Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
རྗེ་བཙུན་རས་པ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་ཟིན་བྲིས་ཡེ་ཤེས་གསལ་བྱེད།
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་རས་པ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་ཟིན་བྲིས་ཡེ་ཤེས་གསལ་བྱེད།next

རྗེ་བཙུན་རས་པ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་ཟིན་བྲིས་ཡེ་ཤེས་གསལ་བྱེད།


KMC008_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རས་པ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་ཟིན་བྲིས་ཡེ་ཤེས་གསལ་བྱེད་བཞུགས་སོ། །


KMC008_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རས་པའི་བྱིན་རླབས་འོད་བཀྱེས་ཏེ། །འཁོར་བ་རྨོངས་པའི་སྙིང་གི་མུན་བསལ་ནས། །དྲི་མེད་ཡེ་ཤེས་རྒྱས་པར་གསོལ་བཏབ་ནས། །དོན་ཆུང་ན་ཡང་དམ་པའི་གསུང་བཞིན་བྲི། །བླ་མའི་རྣལ་འབྱོར་ཚོགས་མཆོད་དང་འབྲེལ་བ་འདི་ལ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ་གསུམ་ཡོད། དང་པོ་ལ་བདུད་རྩི་བྱིན་རླབས། འབྱུང་གཏོར་བཏང་ཞིང་སྲུང་འཁོར་བསྒོམ་པ། སྐྱབས་སེམས། ཚོགས་བསགས་བཅས་བཞིར་ཡོད་པའི་དང་པོ་ནི། བླ་མེད་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་པས་


KMC008_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དུས་རྟག་ཏུ་ཐ་མལ་གྱི་འདུ་ཤེས་དང་འགྲོགས་པར་བྱ་བ་མ་ཡིན་ལ། ཁྱད་པར་ཐ་མལ་དུ་འདུ་ཤེས་པས་སྔགས་ཀྱི་བྱ་བ་ལ་འཇུག་མི་རུང་ཞིང་ཐ་མལ་པས་བདུད་རྩི་བརླབ་པ་དང་བགེགས་བསྐྲད་པ་སོགས་བྱ་ནུས་པ་མ་ཡིན་པས། རང་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ཞལ་གཅིག་ཁྲོ་འཛུམ། ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་ཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། སྐུ་མདོག་དམར་པོ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་གྲུ་མོ་གཡོན་ན་རྡོ་རྗེའི་ཁ་ཊྭཱཾ་ག་བསྣམས་པ།


KMC008_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་བརྐྱང་བསྐུམས་ཀྱིས་པད་ཉི་བམ་རོ་ལ་བཞེངས་ཤིང་ཡེ་ཤེས་ཀྱི་རང་འོད་དང་བཅས་པ་གསལ་བཏབ་ལ་ང་རྒྱལ་བཟུང་། མདུན་གྱི་ནང་མཆོད་ཀྱི་བགེགས་བསང་ཞིང་སྣོད་བཅུད་མི་དམིགས་པ་སྟོང་པར་སྦྱང་། སྟོང་པའི་ངང་ལས་མདུན་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་ཟླ་གམ། རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། དེ་སྟེང་ཀཾ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ན་ལས་མི། ཤར་ལྷོར་གོ་ལས་བ་ལང་། ལྷོ་ནུབ་ཏུ་ཀུ་ལས་ཁྱི། ནུབ་བྱང་དུ་ད་ལས་གླང་པོ་ཆེ། བྱང་ཤར་དུ་ཧ་ལས་རྟ་རྣམས་ཀྱི་ཤ །ཡང་དབུས་སུ་མཱུ་ལས་དྲི་ཆུ། ཤར་དུ་བི་ལས་དྲི་ཆེན། ལྷོར་ར་ལས་རཀྟ། ནུབ་ཏུ་ཤུ་ལས་ཁུ་བ། བྱང་དུ་མ་ལས་ཀླད་པ་རྣམས་ཡིག་འབྲུ་དེ་རྣམས་ཀྱིས་མཚན་པ། བདག་གི་ཐུགས་ཀའི་འོད་ཟེར་གྱིས་རླུང་དཀྱིལ་གཡོས། དེས་མེ་དཀྱིལ་སྦར། ཐོད་པ་དྲོས་ཤིང་བཅུད་རྣམས་ཞུ་སྟེ་ཁོལ་བས་ཉེས་པའི་སྐྱོན་རྣམས་སྦུ་བའི་ཚུལ་དུ་ཕྱིར་ལུད། སྟེང་དུ་རླངས་པ་ལས་


KMC008_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་ཧཱུྃ་ཨཱཿༀ་གསུམ་ལས་རིམ་གྱིས་བརྩེགས་མར་གནས་པ་ལས་འོད་ཟེར་འཕྲོས་པས་རྩ་བ་གསུམ་གྱི་ཐུགས་གནས་ཡེ་ཤེས་ཀྱི་བདུད་རྩི་འོད་ཟེར་གྱི་རྣམ་པར་སྤྱན་དྲངས། བདུད་རྩིའི་རྒྱ་མཚོ་ལ་ཐིམ་པས་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པར་དམིགས་ལ་གཡོན་པའི་མཐེབ་སྲིན་གྱིས་མྱང་བས་ངག་གི་དྲི་མ་དག །རྩ་རླུང་ཐིག་ལེ་བྱིན་གྱིས་རློབ་པར་གྱུར། དེ་ལྟར་བསྒྲུབས་པའི་བདུད་རྩི་དེས་གནས་ཁང་མཆོད་རྫས་སོགས་ལ་འཐོར་བས་བགེགས་དང་བར་གཅོད་སྐྲོད་ཅིང་སྲུང་ལ་དེ་དག་བྱིན་གྱིས་རློབ་པ་སོགས་ཀྱི་དགོས་པ་ཡོད་དོ། །གཉིས་པ་ནི། དམིགས་པ་དེ་ལྟ་བུས་སྔོན་གཏོར་བྱིན་བརླབ། གཏོར་མ་ནི་ཀར་ལུགས་པ་རྣམས་ཀྱིས་ཕག་མོའི་སྔོན་འགྲོར་གྲུ་གསུམ་དམར་པོ་འདིར་བ་ཞིག་བཅའ་སྲོལ་ཡོད་ཀྱང་རང་རང་ལུགས་ཀྱིས་འཐུས། །སྔགས་རྒྱ་དང་རང་རྗེ་བཙུན་མའི་ཐུགས་ཀའི་འོད་ཟེར་གྱིས་ཞིང་སྐྱོང་སུམ་ཅུ་རྩ་གཉིས་སོགས་སྲིད་པ་གསུམ་གྱི་འབྱུང་པོ་ཐམས་ཅད་སྐད་ཅིག་གིས་མདུན་དུ་


KMC008_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག་པ་འོད་གསལ་དུ་ཞུ། ཐམས་ཅད་ཀྱང་རྗེ་བཙུན་མའི་སྐུར་གྱུར་པས་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མ་བདུད་རྩིའི་བཅུད་དྲངས་ཏེ་གསོལ་བས་མཉེས། རྣམ་བཞིའི་ཕྲིན་ལས་བསྒྲུབ་པར་ཞལ་གྱིས་བཞེས་ནས་རང་གནས་སུ་གཤེགས། ནག་པོའི་ཕྱོགས་སུ་གྱུར་པའི་གསང་སྔགས་ཟབ་མོ་ལྟ་ཉན་ལ་མི་དབང་བ་དང་། བར་གཅོད་རྩོམ་པའི་གདུག་སེམས་ཅན་ཐམས་ཅད་རང་གི་སྐུ་ལས་ཁྲོ་ཆུང་དང་རྡོ་རྗེའི་ཁ་ཊྭཱཾ་སོགས་མཚོན་ཆའི་ཆར་ཆེན་པོ་སྤྲོས་ནས་ནམ་མཁའི་མཐར་བསྐྲད། སྤྲོས་པ་དེ་དག་ཚུར་འདུས་པས་འོག་རྡོ་རྗེའི་ས་གཞི། བར་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར་དང་བླ་བྲེ་སྲ་ཞིང་བརྟན་པའི་ཕྱི་རོལ་དུ་ཁྲོ་བོ་ཕྲ་མེན་མཚོན་ཆ་སྣ་ཚོགས་མེ་ཕུང་གི་གུར་དུ་གྱུར་ནས་བར་དུ་གཅོད་པ་གང་གིས་ཀྱང་གླགས་མི་རྙེད་པར་མོས། །འདི་ནི་གསང་སྔགས་མྱུར་ལམ་ཟབ་མོ་དངོས་གྲུབ་ཆེ་ཡང་བར་གཅོད་ཀྱང་མང་བ་ཡིན་པས་དེ་ཉིད་མི་འབྱུང་ཞིང་སྲུང་བའི་ཐབས་སོ། །གསུམ་པ་ནི། མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་


KMC008_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་རྗེ་བཙུན་བཞད་པ་རྡོ་རྗེ་གསལ་བཏབ། དེ་ཉིད་སྐྱབས་གནས་ཀུན་འདུས་གཅིག་ཆོག་ཏུ་མོས་པ་འདི་ནི་སྐྱབས་ཡུལ་སྒོམ་ཚུལ་མང་དུ་ཡོད་པ་ལས་ཀུན་འདུས་ནོར་བུ་ལུགས་ཞེས་ཟབ་ཅིང་བྱིན་རླབས་ཆེ་ལ་དམིགས་པ་ཟིན་སླ་བ་ཡིན་ནོ། །དེ་ལ་བདག་གཞན་ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྙིང་ཁོང་རུས་པའི་གདིང་ནས་སྐྱབས་སུ་མཆི་ན་ཅི་མཛད་ཁྱེད་མཁྱེན་ནོ་སྙམ་པ་དང་། སེམས་ཅན་ཐམས་ཅད་བདག་གི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པ་དྲིན་ཆེན་ཤ་སྟག་ཡིན་ཀྱང་མ་རིག་པའི་དབང་གིས་འཁོར་བའི་རྒྱ་མཚོར་ཐོག་མཐའ་མེད་པར་འཁྱམས་ཤིང་ཐར་པའི་དུས་མེད་པ་འདི་རྣམས་ཤིན་ཏུ་སྙིང་རེ་རྗེ། འདི་ཐམས་ཅད་ཟུང་འཇུག་ཡེ་ཤེས་སྐུ་ཅན་རྗེ་བཙུན་རས་པ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་སྒོ་གསུམ་དགེ་བའི་ལས་ལ་བཀོལ་ཞིང་ཁྱད་པར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་འབད་པར་བགྱིའོ་


