Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལྷ་བཅུ་གསུམ་གྱི་མངོན་རྟོགས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ལུགས་སངས་རྒྱས་མཉན་པ་ཆེན་པོའི་ཞལ་ནས་བརྒྱུད་པ།
   


 
previousདཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལྷ་བཅུ་གསུམ་གྱི་མངོན་རྟོགས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ལུགས་སངས་རྒྱས་མཉན་པ་ཆེན་པོའི་ཞལ་ནས་བརྒྱུད་པ།next

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལྷ་བཅུ་གསུམ་གྱི་མངོན་རྟོགས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ལུགས་སངས་རྒྱས་མཉན་པ་ཆེན་པོའི་ཞལ་ནས་བརྒྱུད་པ།


KMC009_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལྷ་བཅུ་གསུམ་གྱི་མངོན་རྟོགས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ལུགས་སངས་རྒྱས་མཉན་པ་ཆེན་པོའི་ཞལ་ནས་བརྒྱུད་པའོ། །


KMC009_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྗེ་དཔལ་ཀརྨ་པ་དུས་གསུམ་མཁྱེན་པའི་ཕྲིན་ལས་ཀྱི་ངོ་བོ་རྗེ་བཙུན་ནག་པོ་ཆེན་པོ་དང་དབྱེར་མ་མཆིས་པ་སངས་རྒྱས་མཉན་པ་གྲུབ་ཐོབ་ཀྱི་ཞབས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། འདིར་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་སྒྲུབ་ཐབས་ཅུང་ཟད་བརྗོད་པ་ནི། བདག་ཉིད་བདེ་དགྱེས་རྣལ་འབྱོར་མ་སོགས་གང་རུང་གི་བདག་སྒྲུབ་བཟླས་པའི་བར་བྱས་ནས། ༀ་ཁཎྜ་སོགས། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཆོས་རྣམས་ཐམས་ཅད་དངོས་པོའི་མཐའ། །


KMC009_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་སྟོང་པའི་ངང་ཉིད་ལས། །མདུན་གྱི་གཞི་འདིར་དུར་ཁྲོད་ཀྱི། །ས་གཞིར་པཾ་ལས་པདྨ་དང་། །རཾ་ལས་ཉི་མའི་དཀྱིལ་འཁོར་སྟེང་། །ཧཱུཾ་ཡིག་མཐིང་ནག་ལས་གྱུར་པའི། །རྡོ་རྗེ་གྲི་གུག་ཧཱུཾ་གིས་མཚན། །འོད་འཕྲོས་བདུད་ཀྱི་སྡེ་བཅོམ་ནས། །འཕགས་མཆོད་ཚུར་འདུས་ཡོངས་གྱུར་ཏེ། །ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ཆར་སྤྲིན་ལྷོང་བ་ལྟ་བུའི་མདོག །དམར་ལ་ཟླུམ་པའི་སྤྱན་གསུམ་ལྡན། །ཁྲོ་གཉེར་བསྐྱོད་ཅིང་མཆེ་བ་གཙིགས། །ཞལ་ནས་


KMC009_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཧ་ཧཱུཾ་ཧཱུཾ་གི །གད་སྒྲོགས་ལྗགས་ནི་རྣམ་པར་འགྱུར། །དབུ་སྐྲ་སྨིན་མ་སྨ་ར་ནི། །དམར་སེར་མེ་ལྟར་རབ་ཏུ་འབར། །ཕྱག་གཡས་དང་པོ་གྲི་གུག་དང་། །གཡས་འོག་རལ་གྲི་འདེབས་པའི་ཚུལ། །གཡོན་གྱི་དང་པོ་ཀ་པཱ་ལ། །བདུད་རྩིས་གང་བ་ཐུགས་ཀར་འཛིན། །གཡོན་འོག་རྡོ་རྗེ་ཁ་ཊྭཱཾ་ག །ཕྱར་བའི་སྟབས་འཛིན་མི་མགོ་ནི། །སྐམ་པོ་ལྔ་ཡིས་དབུ་རྒྱན་དང་། །རློན་པ་ཁྲག་འཛག་ལྔ་བཅུ་ཡི། །སེ་རལ་དར་དང་རིན་པོ་ཆེ། །རུས་པ་སྦྲུལ་དང་དྲིལ་བུ་ཡི། །གཡེར་ཁའི་ཕྲེང་བས་རབ་ཏུ་བརྒྱན། །སྟག་ལྤགས་གསར་པ་ཁྲག་བཅས་ཀྱི། །སྨད་གཡོགས་སྐུ་ལས་ཡེ་ཤེས་ཀྱི། །མེ་དཔུང་འབར་བའི་དབུས་ཉིད་ན། །མི་རོ་ཁ་སྦུབ་བསྣོལ་བའི་གདན། །དཔའ་བོ་རོལ་པའི་སྟབས་ཀྱིས་བཞུགས། །དེ་ཡི་གཡས་སུ་ཧཱུཾ་ཡིག་ལས། །ལས་མགོན་བྱ་རོག་གདོང་ཅན་ནི། །སྐུ་མདོག་ནག་པོ་ཞལ་གཅིག་པ། །ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན། །


