Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
རྒྱལ་བ་རྒྱ་མཚོའི་ཐིག་སྐུད་དང་རྡུལ་ཚོན་འདོན་བྱ་ཁོལ་དུ་ཕྱུང་བ།
   
   
   
   
   
   


 
previousརྒྱལ་བ་རྒྱ་མཚོའི་ཐིག་སྐུད་དང་རྡུལ་ཚོན་འདོན་བྱ་ཁོལ་དུ་ཕྱུང་བ།next

རྒྱལ་བ་རྒྱ་མཚོའི་ཐིག་སྐུད་དང་རྡུལ་ཚོན་འདོན་བྱ་ཁོལ་དུ་ཕྱུང་བ།


KMC009_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྒྱ་མཚོའི་ཐིག་སྐུད་དང་རྡུལ་ཚོན་འདོན་བྱ་ཁོལ་དུ་ཕྱུང་བ་བཞུགས་སོ། །


KMC009_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལ་ཕྱག་འཚལ་ལོ། །དེ་ལ་ཐོག་མར། ཡེ་ཤེས་ཀྱི་ཐིག་གདབ་པ་ནི། རིན་ལ་མ་བཙགས་པར་ཉོས་ནས་གཞོན་ནུ་མ་མ་ཉམས་པས་བཀལ་བའི་སྐུད་པ་ཉི་ཤུ་རྩ་ལྔའི་ལྔ་ཚན་རེ་དཀར་སེར་དམར་ལྗང་ནག་པོ་རྣམས་ཀྱིས་ཁ་བསྒྱུར་ལ། སློབ་དཔོན་གཙོ་བོ་དང་། སློབ་མ་རྟ་མགྲིན་དུ་བསྒོམས་པའི་ལག་པ་གཡོན་པའི་མཐིལ་དུ་སོར་མོའི་རྩེ་ནས་མཐེ་བོང་གི་རྩ་བའི་བར་དུ་བཀོད་ལ། ཧྲཱིཿཡིག་རྣམས་ལས་བྱུང་བའི་དེ་བཞིན་གཤེགས་པ་ལྔའི་ངོ་བོར་གྱུར། མདུན་གྱི་ནམ་མཁར་རང་རང་གི་རིགས་ཀྱི་སངས་རྒྱས་རྣམས་བསྡུས་


KMC009_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཇིག་རྟེན་དབང་ཕྱུག་ལྔའི་ཐུགས་ཀར་ཧྲཱིཿལས་གྲུབ་པའི་ཡེ་ཤེས་ཀྱི་ཐིག་སྐུད་འོད་ཟེར་གྱི་རང་བཞིན་གསལ་བར་གྱུར། ༀ་ཨཱཿཤཱ་ཤྭ་ཏ་བཛྲ་སཱུ་ཏྲཾ་མེ་པྲ་ཡཙྪ། མ་ཧཱ་མཎྜལ་སཱུ་ཏྲཱ་ཎཱ་ཡ་ཧཱུྃ། །ཤཱ་ཤྭ་ཏ་ཞེས་པའི་མལ་དུ། རཏྣ་སཾ་བྷ་ཝ། ཨ་མི་ཏཱ་བྷ། ཨ་མོ་གྷ་སིདྡྷི། ཨཀྵོ་བྷྱ། རྣམས་བཅུག་ལ་གསོལ་བ་བཏབ། མིག་གཉིས་ཛཿལས་བྱུང་བའི་ཉི་མ་དང་ཟླ་བ་འོད་ཟེར་སེར་པོ་ཅན་དུ་གྱུར། མིག་མྱུར་དུ་བསྒྲིལ་བའི་རྗི་མ་འདེགས་ཤིང་རྡེབ་པས། ༀ་དཱིབྟ་བྲྀཥྚ་ཨངྐུ་ཤ་ཛཿ ལན་གསུམ། འབར་བའི་ལྟ་བ་


