Nitartha Digital Library
Tibetan
ཀཾ་ཚང་བཀའ་བརྒྱུད་ཀྱི་ཉེར་མཁོའི་ཆོ་ག་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
   
   
སྒམ་པོ་པའི་བླ་སྒྲུབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒམ་པོ་པའི་བླ་སྒྲུབ།next

སྒམ་པོ་པའི་བླ་སྒྲུབ།

མཁན་ཆེན་ཟླ་བ་བཟང་པོ་ཀརྨ་ངེས་དོན་བསྟན་པ་རབ་རྒྱས་ཀྱི་གསུང་རྗེ་སྒམ་པོ་པར་བསྟེན་པའི་བླ་མའི་རྣལ་འབྱོར་དང་། དེའི་ཁ་བསྐང་ལྷན་ཐབས་སུ་ཆགས་མེད་ལྔ་པའི་གསུང་ཚོགས་མཆོད་བྱིན་རླབས་སྤྲིན་ཕུང་བཅས་བཞུགས་སོ།།

ན་མོ་གུ་རུ་རཏྣ་ཡེ། འདིར་ཟབ་ལམ་ཕྱག་རྒྱ་ཆེན་པོའི་བོགས་འདོན་བླ་མའི་རྣལ་འབྱོར་བསྒོམ་པར་འདོད་པས། སྤྲོས་བཅས་ཀྱི་མཆོད་ཚོགས་ཇི་ཙམ་འབྱོར་ཀྱང་ལེགས་ལ། མ་འབྱོར་ཀྱང་མོས་གུས་ཁོ་ནས་འཐུས་པ་ལགས། དེ་ལ་དང་པོ་སྟན་བདེ་བ་ལ་སྒོ་གསུམ་རྣལ་དུ་གནས་པས། བླ་མ་སྐུ་གསུམ་གྱི་བདག་ཉིད་སྐྱབས་ཡུལ་ཝལ་གྱིས་གསལ་བ་ལ། ན་མོ། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །སྐྱབས་སུ་མཆིའོ་བྱིན་གྱིས་རློབས། །ཞེས་སྐྱབས་འགྲོ་དང་། ན་མོ། བླ་མ་སངས་རྒྱས་ཀུན་འདུས་ཀྱི། །རྗེས་སུ་བདག་འཇུག་གཞན་དག་ཀྱང་། །མོས་གུས་བླ་མའི་རྣལ་འབྱོར་ལ། །བསྟེན་ཏེ་སངས་རྒྱས་སར་འགོད་བྱ། །ཞེས་སེམས་བསྐྱེད་དེ་སྐྱབས་རྒྱུད་ལ་འདྲེས་ངེས་བྱ། ༀ་ཤཱུནྱ་ཏཱས་སྣོད་བཅུད་ཀྱི་དངོས་འཛིན་སྦྱངས་ནས། སྟོང་པ་ཉིད་དུ་གྱུར་བར་མོས། སྟོང་ལས་མདུན་མཁར་རིན་ཆེན་ཁྲིར། །པད་ཉི་ཟླ་བའི་གདན་སྟེང་དུ། །དུས་གསུམ་སངས་རྒྱས་འདུས་པའི་སྐུ། །དྭགས་པོ་ཟླ་འོད་གཞོན་ནུ་ནི། །སྐུ་མདོག་དཀར་དམར་འཛུམ་མདངས་ཅན། །བདེ་སྟོང་ཏིང་འཛིན་རང་འོད་འབར། །རབ་བྱུང་ཆ་ལུགས་སྒོམ་ཞྭ་མཛེས། །མཉམ་གཞག་ཡིད་བཞིན་ནོར་བུ་འཛིན། །ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ཡིས། །མཆོད་པ་མཆོག་གིས་མཆོད་ཅིང་བསྐོར། །ཐུགས་ཀར་པད་ཉི་ཟླ་གདན་