KMC008_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་པ་སྟེ། སྐྱབས་འགྲོ་ནི་ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ཀྱི་གཞི་རྟེན། ཕྱི་པ་ནང་པའི་ཁྱད་འབྱེད་ཡིན་ཅིང་། སེམས་བསྐྱེད་པ་ནི། རྫོགས་པའི་སངས་རྒྱས་ཐོབ་པའི་ས་བོན། ཐེག་པ་ཆེ་ཆུང་གི་ཁྱད་འབྱེད་ཡིན་ནོ། །བཞི་པ་ནི། འདིར་དངོས་བསྟན་ནང་དོན་དང་སྦྱར་བ་ཡིན་ཀྱང་གནས་ལུགས་མ་རྟོགས་པ་རྣམས་ཀྱིས་སྤྱི་མཐུན་མཚན་བཅས་ཀྱི་དམིགས་པ། །སངས་རྒྱས་ཀུན་འདུས་བླ་མ་རྗེ་བཙུན་རས་པ་ཆེན་པོ་དེ་ལ། བདག་གཞན་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ། ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་སྤྲུལ་ནས་འབུལ་བ། ཐོག་མ་མེད་པ་ནས་སྒོ་གསུམ་དུ་བསགས་པའི་སྡིག་པ་མི་དགེ་བ་རྒྱུ་དང་བཅས་པ་ལ་གནོང་འགྱོད་དྲག་པོས་བཤགས་པ། འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཟག་བཅས་ཟག་མེད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ངོ་བོ་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་


KMC008_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་སྐུ་གཅིག་པུ་རྗེ་བཙུན་རས་པ་སྲས་དང་བཅས་པ་མྱ་ངན་ལས་མི་འདའ་བར་མཁའ་དང་འགྲོ་ཁམས་ཇི་སྲིད་པར་བཞུགས་པར་གསོལ་བ། དེ་ལས་བྱུང་བའི་དགེ་བ་སོགས་དགེ་རྩ་ཐམས་ཅད་བྱང་ཆུབ་རྡོ་རྗེ་རས་པ་ཆེན་པོའི་གོ་འཕང་ཐོབ་པའི་ཆེད་དུ་བསྔོ་བ་རྣམས་བྱ་ཆོག་ཅིང་། །ཡན་ལག་བདུན་པ་འདི་ནི་མདོ་སྔགས་བསགས་སྦྱོང་ཐམས་ཅད་ཀྱི་གནད་དང་སྙིང་པོ་བསྡུས་པ་ཡིན་ལ། སྤྱིར་སྒྲིབ་པ་མ་བྱང་ཞིང ། ཚོགས་མ་རྫོགས་པ་ལ་ལམ་གྱི་མངོན་རྟོགས་མི་སྐྱེ་ཞིང་བླ་མ་ལྷའི་བྱིན་རླབས་འཇུག་པར་དཀའ་བས་ལམ་ཉམས་སུ་ལེན་པའི་སྔོན་འགྲོར་མེད་ཐབས་མེད་པ་ཡིན་ནོ། །ཁྱད་པར་ཐུན་མོང་མ་ཡིན་པའི་བསགས་སྦྱོང་གི་དོན་ནི། ཆོས་ཐམས་ཅད་རང་སེམས་ཁོ་ནའི་ཆོ་འཕྲུལ་ཡིན་པས་བླ་མའང་རང་གི་སེམས་ཉིད་ཀྱི་ངོ་བོ་ལས་གཞན་དུ་མེད་པར་རྟོགས་ནས་རང་རིག་གཉུག་མའི་རང་ཞལ་ལ་ལྟ་བ་གནས་ལུགས་ལྟ་བ་


KMC008_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

མཇལ་བའི་ཕྱག །མིག་གི་ཡུལ་དུ་གཟུགས་སོགས་ཚོགས་དྲུག་གི་ཡུལ་དུ་ཅི་སྣང་ཅི་ཤར་ཐམས་ཅད་ལ་མ་ཞེན་མ་སྤང་དགག་སྒྲུབ་ཀྱི་བློ་དང་བྲལ་བ་ནི་གཏོང་བ་ཆེན་པོ་དོན་གྱི་མཆོད་པ། དགེ་སྡིག་གི་རང་བཞིན་གདོད་ནས་མ་གྲུབ་པ་ལ་མཚན་མར་ཞེན་པའི་བདག་འཛིན་ཨ་འཐས་འཛིན་མེད་རང་རིག་པའི་ཀློང་དུ་ཞི་བས་འཁོར་གསུམ་རྣམ་པར་མི་རྟོག་པ་བརྗོད་མེད་དོན་གྱི་བཤགས་པ། ངོ་བོ་སྟོང་ཞིང་རང་བཞིན་གསལ་བ་ལས་འགགས་མེད། ཐུགས་རྗེ་རྒྱུན་ཆད་མེད་པར་སྣང་བའང་རིག་པའི་རང་རྩལ་དུ་ཤེས་ནས་ཡི་རང་བ། གདོད་ནས་འཁོར་འདས་ཀུན་ལ་ཁྱབ་ཅིང་ཕྱམ་བདལ་བའི་ཡེ་ཤེས་ཀྱི་རང་བཞིན་བརྗོད་མེད་བརྗོད་པ་ཀུན་གྱི་གཞིར་གྱུར་པ་མི་ཤིག་ནཱ་དའི་ཆོས་སྒྲ་བསྐུལ་བ། །བརྟན་གཡོ་ཀུན་གྱི་སྲོག་ཏུ་ཞུགས་ཤིང་མཆོག་ཏུ་མི་འགྱུར་བ་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཆོས་སྐུ་རྒྱུན་གྱི་རྟག་པར་བཞུགས་སུ་གསོལ་བ། རང་བཞིན་མ་གྲུབ་པའི་དགེ་རྩ་འཁོར་གསུམ་དམིགས་པ་མེད་པའི་ངང་ནས་འགྲོ་ཀུན་རང་གནས་


KMC008_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུ་གསུམ་རང་ཞལ་མཇལ་ཕྱིར་བསྔོ་བ་སོགས་སོ། །གཉིས་པ་དངོས་གཞི་ལ་བདག་མདུན་གཉིས་ལས་དང་པོ་བདག་བྱིན་གྱིས་བརླབ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ས་བོན་འབྲུ་གསུམ་བརྗོད་པའི་རྐྱེན་གྱིས་སྣོད་རྣམ་པར་དག་པ་མཁའ་སྤྱོད་ཆེན་པོ་ཨོ་རྒྱན་དྷུ་མ་ཐ་ལའི་ཞིང་གི་བཀོད་པ་དང་ལྡན་པའི་དབུས་སུ། བཅུད་རྣམ་པར་དག་པ་ཆོས་འབྱུང་གྲུ་གསུམ་པ་གདན་ཐབས་ཀྱི་སྟེང་དུ། །ཁང་ཐབས་ཀྱི་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ། རྩ་བ་ཕྲ་བ་གདན་ལ་ཟུག་ཅིང་ཁ་གདེངས་གཡེལ་བ་གྱེན་དུ་བསྟན་པ། གཉིས་ཀའི་ཟུར་དྲུག་ལ་དགའ་བ་འཁྱིལ་བས་མཚན་པའི་དབུས་པདྨའི་ལྟེ་བར་བམ་རོ་མགོ་གཡས་སུ་བསྟན་པའི་སྙིང་གར་ཉི་མའི་དཀྱིལ་འཁོར། བེའི་སྟེང་དུ་སྐད་ཅིག་གིས་བདག་ཉིད་རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལི་ཁྲི་སྟེ་སིནྡྷཱུ་རའི་མདངས་ཅན་ཁྲོ་ཞིང་འཛུམ་ལ་སྤྱན་གསུམ་དང་ལྡན་པ་དབུ་སྐྲ་ཁམ་སེར་གྱེན་ཏུ་བརྫེས་པ་ལ་ཐོད་སྐམ་ལྔས་བརྒྱན་ཅིང་། ཐོད་རློན་


KMC008_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བཅུའི་དོ་ཤལ་དང་མེ་ཏོག་དམར་པོའི་ཕྲེང་བས་བརྒྱན་པ། ཕྱག་གཡས་རྡོ་རྗེས་ཡུ་བ་བྱས་པའི་གྲི་གུག་ནམ་མཁར་ཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། གྲུ་མོ་གཡོན་དུ་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་བརྟེན་པ། སྤྱི་བོར་འཁོར་ལོ། །རྣ་ཆ། མགུལ་རྒྱན། ཕྱག་ཞབས་ཀྱི་གདུ་བུ། སྐ་རགས་ཏེ་རྣམ་གྲངས་ལྔ་ཀ་མི་རུས་ལས་བྱས་པའི་ཕྱག་རྒྱ་ལྔས་སྤྲས་པ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་ཅིང་གཡོན་བརྐྱང་ནས་བཞེངས་པ། མེ་ཕུང་འབར་བའི་དབུས་ན་རང་ལུས་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་གཉུག་མའི་ལུས་སེམས་ལྷ་དང་ཆོས་ཉིད་ཀྱི་རང་བཞིན་གདོད་ནས་རྫོགས་པའི་གསལ་སྣང་དང་ང་རྒྱལ་རྣམ་པར་དག་པ་ཚང་པའི་སྐུའི་ལྟེ་བར་ཆོས་འབྱུང་དམར་པོ་ཁང་ཐབས་ཀྱི་ནང་དུ་པདྨ་འདབ་བཞི་ཕྱོགས་མདོག་ཅན་གྱི་ལྟེ་བར་ཧྲཱིཿདམར་པོ། འདབ་བཞིའི་ཤར་དུ་ཧ་སྔོན་པོ། ལྷོར་རི་སེར་པོ། ནུབ་ཏུ་ནི་དམར་པོ། བྱང་དུ་ས་ལྗང་གུ་བཞི་པོ་ངོ་ནང་དུ་ལྟ་བ་ཧྲཱིཿའི་མཐར་མདུན་ནས་


KMC008_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་པའི་ངོ་ནང་བསྟན་དུ། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་བསྐོར་བ་ལ་ཡིད་རྩེ་གཅིག་ཏུ་གཏད་དེ་བཟླས་པས་སྔགས་ཕྲེང་གཡོན་བསྐོར་དྲག་ཏུ་འཁོར་བའི་འོད་ཟེར་གྱིས་རྩ་གསུམ་རྒྱལ་བ་སྲས་བཅས་མཆོད། བྱིན་རླབས་འོད་ཟེར་གྱི་རྣམ་པར་བསྡུས་ནས་ཐིམ། སེམས་ཅན་གྱི་སྡིག་སྒྲིབ་སྦྱང་། ཕྱི་སྣོད་ནང་བཅུད་ཐམས་ཅད་དག་པ་ལྷའི་འཁོར་ལོར་གྱུར་པར་བསམ་ལ་ཤུབ་བུར་བཟླ་བ་ངག་བཟླས་ཐུན་མོང་བ་དང་། །རླུང་བུམ་པ་ཅན་ནམ་བར་རླུང་ཅི་རིགས་པ་བཟུང་ནས་སྔགས་ཕྲེང་ལ་སེམས་གཏད་དེ་ཡིད་ཀྱིས་བཟླ་བ་འགོག་བཟླས་དང་། རླུང་ནང་དུ་འཇུག་པའི་ཚེ་ༀ་བཛྲ། གནས་པའི་ཚེ་བཻ་རོ་སོགས། དབྱུང་བའི་ཚེ་ཧཱུྃ་ཧཱུྃ་སོགས་ལ་དམིགས་ཏེ་བཟླ་བ་རྡོར་བཟླས་ཏེ་གསུམ་ཀའམ་ཅི་རིགས་བྱ། ལྷན་སྐྱེས་མ་ལ་ཐུན་མོང་མ་ཡིན་པ་ནཱ་རོའི་སྙན་བརྒྱུད་རླུང་སེམས་དབྱེར་མེད་ཀྱི་མན་ངག་རྣམས་ནི་འདིར་སྦྱོར་མི་དགོས་པས་སྤྱི་མཐུན་འདི་ཙམ་གྱིས་སྐབས་དོན་འགྲུབ་པ་ཡིན་ནོ། །འདིས་ནི་