KMC009_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་སྟོང་གི་ཚོགས་ཀྱིས་བསྐོར། །གཡོན་དུ་བྷྱོཿཡིག་ཡོངས་གྱུར་ལས། །ཡུམ་མཆོག་རྩ་འཇིབས་དམར་མོ་ནི། །ཞལ་གཅིག་ཕྱག་བཞི་གཡས་པ་ན། །རལ་གྲི་རྩེ་གསུམ་གཡོན་པ་ན། །མདའ་གཞུ་མི་མགོ་འཛིན་པ་ལ། །མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར། །མདུན་དུ་ཧཱུཾ་ལས་ཤ་ཟ་ནི། །སེང་གེའི་གདོང་ཅན་སྐུ་མདོག་ནག །ཞལ་གཅིག་ཕྱག་གཉིས་རལ་གྲི་དང་། །ཐོད་ཁྲག་འཛིན་པ་ཤ་ཟ་ནི། །འབུམ་གྱིས་བསྐོར་བ་དེའི་རྒྱབ་ཏུ། །ལེགས་ལྡན་ནག་པོ་དར་ནག་གི །བེར་ཅན་གཎྜི་འཛིན་པའོ། །དེ་ཕྱིར་ཤར་དུ་མཁའ་འགྲོ་མ། །བྱ་རྒོད་གདོང་ཅན་བྱང་དུ་ནི། །ཁྱུང་དང་ནུབ་ཏུ་ཁྭ་ཡི་དང་། །ལྷོ་རུ་འུག་པ་ཤར་ལྷོར་ཕག །ལྷོ་ནུབ་ཁྱི་དང་ནུབ་བྱང་དུ། །སྤྱང་ཀི་བྱང་ཤར་མཚམས་ཉིད་དུ། །སྟག་གི་གདོང་ཅན་བརྒྱད་ཀ་ཡང་། །གཅེར་བུ་སྐྲ་གྲོལ་ཞལ་གཅིག་པ། །ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན། །འཁོར་རྣམས་བཞེངས་ནས་གར་


KMC009_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

སྟབས་ཀྱི། །རོལ་གར་སྣ་ཚོགས་མཛད་པའོ། །དུར་ཁྲོད་ཆེན་པོའི་ཕྱི་རོལ་དུ། །རྡོ་རྗེ་རྭ་གུར་ཡེ་ཤེས་ཀྱི། །མེ་རི་དྲག་ཏུ་འབར་བའོ། །གཙོ་འཁོར་ཀུན་གྱི་སྤྱི་བོར་ནི། །ༀ་དང་མགྲིན་པར་ཨཱཿཉིད་དང་། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །འོག་མིན་ལ་སོགས་སངས་རྒྱས་ཀྱི། །ཞིང་ཁམས་རྒྱ་མཚོར་བཞུགས་པ་ཡི། །ཡེ་ཤེས་མགོན་པོ་འཁོར་བཅས་ཀུན། །ནམ་མཁར་སྤྲིན་ཕུང་གཏིབས་བཞིན་གྱུར། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །སྤྱན་འདྲེན་དཔལ་ལྡན་ནག་པོ་ཆེ། །བདག་རྒྱུད་སྒྲིབ་པ་བསལ་བའི་ཕྱིར། །བརྩེ་བས་དགོངས་ཏེ་འདིར་བྱོན་ཅིག །བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཛཿཧཱུྃ་བྃ་ཧོཿདམ་ཚིག་དང་། །ཡེ་ཤེས་པ་ནི་དབྱེར་མེད་གྱུར། །པདྨ་ཀ་མ་ལ་ཡ་སྟྭཾ། བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པ་ནས། ཤཔྡའི་བར་གྱིས་མཆོད་དེ། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བསྟན་ནས། མ་ཧཱ་ཀཱ་ལ་ས་མ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། སྔོན་གྱི་དམ་ཚིག་