ལ། །བྲམ་ཟེ་ཆེན་པོ་ས་ར་ཧ། །སྔོ་སྐྱ་རལ་པའི་ཅོད་པན་ཅན། །རྣལ་འབྱོར་སྤྱོད་པའི་ཆ་ལུགས་མཛེས། །ཐབས་ཤེས་བདེ་སྟོང་མདའ་གཞུ་སྦྱོར། །དེ་ཡི་ཐུགས་ཀར་པད་ཟླའི་སྟེང་། །རིགས་དྲུག་ཁྱབ་བདག་རྡོ་རྗེ་འཆང་། །སྐུ་མདོག་སྔོན་པོ་ནམ་མཁའ་ལྟར། །དྭངས་གསལ་ཕྱག་གཉིས་སྣང་སྟོང་ཟུང་། །གཉིས་མེད་རྡོ་དྲིལ་བསྣོལ་ཐབས་འཛིན། །སྟེང་འོག་ཕྱོགས་མཚམས་ཐམས་ཅན་ཀུན། །རྩ་གསུམ་སྲུང་མས་གཏམས་པར་གྱུར། །དེ་ལྟར་གསལ་བ་མོས་གུས་ཀྱིས་རྒྱུད་བསྐུལ་བས། བླ་མའི་སྤྱི་མགྲིན་སྙིང་ག་ཡི། །འབྲུ་གསུམ་འོད་ཀྱི་ཕོ་ཉ་ཡིས། །དག་པ་མཁའ་སྤྱོད་འོག་མིན་དང་། །གར་བཞུགས་ཞིང་ཁམས་རབ་འབྱམས་ནས། །བསྐྱེད་བཞིན་སྤྱན་དྲངས་གཉིས་མེད་གྱུར། །རྒྱལ་ཀུན་སྤྱི་གཟུགས་བླ་མ་ལ། །སྒོ་གསུམ་གུས་པས་ཕྱག་བགྱིའོ། །ཕྱི་ནང་གསང་བ་དེ་བཞིན་ཉིད། །མཆོད་པ་དུ་མས་ཡང་དག་མཆོད། །བདག་རྒྱུད་མ་རིག་ཉེས་པའི་ཚོགས། །གང་མཆིས་རྨི་ལམ་ལྟ་བུར་བཤགས། །བདེ་གཤེགས་སྙིང་པོའི་ཡོན་ཏན་དང་། །བླ་མའི་རྣམ་ཐར་རྗེས་ཡི་རང་། །འཁོར་འདས་ལམ་གསུམ་འཕགས་སྐྱེའི་ཚོགས། །གང་འདུལ་འགྲོ་དོན་མཛད་པར་བསྐུལ། །དོན་དམ་རྟག་པའི་རྡོ་རྗེ་རུ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །སྦྱིན་སོགས་དགེ་བ་གང་མཆིས་ཀུན། །འགྲོ་རྣམས་སངས་རྒྱས་འགྲུབ་ཕྱིར་བསྔོ། །ཞེས་ཡན་ལག་བདུན་པ་ཚར་ཁ་ཤས་དང་། རིན་ཆེན་སེམས་གཟུང་སོགས་མཆོད་ཚིག་གཞན་ཡང་ཚིག་དོན་ཡ་མ་བྲལ་བར་ཇི་ཙམ་འོས་པ་ཉིད་སྤྲོ་ན་བྱའོ། །འབྲུ་གསུམ་རྡོར་བཟླས་ཅུང་ཟད་དང་། བསྐྱེད་རྫོགས་དབྱེར་མེད་ངང་ནས་བླ་མ་གསུམ་སོ་སོ་ལ་དམིགས་ཏེ། ༀ་ཨཱཿམ་ཧཱ་གུ་རུ་བཛྲ་དྷ་ར་ཧཱུྃ། བརྒྱ་སྟོང་ཁྲི་འབུམ་ཅི་རིགས་བཟླས། མཐར་མོས་གུས་དྲག་པོའི་སྒོ་ནས་ཨོ་རྒྱན་ལས་འཕྲོ་གླིང་པས་མཛད་པའི་གསོལ་འདེབས་འདི་ལྟར་འདོན་པས་བྱིན་རླབས་མྱུར་དུ་འཇུག་པའི་དགོས་པ་ཡོད་པས་དབྱངས་སྙན་པོའམ་འོ་དོད་དུ་འབོད་པ་ལྟ་བུས། ན་མོ་གུ་རུ་བཛྲ་དྷ་ར་ཛམྦུ་དཱི་པ་ཀིརྟི་ཡེ། དུས་གསུམ་རྒྱལ་བའི་ཐུགས་རྗེ་གཅིག་བསྡུས་པ། །མཚན་ཙམ་ཐོས་ཀྱང་སྲིད་པའི་ཚ་གདུང་ཞི། །དྲན་མཆོག་རྒྱལ་པོ་མཉམ་མེད་སྒམ་པོ་པ། །བྱིན་རླབས་མཚུངས་མེད་དགེ་སློང་འཚོ་བྱེད་ཅེས། །འཛམ་གླིང་གྲགས་པ་དེ་ཉིད་དྲན་པ་ལ། །གང་ནས་བསམ་ཡང་དྭགས་པོ་ལྷ་རྗེ་དྲན། །ཇི་ལྟར་བྱས་ཀྱང་ཟླ་འོད་གཞོན་ནུ་དྲན། །བཀའ་བརྒྱུད་ཡོངས་ཀྱི་གཙུག་རྒྱན་དེ་རིང་དྲན། །ཐུགས་རྗེས་ཟུང་ཞིག་བསོད་ནམས་རིན་ཆེན་ཞབས། །བྱིན་གྱིས་རློབས་ཤིག་དྭགས་པོ་རིན་པོ་ཆེ། །ད་དུས་ངན་པ་སྙིགས་མའི་སེམས་ཅན་རྣམས། །སྤྲུལ་པས་སྐྱོངས་ཤིག་སྙི་སྒོམ་ཆོས་ཀྱི་རྗེ། །མགོན་ཁྱེད་ཅི་འདྲ་དེ་འདྲའི་གོ་འཕང་ཐོབ། །ཁྱེད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བར་ཤོག །ཅེས་དང་། ཀྱེ་ཧོ། དཔལ་ལྡན་བླ་མ་རིན་པོ་ཆེ། །རྒྱལ་ཀུན་འདུས་པའི་སྤྱི་གཟུགས་མཆོག །ཁྱེད་ལས་རེ་ས་གཞན་མེད་པས། །བཅོས་མིན་གསོལ་བ་སྙིང་ནས་འདེབས། །སྐྱིད་རུང་སྡུག་རུང་ཁྱེད་རང་མཁྱེན། །ཐུགས་རྗེས་ཟུང་ཞིག་བཀའ་དྲིན་ཅན། །ལམ་སྣ་དྲོངས་ཤིག་འགྲོ་བའི་མགོན། །བྱིན་གྱིས་རློབས་ཤིག་བླ་མ་རྗེ། །དངོས་གྲུབ་སྩོལ་ཅིག་ཡི་དམ་ལྷ། །བར་ཆད་སོལ་ཞིག་མཁའ་འགྲོའི་ཚོགས། །ལས་ཀུན་སྒྲུབས་ཤིག་ཆོས་སྐྱོང་རྣམས། །སྐྱབས་ཀུན་འདུས་པ་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །བདག་རྒྱུ་སྨིན་པར་མཛད་དུ་གསོལ། །བདག་རྒྱུད་གྲོལ་བར་མཛད་དུ་གསོལ། །ཚེ་གཅིག་སངས་རྒྱས་འགྲུབ་པ་དང་། བླ་མ་ཁྱེད་དང་འབྲལ་མེད་ཤོག །ཅེས་པ་གྲངས་ལ་ངེས་པ་མེད་པར་བཅོས་མིན་གྱི་མོས་གུས་རྒྱུད་ལ་མ་སྐྱེས་བར་མིག་མཆི་མ་འཁྲུགས་བཞིན་དུ་གསོལ་བ་གདབ་བོ། །དེ་ལྟ་བུའི་མོས་གུས་གསོལ་གདབ་ལ་བླ་མའི་ཐུགས་ཤིན་ཏུ་དགྱེས་པའི་ཚུལ་གྱིས་རང་ལ་དབང་བཞི་གདན་ཐོག་གཅིག་ཏུ་བསྐུར་བར་བསམ་ལ། བླ་མ་རྡོ་རྗེ་འཛིན་པ་ཡི། །དཔྲལ་མགྲིན་སྙིང་ལྟེ་གསང་བ་ནས། །