Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
མར་ལུགས་བླ་མེད་རྒྱུད་སྡེ་སྤྱིའི་ཚོགས་མཆོད་ཀྱི་ཆོ་ག་ཡོངས་འདུའི་སྙེ་མ།
   
   
   
   
   
   
   
   


 
previousམར་ལུགས་བླ་མེད་རྒྱུད་སྡེ་སྤྱིའི་ཚོགས་མཆོད་ཀྱི་ཆོ་ག་ཡོངས་འདུའི་སྙེ་མ།next

མར་ལུགས་བླ་མེད་རྒྱུད་སྡེ་སྤྱིའི་ཚོགས་མཆོད་ཀྱི་ཆོ་ག་ཡོངས་འདུའི་སྙེ་མ།


KMC010_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

མར་ལུགས་བླ་མེད་རྒྱུད་སྡེ་སྤྱིའི་ཚོགས་མཆོད་ཀྱི་ཆོ་ག་ཡོངས་འདུའི་སྙེ་མ་ཞེས་བྱ་བ་བཞུགས་སོ། །


KMC010_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

མར་ལུགས་བླ་མེད་རྒྱུད་སྡེ་སྤྱིའི་ཚོགས་མཆོད་ཀྱི་ཆོ་ག་ཡོངས་འདུའི་སྙེ་མ་ཞེས་བྱ་བ། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་ལོ། །འཇིགས་བྱེད་ཧེ་རུ་ཀ་དཔལ་དགྱེས་པ་ཆེ། །འཁོར་ལོའི་འདྲེན་པ་རྣལ་འབྱོར་མས་འཁྱུད་དེ། །ས་གསུམ་ཁྱབ་པར་ཟག་མེད་བདེ་སྩོལ་མཛད། །བདག་གི་སྙིང་ལ་བདེ་ཆེན་གར་མཛོད་ཅིག །སྐད་ཅིག་འགྲོ་ལ་མཆོག་གི་དངོས་སྟེར་བ། །མིག་འཕྲུལ་ལྟ་བུའི་ཡེ་ཤེས་སྒྱུ་མ་ནི། །སྤྱོད་པའི་ཡན་ལག་ཉིད་དུ་བྱིན་བརླབས་པ། །ཚོགས་ཀྱི་འཁོར་ལོའི་བྱ་བ་མདོ་ཙམ་བཤད། །དེ་ལ་གཉིས། སྤྱོད་པའི་སྐབས་སུ་བྱ་བ་ཚོགས་ཀྱི་དཀྱིལ་འཁོར་གྱི་རིམ་པ་དང་། ལས་དང་པོ་པ་རྣམས་ཀྱིས་བསྒྲུབ་པར་བྱ་བའི་རིམ་པའོ། །དང་པོ་ལ་


KMC010_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། ཐུན་མོང་། ཐུན་མོང་མིན་པ། སྤྲོས་པ་དང་བཅས་པའི་གནས་སྐབས་སོ། །དེ་རེ་རེ་ལའང་གནས་དུས་རྣལ་འབྱོར་པ་དང་བྱ་བའི་རིམ་པ་ཐུན་མོང་དང་ཁྱད་པར་གྱི་རྣམ་དབྱེར་འབྱུང་བ་དག་ནི་འདིར་མི་སྤྲོ་བས། དགྱེས་རྡོར་བརྟག་པ་ཕྱི་མའི་ལེའུ་བདུན་པ་དང་། གདན་བཞི་མནྟྲ་ཨཾ་སའི་ཊཱི་ཀ་སོགས་ནས་ཇི་སྐད་བཤད་པའི་ཁུངས་དང་སྦྱར་བའི་རྣམ་གཞག་དང་ལག་ལེན་གྱི་རིམ་པ་གཞན་དག་ལས་ཤེས་པར་བྱའོ། །གཉིས་པ་ལ་ལྔ། དགོས་ཆེད། གནས། དུས་གང་ཟག །ལག་ལེན་ཏུ་བྱ་བའི་རིམ་པའོ། །དང་པོ་ནི། སྤྱིར་དབང་རྫོགས་པའི་གང་ཟག་གིས་རབ་ཉིན་རེ། འབྲིང་ཟླ་བ་རེ་རེ། །ཐ་མ་ལོ་རེ་རེ་ལ་ཚོགས་འཁོར་ལན་རེ་མ་བྱས་ན་བཟའ་བའི་དམ་ཚིག་ཉམས་པར་


