Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
   
   
ཡོངས་དགེ་མི་འགྱུར་རྡོ་རྗེའི་དག་སྣང་པཀྴིའི་བླ་སྒྲུབ་ཀྱི་བསྙེན་རྐྱང་བྱ་ཚུལ་གྱི་ཡི་གེ་བདེ་ཆེན་གྲུབ་པའི་ཐིག་ལེ།
   
   
   
   
   


 
previousཡོངས་དགེ་མི་འགྱུར་རྡོ་རྗེའི་དག་སྣང་པཀྴིའི་བླ་སྒྲུབ་ཀྱི་བསྙེན་རྐྱང་བྱ་ཚུལ་གྱི་ཡི་གེ་བདེ་ཆེན་གྲུབ་པའི་ཐིག་ལེ།next

ཡོངས་དགེ་མི་འགྱུར་རྡོ་རྗེའི་དག་སྣང་པཀྴིའི་བླ་སྒྲུབ་ཀྱི་བསྙེན་རྐྱང་བྱ་ཚུལ་གྱི་ཡི་གེ་བདེ་ཆེན་གྲུབ་པའི་ཐིག་ལེ།


KMC008_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་དགེ་མི་འགྱུར་རྡོ་རྗེའི་དག་སྣང་པཀྴིའི་བླ་སྒྲུབ་ཀྱི་བསྙེན་རྐྱང་བྱ་ཚུལ་གྱི་ཡི་གེ་བདེ་ཆེན་གྲུབ་པའི་ཐིག་ལེ་བཞུགས་སོ། །


KMC008_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་བཛྲ་དྷཱ་ར་ཡེ་ནཱ་མཿ བདེ་ཆེན་ཆོས་དབྱིངས་ཐིག་ལེ་ཆེ། །རང་སྣང་འགགས་མེད་རོལ་པའི་རྩལ། །རྡོ་རྗེ་སེམས་དཔའ་ཀརྨ་པ། །མི་ཕྱེད་དད་པས་སྙིང་ནས་བསྙེན། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་ཤར། །བདེ་ཆེན་བླ་མའི་དཀྱིལ་འཁོར་པ། །བསྙེན་པའི་མན་ངག་འདི་ན་སྤེལ། །དེ་ལ་ལྷ་སྲས་མུ་ཁྲིའི་སྐྱེ་མཐའ་གཏེར་འབྱིན་གྲུབ་ཐོབ་ཆེན་པོ་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་གྱིས་ཡེ་ཤེས་ཀྱི་མགོན་པོ་བེར་ཅན་སྒྲུབ་པའི་སྐབས། དུས་གསུམ་རྒྱལ་བ་


KMC008_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་ཕྲིན་ལས་ཀྱི་དབང་ཕྱུག་དཔལ་ལྡན་བླ་མ་ཀརྨ་པ་ཉིད། གདོད་ནས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་རང་རྩལ། རྒྱ་མཚོ་ལྷ་ལྔའི་ངོ་བོར་རྩ་གསུམ་རིག་འཛིན་བླ་མའི་དཀྱིལ་འཁོར་གྱི་སྣང་ཆར་ཤར་བའི་ཞལ་གཟིགས་ཤིང་། དེ་ཉིད་སྒྲུབ་པའི་ཐབས་དག་སྣང་དགོངས་གཏེར་ཟུང་འཇུག་བསྟན་བཅོས་ཀྱི་ཚུལ་དུ་སྩལ་བའི་ལས་བྱང་ལ་བརྟེན་ནས་བསྙེན་རྐྱང་བྱ་ཚུལ་གཏེར་ཆེན་ཉིད་ཀྱིས་བཞེད་པ་བཞིན་འགོད་པ་ལ། སྦྱོར་བ་ཡོ་བྱད་ཀྱི་བཤམས། རྒྱུད་དག་


