Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
ཚོགས་མཆོད།
   
   
   
   
   
   
   
   
   


 
previousཚོགས་མཆོད། next

ཚོགས་མཆོད།


KMC008_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་སྒམ་པོ་པའི་གསང་ལམ་བླ་སྒྲུབ་སྐབས་སུ་ཚོགས་མཆོད་བྱ་བར་སྤྲོ་ན། ཚེ་གལ། ཟླ་རྒྱས། ཟླ་ཕྲོམ། མཱཾ་ས་སོགས་བཟའ་བཅའི་རིགས་གྱ་ནོམ་པ་བཤམས་ལ་བདུད་རྩིས་བྲན། བི་གྷྣཱན་དང་། སྭ་བྷཱ་ཝས་སྦྱངས། ཚོགས་རྫས་མ་དག་དྲི་མ་སྦྱངས། །ཐབས་ཤེས་ཟག་མེད་བདུད་རྩིའི་སྤྲིན། །ཡེ་ཤེས་ལྔ་ལྡན་མཆོད་སྤྲིན་འཕྲོ། །ཟག་མེད་བདེ་བསྐྱེད་བདུད་རྩིར་གྱུར། །ༀ་ཨཱཿཧཱུྃ་ཧ་ཧོ་ཧྲིཿ ལན་གསུམ་གྱིས་སྤེལ་ལ། གནས་དག་པ་མཁའ་སྤྱོད་རྡོ་རྗེའི་ཞིང་། །སྐྱབས་རིགས་དྲུག་ཁྱབ་བདག་འཁོར་ལོའི་མགོན། །རྗེ་མཁའ་འགྲོའི་ཚོགས་རྗེ་འཛམ་གླིང་གྲགས། །ཁྱེད་སྟེང་དེར་བཀའ་བརྒྱུད་ཀྱི་སྤྲིན་ཕུང་གཏིབས། །བར་ཡི་དམ་ལྷ་ཚོགས་བྱིན་ཆར་འབེབས། །འོག་མ་མགོན་དམ་ཅན་གློག་ལྟར་མྱུར། །མ་མཁའ་འགྲོའི་བྲོ་གར་གླུ་དབྱངས་ལྡིར། །བདག་ཅག་རྣལ་འབྱོར་མཆེད་ལྕམ་མོས་གདུང་གིས། །དེང་ཚོགས་ཁང་འདི་རུ་སྤྱན་འདྲེན་ན། །སྐུ་གཟི་བརྗིད་འོད་ཕུང་ཡ་ལ་ལ། །གསུང་འགགས་མེད་ཆོས་དབྱངས་ཀྱུ་རུ་


KMC008_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

རུ། །ཐུགས་ཡེ་ཤེས་བྱིན་ཆེན་ཐིབས་སེ་ཐིབ། །བུ་མོས་གུས་ཀྱི་གནས་འདིར་གཤེགས་སུ་གསོལ། །ཕྱི་གནས་ཁང་ཨོ་རྒྱན་ཞིང་དུ་བསྒྱུར། །ནང་མཆེད་ལྕམ་དཔའ་བོ་མཁའ་འགྲོར་རློབས། །དམ་ཚིག་གི་ཚོགས་རྫས་བདུད་རྩིར་བསྒྱུར། །ཉམས་རྟོགས་པའི་རྩལ་ཁ་དེ་རིང་བསྐྱེད། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །ཚོགས་རྫས་རྣམས་ཆ་གསུམ་དུ་སྤེལ་བའི་ཕུད་མཎྜལ་གྱི་དྲུང་དུ་བཞག ཧོཿ ཕྱི་འཇིག་རྟེན་སྣོད་ཀྱི་གཏོར་གཞོང་དུ། །ནང་སེམས་ཅན་བཅུད་ཀྱི་ཚོགས་གཏོར་བཤམས། །ཕ་བླ་མ་རྩ་གསུམ་རྒྱལ་བ་མཆོད། །སྒོ་གསུམ་གྱི་སྒྲིབ་བྱང་ཚོགས་རྫོགས་ཤོག །སྣོད་རང་ལུས་པགས་པའི་གཏོར་གཞོང་དུ། །བཅུད་ཤ་ཁྲག་དྭངས་མ་བདུད་རྩི་བསྐྱིལ། །ནང་རྒྱལ་བ་སྐུ་ལྔའི་ཚོགས་ལ་འབུལ། །མཆོག་རྡོ་རྗེ་གསུམ་གྱི་དབང་མཆོག་སྩོལ། །སེམས་རིག་སྟོང་སྐྱེ་མེད་གཏོར་གཞོང་དུ། །ནང་རྣམ་ཤེས་ཚོགས་དྲུག་བདུད་རྩིར་སྦྱར། །དབྱིངས་རིག་པ་ཀ་དག་


KMC008_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

གི་བླ་མར་འབུལ། །དོན་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག །དཔལ་དེ་རིང་བཀྲ་ཤིས་ཚོགས་ཁང་འདིར། །མགོན་རྩ་གསུམ་དགྱེས་པའི་མོས་གུས་བསྐྱེད། །མ་མཁའ་འགྲོ་མཉེས་པའི་ཚོགས་གཏོར་བཤམས། །གྲོགས་དམ་ཚིག་དག་པའི་ཉམས་རྩལ་སྦར། །ཟག་མེད་ཀྱི་ཚོགས་ཀྱི་འཁོར་ལོ་འདིས། །ཕ་བླ་མའི་ཐུགས་དམ་བསྐང་གྱུར་ཅིག །དོན་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་སྩོལ། །རྒྱུད་སྡེ་བཞིའི་ཡི་དམ་ལྷ་ཚོགས་བསྐང་། །གྲུབ་གཉིས་ཀྱི་ཕ་ཕོགས་དུས་འདིར་སྩོལ། །གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་བསྐང་། །ལམ་རྩ་རླུང་ཐིག་ལེའི་བར་ཆད་སོལ། །མགོན་མ་ཧཱ་ཀཱ་ལ་ལྕམ་དྲལ་བསྐང་། །ཕྲིན་ལས་བཞིས་བསྟན་པའི་དགྲ་བགེགས་སྒྲོལ། །བདག་མཆེད་ལྕམ་ཚོམ་བུར་འདུས་པ་རྣམས། །ཕྱི་སོ་སོར་ཐར་པའི་བསླབ་བྱ་ལ། །ཉོན་མོངས་ཀྱི་སྒོ་བཞི་མ་བསྡམ་པས། །ཕམ་ལྟུང་གི་ཉིས་དྲིས་ནོངས་པ་བཤགས། །ནང་ཐེག་ཆེན་བྱང་ཆུབ་


KMC008_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ལ། །མ་སེམས་ཅན་ཕ་མར་མ་ཤེས་པས། །དགྲ་གཉེན་ལ་ཕྱོགས་འཛིན་ལྟ་དབང་གི །དཀར་ནག་གི་བླང་དོར་ལོག་པ་བཤགས། །ཐབས་ཁྱད་འཕགས་རྡོ་རྗེའི་ཐེག་པ་ལས། །དབང་བཞི་ཡི་ཆུ་བོས་རྒྱུད་སྦྱངས་ནས། །སྣང་སེམས་ཀུན་ལྷ་རུ་མ་རྟོགས་ཤིང་། །དམ་ཚིག་ལ་བསྲུང་མཚམས་མ་ཤེས་བཤགས། །ཉམས་ཆགས་ཀུན་དག་ཚང་དུ་དབུགས་དབྱུང་ནས། །སྐྱེ་མེད་ཀྱི་ཆོས་སྐུ་མངོན་གྱུར་ཤོག །ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བར་པ་དམ་ཚིག་གི་རྫས་སུ་འབུལ་ལེན་བཅས་བཟང་བཏུར་གི་རྣལ་འབྱོར་ནང་གི་སྦྱིན་སྲེག་ཏུ་རོལ་ལ་ཚུལ་བཞིན་སྤྱད། ཧོཿ ཕུང་ཁམས་སྐྱེ་མཆེད་ལྷ་ཡི་དཀྱིལ་འཁོར་དུ། །འདོད་ཡོན་ལྔ་ལྡན་ཚོགས་ལ་རོལ་པ་ཡིས། །ནང་གི་ཚོགས་རྫོགས་ཐེག་ཆེན་འབྲས་བུར་སྤྱོད། །འགྲོ་ཀུན་རྡོ་རྗེའི་ཧེ་རུ་ཀ་འགྲུབ་ཤོག ། ལྷག་མ་རྣམས་མས་རིམ་གྱིས་བསྡུས་པ་བདུད་རྩིས་བྲན། ༀ་ཨཱཿཧཱུྃ་གིས་བྱིན་རླབས། ཨ་ཧོཿ དཔལ་གྱི་བཀའ་སྡོད་རྣལ་འབྱོར་སྐྱོངས་པ་ཡི། །ཞལ་བཞེས་གནས་གསུམ་ཞིང་སྔགས་