KMC010_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཤིང་། ཁྱད་པར་དངོས་གྲུབ་བསྒྲུབ་པ་དང་དམ་ཚིག་ཉམས་པ་གསོ་བ། བར་ཆད་ཀྱི་བགེགས་བསལ་བ། ནད་ཞི་བ། བསོད་ནམས་ཀྱི་ཚོགས་གསོག་པ་སྟེ་རྣམ་པ་ལྔའི་དོན་ཏུ་ནན་ཏན་བྱ་བར་གསུངས་སོ། །གཉིས་པ་ནི། དུར་ཁྲོད་ལ་སོགས་པར་བརྩིགས་པའི་ཚོགས་ཁང་མཚན་ཉིད་དང་ལྡན་པའམ། མ་འབྱོར་ན་དབང་མ་ཐོབ་པའི་སྐྱེ་བོ་ཕོ་མོའི་སྤྱོད་ཡུལ་དུ་མ་གྱུར་བའི་གནད་དབེན་ཞིང་ཉམས་དགའ་བར་བྱ་སྟེ་གྲོང་པའི་མི་ནག་འདུས་པའི་དབུས་ལ་སོགས་པར་གསང་བའི་སྤྱོད་པ་བྱ་བ་ནི་ཚུལ་མ་ཡིན་ནོ། །གསུམ་པ་ནི། སྤྱིར་དབང་བསྐུར་བ་དང་སྒྲུབ་པའི་མཆོད་པ་ལ་སོགས་པའི་དུས་སུ་བྱ་ཞིང་། ཁྱད་པར་དུ། སློབ་དཔོན་རཏྣ་རཀྵི་ཏས། རྣལ་འབྱོར་ཀུན་སྤྱོད་ལ་སོགས་པ། འཁོར་ལོ་སྡོམ་པའི་རྒྱུད་ཀྱིས་ནི། །ནག་པོའི་ཕྱོགས་དང་དཀར་ཕྱོགས་ཀྱི། །བཅུ་པ་ལ་ནི་དེ་རབ་མཆོད། །ཡི་དྭགས་ཟླ་ཕྱེད་བཅུ་བཞི་དང་། དེ་བཞིན་ཏུ་ནི་བརྒྱད་པ་ལ། དཔལ་ལྡན་དགྱེས་མཛད་རྡོ་རྗེ་མཆོད། །དུས་ཀྱི་འཁོར་ལོ་ཉ་གཉིས་ལ། །གསང་བ་འདུས་པ་ཟླ་རེ་བཞིན། །ལྔ་བརྒྱད་བཅུ་དང་བཅུ་བཞི་དང་། དེ་བཞིན་བཅོ་ལྔ་ནག་ཕྱོགས་ལའང་། །ལྔ་སྟེ་དུས་ནི་བཅུ་རུ་འགྱུར། །དེ་དག་དུས་ཀྱི་ཁྱད་པར་རོ། །འདིར་ནི་རྟག་ཏུ་ཕུན་ཚོགས་སམ། །ཇི་ལྟར་འདོད་ཅིང་ཇི་ལྟར་ནུས། །གྲུབ་པར་ནུས་ན་ཉིན་རེའམ། །ལོ་ཟླ་ཀུན་ཏུ་བྱ་བའོ། །ཞེས་གསུངས་


KMC010_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དེ་དག་གིའང་མཚན་མོའི་ཆ་ཁོ་ན་མཁའ་འགྲོ་འདུ་བའི་ཁྱད་པར་གྱི་དུས་སོ། །བཞི་པ་ནི། རྣལ་འབྱོར་པ་དབང་ཐོབ་ཅིང་དམ་ཚིག་དང་ལྡན་ལ་བསྐྱེད་རྫོགས་གཉིས་ཀའམ་གང་ཡང་རུང་བ་ལས་སུ་རུང་ཞིང་། སྔགས་ཀྱི་ཀུན་སྤྱོད་ལ་ཐེ་ཚོམ་བྲལ་ཞིང་མ་དད་པ་མི་འབྱུང་བའི་འདུས་པ་དག་གིས་བརྩོན་པར་བྱ་བའོ། །ལྔ་པ་ལ་གཉིས། སྤྱིར་སྨོས་པ་དང་ལག་ལེན་དངོས་སོ། །དང་པོ་ནི། སྤྱིར་ཚོགས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་བཟའ་བཏུང་གི་ཚོགས་དང་ཀུནྡུ་རུའི་སྤྱོད་པས་གཟུང་འཛིན་བཅོམ་སྟེ་ཕྱི་ནང་གསང་བའི་ཧོ་ར་ཀ་དང་གྲུབ་པ་རྣམས་མཉེས་པའི་བྱེད་པས་འདོད་པའི་དོན་སྐད་ཅིག་ལ་འགྲུབ་པར་བྱེད་གཞིག་ལ་ཟེར་བས། མེད་དུ་མི་རུང་བ་ཤ་ལྔ་བདུད་རྩི་ལྔ་པོ་མཚོན་བྱེད་མཱ་ཱཾས་དང་མ་དཱ་ནའི་རྫས་ཙམ་ལ་བརྟེན་ཏེ་བསམ་གཏན་གྱིས་ནན་ཏན་དུ་བསྒྲུབ་པ་དང་། ཡིད་རིག་ཡེ་ཤེས་ཀྱི་ཕྱག་རྒྱ་ཙམ་ལ་བརྟེན་ཏེ་མོས་ངོར་རྣལ་འབྱོར་ཕོ་མོ་གྲངས་མཉམ་དུ་བྱས་ནས་སྙོམས་པར་ཞུགས་པ་དང་། ཐ་མལ་པའི་ངག་དང་འདུ་ཤེས་ཀྱི་ཀུན་རྟོག་སྤང་སྟེ་རྒྱུད་ལས་འབྱུང་བའི་བརྡ་དང་བརྡའི་མིང་གིས་མཚོན་ཅིང་ལྷ་སོ་སོའི་དཀྱིལ་འཁོར་པ་གཙོར་འཁོར་གྱི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་ནི་ངེས་པར་དགོས་སོ། །གཉིས་པ་ལ་གཉིས། ཚོགས་འཁོར་ཁོ་ན་དམིགས་སུ་བྱ་བ་དང་། དཀྱིལ་འཁོར་གཞན་དག་འབྲེལ་བའི་