KMC009_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་པོ་དགོངས། །སླར་ཡང་ཐུགས་ཀའི་འོད་ཟེར་གྱིས། །རྒྱལ་བ་རིགས་ལྔ་ཡུམ་བཞི་དང་། །སེམས་དཔའ་སེམས་མ་ཁྲོ་བོ་དང་། །ཁྲོ་མོ་སྤྱན་དྲངས་བདུད་རྩིའི་ཆུས། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ཞབས་སྤྱི་བོར་བརྟན་པ་ལས། །གཙོ་བོར་བདེ་མཆོག་ལྷན་སྐྱེས་དང་། །འཁོར་རྣམས་ཀུན་ལ་བཅོམ་ལྡན་འདས། །མི་བསྐྱོད་རྡོ་རྗེས་བརྒྱན་པར་གྱུར། །བདག་ཉིད་བཅོམ་ལྡན་འཁོར་ལོ་སྡོམ། །གསལ་བའི་ཐུགས་ཀར་ཉི་མ་ཡི། །དཀྱིལ་འཁོར་དབུས་སུ་ཧཱུཾ་ཡིག་མཐར། །ཡི་གེ་བདུན་པ་རབ་ཏུ་གསལ། །མགོན་པོའི་ཐུགས་ཀར་ཉི་སྟེང་ཧཱུཾ། །སྔོན་པོ་འོད་ཟེར་འབར་བའི་མཐར། །ༀ་བཛྲ་ཀ་ཝུ་ཝ། མ་ཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་པའི་སྔགས་འཕྲེང་འཁོར་བར་གྱུར། །རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས། །འོད་འཕྲོས་དཔལ་ལྡན་ནག་པོ་ཆེའི། །ཐུགས་ཀར་ཕོག་པས་ཐུགས་རྗེ་ཆེ། །བསྐུལ་ཏེ་དངོས་གྲུབ་བྱིན་རླབས་ཀུན། །འོད་


KMC009_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ཁ་དོག་སྣ་ཚོགས་ཚུལ། །མགོན་པོའི་ཞལ་ནས་བདག་ཉིད་ཞལ། །ཞུགས་ནས་ཐུགས་ཀར་ཐིམ་པའི་མོད། །ཡེ་ཤེས་མགོན་པོ་འཁོར་བཅས་ལས། །སྤྲུལ་པའི་ཕོ་ཉ་མང་འཕྲོས་ཏེ། །བདུད་བཞི་བཏུལ་ཞིང་ཕྲིན་ལས་བཞི། །ཐོགས་པ་མེད་པར་སྒྲུབ་པར་གྱུར། །ཞེས་བདེ་དགྱེས་ལྟ་བུ་ཡི་དམ་གང་ཡིན་དང་དཔལ་ཆེན་པོ་སྦྲགས་ཏེ་བཟླས་པ་ཅི་རིགས་བྱས་ནས་གཏོར་མ་འབུལ་བར་འདོད་ན། ཤ་ཆང་དང་བཅས་པའི་གཏོར་མ་ཕུན་ཚོགས་ལ། ༀ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཀྱིས་བསང་སྟེ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། །རཾ་ལས་མེ་དང་ཀཾ་ལས་ནི། །མི་མགོ་གསུམ་གྱི་སྒྱེད་པུའི་སྟེང་། །ཨ་ལས་ཡེ་ཤེས་ཀ་པཱ་ལར། །ཤ་ལྔ་བདུད་རྩི་ལྔ་པོ་དང་། །བདུད་དགྲའི་ཤ་རུས་སྤུངས་པ་ལ། །ༀ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས། །དེ་ནས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་བསྐྱོད་དེ། འདི་སྐབས་དང་པོར་ལག་པ་གཡོན་བསྟན། དེ་ནས་གཡས་བསྟན། དེ་ནས་གཉིས་ཀ་བསྟན། ༀ་ཨཱཿཧཱུྃ་ལན་གསུམ་བརྗོད། ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས། །ལྷ་ཚོགས་དེ་