KMC008_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་མ་དག་པའི་སྒོ་གསུམ་རྡོ་རྗེ་བཙུན་མོའི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས་པས་ཐུགས་རྗེ་ཡུལ་དུ་འཇུག་པའི་སྣོད་དུ་རུང་བའི་རྟེན་འབྲེལ་ཁྱད་པར་ཅན་འགྲིགས་པ་ཡིན་ནོ། །གཉིས་པ་དངོས་གཞིའི་བསྟན་དོན་གཙོ་བོ་མདུན་བསྐྱེད་ལ་བརྟེན་ནས་ཚོགས་བསགས་བྱིན་རླབས་བསྐུལ་བ་ལ་བདུན། གནས་ཡོ་བྱིན་རླབས། རྟེན་བསྐྱེད་ཅིང་ཡེ་ཤེས་པ་གཞུག་པ། ཕྱག་སོགས་ཀྱིས་མཆོད་པ། བསྟོད་པ་བྱ་བ། ཁྱད་པར་གྱི་ཚོགས་བསགས་པ། གསོལ་འདེབས་དང་བཟླས་པས་ཐུགས་རྒྱུད་བསྐུལ་བ། འདོད་དོན་ཞུ་བའོ། །དང་པོ་ནི། རང་གི་ཐུགས་ཀའི་འོད་ཟེར་གྱིས་མཚན་འཛིན་གདོས་བཅས་ཀྱི་དངོས་པོ་ཐམས་ཅད་སྦྱངས་ཏེ་སྟོང་ཉིད་སྤྲོས་བྲལ་དུ་གྱུར་པའི་འོད་གསལ་གྱི་རང་མདངས། ཕྱི་སྣོད་ཐམས་ཅད་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་རྒྱ་ཚད་དབྱིབས་དང་རྒྱན་བཀོད་དཔག་ཏུ་མེད་པའི་དབུས་སུ། གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་ལ་མཚན་ཉིད་བཀོད་པ་ཡོངས་སུ་རྫོགས་པ། ཕྱི་


KMC008_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ཀུན་ཏུ་མཆོད་པའི་སྤྲིན་རབ་འབྱམས་རྒྱ་མཚོ་ཀུན་ཏུ་བཟང་པོའི་སྨོན་ལམ་དང་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་ལས་བྱུང་བ་ལྟ་བུས་ཡོངས་སུ་གང་བ། དེ་ཡང་ཕྱི་མཆོད་ཉེར་སྤྱོད་ལྔ། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་སྣ་བདུན་ནང་མཆོད་འདོད་པའི་ཡོན་ཏན་ལྔ། །གསང་མཆོད་རྡོ་རྗེའི་རིག་མ་བཅུ་དྲུག་ལ་སོགས་པ་སྲིད་ཞིའི་ཁམས་ན་བདེ་བའི་ཡོ་བྱད་ཀྱི་འབྱོར་པ་གང་ཡོད་པ་ཐམས་ཅད་མ་ཚང་བ་མེད་པར་བསམས་ལ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་སྔགས་དང་རོལ་མོའི་སྒྲས་བྱིན་བརླབ་བོ། །གཉིས་པ་ནི་སྣོད་བཅུད་གདོད་ནས་རྣམ་པར་དག་པ་སངས་རྒྱས་པདྨ་དམ་པ་དང་མི་འཁྲུགས་པ་ལ་སོགས་པའི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་མདུན་གྱི་ནམ་མཁར་འཇའ་སྤྲིན་དང་མཆོད་པའི་ལྷ་མོ་དུ་མས་བརྒྱན་པའི་དབུས་སུ་སྲོག་འཛིན་སོགས་རྩ་བའི་རླུང་ལྔ་རྣམ་སྐབས་འདིའི་ཚིག་ཁ་ཤས་རྗེ་བཙུན་ཉིད་ཀྱི་གསུང་ཡིན་པས་འདིར་བཀོད་པའོ། པར་དག་པ་སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ལྷ་


KMC008_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ཀྱི་གོས་ཀྱིས་བཀབ་པའི་སྟེང་དུ། །འཁོར་ལོ་ལྔའི་རྩ་ཡན་ལག་དང་བཅས་པ་རྣམ་པར་དག་པ་པདྨ་འདབ་སྟོང་གི་ལྟེ་བར། རླུང་སེམས་ཁམས་ཀྱི་དྭངས་མ་འཁོར་ལོ་ལྔའི་མི་ཤིགས་པའི་ཐིག་ལེ་རྣམ་པར་དག་པ་ཉི་ཟླའི་གདན་ལ། རང་གི་སེམས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྤྲོས་པ་ཐམས་ཅད་ཀྱིས་སྟོང་ཞིང་འོད་གསལ་བ་དཔལ་ལྡན་བླ་མའི་སྐུར་སྣང་བ་ནི། བཀའ་བརྒྱུད་བླ་མ་དངོས་སུ་སྨོས་པ་རྣམས་ཀྱིས་མཚོན་ནས་ཕྱོགས་བཅུ་དུས་གསུམ་གྱི་རྩ་གསུམ་རྒྱལ་བ་སྲས་བཅས་གཅིག་ཏུ་འདུས་པའི་ངོ་བོ་རྗེ་བཙུན་རས་པ་ཆེན་པོ་སྐུ་ཡེ་ཤེས་འོད་ལྔའི་གཟི་བརྗིད་མཁའ་ཁྱབ་ཏུ་འཕྲོ་ཞིང་གསུང་རྡོ་རྗེ་ནཱ་དའི་མགུར་དབྱངས་ལྷང་ལྷང་སྒྲོག་པ། ཐུགས་མཁྱེན་བརྩེ་ཡེ་ཤེས་ཆེན་པོས་དད་མོས་གསོལ་བ་འདེབས་པ་ལ་རྩེ་གཅིག་ཏུ་དགོངས་པའི་མཐའ་བསྐོར་གྱི་སྟེང་དུ་བཀའ་བརྒྱུད་བླ་མ། བར་དུ་རྒྱལ་བ་སྲས་བཅས་ཡི་དམ་ལྷ་ཚོགས་འོག་ཏུ་དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་ནམ་མཁའི་དབྱིངས་སུ་


KMC008_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་ཆེན་གྱི་ཕུང་པོ་གཏིབས་པ་ལྟར་བཞུགས་པའི་གཙོ་བོའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ངོ་བོ་ༀ་དཀར་ཨཱཿདམར་ཧཱུྃ་སྔོན་པོ་གསུམ་དུ་གསལ་བའི་འོད་ཟེར་དང་རང་ཉིད་རྣལ་འབྱོར་མའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཡེ་ཤེས་པ་སྤྱན་དྲངས་པར་མོས་ལ་ཅང་ཏེའུ་དྲིལ་བུ་སོགས་རོལ་མོའི་སྒྲ་བསྒྲག །དྲི་བཟང་གི་སྤོས་བཏུལ། དད་མོས་ཀྱི་གདུང་ཤུགས་དྲག་པོས་བསྐུལ་ཏེ་སྤྱན་འདྲེན་གྱི་ཚིག་བརྗོད་པས། རང་སྣང་རྣམ་དག་ཆོས་ཀྱི་དབྱིངས་ཤར་ཕྱོགས་མངོན་པར་དགའ་བ། མཁའ་སྤྱོད་རྡོ་རྗེ་བཙུན་མོའི་ཚོགས་ཁང་སོགས་དག་པའི་ཞིང་ཁམས་རྣམས་ནས་ཐུགས་རྗེས་མ་བཟོད་པའི་ཚུལ་གྱིས་སྐད་ཅིག་ལ་མདུན་གྱི་ནམ་མཁར་བྱོན་པ་འདི་ཉིད་ལ་རྩ་གསུམ་རྒྱལ་བ་སྲས་དང་བཅས་པའང་འཁོར་དུ་འདུས་ཏེ་དགྱེས་པས་བཞུགས་པར་མོས། ཨེ་ཨཱ་རལླི་ཕེཾ་ཞེས་པའི་སྔགས་ཀྱིས་བསྐུལ་བའི་ཚེ་ཙོག་པུའི་འདུག་སྟངས་བྱས་ལ་རྐང་པ་གཡས་ཀྱི་མཐེ་བོས་གཡོན་མཐེབ་མནན། ལག་གཉིས་ཀྱི་


KMC008_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

མཐེབ་མཛུབས་ཞི་མདུད་ཅིང་ལྷག་མ་གཟེང་པ་འབར་བའི་རྒྱ་དཔྲལ་བར་བསྐོར་ཅིང་མིག་གྱེན་ཏུ་བལྟ། བཛྲ་ས་མཱ་ཛཿཞེས་པ་ལ་རྡོ་རྗེ་བསྡུ་རྒྱ་བྱའོ། །གསུམ་པ་ཕྱག་དང་མཆོད་པ་མཎྜལ་གསུམ་ལས། དང་པོ་ནི། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཐལ་མོ་གནས་གསུམ་དུ་སྦྱར་ཞིང་གནས་ལྔ་ས་ལ་ཕབ། ངག་གིས་བསྟོད་དབྱངས་ཡན་ལག་འབུམ་ལྡན་བརྗོད། ཡིད་ཀྱིས་སྐྱབས་གནས་གཞན་ཏུ་མི་འཚོལ་བའི་མོས་གུས་དྲག་པོས་ཕྱག་བྱ་བར་མོས། གཉིས་པ་ནི། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་གཞོན་མཛེས་ཡིད་འོང་དཔག་ཏུ་མེད་པ་སྙན་པའི་གླུ་དང་ལྡན་པ་རྣམས་སྤྲོས་ནས་སྔར་བྱིན་གྱིས་བརླབས་པའི་མཆོད་པ་དེ་དག་ཕུལ་བས། ཕྱི་མཆོད་རྣམས་གདུགས་དང་བླ་བྲེ་དང་ཁང་བརྩེགས་དང་ཉེ་བར་སྤྱོད་པའི་བྱེ་བྲག་ཏུ་གྱུར། །ནང་གཟུགས་རྡོ་རྗེ་མ་སྤྱན་ལ་ཐིམ་པས་རྡོ་རྗེའི་སྤྱན་རྣམ་པ་ཐམས་ཅད་པ་ཟག་པ་མེད་པའི་བདེ་བའི་ལོངས་སྤྱོད་ཀྱིས་ཚིམས་པར་མོས་པས་རིགས་འགྲེས་


