Nitartha Digital Library
Tibetan
ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ས་ཆོག
   
   
   
   
   
   
   
   
   
   


 
previousས་ཆོགnext

ས་ཆོག

རྗེ་བཙུན་བླ་མ་འཇམ་དབྱངས་བཞད་པའི་གསུང་ཐོར་བུ་ལས་ས་ཆོག་བཞུགས་སོ། །
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྐྱེ་དགུའི་གཙུག་རྒྱན་རྩ་བརྒྱུད་བླ་མ་དང༌། །བསླུ་མེད་མཆོག་གསུམ་ཀུན་དང་ཁྱད་པར་དུ། །རྒྱལ་བ་ཀུན་དངོས་རྗེ་བཙུན་ཙོང་ཁ་པ། །ཡབ་སྲས་བརྒྱུད་པར་བཅས་ལ་ཕྱག་བྱས་ཏེ། །རང་གཞན་མང་པོའི་དོན་གཉིས་སྒྲུབ་སླད་དུ། །གཙུག་ལག་ཁང་དང་དཀྱིལ་འཁོར་མཆོད་རྟེན་དང༌། །ཁང་བཟང་སོགས་དང་གྲོང་ཁྱེར་ལྡུམ་ར་དང༌། །སྐྱེད་ཚལ་སོགས་ཀྱི་ས་གཞི་བརྟག་བསླངས་དང༌། །ས་སྦྱངས་ས་གཟུངས་སོགས་ཀྱི་ཆོ་ག་འགའ། །ཉེར་མཁོ་ཉུང་གསལ་རྒྱུད་དང་དེའི་འགྲེལ་པ། །ཕྲེང་བ་ཀྲྀ་ཡ་སྔགས་རིམ་བཤད་པ་བཞིན། །འཁྲུལ་བ་སྤངས་ཏེ་བླ་མའི་ཕྱག་བཞེས་བྲི། །དེ་ལ་འདིར་དགེ་འདུན་གྱི་གནས་གཞི་དང་མཆོད་རྟེན་སོགས་སྔར་མ་བྱས་པའི་སར་བྱེད་པའི་ས་ཆོག་ལ། ས་བརྟག་པ་དང༌། ས་བསླངས་པ་དང༌། ས་སྦྱངས་པ་དང༌། ས་བཟུང་བ་དང༌། བསྲུང་ཞིང་བྱིན་གྱིས་བརླབས་པ་དང༌། ཞར་བྱུང་གནས་གཞན་དང་དཀྱིལ་འཁོར་གཞན་ལ་ས་ཆོག་དགོས་མི་དགོས་བཤད་པ་དང་དྲུག །དང་པོ་སྤྱིར་སའི་བརྟག་ཚུལ་ལྔ་ལས། དང་པོ་སྤྱིར་དབྱིབས་ཁ་དོག་སོགས་ཀྱི་དཔྱད་བརྟག་པ་ནི་ས་དཔྱད་དག་ལས་ཤེས་དགོས་འདིར་མང་དོགས། གཉིས་པ་གྲོང་སོགས་ཡོད་པའི་ཕྱོགས་བརྟག་པ་ནི། །རྡོ་རྗེ་མཁའ་འགྲོ་ལས། གྲོང་དང་དུར་ཁྲོད་ཚོང་འདུས་དང༌། །ཞེས་སོགས་ཀྱི་གྲོང་ལ་སོགས་པའི་ཕྱོགས་བདུན་མི་རུང་བ་དང་བྱང་ཤར་ལ་རུང་ཞིང་ས་གཞན་ཡིན་ན་ཡིད་དུ་འོང་བར་བྱེད་པར་བཤད། གསུམ་པ་སའི་བརྟག་པ་ནི། མཐོ་གང་ཙམ་གྱི་ཁུང་བུ་བརྐོས་ནས་མྱུར་བོར་ས་དེ་ཉིད་ཀྱིས་བཀང་ནས་ལྷག་ན་བཟང་བར་ཕྲེང་བར་བཤད། སྤྱི་རྒྱུད་ལས། པུས་ནུབ་ཙམ་བརྐོས་ལ་ས་དེས་བཀང་བས་ལྷག་ན་དངོས་གྲུབ་ཡོད་ལ། དེ་ལས་ཟློག་ན་ལས་མི་བརྩམས་ཏེ། བརྩམས་ན་སྡུག་བསྔལ་མྱོང་ཞིང་ལེགས་པའང་མི་འཐོབ་པར་གསུངས་སོ། །ཕྱག་རྡོར་དབང་བསྐུར་བའི་རྒྱུད་ལས། མཁས་པས་ཁྲུ་གང་ཙམ་བརྐོས་ནས། །བསྔགས་པ་ཡི་ནི་བརྐོས་པ་དེ། །ས་དེ་ཉིད་ཀྱིས་དགང་བར་བྱ། །ལྷག་ན་མཁས་པ་ཀུན་ཏུ་མཆོག །ཁ་ད་ཆད་དུ་འབྲིང་དུ་བརྗོད། །གང་བར་མ་གྱུར་ན་དེ་སྤངས། །མཁས་པས་དེར་ནི་བརྩམས་མི་བྱ། །ཞེས་གསུངས་སོ། །བཞི་པ་ཆུའི་བརྟགས་པ་ནི། ཁུང་བུ་སྔ་མ་སླར་ཡང་མཐོ་གང་དུ་བརྐོས་པས་ཆུས་བཀང་ལ་གོམ་པ་བརྒྱར་ཕྱིན་ནས་ལོག་སྟེ་བལྟས་པས། ཆུས་གང་ན་བཟང་ལ། དམའ་ན་སྤངས་ཞིང་སྒྲ་དང་བཅས་ན་ཀླུས་འཇིགས་པ་སྟོན་པར་ཕྲེང་བར་བཤད་དོ། །རྡོ་རྗེ་མཁའ་འགྲོ་ལས། ཤར་དུ་སྔར་ལྟར་ཕྱིན་ནས་ལོག་སྟེ། བལྟས་བས་གང་ན་བཟང་ལ། སྐམ་ན་སྤངས་པར་གསུངས་པའི་འགྲེལ་བར། ཕྱེད་མན་ཆད་སྐམ་ན་མི་དགེ་ལ་གཞན་དུ་ན་དགེའོ། །ཞེས་བཤད་དོ། །གཞན་ཡང་ཆུ་གཡས་སུ་འཁོར་ན་རབ། མི་འཁོར་ན་འབྲིང༌། གཡོན་དུ་འཁོར་ན་སྤངས་ཞིང་བགེགས་དང་བཅས་ན་བདུད་རྩི་འཁྱིལ་བས་བགེགས་བསྐྲད་ལ་ཕུར་བུས་གདབ་པར་འཆད་དོ། །ཁུང་བུ་བརྐོ་བ་དང་ཆུས་འགེང་ཚུལ། སྔགས་རིམ་ལས། དམ་ཚིག་རྡོ་རྗེ་ཁུང་བུ་བརྐོ་བ་དང༌། ཆུས་འགེང་བའི་ཚེ་བདུད་རྩི་འཁྱིལ་བའི་སྔགས་དང་ཤར་དུ་འགྲོ་བ་ན་ཡི་གེ་གསུམ་ཟློ་བར་བཤད་དོ། །ཞེས་གསུངས་པ་ལྟར་ལེགས་སོ། །དེ་ལྟར་སའི་བརྟག་པ་དང༌། ཆུའི་བརྟག་པ་གཉིས་གཙུག་ལག་ཁང་དང་དགོན་གནས་དང༌། མཆོད་རྟེན་དང་ཁང་བཟང་བྱེད་པ་ལའང་དགོས་པར་ཕྲེང་བ་དང་སྔགས་རིམ་དུ་གསུང་སྟེ། ཤིས་མི་ཤིས་རྟོགས་ཚུལ་ཡིན། ལྔ་པ་ཁ་དོག་གི་སྒོ་ནས་བརྟག་པ་ནི། ཕྱག་རྡོར་དབང་བསྐུར་ལས། དཀར་པོ་ཞི་བ་དང༌། དམར་པོ་དབང་དང༌། སེར་པོ་རྒྱས་པ་དང༌། ནག་པོ་དྲག་ཤུལ་སྤྱོད་པར་བཤད་པ་ལྟ་བུའོ། །གཉིས་པ་ས་བསླངས་པ་ལ། མངོན་པ་ལས་བསླངས་པ་དང༌། མི་མངོན་པ་ལས་བསླངས་པ་གཉིས་ལས། དང་པོ་ནི། དྲུག་སྡེ་ལྟར་མི་བྱ་བར་བདག་པོ་ཡོད་ན་རུང་བའི་ས་དེ་སློངས་ཏེ། སྤྱི་རྒྱུད་ལས། ས་ཡི་བདག་པོས་གནང་ནས་ནི། །ཞེས་སོ། གཉིས་པ་ནི། དེ་ནས་སྔ་དྲོ་རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཅེས་སོགས་སྔོན་འགྲོ་གཏོར་མ་ནས། མངོན་རྟོགས་རྫོགས་པར་བཏང་སྟེ། དྲི་བཟང་པོའི་མཎྜལ་བྱས། མདུན་དུ་སྐད་ཅིག་གིས་དཔལ་ཞེས་སོགས། རང་ཉིད་ཡི་དམ་གྱི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ། མཆོད་བསྟོད་གཏོར་མ་ཕུལ་ལ་ནམ་མཁར་བཏེག་གོ །ཚོམ་བུ་དང་མཆོད་པ་བཤམས་ལ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། གཞིའི་བདག་པོ་འཁོར་བཅས་སྤྱན་དྲངས། ཀྵེ་ཊཱ་པཱ་ལ་སོགས་ཀྱིས་མཆོད་ཅིང་གཏོར་མ་བྱིན་ནས། གང་དག་འདིར་གནས་ལྷའམ་ཀླུ། །གནོད་སྦྱིན་སྲིན་པོ་གཞན་དག་ལ། །ས་འདི་བདག་གིས་བསླངས་བར་བགྱི། །དགེ་འདུན་གནས་གཞིར་ཁྱེད་ཀྱིས་སྩོལ། །ཞེས་ལན་གསུམ་གསོལ་བ་གདབ། དེ་ནས་སྤྱན་རས་གཟིགས་དབང་ཕྱུག་གམ། མ་རྙེད་ན་སྟོན་པ་སོགས་ཀྱི་མདུན་དུ་མཆོད་པ་སྔོན་དུ་འགྲོ་བས་མགོ་ལྷོ་དང་ཁ་ཤར་དུ་ཕྱོགས་པར་གོས་གཙང་མ་གྱོན་ནས་ས་ཕྱོགས་གཙང་མར་ཁྲིའམ་ལག་པའི་ཁར། ཨོཾ་མུ་ཙི་ལི་སྭཱཧཱ། ཨོཾ་མོ་ཧ་ནི་སྭཱཧཱ། ཨོཾ་པཱ་ཏི་ལི་སྭཱཧཱ། ཞེས་ཉེར་གཅིག་བཟླས་པས་བསྔགས་ཏེ་རྨི་ལམ་བརྟག་པར་བྱའོ། །རྨི་ལམ་བཟང་བ་དང་གནང་བའི་མཚན་མ་ནི། དཔུང་བཟང་གི་རྒྱུད་ལས། མཚན་མོ་ཉལ་ནས་རྨི་ལམ་འདི་དག་མཐོང༌། །ཁང་བཟང་ལྗོན་ཤིང་རྒྱལ་མཚན་སེང་གེ་རྟ། །རི་བོ་ཤིང་རྟ་གྲགས་ལྡན་སྤྲིན་དང་ཀླུ། །སྟག་དང་བསེ་དང་གླང་ཆེན་ཁྱུ་མཆོག་ལ། །རྨི་ལམ་ལ་ནི་དགའ་བས་ཞོན་པ་དང༌། །མེ་ཏོག་ཕྲེང་བ་དྲི་དང་གོས་རྣམས་དང༌། །ཤ་ཆང་ཉ་དང་འབྲས་བུ་གླེགས་བམ་དང༌། །ལྷ་ཡི་གཟུགས་དང་ཨུཏྤལ་དམར་པོ་དང༌། །ཤིང་རྟ་གང་བའམ་བ་བཞོན་བེ་ཕྲུག་ཅན། །གདུགས་དཀར་བསིལ་ཡབ་ལྷམ་དང་རལ་གྲི་དང༌། །རྔ་ཡབ་གསེར་ཡུ་ཅན་དང་ཕྲེང་བ་དང༌། །ནོར་བུ་མུ་ཏིག་ཉ་ཕྱི་དུང་དང་དངུལ། །བུད་མེད་གཟུགས་བཟང་བ་དང་བུ་མོ་དང༌། །རིན་ཆེན་སྣ་ཚོགས་རྣམས་ཀྱིས་སྤྲས་པའི་རྒྱན། །མལ་སྟན་དཀར་པོ་བཏང་བ་རྙེད་པ་དང༌། །ཐོ་རངས་ཁ་ནི་ཆུ་བོ་ཆུ་ཀླུང་དང༌། །བབ་ཆུ་རྒྱ་མཆོའི་ངང་བ་རྫིང་བུ་དང༌། །ལུ་མ་ལ་ནི་འཐུང་ཞིང་རྐྱལ་རྨི་དང༌། །ཡང་ན་ཁྲག་གིས་ལུས་ནི་ཁྲུས་བྱེད་པའམ། །ལྷ་ཁང་མཆོད་རྟེན་འདུགས་ནས་རྒྱལ་བའི་གཟུགས། །བྱང་ཆུབ་སེམས་དཔའ་རྣམས་དང་རང་སངས་རྒྱས། །ཟག་མེད་དགེ་འདུན་དགེ་སློང་དགེ་སློང་མ། །དགེ་བསྙེན་རྣམས་དང་ས་བདག་ལྷ་རྣམས་དང༌། མཆོད་གནས་བྲམ་ཟེ་ཡིད་འོང་སྐྱེས་བུ་དང༌། །མ་དང་མི་མཆོག་ཕྱུག་ཅིང་འབྱོར་དང་གཉེན། །ཕ་མ་མཛའ་བཤེས་གཉེན་དང་གནོད་སྦྱིན་དང༌། །གྲུབ་པའི་ལྷ་དང་ན་ཆུང་ཚོགས་དག་དང༌། །ཅི་སྟེ་ཉི་མ་ཟླ་བ་ཟ་བ་དང༌། །ས་ཡི་ནང་འགྲོ་ས་བོན་ཀུན་འཐུ་དང༌། །མི་ལ་རྫི་ཞིང་ཤ་ནི་ཟ་བ་དང༌། །ལུས་ཀྱི་ནང་དུ་བུད་མེད་ཞུགས་པ་མཐོང༌། །རྨི་ལམ་བཟང་པོ་འདི་དག་མཐོང་བ་དང༌། །ཞེས་དང༌། ཕྱག་རྡོར་དབང་བསྐུར་བའི་རྒྱུད་ལས། པདྨའི་སྟེང་ན་འདུག་ན་མཆོག །བཟུང་དང་མཐོང་བ་དེ་བཞིན་ཏེ། །རྒྱ་མཚོའི་མཐོང་བ་རྨི་བ་དང༌། །རྐྱལ་དང་མཐོང་བ་དེ་བཞིན་ནོ། །སངས་རྒྱས་མཐོང་བས་སྙིང་དགའ་སྟེ། །བྱང་ཆུབ་སེམས་དཔའ་སྐྱོབས་རྣམས་དང༌། །འཇིག་རྟེན་རང་སངས་རྒྱས་རྣམས་དང༌། །ཉན་ཐོས་དག་དང་གང་མཁས་དང༌། །དེ་དག་མཐོང་ཞིང་སྙིང་དགའ་བའོ། །མི་ཡི་ཕུང་པོ་གྲགས་པ་དང༌། །བ་གླང་ཁྱུ་མཆོག་གླང་ཆེན་གྲགས། །རྟ་ནི་དཀར་པོ་གང་གྱུར་དང༌། །དེ་དག་མཐོང་དང་ཞོན་པ་དང༌། །བ་གླང་ཁྱུ་ཡང་ཤིས་པ་ཡིན། །བྲམ་ཟེ་དང་ནི་རྒྱལ་རིགས་དང༌། །རྒྱལ་པོ་དགེ་བར་གྲགས་པ་དང༌། །སྡུག་པའི་གཉེན་དང་གྲུ་བ་དང༌། །ཉི་མ་དང་ནི་ཟླ་བ་དང༌། །དེ་དག་མཐོང་ན་ཤིས་པར་འགྱུར། །རྨི་ལམ་སྨྲ་ཞིང་གཏམ་ཟེར་དང༌། །རང་གི་མགོ་བོ་གཅོད་པ་དང༌། །ཤ་ཆེན་ཟ་བར་བྱེད་པ་དང༌། །ཁྲག་གིས་ཁྲུས་ཀྱང་བྱེད་པ་དང༌། །དེ་བཞིན་མི་གཙང་བྱུག་པ་དང༌། །ཞོ་དང་འབྲས་ཆེན་ཟ་བ་དང༌། །ཆང་ཡང་འཐུང་བར་བྱེད་པ་དང༌། །སྐྲ་འབྲེགས་པ་ནི་མཆོག་ཡིན་ནོ། །སོ་ཡང་ལྟུང་བར་བྱེད་པ་དང༌། །དུར་དང་ཤིང་ནི་ནྱེ་ཀྲོ་ཏ། །དེ་ལ་འཛེགས་པ་ཤིས་པར་འགྱུར། །ལེགས་སོ་བུ་ཞེས་བློ་ལྡན་ཞེས། །སྒྲ་ནི་དེ་སྐད་ཐོས་པ་དང༌། །ཡིད་དུ་འོང་བའི་བུད་མེད་ལ། །ཟིན་སོ་ཉལ་བོ་བྱེད་པ་དང༌། །ཚངས་པ་དྲག་པོ་ཉི་མ་དང༌། །ཁྱབ་འཇུག་དང་ནི་ཟླ་བ་དང༌། །ལུས་ངན་པོ་དང་ནོར་སྦྱིན་དང༌། །བརྒྱ་བྱིན་དང་ནི་ཆུ་ལྷ་དང༌། །དེ་དག་མཐོང་ངམ་སྨྲ་བ་དང༌། །འབེལ་གཏམ་བྱེད་ན་ངེས་པར་འགྲུབ། །གཞན་ཡང་དེ་ལྟའི་རྨི་ལམ་གང༌། །དངོས་གྲུབ་འདོད་པ་རྣམས་ཀྱིས་བཟུང༌། །ཞེས་གསུངས་སོ། །བཀག་པའམ་རྨི་ལམ་ངན་པ་ནི། །ཕྱག་རྡོར་དབང་བསྐུར་པའི་རྒྱུད་ལས། རྨི་ལམ་དེ་ལས་བཟློག་པ་དག །འཇིགས་བྱེད་རྣམས་ཀྱིས་བཟུང་མི་བྱ། །ས་ལ་རྒྱུག་དང་མཆོང་བ་དང༌། །གར་བྱེད་པ་དང་གླུ་ལེན་དང༌། །རྒོད་དང་བོང་བུ་རྔ་མོང་ལ། །ཞོན་པ་ཤིན་ཏུ་ངན་པ་ཡིན། །འབྲུ་མར་གྱིས་ནི་ལུས་སྐུད་དང༌། །གཅེར་བུ་དག་དང་སྨྲ་བ་དང༌། །ཞར་བ་འཐེང་བོ་སྒུར་པོ་དང༌། །མི་ལྐུག་རྣམས་དང་ཕྲད་པ་དང༌། །ཕག་རྣམས་དང་ནི་ཁྱི་རྣམས་དང༌། །བོང་བུ་རྣམས་ཀྱང་དེ་བཞིན་ཏེ། །མ་ཧེ་རྔ་མོང་ཅེ་སྤྱང་དག །རྨི་ལམ་མཐོང་བ་རྟག་ཏུ་སྨད། །རྩེ་གཉིས་རྩེ་གསུམ་གདེངས་ཐོགས་དང༌། །མིག་དམར་ཤིན་ཏུ་འཇིགས་པ་དང༌། །གཅེར་བུ་དག་དང་སྣ་ལེབ་དང༌། །སྡིགས་མོ་བྱེད་པའི་འཇིགས་བྱེད་དང༌། །མདོག་ནག་མི་བཟད་ཆེན་པོ་དང༌། །གོས་སྔོན་གཟུགས་བྱད་མི་སྡུག་པ། །སུ་ཡིས་རྨི་ལམ་རྨིས་པ་ཡིས། །དེ་ལ་དངོས་གྲུབ་ཡོད་མི་འགྱུར། །ཟུངས་ཤིག་རྒྱོབ་ཅིག་ཆོམས་ཤིག་ཅེས་པའམ། །ཟོ་ཞིག་ཅེས་པའི་མི་བཟང་སྒྲ་དྲག་པོ། །འཇིགས་བྱེད་ཁྲོ་བོ་ཐོས་པ་དང༌། །ཕུང་དང་མ་རྙེད་ཐོས་པ་དང༌། །བྱ་རྒོད་བཞད་དང་བྱ་དཀར་དང༌། །འུག་པ་བྱ་རོག་བྱི་ལ་དང༌། །བྱི་བ་སྡུག་པ་སྲེ་མོང་སྦྲུལ། །གང་དག་གཞན་ཡང་སྐྱེ་བ་འདུག །དེ་དག་རྨི་ལམ་མཐོང་འགྱུར་རམ། །རེག་པར་གྱུར་ན་མི་དགེའོ། །ཞེས་དང༌། དཔུང་བཟང་གི་རྒྱུད་ལས། དེ་བཞིན་སྟག་དང་སེང་གེ་ཁྱི་དང་ཕག །བོང་བུ་རྔ་མོང་བྱི་བ་ཤ་ཟ་དང༌། །བྱ་རྒོད་འུག་པ་སྐྱར་མོ་མི་འུ་སྦྲུལ། །གཅེར་བུ་ཐལ་རིས་ཅན་དང་མི་ནག་པོ། །ཁྲོན་སྐམ་ཐོད་པ་རུས་གོང་ཕུང་པོ་དང༌། །ལྕགས་དང་གཏོར་ཁུང་མི་གཙང་ཁ་རུལ་དང༌། །ཁ་བཞིན་བསྒྱུར་ཞིང་རལ་གྲི་མདུང་ཐོགས་དང༌། །རྨི་ལམ་འདི་རྣམས་མཐོང་བའི་མི་ཡང་བརླག །ཅེས་གསུངས་སོ། །སྤྱི་རྒྱུད་སོགས་ལས་གསུངས་ཚུལ་གཞན་དུ་བརྗོད་པ་དག་ཀྱང་ཤེས་དགོས་སོ། །དུས་ཡང་སྲོད་བདུད་ཀྱི་རྨི་ལམ་དང༌། ནམ་ཕྱེད་བག་ཆགས་ཀྱི་རྨི་ལམ་ཡིན་ལ། ནམ་སྨད་ལྷས་སྟོན་པས་དེ་དུས་དཔྱད་པར་འཇམ་དཔལ་རྩ་རྒྱུད་ལས་གསུངས་སོ། །རྨི་ལམ་ངན་ན་འཁྱིལ་བའི་སྔགས་བཟླས་པའམ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་པར་མོས་ཏེ་རྣམ་རྟོག་སྤངས་ཏེ། དགེ་བཤེས་སྟོན་པས་རྭ་སྒྲེང་འདེབས་དུས་ལྟར་བྱེད་དམ། ཡང་ན་སླར་ཡང་བདེ་གཤེགས་དང་ཞིང་སྐྱོང་ལ་སྔར་ལྟར་གཏོར་མ་དང་མཆོད་ནས་གསོལ་བ་བཏབ་སྟེ། བརྟག་པས་དེ་རྣམས་ཀྱིས་བྱིན་པའམ། མ་བཀག་པའི་ས་གཞི་ལ་བྱ་ཡི། བཀག་པ་ལ་ནི་མ་ཡིན་ནོ། །ཡང་ན་ཅིས་ཀྱང་བྱེད་དགོས་བྱུང་ན་དང༌། ཀླུ་གདུག་པ་ལྟ་བུའི་གནས་མི་རུང་བས་ཀླུ་དེ་དག་ཁྱིའི་ཕྱག་རྒྱའི་སྒོ་གནས་སྤོ་བའི་ཆོ་ག་དུས་འཁོར་གྱི་དཀྱིལ་ཆོག་ལྟར་བྱ་སྟེ་གདམ་པ་ཟབ་མོ་འདི་ལེགས་སོ། །དེ་ནས་ཉི་མ་གཞན་གྱི་སྔ་དྲོ་ལ་སྔར་བསྒོམ་པའི་ལྷའམ། མངོན་རྟོགས་བསྒོམ་པའི་ལྷ་ནམ་མཁར་བཏེགས་པ་རྣམས་ལ་བདེ་བར་གཤེགས་པས་ས་བསླངས་ལྟར་གསོལ་བ་བཏབ་སྟེ་གནང་བ་ཞུས་ཏེ། ཉིན་གུང་བསྲུང་འཁོར་བསྒོམ་ནས་བགེགས་ལ་ཕུར་བུས་གདབ་པ་དང་དྲག་པོའི་སྦྱིན་སྲེག་གང་རུང་བྱ། ཕྱི་མ་བྱེད་ན་ཕྱི་དྲོ་མེ་མཚམས་ཀྱི་ཐབ་ཁུང་དུ་ཞི་བའི་སྦྱིན་སྲེགས་ཀྱང་བྱའོ། །སྔ་མ་བྱེད་ན། ཨོཾ་བཛྲ་ཨུ་ཏི་ཥྛ། བསྒོམ་པའི་དཀྱིལ་འཁོར་བ་ནམ་མཁའ་ལ་བཞུགས་པར་གྱུར་པར་བསམ། རང་ཉིད་བཏེགས་པའི་གཙོ་བོ་ལས་ཕྱེ་བའི་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་མིག་གཡས་པ་མ་ལས་ཉི་མ་དང༌། གཡོན་པ་ཊ་ལས་ཟླ་བ། ཧཱུཾ་ལས་མིག་འབྲས་གཉིས་སུ་དུས་མཐའི་མེ་ལྟར་གྱུར་པའི་འོད་ཀྱིས་ཕྱོགས་ཐམས་ཅད་གསལ་བར་བྱས་བགེགས་རྣམས་བསྐྲད་པར་གྱུར་པར་བསམ། དེ་ནས་རྐང་མཐིལ་གཉིས་སུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་འབར་བ་རེ་རེ་བསྒོམ་ལ། དེ་ནས། ཧྲཱིཿཥྚྲཱིཿལ་སོགས་པ་བརྗོད་བཞིན་པའི་ཤེས་ཤིང་སྤྲོ་ན་རོལ་བའི་རྡོ་རྗེ་རྩེ་གཅིག་པ་སོགས་ཀྱི་འགྲོས་ཀྱིས་སམ། མི་སྤྲོ་བའམ། མི་ཤེས་ན་གནས་གཞི་གང་བྱེད་ཀྱི་ས་གཞི་ལ་བསྐོར་ཞིང༌། སྔགས་བརྗོད་པས། གདུག་པ་རྣམས་བསྐྲད་པར་གྱུར་པར་བསམ། དེ་ནས་ས་གཞི་དེའི་དབུས་སུ་ཕྱིན་ཏེ། ཧཱུཾ་ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ཀུན་ཉོན་ཅིག །ང་ནི་དཔལ་ལྡན་རྡོ་རྗེ་འཆང༌། །བསྲུང་བའི་འཁོར་ལོ་སྦྱོར་བའོ། །རྡོ་རྗེ་གཟུགས་ནི་འབར་བ་ཡི། །ལུས་གསུམ་ལས་སྐྱེས་དགས་པར་བྱ། །གལ་ཏེ་ཁ་ཅིག་བདག་ལས་འདའ། །འཇིགས་པར་འགྱུར་གྱི་གཞན་དུ་མིན། །ཞེས་བརྗོད་དེ། ཤར་དུ་ཕྱིན་ཏེ། རང་ཉིད་གཏི་མུག་གཤིན་རྗེ་གཤེད་དུ་གྱུར། ཞེས་དེའི་ང་རྒྱལ་གྱིས། ང་ནི་དཔལ་ལྡན་འཁོར་ལོ་འཆང༌། །སོགས་དང༌། ལྷོར་སེར་སྣ་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས། ང་ནི་དཔལ་ལྡན་རིན་ཆེན་འཆང༌། །སོགས་དང༌། ནུབ་ཏུ་འདོད་ཆགས་གཤིན་རྗེ་གཤེད་གྱི་ང་རྒྱལ་གྱིས། ང་ནི་དཔལ་ལྡན་པདྨ་འཆང༌། །སོགས་དང༌། བྱང་དུ་ཕྲག་དོག་གཤིན་རྗེ་གཤེད་ཀྱི་ང་རྒྱལ་གྱིས། ང་ནི་དཔལ་ལྡན་རལ་གྲི་འཆང༌། །ཞེས་སོགས་བརྗོད་དེ་བགེགས་ལ་བཀའ་བསྒོས་ཤིང༌། ཧྲཱིཿཥྚྲཱིཿལ་སོགས་པའི་སྔགས་ཀྱིས་བགེགས་བསྐྲད་པར་བྱའོ། །དེ་ནས་བཀའ་བསྒོས་ཀྱང་མི་ཉན་པར་གཞན་དུ་བྲོས་ནས་སླར་བགེགས་བྱེད་འདོད་པ་རྣམས་བཀུག་ནས་ཕུར་བུས་བཏབ་སྟེ། དཀྱིལ་འཁོར་རམ་རང་གི་བྱ་བ་མ་རྫོགས་ཀྱི་བར་དུ་ཕུར་བུས་བཏབ་སྟེ་འཇོག་པ་ཡིན་ལ། དྲག་པོ་དབང་ཕྱུག་ལ་སོགས་པའི་མ་རུང་བ་ཐམས་ཅད་སྔོན་དུས་ཧཱུཾ་མཛད་ཀྱིས་བཏུལ་བར་གསུངས་པས་རྗེས་འཇུག་ལའང༌། དེའི་ང་རྒྱལ་བྱས་ནས་གདུག་པ་ཅན་རྣམས་བཏུལ་ན་ཁྱད་པར་ཆེ་བར་སློབ་དཔོན་ཨ་བྷྱ་སོགས་ཀྱི་དགོངས་པ་ཡིན་པས། བསྲུང་འཁོར་གཙོ་བོ་ཧཱུཾ་མཛད་བྱེད་པའི་རྒྱུ་མཚན་དང་ཡང་དེ་ཡིན་ནོ། །
དེ་ལ་ཕུར་བུའི་ཚད་དང་གྲངས། སྐྱེད་ཆོག་དང༌། འདེབས་ཚུལ་དམིགས་གསལ་དང་བཅས་པ་གསུམ་ལས། དང་པོ་ལ། ཕུར་བུའི་རྒྱུ་ནི་སེང་ལྡེང་དང་རུས་པ་དང༌། ལྕགས་གསུམ་གང་རུང་ལས་བྱས་པ་དང༌། ཚད་ལ་སྲིད་སོར་བཅོ་བརྒྱད་པ་དང༌། བཅུ་གཉིས་པ་དང༌། བརྒྱད་པ་གསུམ་གང་རུང་བྱས་ཏེ། སྦོམ་རང་རང་གི་སྲིད་ཀྱི་ཚད་ཀྱི་སུམ་ཆ་བྱ་ལ། དབྱིབས་ནི། དབང་གི་རབ་བྱེད་ལས། སྟོད་རང་རང་གི་གཟུགས་ལ་སྨད་ཕུར་བུར་འདུག་པ་བཅུ། ཞེས་དང༌། ལི་ལ་བཛྲས་ཀྱང༌། ཕུར་བ་སྟོད་ནི་ཁྲོ་བོ་ལ། །སྨད་ནི་རྡོ་རྗེ་རྩེ་གཅིག་པ། །ཞེས་གསུངས་ཤིང༌། ཀླུ་བྱང་དང་དཔལ་འཛིན་གྱིས་སྟོད་ཁྲོ་བོ་དང་སྨད་ཕུར་བུའི་རྣམ་པར་བསྒོམ་པར་བཤད་པས། སྟོད་ཁྲོ་བོ་ལ་ལྟེ་བ་མན་ཆད་རྡོ་རྗེ་རྩེ་གཅིག་པའི་རྣམ་པར་ཤནྟི་བས་བཤད་པས་དེ་ལྟ་བུ་བཟོས་ན་ལེགས་སོ། །དེ་ལ་ཚོན་སྐུད་སྣ་ལྔས་རིམ་པ་བཞིན་དུ་དཀྲི། ཉུང་དཀར་ཙནྡན་དམར་པོས་བྱུག་ནས་མེ་ཏོག་གི་ཕྲེང་བ་དམར་པོ་རེ་བཅིངས་ཏེ། དཱ་རི་ཀ་པས། སེང་ལྡེང་ལ་སོགས་དྲི་དམར་བསྐུས། །དར་དམར་མེ་ཏོག་ཕྲེང་བཏགས་པའི། །ཞེས་དང༌། ཀླུ་བྱང་གིས་ཚོན་སྐུད་སྣ་ལྔས་དཀྲི་བར་བཤད་པ་ལྟར་བྱའོ། །ཕུར་བུའི་གྲངས་ཕྲེང་བར་བཅུ་དང་བཞི་བཤད་པས་ཕྱི་མ་ནི་རྒྱལ་བ་བཟང་པོའང་བཞེད་ལ་མར་མེ་མཛད་ཀྱིས་གཅིག་དང༌། ལཱ་ལི་ཏ་བཛྲ་གྱིས་ལྔ་བཤད་པ་དེ་དག་གང་རུང་བྱས་ན་ལེགས། གཉིས་པ་ཕུར་བུའི་སྐྱེད་ཆོག་ལ་ལྷ་སོསོ་བར་བྱེད་པ་དང་མི་བྱེད་པའི་ལུགས་གཉིས་ལས། ཕྲེང་བ་དང་སྡོམ་འབྱུང་འགྲེལ་བའི་ལུགས་ཀྱི་ཕུར་བུ་རྣམས་ཁྲོ་བོ་བཅུ་སོ་སོར་བསྐྱེད་ཅིང༌། ལྭ་བ་པ་དང་པྲཛྙཱ་རཀྵྀ་ཏས་ཀྱང་ཕུར་བུ་རྣམས་སྒོ་མཚམས་མ་བརྒྱད་དུ་བསྐྱེད་པས། དེ་དག་ཕུར་བུ་ལྷ་སོ་སོ་བ་ཡིན། ཀླུ་བྱང་དང་དཱ་རི་ཀ་པས་ཕུར་བུ་རྣམས་བགེགས་མཐར་བྱེད་དང༌། དཔལ་འཛིན་གྱིས་རལ་གྲི་གཤིན་རྗེ་གཤེད་དུ་བསྐྱེད་པར་བཤད་པས། ཕུར་བུ་ལྷ་སོ་སོ་བ་མི་བྱེད་ཅིང༌། མར་མེ་མཛད་ཀྱིས་ཕུར་བུའང་གཅིག་ལ་ལྷའང་བགེགས་མཐར་བྱེད་དུ་སྐྱེད་པས་ལྷ་སོ་སོ་བ་མ་ཡིན་ནོ། །འདིར་འཇིགས་བྱེད་སྒོས་དཔལ་འཛིན་ལྟར་ཕུར་བུ་སྐྱེད་པར་བྱ་སྟེ། དེ་ནས་སེང་ལྡེང་ལ་སོགས་པའི་ཕུར་བུ་བཅུ་སོགས་དངོས་སུ་ཡོད་པའམ་མེད་ན་བསྒོམ་པའི་ཕུར་བུ་ཧྲཱིཥྚྲཱིས་བསངས། སྟོང་པའི་ངང་ལས་ར་ལས་རལ་གྲི་རས་མཚན་པ་ཡོངས་སུ་གྱུར་པ་ལས། སྟོད་རལ་གྲི་གཤིན་རྗེ་གཤེད་ལྗང་ཁུ་ལྗང་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་པ་ཐུགས་ཀར་འཛིན་ཅིང༌། ལྷག་མ་གཡས་གཉིས་རལ་གྲི་དང་འཁོར་ལོ། གཡོན་གཉིས་ནོར་བུ་དང་པདྨ་འཛིན་པ། ལྟེ་བ་མན་ཆད་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་གྱི་ཕུར་བུར་གྱུར། ཨོཾ་ཧྲཱིཿཥྚྲཱིཿཝཱི་ཀྲི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་ཧཱུཾ་སརྦ་ཥྚཾ་ཨིནྡྲ་ཨདྷི་ནས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ རང་གི་ཐུགས་ཀ་ནས་གཤིན་རྗེའི་གཤེད་ཞལ་གཅིག་ཕྱག་གཉིས་པ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་མང་པོ་སྤྲོས། བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་བཀུག་པའི་སྤྱི་བོར་ཕུར་བུ་ཟུག་པར་གྱུར། ཨོཾ་གྷ་གྷ་ནས་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། ཅེས་བརྗོད་ཅིང་བརྡུངས་པས། བགེགས་རྣམས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ཕུག་པར་གྱུར་པར་བསམ་ལ་དབང་ལྡན་ནས་བརྩམས་ཏེ་ཕྱོགས་མཚམས་ཐམས་ཅད་དུ་གདབ་བོ། །དེ་ནས་རང་གི་ཐུགས་ཀ་ནས་སྤྲོས་པའི་རྡོ་རྗེ་འབར་བའི་འོད་ཟེར་རྣོན་པོས་སྟེང་འོག་དང་ཕྱོགས་མཚམས་བརྒྱད་པོ་ཀུན་ཏུ་ཁྱབ་པས་ས་གཞི་བགེགས་ཐམས་ཅད་དང་བྲལ་བར་གྱུར་པར་བསམ་ལ་འདེབས་ཚུལ་རང་རང་གི་གཞུང་བཞིན་དང༌། དེ་ཡང་དང་པོར་སློབ་དཔོན་གྱི་གདབ་ཅིང་བརྡུངས་ལ། དེ་ནས་མི་ནུས་ན་སྒོའི་སློབ་དཔོན་གྱིས་བཏབ་པར་བྱའོ། །སྟེང་གི་ཕུར་བ་ཤར་གྱི་ཕུར་བུའི་ཤར་དང༌། འོག་གི་ཕུར་བ་ནི་ནུབ་ཀྱི་ཕུར་བུའི་ནུབ་ཏུ་འདེབས་ཤིང༌། དེའི་ཚེ་བསྒོམ་ཚུལ་ཕྲེང་བར་རང་གིས་བཀའ་བསྒོས་པས་བགེགས་གཏད་པའི་ཁྲོ་བཅུས་རང་གིས་འདེབས་པར་བཤད་པ་ལྟར་རཏྣ་རཀྵིའང་བཞེད་ལ་འཕགས་ལུགས་ལ་བགེགས་བཀུག་པ་དང་འདེབས་པ་གཉིས་གཉིས་གནོད་མཛེས་ཀྱིས་བྱེད་ཅིང༌། ལྭ་བ་པ་དང་པྲཛྙཱ་རཀྵི་ཏས་སྒོ་མཚམས་མ་བརྒྱད་ཀྱིས་འདེབས་པར་བཤད་ལ། འཇམ་རྡོར་དང་ཀྱཻ་རྡོར་གཤེད་དམར་ལ་སྔར་བཀའ་བསྒོ་བའི་དུས་ཀྱི་ལྷའི་ང་རྒྱལ་གང་བཟུང་བ་དེ་ཉིད་ཀྱིས་བཏབ་པས་ཆོག་ཅིང་འདིར་ཡང་དེའི་ལུགས་ལྟར་བྱའོ། །ཕུར་བུ་བཞི་བྱེད་ན་བགེགས་ཀུན་ཕྱོགས་བཞི་རམ་བསྡུས་ནས་བཏབ་ན་ཕྲེང་བ་དང་རྒྱལ་བ་བཟང་པོ་ལྟར་བྱ་ལ་འཇམ་རྡོར་གྱི་དཀྱིལ་ཆོག་རྩ་འགྲེལ་ལྟར་ན་ཕུར་བུ་གཅིག་དབུས་སུ་འདེབས་ཏེ། དེ་ཡང་ཕྱོགས་སྐྱོང་བཅུ་འཁོར་བཅས་ཀྱིས་བགེགས་ཐམས་ཅད་ལ་གཅིག་བུ་དེས་འདེབས་སོ། །ཕུར་བུ་དངོས་སུ་དཀྱིལ་འཁོར་གྱི་དབང་ལྡན་ལྟ་བུར་བཏབ་ནས་དམིགས་པ་དཀྱིལ་འཁོར་དབུས་སུ་བགེགས་ཐམས་ཅད་འདུས་པ་ལ་བཏབ་པར་བསམ་ན་ལེགས་ཏེ། ཉིན་མོ་འབྱུང་གནས་ཀྱིས་བགེགས་ཐམས་ཅད་གཅིག་ཏུ་འདུས་པར་བསམ་ལ་དབུས་སུ་བློས་གདབ་པར་བཤད་དོ། །ཇི་སྐད་བཤད་པའི་ཕུར་བུ་མེད་ན་ཏིང་ངེ་འཛིན་གྱིས་གདབ་པ་དང་བརྡུངས་པ་བྱ་སྟེ། ཕྲེང་བ་ལས། །ཡང་སེང་ལྡེང་ལ་སོགས་པའི་ཕུར་བ་མེད་པར་ཇི་ལྟར་བརྗོད་པའི་སྒོམ་པ་ཁོ་ནས་ཕུར་བ་གདབ་པ་དང་བརྡུངས་པ་བྱས་ལ། །ལག་པ་གན་རྐྱལ་དུ་གནས་པར་བསྒྱུར་ནས། ཨོཾ་བཛྲ་ཨཱཿཧཱུཾ། ཞེས་སོགས་བརྗོད་ཅིང་ས་ལ་བསྣུན་ཏེ་དེ་ལྟར་མོས། ཞེས་གསུངས་པ་ནི། མི་ཐུབ་ཟླ་བའི་རྗེས་སུ་འབྲང་བ་ཡིན་ལ། རྒྱལ་བ་བཟང་པོས་ཀྱང༌། ཡང་ན་ཡེ་ཤེས་ཀྱི་ནུས་ན། ཏིང་ངེ་འཛིན་གྱི་ཕུར་བུས་གདབ། ཅེས་གསུངས་སོ། །
