོར། །དེ་འདྲ་ཀུན་ནས་འཁོར་ཕྱིར་ཀུན་བཟང་འཁོར། །དངོས་བསྟན་འདི་ཡིན་འདི་ལའང་མི་མཐུན་པའི། །འགོད་ཚུལ་མང་མཐོང་མཚན་ཉིད་ཚང་ཕྱིན་ཆད། །བྲིས་བཤུས་ཅི་དགོས་གཞན་ཡང་བཻ་དར་བྷ། །ཁ་ཆེའི་ལུགས་ཀྱང་སྒྲས་ཟིན་མིན་དང་པོ། །ཟླུམ་པོ་ཕྱོགས་དང་མཚམས་ནས་དབུས་སུ་འཁོར། །ཕྱི་མ་གྲུ་བཞིའི་གྲུ་ནས་དངོས་སུ་འཁོར། །གཡས་སུ་འཁོར་བ་མཁས་པས་བྱས་པའང་ཡོད། །འདི་སྐོར་ཐམས་ཅད་མཁྱེན་ངེས་རྒྱལ་བའི་ཏོག །གང་གི་བཀའ་ལུང་མང་གནང་ཡ་མཚན་འཕྲེང༌། །
༈ དབྱངས་གནས་ཡི་གེ་ཅི་རིགས་ངེས་པ་གང༌། །དབྱངས་ལ་སོགས་པ་ངེས་པའི་བྱ་དཀའ་འདོད། །དེ་གསུམ་བཞི་སོགས་དཀའ་དང་ལྔ་སོགས་སླ། །དབྱེ་བ་དབྱངས་ངེས་གནས་ངེས་ཡི་གེ་ངེས། །གསུམ་སྟེ་རེ་རེའང་བཞི་སོགས་བཞི་བཞི་འདོད། །དབྱངས་ཡིག་བཞི་སོགས་ངེས་བྱས་དབྱངས་ངེས་ཏེ། །རྐང་བཞིའི་རེ་རེར་ཨ་སོགས་དབྱངས་རེ་རེས། །ངེས་པ་ཅན་གང་དབྱངས་ཡིག་བཞིར་ངེས་འདོད། ཨ་སོགས་གསུམ་གྱིས་རྐང་པ་ཡོན་ཏན་བྱས། །བཞི་པར་དེ་གསུམ་སྤེལ་པ་གསུམ་ངེས་དང༌། །ཕྱེད་ལ་ཨོ་དང་ཕྱེད་ལ་ཨ་ལྟ་བུའི། །ངེས་བྱས་དེ་འདྲ་དབྱངས་ཡིག་གཉིས་སུ་ངེས། །དབྱངས་ཡིག་གཅིག་གིས་རྐང་པ་བཞིར་ངེས་པ། །དེ་ནི་དབྱངས་ཡིག་གཅིག་ཏུ་ངེས་པར་བཤད། །
༈ མགྲིན་རྐན་ལྕེ་རྩེ་སོ་མཆུ་སྤྱི་བོ་རྣམས། །ཅི་རིགས་སྐྱེ་གནས་ངེས་དེ་གནས་ངེས་སོ། །སྔར་བཞིན་སྐྱེ་གནས་བཞི་ཡིས་རྐང་པ་རྣམས། །སོ་སོར་ངེས་བྱས་གནས་བཞིར་ངེས་པ་འདོད། །སྐྱེ་གནས་གསུམ་གྱིས་གསུང་དང་བཞི་བ་སྤེལ། །གནས་གསུམ་ངེས་པར་འདོད་དེ་དེ་བཞིན་དུ། །སྐྱེ་གནས་གཉིས་ཀྱིས་ཕྱེད་ཕྱེད་ངེས་བྱས་པ། །གནས་གཉིས་ངེས་སོ་སྐྱེ་གནས་གཅིག་པ་ཡིས། །རྐང་རྣམས་ངེས་པར་བྱས་དེ་གནས་གཅིག་ངེས། །