KMC009_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཐམས་ཅད་ཀྱིས། །ཧཱུྃ་ལས་བྱུང་བའི་རྡོ་རྗེའི་ལྗགས། །འོད་ཀྱི་སྦུ་གུས་བདུད་རྩི་རྣམས། །དྲངས་ཤིང་གསོལ་བས་མཉེས་པར་གྱུར། །ༀ་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཉྩི་མ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ་ཨ་པ་ཀཱ་རི་ཎཾ་ཡ་དི་པྲ་ཏཱིཛྙཱ་སྨ་ར་སི་ཏ་ད། ཨི་དཾ་དུཥྚཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུྃ་ཕཊ། ༀ་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ལ་སོགས་པས་སྤེལ་ཚིག་བྱས་ལ་ཕྱིའི་མཆོད་པ་དང་། སྙིང་པོའི་མཐར། ༀ་བཛྲ་ཀ་ཝུ་ཝ། མ་ཧཱ་ཀཱ་ལ་ཡ་ༀ་ཨཱཿཧཱུཾ། བཏགས་པས་ནང་མཆོད་ཕུལ་ནས། རྐང་པ་བརྒྱད་པས་བསྟོད་དེ། ༀ་གྲུབ་པར་གྱུར་ཅིག །ཧཱུྃ་ཧཱུྃ་ཕཊ་ཅེས་དྲག་པོའི་སྒྲ་ཡིས་སྲིད་པ་གསུམ་གྱི་ཁོངས་ནི་མ་ལུས་འགེངས་ནུས་ཤིང་། ཧཱ་ཧཱ་ཊྚཱ་ཊྚཱ་ཞེས་བཞད་གང་ཞིག་དུས་ཀུན་ཏུ་ནི་ཤིན་ཏུ་རབ་ཏུ་འཇིགས་མཛད་པ། ཀཾ་ཀཾ་ཀཾ་ཞེས་ཐོད་པའི་ཕྲེང་བས་དབུ་ལ་སྤྲས་ཤིང་ནག་


KMC009_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མཆུ་དང་མཚུངས་པའི་སྐུ། །བྷྲཱུྃ་བྷྲཱུྃ་བྷྲཱུྃ་ཞེས་ནུས་པ་མཆོག་གི་ཁྲོ་གཉེར་འཇིགས་མཛད་འཇིགས་པའི་ཁ་གདངས་ཤ་ཟ་ཞིང་། །དབུ་སྐྲ་དང་ནི་སྨ་ར་ཆེས་སེར་ཉེ་བར་བསྐྱོད་པའི་ཞིང་སྐྱོང་ཁྱོད་ཀྱིས་བསྲུང་བར་མཛོད། །རཾ་རཾ་རཾ་ཞེས་སྤྱན་དམར་འཁྲུག་ཅིང་སྒྱུར་མཛད་ཀྲཱུྃ་ཀྲཱུྃ་ཀྲཱུྃ་ཞེས་རབ་ཁྲོས་སྤྱན་གྱིས་གཟིགས། །སྨིན་མ་སེར་ཞིང་མཆེ་གཙིགས་རོ་ཡི་གདན་ལ་དགྱེས་པའི་ཞིང་སྐྱོང་ཁྱོད་ཀྱིས་ཞིང་སྐྱོང་མཛོད། །ཧཱ་ཧཱ་ཧཱུྃ་དང་ཀི་ལི་ཀི་ལི་ཞེས་སྒྲོགས་ཕྱག་གཡོན་ཁ་ཊྭཱཾ་གར་བཅས་ཐོད་པ་བསྣམས། །རུ་རུ་རུ་ཞེས་ཁྲག་རྒྱུན་འབབ་པ་ཕྱག་གིས་བསྣམས་ཤིང་གསོལ་མཛད་འཐུང་བ་ལ་དགྱེས་ཤིང་། ཁྃ་ཁྃ་ཁྃ་ཞེས་གཏུམ་པོའི་ཕྱག་གཡས་གྲི་གུག་རལ་གྲིས་བགེགས་རྣམས་ལ་ནི་རོལ་མཛད་པ། །ཌྃ་ཌྃ་ཌྃ་ཞེས་ཌ་མ་རུ་ཅན་འདི་ཡིས་འདུལ་མཛད་འཁོར་བཅས་ཞིང་སྐྱོང་ཁྱོད་ཀྱིས་སྲུངས། །རབ་ཏུ་རྔམ་ཞིང་མགོ་བོ་རྣམས་ཀྱི་ཕྲེང་བས་གཤིན་རྗེ་དང་