གསུམ་པ་ས་སྦྱངས་པ་ལ། ས་བརྐོས་ནས་སྦྱངས་པ་དང༌། རྫས་སྔགས་ཏིང་ངེ་འཛིན་གསུམ་གྱིས་སྦྱངས་པ་དང༌། བླ་ན་མེད་པའི་སྦྱངས་པའོ། །དང་པོ་ལ་གཉིས། སའི་ཟུག་རྔུ་དག་པའི་ཆེད་དུ་བརྐོ་བ་དང༌། ལྟོ་འཕྱེ་བརྟག་ནས་བསྐོ་བའོ། དང་པོ་ནི། སྤྱི་རྒྱུད་ལས། འཇོར་གྱིས་ས་ནི་སློག་བྱ་ཞིང༌། །དེ་ནས་ཟུག་རྔུ་དབྱུང་བར་བྱ། །ཞེས་ཟུག་རྔུའི་ཉེས་པ་ནི་སྤྱིར་དེ་མ་བསལ་ན་ལས་མི་འགྲུབ་སྟེ། སྤྱི་རྒྱུད་ལས། ཟུག་རྔུར་བཅས་པའི་ས་དག་ནི། །ལས་བྱས་པ་དག་འགྲུབ་མི་འགྱུར། །ཞེས་གསུངས་ལ་ཟུག་རྔུ་སོ་སོའི་ཉེས་པ་ནི། ཕྲེང་བ་ལས། རྡོ་བར་བཅས་ན་རླུང་ཆེན་པོ། །རུས་པར་བཅས་ན་ཟུག་གཟེར་འབྱུང༌། །གྱོ་དུམ་བཅས་ན་ལྐུགས་པ་ཉིད། །ཕུབ་མ་སོལ་བར་ལྡན་ན་རིམས། །སྐྲ་དང་རྩ་བ་ཤིང་སོགས་བཅས། །ཉེ་བར་འཚེ་བ་ཕྲ་མོ་འབྱུང༌། །ཞེས་གསུངས་པ་ལྟར་ཡིན་པས་དེ་རྣམས་བསལ་ལ་ས་ཅག་ཅག་ལེགས་པར་བྱ་སྟེ། ཟུག་རྔུ་ཇི་ལྟར་དག་པ་ཙམ་གྱིས་དངོས་གྲུབ་འགྲུབ་པའི་ཕྱིར། རྡོ་རྗེ་མཁའ་འགྲོའི་ཞེ་དྲུག་པ་ལས། དམན་སོགས་དངོས་གྲུབ་བྱེ་བྲག་གིས། །བུས་མོ་ཆུ་བོ་ལྟེ་བའི་བར། །བརྐོས་ལ་ཕུབ་མ་རྡེ་དང་ནི། །གྱོ་མོ་སོལ་བ་ཟུག་རྔུ་དང༌། །ཚེར་མ་ལ་སོགས་བསལ་ལ་བཅག །ཞེས་གསུངས་སོ། །གལ་ཏེ་ས་སེལ་བསལ་བས་མ་ལངས་ན། བཟང་པོ་ཡོངས་བཟུང་དང་ཉིན་མོ་འབྱུང་གནས་ཀྱིས། ཨོཾ་ཧ་ན་ཧ་ན་ཀྲོ་དྷཱ་ཧཱུཾ་ཕཊ། ཅེས་བཟླས་པས་དག་པར་འགྱུར་ཏེ། སྤྱི་རྒྱུད་ལས། ཟུག་རྔུའི་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མི་ནུས་ན། །དེར་ནི་གསང་སྔགས་ཁོ་ན་ཡིས། །ས་སྦྱངས་ལེགས་པར་བྱས་པར་འགྱུར། །ཞེས་གསུངས། ས་སེལ་མ་ནུས་པའི་ཚད་ནི་པུས་ནུབ་ཙམ་བརྐོས་པས་མ་དག་ན་རྐེད་པ་ཙམ་བརྐོ་ལ་སྦྱངས་ཏེ། དེས་ཀྱང་མ་དག་ན་སྔགས་ཀྱིས་སྦྱངས་པས་ཉིན་མོ་འབྱུང་གནས་ཀྱི་བཤད་དོ། །ས་སེལ་གྱི་ཉེས་པ་སྦྱངས་པའི་ཕྱིར་དུ་བརྐོས་པའི་ཁུང་བུ་ལ་ས་དང་ཆུས་བརྟགས་པར་པྲཛྙཱ་རཀྵི་ཏས་བཤད་ལ། དམ་ཚིག་རྡོ་རྗེས་ཀྱང་དང་པོ་གཉིས་གཅིག་པར་བཤད། ས་སེལ་ཟིན་པ་ན་དེ་མ་གཏོགས་པའི་ས་ལྷག་མ་དེ་ཉིད་དྲི་ཞིམ་པོའི་ཆུ་དང་སྦྱར་བས་དོང་དེ་དགང༌། དེས་མ་ཁེངས་ན་ས་གཞན་གྱིས་ཀྱང་དགང་ངོ༌། །དེ་ནས་ཧཱུཾ་དང་ལས་ཐམས་ཅད་པ་བཟླས་པའི་དྲི་ཞིམ་པའི་ཆུ་གཏོར་ཞིང་བརྡུངས་ལ་ལེགས་པར་བཅག་གོ །སྐབས་འདིར་ཕྱོགས་དང་སྟེགས་བུའི་མཐོ་དམན་རྡོ་རྗེ་མཁའ་འགྲོ་དང་ཕྲེང་བ་ལྟར་ཤེས་དགོས་ས་གཏེར་བཙུད་ན་ལེགས་ཏེ། སྤྱི་རྒྱུད་ལས། སྟེགས་བུའི་དབུས་སུ་ཁང་བུ་ཅུང་ཞིག་བརྐོས་ནས་འབྲུ་དང་རིན་པོ་ཆེ་ལ་སྔགས་ཀྱིས་བཏབ་སྟེ་བཞུགས་པར་གསུངས་ལ། མི་ཐུབ་ཟླ་བ་དང༌། དཱ་རི་ཀ་པ་དང༌། ཕྲེང་བ་དང༌། བི་བྷུ་ཏི་ལ་སོགས་པས་ཀྱང་སྨན་དང་རིན་ཆེན་ལྔ་དབུས་སུ་གཞུགས་པར་བཤད་པ་ནི། དོན་ཡོད་ཞབས་ཀྱིས་རིན་པོ་ཆེ་ལྔ་དང་འབྲུ་ལྔ་བཅུག་པའི་བུམ་པ་བཅུ་གནས་སས་དགང་བར་གསུངས་པ་ལྟར་ཡིན་པས་ལེགས་སོ། །གཉིས་པ་ལྟོ་འཕྱེ་བརྟག་ནས་བརྐོ་བ་ལ་ལྟོ་འཕྱེ་བརྟག་ཅིང་གནས་པ་དང་་རྒྱུ་བའི་ཚུལ་དང༌། རྐོ་ཚུལ་དང་རྐོ་བ་ལེགས་ཉེས་ཀྱི་སྐྱོན་ཡོན་གསུམ། ལྟོ་འཕྱེ་བརྟག་པ་གང་ལ་དགོས་པ་ནི། རྡོ་རྗེ་མཁའ་འགྲོ་ལས། གཙུག་ལག་ཁང་དང་ཁང་བཟང་དང༌། །མཆོད་རྟེན་དཀྱིལ་འཁོར་གྲོང་ཁྱེར་དང༌། །ཁྱིམ་དང་ལྡུམ་ར་ལ་སོགས་ལ། །ལྟོ་འཕྱེའི་ལྟོ་བར་བརྐོ་བ་དང༌། །ཞེས་གསུངས་ཤིང༌། ཕྲེང་བར་དགོན་གནས་བྱེད་པ་ལའང་བརྟག་པར་བཤད། ཕྲེང་བ་ལས། རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་བཟུང་སྟེ། སྒྲུབ་གྲོགས་དང་བཅས་པས་གཡས་བསྐོར་གྱི་འགྲོས་ཀྱིས་སློབ་དཔོན་མེ་དང་རླུང་དུ་གནས་ལ་ཤར་དང་ནུབ་དང་བྱང་དང་ལྷོ་ཕྱོགས་ཀྱི་ཐིག་བཏབ་ནས། གཙུག་ལག་ཁང་གང་དུ་བྱེད་པའི་གཞི་དེ་གྲུ་བཞིར་བྱས་ཏེ། ཕྱོགས་བཞི་པོ་རེ་རེའང་ཟླ་བ་གསུམ་གསུམ་གྱི་ཞག་གྲངས་རེ་མིག་དགུ་བཅུ་རེ་བྱའོ། །སྟོན་གསུམ་ལ་སོགས་པ་ཟླ་བ་གསུམ་གསུམ་དུ་རིམ་པ་བཞིན་ཤར་ལྷོ་ནུབ་བྱང་རྣམས་སུ་མགོ་བསྟན་ཅིང་ལྷོ་ལ་སོགས་པར་ཁ་ཕྱོགས་ཤིང་གཡོན་འོག་ཏུ་བྱས་ནས་ཉལ་ལ། དེ་ཡང་དཔེར་ན་སྟོན་ར་བའི་ཚེས་གཅིག་ལ་མགོ་བྱང་ཤར་མཚམས་ཀྱི་ཤར་གྱི་རེ་མིག་ཏུ་བཞག་ནས། མཇུག་རྩེ་ལྷོ་ནུབ་མཚམས་ཀྱི་ནུབ་ཀྱི་རེ་མིག་དང་པོར་བཞག་སྟེ་གནས་ལ་ཞག་རེ་སོང་བ་ན་མགོས་ལྷོ་ངོས་སུ་ཤར་གྱི་རེ་མིག་རེ་དང༌། མཇུག་རྩེས་ནུབ་ཀྱི་བྱང་ངོས་སུ་རེ་མིག་བགྲོད་ཅིང༌། ཟླ་བ་གསུམ་ལ་ཕྱོགས་རེའི་རེ་མིག་དགུ་བཅུ་རེ་བགྲོད་པའི་ལོ་གཅིག་ལ་ཕྱོགས་བཞིའི་རེ་མིག་དགུ་བཅུ་པ་ཕྲག་བཞི་ཀ་འཁོར་རོ། །ཕྱོགས་མཚམས་གང་ལ་གནས་ཀྱང་རེ་མིག་དགུ་བཅུ་རེ་