KMC008_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་སྔོན་འགྲོ། སྒོ་གསུམ་གྲོལ་བར་བྱེད་པ་དངོས་གཞི། རྗེས་སྣང་བ་ལམ་དུ་ཁྱེར་ཞིང་གནས་ལུགས་སྐྱོང་བ་དང་བཞི་ལས། དང་པོ་ནི། ཡིད་མཐུན་གྱི་གནས་སུ་རྩ་བ་གསུམ་གྱི་རྟེན་བཀྲམ་པའི་མདུན། སྟེགས་བུ་གཙང་མའི་ཁར་རས་བྲིས་སམ་འབྲུ་དཀར་གྱི་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ། བླ་མའི་གཏོར་མ་ལ་འཁོར་དམར་གཏོར་བདུན་གྱིས་བསྐོར་བ་རྒྱན་ལྡན་སྤོད་དང་བདུད་རྩིས་བྲན་པ་བཤམས། མདུན་ངོས་སུ་སྨན་གཏོར་རཀྟ། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་རྣམས་མཛེས་པར་བཤམས་ནས་སྟན་བདེ་བ་ལ་འཁོད་ནས་འགྲོ་བ་རྣམས་ལ་ཚད་མེད་པའི་སྙིང་རྗེའི་ཤུགས་ཀྱིས་བདག་གིས་རིག་འཛིན་བླ་མའི་དཀྱིལ་འཁོར་པ་བསྙེན་པར་བགྱིའོ་སྙམས་པའི་དམིགས་པ་ཆེན་པོ་ལ་བློ་བཞག་པར་བྱའོ། །གཉིས་པ་ནི། མདུན་གྱི་ནམ་མཁར་དཀོན་མཆོག་འདུས་བླ་མའི་དཀྱིལ་འཁོར་གྱི་འཁོར་ལོ་ཕྱོགས་དུས་རྒྱལ་བ་རྩ་གསུམ་རབ་འབྱམས་བཅས་སྤྲིན་འཁྲིགས་པ་ལྟར་བཞུགས་པའི་སྤྱན་སྔར། ཅི་མཛད་ཁྱེད་ཤེས་ཀྱི་


KMC008_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མོས་གུས་དྲག་པོས་བདག་གི་ཐོག་དྲངས་མཁའ་ཁྱབ་ཀྱི་མ་རྒན་རྣམས་སྐྱབས་སུ་འགྲོ་བའི་བློས། ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་སོགས་ཚིག་རྐང་གཉིས་པོ་གྲངས་མང་བརྗོད། མཐར་བདག་དང་སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པ་ལ་དེ་ལྟར་མ་རྟོགས་པའི་འགྲོ་དྲུག་རྣམས་ཀྱི་དོན་ཏུ་བླ་མའི་དཀྱིལ་འཁོར་སྒྲུབ་པར་བགྱིའོ་སྙམས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དམ་བཅའི་སྔོན་དུ་འགྲོ་བས། མ་གྱུར་སོགས་ཚིག་རྐང་གསུམ་པོ་ལན་ཁ་ཤས་བརྗོད་བཞིན་ཚད་མེད་བཞི་ལ་བློ་བཞག་ནས་གཏོང་ལེན་གྱི་དམིགས་པའང་སྤྲོ་ན་སྤྱི་ལྟར་བྱ་ཞིང་མཐར་སྐྱབས་ཡུལ་རྣམས་རང་ལ་བསྡུས་རྗེས་འཁོར་གསུམ་དག་པའི་དོན་དམ་གྱི་རྣལ་འབྱོར་ལ་བློ་ཉེ་བར་བཞག་སྟེ། རྟོག་ཚོགས་གཉིས་འཛིན་སོགས་ཚིག་རྐང་གཉིས་བརྗོད་ལ་ཉམས་བསྐྱང་། གསུམ་པ་ནི། དེ་ཡི་ངང་ལས་འོད་གསལ་ཆོས་སྐུའི་རང་སྒྲ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་བདག་མདུན་གྱི་གོ་སར་འཇའ་ཟེར་མེ་འོད་ཐིག་ལེའི་ཀློང་དུ་ཕྱོགས་