༈ ཀ་སོགས་བཞི་སོགས་ངེས་བྱས་ཡི་གེ་ངེས། །འབབ་ལྡན་ཡི་གེས་རིམ་བཞིན་རྐང་པ་རྣམས། །ངེས་པ་བྱས་གང་ཡི་གེ་བཞི་རུ་ངེས། །ཡི་གེ་མེ་ཡིས་རྐང་པ་གསུམ་དང་བཞི། །ངེས་བྱས་དེ་ནི་ཡི་གེ་ཡོན་ཏན་ངེས། །ཡི་གེ་མཚེ་མས་རྐང་པ་ངེས་བྱས་གང༌། །ཡི་གེ་གཉིས་སུ་ངེས་པར་མཁས་པས་བཤད། །ཡི་གེ་བསེ་རུའི་རྐང་རྣམས་ངེས་བྱས་པ། །དེ་འདྲ་ཡི་གེ་གཅིག་ཏུ་ངེས་པ་ཅན། །འབད་ཀྱང་རྣམ་དཔྱོད་ཡུལ་དུ་འགྱུར་དཀའ་དེ་དག་ཀྱང༌། །ཁམས་གསུམ་རྣམ་འདྲེན་ཉིད་ཀྱི་ཞལ་ལུང་དྲི་མེད་ལ། །བརྟེན་ནས་འཁྲུལ་བ་བྲལ་བའི་ངག་ཙམ་སྨྲ་བའི་ཕྱིར། །འཇམ་དབྱངས་བཞད་རྡོར་དཎྜི་མེ་ལོང་ལ་བཞིན་ཞུགས། །ཞེས་སྒྲ་རྒྱན་ལས་བྱ་དཀའ་གཞན་སོགས་ཀྱི་རབ་ཏུ་བྱེད་པ་སྟེ་ཉེར་གསུམ་པའོ། །
༈ རྣམ་མེད་ལྷན་སྐྱེས་བརྗོད་བྲལ་ཆོས་དབྱིངས་དང༌། །དངོས་པོ་གཅིག་གྱུར་ཐུགས་རྗེའི་ཟློས་གར་ལས། །ཡེ་ཤེས་ལྷ་མོའི་སྒྱུ་འཕྲུལ་སྐུར་བསྟན་ཀྱཻ། །དཔྱོད་ལྡན་སྨྲ་ལ་སྐལ་བ་མཆོག་དེང་སྩོལ། གང་ཡང་ཆུ་བོ་དག་གིས་རྒྱ་མཚོར་བཞིན། །ངོམ་བྲལ་མཁས་རྣམས་རྩེ་དགྱེས་ཆེད་སོགས་དང༌། །མཁས་རློམ་སྟོང་པར་སྦོས་རྣམས་འཇུ་བའི་སྨན། །གབ་ཚིག་ཉེ་བར་མཁོ་དེ་ཡང་དག་འཆད། །དཔེ་དང་ཆ་སོགས་ཙམ་མིན་བསྒྲུབ་བྱ་གང༌། །སྒྲུབ་བྱེད་ཚིག་སྦྱོར་ལྷུར་ལེན་ཁྱད་པར་གྱིས། །གབ་པར་བྱས་ཏེ་གབ་པའི་ཚིག་གི་རྒྱན། །ཡང་དག་འཆད་འདོད་ལྟར་སྣང་བཅུ་བཞི་པོར། །ཀུན་ཏུ་ཚོགས་དང་སླུ་བྱེད་རིམ་བྲལ་དང༌། །རབ་བཅོམ་མཐུན་གཟུགས་རྩུབ་མོ་དང་ནི་གྲངས། །རབ་བཏགས་མིང་འདུས་སྒྲིབ་དང་མཐུན་པའི་སྒྲ། །རྨོངས་དང་ཡོངས་སུ་འཕྲོག་དང་གཅིག་སྒྲིབ་དང༌། །གཉིས་ཀ་སྒྲིབ་དང་ཡོངས་སུ་འདྲེས་བཅུ་དྲུག །
༈ རྣམ་དབྱེ་མཚམས་སྦྱོར་ལ་སོགས་ཚིག་གི་མཚམས། །སྦྱར་བས་སྒྲ་འདྲེས་དོན་སྦས་ཀུན་ཏུ་ཚོགས། །གཞན་གྲགས་སྒྲ་ཡིས་གབ་བྱ་བརྗོད་ནུས་ཀྱང༌། །གབ་བྱེད་ལ་འཁྲུལ་སླུ་བ་སླུ་བྱེད་དོ། །ཕྱི་མ་གཉིས་ཀྱི་མཇུག་དག་མས་རིམ་བཞིན། །ཡས་རིམ་སོ་སོར་སྔ་མ་དག་གི་མགོར། །སྦྱོར་བ་ལྟ་བུའི་རིམ་འཁྲུལ་རིམ་པ་བྲལ། །བསྒྲུབ་བྱ་སྒྲུབ་བྱེད་སྒྲ་དོན་ཅི་རིགས་པ། །སྦྱར་བས་རྟོགས་དཀའ་སྒྲིབ་བྱེད་ལ་ནི་ཁ། །འཕངས་བྱས་རབ་བཅོམ་གདམ་ངའི་ཚིག་ལྡན་ལེགས། །གབ་བྱ་གབ་བྱེད་ལ་བརྟགས་དོན་བཀོད་པའི། །ཚིག་གིས་དོན་གོ་བསྡེབས་པ་མཐུན་པའི་གཟུགས། །བསྡུས་བརྗོད་མཚུངས་དང་མི་མཚུངས་ལ་སོགས་ཅན། །འདིར་ནི་དོན་མཐུན་བསྟན་རྒྱུ་ཡོད་ཙམ་རིགས། །རྩུབ་མོའི་ཚིག་ལྡན་མཚན་ཉིད་ཡོད་པ་ཙམ། །ངེས་ཚིག་ཙམ་གྱིས་སྒྲིབ་བྱས་རྩུབ་མོའོ། །གང་དུ་གྲངས་ལ་གབ་པའི་བརྡའ་བྱས་ནས། །གབ་བྱ་སྦས་པར་བྱས་པ་གྲངས་ཀྱིའོ། །གང་དུ་གབ་བྱའི་དོན་དང་ངག་དེ་དག །གཞན་དུ་རྣམ་པར་སྣང་བྱས་དེ་རབ་བཏགས། །གང་དུ་མིང་ལ་སྣ་ཚོགས་དོན་ལྡན་མིང༌། །དུ་མས་བསྒྲུབ་པས་བཏགས་དེ་མིང་དུ་འདུས། །ཚིག་ནི་སྒྲིབ་བྱེད་ཆོས་མཚུངས་ལ་རེག་པས། །དེར་འཁྲུལ་དོན་གཞན་སྒྲིབ་བྱ་བསྒྲིབ་པས་བསྒྲིབས། །སྒྲ་སྦྱར་རྣམ་གྲངས་བཀོད་པས་བསྒྲིབ་བྱའི་དོན། །རྟོག་དཀའ་བསྒྲུབ་པ་དག་ནི་མཐུན་པའི་སྒྲ། །གང་ཞིག་བརྗོད་དོན་དངོས་སུ་བརྗོད་བྱས་ཀྱང༌། །ཚིག་དེ་ཉིད་ཀྱིས་རྨོངས་ཕྱིར་རྨོངས་པའོ། །གང་ལ་ཚིག་གི་སྦྱོར་ཕྲེང་བདག་ཉིད་ཅན། །རིགས་བྱས་སྔ་མ་སྔ་མ་ལ་བརྟེན་ནས། །ཕྱི་མའི་གབ་བྱ་གོ་དགོས་ཡོངས་འཕྲོག་གོ །གང་དུ་རྟེན་ནི་སྦས་མིན་བརྟེན་པ་ནི། །ཚིག་གིས་སྦས་པ་གཅིག་སྒྲིབ་གབ་པའི་ཚིག །དམིགས་འཛིན་སྤངས་ནས་སྤྱི་སྒྲས་རྟེན་བརྟེན་པ། །གཉིས་ཀ་སྦས་དེ་གཉིས་ཀ་སྒྲིབ་པའོ། །གང་དུ་སྔར་བཤད་གབ་ཚིག་ཕྱོགས་དང་མདའི། །མཚན་ཉིད་འདྲེས་པ་ཡོངས་སུ་འདྲེས་པར་འདོད། །དེ་ལྟར་གབ་པའི་ཚིག་དོན་སྟོང་གསུམ་དར། །ཉམས་བརྒྱའི་རི་མོ་ངོ་མཚར་མང་བཀྲ་བ། །གབ་བྱེད་རྡུལ་ཕྲན་ལ་གནས་དེ་རིགས་ནས། །ཀུན་ལ་ཡ་མཚན་སྟོན་ནོ་རྒྱལ་བ་བཞིན། །ཞེས་གབ་ཚིག་གི་རབ་ཏུ་བྱེད་པ་སྟེ་ཉེར་བཞི་པའོ། །