ནོན་ནོ། །ལུས་ཀྱི་ཞིང་གིས་ནི་སའི་རེ་མིག་གི་ཆ་དགུ་ཁྱབ་པར་ཉལ་ཞིང་གསང་གནས་དབུས་སུ་གནས་ལ། དབྱར་ར་བའི་བཅོ་ལྔར་མགོ་བྱང་གི་རེ་མིག་རླུང་ནས་བགྲངས་པའི་བཅོ་ལྔ་པར་གནས་ཤིང༌། མཇུག་མ་ལྷོའི་ཤར་ལྷོ་ནས་བགྲངས་པའི་བཅོ་ལྔ་བར་གནས་ཤིང༌། ལུས་ཀྱི་ཆ་དབུས་མ་རེ་མིག་དེར་གནས་པའི་རྒྱབ་མདུན་རེ་མིག་བཞི་བཞི་གནས་པའི་མགོ་ནས་རེ་མིག་ཉེར་བདུན་དང་རྒྱབ་ནས་ཕྱེད་དང་བཅུ་བཞིའི་ཆ་དོར་ནས། ཉེར་བདུན་གྱི་སྣ་ནས་རེ་མིག་དགུ་དང༌། དེ་ནས་རེ་མིག་ཕྱེད་དང་ལྔ་དོར་བ་བརྐོ་བའི་མིག་ཡིན། ཆོ་ག་ནི་འོ་མ་དང་མངར་གསུམ་གྱི་གཏོར་མ་བརྒྱད་བཤམས། རང་ལྷའི་རྣལ་འབྱོར་དང་ལྡན་པས་མཆོད་གཏོར་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། མདུན་དུ་ཐིག་ཚོན་དང་དབྱེར་མེད་པའི་མཐའ་ཡས་ལྟོ་འཕྱེ་ཆེན་པོ་སྐུ་མདོག་གངས་རི་ལྟར་དཀར་ལ་མཛེས་པ་གདེངས་ཀ་བདུན་དང་ལྡན་ཅིང༌། སྐུ་སྟོད་མིའི་གཟུགས་ལ་ལྟོ་བ་མན་ཆད་ལྟོ་འཕྱེའི་རྣམ་པ་ཅན་གྱི་ཕྱག་གཡས་རིན་པོ་ཆེ་དཀུར་བརྟེན་ཅིང་གཡོན་རྣ་བའི་རྩར་བཞག་ཅིང་མཇུག་རྩེར་རིགས་ལྡན་སྔོན་པོ། གསང་གནས་སུ་སྟོབས་རྒྱུ་ལྗང་ཁུ། ལྟེ་བར་དུང་སྐྱོང་པདྨའི་རྩ་བ་ལྟར་དཀར་བ། དཔུང་པར་པདྨ་ཆེན་པོ་གསེར་མདོག སྙིང་ཀར་ནོར་རྒྱས་ལྗང་ཁུ། མགྲིན་པར་འཇོག་པོ་དམར་པོ། སྣར་པདྨ་དཀར་པོ། སྤྱི་བོར་མཐའ་ཡས་སྔོན་པོ་རྣམས་ཕྱག་གཉིས་ཐལ་མོ་སྦྱར་བའི་བར་ན་ཡིད་བཞིན་ནོར་བུ་བསྣམས་པ། སྟོད་མིའི་རྣམ་པ་ལ་སྨད་སྦྲུལ་འཇུག་འཁྱིལ་བ་ཅན་དུ་གྱུར། དག་ཅིང་དྲི་མེད་ཡིད་སོགས་སམ། སྔགས་ཙམ་གྱིས། ཨོཾ་ནཱ་ག་རཱ་ཛ་ས་པ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར། འདོད་ཡོན་ལྔ་དང༌། རྒྱལ་སྲིད་བདུན་ཕུལ། གཏོར་མ་ལ་སཾ་བྷ་ར་ལན་གསུམ་མམ་བདུན་སོགས། དེ་བཞིན་གཤེགས་པ་བཞིའི་མཚན་དང༌། ཨ་ཀཱ་རོས་ཕུལ་ལ། སླར་ཡང་ཆུ་གཉིས་སོགས། གང་ཞིག་སྔོན་ནས་ཡོན་ཏན་ལེགས་སྦྱངས་པས། །དུས་འདིར་དཔལ་འབྱོར་བསོད་ནམས་ཀྱིས་ཕྱུགས་ཤིང༌། །མཐུ་སྟོབས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས་ལ་བསྟོད། །ཀླུ་རྒྱལ་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །རྐོ་མཁན་བགེགས་མཐར་བྱེད་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ལག་པ་རྡོ་རྗེ་ལག་པ་དང༌། ཏོག་ཙེ་ཧཱུཾ་ལས་རྡོ་རྗེས་མཚན་པའི་ཏོག་ཙེར་གྱུར་པར་བསམ་ལ། གཡས་སྟེང་གཡོན་འོག་བྱས་ནས་རེ་མིག་དབུས་མ་ལ་ཁམ་གཅིག་བརྒྱབ་སྟེ་ས་བླངས་ལ་གཏོར་མའི་ནང་དུ་བཞག །དེ་ནས་རྐོ་མིག་གི་ཕྱོགས་བཞིར་ཁམས་བཞི་བརྒྱབ་པའི་ས་དེ་ཐམས་ཅད་ལ་གཏོར། དེ་ནས་ཐམས་ཅད་ཀྱིས་རྐོ་ཞིང་ས་དེ་ས་རྡོ་གང་རྐོ་ལ་གཏོར་ན་བགེགས་མེད་པར་འགྱུར། འདི་ཁ་ཅིག་ལྟོ་འཕྱེ་བརྟག་པ་མི་བྱེད་པར་ལྷ་ཁང་ངམ་མཆོད་རྟེན་དགོན་གནས་སོགས་བྱེད་པ་མི་འཐད་དེ། གཙུག་ལག་ཁང་སོགས་བྱེད་པ་ལ་དེ་བརྟག་དགོས་པར་རྡོ་རྗེ་འཆང་གིས་གསུངས་པའི་ཕྱིར། རྡོ་རྗེ་མཁའ་འགྲོ་ལས། གཙུག་ལག་ཁང་དང་ཁང་བཟང་དང༌། །ཞེས་སོགས་དང༌། ཀྲྀ་ཡ་ལས། གཙུག་ལག་ཁང་དང་མཆོད་རྟེན་སྤོ། །ཁང་བཟང་ཁང་བརྩེགས་ལྷ་ཁང་ལ་སོགས་བྱེད་འདོད་པས་དེ་ཡི་ས་བདག་ཀླུ་ནི་བརྟགས་པར་བྱ་སྟེ། ཞེས་གསུངས་པའི་ཕྱིར། ཡང་ཐ་སྙད་པ་དང༌། རྟོག་གེ་བ་དང་མཁས་པར་རློམ་པ་དག་གིས་ལྟོ་འཕྱེ་བརྟགས་ཀྱང་ཐིག་གྲུ་བཞི་མི་བྱེད་པར་ཟླུམ་པོ་དང་རེ་མིག་ཡང་ཕྱོགས་རེ་ལ་རེ་མིག་དགུ་བཅུ་མི་བྱེད་པར་དགུ་སོགས་བྱེད་པ་མི་འཐད་པར་ཐལ། གྲུ་བཞིར་པཎ་གྲུབ་དུ་མས་བཤད་པ་དང་འགལ། རེ་མིག་དགུ་བཅུ་མ་བྱས་ན་ཞག་གྲངས་ཟླ་བ་དེའི་ཚེས་གང་ཡིན་གྱི་རི་མོ་མི་ཤེས་པའི་ཕྱིར། དང་པོ་གྲུབ་སྟེ། ཕྲེང་བ་ལས། གཙུག་ལག་ཁང་ལ་སོགས་པ་བྱ་བ་ཉེ་འཁོར་དང་བཅས་པ་དེ་གྲུ་བཞིར་གཅལ་བ་དེའི་ནང་གི་ཕྱོགས་སུ་ས་བདག་ཀླུའི་ཉལ་བ་ལ་སོགས་པའི་མཚན་ཉིད་བཟུང་སྟེ། ཞེས་དང༌། བི་བྷུ་ཏིའི་དཀྱིལ་ཆོག་ལས། ས་གཞིར་གང་ཡིན་དེ་ནི་གྲུ་བཞིར་བྱ། །ཟླ་བ་གསུམ་གྱི་ཉིན་མོའི་གྲངས་ཀྱིས་འདིར། །ཕྱོགས་ནི་སོ་སོར་ས་དེ་རྣམ་པར་དབྱེ། །ཞེས་དང༌། མཆོག་གི་དངོས་གྲུབ་བརྙེས་པའི་གྲུབ་ཆེན་དྷར་པན་གྱི་ཀྲྀ་ཡ་ལས་ཀྱང༌། དེ་ཡི་ས་བདག་ཀླུ་ནི་བརྟག་པར་བྱ་སྟེ་ས་ཡི་དུམ་བུ་གང་དེ་གྲུ་བཞིར་བྱ། །ཕྱོགས་ཀྱི་ས་ཡི་ཆ་རྣམས་སོ་སོར་ཟླ་བ་གསུམ་དང་ཉི་མ་ཡི་ནི་གྲངས་རྣམས་འདིར། །ཞེས་དང༌། སྡོམ་འབྱུང་འགྲེལ་བ་སོགས་དུ་མས་བཤད་པའི་ཕྱིར། གཉིས་པ་གྲུབ་སྟེ། རེ་མིག་སུམ་ཅུ་པ་གསུམ་མ་བྱས་ན་ཟླ་བ་གསུམ་གྱི་ཞག་གྲངས་མི་ཚང་བའི་ས་དེ་ཟླ་བ་གང་ཡིན་གྱི་ས་ཡང་མི་ཤེས་པ་ནི། རེ་མིག་ཆེའང་གཅིག་ཟླ་བར་མི་རུང་ལ། ཟླ་བ་དེའི་ཞག་སོ་སོའི་སའི་ཆ་མ་བགོས་པར། སྟོན་ར་བའི་ཚེས་དགུ་ལྟ་བུའི་ཞག་དེའི་ས་མི་ཤེས་པའི་ཕྱིར། ཞག་གྲངས་ལ་ས་སོ་སོར་མ་བྱས་ན་ཞག་དེའི་ས་མི་ཤེས། སོ་སོར་བྱས་ན་དགུ་བཅུ་དང་སུམ་ཅུ་མི་བྱེད་པ་རང་ཚིག་འགལ་ལ། དྲུག་ཅུ་པ་ལྟ་བུའི་རྟེན་འབྲེལ་ལ་ཕྱི་ནང་གི་བརྩི་ཚུལ་ཐམས་ཅད་དང་འགལ་ལ་ལུང་རིགས་དུ་མས་གནོད་པར་ཤེས་སླ་བའི་ཕྱིར། ཕྲེང་བ་ལས། དེ་ལ་ཉི་མ་རྒྱུ་བའི་ཟླ་བ་སྟོན་ར་བ་ལ་སོགས་པ་གསུམ་གསུམ་དུ་རིམ་པ་བཞིན་ཤར་དང་ལྷོ་དང་ནུབ་དང་བྱང་དུ་ནི་མགོ་བསྟན་ཅིང་ལྷོ་ལ་སོགས་པར་ཁ་ཕྱོགས་ཏེ་ས་དེའི་ནང་དུ་ཀླུ་གཉན་ཉལ་ལོ། ཞེས་དང༌། སྔགས་རིམ་ལས། གཙུག་ལག་ཁང་ལ་སོགས་གང་དུ་བྱེད་པའི་གཞི་དེ་གྲུ་བཞིར་བྱས་ཏེ་སྟོན་ཟླ་ར་བ་ལ་སོགས་པ་གསུམ་གསུམ་དུ་རིམ་པ་བཞིན་ཤར་ལྷོ་ནུབ་བྱང་རྣམས་སུ་མགོ་ལྷོ་ལ་སོགས་པར་ཁ་ཕྱོགས་ནས་ཉལ་བ་བརྟགས་ཏེ། ཞེས་དང༌། བི་བྷུ་ཏིའི་དཀྱིལ་ཆོག་ལས། ལྟོ་འཕྱེ་རྒྱལ་པོ་རྒྱུ་བའི་དབྱེ་བ་ནི། །ཟླ་བ་རེ་རེའི་བྱེ་བྲག་ཤེས་ནས་སུ། །མཐའ་ཡས་བདག་ཉིད་དཀར་པོ་མཛེས་པའི་སྐུ། །མཇུག་མ་ལ་སོགས་རིམ་གྱིས་བསམ་ནས་སུ། །ཞེས་དང༌། ཡང་དེ་ཉིད་ལས། ཟླ་བ་གསུམ་གྱི་ཉིན་མོའི་གྲངས་ཀྱིས་འདིར། །ཕྱོགས་ནི་སོ་སོར་ས་དེ་རྣམ་པར་དབྱེ། ཞེས་དང༌། ཀྲྀ་ཡ་ལས། ཕྱོགས་ཀྱི་ས་ཡི་ཆ་རྣམས་སོ་སོར་ཟླ་བ་གསུམ་དང་ཉི་མ་ཡི་ནི་གྲངས་རྣམས་འདིར། །དབང་ལྡན་ནས་ནི་མེ་ཡི་མཐར་ཐུག་ཤར་གྱི་ས་ཡི་ཆ་ནི་དགུ་བཅུར་རྣམ་པར་དབྱེ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། བླུན་པོ་དང་མཁས་པར་རློམ་པ་མང་པོས་ལྟོ་འཕྱེའི་ཐིག་བྱས་ཀྱང་ལྟོ་འཕྱེ་མཆོད་པའི་ཆོ་ག་མ་བྱས་པ་ནི་དགོས་པའི་གཙོ་བོ་མ་ཤེས་པ་ཡིན་ཏེ། མཆོད་ནས་གནང་བ་ནོད་ནས་ས་བརྐོ་བ་དང་གཏོར་ནས་བགེགས་ཞི་བར་བྱེད་པ་དགོས་པའི་གཙོ་བོ་ཡིན་པའི་ཕྱིར། སྔགས་རིམ་ལས། དེ་འདྲའི་ལྟོ་འཕྱེ་བསམ་ལ་འོ་མ་ལ་སོགས་པའི་མཆོད་པས་མཆོད། ཅེས་པ་ནས། འཇོར་ཁམ་བཞི་བརྒྱབ་པའི་ས་བླངས་ནས་ཞི་བའི་སེམས་ཀྱིས་གཏོར་མའི་ནང་དུ་བླུག་པའམ་མེ་མཚམས་ལ་སོགས་པའི་ཕྱི་རོལ་ཏུ་དོར་བར་བྱའོ། ཞེས་དང༌། བི་བྷུ་ཏིའི་དཀྱིལ་ཆོག་ལས། མཐའ་ཡས་བདག་ཉིད་དཀར་པོ་མཛེས་པའི་སྐུ། །མཇུག་མ་ལ་སོགས་རིམ་གྱིས་བསམ་ནས་སུ། །དེ་ཡི་ལུས་ལ་ཀླུ་ཡི་བདག་པོ་བརྒྱད། །འོ་མ་ལ་སོགས་ཉེ་བར་སྤྱོད་པས་མཆོད། །ཅེས་པ་ནས། དེ་ཡིས་བདུད་ཀྱི་ཚོགས་ནི་སྐྲག་ཅིང་བཟློག །ཞེས་དང༌། ཀྲི་ཡ་ལས། ལོ་རེ་ལ་ནི་ས་ཀུན་ཁྱབ་པ་སྟེ། །ལན་གཅིག་ཙམ་གྱིས་ལེགས་པར་འཁོར་བ་མིན། །ཁྱད་པར་ཤེས་ནས་ཟླ་བ་ཟླ་བ་ཡིབ། །དབྱེ་བའི་ལག་འགྲོའི་བདག་པོའི་ཡང་དག་རྒྱུ། །ཀླུ་ཡི་བདག་ཉིད་དཀར་པོ་མཛེས་པའི་གཟུགས། །བསྒོམ་ནས་མཇུག་མ་ལ་སོགས་རིམ་པ་བཞིན། །དེ་ལུས་གནས་པའི་ཀླུ་བདག་བརྒྱད་པོ་ལ། །འོ་མའི་རོ་སོགས་ཉེར་སྤྱོད་རྣམས་ཀྱིས་མཆོད། །ཅེས་པ་ནས། ས་དེ་ཞི་བའི་སྙིང་པོའི་བར་གནས་པས། །ཞེས་གསུངས་པའི་ཕྱིར། གཞན་ཡང་དཔྱད་བྱ་མང་ཡང་རེ་ཞིག་མ་སྤྲོས། ཕན་ཡོན་སོགས་སྔགས་རིམ་དུ་བལྟ་བར་བྱའོ། །
སྨྲས་པ།
འཇིག་རྟེན་བདེ་སྐྱིད་སྐུ་གསུང་ཐུགས་རྟེན་དང༌། །
དགོན་གནས་བཞེངས་པའི་ཕན་ཡོན་ལ་ལྟོས་པས། །
རས་ཆོད་གཟུ་ལུམ་རང་བཟོ་ཀུན་སྤངས་ཏེ། །
སྐལ་ལྡན་རྣམས་ཀྱིས་མདོ་བཞིན་སྔགས་བཞིན་གྱིས། །
ཞེས་པ་འདི་ཡང་བླ་མ་དང་ཡེ་ཤེས་མཁའ་འགྲོ་སོགས་ཀྱིས་ལུང་བསྟན་པའི་གནས་མཆོག་བཀྲ་ཤིས་འཁྱིལ་བར་མང་དུ་ཐོས་པའི་དགེ་སློང་འཇམ་དབྱངས་བཞད་པའི་རྡོ་རྗེས་རང་གི་ལག་ལེན་ཆེད་དུ་འཕྲལ་དུ་བྲིས་པ་ཀུན་ལ་ཕན་ཐོགས་པར་གྱུར་ཅིག།། །།


previousས་ཆོགnext