KMC008_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་མཐས་བཏུགས་པའི་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པའི་གདན་ཐབས་ཀྱི་ཆོས་འབྱུང་དམར་པོ་རྩེ་མོ་རྒྱབ་ཏུ་བསྟན་པ། དེའི་སྟེང་དུ་མཁར་ཐབས་ཀྱི་ཆོས་འབྱུང་དམར་པོ་རྩེ་མོ་མདུན་དུ་བསྟན་པའི་དབུས་སུ་པདྨ་འདབ་བརྒྱད་གེ་སར་ཉི་ཟླའི་གདན་དང་བཅས་པའི་སྟེང་དུ། སྐད་ཅིག་གིས་བདག་མདུན་བླ་མ་ཀརྨ་པ་དཀོན་མཆོག་རྩ་གསུམ་འདེ་གཤེགས་ཀུན་འདུས་ཀྱི་ངོ་བོར་གསལ་བའི་དབུ་གཙུག་དང་། གཡས་གཡོན་མདུན་རྒྱབ་རྣམས་སུ་གཞུང་ནས་བཤད་པ་བཞིན་གྱི་སོ་སོའི་གདན་ལ་རྩ་བ་གསུམ་གྱི་དཀྱིལ་འཁོར་པ་རྣམས་མངོན་རྟོགས་དང་མཐུན་པར་ཞལ་ཕྱག་ཕྱག་མཚན་རྒྱན་རྫོགས་བར་སྣང་ལ་འཇའ་ཚོན་དང་། དྭངས་པའི་རྒྱ་མཚོར་གཟའ་སྐར་ཤར་བ་བཞིན་མ་འདྲེས་ཡོངས་སུ་རྫོགས་པ་སྣང་སྟོང་ཟུང་འཇུག་ཏུ་གསལ་བ་དང་། གཞན་ཡང་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ལྷ་ཚོགས་ཉི་མ་དང་འོད་ཟེར་བཞིན་སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཐེམ་མེར་དུ་བཞུགས་པའི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་རྡོ་


KMC008_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་གསུམ་གྱི་ཡི་གེ་དང་ཐུགས་སྲོག་ཧྲཱིཿལ་སོགས་པས་མཚན་པ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཁྱབ་པར་འཕྲོས་སྐུ་གསུམ་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་རྣམ་པ་དཀྱིལ་འཁོར་པའི་འཁོར་ལོར་གསལ་བ་དང་གཞན་ཡང་སྣང་སྲིད་ཐམས་ཅད་བླ་མའི་དཀྱིལ་འཁོར་ཆེན་པོར་གསལ་བ་བུ་ཡུག་འཚུབས་པ་བཞིན་དུ་བྱོན་པར་མོས་ལ་སྤྱན་འདྲེན་གྱི་ཚིག་རྣམས་བརྗོད་ཅིང་། རོལ་མོའི་སྒྲས་གཟི་བྱིན་བསྐྱེད། བཞུགས་གསོལ་སྐབས། དེ་ལྟར་སྤྱན་དྲངས་པའི་ལྷ་ཚོགས་རྣམས་བདག་མདུན་སོ་སོར་ཆུ་ལ་ཆུ་བཞག་བཞིན་ཐིམ་པར་མོས། མཆོད་པའི་སྐབས། སྣང་སྲིད་ཐམས་ཅད་བདེ་ཆེན་དབྱིངས་ཀྱི་ཕྱག་རྒྱ་ཕྱི་ནང་གསང་མཆོད་ལ་སོགས་མཆོད་པའི་རྫས་མཐའ་ཀླས་པར་གང་བར་གྱུར་པ་དང་། རང་གི་ཐུགས་ཀའི་ཧྲཱིཿལས་སྤྲོས་པའི་ལྷ་མོ་མཆོད་རྫས་ཐོགས་པ་རྣམས་ཀྱིས་བདག་མདུན་གྱི་དཀྱིལ་འཁོར་པ་རྣམས་ལ་མཆོད་པས་སྐུ་གསུང་ཐུགས་ཟག་པ་མེད་པའི་ལོངས་སྤྱོད་


KMC008_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཉེས་པར་དམིགས། མཐར་མཆོད་ལྷ་རྣམས་ཀྱིས་བསྟོད་པའི་གླུ་ཡིས་ལྷ་ཚོགས་རྣམས་ཀྱི་ཆེ་བའི་ཡོན་ཏན་བརྗོད་ཅིང་བསྟོད་པས་དཀྱིལ་འཁོར་པ་གཟི་བྱིན་ལྷག་པར་དུ་འབར་བར་དམིགས་ཏེ་མཆོད་བསྟོད་རྣམས་བྱ། མཐར་མཆོད་ལྷ་རྣམས་རང་ལ་བསྡུ་ཞིང་། མཆོད་ཅིང་བསྟོད་བྱའི་ཡུལ་དབང་ཤེས་པ་རྣམས་བདེ་ཆེན་ཡེ་ཤེས་ཆེན་པོའི་ངོ་བོར་མཉམ་པ་ཉིད་ཀྱི་ཉམས་སྐྱོང་བ་ནི་མཆོད་བསྟོད་ཀྱི་ཕུལ་དུ་གྱུར་པའོ། །དེ་ནས་བདག་མདུན་གཙོ་བོའི་ཐུགས་ཀར་འོད་ལྔའི་ཐིག་ལེ་སྒོང་ངའི་དབྱིབས་ཅན་གུར་ཕུབ་པ་ལྟ་བུའི་ནང་དུ། ཉི་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་པདྨ་འབྱུང་གནས་གྲུབ་ཐོབ་སྤྱོད་པའི་ཆས་ཅན་རྡོ་རྗེ་དང་། ཐོད་པ་བསྣམས་པ་ཕྱག་ཞབས་གར་སྟབས་ལིང་ངེར་བཞུགས་པའི་གཡས་གཡོན་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བཅུ་གཉིས་ལོན་པའི་ན་ཚོད་ཅན་དམར་པོ་གཅེར་བུ་སྐྲ་གྲོལ་བ་བཟོད་མེད་ཀྱི་བདེ་ཉམས་འབར་བ་གྲི་ཐོད་འཛིན་པ་གཉིས་ཀྱི་གཙོ་བོ་ལ་འཁྱུད་ཅིང་བརྩེ་བ། གཙོ་བོའི་ཐུགས་ཀར་ཟླ་དཀྱིལ་གྱི་