༈ རྡུལ་ཕྲན་ལས་འདས་རྣམ་མེད་ཡེ་ཤེས་ལས་གྲུབ་ལྷུན་གྲུབ་རྒྱུན་མི་འཆད་པའི་སྐུ། །ནམ་ཡང་འགག་མེད་སྣ་ཚོགས་བརྗོད་པ་ཀུན་ལ་སྒྲོགས་མཛད་དྲུག་ཅུའི་གསུང་དབྱངས་ཅན། །སྨྲ་བསམ་ལས་འདས་སོ་སོར་རང་རིག་བདེ་ཆེན་དབྱིངས་ལས་རྟག་ཏུ་མཉམ་བཞག་ཐུགས། །སྐུ་ཐུགས་རོ་གཅིག་གསུང་དབང་མ་ཀྱེ་མཁའ་ལ་ཉི་བཞིན་མཛོད་ཅིག་བདག་གི་བློ། །གང་ཡང་སྔར་བཤད་རྣམས་ལ་སྐྱོན་འདི་བཅུ། །སྤངས་ཏེ་ཡོན་ཏན་རབ་བརྒྱས་བགྱིད་འདོད་ལ། །སྐྱོན་ཡོན་འབོད་གྲོགས་དངོས་བརྙན་འབྱེད་བྱེད་ཀྱི། །ལེགས་བཤད་ཧ་ནུ་མནྠ་སྤྲོ་བར་བྱ། །དོན་ཉམས་དོན་འགལ་དོན་གཅིག་ཐེ་ཚོམ་ཅན། །རིམ་པ་ཉམས་དང་སྒྲ་ཉམས་གཅོད་མཚམས་ཉམས། །སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་བྲལ་བ་དང༌། །ཡུལ་དུས་སྒྱུ་རྩལ་འཇིག་རྟེན་ལུང་རིགས་འགལ། །མཁས་པས་དེ་བཅུ་སྤངས་ཏེ་ངག་རྣམས་སྦྱོར། །ཚིག་ཚོགས་བརྗོད་བྱས་སྟོང་པ་དོན་ཉམས་ཏེ། །སེམས་ལྡན་སྨྱོས་པ་མིན་པའི་སྨྲ་བ་མིན། །སེམས་ཉམས་བྱིས་པའི་ངག་རྣམས་འདིར་སྐྱོན་མིན། །
༈ སྔ་ཕྱིའི་ངག་རྣམས་ཕན་ཚུན་འཇོམས་བྱེད་པའི། །འགལ་བའི་དོན་ལྡན་དོན་འགལ་སྐྱོན་ཡིན་ཏེ། །ཆགས་སོགས་སྐབས་སུ་ཕུལ་བྱུང་ཚིག་ཉེས་མེད། །
༈ དགོས་ཁྱད་མེད་པར་སྒྲ་དང་དོན་ཅི་རིགས། །སྔར་བཤད་སླར་ཡང་བརྗོད་པ་དོན་གཅིག་སྐྱོན། །དགའ་སོགས་བརྗོད་འདོད་ཡང་བརྗོད་སྐྱོན་མིན་རྒྱན། །
༈ ངེས་པའི་དོན་དུ་རབ་སྦྱར་ཚིག་ཉིད་ཀྱིས། །གལ་ཏེ་ཐེ་ཚོམ་འདྲེས་ན་ཐེ་ཚོམ་སྐྱོན། །འདྲ་བའི་ཐེ་ཚོམ་སླད་དུ་སྨྲས་པ་དག །རྒྱན་ཡིན་སྐྱོན་མེད་དེ་ཀུན་ཁས་ལེན་ཉིད། །
༈ དོན་རྣམས་མདོར་བསྟན་རིམ་བཞིན་རྒྱས་བཤད་དུ། །མ་བྱུང་གོ་རིམ་འཁྲུག་པ་རིམ་ཉམས་སྐྱོན། །དགོས་ཚོགས་འབྲེལ་བའི་སླད་དུ་འབད་པ་ཡིས། །མདོ་རྒྱས་རིམ་པ་བཟློག་ཀྱང་སྐྱོན་མ་ཡིན། །