KMC009_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱུ་ལྟ་བུས་སྣང་མཛད་ལ་སོགས་པའི་ཐུགས་ཀའི་ཡེ་ཤེས་ཀྱི་ཐིག་སྐུད་སྤྱན་དྲངས་ཏེ་རང་རང་གི་ཁ་དོག་ཅན་གྱི་ཐིག་སྐུད་ལ་ཐིམ་པ་དེ་རྣམས་རེ་རེ་ཞིང་ཡེ་ཤེས་བཞི་རྗེས་སུ་འགྲོ་བའི་ཡེ་ཤེས་ལྔའི་རང་བཞིན་ནོ། །དེ་ནས་སྐུད་པ་ཉི་ཤུ་རྩ་ལྔ་པོ་རེ་རེ་བཞིན་བསྒྲིལ་ནས་ཁ་དོག་ཚང་བ་ལྔར་བྱས་ལ། ལྔ་པོའང་སོ་སོར་བསྒྲིལ་ནས་གཅིག་ཏུ་བྱས་པ། རིང་ཐུང་དཀྱིལ་འཁོར་གཉིས་འགྱུར། ༀ་ཨཱ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿཔ་ར་སྤ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿཨཱ་དྱནྟ། ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿ ༀ་ཨཱཿཧཱུྃ། ཞེས་བརྗོད་དེ། གསེར་ལ་སོགས་པའི་སྣོད་དུ། དྲིའི་ཆུ་དང་བདུད་རྩི་ལྔ་དང་བ་བྱུང་ལྔས་སྦང་ཞིང་། ༀ་ཨཱཿཧཱུྃ། དྲི་ཡིས་བྱུག །སྤོས་ཀྱིས་བདུག །ལག་པས་རེག་ལ། ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ༀ་ཧྲཱིཿ པདྨཱནྟ་ཀྲྀ་ཏ་སོགས་བཟླས་པས་བསྲུང་། མིག་གཡས་པ་དང་གཡོན་པ་དག་ལ་མ་དང་ཊ་ལས་ཉི་མ་ཟླ་བར་གྱུར ། ཞེས་ཐིག་སྐུད་ལ་མིག་གིས་བལྟ་ཞིང་། བཛྲ་དྲིཥྚི་མ་ཊ། རྡོ་རྗེ་དང་བཅས་པའི་ལག་པ་གཡས་ཀྱིས་རེག་ལ། ༀ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུྃ། ཞེས་དང་། ༀ་ཨཱཿཧཱུྃ།


