Nitartha Digital Library
Tibetan
ཀཾ་ཚང་བཀའ་བརྒྱུད་ཀྱི་ཉེར་མཁོའི་ཆོ་ག་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསངས་མཆོད་བདུད་རྩི་སྤྲིན་ཕུང།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསངས་མཆོད་བདུད་རྩི་སྤྲིན་ཕུང།next

བསངས་མཆོད་བདུད་རྩི་སྤྲིན་ཕུང།

ཤོ དྷི ཀཱ པཱུ ཛཱ མྲྀ ཏ མེ གྷ ཀཱ ཡ མངྒ ལ བ ཪྵ ཏི ནཱ མ བི ཧ ར ཏི སྨ། །༄༅། །བསངས་མཆོད་བདུད་རྩི་སྤྲིན་ཕུང་བཀྲ་ཤིས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

སྤྲོས་བྲལ་ཆོས་དབྱིངས་གདོད་ནས་དག་པའི་ཐུགས། །བདེ་ཆེན་མ་འགགས་ལོངས་སྤྱོད་ཡོངས་རྫོགས་པ། །དུ་མའི་གར་མཁན་བླ་མེད་སྤྲུལ་པའི་སྐུ། །རིག་འཛིན་པདྨ་ཀ་རས་རྟག་སྐྱོངས་ཤིག །གང་ཞིག་ཆོས་ཀུན་གདོད་ནས་དྲི་བྲལ་ཡང་། །གློ་བུར་རབ་རིབ་དྲི་མ་བསལ་བའི་ཕྱིར། །སྣ་ཚོགས་ཆོས་ཚུལ་དཔག་མེད་སྟོན་པ་ལས། །ཕྲིན་ལས་བསངས་མཆོད་རིམ་པ་བརྩམ་པར་བྱ། །དེ་ཡང་བདག་གཞན་བྱང་ཆུབ་སྒྲུབ་པ་ཡི། །མི་མཐུན་རྐྱེན་རྣམས་ཡོངས་སུ་ཞི་ཕྱིར་དང་། །གྲིབ་དང་མི་གཙང་ནད་གདོན་སེལ་བ་དང་། །འཛམ་གླིང་བདེ་དང་ཚེ་བསོད་སྤེལ་བ་དང་། །དབང་དུ་བྱེད་དང་བྱེས་སུ་འགྲོ་བ་དང་། །ལྷ་ངོ་བསྟོད་དང་ཉམ་ང་ཞི་ཕྱིར་སོགས། །མདོར་ན་ཕྲིན་ལས་རྣམ་བཞི་ཅི་སྒྲུབ་ཀྱང་། །བསངས་མཆོད་བརྔན་གྱི་རིམ་པ་བགྱིད་པར་བཤད། །དེ་ལ་དང་པོ་གཙང་མའི་ས་ཕྱོགས་སུ། །བླ་མ་དཀོན་མཆོག་ཆོས་སྐྱོང་རྟེན་བཀྲམ་པའི། །དྲུང་དུ་གཞི་དཀར་སྟེང་དུ་སྣོད་གཙང་མར། །བླ་མ་ཡི་དམ་ཆོས་སྐྱོང་གཏོར་མ་དང་། །བརྔན་དང་གཞི་བདག་ལ་སོགས་ཅི་དགོས་པའི། །མཆོད་གཏོར་ཀུན་དང་རིན་ཆེན་འབྲུ་སྨན་སྤོས། །དར་ཟབ་ཕྱེ་མར་ཆང་དང་ཟས་སྣའི་ཚོགས། །སྤྱན་གཟིགས་ཅི་འབྱོར་མ་ལུས་ཀུན་ཏུ་བཤམ། །བསང་ཁང་ཟླུམ་པོ་ཡིད་འོང་མེ་སྒོ་ཅན། །དུག་ཤིང་ལ་སོགས་མི་གཙང་མ་ཡིན་པའི། །ཤིང་སྣ་ཚོགས་ཚད་སྤུངས་པའི་ཕུང་པོར་བཅས། །རོལ་མོའི་བྱེ་བྲག་རྣམས་ཀྱང་ལེགས་པར་བཤམས། །དེ་ལྟར་བཅས་རྣམས་ཚོགས་པར་བྱས་ནས། ཆོ་གའི་རིམ་པ་ནི། བླ་མེད་བླ་མ་ཕྱོགས་བཅུ་དུས་གསུམ་གྱི། །བདེ་གཤེགས་རྒྱལ་བ་དམ་ཆོས་དགེ་འདུན་དང་། །ཡི་དམ་ཌཱ་ཀི་ཆོས་སྐྱོང་ཚོགས་བཅས་ལ། །བདག་གཞན་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ནམ་མཁའི་མཐའ་མཉམ་སེམས་ཅན་མ་ལུས་པ། །གློ་བུར་འཁྲུལ་རྟོག་མ་རིག་གིས་ལྡོངས་པའི། །ཉམ་ཐག་འགྲོ་ཀུན་སྒྲོལ་ཞེས་དེང་ཉིད་ནས། །རབ་བརྟན་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་ཐམས་ཅད་བདེ་ལྡན་སྡུག་བསྔལ་བྲལ། །དགའ་དང་ལྡན་ཞིང་བཏང་སྙོམས་ཆེར་གནས་ཤོག །ཞེས་སྐྱབས་སེམས་དང་ཚད་མེད་བཞི་བསྒོམས་པ་སྔོན་དུ་འགྲོ་བས། མཆོད་གཏོར་ལ་སོགས་པ་བསངས་སྦྱངས། ༀ་བཛྲ་ཨ་མྲྀ་ཏ༴ ༀ་སྭ་བྷ་ཝ༴ སྟོང་པའི་ངང་ལས་རིན་ཆེན་སྣོད་ཀྱི་ནང་། །ལྷ་རྫས་དམ་པའི་མཆོད་ཡོན་ཞབས་བསིལ་བ། །མེ་ཏོག་བདུག་སྤོས་སྣང་གསལ་མར་མེ་དྲི། །ཞལ་ཟས་རོལ་མོ་ཛ་གད་བདུད་རྩིའི་མཚོ། །དམར་ཆེན་རཀྟ་དཀར་དམར་བ་ལིཾ་ཚོགས། །འདོད་ཡོན་རྒྱལ་སྲིད་རྣམ་མང་སྤྱན་གཟིགས་དང་། །བསངས་མཆོད་བརྔན་གྱི་ཡོ་བྱད་ལ་སོགས་པ། །རྒྱ་ཆེན་ཟད་མེད་ཀུན་བཟང་མཆོད་པའི་སྤྲིན། །སོ་སོའི་ཡིད་བཞིན་བདེ་སྐྱིད་མཐུན་རྫས་ཚོགས། །དཔག་མེད་ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །རྣམ་པར་འཕྲུལ་པའི་ལོངས་སྤྱོད་རྨད་བྱུང་བ། །མཁའ་མཉམ་རྒྱུན་མི་ཆད་པ་ཉིད་དུ་གྱུར། །ༀ་ཨཱཿཧཱུྃ། ཨ་ཀཱ་རོས་བྱིན་གྱིས་བརླབ། ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་གྱི་ནམ་མཁར་རིན་ཆེན་སེང་ཁྲི་པད་ཟླའི་གདན་གྱི་སྟེང་དུ་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ནམ་མཁའི་སྐུ་ཅན། ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་སྟབས་སུ་འཛིན་པ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་ཡོངས་སུ་སྤྲས་པ། མཚན་དང་དཔེ་བྱད་མཆོག་ཏུ་འབར་བ། དེའི་སྟེང་དང་འོག་དང་བར་གྱི་ཆ་ལ་རྩ་བ་དང་བརྒྱུད་པར་བཅས་པའི་བཀའ་བརྒྱུད་ཀྱི་བླ་མ། རྒྱལ་བ་ཤཱཀྱའི་དབང་པོ་ལ་སོགས་པ་ཕྱོགས་བཅུའི་དེ་བཞིན་གཤེགས་པ། ཆོས་སྐུ་ཡུམ་ཆེན་མོ་ལ་སོགས་པ་དམ་ཆོས། ཉེ་བའི་སྲས་ཆེན་བརྒྱད། མཆོག་ཟུང་ལ་སོགས་པ་དགེ་འདུན་གྱི་ཚོགས་རྣམས་དང་། དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་གྱི་ལྷ་རབ་འབྱམས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། རྡོ་རྗེ་བེར་ཅན་ཀུན་དགའ་གཞོན་ནུ་ལ་སོགས་པ་དཔལ་མགོན་ཆོས་སྐྱོང་བའི་སྲུང་མའི་ཚོགས་རྣམས་དང་། གཞན་ཡང་ཡེ་ཤེས་དང་ལས་ལས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ། དམ་ཅན་རྒྱ་མཚོ་ལྷ་སྲིན་སྡེ་བརྒྱད། གློ་བུར་བ་དང་གཉུག་མར་གནས་པའི་ཡུལ་ལྷ་གཞི་བདག་ལ་སོགས་པའི་བསངས་མགྲོན་གྱི་ཚོགས་རབ་འབྱམས་རྒྱ་མཚོའི་རྡུལ་སྙེད་སྤྲིན་ཕུང་གཏིབས་པ་ལྟ་བུས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་བཛྲ་ས་མཱ་ཛཿ བདེ་ཆེན་ཆོས་དབྱིངས་རབ་འབྱམས་ཀློང་ཡངས་ནས། །འགགས་མེད་ཐུགས་རྗེའི་སྒྱུ་འཕྲུལ་གར་རོལ་བ། །རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་འཁོར་དང་བཅས། །ཞི་བ་བསངས་མཆོད་འབུལ་གྱི་གཤེགས་སུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་གུ་རུ་དེ་ཝ་ཌཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿ རིན་ཆེན་རབ་བཀོད་ཡིད་འོང་ཁྲིར། །པད་ཟླ་ཉི་གདན་རབ་བརྗིད་པ། །བམ་ཆེན་མེ་རི་འབར་བའི་ཀློང་། །ཅི་བདེའི་གདན་ལ་བཞུགས་སུ་གསོལ། །ༀ་བཛྲ་ཨཱ་ས་ན་པདྨ་ཀ་མ་ལཱ་ཡ་སྟྭཾ། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར། །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན། །ལྷ་རྫས་ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེ། །དག་ཅིང་དྲི་མེད་མཆོད་ཡོན་ཞབས་བསིལ་དང་། །ཡིད་འོང་མེ་ཏོག་རྨད་བྱུང་དྲི་ངད་བཟང་། །རབ་གསལ་སྒྲོན་མེ་ཚིམ་བྱེད་བྱུག་པའི་ཚོགས། །ཕུན་ཚོགས་རོ་ལྡན་བཟའ་བཅའ་རབ་སྙན་སྒྲ། །འདོད་ཡོན་རྣམ་མང་རིན་ཆེན་མཆོད་པའི་སྤྲིན། །ས་དང་བར་སྣང་མ་ལུས་ཡོངས་ཁྱབ་པ། །བློ་ཡིས་བླངས་ཏེ་རྒྱལ་བ་སྲས་བཅས་ལ། །ཀུན་ཏུ་གུས་པའི་སྒོ་ནས་མཆོད་པར་བགྱི། །བརྩེ་བ་ཆེན་པོས་དགོངས་ཏེ་བཞེས་ནས་ཀྱང་། །བྱིན་རླབས་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། སོགས་ཀྱིས་མཆོད། དཀོན་མཆོག་རྒྱལ་བ་རྒྱ་མཚོའི་ངོ་བོ་ཉིད། །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་གཏེར། །བྱིན་རླབས་རྨད་བྱུང་རྡོ་རྗེ་འཛིན་རྒྱལ་པོ། །དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །ཀུན་རྟོག་མ་རིག་འཁྲུལ་པས་བསླད་པ་རྣམས། །ཡོངས་སུ་འདུལ་ཕྱིར་ཁྲོ་ཆགས་ཞི་བའི་ཉམས། །དཔག་མེད་རྣམ་རོལ་དངོས་གྲུབ་ཀུན་སྩོལ་བའི། །ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་ཞེ་སྡང་སྙིང་རྗེ་ཆེར་ཁྲོས་པའི། །གར་གྱི་ཉམས་ལྡན་བསྟན་སྲུང་རྣལ་འབྱོར་སྐྱོང་། །ཕྲིན་ལས་ཀུན་སྒྲུབ་མ་ཧཱ་ཀཱ་ལའི་ཚོགས། །ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །སོགས་ཀྱིས་བསྟོད། ཧཱུྃ། རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་ནས། །བླ་མ་དཀོན་མཆོག་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །དག་པ་རབ་འབྱམས་གཞལ་ཡས་ནས། །ཡི་དམ་ལྷ་ཚོགས་སྤྱན་འདྲེན་གཤེགས། །མངའ་གསོལ་མཆོད་པ་འདི་བཞེས་ཤིག །བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །གནས་མཆོག་ཉི་ཤུ་རྩ་བཞི་ནས། །དཔའ་བོ་མཁའ་འགྲོ་སྤྱན་འདྲེན་གཤེགས། །མངའ་གསོལ༴ བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །དམ་ཚིག་གཉན་པོའི་ཕོ་བྲང་ནས། །ཆོས་སྐྱོང་སྲུང་མ་སྤྱན་འདྲེན༴ མངའ་གསོལ༴ ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །བསིལ་བ་ཚལ་གྱི་དུར་ཁྲོད་ནས། །བྱ་རོག་མཚན་ཅན་སྤྱན་འདྲེན་གཤེགས། །མངའ་གསོལ༴ ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །རབ་འཇིགས་དུར་ཁྲོད་གནས་མཆོག་ནས། །ཀུན་དགའ་གཞོན་ནུ་སྤྱན་འདྲེན་གཤེགས། །མངའ་གསོལ༴ ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །རང་རང་སོ་སོའི་གནས་མཆོག་ནས། །ཡུལ་ལྷ་གཞི་བདག་སྤྱན་འདྲེན་གཤེགས། །མངའ་གསོལ༴ རྣལ་འབྱོར་འདོད་དོན་བསྒྲུབ་པར་མཛོད། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་དང་། །དམར་ཆེན་རཀྟ་གཏོར་མ་དང་། །བདུད་རྩི་སྨན་དང་རྩི་བཅུད་དང་། །རིན་ཆེན་སྨན་སྣ་མཐུན་རྫས་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡིས། །རྩ་བརྒྱུད་བླ་མ་མངའ་གསོལ་ལོ། །ཡི་དམ་ལྷ་ཚོགས་མངའ་གསོལ་ལོ། །དཔའ་བོ་མཁའ་འགྲོ་མངའ་གསོལ་ལོ། །ཆོས་སྐྱོང་སྲུང་མ་མངའ༴ དཔལ་ལྡན་མགོན་པོ༴ མ་ཧཱ་ཀཱ་ལ༴ བྱ་རོག་མཚན་ཅན༴ སེང་གེའི་གདོང་ཅན༴ དཔལ་ལྡན་ལྷ་མོ༴ དྲེགས་པའི་གཙོ་བོ༴ སྡེ་བརྒྱད་མཐུ་ཆེན༴ ཡུལ་ལྷ་གཞི་བདག༴ མཆོད་འོས་རྒྱ་མཚོ་མངའ་གསོལ་ལོ། །གསོལ་ཞིང་མཆོད་པའི་བྱིན་རླབས་ཀྱིས། །སངས་རྒྱས་བསྟན་པ་རྒྱས་པར་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །མི་མཐུན་རྐྱེན་རྣམས་ཞི་བ་དང་། །འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །ཞེས་མངའ་གསོལ་བྱ་ཞིང་འདིར་ཆོས་སྐྱོང་སོགས་ཀྱི་གསོལ་མཆོད་དང་རྟེན་འཛུགས་སོགས་སྤྲོ་ན་བྱའོ། ༈ །དེ་ནས་ཕྱེ་མར་གྱི་སུམ་ཆ་དར་ཚོན་འབྲུ་སྨན་སོགས་བསངས་ཁང་ཐོག་ཏུ་ཕུལ་ཞིང་མེ་སྦར། ཆང་ཕུད་སོགས་བྲན་ནས་འདི་སྐད་དོ། །ཀྱཻ། ཆོས་དབྱིངས་བདེ་ཆེན་ལྷུན་གྲུབ་གཞལ་ཡས་ཁང་། །གདོད་ནས་སྤྲོས་བྲལ་བྱང་ཆུབ་ཕྱོགས་ཀྱིས་མཛེས། །རྣམ་དག་ཞིང་འདིར་བྱིན་གྱིས་བརླབས་པ་ཡི། །རྩ་བརྒྱུད་བླ་མ་དངོས་གྲུབ་ཀུན་སྩོལ་བའི། །ཡི་དམ་ལྷ་ཚོགས་ཕྲིན་ལས་སྟང་འཛིན་པ། །དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས། །བརྩེ་བས་འདིར་བྱོན་དགྱེས་པར་བཞུགས་ནས་ཀྱང་། །དེ་རིང་གཙང་མའི་བསངས་མཆོད་འདི་བཞེས་ཤིག །དཔག་མེད་བསྐལ་པ་དང་པོ་ཤར་བའི་ཚེ། །སྐབས་གསུམ་པ་དང་ཕ་རོལ་འཁྲུགས་པ་ན། །དཔག་བསམ་རྐང་འཐུང་དྲི་བཟང་སྤྲོས་པ་ཡིས། །གདུག་པའི་སེམས་བྲལ་བདེ་བ་ལྡན་པར་བྱས། །བར་དུ་རིག་འཛིན་མཚོ་སྐྱེས་རྒྱལ་པོ་ཡིས། །གངས་ཅན་སྐྱེ་དགུ་རྣམ་གྲོལ་ལམ་བཟང་པོར། །འགོད་ཚེ་རྡོ་རྗེའི་ཚུལ་ཁྲིམས་དྲི་བསུང་གིས། །མ་རིག་དུག་ལྔའི་དྲི་མ་བཅོམ་པར་མཛོད། །ད་ལྟ་རྣལ་འབྱོར་རིག་འཛིན་བདག་ཅག་གིས། །དངོས་གྲུབ་ཕྲིན་ལས་མ་ལུས་བསྒྲུབ་པའི་ཕྱིར། །ཞི་བ་བསངས་ཀྱི་མཆོད་པ་འདི་འབུལ་བས། །བདེ་ལེགས་ཡིད་བཞིན་འདོད་དོན་ཀུན་འགྲུབ་མཛོད། །ཀྱཻ། སྐྱབས་གནས་དམ་པ་ཁྱེད་རྣམས་ལ། །དེ་རིང་ཕྱག་འཚལ་མཆོད་པ་འབུལ། །མཆོད་འོས་རྒྱ་མཚོ་ཁྱེད་རྣམས་ལ། །དེ་རིང་དམ་རྫས་མཉེས་མཆོད་འབུལ། །དེ་རིང་གཙང་མའི་བསངས་མཆོད་ནི། །སྐྱེ་འགགས་སྤྲོས་བྲལ་འབྱུང་བ་ལྔ། །རྣམ་དག་བདེ་ཆེན་ཡུམ་ལྔའི་ཀློང་། །ཁམས་ལྔ་འདུས་པའི་རང་བཞིན་ལས། །ཕྱི་སྣོད་འཇིག་རྟེན་སྣོད་ཀྱི་ཚུལ། །ནང་ཅུད་སེམས་ཅན་ཚོགས་སུ་འཁྲུངས། །འཁོར་འདས་རབ་འབྱམས་ཀློང་ཡངས་ཤར། །སྤོས་དྲི་ངད་ལྡན་འཛམ་གླིང་རིར། །འབྱུང་ལྔ་དག་པའི་མེ་ཏོག་འཁྲུངས། །བདུད་རྩི་ཤིང་གི་འབྲས་བུ་སྨིན། །དྲི་ཞིམ་སྤོས་ཀྱི་ངད་ལྡན་པའི། །བལ་བུ་གསེར་སྟག་ཙནྡན་དང་། །ལོ་བཟང་མུ་ལེ་གྲམ་ཤིང་དང་། །སྦ་སྨྱུག་དེ་བ་དཱ་རུ་དང་། །མཁན་དཀར་དཔག་བསམ་ལྗོན་ཤིང་སོགས། །དག་བྱེད་གཙང་མར་གྱུར་པ་ཡི། །ཤིང་སྣ་ཚོགས་པའི་དུད་པ་དང་། །ཕྱེ་མར་ཟས་ཕུད་སྐྱེམས་དང་ནི། །གཡག་ལུག་ར་གསུམ་གཟུགས་འགྲོས་དང་། །དཀར་དམར་མདངས་ལྡན་བ་ལིཾ་ཏ། །རིན་ཆེན་དར་ཟབ་འབྲུ་སྨན་དང་། །རོལ་མོ་སིལ་སྙན་སྒྲ་དབྱངས་སོགས། །ས་གཞི་བར་སྣང་ཀུན་གང་བའི། །དགེ་དང་མཐུན་པའི་དམ་རྫས་དང་། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡི། །ཕྱི་ནང་གསང་བའི་འདོད་ཡོན་ཚོགས། །བསངས་ཀྱི་མཆོད་སྤྲིན་རྒྱ་མཚོ་འདིས། །དེ་རིང་མཆོད་པ་རབ་ཏུ་འབུལ། །ཀྱཻ། སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །དཀོན་མཆོག་ཀུན་འདུས་ངོ་བོ་ཉིད། །སྐྱབས་གནས་དགེ་ལེགས་ཡོན་ཏན་ཞིང་། །དྲིན་ཆེན་རྩ་བའི་བླ་མ་བསངས། །ཤཱཀྱ་ཐུབ་པ་ལ་སོགས་པའི། །དུས་གསུམ་སངས་རྒྱས་ཐམས་ཅད་བསངས། །སྡེ་སྣོད་རྒྱུད་སྡེ་ལ་སོགས་པའི། །ལུང་རྟོག་དམ་ཆོས་ཐམས་ཅད་བསངས། །ཉན་ཐོས་བྱང་སེམས་ལ་སོགས་པའི། །འཕགས་པའི་དགེ་འདུན་ཐམས་ཅད༴ རྡོ་རྗེ་འཆང་ཆེན་ལ་སོགས་པའི། །བཀའ་བརྒྱུད་བླ་མ་ཐམས་ཅད༴ ཀུན་ཏུ་བཟང་པོ་ལ་སོགས་པའི། །བླ་མ་སྐུ་གསུམ་ཐམས་ཅད༴ དཔལ་མཆོག་ལཱུ་ཧི་པ་ལ་སོགས། །གྲུབ་ཐོབ་བརྒྱད་ཅུ་རྩ་བཞི༴ ཨིནྡྲ་བོ་དྷི་ལ་སོགས་པའི། །རྣལ་འབྱོར་གྲུབ་ཆེན་བརྒྱད་པོ༴ འཕགས་པ་ཀླུ་སྒྲུབ་ལ་སོགས་པའི། །འཛམ་གླིང་རྒྱན་དྲུག་མཆོག་གཉིས༴ མར་པ་ལོ་ཙཱ་ལ་སོགས་པའི། །ལོ་པཎ་སྐྱེས་མཆོག་ཐམས་ཅད༴ ས་ར་ཧ་ལ་སོགས་པ་ཡི། །རྒྱ་གར་པཎ་གྲུབ་ཐམས་ཅད༴ མི་ལ་རས་པ་ལ་སོགས་པའི། །བོད་ཀྱི་གྲུབ་ཆེན་ཐམས་ཅད༴ དྭགས་པོ་ལྷ་རྗེ་ལ་སོགས༴ བསྟན་འཛིན་སྐྱེས་མཆོག་ཐམས་ཅད༴ དུས་གསུམ་མཁྱེན་པ་ལ་སོགས༴ སྤྲུལ་པའི་བརྒྱུད་འཛིན་ཐམས་ཅད༴ པདྨ་འབྱུང་གནས་ལ༴ རིག་འཛིན་བརྒྱུད་པའི་བླ་མ༴ དམ་པ་སངས་རྒྱས་ལ༴ ཞི་བྱེད་བརྒྱུད་པ་ཐམས་ཅད༴ དཱི་པཾ་ཀཱ་ར་ལ༴ ལམ་རིམ་བརྒྱུད་པའི་བླ་མ་བསངས། །ཤཱཀྱ་ཤྲཱི་ལ་སོགས་པའི། །བཀའ་གདམས་བརྒྱུད་པའི་བླ་མ༴ ཡེ་ཤེས་མཁའ་འགྲོ་ལ་སོགས༴ གཅོད་ཡུལ་བརྒྱུད་པའི་བླ་མ༴ ནཱ་རོ་པཎ་ཆེན་ལ་སོགས་པའི། །ཆོས་དྲུག་བརྒྱུད་པའི་བླ་མ་བསངས། །ཕྱག་ཆེན་བརྒྱུད་པའི་བླ་མ༴ རྫོགས་ཆེན་བརྒྱུད་པའི་བླ་མ༴ དབུ་མ་བརྒྱུད་པའི་བླ་མ༴ ལམ་འབྲས་བརྒྱུད་པའི་བླ་མ༴ མན་ངག་བརྒྱུད་པའི་བླ་མ༴ བྱང་སྡོམ་བརྒྱུད་པའི་བླ་མ༴ སོ་ཐར་བརྒྱུད་པའི་བླ་མ༴ བློ་སྦྱོང་བརྒྱུད་པའི་བླ་མ༴ མཚན་ཉིད་བརྒྱུད་པའི་བླ་མ༴ བསྟན་སྲུང་བརྒྱུད་པའི་བླ་མ༴ བརྒྱུད་པ་སོ་སོའི་བླ་མ༴ ཀཾ་ཚང་བརྒྱུད་པའི་བླ་མ༴ སངས་རྒྱས་བྱང་སེམས་སྤྲུལ་པའི་སྐུ། །ཐབས་མཁས་འགྲོ་དོན་མཛད་པའི་ཕྱིར། །རང་རང་སོ་སོའི་སྐུར་སྟོན་པའི། །རྩ་བརྒྱུད་བླ་མ་ཐམས་ཅད་བསངས། །ཞི་བ་བསངས་ཀྱི་མཆོད་པ་འདིས། །ནད་གདོན་བར་ཆད་ཞི་གྱུར་ཅིག །གྲིབ་དང་མི་གཙང་བསངས་གྱུར་ཅིག །འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཀྱཻ། དག་པ་ལོངས་སྐུའི་གཞལ་ཡས་ནས། །གར་དགུའི་ཉམས་ཀྱིས་རབ་དཔའ་བ། །ཞི་ཁྲོ་རབ་འབྱམས་རྒྱ་མཚོ་ཡི། །ཡི་དམ་ལྷ་ཚོགས་ཐམས་ཅད་བསངས། །དང་པོའི་སངས་རྒྱས་ལ་སོགས་པའི། །གཉིས་མེད་དུས་འཁོར་ལྷ་ཚོགས༴ བདེ་དགྱེས་ཕག་མོ་ལ་སོགས༴ མ་རྒྱུད་ལྷ་ཚོགས་ཐམས་ཅད༴ གསང་འདུས་གཤེད་དམར་ལ་སོགས༴ ཕ་རྒྱུད་ལྷ་ཚོགས་ཐམས་ཅད༴ རྡོར་དབྱིངས་དཔལ་རྩེ་ཀུན་རིག་སོགས། །རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས༴ རྣམ་སྣང་མངོན་བྱང་ལ༴ སྤྱོད་རྒྱུད་ལྷ་ཚོགས་ཐམས་ཅད༴ དམ་ཚིག་གསུམ་བཀོད་ལ་སོགས་པའི། །བྱ་རྒྱུད་ལྷ་ཚོགས་ཐམས་ཅད༴ རྡོ་རྗེ་སེམས་དཔའ་ལ་སོགས༴ ཞི་བའི་ལྷ་ཚོགས་ཐམས་ཅད༴ ཆེ་མཆོག་ཁྲག་འཐུང་ལ་སོགས༴ ཁྲོ་བོའི་ལྷ་ཚོགས་ཐམས་ཅད༴ ཡང་དག་རྟ་མགྲིན་ལ་སོགས༴ བཀའ་བརྒྱད་བཀའ་གཏེར་ལྷ་ཚོགས༴ རྣམ་སྣང་མི་བསྐྱོད་ལ༴ རྒྱལ་བ་རིགས་ལྔའི་ལྷ་ཚོགས༴ རྡོ་རྗེ་དབྱིངས་ཕྱུག་ལ་སོགས་པའི། །ཡུམ་ལྔའི་ལྷ་ཚོགས་ཐམས་ཅད༴ འཕགས་པ་འཇམ་དབྱངས་ལ༴ བདེ་གཤེགས་རིགས་ཀྱི་ལྷ་ཚོགས༴ སྤྱན་རས་གཟིགས་དབང་ལ་སོགས་པའི། །པདྨ་རིགས་ཀྱི་ལྷ་ཚོགས༴ ཕྱག་ན་རྡོ་རྗེ་ལ་སོགས༴ རྡོ་རྗེ་རིགས་ཀྱི་ལྷ་ཚོགས༴ འཕགས་མ་སྒྲོལ་མ་ལ༴ རིགས་ཀྱི་ཡུམ་ཆེན་ལྷ་ཚོགས༴ ནམ་མཁའི་སྙིང་པོ་ལ་སོགས༴ བྱང་སེམས་ཉེ་སྲས་བརྒྱད་པོ༴ བྷ་ར་དྷྭ་ཛ་ལ་སོགས༴ ཉན་ཐོས་གནས་བརྟན་ཐམས་ཅད༴ རྡོ་རྗེ་རིན་ཆེན་པདྨ་སོགས། །རིགས་ལྔའི་དཔའ་བོ་མཁའ་འགྲོ༴ གནས་མཆོག་ཉེར་བཞི་ལ༴ དཔའ་བོ་མཁའ་འགྲོ་ཐམས་ཅད༴ རི་རབ་རྡུལ་ཕྲན་མཉམ་པ་ཡི། །མཁའ་འགྲོའི་ལྷ་ཚོགས་ཐམས་ཅད༴ མདོར་ན་རྒྱུད་སྡེ་བཞི་ལ་སོགས། །དག་པ་རབ་འབྱམས་ལོངས་སྐུ་ཡི། །ཡི་དམ་ཞི་ཁྲོ་དཔག་མེད་དང་། །དཔའ་བོ་མཁའ་འགྲོ་ཐམས་ཅད་བསངས། །ཞི་བ་བསངས་ཀྱི་མཆོད་པ་འདིས། །ནད་གདོན་བར་ཆད་ཞི་གྱུར་ཅིག །གྲིབ་དང་མི་གཙང་སངས་གྱུར་ཅིག །འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཀྱཻ། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །རྡོ་རྗེ་ཞེ་སྡང་རབ་ཁྲོས་པས། །དྲག་པོ་འཇིགས་བྱེད་སྐུར་སྟོན་པའི། །ཡེ་ཤེས་མགོན་པོ་འཁོར་བཅས་བསངས། །དཔལ་ཆེན་སྡོམ་པ་ཆེར་ཁྲོས་པ། །དུས་གསུམ་སངས་རྒྱས་མངའ་གསོལ་ཞིང་། །ཞལ་གཅིག་ཕྱག་བཞིའི་སྐུར་བསྟན་པའི། །བླ་མ་མགོན་པོ་དབྱེར་མེད་བསངས། །བྱ་རོག་གདོང་ཅན་ལ་སོགས༴ ནག་པོ་སྟོང་གི་ལྷ་ཚོགས༴ སེང་གེའི་གདོང་ཅན་ལ༴ ཤ་ཟ་འབུམ་གྱི་ལྷ་ཚོགས༴ ཡུམ་ཆེན་རྩ་འཇིབས་དམར་མོ་སོགས། །མ་མོ་བྱེ་བའི་ལྷ་ཚོགས༴ མཁའ་འགྲོ་བརྒྱད་དྲུག་ལ་སོགས༴ སྤྲུལ་པའི་ཕོ་ཉ་ཐམས་ཅད༴ དྲག་ཤུལ་གཏུམ་རྔམ་འཇིགས་རུང་བའི། །ལས་བྱེད་འཁོར་ཚོགས་ཐམས་ཅད༴ དཔལ་ཆེན་ཐུགས་སྤྲུལ་བཀའ་ཉན་པ། །ཉི་ཤུ་རྩ་བཞིའི་ཞིང་སྐྱོང་ཞིང་། །ཤ་ཟ་ཁྲག་འཐུང་ཟ་བྱེད་ཆེ། །བདུད་མགོན་ག་ཡ་དྷ་ར༴ སི་ན་ར་མ་ལ་སོགས༴ ཡུམ་ཆེན་བདུད་མོ་ཐམས་ཅད༴ བམ་རོ་ཕོ་མོ་ལ་སོགས༴ ལས་བྱེད་སྤྲུལ་པ་ཐམས་ཅད༴ རྡོ་རྗེ་ལེགས་པ་ལ་སོགས༴ བཀའ་ཉན་སྡེ་བརྒྱད་ཐམས་ཅད༴ བདུད་དམག་སྟོང་སྡེ་ལ༴ ཡང་འཁོར་དམག་ཚོགས་ཐམས་ཅད༴ མྱུར་མཛད་ཕྱག་དྲུག་ཡེ་ཤེས་མགོན། །ལེགས་ལྡན་བེང་དང་བེར་ནག་ཅན། །གུར་མགོན་ཞལ་བཞི་མ་ནིང་སོགས། །དཔལ་མགོན་དྲག་པོ་ཐམས་ཅད༴ འདོད་ཁམས་དབང་ཕྱུག་རེ་མ་ཏི། །རེ་མ་ཛ་དང་རེ་མ་ཛུ། །དུད་སོལ་ཙཎྜི་ཀ་ལ་སོགས། །དམ་ཅན་མོ་རྒྱུད་ཐམས་ཅད༴ ཞིང་སྐྱོང་མ་མོ་མཁའ་འགྲོ་སོགས། །གསང་སྔགས་རྒྱུད་ཀྱི་སྲུང་མ་བསངས། །རྣམ་མང་ཐོས་སྲས་སྔགས་ཀྱི་བདག །རྡོ་རྗེ་ལེགས་པ་སྲིན་མགོན་དང་། །ཞིང་སྐྱོང་ཆེན་པོ་ལ་སོགས་པའི། །བཀའ་སྲུང་མགོན་པོ་འཁོར་བཅས༴ ཇོ་མོ་བཀྲ་ཤིས་ཚེ་རིང་སོགས། །ཡུམ་ཆེན་མ་མོ་ཐམས་ཅད༴ རྨུགས་འཛིན་དབང་པོ་ལ༴ ནོར་ལྷ་གཏེར་སྲུང་ཐམས་ཅད༴ ཚངས་པ་བརྒྱ་བྱིན་ལ༴ གཙང་རིགས་མགོན་པོ་ཐམས་ཅད༴ སྟོན་པ་སངས་རྒྱས་སྤྱན་སྔ་རུ། །བསྟན་པ་སྲུང་བར་ཞལ་བཞེས་པའི། །བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས། །ཆོས་སྐྱོང་སྲུང་མ་ཐམས་ཅད་བསངས། །ཞི་བ་བསངས་ཀྱི་མཆོད་པ་འདིས། །ནད་གདོན་བར་ཆད་ཞི་གྱུར་ཅིག །གྲིབ་དང་མི་གཙང་སངས་གྱུར་ཅིག །འདོད་པའི་དོན་ཀུན་འགྲུབ་པར་མཛོད། །ཀྱཻ། རང་རང་ཕྱོགས་སུ་ལེགས་བཞུགས་ཤིང་། །ཕས་རྒོལ་འཇོམས་པའི་ནུས་པ་ཅན། །རྣལ་འབྱོར་སྟོང་གྲོགས་མཛད་པ་ཡི། །དཀར་ཕྱོགས་གཞི་བདག་ཐམས་ཅད༴ སྟོང་གསུམ་ཁམས་ན་གནས་པ་ཡི། །གཞི་བདག་མ་ལུས་ཐམས་ཅད༴ རི་རབ་ལྷུན་པོའི་གཞི་བདག༴ གསེར་རི་བདུན་གྱི་གཞི་བདག༴ རོལ་པའི་མཚོ་བདུན་གཞི་བདག༴ གླིང་བཞི་གླིང་ཕྲན་ས་བདག༴ འཛམ་བུའི་གླིང་གི་ས་བདག༴ རྒྱ་གར་ཡུལ་གྱི་ས་བདག༴ ཤམ་བྷ་ལ་ཡི་ས་བདག༴ རྒྱ་ནག་ཡུལ་གྱི་ས་བདག༴ གངས་ཅན་ལྗོངས་ཀྱི་ས་བདག༴ ལི་དང་བལ་པོའི་ས་བདག༴ ཀློ་དང་མོན་གྱི་ས་བདག༴ མངའ་རིས་སྐོར་གསུམ་ས་བདག༴ དབུས་གཙང་རུ་བཞིའི་ས་བདག༴ མདོ་ཁམས་སྒང་དྲུག་ས་བདག༴ བོད་ཀྱི་མགུར་ལྷ་བཅུ་གསུམ༴ སྲིད་པ་ཆགས་པའི་ལྷ་དགུ༴ བོད་ཁམས་བརྟན་མ་བཅུ་གཉིས༴ ཉི་ཤུ་རྩ་བཞི་ལ་སོགས༴ གནས་ཆེན་ཡོངས་ཀྱི་སྲུང་མ༴ རྡོ་རྗེ་གདན་ལ་སོགས་པ་ཡི། །གཙུག་ལག་ཡོངས་ཀྱི་སྲུང་མ༴ པུཥྤ་ཧ་རི་ལ་སོགས༴ གདན་ས་ཡོངས་ཀྱི་སྲུང་མ༴ ལ་ཕྱི་ཆུ་བར་ལ་སོགས༴ དབེན་གནས་ཡོངས་ཀྱི་སྲུང་མ༴ གནས་གསུམ་སྐྱོང་བར་ཞལ་བཞེས་པའི། །གཞི་བདག་གཉུག་མར་གནས་པ༴ རྡོ་རྗེ་གཡུ་སྒྲོན་ལ་སོགས༴ ཞིང་སྐྱོང་མཁའ་འགྲོ་ཐམས་ཅད༴ ཁྱད་པར་ཡུལ་འདིར་གནས་པ་ཡི། །ཕྱོགས་སྐྱོང་གཞི་བདག་ཐམས་ཅད༴ རང་ལ་འགོ་བའི་ལྷ་སྲུང་བསངས། །ཕ་མས་བརྒྱུད་ཀྱི་སྲུང་མ༴ སློབ་དཔོན་བརྒྱུད་ཀྱི་སྲུང་མ༴ བཀའ་བརྒྱུད་ཡོངས་ཀྱི༴ ས་གཞི་ཡུལ་མཁར་ཁྱིམ་ལྷ༴ མཐོ་བ་གནམ་ལ་གནས་པ༴ དམའ་བ་ས་ལ་གནས་པ༴ བར་སྣང་ཁམས་ལ་གནས་པ༴ ཉིན་རི་དཀར་ལ་གནས་པ༴ སྲིབ་རི་ནགས་ལ་གནས་པ༴ སྲ་བ་བྲག་ལ་གནས་པ༴ བརྟན་པ་ས་ལ་གནས་པ༴ གཤེར་བ་ཆུ་ལ་གནས་པ༴ ཚ་བ་མེ་ལ་གནས་པ༴ གཡོ་བ་རླུང་ལ་གནས་པ༴ སྐྱེ་བ་ཤིང་ལ་གནས་པ༴ འགྲོ་བ་ལམ་ལ་གནས་པ༴ སྡོད་པ་གཞི་ལ་གནས་པ༴ སྟེང་གི་ལྷ་གཉན་ཐམས་ཅད༴ བར་གྱི་བཙན་གཉན་ཐམས་ཅད༴ འོག་གི་ཀླུ་གཉན་ཐམས་ཅད༴ ཕོ་ལྷ་དགྲ་ལྷ་ཐམས་ཅད༴ མགོན་སྐྱབས་བྱེད་པའི་ལྷ་རྣམས༴ ནམ་ཟླ་དུས་བཞིའི་ལྷ་རྣམས༴ ལོ་ཟླ་ཞག་དུས་ས་བདག༴ སྤར་ཁ་སྨེ་བའི་ས་བདག༴ གཟའ་སྐར་དུས་སྦྱོར་ཐམས་ཅད༴ མདུན་ནས་བསུ་བའི་ལྷ་རྣམས༴ རྒྱབ་ནས་སྐྱེལ་བའི་ལྷ་རྣམས༴ རྒྱབ་བརྟེན་བྱེད་པའི་ལྷ་རྣམས༴ འཁོར་འདས་གཉིས་ལ་གཏོགས་པ་ཡི། །ས་འོག་ས་སྟེང་ས་བླ་ལ། །གནས་པའི་འབྱུང་ཚོགས་ཅི་མཆིས་པའི། །གཞི་བདག་སྲུང་མ་ཐམས་ཅད༴ ཞི་བ་བསངས་ཀྱི་མཆོད་པ་འདིས། །ནད་གདོན་བར་ཆད་ཞི་བར་མཛོད། །གྲིབ་དང་མི་གཙང་སངས་གྱུར་ཅིག །འདོད་པའི་དོན་ཀུན་འགྲུབ་པར་མཛོད། །དེ་ནས་ཚོགས་གཏོར་གསེར་སྐྱེམས་འབུལ་བ་ནི། ཀྱཻ། བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་ཚོགས། །རྩ་གསུམ་རིག་འཛིན་བླ་མེད་སྤྲུལ་པའི་སྐུ། །མཉམ་མེད་ཐུགས་རྗེའི་སྤྱན་ལྡན་རིན་པོ་ཆེ། །མཆོད་འོས་རྒྱ་མཚོའི་ཚོགས་རྣམས་དགོངས་སུ་གསོལ། །ཕྱི་ནང་གསང་བའི་དམ་རྫས་རྨད་བྱུང་བ། །དངོས་འབྱོར་ཡིད་སྤྲུལ་ཚོགས་གཏོར་བདུད་རྩི་དང་། །རིན་ཆེན་འབྲུ་སྨན་གསེར་སྐྱེམས་རྒྱ་མཚོའི་ཚོགས། །བློ་ཡིས་ལེགས་པར་བླངས་ཏེ་འཕུལ་བར་བགྱི། །དམ་ཚིག་ཉམས་ཆག་སྡིག་སྒྲིབ་མ་ལུས་བཤགས། །བསངས་སོ་དག་གོ་ཚངས་པའི་དངོས་གྲུབ་སྩོལ། །མི་མཐུན་རྐྱེན་ཞི་བདེ་ལེགས་དཔལ་འབྱོར་རྒྱས། །ཕྲིན་ལས་རྣམ་བཞི་ལྷུན་གྲུབ་བཀྲ་ཤིས་སྩོལ། །ཞེས་དང་། གཞན་ཡང་བསངས་མཆོད་དམིགས་གསལ་གང་འོས་ཡོད་ཚེ་འདིར་སྦྱར་བར་བྱས་ལ། ཀྱཻ། གཞན་ཡང་བསངས་དང་མཆོད་འོས་པ། །སོ་སོའི་མཚན་ནས་མ་ཐོན་པའི། །བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་བྱང་སེམས་ཉན་རང་ཚོགས། །ཆོས་སྐྱོང་སྲུང་མ་དམ་ཚིག་ཅན། །ཡུལ་ལྷ་གཞི་བདག་གཉན་པོའི་ཚོགས། །ཆེ་དགུ་གཉན་དགུ་ཐམས་ཅད་དང་། །མཆོག་དམན་བར་མའི་མགྲོན་གྱི་ཚོགས། །ཡུལ་ལྷ་ནོར་ལྷ་རིགས་དྲུག་མགྲོན། །ལན་ཆགས་གློ་བུར་ལྷགས་པའི་མགྲོན། །བསངས་དང་མཆོད་བརྔན་བྱེད་འོས་པའི། །བསངས་མགྲོན་ཚོགས་རྣམས་ཐམས་ཅད་བསངས། །དྲི་ཞིམ་སྤོས་ཀྱི་ངད་ལྡན་པའི། །བསངས་དུད་ལྷོ་སྤྲིན་ལྟ་བུ་དང་། །སྡོམ་པ་དམ་ཚིག་མ་རྨས་པ། །འཕོ་མེད་ཚུལ་ཁྲིམས་དྲི་བསུང་གིས། །སྣོད་ཀྱི་འཇིག་རྟེན་དྲི་མ་བསངས། །རྣམ་དག་བདེ་ཆེན་ཞིང་དུ་གྱུར། །བཅུད་ཀྱི་སེམས་ཅན་དྲི་མ་བསངས། །དྲི་མེད་སྐུ་གསུམ་མངོན་གྱུར་ཤོག །སྡིག་སྤྱོད་མི་དགེའི་དྲི་མ་བསངས། །དཀར་ཕྱོགས་ཡོན་ཏན་རྒྱས་གྱུར་ཅིག །འཆལ་བའི་དྲི་མ་ཐམས་ཅད་བསངས། །ཀུན་ཀྱང་ཚུལ་ཁྲིམས་དྲི་ལྡན་ཤོག །བསངས་དང་མཆོད་པ་འདི་ཕུལ་བས། །དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག །དབང་དང་བྱིན་རླབས་དངོས་གྲུབ་སྩོལ། །སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །ཡི་དམ་ལྷ་ཚོགས་དགྱེས་གྱུར་ཅིག །མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཆོས་སྐྱོང་ཐུགས་དམ་བསྐངས་གྱུར་ཅིག །ཕྲིན་ལས་རྣམ་བཞི་བསྒྲུབ་པར་མཛོད། །སྣང་སྲིད་གཞི་བདག་མགུ་གྱུར་ཅིག །རྣལ་འབྱོར་སྟོང་གྲོགས་མ་ལུས་མཛོད། །རིགས་དྲུག་འདོད་པ་ཚིམ་གྱུར་ཅིག །སྡུག་བསྔལ་ཀུན་ཞི་བདེ་ལྡན་ཤོག །དྲི་ཞིམ་ངད་བཟང་བདུག་པའི་ཚོགས། །ཆར་སྤྲིན་འཁྲིགས་པ་ལྟ་བུ་དང་། །བསྐལ་པའི་མེ་ཆེན་འབར་བ་ལྟར། །ནམ་མཁའ་ས་གཞི་ཀུན་ཁྱབ་པས། །ནད་གདོན་སྡིག་སྒྲིབ་འགལ་རྐྱེན་སྲེགས། །ཉམས་གྲིབ་བྱིང་རྨུག་ཐམས་ཅད་སོལ། །བསངས་ཀྱིས་མི་ཚངས་གང་ཡང་མེད། །མཆོག་ཏུ་དག་པ་ཉིད་གྱུར་ཅིག །འགལ་རྐྱེན་བར་ཆད་མ་ལུས་ཞི། །མཐུན་རྐྱེན་ཡིད་ལ་ཅི་མཆིས་པའི། །འདོད་པའི་དོན་ཀུན་འགྲུབ་པ་དང་། །བཀྲ་ཤིས་དཔལ་འབྱོར་ཆེར་རྒྱས་མཛོད། །ཅེས་བརྗོད་དོ། །དེ་ནས་མཆོད་ཅིང་བརྔན་བྱ་བ་ལ། ཕྱེ་མར་ལ་སོགས་བྲན་ཅིང་། ཧཱུྃ། དཀོན་མཆོག་རྩ་བ་གསུམ་གྱི་ལྷ་ཚོགས་དང་། །གཞི་བདག་ལ་སོགས་མགྲོན་རྣམས་ཐམས་ཅད་ལ། །ཅི་བཅོལ་ཕྲིན་ལས་དཔག་མེད་བསྒྲུབ་པའི་ཕྱིར། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོ་དམ་པ་བཞེས། །དཔལ་ལྡན་རྩ་བརྒྱུད་བླ་མ་ཐམས་ཅད་ལ། །ཕྱག་འཚལ་སྣ་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། །བསླུ་མེད་དཀོན་མཆོག་རིན་ཆེན་རྣམ་གསུམ་ལ། །ཕྱག་འཚལ་སྣ་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ལ། །ཕྱག་འཚལ་སྣ་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། །དཔའ་བོ་དཔའ་མོ་མཁའ་འགྲོ་ཐམས་ཅད་ལ། །ཕྱག་འཚལ་སྣ་ཚོགས་མཆོད་སྤྲིན་རྒྱ་མཚོས་མཆོད། །ཤ་ཁྲག་དམར་གྱི་གཏོར་མ་ཆེན་པོ་དང་། །མྱུར་འགྲོ་གཡག་ལུག་རྟ་ཁྱི་བྱ་ནག་སོགས། །མཉེས་རྫས་མཆོད་སྤྲིན་དཔག་ཏུ་མེད་པ་ཡིས། །དཔལ་ལྡན་ཡེ་ཤེས་མགོན་པོ་ཐམས་ཅད་བརྔན། །བདུད་རྩི་གསེར་སྐྱེམས་མཁའ་ལྡིང་ལ་སོགས་པས། །དཔལ་ལྡན་ལྷ་མོ་ཡུམ་ཆེན་ཐམས་ཅད༴ འདོད་ཡོན་མེ་ཏོག་སྟག་གཟིག་གསེར་དངུལ་གྱིས། །ལྷ་དང་ལྷ་མིན་ཚོགས་རྣམས་ཐམས་ཅད༴ རིན་ཆེན་གཏེར་བུམ་འབྲུ་སྨན་དཀར་གཏོར་གྱིས། །ས་བདག་ཀླུ་གཉན་མ་ལུས་ཐམས་ཅད༴ ཤ་ཆང་སྦ་སྨྱུག་ར་ཡི་རྣམ་ལྔ་སོགས། །ལྷ་སྲིན་སྡེ་བརྒྱད་ཚོགས་རྣམས་ཐམས་ཅད༴ མཐུན་རྫས་བཤོས་བུ་སྙིང་དང་གཏོར་མ་ཡིས། །བོད་སྐྱོང་བརྟན་མ་བཅུ་གཉིས་ཐམས་ཅད༴ དྲི་གསུར་ཆངས་བུ་བགེགས་གཏོར་ལ་སོགས་པས། །དྲི་ཟ་ལན་ཆགས་བགེགས་ཚོགས་ཐམས་ཅད༴ མདོར་ན་སོ་སོའི་ཡིད་དང་མཐུན་པ་ཡི། །མཁོ་དགུའི་ལོངས་སྤྱོད་མཐུན་རྫས་དཔག་མེད་ཀྱིས། །ས་ཕྱོགས་འདི་སོགས་ཀུན་ལ་གནས་པ་ཡི། །གཞི་བདག་མགྲོན་རྣམས་ཐམས་ཅད་བརྔན་པར་བགྱི། །དེ་ལྟར་མཆོད་བརྔན་རྒྱ་ཆེན་བགྱིས་པ་ཡིས། །མཆོད་སྦྱིན་ཡུལ་རྣམས་དགའ་ཞིང་མགུ་བ་དང་། །རྣལ་འབྱོར་བདག་ཅག་བར་ཆད་ཀུན་སེལ་ཞིང་། །ཕྲིན་ལས་རྒྱ་ཆེན་འགྲུབ་པའི་སྟོང་གྲོགས་མཛོད། །ཞེས་འབུལ། ༈ །དེ་ནས་ལམ་ལྷ་གསོལ་བ་ནི། ཕྱེ་མར་གསེར་སྐྱེམས་སོགས་ཕུལ་ནས། ཀྱཻ། རྩ་བརྒྱུད་བླ་མ་ཡི་དམ་ལྷ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས། །བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམ། །ཡུལ་ལྷ་གཞི་བདག་ཚོགས་བཅས་ལ། །ཞི་བ་བསངས་ཀྱི་མཆོད་པ་འབུལ། །ཁྱེད་རྣམས་ཡེ་ཤེས་སྤྱན་དང་ལྡན། །བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀུན། །བསླུ་མེད་སྩོལ་བའི་ལམ་ལྷ་ཡིན། །ལམ་ལྷ་མཛོད་ལ་འགལ་རྐྱེན་སོལ། །ཀུན་ཏུ་དགེ་བའི་སྟོང་གྲོགས་མཛོད། །ལམ་ལྷ་གཉན་པོ་ཁྱེད་རྣམས་ལ། །དྲི་ཞིམ་བསངས་མཆོད་བདུད་རྩི་འབུལ། །བདག་ཅག་འཁོར་བཅས་གར་འགྲོ་ཡང་། །ལ་ཆུ་འཕྲང་གསུམ་དག་ལས་སྒྲོལ། །འཇིགས་སར་དགྲ་ཇག་ཆོམ་རྐུན་སྐྱོབས། །མྱ་ངན་ལམ་གོལ་ལམ་ལོག་ཏུ། །སྐད་ཅིག་ཙམ་ཡང་མི་འཁྱམས་ཤིང་། །བདེ་ལྡན་བདེ་བའི་ལམ་བགྲོད་ནས། །ཉམ་ངའི་བར་ཆད་གཡུལ་ལས་རྒྱལ། །གནས་གྲོགས་ལོངས་སྤྱོད་ཕུན་ཚོགས་པའི། །མཐུན་རྐྱེན་བཀྲ་ཤིས་འདོད་དོན་ཀུན། །བདེ་བླག་ཉིད་དུ་འགྲུབ་པར་མཛོད། །ཅེས་བརྗོད། དེ་ནས་སླར་ཡང་འདོད་དོན་གསོལ་བ་ནི། ཀྱཻ། གསོལ་ལོ་མཆོད་དོ་བསྟོད་དོ། །བསངས་སོ་བརྔན་ནོ། །བསྒྲུབ་བོ་བརྟེན་ནོ། །ཀྱཻ། བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། རྒྱུད་སྡེ་རབ་འབྱམས་དང་འབྲེལ་བའི་ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང་། དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྲུང་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་དང་། ལྷ་ཀླུ་འབྱུང་པོ་སྡེ་བརྒྱད་མཐུ་བོ་ཆེ་ཁྱེད་རྣམས་དགོངས་སུ་གསོལ། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་ཀུན་དང་། ཁྱད་པར་དུ་རྒྱལ་དབང་དམ་པ་དཔལ་ལྡན་ཀརྨ་པ་ཡབ་སྲས་བརྒྱུད་པར་བཅས་པའི་ཐུགས་ཀྱི་བཞེད་པའི་དོན་ཀུན་བདེ་བླག་ཏུ་འགྲུབ་ཅིང་། ཞབས་པད་བརྟན་པ་དང་ཕྲིན་ལས་གཡེལ་བ་མེད་པའི་སྡོང་གྲོགས་མཛད་དུ་གསོལ། རྣལ་འབྱོར་པ་བདག་ཅག་རྣམས་ཀྱི་ནད་གདོན་བར་ཆད་ཀྱི་རྐྱེན་རྣམས་ཞི་ཞིང་། ཚེ་བསོད་དཔལ་འབྱོར་སྙན་གྲགས་ཡོན་ཏན་ཐམས་ཅད་རྒྱས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་དབང་དུ་སྡུད་པ་དང་། གནོད་པར་བྱེད་པའི་དགྲ་བོ་ཅི་མཆིས་པ་ཚར་གཅོད་པའི་ཕྲིན་ལས་མཛད་དུ་གསོལ། དུས་ཀུན་ཏུ་ཡང་སྲུང་ཞིང་སྐྱོབ་པ་དང་། སྦེད་པ་དང་། གཞི་བྱེས་ལ་སོགས་པའི་བྱ་བ་གང་བརྩམས་པ་ཐམས་ཅད་ཀྱང་སྐད་ཅིག་གིས་འགྲུབ་ཅིང་། འཇིག་རྟེན་གྱི་ཁམས་རྣམས་སུ་ཡང་། ཉམ་ང་བའི་ནད་མཚོན་མུ་གེ་ལ་སོགས་པའི་རྐྱེན་དང་བྲལ་ནས་དུས་རྟག་ཏུ་རྫོགས་ལྡན་གྱི་དཔལ་ལ་སྤྱོད་པའི་བཀྲ་ཤིས་བདེ་ལེགས་ཀྱི་དཔལ་འབྱོར་ཆེན་པོས་ཁྱབ་པར་མཛད་དུ་གསོལ། ཞེས་བརྗོད། ༈ །དེ་ནས་གཡང་ལེན་ནི། ཕྱེ་མར་གྱི་ལྷག་མ་བསངས་ཁང་གི་སྟེང་དུ་བསྐོར་ཞིང་མདའ་དར་གཡབས་ནས་འདི་སྐད་དོ། །ཀྱཻ། བསླུ་མེད་དཀོན་མཆོག་རིན་ཆེན་རྣམ་གསུམ་གྱི། །ཡོན་ཏན་སྨིན་གྲོལ་བྱིན་རླབས་མ་ལུས་པ། །ཁུ་ཡེ་དེ་རིང་ཕྱྭ་དཔལ་གཡང་དུ་ལེན། །སངས་རྒྱས་བསྟན་པ་དར་རྒྱས་དཔལ་འབར་ཤོག །རྩ་བརྒྱུད་དཔལ་ལྡན་བླ་མ་ཐམས་ཅད་ཀྱི། །རྡོ་རྗེ་བཞི་ཡི་བྱིན་རླབས་རྨད་བྱུང་བ། །ཁུ་ཡེ་དེ་རིང་ཕྱྭ་དཔལ་གཡང་དུ་ལེན། །ཉམས་དང་རྟོགས་པའི་མཛོད་སྒོ་དར་བར་ཤོག །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀྱི། །དངོས་གྲུབ་དཔལ་འབྱོར་རྟེན་འབྲེལ་དམ་པ་རྣམས། །ཁུ་ཡེ་དེ་རིང་ཕྱྭ་དཔལ་གཡང་དུ་ལེན། །མཆོག་ཐུན་དངོས་གྲུབ་མ་ལུས་ཐོབ་པར་ཤོག །བཀའ་སྲུང་ཆོས་སྐྱོང་དམ་ཅན་རྒྱ་མཚོ་ཡི། །ཕྲིན་ལས་ཐོགས་མེད་མཐུ་རྩལ་ནུས་པ་ཀུན། །ཁུ་ཡེ་དེ་རིང་ཕྱྭ་དཔལ་གཡང་དུ་ལེན། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་ཤོག །གཏེར་བདག་ནོར་འཛིན་ལྷ་ཚོགས་ཐམས་ཅད་ཀྱི། །རིན་ཆེན་མི་ཟད་མཛོད་སྒོ་མ་ལུས་པ། །ཁུ་ཡེ་དེ་རིང་ཕྱྭ་དཔལ་གཡང་དུ་ལེན། །ལོངས་སྤྱོད་མངའ་ཐང་དཔལ་འབྱོར་ཆེར་རྒྱས་ཤོག །མདོར་ན་སྲིད་ཞི་བརྟན་གཡོ་སྣོད་བཅུད་ཀྱི། །བཀྲ་ཤིས་དཔལ་འབྱོར་ཀུན་ཚོགས་རྒྱ་མཚོ་ཀུན། །ཁུ་ཡེ་དེ་རིང་ཕྱྭ་དཔལ་གཡང་དུ་ལེན། །བསམ་དོན་ཀུན་འགྲུབ་བཀྲ་ཤིས་དཔལ་འབར་ཤོག །དེ་ནས་ཕྱེ་མར་དྲངས་ལ། རྗེས་ཀྱི་ཆོ་ག་ནི། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད་ཅིང་། བསྟོད་པར་འོས་པ་ཐམས་ཅད་ལ། །སོགས་ཀྱིས་བསྟོད། བདག་ཅག་མ་རིག་དབང་གྱུར་པས། །ཆོ་ག་ཏིང་འཛིན་འཆོལ་བ་དང་། །མཆོད་གཏོར་གཡེལ་སོགས་མ་དག་པའི། །ཚོགས་རྣམས་མགོན་པོས་བཟོད་པར་གསོལ། །ཡིག་བརྒྱ་བརྗོད་དེ་བཟོད་པར་གསོལ། ཡེ་ཤེས་འཇིག་རྟེན་ལྷ་ཚོགས་ཀུན། །རང་རང་གནས་སུ་གཤེགས་ནས་ཀྱང་། །བདག་སོགས་སེམས་ཅན་དོན་སླད་དུ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ སརྦ་བྷཱུ་ཏ་གཙྪཿ ཞེས་གཤེགས་སུ་གསོལ། ཆོས་དབྱིངས་མཆོག་གི་དཀྱིལ་འཁོར་དུ། །མཆོད་སྤྲིན་རྒྱ་མཚོ་འདི་ཕུལ་དགེས། །བདག་དང་མཁའ་ཉམས་སེམས་ཅན་ཀུན། །སྲིད་ཞི་ཀུན་གྲོལ་བྱང་ཆུབ་ཤོག །བཀྲ་ཤིས་རབ་རྒྱས་རྩ་གསུམ་ལྷ་ཚོགས་ཀྱི། །བཀྲ་ཤིས་དཔལ་འབར་མི་མཐུན་གཡུལ་ལས་རྒྱལ། །བཀྲ་ཤིས་ཡིད་བཞིན་དགོས་འདོད་ཀུན་སྩོལ་བའི། །བཀྲ་ཤིས་མཆོག་གིས་ཀུན་ཁྱབ་བཀྲ་ཤིས་ཤོག །ཞེས་སོགས་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བྱའོ། །ཞེས་བསངས་མཆོད་བཀྲ་ཤིས་བདུད་རྩི་ཆར་འབེབས་འདི་ཡང་དྷཱི་ཚ་དབོན་པོའི་སྤྲུལ་སྐུ་རྗེ་བཙུན་བླ་མ་ཀརྨ་བསྟན་འཛིན་གྱི་དགོངས་དོན་ལྟར། གར་དབང་བྱང་ཆུབ་སྐུ་བཞིའི་དབང་ཕྱུག་གིས་རང་གཞན་ཀུན་ལ་ཕན་པའི་བློས་འོག་མིན་དཔལ་གྱི་མཚུར་ཕུར། རྒྱལ་བ་ཞེས་པ་ཤིང་ཕོ་རྟ་ལོའི་རང་ཞལ་ཐོག་མར་ཚེས་པའི་དུས་དག་པར་བྲིས་པ་བཀྲ་ཤིས་དཔལ་འབར་མི་མཐུན་གཡུལ་ལས་རྒྱལ་བའི་ཕུན་ཚོགས་མཆོག་གིས་ཁྱབ་པར་གྱུར་ཅིག། ༈ །།ཕྱག་དཔེ་འདི་ཡི་མ་དཔེ་མཚུར་ཕུ་བླ་བྲང་གོང་གི་པར་མ་ཡིན་ནོ། །སརྦ་མངྒ་ལཾ།། །།


previousབསངས་མཆོད་བདུད་རྩི་སྤྲིན་ཕུང།next