KMC008_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་མདོར་ན་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་དུ་རྣམ་པར་དག་པས་མཆོད། གསང་བ་རྡོ་རྗེའི་རིག་མ་རྣམས་རེ་རེ་བཞིན་སྐུ་ལ་འཁྱུད་པ་དང་འཁྲིལ་བ་སོགས་སྒྱུ་རྩལ་དང་ལྡན་པས་སྙོམས་པར་ཞུགས་པ་ལས་ལྷན་སྐྱེས་འགྱུར་མེད་ཀྱི་བདེ་བ་ཆེན་པོས་ཐུགས་མཉེས། མཐར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་གསུམ་ཀའང་རང་བཞིན་མ་གྲུབ་པར་ཤེས་པས་གཉུག་མ་ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་དོན་གྱི་བླ་མའི་རང་ཞལ་ལ་བལྟས་ཏེ་མཉམ་པར་འཇོག་པ་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །ཕྱིའི་མཎྜལ་རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་བྱེ་བ་ཕྲག་བརྒྱ་ནི་སྟོང་གསུམ་གྱི་འཇིག་རྟེན། དེ་བྱེ་བ་ཕྲག་བརྒྱ་སྟོང་གསུམ་རབ་འབྱམས། དེ་བྱེ་བ་ཕྲག་བརྒྱ་སྟོང་གསུམ་རྒྱུད། དེ་བྱེ་བ་ཕྲག་བརྒྱ་སྟོང་གསུམ་མཚམས་སྦྱོར། དེ་བྱེ་བ་ཕྲག་བརྒྱ་རབ་འབྱམས་རྒྱ་མཚོའི་འཇིག་རྟེན་ཅེས་བྱ་བ་སྟེ་དེ་ཐམས་ཅད་སྲིད་དང་ཞི་བའི་འབྱོར་པའི་ཁྱད་པར་ཇི་སྙེད་པས་བཀང་སྟེ་འབུལ་བར་མོས་པ་དང་། ནང་གི་མཎྜལ་ཕྱིའི་བཀོད་པ་དེ་དག་ནང་གི་རྡོ་རྗེའི་


KMC008_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་རང་བཞིན་གྱིས་ཚང་བར་ཤེས་པ་ཙམ་མམ། མགོ་རྣམ་རྒྱལ་ཁང་བཟང་། མིག་ཉི་ཟླ། སྒལ་ཚིགས་རི་རབ། སྙིང་ཡིད་བཞིན་ནོར་བུ་སོགས་རེ་རེ་བཞིན་གསལ་བཏབ་ལ། རང་གི་ལུས་ལོངས་སྤྱོད་ཕུང་ཁམས་སྐྱེ་མཆེད་བདག་ཏུ་བཟུང་བའི་དངོས་པོ་ཅི་ཡོད། དུས་གསུམ་གྱི་དགེ་རྩ་དང་བཅས་པ་བློས་ལིང་གིས་བླངས་ནས་ལྟོས་པ་མེད་པར་འབུལ་བ་དང་། གསང་བ་དོན་གྱི་མཎྜལ་སེམས་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བ་ཆོས་དབྱིངས་སྟོང་པ་ཉིད་ཀྱི་དཀྱིལ་འཁོར་དུ། རང་རིག་འོད་གསལ་ལོངས་སྤྱོད་རྫོགས་པར་ལྷུན་གྱིས་གྲུབ་པ་ཉིད་བྱ་བྱེད་ལས་གསུམ་གྱི་མིང་དང་མཚན་ལས་འདས་པར་ཤེས་ནས་གནས་ལུགས་ཀྱི་ངང་དུ་ལ་ཟློ་བའོ། །མཆོད་པའི་སྐབས་སུ་རྒྱས་པར་སྤྲོ་ན་གཞན་ནས་འབྱུང་བའི་མཆོད་ཕྲེང་གི་ཚིག་ཚོགས་ཇི་ལྟར་རིགས་པ་སྦྱར་བ་དང་། །མཎྜལ་གྱི་ཐོག་མར་ཚོམ་བུ་སོ་བདུན་མ་སྤྱི་ལྟར་བཀོད་ཅིང་འབུལ་བ། མཎྜལ་ཚིགས་བཅད་གཞན་ཡང་ཅི་རིགས་པ་ལན་གྲངས་འབུལ་བ་ནི་ཤིན་ཏུ་གལ་


KMC008_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའོ། །བཞི་པ་བསྟོད་པ་ནི་ལམ་ཟབ་ནས་འབྱུང་བའི་རྒྱ་གཞུང་ལ་གྲུབ་པའི་གསུང་གིས་བརྒྱན་པ་སྟེ། ཐོག་མར་གུ་རུ་ན་མོ་ནི་བླ་མ་ལ་ཕྱག་འཚལ་ལོ་ཞེས་པ་དང་། ཧཱུྃ་ནི་དངོས་གྲུབ་ཀྱི་དོན་དུ་ཐུགས་རྒྱུད་བསྐུལ་བའོ། །དམིགས་པ་ནི་སྔར་སྤྲོས་པའི་ལྷ་མོ་རྣམས་དང་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ཚངས་དབྱངས་འབུམ་ལྡན་གྱིས་བསྟོད་པའི་ཚིག་བརྗོད་ཅིང་གུས་པ་ཆེན་པོས་ཡོན་ཏན་རྗེས་སུ་དྲན་བཞིན་པས་བསྟོད་པར་མོས། །བསྟོད་པའི་དོན་ལ་བདུན། རྒྱུ་ཐུགས་སྐྱེད་ཁྱད་འཕགས། རྐྱེན་སྦྱོར་བརྩོན་ཁྱད་འཕགས། གྲོགས་ཐབས་ཤེས་ཁྱད་འཕགས། ས་ལམ་གྱི་བགྲོད་པ་ཁྱད་འཕགས། གྲུབ་པའི་འབྲས་བུ་ཁྱད་འཕགས། མཐར་ཐུག་སྐུ་གསུམ་རང་བཞིན། སྟོད་བྱེད་ཀྱི་ཚིག་ཁྱད་པར་འཕགས་པས་བསྔགས་པ་རྣམས་སོ། །དེ་ལ་དང་པོ་ནི། ཐོག་མ་ཉིད་ནས་ཐེག་པ་ཆེན་པོའི་རིགས་སད་པས་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ཕ་མ་ཡིན་པའི་ངེས་པས་དྲངས་ཏེ་དེ་ཐམས་ཅད་འཁོར་བའི་རྒྱ་མཚོར་


KMC008_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་གཡེང་བ་ལ་མི་བཟོད་པའི་སྙིང་རྗེ་ཆེན་པོས་བསྐུལ་ནས། ཕན་པ་མཐར་ཐུག་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་རང་ཉིད་ཁོ་ནས་འགོད་པར་འདོད་པའི་སེམས་བསྐྱེད་རྒྱ་ཆེན་པོ་མངའ་བ་སྟེ། དེ་དག་ནི་སེམས་ཅན་ལ་དམིགས་པའི་སྙིང་རྗེ། མོས་པས་སྤྱོད་པ་དང་སྨོན་པའི་སེམས་བསྐྱེད་ཕུལ་དུ་བྱུང་བ་བསྟན་པའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་གདོད་ནས་སྐྱེ་བ་མེད་པ་ཡིན་པ་ལ་གཉིས་སྣང་རྨི་ལམ་གྱི་འཁྲུལ་པ་ལྟ་བུར་ཤེས་ནས་ཐུགས་བསྐྱེད་ལ་ཉེ་རིང་མི་མངའ་བ་དམིགས་པ་ཆེན་པོ་དང་། དེ་ལྟར་མ་རྟོགས་པའི་སེམས་ཅན་མ་བསྒྲལ་བ་སྒྲོལ་བའི་ཐབས་ཟབ་མོ་ཐུན་མོངས་མ་ཡིན་པའི་བསགས་སྦྱང་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་བློ་གྲོས་ཆེན་པོ་སྟེ། དེ་ནི་ཆོས་ལ་དམིགས་པའི་སྙིང་རྗེ། ལྷག་བསམ་དག་པ་དང་འཇུག་པ་སེམས་བསྐྱེད་ཕུན་སུམ་ཚོགས་པ་བསྟན་པའོ། །གདོད་མ་ཉིད་ནས་བྱང་ཆུབ་ཏུ་ཐུགས་བསྐྱེད་ཅིང་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་པའི་སྟོབས་ཀྱིས་ནམ་ཡང་མི་ལྡོག་པའི་གོ་ཆ་ཆེན་པོ་བགོས་པ་


KMC008_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཆོས་ཉིད་ཀྱི་བདེན་པ་ཇི་བཞིན་དུ་གཟིགས་པས་བདག་དང་སེམས་ཅན་བྱང་ཆུབ་གང་དུའང་དམིགས་པ་མེད་པའི་ཤུགས་འབྱུང་སྙིང་རྗེའི་མཚོན་ཆེན་པོས་སྲིད་ཞིར་འཛིན་པའི་དྲྭ་བ་བཅད་པས་བྱམས་པའི་གོ་ཆ་སྙིང་རྗེའི་ཡ་ལད་ཅན་ཏུ་གྱུར་པ་སྟེ། དེ་ནི་དམིགས་པ་མེད་པའི་སྙིང་རྗེ། རྣམ་པར་སྨིན་པ་དང་དོན་དམ་པའི་སེམས་བསྐྱེད་མཐར་ཕྱིན་པ་བསྟན་པའོ། །དེ་དག་གི་གྲུབ་འབྲས་ཤེས་པས་སྲིད་དང་སྙིང་རྗེས་ཞི་བའི་མཐའ་ལ་མི་གནས་པར་དཔའ་བོ་ཆེན་པོའི་བློ་གྲོས་ཀྱིས་སྲིད་པ་ཇི་སྲིད་པ་གཞན་དོན་ཁོ་ནར་སྤྱོད་པ་ནི་སྒྲིབ་པ་ཀུན་སྤངས་པའི་སེམས་བསྐྱེད་དེ་དེ་ལྟ་བུ་དང་ལྡན་པ་ལ་ཕྱག་འཚལ་བའོ། །གཉིས་པ་ནི། རྡོ་རྗེ་འཆང་ནས་མཆོག་གི་དངོས་གྲུབ་བརྙེས་པའི་བཀའ་བརྒྱུད་གསེར་གྱི་ཕྲེང་བ་བཞི་པར་བྱོན་པའི་མངའ་བདག་མར་པ་ལོ་ཙཱ་བ་གཅིག་ཆོག་གི་བླ་མར་བཟུང་ནས། དང་བ་དང་འདོད་པ་དང་ཡིད་ཆེས་པའི་དད་པ་དུས་མཐའི་མེ་ཆེན་པོ་བཞིན་ཐང་ལྷོད་མེད་པར་འབར་བས། བླ་མས་


