Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
མར་ལུགས་རྒྱུད་སྡེ་སྤྱིའི་བརྒྱུད་པའི་གཙོ་བོ་རགས་བསྡུས་ཀྱི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་།
   
   
   
   
   
   
   
   
   
   
   


 
previousམར་ལུགས་རྒྱུད་སྡེ་སྤྱིའི་བརྒྱུད་པའི་གཙོ་བོ་རགས་བསྡུས་ཀྱི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་།next

མར་ལུགས་རྒྱུད་སྡེ་སྤྱིའི་བརྒྱུད་པའི་གཙོ་བོ་རགས་བསྡུས་ཀྱི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་།


KMC010_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

མར་ལུགས་རྒྱུད་སྡེ་སྤྱིའི་བརྒྱུད་པའི་གཙོ་བོ་རགས་བསྡུས་ཀྱི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །


KMC010_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་མཛད་ཧེ་རུ་ཀ་དཔལ་སྤྲུལ་པའི་སྐུ། །སྒྲུབ་ཆེན་ན་རོ་མཻ་ཏྲིའི་ཐུགས་ཀྱི་སྲས། །བཀའ་བརྒྱུད་ཡོངས་ཀྱི་སྤྱི་མེས་ལྷོ་བྲག་པ། །ཆོས་ཀྱི་བློ་གྲོས་ཞབས་ལ་གསོལ་བ་འདེབས། །བཤད་བརྒྱུད་ཆུ་བོ་ལྟ་བུའི་བཀའ་ཆེན་བབ། །རྣམ་སྨིན་ལུས་ཀྱིས་མཁའ་སྤྱོད་ཆེན་པོར་གཤེགས། །རྒྱུད་སྡེ་རྒྱ་མཚོའི་མངའ་བདག་རྔོག་པ་ཆེ། །ཆོས་སྐུ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །དབེན་གསུམ་ལམ་ལས་རྡོ་རྗེ་གསུམ་དངོས་གྲུབ། །སྒྱུ་འཕྲུལ་དྲྭ་བའི་རོལ་མོ་མཁའ་


KMC010_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་སྤྲོ། །དཔལ་ལྡན་འདུས་པའི་རང་གཟུགས་མཚུར་སྟོན་མཆོག །དབང་གི་རྡོ་རྗེའི་ཞབས་ལ༴ བླ་མའི་ཐུགས་ཟིན་གདམས་པའི་གསང་མཛོད་ཐོབ། །མྱུར་བདེའི་ཐབས་ཀྱིས་གྲུབ་པའི་རྒྱལ་སྲིད་སྐྱོང་། །འོད་གསལ་གཉུག་མའི་གར་མཁན་མེས་སྟོན་རྗེ། །བསོད་ནམས་རྒྱལ་མཚན་ཞབས་ལ༴ དཀའ་སྤྱད་ཆེན་པོས་མཆོག་གི་དངོས་གྲུབ་བརྙེས། །སྒྲུབ་པའི་རྒྱལ་མཚན་ཚད་ལས་འདས་པ་བཙུགས། །གྲུབ་པའི་ཆོ་འཕྲུལ་སྲིད་གསུམ་ཁྱབ་པར་སྟོན། །རྗེ་བཙུན་