KMC009_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་འཇིགས་པའི་སྐུ་བརྒྱན་ཅིང་། །ཀྵིཾ་ཀྵིཾ་ཀྵིཾ་ཞེས་བཟོད་པའི་གཟུགས་ཅན་ཅ་ཅོ་སྒྲོགས་པར་བྱེད་པའི་གདུག་པ་རྣམས་བཟུང་སྟེ། །གཅིག་པུས་སྣ་ཚོགས་མནན་ཅིང་མནན་ནས་ཀ་ཧ་ཀ་ཧ་བརྗོད་མཛད་ཆར་སྤྲིན་སྔོན་པོའི་མདོག །སྐུ་ལ་མི་ཡི་ཤ་དང་རྒྱུ་མས་སྦྲེལ་བའི་ཕྲེང་བས་ཀུན་ནས་བརྒྱན་ཅིང་ཞལ་དུ་གསོལ། །དྲག་ཤུལ་ཕྱག་གིས་འདོད་པའི་གཟུགས་དང་མི་སྡུག་གཟུགས་ཅན་གྱི་ནི་འབྱུང་པོ་རོ་ལངས་ཚོགས། །མ་ལུས་བཟུང་ནས་མྱུར་དུ་བསད་པ་རྣམས་ཀྱི་མགོ་བོ་ཁྲག་རྒྱུན་འབབ་པ་རབ་ཏུ་གསོལ། །ཧྲཱིཾ་ཀྵིཾ་ཤྲཱིའི་སྔགས་ཀྱི་གསུང་ཅན་པ་ཙ་པ་ཙའི་སྔགས་ཀྱིས་བགེགས་རྣམས་རབ་ཏུ་བསྲེགས། །རོལ་པས་རོལ་པ་སེར་ཞིང་མི་ཡིས་གང་བའི་ས་ལ་ཞིང་སྐྱོང་ཁྱོད་ཀྱིས་སྲུང་བར་མཛོད། །ཕེཾ་ཕེཾ་ཕེཾ་ཞེས་སྒྲོགས་པས་སོ་སོར་བསྐྱོད་པའི་མེ་དཔུང་ཆེན་པོའི་དབུས་སུ་བཞུགས་ནས་སུ། །རིགས་ཀྱི་ལུས་ཅན་སྐྱོང་བར་