KMC008_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་ངེས་ཀྱི་བཀའ་ཇི་ལྟར་སྩལ་བ་ཐམས་ཅད་ཟུར་ཙམ་ཡང་མི་བཅག་པའི་གུས་པ་ཆེན་པོས་དཀའ་བ་ཆེན་པོ་བརྒྱད་སོགས་ཀྱི་མཐར་དཔེར་བྱ་བ་འོས་པས་མཉེས་པ་བསྒྲུབས་པས་རྒྱུད་གདམས་ངག་དང་བཅས་པ་བུམ་པ་གང་བྱོར་ཐོབ། བླ་མ་བརྒྱུད་པའི་བྱིན་རླབས་ཞུགས། བཀའ་བརྒྱུད་ཀྱི་རྒྱལ་རབས་ཟིན་པ་དང་། སྡོམ་པ་འོག་མའི་བསྲུང་མཚམས་ཐམས་ཅད་རྡོ་རྗེ་ཐེག་པར་ཡར་ལྡན་དུ་རྫོགས་པའི་དམ་ཚིག་སྲོག་གི་ཕྱིར་ཡང་མི་བཏང་བའི་སྲུང་བ་ཆེན་པོ་དང་ལྡན་ཅིང་། འཁོར་བར་ཕྱི་ཕྱག་འཚལ། ཆོས་བརྒྱད་རྒྱང་དུ་བོར། འཁྲུལ་སྣང་ཐོག་བརྫིས་བཏང་ནས་གངས་དཀར་གྱི་ཁྲོད་དུ་འཇིགས་མེད་སེང་གེའི་བརྟུལ་ཞུགས་ཆེན་པོས་རྟག་ཏུ་གནས་པ་དང་། ལུས་སྲོག་ཐེད་ལ་བོར་བའི་དཀའ་སྤྱད་སྙིང་རུས་ཀྱིས་རིམ་པ་གཉིས་ཀྱི་སྒྲུབ་པའི་རྒྱལ་མཚན་བཙུགས་པ་ལ་ཉིན་མཚན་གཡེལ་བ་མེད་པའི་བརྩོན་འགྲུས་ཆེན་པོས་སྐུ་ཚེ་གཅིག་གིས་ཟུང་འཇུག་རྡོ་རྗེ་འཆང་གི་རྒྱལ་སར་རྩོད་མེད་དུ་གཤེགས་པའི་མཐུ་སྟོབས་ཆེན་པོ་དང་


KMC008_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ། འཇིག་རྟེན་གྱི་ཁམས་ན་འགྲན་ཟླས་དབེན་པའི་སྐྱེས་མཆོག་མིའི་སེང་གེ་ཁྱོད་ལ་ཕྱག་འཚལ་བའོ། །གསུམ་པ་ནི། དབེན་པ་གསུམ་གྱི་ལམ་ལས་རྣམ་རྟོག་ཞི་བར་གནས་པའི་རྩེ་གཅིག་གསུམ་པོ་མཐར་ཕྱིན་ནས་མོས་གུས་ཟབ་མོའི་སྟོབས་ཀྱིས་རྡོ་རྗེའི་ཡེ་ཤེས་རྒྱུད་ལ་ཕེབ་པས་སྤྲོས་བྲལ་དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར་པའི་ལྷག་མཐོང་འཇིག་རྟེན་ལས་འདས་པའི་ཤེས་རབ་ཆེན་པོའི་སྟོབས་ཀྱིས་མཐོང་སྒོམ་གྱི་སྤང་བྱ་རྣམ་པར་དག །བདག་མེད་པ་གཉིས་ཁོང་དུ་ཆུད། འཁོར་འདས་རོ་གཅིག་ཏུ་ཐིམ། །སྒོམ་དུ་མེད་པའི་རྣལ་འབྱོར་མངོན་དུ་གྱུར་པ་དང་། བླ་མེད་སྤྱིའི་རྫོགས་རིམ་མཐར་ཐུག་ཟབ་ལམ་ནཱ་རོ་ཆོས་དྲུག་ལ་སྦྱང་བརྩོན་རྟོགས་གོམས་ཀྱི་གདེང་ཐོབ་ནས་རླུང་སེམས་དབུ་མར་དག་པའི་ཐབས་ཆེན་པོ་དང་ལྡན་པས། ཐུན་མོང་གི་ཉམས་གསུམ་ལས་འདས་པ་ཞུ་བདེ་ལས་སྐྱེས་པ་འཛག་མེད་ཀྱི་བདེ་བ་ཆེན་པོ་དང་། ཉིན་མཚན་འོད་གསལ་དུ་འབྱམས་པའི་གསལ་བ་ཆེན་པོ་དང་།


KMC008_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་གསུམ་ལུགས་ལྡོག་ཏུ་ཐིམ་པའི་སྟོང་པ་ཆེན་པོའི་རྣལ་འབྱོར་གྲུབ་པས། རྟགས་བཅུ་ཡོན་ཏན་བརྒྱད་ཟད་པར་ཟིལ་གནོན་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་རྒྱ་ཆེན་པོ་མཐུན་སྣང་དུ་བརྙེས་པ། སུས་ཀྱང་ཐུབ་པར་དཀའ་བའི་བདུད་བཞི་བཅོམ་པར་མཛད་པའི་ཐུབ་པ་ཆེན་པོ་དེ་ལ་ཕྱག་འཚལ་བའོ། །བཞི་པ་ནི། ཟབ་མོའི་ལམ་ལ་གང་གིས་བགྲོད་པའི་ཐབས་ཐུན་མོང་ཐེག་པ་ལས་ཁྱད་པར་དུ་མས་འཕགས་པ་གསང་སྔགས་རྡོ་རྗེ་ཐེག་པ་བླ་མེད་མ་རྒྱུད་ཀྱི་ཡང་སྙིང་དཔལ་འཁོར་ལོ་སྡོམ་པ་སོགས་མཆོག་སྒྲུབ་པའི་ཐབས་དང་བྱིན་རླབས་ཆེན་པོ་དང་ལྡན་པ་ཉམས་སུ་བཞེས་པས། དབུ་མའི་མར་སྣ་རྒྱལ་མཚན་རྩ་བཞི་ནས་བརྩམས་ལས་རླུང་བརྒྱ་ཕྲག་བཅོ་བརྒྱད་རིམ་གྱིས་འགགས། རྩའི་མདུད་པ་རྣམས་གྲོལ་བས་རྡོ་རྗེའི་ས་ཆེན་པོ་བཅུ་གསུམ་བགྲོད། །ཁུ་རྡུལ་མི་གཡོ་བར་བརྟན་པས་མྱུར་བ་དང་བདེ་བའི་ནང་གི་ལམ་ཆེན་པོ་ལྔའི་མཐར་བགྲོད་ནས་མི་སློབ་བའི་ཟུང་འཇུག་གི་སྐུ་དང་ཡེ་ཤེས་ཆེན་པོ་ལྔ་


KMC008_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་དུ་གྱུར། །བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་ཆེན་པོ་རྣམས་གདུལ་བྱ་ལས་དག་པ་ལ་སྣང་དུ་རུང་ཞིང་ཐོས་གྲོལ་དུས་མཉམ་དུ་བྱེད་པའི་དོ་ཧ་མི་ཤིགས་པའི་གླུ་དབྱངས་འཇིག་རྟེན་གསུམ་དུ་ཁྱབ་པའི་སྙན་གྲགས་ཆེན་པོ་སངས་རྒྱས་ཀྱི་ཞིང་རབ་འབྱམས་སུ་ཁྱབ་པར་མཛད་པའི་བདག་ཉིད་ཆེན་པོ་དེ་ལ་ཕྱག་འཚལ་བའོ། །ལྔ་པ་ནི། འབྲས་བུ་གཞན་ལ་མི་བཙལ་བར་སངས་རྒྱས་ཀྱི་དགོངས་པ་རང་ལ་རྙེད་པས་སྲིད་ཞི་མཉམ་ཉིད་སྣང་སྲིད་དག་པ་རབ་འབྱམས་སུ་གྱུར་ཏེ་གང་དུ་བཞུགས་པའི་ཞིང་ཁམས་ཆོས་དབྱིངས་སྟུག་པོ་བཀོད་པ་ཆེན་པོར་ལྷུན་གྱིས་གྲུབ་པ་དང་། རང་སྣང་རྣམ་པར་དག་པ་ལ་གཞན་རྟོག་གིས་མཚན་མས་གཡོ་བླ་མེད་པར་ངེས་པ་ལྔ་ལྡན་ཆེན་པོར་གྲུབ་པ་དང་། །གང་ལ་གང་འདུལ་གྱི་ཐབས་ལ་མཁས་པའི་རྫུ་འཕྲུལ་ཆེན་པོ་སྐྲའི་རྩེ་མོར་སངས་རྒྱས་ཀྱི་ཞིང་རྒྱ་མཚོ་སྟོན་པ་ལ་སོགས་པ་ལ་མངའ་བརྙེས་པ་དང་། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཆེན་པོ་འཁོར་འདས་བརྟན་གཡོ་ཐམས་


KMC008_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་ཁྱབ་པས་མཚན་ཙམ་གྱིས་ཀྱང་སངས་རྒྱས་ཀྱི་མཛད་པ་སྒྲུབ་ནུས་པ་དང་། རྣམ་ཐར་དང་ཕྲིན་ལས་མཐའ་དག་གྲོལ་བ་བཞི་དང་ལྡན་པས་འབྲེལ་ཚད་རྣམ་གྲོལ་དུ་དབུགས་དབྱུང་བའི་དོན་ཆེན་པོ་འབའ་ཞིག་ཏུ་གྱུར་པ། དེ་ལྟ་བུའི་སྐྱེ་དགུ་མ་ལུས་པའི་མཐར་ཐུག་གི་སྐྱབས་གནས་ཆེན་པོ་དེ་ལ་ཕྱག་འཚལ་བའོ། །དྲུག་པ་ནི། རྩ་རྣམ་པར་དག་པ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཆེན་པོ་མཚན་དཔེའི་གཟི་བརྗིད་དང་ལྡན་ལ་འདུལ་བཞིའི་ཆོ་འཕྲུལ་ཆེན་པོ་སྟོན་པ། རླུང་རྣམ་པར་དག་པ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་གཞོམ་མེད་སྒྲ་དབྱངས་ཆེན་པོ་རྒྱུན་མི་འཆད་ཅིང་སྐུ་དང་ཞིང་ཁམས་རྒྱ་མཚོ་སྣང་བའི་འོད་པོ་ཆེ་དང་ལྡན་པ། ཐིག་ལེ་རྣམ་པར་དག་པ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་གནས་ལུགས་སྒྲིབ་མེད་མངོན་ཏུ་གྱུར་པའི་མཁྱེན་པ་ཆེན་པོའི་རྩལ་ལས་རྟག་ཅིང་ཁྱབ་པའི་ཕྲིན་ལས་ཀྱི་མཐུ་སྟོབས་ཆེན་པོས་འཁོར་བ་ཇི་སྲིད་དེ་སྲིད་དུ་འགྲོ་དོན་རྒྱུན་མི་འཆད་པ། སྲིད་ཞི་ཀུན་གྱི་སྤྱི་དཔལ་ཆེན་པོ་དེ་ལ་གུས་པས་ཕྱག་འཚལ་ཞིང་ཆེ་བའི་