༈ དོན་དེར་བརྗོད་བྱེད་རྣམ་དབྱེ་རྐྱེན་ལ་སོགས། །ཐོབ་ཚོད་བཞིན་མིན་སྦྱར་བ་སྒྲ་ཉམས་སྐྱོན། །བརྟགས་པའི་ཆོ་ག་དག་ལས་དམིགས་བསལ་འགའ། །ལུང་ཟིན་མཁས་པ་སྦྱར་བ་སྐྱོན་མིན་ཉིད། །
༈ ཚིགས་བཅད་རྣམས་ལ་ངལ་གསོ་ངེས་པའི་གནས། །ཚིག་གི་གཅོད་མཚམས་ངལ་གསོ་རིག་དགོས་པར། །དེ་ཉམས་གཅོད་མཚམས་མིང་མ་རྫོགས་པ་རུ། །ངལ་གསོ་བ་ནི་གཅོད་མཚམས་ཉམས་པའི་སྐྱོན། །རྣམ་དབྱེའི་སྟོབས་ཀྱི་མཐའ་ཕྱིས་ཚིག་ཡིན་བཞིན། །རྣམ་དབྱེ་མཚམས་སྦྱོར་རྣམ་འགྱུར་མཐའ་ཡང་ཚིག །ཡིན་ཕྱིར་ཀཱརྻཱ་ཎྱ་སོགས་མིང་དབུས་ལྟར། །སྣང་ཡང་སྐྱོན་མིན་འོན་ཀྱང་རྣ་བར་རྩུབ། །
༈ ཡི་གེ་ཆད་ལྷག་ལྕི་ཡང་སྦྱོར་དགོས་རྣམས། །ཇི་བཞིན་མིན་བྱས་སྡེབ་སྦྱོར་ཉམས་པ་སྨད། །ཡི་གེ་མང་ཉུང་གྱུར་པ་ལྷག་ཆད་སྐྱོན། །ཏ་དང་ཛ་སོགས་སྡེབ་སྦྱོར་རང་རང་གི །ཡང་ལྕི་གོ་རིམ་འཁྲུག་ནས་ཏ་རུ་ན། །ལ་རུ་ག་སོགས་ལྕི་ཡང་ཉམས་པའི་སྐྱོན། །
༈ ཨ་སོགས་མཚམས་སྦྱོར་མི་འདོད་རྒྱུ་མེད་པར། །ཡ་བ་ཕྱིས་སོགས་མཚམས་སྦྱོར་ཉམས་པའི་སྐྱོན། །ཤད་གོང་ཨ་དང་ཕྱི་མའི་ཨ་ཨི་སོགས། །མཚམས་སྦྱོར་བྲལ་ཀྱང་སྐྱོན་མེད་དམིགས་ཀྱིས་བསལ། །
༈ རི་སོགས་ཡུལ་དང་ཉིན་མཚན་དབྱར་སོགས་དུས། །འདོད་ཡོན་ལ་བརྟེན་གླུ་སོགས་སྒྱུ་རྩལ་ཏེ། །རྒྱུ་དང་མི་རྒྱུའི་སྣོད་བཅུད་འཇིག་རྟེན་ནོ། །རིགས་པ་གཏན་ཚིགས་རྟོག་གེའི་བདག་ཉིད་ཅན། །ཐོས་བཅས་གསུང་པའི་ཕྱི་ནང་བརྗོད་བྱེད་ལུང༌། །དེ་དག་དྲུག་ལས་ཇི་ལྟར་འབྱུང་བ་བཞིན། །མིན་པར་སྙན་ངག་མཁན་པོ་བག་མེད་ཀྱིས། །ཞུགས་ན་ཡུལ་སོགས་འགལ་བའི་འདམ་དུ་འབྱིང༌། །མ་ལ་ཡ་ཡི་ག་བུར་གངས་ཅན་དུ། །སྐྱེས་པའི་རྣམ་རྒྱལ་གསེར་མདོག་ཡུལ་འགལ་དག །ཉིན་པར་ཀུ་མུད་མཚན་དུས་པདྨོ་བཞད། །སྟོན་དུས་རྨ་བྱ་དགའ་རྣམས་དུས་འགལ་ལོ། །དཔལ་དང་སྒེག་པ་སྤྲོ་དགའི་ཁྱད་ཡིན་པར། །ཁྲོ་དང་ཡ་མཚན་བྱས་པ་སྒྱུ་རྩལ་འགལ། །གླང་པོའི་རལ་པ་ཆུ་ཤིང་སྙིང་པོ་སོགས། །འདི་འདྲ་སྣོད་བཅུད་འཇིག་རྟེན་འགལ་ལྡན་ཅན། །འདུ་བྱས་རྟག་སོགས་ནང་པའི་རིགས་པ་དང༌། །འཇིག་རྟེན་ཚངས་པས་བྱས་མིན་ཕྱི་རིགས་དང༌། །འགལ་བ་དེ་འདྲ་དེར་ལྟོས་རིགས་པ་འགལ། །ཕྱི་ནང་རང་རང་གཞུང་ལས་བཤད་པ་དང༌། །འགལ་བའི་ངག་རྣམས་ལུང་དང་འགལ་བ་སྟེ། །མེ་བཞག་མིན་པར་བྲམ་ཟེའི་མཆོད་སྦྱིན་དང༌། །བསླབ་ཉན་མེད་པར་སློབ་མར་དབང་ལུང་བཞིན། །སྐབས་མགར་སྐྱོན་མེད་དག་ཀྱང་འདོད་འདི་ལྟར། །གང་གི་མཐུ་ལས་མི་ཡུལ་ལྷའི་ལོངས་སྤྱོད། །འབྱུང་བར་བརྗོད་ཀྱང་སྐྱོན་མེད་ཡུལ་གྱིའོ། །དེ་བཞིན་བཟང་ནང་ལྟོས་ཀྱི་དུས་གཅིག་ཏུ། །འགྲོག་མིན་འགྲོག་པར་བསྟན་ཀྱང་དུས་མི་འགལ། །གར་བྱེད་མེ་ཏོག་རྙིང་ཡང་ཆགས་ལྡན་ལ། །ཡིད་འོང་བརྗོད་ཀྱང་སྒྱུ་རྩལ་ལས་མི་འགལ། །ལས་ཀྱིས་ཉིན་བྱེད་འདིས་ཀྱང་འགའ་ཞིག་ལ། །གྲང་མིན་བྱེད་ཀྱང་འཇིག་རྟེན་དང་མི་འགལ། །འགག་མེད་ལོངས་སྤྱོད་རྫོགས་པའི་སྐུ་སོགས་ཀྱི། །ཁྱད་པར་བརྗོད་ཀྱང་རིགས་པར་འགལ་བ་ཅི། །ཉོན་མོངས་མང་ལྡན་སོ་སྐྱེས་ཚེ་གཅིག་ལ། །སྒྲིབ་གཉིས་བདུད་བཞི་བཅོམ་ནས་འཚང་རྒྱ་སོགས། །ལུང་འགར་འགལ་ཡང་སྐྱོན་མེད་ཡོན་ཏན་རྒྱས། །རྒྱས་སོ་ཚིག་གི་རབ་བྱེད་འདབ་བརྒྱའི་འདབ། །དོན་གྱི་སྦྲང་རྩི་མངར་བ་དེ་དག་ཀྱང༌། །དེ་བཞིན་སྙན་ངག་རྒྱན་ལྡན་ཆེས་དགའི་གླུ། །མཆོག་བསྟན་ཉིན་བྱེད་འོད་དང་ལྷན་ཅིག་རྒྱས། །ཞེས་སྐྱོན་བཅུ་སྤངས་ནས་ཡོན་ཏན་རབ་རྒྱས་སྤེལ་བའི་རབ་ཏུ་བྱེད་པ་སྟེ་ཉི་ཤུ་རྩ་ལྔ་པའོ། །
འདིར་སྨྲས་པ།
ཚོགས་གཉིས་ཆུ་གཏེར་ལས་འོངས་དབྱངས་ཅན་བདུད་རྩིའི་གཏེར། །
ཐུབ་བསྟན་རལ་བའི་མྱུ་གུ་དེ་ནི་སྔོན་བསགས་ཀྱི། །
ལེགས་བྱས་རྒྱུ་སྐར་ཕྲེང་བ་ལ་ཆགས་འདིར་འོངས་ནས། །
སྐལ་བཟང་ཡིད་མཁའ་མཛེས་བྱེད་མཚོ་ལ་པདྨས་བཞིན། །