KMC009_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཅིག་སྒྲུབ་པོ་རྣམས་ཀྱི་ཞིང་རྣམས་ངེས་པར་ཞིང་སྐྱོང་མཛོད། །ཕྱུགས་རྣམས་ཀྱི་ནི་ཉིན་རེ་བཞིན་དུ་བགེགས་དང་སྡིག་འཇོམས་དྲི་མེད་བརྙེས་པ་ཆུ་ཉི་བཞིན། །ཙྃ་ཙྃ་ཙྃ་ཞེས་གཏུམ་པོའི་ཤུགས་ཀྱིས་རབ་གཡོས་རྨད་བྱུང་ས་ཡི་འཇིག་རྟེན་སྣང་མཛད་པ། །ཀྲྃ་ཀྲྃ་ཀྲྃ་ཞེས་གཤེགས་པས་དགྲ་བོ་ཉོན་མོངས་པ་རྣམས་ངེས་པར་ཉོན་མོངས་འཇོམས་མཛད་ཅིང་། །སྃ་སྃ་སྃ་ཞེས་ཚོགས་པའི་བདག་ཉིད་དམ་ཚིག་ཐོས་འཛིན་ཞིང་སྐྱོང་གང་ཡིན་ཁྱོད་ཀྱིས་སྐྱོངས། །བྃ་བྃ་བྃ་ཞེས་གཤིན་རྗེ་ལྟར་ཁྲོ་དྲི་མ་མེད་པའི་སྣ་ཚོགས་ཆུ་བཞིན་གཟིགས་མཛད་ཅིང་། །ཡྃ་ཡྃ་ཡྃ་ཞེས་རླུང་གི་ཤུགས་ཀྱིས་མྱུར་དུ་རྒྱུ་ཞིང་ཉོན་མོངས་འཇིག་རྟེན་གནོད་བྱེད་མཁྱེན། །ཀླཱྃ་ཀླཱྃ་ཀླཱྃ་ཞེས་གདུག་པའི་གཟུགས་ཀྱིས་སྲིད་གསུམ་ཉིན་མཚན་དུས་ཀུན་ཉོན་མོངས་གྱུར་པ་གང་། །ཀྵྃ་ཀྵྃ་ཀྵྃ་ཞེས་ཕན་པར་མཛད་ཅིང་གནོད་པ་སྐད་ཅིག་གིས་སེལ་ཞིང་སྐྱོང་ཁྱོད་ཀྱིས་སྐྱོངས། །


KMC009_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

པྃ་པྃ་པྃ་ཞེས་ཐུགས་རྗེའི་ཞགས་པས་བྱོལ་སོང་རྣམས་འཛིན་ཕྱག་གིས་གདུལ་བྱ་རྣམས་སྐྱོང་བ། །སྔགས་བདག་སྔགས་ཀྱི་གཟུགས་ཅན་ཐུགས་ཀྱིས་སྔགས་པ་རྣམས་ལ་བློ་གྲོས་འབྲས་བུ་མཚུངས་མེད་སྟེར། །ཞིང་རྣམས་སྐྱོང་བར་མཛད་པ་ཁྱོད་ཀྱིས་འགྲོ་བའི་ལུས་རྣམས་མ་ལུས་ཡུན་རིང་བསྐྱང་དུ་གསོལ། །སྒྲུབ་པ་པོ་ཡི་སློབ་དཔོན་གང་ཞིག་དམ་ཚིག་ཐོས་འཛིན་གང་ཞིག་བློ་ལྡན་གྱུར་པ་དག །ཐུན་གསུམ་དུ་ནི་སྔགས་རྣམས་བརྒྱད་པོ་ཀློག་བྱེད་དེ་ནི་བསོད་ནམས་ལྡན་པ་འགྱུར་བ་དང་། །ཚེ་དང་དཔལ་དང་གྲགས་དང་མཐུ་སྟོབས་འབྱོར་པ་འཛིན་དང་གཟི་བརྗིད་རྒྱས་པ་མཚུངས་མེད་སྟེར། །ས་སྟེང་དང་ནི་མཐོ་རིས་སུ་ཡང་དེ་ཡི་བགེགས་ཀྱི་ཚོགས་ནི་རྟག་ཏུ་ཉམས་པར་འགྱུར། །དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའོ། །དེ་ནས་འདོད་དོན་གསོལ་བ་གདབ་པ་ནི། དཔལ་ལྡན་རྡོ་རྗེ་