KMC008_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་རྗེས་སུ་དྲན་པས་བསྟོད་བསྔགས་འབུལ་བའོ། །བདུན་པ་ནི། ཚིག་དོན་གོ་སླ། མར་པ་རྒྱ་གར་དུ་ལན་རྗེས་མ་བྱོན་པའི་སྐབས་སུ་ནཱ་རོ་པ་སྤྱོད་པ་ལ་གཤེགས་ནས་ཡུན་རིང་སོང་། གསོལ་བ་བཏབ་པས་བྱང་པུཥྤ་ཧ་རིའི་དགོན་པར་མངོན་སུམ་མཇལ་ཏེ་བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་གནང་བའི་སྐབས་སུ་ལུས་མེད་མཁའ་འགྲོའི་ཆོས་སྐོར་གནང་བར་གསོལ་བ་བཏབ་པས། དེ་སུ་ལའང་ཆ་རྒྱུས་མེད་པ་ལ་ཁྱོད་ལ་སུས་ཟེར་གསུངས་པས། བོད་ན་ངའི་སློབ་མ་མི་ལ་ཐོས་པ་དགའ་བྱ་བ་ཡོད་པ་དེ་ལ་མཁའ་འགྲོས་ལུང་བསྟན་བྱུང་ཚུལ་ཞུས་པས། བསྟོད་པ་འདི་གསུངས་ནས་ཕྱག་ཐལ་མོ་སྦྱར་ཏེ་བོད་ཀྱི་ཕྱོགས་སུ་འདུད་པར་མཛད་པས་དེའི་རི་དང་རྩི་ཤིང་ཐམས་ཅད་ཀྱང་བོད་ལ་འདུད་པའི་རྣམ་པར་བྱུང་བར་གྲགས་པའི་བྱིན་རླབས་ཅན་ཡིན་ནོ། །ལྔ་པ་ཡན་ལག་བདུན་པའི་སྒོ་ནས་བསག་སྦྱོང་བྱ་བ་ནི། དམིགས་པ་གོང་དུ་སྨོས་པའི་ཐུན་མོང་བ་ལྟར་ལ། ཚིགས་བཅད་འདི་རྣམས་དཔལ་ལྡན་དུས་གསུམ་


KMC008_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པས་མཉམ་མེད་དྭགས་པོ་ཐོག་མར་མཇལ་བའི་ཚེ་ཐོལ་བྱུང་དུ་གསུང་བར་གྲགས་པའི་བྱིན་རླབས་ཅན་ཡིན་ལ། འདི་ཉིད་ཚར་མང་དུ་བྱ་བ་དང་། སྐབས་འདིར་ཡན་ལག་བདུན་པ་སྤྱི་འགྲོ་ཅི་རིགས་པ་གྲུབ་ནའང་ལེགས་སོ། །དྲུག་པ་གསོལ་འདེབས་ཀྱི་བཟླས་པས་ཐུགས་རྒྱུད་བསྐུལ་བ་ནི། ཐོག་མར་རྗེ་རས་པ་ཆེན་པོའི་རྣམ་ཐར་དང་ཡོན་ཏན་དྲན་པས་བ་སྤུ་གཡོ་ཞིང་མཆི་མ་འཁྲུགས། ལུས་ངག་ཡིད་གསུམ་རང་དབང་མི་འདུ་བ་ཙམ་གྱི་མོས་གུས་སྙིང་ཁོང་རུས་པའི་གཏིང་ནས་ཁ་ཙམ་མིན་པར་བསྐྱེད། བཟོད་མེད་ཀྱི་མོས་གུས་བཅོས་མིན་དུ་སྐྱེ་བ་ན་དེའི་རང་ངོ་ལ་བཟོ་མེད་དུ་བཞག་པས་བླ་མ་དང་རང་སེམས་གཉུག་མའི་གནས་ལུགས་དབྱེར་མེད་དུ་འདྲེས་པ་ལ་མཉམ་པར་བཞག་སྟེ། དེ་ཉིད་གསུམ་སྤེལ་གྱི་མཚན་སྔགས་ཇི་ལྟར་འོས་པ་བཟླ། ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱིས་རང་དང་ལྷན་ཅིག་ཏུ་གུས་པ་ཆེན་པོས་གསོལ་བ་འདེབས་པར་མོས་པ་དང་། དེར་མ་ཟད་ས་ཆུ་མེ་རླུང་གི་རྡུལ་ཕྲན་རེ་རེ་


KMC008_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་གསོལ་འདེབས་ཀྱི་སྒྲ་དི་རི་རི་སྒྲོག་པར་མོས་ལ་མ་ནམ་བཞི་སྐོར་ལ་ཐུན་གྱི་དངོས་གཞི་བྱ། ཐུན་མཇུག་ཏུ་བློ་ཆོས་སུ་འགྲོ་བ་སོགས་ཀྱི་བྱིན་རླབས་བསྐུལ་བའང་བྱ་སྟེ་འདིའང་མཉམ་མེད་དྭགས་པོ་རིན་པོ་ཆེའི་གསུང་བྱིན་རླབས་དང་ལྡན་པའོ། །དེ་ནས་རྗེ་བཙུན་མི་ལའི་གསོལ་འདེབས་བྱ་བ་ལ། སྤྱིར་གར་དབང་ཐམས་ཅད་མཁྱེན་པ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་རྣམ་ཐར་གསོལ་འདེབས་སོགས་རྒྱས་བསྡུས་མང་དུ་མཆིས་པ་ལས། སྐབས་འདིར་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་བརྒྱད་པ་མི་སྐྱོད་རྡོ་རྗེས་མཛད་པ་ཉིད་ཚིག་ཉུང་ལ་དོན་ཟབ་པས་བཀོད་པ་སྟེ། འདི་ནི་རྡོ་རྗེའི་ཚིག་རྐང་ཡིན་པས་རྒྱས་པར་སྤྲོ་ན་ཚུལ་བཞིའི་སྒོ་ནས་བཤད་དུ་ཡོད་པས་མཐའ་ཡས་ཀྱང་། བརྗོད་བྱའི་གཙོ་བོ་སྦས་དོན་དང་མཐར་ཐུག་ཡིན་པས་དེ་ཉིད་གཙོར་བཏོན་ཏེ་གོ་སླའི་ངག་གིས་ཅུང་ཟད་བཤད་ན་འདི་ལ་དོན་བཞིས་བསྡུས་པ་སྟེ། རྒྱུ་ཕུན་སུམ་ཚོགས་པ། ཐབས་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་


KMC008_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་སྟེ་རྣམ་ཐར་ལ་བསྔགས་པ་གསུམ། རྣམ་ཐར་དེ་ཉིད་འགྲུབ་པར་སྨོན་པ་རྣམས་སོ། །དང་པོ་ནི། བྱང་ཕྱོགས་རྒྱུད་དུ་སོགས་ཤློ་ཀ་གཅིག་སྟེ། དོན་དམ་པར་མངོན་བྱང་ལྔས་གསང་འདུས་སྤྲུལ་པའི་དཀྱིལ་འཁོར་དུ་མངོན་པར་བྱང་ཆུབ་སྟེ་འཕགས་པའི་ཡུལ་དུ་གྲུབ་པའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་སོགས་སྤྲུལ་པའི་རྣམ་རོལ་དཔག་ཏུ་མེད་པས་མཐའ་ཡས་པའི་འགྲོ་བ་རྣམས་ཀྱི་དོན་མཛད་པ་ལས། སྨོན་ལམ་དང་ཐུགས་བསྐྱེད་ཟབ་མོས་བྱང་ཕྱོགས་རྒྱུད་དུ་སྐུ་འཁྲུངས་པར་བསྟན་ཏེ་འཁོར་ལོ་བཞི་ལྡན་གྱི་རྟེན་དེས་རྡོ་རྗེ་ཐེག་པ་བསྟན ་པའི་འཁྲུལ་མེད་ཀྱི་ཡོངས་འཛིན་གྲུབ་པའི་དབང་ཕྱུག་མཉེས་པ་དགུ་ཕྲུགས་ཀྱིས་མཉེས་པར་མཛད་ཅིང་གདམས་ངག་བུམ་པ་གང་བྱོར་བཞེས། ཚེ་འདིའི་སྣང་ཤས་གཞན་ལྟ་ཅི་སྨོས། །ལུས་སྲོག་ལའང་ལྟོས་པ་མེད་པར་བྱ་བ་སྙིང་ནས་བཏང་བའི་བརྟུལ་ཞུགས་མཐར་ཕྱིན་པས་འཇིག་རྟེན་གྱི་སྐྱོན་དང་ཉེས་པས་རྡུལ་ཙམ་ཡང་མ་གོས་པར། ཆོས་ཕྱིར་དཀའ་ཐུབ་དང་བརྩོན་


KMC008_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་དྲག་པོ་བར་མ་ཆད་པར་སྤྱད་ནས་ཟབ་མོའི་མྱུར་ལམ་རྩེ་གཅིག་ཏུ་བསྒྲུབས་པས་མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཚུད་པ་ལ་བསྔགས་པའོ། །གཉིས་པ་ལ་གཉིས། རྣལ་འབྱོར་མ་རྒྱུད་ཀྱི་ལམ་མཐར་ཕྱིན་པ་དང་། ཕ་རྒྱུད་ཀྱི་ལམ་མཐར་ཕྱིན་པ་ལ་བསྔགས་པའོ། །དང་པོ་ནི། བདེ་ཆེན་བརྗོད་མེད་སོགས་ཤློ་ཀ་གཅིག་སྟེ། ཕར་ཕྱིན་དུ་བདེ་བར་གཤེགས་པ་དང་བདེ་བ་དམ་པ་སོགས་མཚན་ཙམ་བསྟན་པ་དེ་ཉིད་སྔགས་སུ་བདེ་བ་ཆེན་པོ་ཞེས་གསུངས་པ་སྟེ། འདིར་ཀུན་རྫོབ་ཏུ་བྱམས་པ་དང་སྙིང་རྗེའི་མཐར་སོན་པ་དང་། ངེས་དོན་དུ་འགྱུར་བ་མེད་པའི་བདེ་བ་ཆེན་པོ་བརྙེས་པ་སྟེ་ཐབས་སྣང་བའི་ཕྱོགས་དང་། སྨྲ་བསམ་བརྗོད་དུ་མེད་པའི་སྟོང་པ་ཉིད་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་མངོན་ཏུ་གྱུར་པ་ཤེས་རབ་སྟོང་པའི་ཕྱོགས། དེ་གཉིས་ཟུང་འཇུག་ཆེན་པོར་ཉམས་སུ་མྱོང་བའི་ལྷན་ཅིག་སྐྱེས་པ་བདེ་བའི་ཡེ་ཤེས་ཀྱི་རོས་མྱོས་ཤིང་། དེའང་ཕྱི་སྲིད་པ་གསུམ། ནང་ལུས་ངག་ཡིད་གསུམ་རྟེན་རྩ་རླུང་ཐིག་ལེ་