KMC008_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་སྟེ་ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་ཞིང་གསལ་བ། དེའི་མཐར་ༀ་ཨཱཿཀརྨ་པཀྴི་ཧཱུྃ་ཅེས་པའི་སྔགས་ཕྲེང་དམར་ཧྲམ་མེ་བ་ངོ་ནང་བསྟན་གཡས་བསྐོར་དུ་བཀོད། དེ་བཞིན་སྤྱི་བོའི་བླ་མའི་ཐུགས་ཀར་འོད་ཀློང་ཟླ་གདན་ལ་ཧྲཱིཿདཀར་དམར་མདངས་འཚོར་གྱི་མཐར་བཛྲ་གུ་རུ་དང་། རྒྱབ་ཏུ་རས་ཆུང་པའི་ཐུགས་ཀར་ཡང་འོད་ཀློང་ཟླ་སྟེང་ཧྲཱིཿདཀར་ལ་གསང་སྔགས་མདོག་མཚུངས་ཀྱིས་བསྐོར་བ་དང་། གཡས་རྟ་མགྲིན་གྱི་ཐུགས་ཀར་འོད་ཀློང་ཟླ་གདན་ལ་ཧྲཱིཿདམར་ལ་རྟ་སྔགས་ཀྱིས་བསྐོར་བ། གཡོན་ཕག་མོའི་ཐུགས་ཀར་འོད་ཀློང་ཉི་གདན་ལ་ཧྲཱིཿདམར་མོའི་རང་བཞིན་ལ་རང་སྔགས་ཀྱིས་བསྐོར་བ། མདུན་དུ་མགོན་པོའི་ཐུགས་ཀར་ཟླ་གདན་སྟེང་ཧཱུྃ་མཐིང་ནག་ལ་རང་སྔགས་ཀྱིས་བསྐོར་བ། ལྷ་མོར་ཉི་གདན་ལ་བྷྱོ་མཐིང་མཐར་རང་སྔགས་ཀྱིས་བསྐོར་བ། དམ་ཅན་ཐུགས་ཀར་ཟླ་སྟེང་ཏྲི་སྨུག་མཐར་རང་སྔགས་ཀྱིས་བསྐོར་ཞིང་འོད་ཟེར་ཁྲོམ་ཁྲོམ་མི་གཡོ་བར་གསལ་བ་ལ་སེམས་