KMC009_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཆེ། །ལྕམ་དྲལ་བཀའ་འཁོར་བཅས་པ་ཡིས། །ཟག་མེད་བདེ་ཆེན་བསྐྱེད་གྱུར་པའི། །བདུད་རྩིའི་རོ་མཆོག་མྱང་མཛད་པ། །བསོད་ནམས་ཚོགས་ཆེན་གང་བསགས་དེས། །རྩ་བརྒྱུད་བླ་མའི་བཀའ་དང་ནི། །རང་དམ་གཉན་པོ་དགོངས་པ་ལྟར། །སངས་རྒྱས་བསྟན་དང་སེམས་ཅན་དོན། །འབད་པ་མེད་པར་སྒྲུབ་མཛད་ཅིང་། །ཁྱད་པར་གསོལ་འདེབས་བདག་རྒྱུད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དེ་ལ་འགལ་རྐྱེན་གང་མཆིས་པ། །ཕྲིན་ལས་བཞི་ཡི་སྒོ་ནས་ནི། །ཚར་གཅོད་རྗེས་འཛིན་མཛད་དུ་གསོལ། །ཞེས་གྲངས་ཅི་ནུས་ཀྱིས་ཕྲིན་ལས་བཅོལ། ད་ནི་རྣལ་འབྱོར་པ་ཆག་ཆེ་ཞིང་ཕྱི་ནང་གི་རྐྱེན་དུ་མ་ལྡོངས་ན་ཉམས་ཆགས་བསྐང་བའི་ཕྱིར། བསྐང་བ་རྒྱུན་པར་འདོད་ན། གཏོར་མ་ཕུན་སུམ་ཚོགས་པ་དང་། ཉེར་སྤྱོད་སྤྱན་གཟིགས་སྣ་ཚོགས་དང་བཅས་པ་བཤམས་ནས། བསངས་སྦྱངས་ཏེ། ཨ་ལས་ཀ་པཱ་ལའི་ནང་དུ། །གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ་སྟེ། ༀ་ཧ་


KMC009_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཧོཿཧྲཱིཿ ལན་གསུམ་གྱིས་སྦྱངས་རྟོགས་སྤར་འོད་གསལ་བར་བྱས་ཏེ། དྲི་རོ་ཕུན་སུམ་ཚོགས་པའི་གཟི་བརྗིད་མཐའ་ཡས་པར་གྱུར། ༀ་ཨ་ཀཱ་རོ་མུ་ཁཾ་ཞེས་ལན་གསུམ་བརྗོད་ནས། འདི་སྐད་དུ། སྐད་ཅིག་གིས་བདག་སོགས་ཉོན་མོངས་པ་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། མ་ཤེས་པ་རྣམས་ཀྱིས་རྒྱུད་མ་རུངས་པ་གདུལ་དཀའ་བ་རྣམས་ཀྱིས་སྡོམ་པ་གསུམ་དང་འགལ་བའི་ཉེས་པ་གང་མཆིས་པ་བཤགས་ནས་སྒྲིབ་པར་མི་འགྱུར་བའི་ཕྱིར། བཅོམ་ལྡན་ཐུགས་རྗེ་ཅན་དཔལ་ནག་པོ་ཆེན་པོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་བརྗོད་ནས། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་བསགས་པ་ཀུན། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །ཞེས་དང་། དེ་ནས། བཛྲ་ཨརྒྷཾ་ནས་ཤཔྡའི་བར་བརྗོད་ནས། འདོད་པའི་གཟུགས་སྒྲ་རྣམ་དག་རྡོ་རྗེའི་


KMC009_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ། ཁམས་ཀྱི་དྲི་རོ་རྣམ་དག་ཞི་བའི་དབྱིངས། །ས་ཡི་རེག་བྱ་ཆོས་ཁམས་རྣམ་དག་པའི། །བདུད་རྩི་འོད་ཟེར་འབར་བའི་མཆོད་པ་བཞེས། །བདག་རྒྱུད་ཉེས་པ་གང་མཆིས་མཐོལ་ལོ་བཤགས། །ཕྱིན་ཆད་མི་བགྱིད་སྡོམ་པ་སླར་ཡང་ལེན། །སྔོན་ཆད་ནོངས་པའི་ལས་ལ་འགྱོད་པར་མཆིས། །འདི་ཕྱིར་སྒྲིབ་པར་མི་འགྱུར་དངོས་གྲུབ་སྩོལ། །བསྐང་ངོ་བཀའ་རྒྱུད་བླ་མ་ཡི་དམ་དང་། །དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས། །ཐུགས་དམ་བསྐང་ལས་ཉམས་ཆག་སོར་ཆུད་མཛོད། །ཐུགས་རྗེ་ཆེན་པོས་བདག་ལ་དགོངས་པར་མཛོད། །ནག་པོ་ཆེན་པོ་ཡུམ་གཅིག་རལ་གཅིག་མ། །ལེགས་ལྡན་ནག་པོ་ཡུམ་གཅིག་རྩ་འཇིབ་དམར། །སྤྲུལ་པ་ལས་མགོན་ཆེན་པོ་བྱ་རོག་གདོང་། །སེང་གེའི་གདོང་ཅན་རྣལ་འབྱོར་མ་ཁྲོས་པ། །བྱ་རྒོད་མཁའ་ལྡིང་ཁྭ་དང་འུག་པ་དང་། །ཕག་ཁྱི་ལྕེ་སྤྱང་སྟག་གི་གདོང་པ་ཅན། །ཤ་ཟ་ཁྲག་འཐུང་མ་མོ་