KMC009_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་རྩ་བརྒྱད་བཟླས་ཏེ། ཐིག་གདབ་པའི་ཚེ་སྔ་མ་ལྟར་མིག་ཉི་ཟླར་བསམས་ཏེ། ལྟེ་བའི་ཐད་དུ་བཟུང་ལ། ཛྫཿཛྫཿཛྫཿ ཞེས་བརྗོད་དེ་སློབ་མ་ལ་གཏད་ནས། དེས་ཀྱང་། ཛྫཿཛྫཿཛྫཿ ཞེས་བརྗོད་དེ་བླངས་ལ། སློབ་དཔོན་དང་སློབ་མའི་ལག་པ་གཡོན་པའི་མཛུབ་མོའི་ནང་ནས་བརྩམས་ནས། སོར་མོ་བཞི་ལ་ལན་གཉིས་སུ་དཀྲིས་པ་རྡོ་རྗེ་ཁུ་ཚུར་དུ་བྱས་ལ། སློབ་དཔོན་ནུབ་ནས་ཤར་དུ་བལྟ་བ། སློབ་མ་ཤར་ནས་ནུབ་ཏུ་བལྟ་བས། དཀྱིལ་འཁོར་གྱི་ལྟེ་བའི་ཐད་ཀྱི་བར་སྣང་ལ་བརྐྱང་སྟེ། རྡོ་རྗེ་དང་བཅས་པའིི་གཡས་ཀྱི་མཐེབ་མཛུབ་ཀྱིས་ཐིག་སྐུད་བཟུང་བས། ༀ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུྃ། ཧཱུྃ་ༀ་སྭ་ཨཱཿཧཱ། ཞེས་ནམ་མཁའ་འདེབས་ཤིང་སེ་གོལ་གྱི་སྒྲ་བྱས་པས། ནམ་མཁའ་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་བསྐུལ་ཏེ་བྱོན་ནས་ཐིག་སྐུད་ལ་ཐིམ་པར་གྱུར། ཡང་རྐང་པ་གཡོན་སྐྱིལ་ཀྲུང་ཕྱེད་པ་དང་། གཡས་པའི་མཐིལ་ས་ལ་བཙུགས་པས་འདུག་སྟེ། སློབ་མ་དེ་ལས་ལྡོག་པས་འདུག་ལ། མེ་རིའི་སྟེང་དུ་མཛུབ་མོའི་རྒྱབ་ས་ལ་སྦྱར་བས། ཤར་ནུབ་ཀྱི་ཚངས་ཐིག་གི་སྟེང་དུ། ༀ་བཛྲ་ས་མ་ཡ་སོགས་བརྗོད་ལ་གདབ་བོ། །གཡས་སྐོར་གྱིས་སློབ་དཔོན་ལྷོ་དང་། སློབ་མ་བྱང་དུ་གནས་པས་ཚངས་ཐིག་གཉིས་པ་སློབ་དཔོན་ཤར་ལྷོར་


KMC009_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པས་ཟུར་ཐིག་དང་པོ་དང་། ལྷོ་ནུབ་ཏུ་གནས་པས་ཟུར་གཉིས་པ་སྟེ། འདི་གཉིས་ནི་མདའ་ཡབ་ཀྱི་རྩེ་ནས་མདའ་ཡབ་ཀྱི་རྩེ་མོའི་བར་དུ་ནམ་མཁའ་དང་ས་གཞི་ལ་སྔ་མ་ལྟར་གདབ་བོ། ཡང་སློབ་དཔོན་ཤར་ལྷོར་གནས་པ་ཁ་བྱང་དུ་བལྟ་བས་ཤར་གྱི་རྩ་ཐིག །ནུབ་བྱང་དུ་གནས་པ་ལྷོར་བལྟ་བས་ནུབ་ཀྱི་རྩ་ཐིག །དེ་ཉིད་དུ་གནས་ཏེ་ཤར་དུ་བལྟ་བས་བྱང་གི་རྩ་ཐིག །ཤར་ལྷོར་གནས་པ་ནུབ་ཏུ་བལྟ་བས་ལྷོའི་རྩ་ཐིག་སྟེ་བཞི་པོ་འདི་ཡང་ནམ་མཁའ་དང་ས་གཞི་སྔར་བཞིན་གདབ་བོ། །རང་ཉིད་གཙོ་བོའི་སྐུར་གསལ་བའི་མིག་གཡོན་གཡས་ཧཱུྃ་ཡིག་ལས་ཟླ་བ་དང་ཉི་མར་གྱུར། ཞེས་པ་དང་། ཁྲོ་བོའི་ལྟ་བས། ཧཱི་ཧཱི། ཐར་པའི་སྒོའི་གེགས་སུ་གྱུར་པའི་སྒྲིབ་པ་དབྱེ་བར་བྱའོ། ཞེས་བསམས་ནས། ཚངས་ཐིག་གཡས་གཡོན་དུ་ཆ་ཆུང་གཉིས་གཉིས་ཀྱི་ཚད་ཀྱི་རྩ་བའི་ཐིག་དྲིའི་ཆུས་དབྱེ་བར་བྱའོ། །དེ་ནས་ཐིག་སྐུད་རིན་པོ་ཆེའི་སྣོད་དུ་བཞག་ལ། ༀ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད་དེ། ༀ་ཨཱཿཧཱུྃ། བཛྲ་མུཿ ཡེ་ཤེས་ཀྱི་ཐིག་སྐུད་ནམ་མཁའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་ཞུགས་པར་གྱུར། ཞེས་ཐིག་གདབ་པའོ། །རིན་པོ་ཆེ་ལ་སོགས་པའི་རྡུལ་ཚོན་དཀར་པོ། སེར་པོ།