མཆོག་གི་གསུང་རབ་འོད་ཀྱི་ཐིག་པ་དག །མང་འདུས་རིན་ཆེན་ཕྲེང་ལྡན་ཕྲ་ཞིབ་སྤྱན། །སྲིད་ལས་བརྒལ་ཀྱང་རྫོགས་པ་མིན་པ་ཡིས། །མེས་པོའི་ཡིད་བརྟན་འགོག་པ་འདི་ལས་གང༌། །འཕྲོག་བྱེད་འཇུག་པ་བཅུ་ཡིས་མ་ཐོབ་ལ། །མེས་པོའི་ནོར་ལྷའི་སྙན་གྱིས་མ་གསན་ཅིང༌། །དབང་པོས་སྤྱན་སྟོང་བགྲད་ཀྱང་མ་མཐོང་བའི། །དབྱངས་ཅན་རྒྱུད་མང་བརྡུངས་འདི་སྐལ་བས་ཐོབ། །ཁྱད་འཕགས་དོན་གྱི་གཞི་ལྡན་མེ་ལོང་མ། །ཀ་ཡེ་བྱིས་པས་འཁྲུལ་སྤྱད་གོས་ཧྲུལ་སྐྱུར། །གསར་བཤད་སྙན་འཇེབས་དུ་ཀུ་ལ་ཡི་གོས། །གྱོན་ལ་རྨད་བྱུང་འཛུམ་པའི་དཔལ་ངོམས་ཤིག །ཤེས་བྱར་ཡོད་དོ་ཅོག་ཀུན་མང་ཐོས་ཀྱི། །ཉ་ལྕིབ་ཁོག་པར་བསྐྲུན་པའི་ལེགས་བཤད་ཀྱི། །འཁྲུལ་བྲལ་མུཀྟི་ཀ་ཡི་དོ་ཤལ་གྱི། །རིན་ཆེན་འཕྲེང་མཛེས་སྤེལ་ཏེ་ད་ལོངས་ཤིག །རྒྱལ་བའི་དབང་པོའི་ལེགས་བཤད་གང་གཱའི་ཆུ་གོས་ལྷབ་ལྷུབ་གཡོ། །འཇམ་དཔལ་སྙིང་པོའི་གསུང་རབ་ནམ་མཁའི་ནོར་བུ་ཏོག་ཏུ་བཀོད། །ཚིག་སྦྱོར་རིན་ཆེན་དོ་ཤལ་མང་དུ་འཕྱང་བའི་རྒྱལ་མཚན་ཆེ། །ལྷ་དང་མི་རྣམས་དགའ་བར་བྱེད་དེ་དེང་ནས་ལེགས་པར་བཙུགས། །སྙིང་གི་པདྨར་ཡབ་གཅིག་འཇ༷མ་དཔལ་ལྷ། །བཞུགས་ལ་དགྱེས་ལྡན་དབྱ༷ངས་ཅན་བཞ༷ད་པ༷འི་འཛུམ། །མགྲིན་པའི་འཁོར་ལོར་ཆགས་པ་སྨྲ་བའི་མཛོད། །སྤོབས་པ་མཆོག་གི་རྡོ༷་རྗེ༷ས་དེ་ལྟར་བསྐྲུན། །སྙན་ཚིག་པདྨ་མཛེས་པའི་དགའ་ཚལ་འདིའི། །ཕུལ་བྱུང་བརྗོད་དོན་སྦྲང་རྩི་མྱང་བས་ཚིམ། །མཁས་པའི་བུང་བ་གྲགས་སྙན་གླུ་དབྱངས་ཅན། །མང་པོས་འཛིན་མའི་ཁྱོན་ཡངས་འགེངས་པར་ཤོག །ཁྲིམས་གཉིས་རྣམ་པར་དག་པའི་ས་གཞི་བསྟན། །ཐུབ་པའི་རྒྱལ་ཚབ་ལྷུན་པོ་དབུས་ན་བརྗིད། །མཁས་མང་གསེར་གྱི་རི་བོས་ཡོངས་སུ་བསྐོར། །བློ་བཟང་ཆོས་སྲིད་ནོར་འཛིན་དར་དྲག་ཤོག །དེའི་མཐུ་ལ་སྤྱོད་ལྷ་དང་མི་རྣམས་ཀྱི། །བདེ་སྐྱིད་སྙན་གྲགས་རྫོགས་ལྡན་ལ་སྤྱོད་དཔལ། །སྒྲོགས་ལ་སྐྱེ་བོ་ཀུན་དང་ཆུ་གཏེར་ཡང༌། །མི་ངལ་ཆིལ་སྒྲོགས་བརྩོན་པ་དོན་ལྡན་ཤོག །མཆོག་གསུམ་ནུས་མཐུས་རྣོ་ལྡན་བདེན་པའི་ཚིག །བཏབ་པ་ཙམ་གྱིས་མི་མཐུན་རལ་པའི་ཚོགས། །བཅད་དེ་ཚོགས་གཉིས་ང་ལས་ནུའི་སྟོབས་ཀྱིས། །སྐུ་བཞིའི་རི་དབང་སྤོ་མཐོ་ལ་སྤྱོད་ཤོག །
ཅེས་སྙན་ངག་གསལ་བར་བྱེད་པའི་བསྟན་བཅོས་དབྱངས་ཅན་ཞལ་གྱི་ལུང་ཉི་མ་འབུམ་གྱི་འོད་ཅན་ཞེས་བྱ་བ་འདི། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་འཇམ་དབྱངས་མིའི་གར་མཁན་ཁྲི་རིན་པོ་ཆེ་ངག་གི་དབང་ཕྱུག་བློ་གྲོས་རྒྱ་མཚོ་དཔལ་བཟང་པོ་ལ་སོགས་པའི་མཁས་གྲུབ་དམ་པ་མང་པོའི་ཞབས་པད་གཙུག་གི་རྒྱན་དུ་བཀོད་པའི་བཀའ་དྲིན་ལས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་ངེས་པ་ཅུང་ཟད་རྙེད་ཅིང༌། སྒྲ་དང་སྙན་ངག་སོགས་ལའང་བློ་གྲོས་ཀྱི་འཇུག་པ་ཐོབ་པའི་སྙན་ངག་མཁན་ཐོས་ལྡན་འཇམ་དབྱངས་བཞད་པའི་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས་རང་རེའི་སྟོན་པ་མཉམ་མེད་ཟས་གཙང་གི་སྲས་པོ་དེ་ཉིད་རྗེ་ནོར་བཟང་ཡབ་སྲས་དང་ཁམས་གསུམ་རྣམ་འདྲེན་བློ་བཟང་རྒྱལ་བའི་དབང་པོའི་བཞེད་པ་ལྟར་ན་དྲག་པོ་ལྕགས་སྤྲེལ་ལ་སྐུ་བལྟམས་པ་དེ་ནས་ལོ་ཉིས་སྟོང་དྲུག་བརྒྱ་དང་བཅུ་ཕྲག་བཞི་དང་ཉག་མ་བཞི་པ། དུས་འཁོར་ཊཱིཀ་ཆེན་དེ་ཉིད་སྣང་བ་དང༌། པཎ་ཆེན་བསོད་གྲགས། ཀུན་མཁྱེན་ནམ་མཁའ་རྒྱལ་མཚན་པ་སོགས་ལྟར་ན་ཟིལ་གནོན་མེ་རྟ་ལ་སྐུ་འཁྲུངས། དེ་ནས་ལོ་ཉིས་སྟོང་དྲུག་བརྒྱ་པ་མིག་དམར་ཞེས་པ་ཤིང་ཕོ་བྱི་བའི་ལོ། ཉའི་ཁྱིམ་དབོ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོའི་ཉིན་རྫོགས་པར་གྲུབ་པ་འདིས་ཀྱང་རྒྱལ་བསྟན་སྤྱི་དང་ཁྱད་པར་དུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རིང་ལུགས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག།། །།


previousསྙན་ངག་གི་བསྟན་བཅོས་དབྱངས་ཅན་ཞལ་ལུང་།next