KMC010_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སོ། །དང་པོ་ནི། ཡོ་བྱད་ཚོགས་པར་བྱས་ལ་སྔོན་འགྲོ་ནས་བདག་བསྐྱེད་བཟླས་པ་ལ་ཐུག་གི་བར་བྱས་ནས་དཀྱིལ་འཁོར་རང་ཉིད་ལ་བསྡུ། །གཞན་ནས་འབྱུང་བ་ལྟར་མཎྜལ་གྱི་ཆོ་གས་མདུན་བསྐྱེད་བསྒྲུབ། ཚོགས་བྱིན་བརླབས་ནས་ལྷག་མ་རྡོ་རྗེའི་གླུ་སྨོན་ལམ་ལ་ཐུག་གི་བར་བཏང་། མདུན་བསྐྱེད་ལ་མཆོད་བསྟོད་ནོངས་བཤགས་གཤེགས་བསྡུ་བཀྲ་ཤིས་སོགས་སྤྱི་ལྟར་བྱའོ། །གཉིས་པ་ནི། སྟེགས་བུ་སྟག་ལྤགས་ཀྱི་ཁེབས་དང་ལྡན་པའི་དབུས་སུ་མཎྜལ་ལ་ཆོས་འབྱུང་གཉིས་བརྩེགས་བྲིས་པའི་སྟེང་དུ་ཐོད་ཆུང་ལྔ་ལ་ཤ་ལྔ་བདུད་རྩི་ལྔའི་རིལ་བུ་ཕྱོགས་མ་ནོར་བར་བཀོད་པའམ། མ་འབྱོར་ན་ཐོད་པ་མཚན་ལྡན་ཆང་གིས་བཀང་བ་གཅིག་ལ་བདུད་རྩི་རིལ་བུའི་ཕབ་རྒྱུན་ཚད་ལྡན་བཏབ་པ་བཤམས་པའི་མཐའ་བསྐོར་དུ་བཟའ་བཏུང་བའི་རིགས་གྱུར་ཚོགས་ཀྱི་ཡོ་བྱད་ཅི་འབྱོར་བས་བསྐོར། དུད་སོལ་མའི་གཏོར་མ་སྤོས་མར་མེ་མེ་ཏོག་བཙུག་པའང་བཤམ། བདག་མདུན་ལ་སོགས་པའི་སྒྲུབ་མཆོད་ཟིན་ནས་ཚོགས་ཀྱི་ཆོ་གའི་སྐབས་སུ་བབ་པའི་ཚེ། བྱིན་བརླབས་བྱས་པའི་ནང་མཆོད་བྲན་ལ་ཆོ་ག་སོ་སོའི་གཏོར་ཆོག་ལྟར་བྱིན་གྱིས་བརླབ་སྟེ་ཇི་སྐད་དུ། རྡོ་རྗེ་ཐོད་པའི་སྦྱོར་བ་ལས། །སྐྱེ་བོ་གང་དང་གང་རྣམས་ཀྱི། །ཤ་ནི་མཁས་པས་བཟའ་བར་བྱ། །སེམས་ཅན་དེ་དེ་དབང་དུ་འགྱུར། །ཅེས་སོ། །དེ་ནས་ཚོགས་ཞིང་སྤྱན་འདྲེན་