KMC010_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལའི་ཞབས་ལ༴ ལྷག་པའི་ལྷ་དང་བླ་མས་ལུང་བསྟན་ཅིང་། །རྡོ་རྗེ་འཆང་གི་རྒྱལ་ཚབ་རིམ་བྱོན་པ། །མདོ་སྡེ་རྒྱལ་ཚ་ཐོགས་མེད་གྲགས་པ་སོགས། །རྔོག་སྟོན་རིན་ཆེན་ཕྲེང་བར༴ རྒྱལ་བ་གཉིས་པ་རང་བྱུང་ཐམས་ཅད་མཁྱེན། །གར་དབང་རྡོ་རྗེ་འཆང་དངོས་ཆོས་ཀྱི་གྲགས། །རྡོ་རྗེ་རྣོན་པོ་བསྟན་པའི་ཉིན་མོར་བྱེད། །ཆོས་ཀྱི་རྒྱལ་པོ་གསུམ་ལ༴ བཀའ་བརྒྱུད་རྒྱལ་བ་རྒྱ་མཚོའི་རྣམ་ཐར་འཆང་། །སྙིགས་མའི་གདུལ་བྱར་སངས་རྒྱས་མཛད་པ་སྟོན། །ལྷན་སྐྱེས་གྲུབ་པའི་གཟི་བརྗིད་ལྷམ་མེ་བ། །པདྨ་ཉིན་བྱེད་དབང་པོར༴ བཻ་རོའི་རྣམ་སྤྲུལ་ཤེས་བྱ་ཀུན་གཟིགས་ཤིང་། །གསར་རྙིང་མདོ་རྒྱུད་རྒྱ་མཚོའི་དགོངས་དོན་ཀུན། །མཛོད་ཆེན་ལྔར་བཟླུམས་རྒྱལ་བས་ལུང་བསྟན་བརྙེས། །འཇམ་མགོན་པདྨ་གར་དབང་༴ ས་བཅུའི་སྤོ་ལ་གནས་པའི་མི་ཕམ་མགོན། །ཞིང་འདིར་དགྱེས་མཛད་དངོས་བྱོན་མར་སྟོན་རྗེ། །བསམ་བཞིན་སྲིད་བཟུང་སྒྲུབ་


KMC010_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བསྟན་པའི་མགོན། །པདྨ་དབང་མཆོག་རྒྱལ་པོར༴ རབ་འབྱམས་ཡེ་ཤེས་ལས་གྲུབ་བརྩེ་བའི་སྤྱན། །ནམ་ཡང་འགྲོ་ལ་གཟིགས་པ་མི་གཡེལ་བ། །ཕན་བདེའི་འབྱུང་གནས་སྲིད་དང་ཞི་བའི་ནོར། །རིག་པའི་རྡོ་རྗེའི་ཞབས་ལ༴ དགྱེས་པ་རྡོ་རྗེ་དཔལ་ལྡན་གསང་བ་འདུས། །མཱ་ཡཱ་གདན་བཞི་འཇམ་དཔལ་རིགས་བསྡུས་ལྷ། །རིགས་ཀྱི་བཙུན་མོ་འཁོར་ལོ་བཀའ་ཉན་བཅས། །བཅོམ་ལྡན་དཀྱིལ་འཁོར་ལྷ་ལ་གསོལ་བ་འདེབས། །དབང་བཞིའི་ཆུ་བོས་ལུས་སེམས་དྲི་མ་བཀྲུས། །རིམ་གཉིས་ལམ་གྱིས་རྡོ་རྗེའི་ས་མཆོག་བགྲོད། །སྤྱོད་པའི་ཉེ་རྒྱུས་འབྲས་བུར་མཚམས་སྦྱར་ཏེ། །ཟུང་འཇུག་རྡོ་རྗེ་འཆང་དབང་མྱུར་འགྲུབ་ཤོག །ཅེས་པའི་གསོལ་འདེབས་འདིའང་མར་ལུགས་ཀྱི་རྒྱུད་སྡེའི་བསྐྱེད་རྫོགས་རྣམས་ཀྱི་ཡན་ལག་ཏུ་བློ་གྲོས་མཐའ་ཡས་ཀྱིས་རྒྱལ་བ་ལྷ་ལས་བབ་པའི་དུས་ཚེས་བཟང་པོར་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །


KMC010_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousམར་ལུགས་རྒྱུད་སྡེ་སྤྱིའི་བརྒྱུད་པའི་གཙོ་བོ་རགས་བསྡུས་ཀྱི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་།next