KMC008_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས་ཀྱི། །དཔའ་བོ་མཁའ་འགྲོ་རྡོ་རྗེ་དམ་ཅན་ཚོགས། །ལྷག་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །སརྦ་ཨུཙྪི་ཊ་བ་ལི་ཏ་ཁཱ་ཧི། ལྷག་གཏོར་ཕྱི་རོལ་དུ་དོར། བླ་མ་དགྱེས་པ་ཆེན་པོའི་གཟི་བྱིན་འབར་བའི་སྐུའི་གནས་ནས་དབང་ལེན་གྱི་དམིགས་པ་དང་བཅས། བླ་མ་རྡོ་རྗེ་འཛིན་པ་ཡི། །དཔྲལ་མགྲིན་སྙིང་ལྟེ་གསང་བ་ནས། །འོད་འཕྲོས་རང་གི་གནས་ལྔར་ཐིམ། །སྒྲིབ་དག་དབང་བཞི་ཐོབ་པ་ལས། །སྐུ་ལྔ་ཡེ་ཤེས་འགྲུབ་པར་གྱུར། །ཞེས་སྤྱི་ཙམ་དང་། ཁྱད་པར། མཐར་ནི་མདུན་གྱི་ལྷ་ཚོགས་ཀུན། །འོད་ཞུ་རང་ལ་ཐིམ་པ་ལས། །ལུས་ལྷ་ངག་སྔགས་སེམས་ཏིང་འཛིན། །རྡོ་རྗེ་གསུམ་གྱི་རང་བཞིན་གྱུར། །ཅེས་ཆོས་ཉིད་གཉུག་མའི་གཤིས་ལུགས་ཀྱི་ངོ་བོར་བཞག་སྟེ་བླ་མ་རང་སེམས་དབྱེར་མེད་དུ་བལྟ་ཞིང་ཚོགས་དྲུག་གི་འཆར་སྒོ་བཟང་ངན་གྱི་འཛིན་རྟོག་གང་ལའང་སྙེམས་བྱེད་དང་བྲལ་བའི་རོ་སྙོམས་ཀྱི་སྤྱོད་པ་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་པ་ལ་བསླབ་པར་བྱའོ། །དགེ་བསྔོ་ནི། དེ་ལྟར་བླ་མ་སྒྲུབ་བའི་དགེས། །


KMC008_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་རྣམས་སྲིད་མཚོ་ལས་བསྒྲལ་ཏེ། །ཐམས་ཅད་བྱང་ཆུབ་མཆོག་གི་སར། །རྡོ་རྗེ་འཆང་གི་སྐུ་ཐོབ་ཤོག །ཤིས་བརྗོད་ནི། ཀུན་མཁྱེན་མདོ་སྔགས་གླིང་པས་བཀའ་བརྒྱུད་བསྟན་པའི་བཙས་སུ་བསྔགས་པའི་ཤིས་བརྗོད་བྱིན་རླབས་དང་རྟེན་འབྲེལ་གྱི་ཆད་དུ་བཀོད་པ་ནི། །སྙིང་སྟོབས་ཆེན་པོས་འཕགས་ཡུལ་ལན་མང་བགྲོད། །བློ་གྲོས་ཆེན་པོས་ཆོས་ཀུན་དེ་ཉིད་གཟིགས། །གྲུབ་པ་ཆེན་པོས་ཆོ་འཕྲུལ་ཅིར་ཡང་སྟོན། །ལོ་ཙཱ་ཆེན་པོའི་ཞབས་ཀྱི་བཀྲ་ཤིས་ཤོག །ནུས་མཐུ་ཆེན་པོས་སྐུ་དགྲ་རྩད་ནས་བཅད། །དཀའ་སྤྱད་ཆེན་པོས་བླ་མ་མཉེས་པར་མཛད། །བརྩོན་འགྲུས་ཆེན་པོས་སྒྲུབ་པའི་རྒྱལ་མཚན་བརྟན། །རས་པ་ཆེན་པོའི་ཞབས་ཀྱི་བཀྲ་ཤིས་ཤོག །ཐེག་པ་ཆེན་པོའི་རིགས་མཆོག་ཡོངས་སུ་སད། །ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། །ཕྲིན་ལས་ཆེན་པོ་མཁའ་དང་མཉམ་པར་བརྡལ། །སྙི་སྒོམ་ཆེན་པོའི་ཞབས་ཀྱི་བཀྲ་ཤིས་ཤོག །དམ་པ་


KMC008_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་གུས་པས་གསོལ་བཏབ་མཐུས། །སྒྲུབ་བརྒྱུད་བསྟན་འཛིན་མཆོག་རྣམས་ཞབས་བརྟན་ཅིང་། །བསྟན་པ་རིན་ཆེན་ཕྱོགས་བཅུར་རྒྱས་པ་དང་། །འཇིག་རྟེན་དགེ་ལེགས་ཆེན་བོས་ཁྱབ་པར་ཤོག །ཅེས་དང་། གཞན་ཡང་ཤིས་པ་བརྗོད་པའི་ཚིག་ཕྲེང་ཇི་ལྟར་རིགས་པས་དགེ་ལེགས་ཀྱི་སྣང་བ་རྒྱས་པར་བྱའོ། །སྒྲུབ་བརྒྱུད་སྤྱི་མེས་སྙི་བསྒོམ་ཆེ། །མཆོད་མཆོག་བླ་མའི་རྣལ་འབྱོར་ཚུལ། །མདོར་བསྡུས་མོས་གུས་སྒོ་འབྱེད་འདི། །སྙིང་པོའི་བསྟན་པའི་གསོས་སུ་ཤོག །དགེ་ལེགས་འཕེལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousཚོགས་མཆོད། next