KMC009_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ། ལྗང་གུ། ནག་པོ་རྣམས་སྣོད་དུ་གནས་པ་བཾ། ལཾ། རཾ། ཧཾ། ཡཾ་རྣམས་ལས་བྱུང་བའིི་རྡུལ་ཚོན་དུ་གྱུར་པ། ཧྲཱིཿའི་ཡི་གེ་དཀར་སེར་དམར་ལྗང་ནག་པོ་རྣམས་ལས་སྐྱེས་པའི་དེ་བཞིན་གཤེགས་པ་ལྔའི་ངོ་བོར་གྱུར། མདུན་གྱི་ནམ་མཁར་རང་རང་གི་རིགས་ཀྱི་སངས་རྒྱས་རྣམས་བསྡུས་པའི་འཇིག་རྟེན་དབང་ཕྱུག་ལྔའི་ཐུགས་ཀར་ཧྲཱིཿལས་གྲུབ་པའི་ཡེ་ཤེས་ཀྱི་རྡུལ་ཚོན་འོད་ཟེར་གྱི་རང་བཞིན་གསལ་བར་གྱུར། མིག་གཉིས་ཛཿལས་བྱུང་བ་ཉི་མ་དང་ཟླ་བ་འོད་ཟེར་སེར་པོའི་རང་བཞིན་ཅན་དུ་གྱུར། མིག་བསྒྲིལ་ཞིང་རྡེབ་པས། ༀ་དཱིབྟ་དྲྀཥྚ་ཨཾ་ཀུ་ཤ་ཛཿ ལན་གསུམ། འབར་བའི་ལྟ་བ་ལྕགས་ཀྱུ་ལྟ་བུས་རྣམ་པར་སྣང་མཛད་ལ་སོགས་པའི་ཐུགས་ཀའི་ཡེ་ཤེས་ཀྱི་རྡུལ་ཚོན་སྤྱན་དྲངས་ཏེ་རང་རང་གི་ཁ་དོག་ཅན་གྱི་རྡུལ་ཚོན་རྣམས་ལ་བཅུག་པས་ཡེ་ཤེས་ཀྱི་ཚོན་དང་རོ་གཅིག་ཏུ་གྱུར། ཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿ། ༀ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླ།


KMC009_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་ལྟ་བས་གཟི་བྱིན་བསྐྱེད། དེ་རྣམས་རེ་རེ་ལ་ཧྲཱིཿཡིག་རེ་གསལ་བར་གྱུར། བདེན་པ་གང་གིས་སེམས་ཅན་རྣམས་རྡུལ་ཚོན་མང་ཞིང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེམས་ཅན་ལ་ཆགས་པས་རྗེས་སུ་ཆགས་པར་གྱུར་པའི་བདེན་པ་དེས་རྡུལ་ཚོན་རྣམས་འབར་བར་གྱུར་ཅིག །ཅེས་མེ་ཏོག་གཏོར། དྲི་དང་སྤོས་ཀྱིས་བདུག །སློབ་དཔོན་དཀྱིལ་འཁོར་གྱི་ནང་དུ་གནས་པ་ལ་ཤར་དུ་བལྟས་ལ། ཆོས་དབྱིངས་འདི་ནི་དག་པ་སྟེ། །རང་ཉིད་རྒྱལ་པོ་རྡོ་རྗེ་འཆང། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམས་པར་གྲོལ། ལག་པ་གཡས་རྡོ་རྗེ་འཛིན་ཞིང་། གཡོན་རྡོ་རྗེ་ཁུ་ཚུར་གྱིས་རྡུལ་ཚོན་བཟུང་ནས། དབང་ལྡན་གྱི་མཚམས་ནས་གཡས་སྐོར་དུ་ཚོན་བཀྱེ་ཞིང་། ༀ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུྃ། ཞེས་བརྗོད། བྱིན་གྱིས་བརླབས་པའི་ཐིག་ཚོན་འགོམས་ན་སྡིག་པར་འགྱུར་བས་ཡེ་ཤེས་ཀྱིི་ཐིག་ཚོན་ཡིད་ཀྱིས་ནམ་མཁའ་བཏེག་ལ། ༀ་བཛྲ་བེ་གཱ་ཀྲ་མ་ཧཱུྃ། ཞེས་འགྲོའོ། །དེ་ནས་སློབ་དཔོན་ནམ། རི་མོ་མཁན་ལ་སོགས་པས་བྲིའོ། །ཧཱུྃ་དང་ༀ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བཟླས་པའི་བདུད་རྩི་


KMC009_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་དང་བཅས་པའི་དྲིའི་ཆུས་དཀྱིལ་འཁོར་གྱི་ཕྱི་ངོས་སུ་བྱུགས། རྡུལ་ཚོན་ལྷག་མ་རྣམས་ལ། ༀ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད་ལ། ༀ་ཨཱ༔ཧཱུྃ་བཛྲ་མུ༔ ཡེ་ཤེས་ཀྱི་རྡུལ་ཚོན་ནམ་མཁའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀར་ཞུགས་པར་གྱུར། ཞེས་ཚོན་བཀྱེ། རྡུལ་ཚོན་དོན་དུ་གཉེར་བ་ཡོད་ན་ཅུང་ཟད་བྱིན་ལ། ལྷག་མ་རྣམས་རྣམ་པར་རྒྱལ་བའི་བུམ་པར་བླུགས་ནས་གོས་ཟུང་གིས་བརྒྱན་ཏེ། སེར་སྦྲེང་ལ་ཐོག་མར་སྤོས་སྣ། འཁར་རྔ། སྐྱ་དར་ཆ། རྒྱ་གླིང་། དུང་དཀར། འཕན་གཉིས། ཕྱེ་འཕུར་གཉིས། རྒྱལ་མཚན་གཉིས། རྔ་པ་སྔོན་མ་གྲངས་ལྔ་དབུ་མཛད་གཉིས་རྔ་པ་རྗེས་མ་གྲངས་ལྔ་དཔེ་ཁྱེར་བརྒྱད་ཀྱིས་ཌཱ་དྲིལ་ཁྲོབ་དཀྲོལ་བྱ། ཆོས་ཁྲིམས་མཆོད་གཏོར་ཁྱེར་མི་གཉིས་ལ་གཅིག་གི་ཀླུ་སྨན་བཏབ་པའི་དཀར་ཟླུམ་ཆེ་བ་གཅིག་ལ་རྒྱན་ཉིས་རྒྱན་ར་འཇུག་ཅན་རྩེ་ཉི་ཟླ་ནོར་བུས་མཚན་པ་མཐའ་བསྐོར་དུ་འཁོར་རང་འདྲ་བརྒྱད་ལ་རྒྱན་ཉིས་རྒྱན་ཅན། སྟེགས་གྲུ་བཞི་ཆུང་ངུའི་སྟེང་རྡུལ་ཚོན་དཀར་པོ་པདྨ་འདབ་བརྒྱད་བྲིས་དབུས་གྱི་ལྟེ་བར་ཧྲཱི་དང་འདབ་མ་བརྒྱད་ལ་ཕུ་རེ་བྲིས་པའི་སྟེགས་ཀྱི་ཟུར་ཞིག་ཏུ་ཀླུ་གཏོར་བཞག །གཅིག་གི་མཆོད་འཕྲེང་གཞུང་ལྟར་སྒྲིགས་པའི་སྟེགས་འཁྱེར། ལས་རྡོར་པས་འཐོར་ནས་དང་ཆུ་སྣོད་འཁྱེར། སྤོས་ཕོར་གཉིས་ཕྲག་