KMC008_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གཅིག་ཏུ་གཏད་ལ་ལྷར་སྣང་གསལ་ཞིང་ང་རྒྱལ་བརྟན་པར་མ་ཡེངས་པར་མཉམ་པར་འཇོག །དེས་སྐྱོ་ན་སྤྱི་བོའི་རིགས་བདག་གི་ཐུགས་སྲོགས་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ལྔ་ལྡན་ལ་རང་རང་གི་མདོག་མཚུངས་ཤས་ཆེ་བ་ཅན་ཕྱོགས་བཅུར་འཕྲོས་པས་སྐུ་གསུམ་རྩ་གསུམ་ཞི་ཁྲོ་ཐམས་ཅད་གུ་རུ་པདྨ་ཐོད་ཕྲེང་གི་རྣམ་པར་ཆར་ལྟར་བབ་ནས་བདག་མདུན་རྣམས་ལ་སིབ་སིབ་ཐིམ་ཅིང་བླ་མ་རྒྱ་མཚོའི་བྱིན་རླབས་ཞུགས་པར་མོས་ལ་བཛྲ་གུ་རུ་བཟླ། དེས་རིགས་འགྲེའི་འཕྲུལ་ཤེས་པར་བྱས་ཏེ ། དབུས་ཀརྨ་པཀྴི་ཆར་ལྟར་བབ་ནས་བདག་མདུན་ལ་ཐིམ་ཤིང་རྒྱལ་བ་རྒྱ་མཚོའི་བྱིན་རླབས་རྒྱུད་ལ་ཞུགས་པ་དང་། རྡོ་རྗེ་གྲགས་པའི་སྐུ་ཆར་ལྟར་བབ་ནས་ཐིམ་པས་གྲུབ་ཐོབ་རྒྱ་མཚོའི་བྱིན་རླབས་ཞུགས་པར་དམིགས། རྟ་མགྲིན་ལ་དཔའ་བོ་རྒྱ་མཚོའི་བྱིན་རླབས་དང་དངོས་གྲུབ། ཕག་མོ་ལ་དཔའ་མོ་རྒྱ་མཚོའི་བྱིན་རླབས་དང་དངོས་གྲུབ། མ་མགོན་བཀའ་སྡོད་དང་བཅས་པས་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ནུས་སྟོབས་དང་


KMC008_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་རབ་འབྱམས་ཀྱི་དངོས་གྲུབ་འགྲུབ་པར་དམིགས་ལ་སོ་སོའི་སྔགས་རྣམས་གཙོ་བོ་དང་འཁོར་གྱི་རྣམ་དབྱེ་ཕྱེད་པར་བྱས་ནས་རྩེ་གཅིག་ཏུ་བཟླ། ཐུན་མཐར་དབང་ལེན་པ་ནི། བདག་བསྐྱེད་གཙོ་བོའི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ་བས། མདུན་བསྐྱེད་ཀྱི་བླ་མའི་དཀྱིལ་འཁོར་པའི་དཔྲལ་བ་ནས་སོ་སོའི་སྐུ་ཆེ་ཆུང་མ་ངེས་པ་དང་། མགྲིན་པ་ནས་སོ་སོའི་སྔགས་ཕྲེང་། ཐུགས་ཀ་ནས་ཕྱག་མཚན། ལྟེ་བ་དང་སྐུའི་ཆ་ཐམས་ཅད་ནས་འདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པ་རྣམས་རིམ་བཞིན་བྱུང་བ་བདག་ཉིད་གཙོ་བོའི་གནས་སོ་སོར་ཐིམ་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་དབྱེར་མེད་དུ་གྱུར། སྤྱི་མགྲིན་སྙིང་ལྟེའི་རྩ་འཁོར་བཞི་རྣམས་བདུད་རྩི་འོད་ཟེར་གྱིས་གང་། སྒྲིབ་བཞི་དག་དབང་བཞི་ཐོབ་སྐུ་བཞི་མངོན་དུ་བྱས་པར་མོས་ལ། མདུན་བསྐྱེད་བླ་མའི་སོགས་བརྗོད་ཅིང་ཀཱ་ཡ་སོགས་བརྒྱ་སྟོང་ཅི་ནུས་བཟླའོ། །བཞི་པ་ནི། ཐུན་འཇོག་པ་ན། མདུན་བསྐྱེད་ཀྱི་བླ་མའི་དཀྱིལ་འཁོར་པ་