KMC010_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བྱིན་རླབས་འབེབས་པ་ནི། གནས་རྡོ་རྗེ་བཙུན་མོའི་གསང་བ་ནས། །དཔལ་རྡོ་རྗེ་འཆང་ཆེན་གནས་འདིར་བྱོན། །གནས་གསང་བ་མཆོག་གི་དགྱེས་པ་ནས། །ཡུལ་ཡེ་ཤེས་མཁའ་འགྲོ་གནས་འདིར་བྱོན། །གནས་ཆོས་འབྱུང་ཐར་པའི་གྲོང་ཁྱེར་ནས། །བཀའ་བཞི་བརྒྱུད་པའི་བླ་མ༴ གནས་དག་པ་བདེ་སྟོང་མཁའ་སྤྱོད་ནས། །མདའ་བསྣུན་ཀླུ་སྒྲུབ་པ་ཡབ་སྲས༴ གནས་འཁོར་ལོ་གསུམ་གྱི་དཀྱིལ་འཁོར་ནས། །རྣལ་འབྱོར་དབང་ཕྱུག་ཏཻ་ལོ༴ ཡུལ་དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔའ་བོ་ཆེན་པོ་ནཱ་རོ༴ རི་མེ་ལྟར་འབར་བའི་དུར་ཁྲོད་ནས། །མངའ་བདག་མཻ་ཏྲི་གུཔྟ༴ ནུབ་དུ་ལཀྵེ་ཏྲའི་དགོན་པ་ནས། །པཎ་ཆེན་ཡེ་ཤེས་སྙིང་པོ༴ ལྷོ་ཧ་ལ་པ་ཊའི་མཚོ་ངོགས་ནས། །ནག་པོ་ཤཱནྟི་བྷ་དྲ༴ གནས་སོ་ས་གླིང་གི་དུར་ཁྲོད་ནས། །ཌཱ་ཀི་མི་རུས་རྒྱན་ཅན༴ ཡུལ་ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །རྗེ་ལྷོ་བྲག་ཆེན་པོ༴ ཤར་སེང་གེ་ལྟ་བུའི་ཀ་


KMC010_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པ། །དོལ་གྱི་མཚུར་སྟོན་དབང་ངེ་༴ རིམ་ལྔའི་ལམ་གྱི་ཤི་རྟ་བ། །རྗེ་འཁོན་སྟོན་ཡབ་སྲས༴ ལྷོ་རྒྱ་སྟག་ལྟ་བུའི་ཀ་ཆེན་པ། གཞུང་གི་རྔོག་སྟོན་ཆོས་རྡོར༴ བཤད་བརྒྱུད་བཀའ་བབ་ཧེ་རུ་ཀ །རྗེ་མདོ་སྡེ་ཡབ་སྲས༴ ནུབ་ཁྱུང་ཆེན་ལྟ་བུའི་ཀ་ཆེན་པ། །གཙང་རོང་མེས་སྟོན་ཚོན་པོ༴ འོད་གསལ་གྱི་སྣང་བ་སྦ་མཛད་པ། །རྗེ་ཞང་སྟོན་ཡབ་སྲས༴ བྱང་རྒོད་པོ་ལྟ་བུའི་ཀ་ཆེན་པ། །གུང་ཐང་མི་ལ་རས་ཆེན་གནས་འདིར་བྱོན། །སྒྲུབ་བརྒྱུད་ཀྱི་ཆུ་བོ་མཁའ་ཁྱབ་འདྲེན། །དགེ་སློང་འཚོ་བྱེད་ཡབ་སྲས་གནས་འདིར་བྱོན། །སྣང་སྲིད་ཟིལ་གནོན་གྱི་རྫུ་འཕྲུལ་ཅན། །གྲུབ་ཐོབ་ཀརྨ་པཀྴི་གནས་འདིར་བྱོན། །མཁའ་སྤྱོད་བཙུན་མོའི་ཚོགས་ཁང་ནས། །རྗེ་རང་བྱུང་ཡབ་སྲས་གནས་འདིར་བྱོན། །ཁ་སྦྱོར་ལོངས་སྤྱོད་ཁང་བརྩེགས་ནས། །གར་དབང་སྤྲུལ་པའི་སྐུ་མཆོག༴ གནས་རྟག་བརྟན་རྡོ་རྗེའི་གྲོང་ཁྱེར་ནས། །གསང་བདག་ཏཱ་ར་ནཱ་ཐ་གནས་འདིར་བྱོན། །


KMC010_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བདེ་ཆེན་པདྨོ་བཀོད་པ་ནས། །གྲུབ་བརྙེས་ཆགས་མེད་ཡབ་སྲས༴ སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ནས། །ཀུན་མཁྱེན་བསྟན་པའི་ཉིན་བྱེད༴ དཔལ་པདྨ་འོད་ཕུང་འཁྱིལ་བ་ནས། །པདྨ་ཉིན་བྱེད་དབང་པོ༴ རིས་མེད་མཁས་གྲུབ་ཚང་དབུས་ནས། །རྗེ་བློ་གྲོས་མཐའ་ཡས་༴ སྣང་སྲིད་ཟིལ་གནོན་གྱི་ཕྲིན་ལས་ཅན། །བྱམས་མགོན་པདྨ་དབང་མཆོག་༴ རྗེ་འགྲོ་བའི་མགོན་པོ་འཛམ་གླིང་རྒྱན། །རྒྱལ་དབང་རིག་པའི་རྡོ་རྗེ་༴ གང་འདུལ་སྤྲུལ་པའི་ཕོ་བྲང་ནས། །དྲིན་ཆེན་རྩ་བརྒྱུད་བླ་མ༴ ཨེ་བྃ་ཟུང་འཇུག་གཞལ་ཡས་ནས། །བཅོམ་ལྡན་དཀྱིལ་འཁོར་ལྷ་ཚོགས༴ གནས་ཡུལ་དུར་ཁྲོད་ཞིང་རྣམས་ནས། །དཔའ་བོ་རྣལ་འབྱོར་མ་ཚོགས༴ བདུད་འདུལ་ཕྲིན་ལས་ཕོ་བྲང་ནས། །དཔལ་མ་མགོན་ལྕམ་དྲལ་གནས་འདིར་བྱོན། །ཁྱེད་བཀའ་བརྒྱུད་རྣམས་སྐུ་ལ་གཟི་བརྗིད་འབར། །སྐུ་མི་བཟོད་ཆགས་པའི་ཉམས་དང་ལྡན། །ཁྱེད་གྲུབ་ཐོབ་


KMC010_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གསུང་ལ་རྡོ་རྗེའི་གླུ། །བརྗོད་མེད་ནཱ་དའི་སྒྲ་རུ་འབར། །ཁྱེད་བླ་མ་རྣམས་ཐུགས་བདེ་ཆེན་གྱིས་མྱོས། །དེ་མྱོས་པས་བདུད་རྩི་ཆར་དུ་བབ། །དེ་བབས་པས་སྣོད་བཅུད་ཚོགས་སུ་གྱུར། །ཚོགས་དེ་ལ་ཡེ་ཤེས་ཀྱི་མཆོད་སྦྱིན་གྱུར། །དེ་མྱོང་ཙམ་ཕྱག་ཆེན་གྱི་དངོས་གྲུབ་ཐོབ། །བཟའ་བཏུང་ལ་བཅུད་ཅིག་དེ་ན་གདའ། །ཕ་བཀའ་བརྒྱུད་ལ་མཆོད་པ་འབུལ་སྙིང་འདོད། །དུས་དེ་ཙ་ན་གདུང་ཤུགས་མེ་ལྟར་འབར། །དེ་ནས་ལས་ཀྱི་རྡོ་རྗེས་སློབ་དཔོན་ནས་བཟུང་། ཐམས་ཅད་ཀྱི་གནས་གསུམ་དུ་དྲིའི་ཐིག་ལེ་འབུལ། མེ་ཏོག །སྤོས། དྲི་ཆབ། ལྷབ་ཤོས། མར་མེ། དྲིལ་བུའི་སྒྲས་མཆོད་ཅིང་། དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་དང་། ཕྱོགས་དུས་ཀུན་གྱི་མཆོད་རྫས་བཟང་དགུ་རྣམས། །བླ་མ་རྒྱལ་བ་སྲས་དང་བཅས་ལ་འབུལ། །མཁའ་ཁྱབ་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ༀ་ཨཱཿཧཱུྃ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་ཏུ། དྷཱུ་པེ། གནྡྷེ། ནཻ་བིདྱ། ཨཱ་ལོ་ཀེ །ཤབྡ། སྦྱར། ལས་ཀྱི་རྡོ་རྗེས་སློབ་དཔོན་