འོད་འཕྲོས་རང་གི་གནས་ལྔར་ཐིམ། །སྒྲིབ་དག་དབང་བཞི་ཐོབ་པ་ལས། །སྐུ་ལྔ་ཡེ་ཤེས་འགྲུབ་པར་གྱུར། །ཞེས་སྤྱི་ཙམ་དང་ཁྱད་པར། བྲམ་ཟེ་ཆེན་པོས་ཐབས་ཤེས་ཀྱི། །བརྡས་མཚོན་མདའ་གཞུ་བཀང་བ་ལས། །མདིལ་རྩེ་འོད་ལྔའི་ཐུར་མ་ཡིས། །རེག་ཙམ་སྙིང་རྩ་སྤར་གྱིས་ཕྱེས། །གཉིས་འཛིན་འགོང་པོ་རྡུལ་དུ་བརླག །མ་རིག་སྦུབས་ནས་བཏོན་པར་བསམ། །དག་པ་འོད་ལྔའི་རྩ་སྒོ་རུ། །རྡོ་རྗེ་འཆང་གི་ཐུགས་ཀ་ནས། །ཡེ་ཤེས་ལྔ་ལྡན་ཐིག་ལེ་བཞིན། །བྱིན་རླབས་འཕོ་བའི་ཚུལ་དུ་བྱོན། །རང་གི་སེམས་དང་དབྱེར་མེད་འདྲེས། །མཆོག་དངོས་འགྲུབ་པའི་གཞིར་གྱུར་ཏེ། །སླར་ཡང་བྱང་ཆུབ་སྙིང་པོའི་བར། །ཡེངས་མེད་རིག་པའི་རྟེན་དུ་བཟུང་། །བསྙེན་སྒྲུབ་རྣམ་བཞིའི་སྲོག་ཆེན་པོ། །འོད་གསལ་ཕྱག་རྒྱ་ཆེན་པོའོ། །མཐར་ནི་མདུན་གྱི་ལྷ་ཚོགས་ཀུན། །འོད་ཞུ་རང་ལ་ཐིམ་པ་ལས། །ལུས་ལྷ་ངག་སྔགས་སེམས་ཏིང་འཛིན། །རྡོ་རྗེ་གསུམ་གྱི་རང་བཞིན་གྱུར། །དེ་ལྟར་བླ་མ་སྒྲུབ་པའི་དགེས། །འགྲོ་རྣམས་སྲིད་མཚོ་ལས་བསྒྲལ་ཏེ། །ཐམས་ཅད་བྱང་ཆུབ་མཆོག་གིས་སར། །རྡོ་རྗེ་འཆང་གི་སྐུ་འགྲུབ་ཤོག །ཅེས་བསྔོ་སྨོན་བྱའོ། །ཞེས་པའང་དད་ནོར་ལྡན་པ་འཕགས་རྒྱམ་ལགས་ཀྱིས་ཁོ་བོའི་བླ་མའི་རྣལ་འབྱོར་ཞིག་དགོས་ཞེས་གསུངས་ཀྱང་། བདག་ལྟ་བུ་དྲེད་པོ་དཀོར་སྲིད་ཅན་སྐྱོན་གྱི་གོང་བུར་གྱུར་པ་ལ་གསོལ་འདེབས་ཀྱི་ཡུལ་དུ་མ་གྱུར་ཀྱང་། བླ་མའི་རྣལ་འབྱོར་སྤྱི་དང་ཁྱད་པར་ཉམས་སུ་བླངས་བདེ་འདི་ལྟར་བྱས་ན་མཉམ་མེད་དྭགས་པོ་རིན་པོ་ཆེ་བྱིན་རླབས་ཀྱི་ཚན་ཆེ་བ་དང་། རང་ཅག་བཀའ་བརྒྱུད་པ་ལ་མོས་གུས་ཕྱག་ཆེན་བཀའ་བབས་ཡིན་པས་སེམས་ངོ་ལྟ་མཁན་རྣམས་ལ་ཅུང་ཟད་ཕན་ནམ་སྙམ། དྭགས་པོ་ཉིད་ཀྱི་ཞལ་བཞེས་དང་ཁོ་བོའི་རྣམ་རྟོག་ཏུ་ཤར་ནས་བྲིས་པ་ལགས་པས་དེ་ལྟར་ལགས། ཞེས་ཟླ་བཟང་སྤྲུལ་མིང་པས་བྲིས་པ་དགེ་ལེགས་འཕེལ། ༈ །ཚོགས་མཆོད་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་རཏྣ་ཡེ། འདིར་ཟབ་ལམ་ཕྱག་རྒྱ་ཆེན་པོའི་བོགས་འདོན་བླ་མའི་རྣལ་འབྱོར་བསྒོམ་པར་འདོད་པས་སྤྲོས་བཅས་ཀྱི་ཚོགས་མཆོད་ཅི་འབྱོར་ཙམ་ལེགས་པར་ག་ཎ་ཙཀྲ་ཚོགས་ཀྱི་ཡོ་བྱད་རྣམས་གཙང་ཞིང་དག་པར་བཤམས། ཐོག་མར་བླ་མའི་རྣལ་འབྱོར་གྱི་དབུ་ནས་འབྲལ་མེད་ཤོག །ཅེས་པའི་བར་བཏང་ལ་དངོས་གཞི་ཚོགས་རྫས་བྱིན་གྱིས་བརླབ་པ་ནི། ༀ་ཨཱཿཧཱུྃ། ངོ་བོ་ཀ་དག་གསལ་མདངས་ལས། །རིག་རྩལ་སྣང་སྟོང་སེམས་ཉིད་འདི། །རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མར། །གསལ་སྟོང་འཇའ་ཚོན་ལྟ་བུར་གསལ། །མདུན་དུ་རང་བྱུང་ཐོད་སྒྱེད་སྟེང་། །མཚན་ལྡན་རྡོ་རྗེ་ཀ་པཱ་ལ། །ཐབས་ཤེས་ཉི་ཟླའི་སྣོད་ཡངས་པར། །ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔ། །ས་བོན་བཅུ་ཡིས་མཚན་པར་གྱུར། །རང་གི་ཐུགས་ལས་འོད་ཟེར་འཕྲོས། །རླུང་གཡོས་མེ་སྦར་ཐོད་པ་དྲོས། །དམ་ཚིག་རྫས་རྣམས་ཞུ་ཞིང་ཁོལ། །རླངས་པ་ཕྱོགས་བཅུར་རབ་འཕྲོས་པས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །དགྱེས་བསྐྱེད་ནུས་ལྡན་ཚོགས་ཀྱི་རྫས། །འདོད་ཡོན་ལྷ་མོའི་ནམ་མཁའ་གང་། །ཀུན་བཟང་མཆོད་པའི་སྤྲིན་ལྟར་གྱུར། །ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ༀ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤྭ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་བརྗོད་ན་ལེགས་པར་མངོན། དེ་ནས་སྤྱན་འདྲེན་ནི། གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །དཔལ་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན། །རྒྱལ་བ་རྡོ་རྗེ་འཆང་ཆེན་གནས་འདིར་བྱོན། །གནས་འཕགས་ཡུལ་སྒྲུབ་གནས་གར་བཞུགས་ནས། །དཔལ་གྲུབ་ཐོབ་ཡོངས་ཀྱི་སྤྱི་མེས་ཆེ། །གྲུབ་ཆེན་ས་ར་ཧ་པ་གནས་འདིར་བྱོན། །གནས་དྭགས་ལྷ་དཔལ་གྱི་སྒམ་པོ་ནས། །རྗེ་རྒྱལ་བས་ལུང་བསྟན་འཛམ་གླིང་གྲགས། །དྭགས་པོ་བསོད་ནམས་རིན་ཆེན་གནས་འདིར་བྱོན། །གནས་གར་བཞུགས་ཞིང་ཁམས་རབ་འབྱམས་ནས། །ཆོས་མདོ་སྔགས་སྨིན་གྲོལ་གདམས་པའི་མཛོད། །དྲིན་ཆེན་རྩ་བའི་བླ་མ་གནས་འདིར་བྱོན། །ཁྱོད་མི་མངོན་དབྱིངས་ནས་གཤེགས་པའི་ཚེ། །སྐུ་གཟི་བརྗིད་འོད་ཕུང་ཐིབས་སེ་ཐིབ། །གསུངས་ཚངས་དབྱངས་ཆོས་སྒྲ་འུ་རུ་རུ། །ཐུགས་བདེ་སྟོང་ཏིང་འཛིན་ཡ་ལ་ལ། །བྱིན་ཡ་མཚན་དངོས་གྲུབ་ཉི་ལི་ལི། །ཚོགས་མཆོད་རྫས་རྣམས་ལ་བཅུད་ཅིག་ཕོབ། །ངེད་འདིར་ཚོགས་བུ་ལ་དབང་བཞི་བསྐུར། །རྗེ་ཁྱེད་དང་དགོངས་པ་མཉམ་པ་གཅིག །དུས་ད་ལྟ་ཉིད་དུ་བྱིན་གྱིས་རློབས། །ཕེཾ་བཛྲ་ཨ་ར་ལི་ཧོ། ཚོགས་ཕུད་འབུལ་བ་ནི། ཧོ། རྨད་བྱུང་ཚོགས་ཀྱི་མཆོད་པ་འདི། །སྐུ་གསུམ་བླ་མའི་ལྷ་ཚོགས་ཀྱིས། །དགྱེས་པ་ཆེན་པོར་རབ་བཞེས་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ག་ཎ་ཙཀྲ་པཱུ་ཛ་ཧོ། བསྐང་བཤགས་ནི། ཧོ། བདག་གཞན་ཐོག་མེད་ནས་བསགས་པའི། །སྡིག་ལྟུང་དམ་ཚིག་ཆགས་ཉམས་སོགས། །འགལ་འཁྲུལ་ནོངས་པ་ཅི་མཆིས་ཀུན། །ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས། །བཛྲ་ས་མ་ཡ་ཤུདྡྷེ་ཨཱཿ སྤྲོ་ན་ཡིག་བརྒྱ་བརྗོད། སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ། ཞེས་ཚོགས་ལ་རོལ། ལྷག་མ་བསྔོ་བ་ནི། ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ཧཱུྃ། རིག་འཛིན་བླ་མའི་བཀའ་ཉན་པ། །ལྷག་ལ་དབང་བའི་བསྟན་སྲུང་ཚོགས། །ལྷག་མའི་གཏོར་མ་འདི་བཞེས་ལ། །བྱང་ཆུབ་སྒྲུབ་པའི་བར་ཆད་སོལ། །ཨུཙྪི་ཏྲ་བ་ལིངྟ་ཁཱ་ཧི། དེ་ནས་བླ་མའི་རྣལ་འབྱོར་གཞུང་གི་དབང་བཞི་ལེན་པའི་དམིགས་པ་ནས་བཟུང་དགེ་བསྔོའི་བར་བརྗོད་པས་འཐུས་སོ། །ཞེས་པ་འདིའང་༧སྐྱབས་མགོན་ཟླ་སྤྲུལ་གྱིས་མཛད་པའི་བླ་མའི་རྣལ་འབྱོར་གྱི་ཁ་བསྐང་ལྷན་ཐབས་སུ་ཤཱཀྱའི་བཙུན་པ་ཀརྨ་དཔལ་བཟང་གིས་བསྐུལ་ངོར་ཆགས་སྤྲུལ་ལྔ་པས་བྲིས་པ་དགེའོ།། །།


previousསྒམ་པོ་པའི་བླ་སྒྲུབ།next