KMC009_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

འགེལ་རྩེ་ཞྭ། སློབ་དཔོན་གྱི་རྡུལ་ཚོན་བུམ་པ་གདན་རྡོར་དྲིལ་ཀྱང་བཟུང་དབུ་གདུགས་བཅས་ཞྭ་ཆོས་ཁོ་ན་བཞེས་བཀུར་སྟི་དང་བཅས་རྒྱ་མཚོར་འབབ་པའི་ཆུ་བོའམ་མཚོ་དང་ཆུ་མིག་སོགས་སྐམ་པར་མི་འགྱུར་བར་རྒྱུན་དུ་གནས་པའི་ཆུ་འགྲམ་དུ་སླེབ་དུས་ཆུའི་སྟེང་རྡུལ་ཚོན་དཀྱིལ་འཁོར་བཞག་པའི་དབུས་བུམ་པ་བཞག །རྒྱབ་ཏུ་ཀླུ་གཏོར་མཐར་མཆོད་འཕྲེང་གིས་སྐོར། ༀ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱ༔སྭ་བྷཱ་ཝ་ཤུདྡྷོཉཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས། ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཡིག་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་རྡོ་རྗེའི་མཆོད་ཡོན། བདུག་སྤོས། མེ་ཏོག མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་སོགས་པ་མཆོད་པའི་སྤྲིན་དངས་ཤིང་ཐོགས་པ་མེད་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་སྙེད་རྒྱས་པར་འགེངས་ཤིང་འཕྲོ་བ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་བསམ་གྱིས་མི་ཁྱབ་པ་


KMC009_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུ་གྱུར། ༀ་བཛྲ་ཨརྒྷཾ་སོགས། ༀ་ཧྲཱིཿསོགས། ༀ་སྭཱ་བྷཱ་ཝ་སོགས། སྟོང་པར་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བ་དང་འདབ་མ་རྣམས་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དབུས་སུ་ཡི་གེ་ཧྲཱིཿདམར་པོ་ལས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཡུམ་གྱི་རྒྱབ་ཏུ་འཁྱུད་པའི་ཚུལ་གྱིས་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མས་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། གཡོན་གྱི་འོག་མས་པདྨ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་པ་ལ་དར་གྱི་ཅོད་པན་དང་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཉིས་ཕྱག་གཉིས་མ། ཕག་ཞལ་དམར་མོ་སྤྱི་གཙུག་ཏུ་ཕྱུང་བ། རྩ་བའི་ཁྲོ་


KMC009_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་སྤྱན་གསུམ་པ་མཆེ་བ་གཙིགས་པ། དབུ་སྐྲ་གྲོལ་བ་ལ་ཐོད་པ་སྐམ་པོ་ལྔས་བ རྒྱན་ཅིང་། ཐོད་པ་རློན་པ་ལྔ་བཅུས་དོ་ཤལ་བྱས་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་ནམ་མཁར་ཕྱར་བ། གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ་པའི་ཚུལ་གྱིས་འཁྱུད་པ། ཞབས་གཉིས་ཡབ་ཀྱི་རྒྱབ་ནས་འཁྲིལ་བའི་ཚུལ་གྱིས་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་པའོ། པདྨའི་འདབ་མར་ཟླ་བའི་སྟེང་དུ་ཕུཿཡིག་བརྒྱད་ལས། ཤར་དུ་མཐའ་ཡས་དཀར་པོ་ཨུཏྤལ་འཛིན་པ། ལྷོར་པདྨ་དམར་པོ་པདྨ་འཛིན་པ། ནུབ་ཏུ་འཇོག་པོ་དམར་པོ་དགྲ་སྟ་འཛིན་པ། བྱང་དུ་ནོར་རྒྱས་སེར་པོ་བུམ་པ་འཛིན་པ། བྱང་ཤར་དུ་བདེ་ཆེན་དཀར་པོ་སྦྲུལ་ཞགས་འཛིན་པ། ཤར་ལྷོར་དུང་སྐྱོང་སེར་པོ་དུང་ཕོར་འཛིན་པ། ལྷོ་ནུབ་ཏུ་ཀརྐོ་ཊ་ནག་པོ་སྦྲུལ་འཛིན་པ། ནུབ་བྱང་དུ་རིགས་ལྡན་དཀར་པོ་རིན་པོ་ཆེའི་རྒྱལ་བུ་འཛིན་པ་སྟེ། ཐམས་ཅད་ཀྱང་ལྟེ་བ་ཡན་ཆད་ཁྱེའུའི་