KMC010_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་བྱས་ཏེ་པད་ཀོར་སྔོན་དུ་འགྲོ་བས། །གཡས་ཐོད་པ་མ་དཱ་ནས་གང་བ་སོགས་ཚོགས་ཀྱི་ཡོ་བྱད་བཟུང་། གཡོན་རྩེ་གསུམ་གྱི་ཕྱག་རྒྱ་བསྟན་ལ། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་ཕག །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཞེས་བརྗོད་ལ་རིམ་པ་དྲང་། །ལེན་པ་པོས་ཀྱང་པད་ཀོར་བཅས། རིན་ཐང་མེད་ལས་ལེགས་འོངས་ཆོས། །འདོད་ཆགས་དྲི་མ་དང་བྲལ་ཞིང་། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་ཁོ་ན་ཉིད་ལ་བདག་ཕྱག་འཚལ། །ཞེས་བླངས། མཐེབ་སྲིན་སྦྱར་བས་སྤྱི་བོར་བླ་མ། །མགྲིན་པར་བདུད་རྩིའི་ལྷ་མོ། །སྙིང་གར་ཡེ་ཤེས་སེམས་དཔའ་མཆོད་པར་མོས་ལ། ༀ་ཨཱཿཧཱུྃ། ལན་གསུམ་གྱི་བདུད་རྩིའི་ཐིགས་གཏོར་འབུལ། །དེ་ནས་སེམས་ཀྱི་རྒྱལ་པོ་ཨ་ཡོད་པ་ལ་མཆོད་པར་བསམ་ལ་བཏུང་། །ཐམས་ཅད་ཀྱི་ཕུད་བསྡུས་ལ་ཆ་གཉིས་སུ་བྱས་པ་གཡོན་དང་གཡས་སུ་བཞག་ནས་ཡི་དམ་དང་ཆོས་སྐྱོང་ལ་འབུལ་བར་བཤད་པས། །ད་ལྟའི་ལག་ལན་ཏུ་ཆ་དང་པོ་ཤིན་ཏུ་ཕུད་ཡི་དམ་དང་། ཆ་གཉིས་པ་ཕུད་ལྷག་ཆོས་སྐྱོང་གི་གཏོར་མ་ལ་བསྟབ། །ཆོས་སྐྱོང་ལ་བསྟབ་པའི་ཕུད་ལྷག་ཆ་ཤས་


KMC010_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་དུ་བཞག་པ་ཕྱོགས་སྐྱོང་སོགས་ལ་སྦྱིན། །དེའང་གཞུང་སོ་སོའི་གཏོར་ཆོག་གམ་བདུད་རྩིའི་མཆོད་པ་ལྟར་བྱིན་གྱིས་བརླབ་ཅིང་དཀྱིལ་འཁོར་བ་ལ་འབུལ། །འཇིག་རྟེན་པ་ལ་ཕུད་གཏོར་སོ་སོའི་ཆོ་ག་ལྟར་གཏང་། དེ་ནས་ལོངས་སྤྱོད་དེ། ཌོམྦི་བས། །དེ་ནས་རྣལ་འབྱོར་པ་རྣམས་ཀྱིས། །ཆུ་གནས་སུ་ནི་རཾ་ལས་ཀྱང་། །འབར་བའི་ཁུང་བུ་འོད་འབར་བསམ། དེ་ནང་པཾ་ལས་ཆུ་སྐྱེས་གདན། དེ་སྟེང་ལྷ་ཡི་དཀྱིལ་འཁོར་བསམ། ཁ་ནི་ཧོམ་ཁུང་རབ་བསམས་ཏེ། ལག་གཉིས་ཧཱུྃ་ལས་རྡོ་རྗེ་ཡི། །གཟར་བུ་གཉིས་སུ་ཡང་དག་བསྒོམ། ཞེས་དང་། གཟར་བུས་བདུད་རྩི་བླངས་ནས་ནི། འབར་བའི་ནང་དུ་བསྲེག་པར་བྱ། །ཞེས་གསུངས་པ་ལྟར་ནང་གི་སྦྱིན་སྲེག་གི་ཚུལ་དུ་རོལ་ཞིང་། ཡེ་རྒྱ་དང་སྙོམས་པར་འཇུག་པའི་བདེ་བ་བསྒོམ་ལ། ཀོལླ་ཨི་རེ་ཊཱ་ཨཱ་པོལླ་སོགས་སམ། དེ་བོད་སྐད་དུ་བསྒྱུར་བ། པདྨ་ལ་ནི་རྡོ་རྗེ་གནས། །སོགས་རྡོ་རྗེའི་གླུ་ལེན། རྡོ་རྗེ་འཛིན་སོགས་ཕྱག་འཚལ་ལོ། །ཁྱོད་ལ་རབ་ཏུ་དད་པ་ཡིས། །མཆོད་པའི་ཚོགས་ནི་རབ་ཕུལ་བས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །འཁོར་བའི་སྡུག་བསྔལ་སྤངས་ནས་ཀྱང་། །བདེ་ཆེན་རྡོ་རྗེ་འཛིན་རྒྱལ་ཤོག །ཅེས་སོགས་སྨོན་ལམ་གདབ།