KMC008_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མཐའ་ནས་རིམ་བཞིན་གཙོ་བོ་ལ་ཐིམ། དེ་ཉིད་རང་གི་སྤྱི་བོ་ནས་བྱོན། སྙིང་གའི་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་ཐིམ་པས། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་མ་བཅོས་གཉུག་མ་གཤེས་ཀྱི་གནས་ལུགས་ཕྱག་རྒྱ་ཆེན་པོའི་སྟེང་དུ་ཅི་གནས་སུ་མཉམ་པར་འཇོག་པ་ནི་བྱིན་རླབས་འཕོ་བའི་གནད་དམ་པའོ། །མཐར་བདག་བསྐྱེད་ཀྱང་མགྲོོན་ཐབས་ཀྱི་འཁོར་རྣམས་དཀྱིལ་འཁོར་པ་དང་། དཀྱིལ་འཁོར་པའང་དམ་ཅན་ལྷ་མོ་ལ། དེ་མགོན་བོ་ལ། དེ་ཡི་དམ་ལ། ཡི་དམ་རྟ་མགྲིན་ལ། དེ་རས་ཆུང་པ། དེ་རིགས་བདག །དེ་གཙོ་བོ་ལ། གཙོ་བོ་ཡང་ཡེ་ཤེས་སེམས་དཔའ་དང་། དེ་ཏིང་འཛིན་སེམས་དཔའ་ལ། དེ་ཡང་མས་རིམ་གྱིས་འདུས་ནས་མི་དམིགས་པའི་རང་ངོ་ལ་བཞག །དེ་ལས་ལྡང་བ་ན། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་སོགས་ཐུན་མཚམས་ཀྱི་ལྷ་གང་ཡང་རུང་བའི་ངོ་བོར་ལངས་ཏེ། བྱས་བསགས་ཀྱི་དགེ་བ་རྣམས་ཡོངས་སུ་བསྔོ་བ་དམ་པས་རྒྱས་གདབ་ཅིང་ཐུན་མཚམས་ཀྱི་བྱ་བར་འཇུག་པ་ན། སྒོ་


KMC008_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་ཡུལ་དུ་ཤར་པའི་ཚོགས་དྲུག་གི་སྣང་བར་ཞེན་ཆགས་ཨ་འཐས་ཀྱི་སྤང་བླངས་དགའ་སྒྲུབ་རེ་དོག་མེད་པར་རང་ཤར་རང་གྲོལ་ཀློང་ཡངས་ཆེན་པོར་ཡེངས་མེད་ཀྱི་དྲན་པས་ལམ་དུ་ཁྱེར་ཞིང་རྟོག་ཚོགས་ཡེ་ཤེས་རང་སྣང་གི་རྒྱན་རང་བྱུང་སྐྱེ་མེད་བློ་འདས་རིག་རྩལ་གྱི་བྱེད་ལས་སྣང་བ་བརྡའ་ཡི་བླ་མར་ཤེས་པས་ཉམས་གང་ཤར་གྱི་ངོ་བོ་མ་བཅོས་པར་སྐྱོང་། འདི་ལྟར་དུག་ལྔ་ཡེ་ཤེས་ལྔ་ལ་སོགས་པའི་འཁོར་འདས་ཀྱི་སྣང་ཆ་ཐམས་ཅད་གདོད་ནས་སྐྱེ་མེད་ཆོས་སྐུ་ཁྱབ་བརྡལ་ཐིག་ལེ་ཆེན་པོ་གཉུག་མའི་ཡེ་ཤེས་ཉག་གཅིག་ཟང་ཐལ་འདུས་མ་བྱས་པ་ཆོས་ཀྱི་དབྱིངས་དོན་དམ་ཆོས་ཉིད་ཀྱི་བླ་མར་རྟོགས་པས་རང་རིག་རྡོ་རྗེ་འཆང་གི་རང་ཞལ་མངོན་དུ་བྱེད་པར་འགྱུར་རོ། །གསང་ཆེན་མན་ངག་མཐར་ཐུག་སྙིང་པོའི་ཕུལ། །ཟབ་ལམ་བླ་མའི་དཀྱིལ་འཁོར་མཆོག་སྒྲུབ་པའི། །རྣལ་འབྱོར་སྙིང་པོའི་ལམ་བཟང་དམ་པ་འདིར། །ཞུགས་ནས་ཆོས་སྐུའི་གོང་འཕང་མངོན་བྱེད་ཤོག །ཅེས་པའང་ལམ་འདི་


KMC008_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་མོས་པ་བརྟན་པའི་གཡར་དམ་ཅན་ཀརྨ་ཡང་དག་གིས་རིང་མོ་ཞིག་ནས་བསྐུལ་ངོ་མ་ལྡོག་ཙམ་དུ་སངས་རྒྱས་ཀརྨ་པའི་སྐྱེས་རབས་འཛིན་པ་བཅོ་ལྔ་པས། ས་སྦྱོད་ཐུགས་ཀྱི་འཁོར་ལོའི་གནྡྷོ་ལ་ནས་བྲིས་པ་དགེ། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousཡོངས་དགེ་མི་འགྱུར་རྡོ་རྗེའི་དག་སྣང་པཀྴིའི་བླ་སྒྲུབ་ཀྱི་བསྙེན་རྐྱང་བྱ་ཚུལ་གྱི་ཡི་གེ་བདེ་ཆེན་གྲུབ་པའི་ཐིག་ལེ།next