KMC009_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཅན། ལུས་སྨད་ལྟོ་འགྲོའི་མཇུག་མ་དང་། མགོ་བོར་གདེངས་ཀ་དང་ལྡན་ཞིང་། རིན་པོ་ཆེའི་རྒྱན་གྱིས་མཛེས་པ་གསལ་བར་གྱུར། མཆོད་ཡོན་གྱི་ཕྱག་རྒྱས། ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དཀྱིལ་འཁོར་ལ་མེ་ཏོག་དཀར་པོ་འབུལ་ཞིང་། ༀ་ཨཱཿཧཱུྃ་ཧྲཱིཿ། ༀ་མ་ཎི་པདྨེ་ཧཱུྃ། ༀ་ཨཱཿཨ་ནན་ཏཱ་ཡ་སྭཱ་ཧཱ། དེ་བཞིན་དུ། པདྨཱ་ཡ། ཏ་ཀྵ་ཀཱ་ཡ། བ་སུ་ཀཱ་ཡ། མ་ཧཱ་པདྨཱ་ཡ། ཤཾ་ཁ་པཱ་ལཱ་ཡ། ཀ་རྐོ་ཊ་ཀཱ་ཡ། ཀུ་ལི་ཀཱ་ཡ། སོ་སོའི་ཕྱག་རྒྱ་དང་བཅས་པས། ༀ་བཛྲ་པུཥྤེ་སོགས། གཏོར་མ། ཨ་ཀཱ་རོས་བྱིན་གྱིས་བརླབས་ལ། གཏོར་མ་དངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ལག་པ་རྡོ་རྗེ་དྲིལ་བུ་འཛིན་པའི་གཡོན་པ་གདེངས་ཀའི་ཚུལ་དང་། གཡས་པ་བརྐྱང་སྟེ། ༀ་ཨཱཿནན་ཏ། བ་སུ་ཀི །ཏཀྵ་ཀ །ཀ་རྐོཊ་ཀ །པདྨ། མ་ཧཱ་པདྨ། ཤཾ་ཁ་པཱ་ལ། ཀུ་ལི་ཀ །དེ་བ་ཏཱི། མ་ཧཱ་དེ་བ་ཏཱི། སོ་མ་ཤི་ཁི། མ་ཧཱ་ཤི་ཁི། དཎྜ་དྷ་ར། མ་ཧཱ་དཎྜ་དྷ་ར། ཨ་བ་ལཱ་ལ། ཧུ་ལུན་ཏ། ནན་ད། ཨུ་པ་ནན་ད། སཱ་ག་ར། མ་ཧཱ་སཱ་ག་