KMC010_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་བསྡུས་ལ་ཆ་གཉིས་སུ་བྱས་པའི་ཆ་དང་པོ་དུད་སོལ་མ་ལ་འབུལ་བར་བཤད་ཀྱང་རྣལ་འབྱོར་པ་རྟོག་པ་དམན་ན་གོང་གི་ཕུད་ལྷག་འབུལ་བ་ཕྱག་ལེན་ཡིན་པས། འབར་བའི་ཕྱག་རྒྱ་བསྟན། ཕུར་གཏོར་བདུད་རྩིས་བྲན་ལ། ༀ་བྷྱོ་བཏྟ་ལི་བཏྟ་ལི་བ་ཏ་ལིཙྪེ་ཞེས་བརྗོད་ལ། །ལྷ་མོ་ཞལ་གཅིག་ཕྱག་བཞི་མ་བོང་བུ་གྭ་པ་ལ་ཞོན་པ་སྤྱན་དྲངས་ལ། ༀ་ཀུ་རུ་ཀུ་རུ་བཏྟ་ལི་མ་ཧཱ་བཏྟ་ལི། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། དམ་ཚིག་སྲུང་མ་ཁྲག་དགའ་མོ། །ཀཱི་ལིའི་སྒྲ་སྒྲོགས་སྦྱོར་ཟིན་མ། དུར་ཁྲོད་རོ་ཡི་ཚལ་དབུས་ན། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་གསོལ་མ། གསོལ་ཞིག་བཞེས་ཤིག་དམ་ཚིག་ལྷ། །གནས་ནས་གནས་སུ་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། དེ་ནི་ཁྱོད་ཀྱིས་གྲུབ་པར་གྱིས། །བདག་གི་ལས་འདི་ཅི་བྱེད་ཀྱང་། དེ་ལ་ཀུན་གྱིས་གྲོགས་གྱིས་ཤིག །ཞེས་ཕྲིན་ལས་བཅོལ་ལ། ༀ་གྷྲྀཧྣ་གྷྲྀཧྣ་སརྦ་དུཥྚ་ནཱཾ་བྷཀྵ་ཕེཾ་ཕོཾ་ཕེཾ་ཕཊ་སྭཱ་


KMC010_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། ཞེས་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་མཆེ་བའི་ཚུལ་གྱིས་ཁའི་འགྲམ་བཞག་ལ་གཤེགས་སུ་གསོལ་ལོ། །ཤིན་ཏུ་ལྷག་མ་རྣམས་སྣོད་གཅིག་ཏུ་བསགས། ཆུ་གཙང་གིས་བྲན་ལ། ༀ་ཨ་ཀཱ་རོ་སོགས་ཀྱི་བྱིན་གྱིས་བརླབ། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུ་ཙྪིཥྚི་ཙྪིནྡ་བྷིནྡ་ས་ནེ་ཧཱུྃ་སྭཱ་ཧཱ། ཞེས་རོལ་མོའི་སྒྲ་དང་བཅས་ཕྱི་རོལ་དུ་འབྱུང་པོ་རྣམས་ལ་སྦྱིན་ཞིང་དྲག་སྔགས་ཀྱིས་མཚམས་བཅད། །སྒོ་དྲུང་དུ་གཏོར་སྐྱེལ་ལ་མར་མེ་དང་མེ་ལོང་བསྟན། ཆུ་གཙང་ཁར་སྦྱིན། དཀྱིལ་འཁོར་གྱི་རྗེས་ཀྱི་བྱ་བ་རང་གཞུང་ལྟར་བྱས་པས་འགྲུབ་བོ། །དེ་ལ་བཟའ་བཏུང་གིས་ལུས་ལྷ་མཆོད་པ་ཕྱི། ཀུནྡུ་རུས་རྩ་ཁམས་ཀྱི་ལྷ་མཆོད་པ་ནང་། གཟུང་འཛིན་བཅོམ་པས་དེ་ཁོ་ན་ཉིད་ཀྱི་ལྷ་མཆོད་པ་ནི་གསང་བ་སྟེ་ཚོགས་འཁོར་རྣམ་པ་གསུམ་ཆབས་ཅིག་ཏུ་བསྒྲུབ་པ་ནི་མཚན་ཉིད་དང་ལྡན་པ་ཡིན་པས་ཇི་སྐད་བཤད་པའི་ལས་དང་དངོས་གྲུབ་ཐམས་ཅད་འགྲུབ་ལ། ནང་དང་གསང་བའི་འཁོར་ལོར་འདུ་བར་མི་ནུས་པས་ནི་བཟའ་བཏུང་སོགས་རྒྱ་ཆེན་པོས་མཆོད་ཅིང་བསྒྲུབས་ཀྱང་ཁ་ཟས་ཀྱི་རྣལ་འབྱོར་ཙམ་དུ་འགྱུར་རོ། །དེ་དག་གི་སྐབས་སུ་ཤེས་པར་བྱ་བ་གལ་པོ་ཆེ་དཔལ་ནཱ་རོ་ཞབས་ཀྱིས་ཚོགས་ཀྱི་འདུ་བ་བསྒྲགས་པས་གསུངས་པའི་རྣམ་བཞག་བཅོ་ལྔ་ནི། དགེ་སློང་དང་བྲམ་ཟེ་ཡིན་ཀྱང་བརྟུལ་ཞུགས་དང་རིགས་ཀྱི་རྟོག་པ་མི་རུང་། །མ་