KMC008_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་འཆིང་བྱེད་ཀྱི་ཐབས་ལས་རྒྱ་ཡེ་རྒྱ་ཕྱག་ཆེན་གསུམ་ཡོད་པ་ལས་འཕོ་འགྱུར་གྱི་སྤྲོས་པས་རྣམ་པར་དག་པའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་གྱིས་གཞན་མཆོག་རྡོ་རྗེ་གསུམ་གྱི་རང་བཞིན་སྒྲིབ་བྲལ་དུ་བཅིངས་པ་ལས་བྱུང་བ་དང་། དེ་ཉིད་མྱུར་ཏུ་རྒྱུད་ལ་སྐྱེད་པའི་ཐབས་ཟབ་མོ་ཙཎྜ་ལཱིའི་དམ་ཚིག་གི་ཕྱག་རྒྱ་སྦར་བས་ཕུང་ཁམས་ཀྱི་སྙིགས་མ་བསྲེག་ཅིང་དྭངས་མ་བྱང་ཆུབ་ཀྱི་སེམས་བཞུ་བའི་བདེ་བ་འཕོ་མེད་དུ་བརྟན་པ་ལས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཀྱིས་གཉུག་མའི་ལུས་སེམས་རྒྱས་པ་ལ་བསྔགས་པའོ། །དེའི་དོན་བསྡུ་ན། ཐིག་རླུང་སེམས་གསུམ་གྱི་འཕོ་བ་གཏུམ་མོ་འབར་འཛག་གི་རྣལ་འབྱོར་གྱིས་བཅིངས་པས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐུགས་ལ་འཁྲུངས་ཤིང་བདེ་སྟོང་འགྱུར་མེད་ཀྱི་རོས་མྱོས་པ་འགྱུར་ཏོ། །ཞེས་པའོ། །གཉིས་པ་ནི། རག་སྣང་ཕྲ་ཐིག་སོགས་ཤློ་ཀ་གཅིག་སྟེ། མ་དག་པ་རག་པའི་འཁྲུལ་སྣང་ཐམས་ཅད་ཕྲ་མོའི་རྣལ་འབྱོར་དང་ཐིག་ལེའི་རྣལ་འབྱོར་སྟེང་འོག་གི་སྣ་རྩེ་ལ་


KMC008_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པ་རྣམས་དང་། ཟབ་གསལ་གཉིས་སུ་མེད་པའི་ཟབ་མོའི་རྣལ་འབྱོར་ལ་བརྟེན་ནས་དག་པའི་འཁོར་ལོར་སྦྱངས་པ་སྟེ། སྣང་མཆེད་ཐོབ་གསུམ་ཉེར་ཐོབ་དང་བཅས་པ་འོད་གསལ་དུ་དག་ནས་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་རྡོ་རྗེའི་རང་བཞིན་གྱི་སྐུར་ཤར་བ་ཕྲ་མོའི་ཉམས་སམ་མྱོང་བ་དེ་ཡིས་བདག་དང་མཚན་མར་འཛིན་པའི་འཁོར་བའི་ཆོས་ཐམས་ཅད་ལ་བྱིན་གྱིས་བརླབས་པར་མཛད་པས། དེ་ཐམས་ཅད་ཀྱི་སྤྲོས་པ་ཉེ་བར་ཞི་བའི་སྟོང་ཉིད་ཀྱི་རྩལ་རྟེན་འབྱུང་མ་འགག་པ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་གསང་བའི་དཀྱིལ་འཁོར་རབ་འབྱམས་སུ་ཤར། དེ་ཐམས་ཅད་ཀྱང་སྤྲོ་བ་དང་བསྡུ་བ་ལ་དབང་འབྱོར་བས་ཀུན་གྱི་ཁྱབ་བདག་དྲུག་པའི་ངོ་བོར་གྲུབ་པ་ལ་བསྔགས་པའོ། །དེའི་དོན་བསྡུ་ན་ཟབ་གསལ་གཉིས་སུ་མེད་པའི་རྣལ་འབྱོར་མཐར་ཕྱིན་པའི་འོད་གསལ་ཡེ་ཤེས་ཆེན་པོས་སྣང་གྲགས་ཐམས་ཅད་ཆོས་ཉིད་སྒྱུ་མར་རོལ་པའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ནས་རིགས་


KMC008_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་བདག་པོར་གྱུར་ཏོ། །ཞེས་པའོ། །གསུམ་པ་ནི། འཛག་མེད་གཙོ་མོར་སོགས་ཤློ་ཀ་གཅིག་སྟེ། ཟག་བཅས་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་མཆོག་ཡིན་པས་འཛག་མེད་གཙོ་མོ་སྟོང་ཉིད་འོད་གསལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་རྟག་ཏུ་སྙོམས་པར་ཞུགས་པའི་ངང་ལས་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་ཕྲིན་ལས་ཐམས་ཅད་འཆར་བའི་ས་བོན་དམིགས་པ་མེད་པའི་སྙིང་རྗེ་བསྡམས་པ་ཀློད་ནས་བཀྲོལ་བ་ལྟར་ཕྱོགས་མེད་དུ་ཤར་བ་སྟེ། དེ་ལྟ་ན་སྒྲིབ་པ་གསུམ་གྱི་རྩ་བ་རྩད་ནས་བཅད་ནས་སྲིད་པ་དག་པས་འཁོར་བར་འཆིང་བའི་མཐའ་སྤངས་ལ། དེ་ཉིད་རང་བཞིན་མི་དམིགས་པར་གཟིགས་ནས་སྲིད་པའི་ལམ་དུ་སྙིང་རྗེ་ཆེན་པོས་འཇུག་པ་དང་དུ་ལེན་པས་ཞི་བདེར་ཆགས་པའི་མཐའ་སྤངས་ཤིང་། གདུལ་བྱའི་སྣང་ངོར་སྤྲུལ་པའི་ཆོ་འཕྲུལ་བསྟན་པ་དེའང་སངས་རྒྱས་གཞན་ལས་ཐབས་མཁས་ཤིང་ཐུགས་རྗེའི་ནུས་སྟོབས་ཕུལ་དུ་གྱུར་པ་སྟེ། ཇི་ལྟར་ཞི་བའི་ངང་ལས་དྲག་པོའི་སྐུར་


KMC008_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་པ་རྣམས་ཀྱིས་གདུལ་དཀའ་འདུལ་བའི་ཆོ་འཕྲུལ་རྨད་དུ་བྱུང་བ་དེ་བཞིན་དུ་ཞིང་ཁམས་སྙིགས་མ་ཅན་གྱི་གདུལ་དཀའ་འདུལ་བ་ལ་ལྷག་པའི་སྒོ་ནས་བསྔགས་པའོ། །མདོར་ན་སྟོང་ཉིད་སྙིང་རྗེ་ཟུང་འཇུག་མཐར་ཕྱིན་ནས་འཁོར་འདས་ཀྱི་མཐའ་གཉིས་ལ་མི་གནས་པའི་ཐུགས་རྗེའི་སྟོབས་ཁྱད་པར་དུ་འཕགས་པས་སངས་རྒྱས་ཀྱི་ཕྲིན་ལས་མཛད་དོ། །ཞེས་པའོ། །བཞི་པ་ནི། བདག་ཀྱང་འཁོར་བ་སོགས་ཤློ་ཀ་གཅིག་སྟེ། བདག་དང་སེམས་ཅན་ཐམས་ཅད་ཀྱང་ཤེས་རབ་ཆེན་པོས་འཁོར་བ་རང་བཞིན་མ་གྲུབ་པར་ཤེས་ནས་མི་སྤངས་ཤིང་། སྙིང་རྗེ་ཆེན་པོས་ཞི་བ་ཕྱོགས་གཅིག་པའི་མྱང་འདས་ལ་བདག་གཅིག་པུར་མི་འཇུག་པར་མཐའ་གཉིས་ལས་རྣམ་པར་གྲོལ་བའི་སངས་རྒྱས་ཀྱི་ཕྲིན་ལས་ཁྱབ་ཅིང་རྟག་པས་འཁོར་བ་མ་སྟོང་གི་བར་འགྲོ་བའི་དོན་བྱེད་པ། ཡེ་ཤེས་ཆེན་པོའི་ནམ་མཁའ་མཐའ་དང་དབུས་མེད་པ་ལ་སྤྱོད་པའི་རྒྱལ་བ་རྣམས་ཀྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་སྐུ་གསུང་ཐུགས་


KMC008_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཟད་པ་རྒྱན་གྱི་འཁོར་ལོ་མཆོག་གི་དངོས་གྲུབ་དེ་ཉིད་མྱུར་ཏུ་འགྲུབ་པར་གྱུར་ཅིག །ཅེས་པའོ། །དེ་ནས་ཕུར་ཚུགས་སུ་གསོལ་བ་འདེབས་པ་ནི་གསང་བའི་མཚན་ནས་འབོད་ཅིང་བསྐུལ་བ་སྟེ་གསར་རྙིང་ཀུན་གྱིས་རྒྱང་འབོད་ཅེས་བྱ་བ་དེ་ཡིན་ལ། དེ་ནི་རྗེ་མར་པས་འཁོར་ལོ་སྡོམ་པའི་དབང་བསྐུར་བའི་སྐབས་སུ་ཡི་དམ་དང་མཁའ་འགྲོས་མགྲིན་གཅིག་ཏུ་གསོལ་བའི་མཚན་ཡིན་པས་བྱིན་རླབས་དང་ལྡན་པ་སྟེ། གདུང་ཤུགས་དྲག་པོ་བསྐྱེད་ལ་དབྱངས་རྟ་རིང་ཐུང་གང་ཤེས་དང་བཅས་ཏེ་ལན་གྲངས་སུ་གསོལ་བ་གདབ་བོ། །བདུན་པ་འདོད་དོན་གསོལ་བ་གདབ་པ་ནི། དོན་གོ་སླ་ལ་སེམས་མ་ཡེངས་པར་དོན་དེ་དག་རྩེ་གཅིག་ཡིད་ལ་བྱེད་ཅིང་གསོལ་བ་འདེབས་དགོས་པ་ཡིན་ནོ། །དེ་དག་གི་རྗེས་འབྲེལ་དུ་ཚོགས་ཀྱི་མཆོད་པ་འབུལ་ན། ཤ་ཆང་གཙོ་བོར་གྱུར་པའི་དམ་ཚིག་གི་རྫས་ཚོགས་པར་བྱས་ལ། རང་རྣལ་འབྱོར་མར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་ཚོགས་རྫས་དངོས་འཛིན་གྱི་དྲི་མ་སྦྱངས། སྟོང་


KMC008_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ལས། ཡེ་ཤེས་ཀྱི་བནྡྷ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་དང་བདུད་རྩི་ལྔ་ཞུ་ཞིང་འདྲེས། གདོད་ནས་རྣམ་པར་དག་པ་དམ་ཡེ་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོ་ཉི་མ་འཆར་ཀའི་མདངས་ཅན་དྲི་ཞིམ་ཞིང་རོ་བརྒྱ་ནུས་པ་སྟོང་ལྡན་དུ་གྱུར་པའི་རླངས་པ་ལས་འདོད་ཡོན་རྣམ་པ་ལྔའི་མཆོད་སྤྲིན་ནམ་མཁའ་གང་བ་འཕྲོ་བས་བླ་མ་སངས་རྒྱས་དཀྱིལ་འཁོར་ལྷ་ཚོགས་མཉེས་པར་བྱེད་པའི་རང་བཞིན་དུ་མོས་ལ་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབ། བྱིན་རླབས་འབེབས་པའི་ཚེ་གནས་ཁང་དག་པ་མཁའ་སྤྱོད་འོག་མིན་གྱི་ཞིང་ཁམས། བདག་གཞན་མཆེད་ལྕམ་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མ། ཚོགས་ཀྱི་རྫས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི། ཐམས་ཅད་ཀྱང་བདེ་སྟོང་གཉིས་མེད་ལྷན་སྐྱེས་ཆོས་སྐུའི་རང་བཞིན་དུ་མོས། བླ་མ་རྒྱལ་བ་སྲས་བཅས་ནམ་མཁའ་གང་བ་བྱིན་རླབས་ཡེ་ཤེས་ཀྱི་རོལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་བྱོན་པ་ཐམས་ཅད་སྔར་གསལ་བཏབ་པའི་ཚོགས་ཞིང་རྣམས་དང་


KMC008_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་དུ་བཞུགས་པར་མོས་ལ་ཚོགས་ཕུད་ཕུལ་བས་དགྱེས་པར་བཞེས་ཏེ་ཐུགས་དམ་བསྐངས་ཤིང་རང་གི་དམ་ཚིག་ཉམས་ཆགས་སོར་ཆུད་པར་མོས་པ་ནི་ཕྱིའི་ཚོགས་མཆོད་ཡིན་ལ། རང་ལུས་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་གདན་གསུམ་ཚང་བའི་ལྷར་ཤེས་པས་ཚོགས་བར་པ་བདུད་རྩིའི་རང་བཞིན་ནང་གི་སྦྱིན་སྲེག་ཏུ་རོལ་པས་ལྷ་རྣམས་ཚིམས། ཁྱད་པར་བདུད་རྩིའི་དྭངས་མས་གཏུམ་མོ་སྦར་བའི་འོད་ཀྱིས་སྤྱི་བོའི་བྱང་སེམས་ཞུ། འབར་འཛག་གི་བདེ་བས་ལུས་ཀྱི་ལྷ་ཚོགས་ཚིམས་པར་མོས་པས་ནང་དང་གསང་བའི་ཚོགས་སུ་འགྱུར་རོ། །ཚོགས་འཁོར་གྱི་སྐབས་སུ་རང་གཞན་ཚོགས་རྫས་ཐམས་ཅད་ལ་ཐ་མལ་གྱི་འདུ་ཤེས་སྤངས། ཚོགས་རྫས་ལ་ཧ་ཅང་སྲེད་པ་དང་། གཙང་དམེའི་རྟོག་པས་དང་དུ་མི་ལེན་པ་དང་། ཚོགས་རྫས་རྩིས་མེད་དུ་བོར་བ་སོགས་ཚུལ་མིན་སྤྱོད་པ་སྤངས་ལ། ཟོས་ལྷག་འབྲུ་གསུམ་གྱིས་བདུད་རྩིར་བརླབས་ནས་ལྷག་མ་ལ་དབང་བ་རྣམས་ལ་འབུལ་ལོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་


KMC008_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། དབང་བཞི་ལེན་པ། བསྔོ་སྨོན། ཤིས་བརྗོད་རྣམས་སུ་ཡོད་པ་ལས་དང་པོ་ནི། སླར་ཡང་མོས་གུས་ཀྱི་ཤུགས་བསྐྱེད་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་གསོལ་བ་བཏབ་པས་ཐུགས་རྒྱུད་བསྐུལ་ཏེ་གཙོ་བོ་ལས་འོད་ཟེར་འཕྲོས། ནམ་མཁའ་གང་བའི་ལྷ་ཚོགས་འོད་དུ་ཞུ་ནས་གཙོ་བོ་ལ་ཐིམ་པས་དེ་ཉིད་སྐུའི་གཟི་བརྗིད་ཉི་མ་འབུམ་ལས་ལྷག་པར་གྱུར་བའི་གནས་གསུམ་དུ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་འདུས་པའི་འབྲུ་གསུམ་པོའང་གཟི་བརྗིད་འོད་དུ་འབར་བར་གྱུར། དེ་ནས་དཔྲལ་བའི་ༀ་ལས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུ་འཕྲོས། རང་རྣལ་འབྱོར་མར་གསལ་བའི་དཔྲལ་བར་ཞུགས། བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་ཏུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཆར་ཁའི་ཟེར་ཐག་ལྟ་བུ་འཕྲོས། རང་གི་མགྲིན་པར་ཞུགས། གསང་བའི་དབང་ཐོབ། ངག་གི་དྲི་མ་དག །ལམ་རྩ་


KMC008_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་མཐིང་ཤུན་གྱི་མདངས་ལྟ་བུ་འཕྲོས། རང་གི་སྙིང་གར་ཐིམ། །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ཁམས ་ཐིག་ལེའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། སླར་ཡང་མོས་གུས་དྲག་པོས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་བྱས་པས་བླ་མ་རྗེ་བཙུན་ཆེན་པོ་འོད་དུ་ཞུ་ནས་རང་ལ་ཐིམ་པས་དབང་བཞི་པ་ཐོབ། ལྷན་སྐྱེས་འཕོ་བའི་དྲི་མ་དག །ལམ་ཕྱག་ཆེན་བསམ་གྱིས་མི་ཁྱབ་པ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། རྗེ་བཙུན་གྱི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་གྱུར་པར་མོས་ལ་སེམས་ཉིད་གཉུག་མའི་རང་ངོ་བཟོ་མེད་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡངས་པའི་ཚེ་སྣང་ཚད་ཐམས་ཅད་བླ་མ་རས་པ་ཆེན་པོའི་སྐུའི་རྣམ་རོལ། གྲགས་པ་ཐམས་ཅད་གསུང་རྡོ་


KMC008_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་རང་སྒྲ། རྟོག་ཚོགས་ཐམས་ཅད་ཐུགས་འོད་གསལ་ལྷན་ཅིག་སྐྱེས་པའི་རང་བཞིན། སྤྱོད་ལམ་ཅི་བྱེད་བླ་མའི་ཞབས་ཏོག །འགྲོ་འདུག་སྐོར་བ། བཟའ་བཏུང་ཚོགས་མཆོད། སྨྲ་བརྗོད་གསོལ་འདེབས་སུ་ཤེས་པ་སོགས་མདོར་ན་དྲན་ཤེས་ཡེངས་མེད་དུ་བརྟེན་ནས་སྤྱོད་ལམ་ཐམས་ཅད་དོན་ཡོད་པར་སྦྱང་ངོ་། གཉིས་པ་ནི། འདི་ལྟར་བསྒྲུབས་པའི་དགེ་བས་མཚོན་རང་གཞན་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཅི་ཡོད་པ་ཐམས་ཅད་གཅིག་ཏུ་བསྡུས་ནས། སྔོན་གྱི་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་ཡོངས་སུ་བསྔོ་བ་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་མོས་པ་དང་། དེའི་མཐུ་ལས་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པ། རྗེ་བཙུན་རས་པ་ཆེན་པོའི་རྣམ་ཐར་ཕྲིན་ལས་ཇི་ལྟ་བ་དེ་བཞིན་དུ་འགྲུབ་པར་སྨོན་པ་སྟེ། འདི་ནི་དགེ་བའི་ལས་བྱས་པ་བར་མ་དོར་ཆུད་མི་ཟ་ཞིང་གོང་ནས་གོང་དུ་


KMC008_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བའི་དགོས་པ་ཡོད་ལ། བསྔོ་བའང་འཁོར་གསུམ་རྣམ་དག་གི་བསྔོ་བ་དགོས་ཀྱང་ཆོས་ཉིད་ཀྱི་བདེན་པ་མ་མཐོང་བར་དུ་ཇི་བཞིན་མི་འབྱུང་བས། རྒྱལ་བ་སྲས་བཅས་ཀྱི་རྗེས་སུ་བསྔོ་བ་དེས་རྗེས་མཐུན་གྱི་བསྔོ་བ་རྣམ་དག་ཏུ་འགྱུར་བ་ཡིན་ནོ། །གསུམ་པ་ནི། བླ་མ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་མདུན་གྱི་ནམ་མཁར་ཤིས་པའི་ཚིགས་བཅད་དབྱངས་སུ་ལྡིར་ཞིང་མེ་ཏོག་ཆར་དུ་བསྙིལ་བས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་མི་མཐུན་པའི་ཉེས་པ་ཐམས་ཅད་ཞི། མཐུན་རྐྱེན་བཀྲ་ཤིས་དགེ་ལེགས་ཀྱི་སྣང་བ་རབ་ཏུ་རྒྱས། དེའང་རྟག་ཏུ་ཉམས་པ་མེད་པར་བྱིན་གྱིས་བརླབས་པར་བསམས་ལ་ཤིས་བརྗོད་ཀྱི་ཚིགས་བཅད་དབྱངས་སུ་གྱེར་ཅིང་འབྲུ་སིལ་མ་འཐོར་བ་དང་རོལ་མོའི་སྒྲ་ཆེར་བསྒྲག་པ་སོགས་བྱའོ། །དེ་ལྟར་གངས་ཅན་གྱི་ལྗོངས་སུ་རྩོད་པ་མེད་པར་ཡོངས་སུ་གྲགས་པའི་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་འདི་ཉིད་མཚན་ཐོས་པ་ཙམ་གྱིས་སྐྱེ་བ་བདུན་དུ་ངན་སོང་དུ་མི་འགྲོ་ཞིང་སྐྱེ་བ་དྲན་ཏེ་


KMC008_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་བྱང་ཆུབ་ཐོབ་པར་ཞལ་གྱིས་བཞེས་པ་ཡིན་པ་དང་། སངས་རྒྱས་ལ་ཉེ་རིང་མེད་ཀྱང་དད་མོས་ཅན་ལ་ཐུགས་རྗེའི་འཇུག་པ་མྱུར་བ་ཡིན་པས་འབྲེལ་ཚད་དོན་ལྡན་གྱི་ཟབ་ལམ་འདི་ལ་སྐལ་ལྡན་རྣམས་ཀྱིས་འབྲེལ་བ་འཇོག་པའང་གལ་ཆེ་བར་གདམས་པ་ལགས་སོ། །འདི་ལྟའི་ཡིག་ཆུང་བགྱིས་པས་ཀྱང་། །གཞན་ལ་ཅུང་ཟད་ཕན་སྲིད་ན། །དེ་ཡིས་བདག་གཞན་འགྲོ་བ་ཀུན། །རྗེ་བཙུན་ཉིད་འགྲུབ་རྒྱུར་གྱུར་ཅིག །འདི་ལྟར་མཁས་གྲུབ་ཀྱི་གཞུང་བཟང་ཆེན་པོ་རྣམས་ལ་འགྲེལ་ཟིན་གྱི་ཞབས་ཏོག་མེད་པར་རང་བྲི་རང་ཀློག་གི་ཡིག་ཆུང་ཁྱབ་ཆུང་གི་བྱ་བ་ཁོ་ནར་ཟད་ཀྱང་། སྐྱེས་ཆེན་བླ་མ་དམ་པ་ཀུན་དགའ་ཆོས་ཀྱི་དབང་པོས་རིང་ནས་བསྐུལ་མ་གནང་བ་དང་། ཉེ་ཆར་སྒྲུབ་བརྩོན་འཇམ་དབྱངས་རྒྱལ་མཚན་སོགས་ཀྱིས་དོན་གཉེར་ངོར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས་པའི་སྡེས་དཔལ་དེ་བཱི་ཀོཊིའི་དབེན་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་


KMC008_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousརྗེ་བཙུན་རས་པ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གྱི་ཟིན་བྲིས་ཡེ་ཤེས་གསལ་བྱེད།next