KMC009_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ར། ཏཔྟ། མ་ཧཱ་ཏབྟ། ཤྲཱི་ཀཱན་ཏི། མ་ཧཱ་ཀཱན་ཏི། རཏྣ་ཀཱནྟི། སུ་རཱུ་པ། མ་ཧཱ་སུ་རཱུ་པ། བྷ་དྲ་ཧི་ཀ །མ་ཧོ་ར་ག །ཤི་ལི། མ་ཧཱ་ཤི་ལི། ༀ་བྷཀྵ་བྷཀྵ་ཨཱ་གཙྪ་ཨཱ་གཙྪ། མ་ཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་བྷུར་བྷུ་ཝ་ཕྲུཾ་ཕུཿསྭཱ་ཧཱ། ཞེས་གཏོར་མ་ཕུལ། ༀ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། སེམས་ཅན་རྣམས་ལ་ཕན་པར་བྱ་བའི་སླད་དུ་བདག་གིས་རབ་ཏུ་བསྒྲུབས་ཤིང་། དེ་བཞིན་གཤེགས་པ་ཀུན་གྱིས་བྱིན་གྱིས་བརླབས་པའི་རྡུལ་ཚོན་འདི་ལ་ཅི་བདེ་བར་ཁྱེད་ཀྱིས་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག །ཅེས་དྲིལ་བུ་དཀྲོལ་ནས། རྡུལ་ཚོན་ཆུ་ལ་བསྐུར་ཏེ། ༀ་ཨཱ༔ཧཱུྃ་བཛྲ་མུཿ ཞེས་རང་རང་གི་གནས་སུ་བཏང་ལ། ཆོས་དབྱིངས་ལྷུན་གྱིས་གྲུབ་པ་ལ། དབྱེར་མེད་འཁོར་འདས་ཡོངས་སུ་རྫོགས། དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། ཆོས་སྐུ་མཆོག་གི་བཀྲ་ཤིས་ཤོག །རྣམ་སྣང་ཡེ་ཤེས་གངས་ཅན་མཚོ། མི་འཁྲུགས་རྒྱལ་པོ་ལ་སོགས་པའི། །རྒྱལ་བ་སྲས་བཅས་འཁོར་གྱིས་བསྐོར། ལོངས་སྤྱོད་རྫོགས་པའི་


KMC009_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲིས་ཤོག །ཐུབ་ཆེན་རྒྱལ་བ་གསེར་མདོག་ཅན། །བསྐལ་བཟང་སངས་རྒྱས་སྟོང་གི་དབུས། །རྣམ་འཕྲུལ་བསམ་གྱི་མི་ཁྱབ་པ། །སྤྲུལ་སྐུ་མཆོག་གི་༴ སྐུ་གསུམ་ལྷུན་གྲུབ་ཡོངས་རྫོགས་ཤིང་། །ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་དུ། །ངོ་བོ་ཉིད་ཀྱིས་ཐམས་ཅད་མཁྱེན། །སྐུ་བཞི་ཡོངས་རྫོགས་༴ སེམས་དཔའ་རང་བྱུང་རྡོ་རྗེ་ནི། །ཡིད་བཞིན་ནོར་བུ་རྙེད་པ་ལྟར། བདག་གཞན་ཡོངས་ཀྱི་དབུལ་བ་སེལ། དགོས་འདོད་འབྱུང་པའི་༴ སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །བསྟན་འཛིན་བུ་སློབ་དར་ཞིང་རྒྱས་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །བསྔོ་བ་བྱས་ནས། རྡུལ་ཚོན་གྱི་སྣོད་ཀྱི་བུམ་པ་དེ་ཆུས་བཀང་ལ་རྒྱན་གྱིས་བརྒྱན་ཏེ། ནང་དུ་འོངས་ནས། ཞི་བའི་དོན་དུ་དཀྱིལ་འཁོར་གྱི་ཁང་པ་ལ་གཏོར་བར་བྱའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་


KMC009_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousརྒྱལ་བ་རྒྱ་མཚོའི་ཐིག་སྐུད་དང་རྡུལ་ཚོན་འདོན་བྱ་ཁོལ་དུ་ཕྱུང་བ།next