KMC010_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སྲིང་དང་ཤ་ཟ་ཡིན་ཀྱང་ངོ་ཚ་དང་འཇིགས་པའི་རྟོག་པ་མི་རུང་། དམ་ཚིག་གི་རྫས་ལ་མི་གཙང་བའི་རྟོག་པ་མི་རུང་བ་སྟེ་མི་བྱ་བ་གསུམ། །རྡོ་རྗེ་འཛིན་པ་དང་ལས་རྡོར་ལ་མིང་གཞན། རྡོ་རྗེ་སྤུན་ལ་བླ་དྭགས་ཀྱི་མིང་། དམ་རྫས་ལ་ཐ་མལ་གྱི་མིང་ནས་བཟུང་སྟེ་མི་འབོད་པ་གསུམ། ལུས་ལྷ། ངག་སྔགས། སེམས་ཆོས་ཉིད་དེ་མི་འབྲལ་བ་གསུམ། བྱ་བའི་དུས། བྱས་པའི་གྲགས་པ། ཇི་ལྟར་བྱ་བའི་ཚུལ་གསང་བ་སྡེ་གསང་བ་གསུམ། ཚོགས་གྲལ་དུ་མ་བསྡད་པ་ལ་མི་སྦྱིན། རང་གིས་བྱིན་གྱིས་བརླབས་པ་གཞན་ལ་མི་སྦྱིན། །ལྷག་མ་ཁྱི་དང་བྱ་རོག་ལྟ་བུ་གསོ་བའི་ཕྱིར་དུ་མི་སྦྱིན་པ་སྟེ་མི་སྦྱིན་པ་གསུམ་རྣམས་འབད་པས་བསྲུང་ཤིང་། ཚོགས་གྲལ་དུ་རྩོད་པ་དང་ཀུ་ཅོ་བག་མེད་ཀྱི་སྤྱོད་པ་སྤང་ཞིང་ཇི་ཙམ་འདོད་པ་ལོངས་སྤྱོད་པའི་ཟོས་ལྷག་གཞན་དུ་ཁྱེར་མི་རུང་བས་དེ་ཉིད་དུ་ལྷག་གཏོར་ལྟོས་མེད་དུ་བཏང་དགོས་པར་གསུངས། །རྡོ་རྗེ་ཐེག་པའི་རྣལ་འབྱོར་པས་ཚོགས་ཀྱི་འདུ་བ་ཚུལ་བཞིན་དུ་སྤྱད་བ་ནི་འདུས་བྱས་ཀྱི་བསོད་ནམས་ཐམས་ཅད་ལས་མཆོག་གམ་ཕུལ་དུ་གྱུར་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔགས་ཀྱི་དངོས་གྲུབ་ཆེན་པོ་མྱུར་དུ་འགྲུབ་པའི་ཉེ་རྒྱུར་བྱེད་པ་ནི་རྡོ་རྗེ་འཆང་གི་གསང་ཚིག་གོ །ཚོགས་གཉིས་གཏེར་ལྡན་རྒྱ་མཚོ་འདི་འཁྱིལ་བས། །ཐར་བའི་དབུལ་བ་སྲིད་ན་མི་གནས་པར། །གསང་བའི་


KMC010_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པས་རོལ་བའི་རྒྱལ་ས་ན། །ཧེ་རུ་ཀ་དཔལ་འཕྲུལ་གྱིས་དབང་བྱེད་ཤོག །ཅེས་པའང་རྔོག་དཀྱིལ་རྣམས་དང་འདུས་པ་སོགས་མར་ལུགས་བླ་མེད་ཀྱི་དཀྱིལ་འཁོར་སྤྱིའི་ཆ་ལག་ཏུ། །རྔོག་པའི་བཞེད་གཞུང་གཞིར་བཞག །ཀཾ་ཚང་བརྒྱུད་པའི་ཕྱག་བཞེས་ཀྱིས་ཟུར་བརྒྱན་ཏེ་རྣལ་འབྱོར་མོས་པས་སྤྱོད་པ་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་དབེན་ཁྲོད་དུ་བགྱིས་པ་དགེ་ལེགས་འཕེལ། །སརྦ་མངྒ་ལཾ། ཞེས་པ་འདིའང་མདོ་ཁམས་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་པར་དུ་བསྒྲུབས་པའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousམར་ལུགས་བླ་མེད་རྒྱུད་སྡེ་སྤྱིའི་ཚོགས་མཆོད་ཀྱི་ཆོ་ག་ཡོངས་འདུའི་སྙེ་མ།next