KMC009_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་དང་། །བྱ་ནག་ཁྱི་ནག་སྤྲུལ་པའི་ཚོགས་བཅས་ཀྱིས། །ཐུགས་རྗེ་ཆེན་པོས་དགོངས་ཤིག་བཅོམ་ལྡན་གྱི། །བཀའ་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཆག་ཉམས་སྐོང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཆགས་ཆེ་ཉམ་ང་བཟློག་ཏུ་གསོལ། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །ཞེས་བསྐང་གསོ་ཚར་སུམ་ཅུ་རེ་ལ་གཏོར་མ་གསར་པ་རེ་གསོས་ནས་གཏོར་མ་བྱིན་རླབས་བྱས་ཏེ། སྡོམ་པ་དམ་ཚིག་མ་ཉམས་པས། ཤ་ཆང་སོགས་བཟའ་བ་མིན་པར་སྤངས་ཏེ། དབེན་པའི་གནས་སུ་བླ་མ་མགོན་པོ་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་བྱེད་ཅིང་། བཤགས་པ་འདི་ཚུལ་བཞིན་དུ་བྱས་ན་རྐྱེན་བཟློག་གི་མཐུ་ཆེ་ལ། གྲོང་ཁྱེར་དུ་ཁྱིམ་པའི་གནས་སུ་ཚུལ་འཆལ་ཀུན་འདུས་ནས་ཟང་ཟིང་གི་རྙེད་པའི་ཕྱིར་བསྲུང་བཟློག་གི་ཆེད་དུ་བསྐང་རྒྱུན་འདི་བྱས་ན། ཆོས་སྐྱོང་བ་རྣམས་ཀྱིས་བར་ཆད་སྣ་ཚོགས་ཀྱི་བཀའ་ཆད་འབྱུང་བ་ཤེས་པར་གྱིས་ཤིག །སྨྲས་པ། རྗེ་བཙུན་བླ་མ་སངས་རྒྱས་ཆེན་པོའི་ཞབས། །མཉན་པ་གྲུབ་ཆེན་ལྟ་


KMC009_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ཆོས་མཛད་ལ། །ཆོས་སྐྱོང་རྣམས་ཀྱིས་བཀའ་བཞིན་སྒྲུབ་ལགས་མོད། །བདག་སོགས་མ་རུངས་ཆོས་མིན་སྤྱོད་ན་ཡང་། །ཆོས་སྐྱོང་རྣམས་ཀྱིས་བདག་རྒྱུད་འཆོས་པར་ཞུ། །འདིར་འབད་དགེ་བས་ཀཾ་ཚང་ཀརྨ་པའི། །བསྟན་འདིར་འགྲོ་བ་ཐམས་ཅད་འཇུག་གྱུར་ཅིག །ཅེས་པ་འདི་ནི་ཆོས་སྐྱོང་གི་གནང་བ་ཐོབ་པའི་མཚན་མ་ཅུང་ཟད་ལ་བརྟེན་ནས་༧ཀརྨ་པ་མི་བསྐྱོད་རྡོ་རྗེས་དབུ་རུ་སྟོད་དུ་སྦྱར་བའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousདཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལྷ་བཅུ་གསུམ་གྱི་མངོན་རྟོགས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ལུགས་སངས་རྒྱས་མཉན་པ་ཆེན་པོའི་ཞལ་ནས་བརྒྱུད་པ།next