Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
རྔོག་དཀྱིལ་ཚོགས་མཆོད་འདོན་བསྒྲིགས་དཔལ་ཀརྨ་ཀཾ་ཚང་གི་ཕྱག་བཞེས་ལྟར།
   
   
   
   
   
   
   


 
previousརྔོག་དཀྱིལ་ཚོགས་མཆོད་འདོན་བསྒྲིགས་དཔལ་ཀརྨ་ཀཾ་ཚང་གི་ཕྱག་བཞེས་ལྟར།next

རྔོག་དཀྱིལ་ཚོགས་མཆོད་འདོན་བསྒྲིགས་དཔལ་ཀརྨ་ཀཾ་ཚང་གི་ཕྱག་བཞེས་ལྟར།


KMC010_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭ་སྟི། རྔོག་དཀྱིལ་ཚོགས་མཆོད་འདོན་བསྒྲིགས་དཔལ་ཀརྨ་ཀཾ་ཚང་གི་ཕྱག་བཞེས་ལྟར་ན། དགྱེས་རྡོར་ལ། ཚོགས་བྱིན་རླབས་སྔོན་གཏོར་ལྟར་བྱ། གནས་རྡོ་རྗེ་ནས། ཤབྡ་ཨཱཿཧཱུྃ་སྭཱ་ཧཱ་བར། ཚོགས་ཕུད་གཏོར་མ་ལ་སྤྲོན་ཏེ་སླར་ཡང་བྱིན་རླབས་གོང་ལྟར་དང་། ཕྱོགས་བཅུ་དུས་གསུམ་གྱི་ནས། མ་ཧཱ་ཀཱ་ལི་ཡེ་ༀ་ཨཱཿཧཱུྃ་བར་བདུད་རྩི་མྱང་བའི་སྐབས་ལྟར་ཆུ་གཉིས་ཉེར་སྤྱོད། གཽ་རཱི་བརྒྱད། ཁྱོད་ནི་རྣལ་འབྱོར་མ་སོགས་ཀྱིས་བསྟོད། དེ་ནས་དུད་སོལ་མའི་གཏོར་ཆོག་ཚང་བར་འདོན། དེ་མཚམས། ༀ་ཨིནྡ། ཛ་མ་སོགས་ནས། ཡིད་ལ་འདོད་པ་ཀུན་རྫོགས་ཤོག་གི་བར། ཚོགས་འབུལ་ལེན་བྱ། རྡོ་རྗེའི་གླུ། སྨོན་ལམ། ཕུད་ལྷག་ཤིན་ཏུ་ལྷག་མ་བཏང་ནས་མཐར་དབྱུང་ངོ་། །རྔོག་དཀྱིལ་གཞན་ལའང་དེས་རིགས་འགྲེ་སྟེ། ༈ གསང་འདུས་ལ། བྱིན་རླབས་ནང་མཆོད་ལྟར། གནས་རྡོ་རྗེ་སོགས། ཚོགས་ཕུད་གཏོར་མར་སྤྲོ་ན། སླར་ཡང་བྱིན་རླབས། ལྷ་རྣམས་ཀྱི་ལྗགས་སོགས། རྡོ་རྗེ་འཆང་ཆེན་སོགས་ནས། ༀ་སརྦ་དྷརྨ་པཱ་ལ་སོགས་ཀྱི་བར། ཆུ་བཞི་ཉེར་སྤྱོད། འདོད་ཡོན་བཅས་སྔགས་མཆོད། དེ་ཉིད་ལྔ་པས་བསྟོད། ༀ་ཨཱཿཧཱུྃ་ཨི་དཾ་སྠཱ་ན་སོགས་ནས། ཞི་དང་བཀྲ་ཤིས་མཛད་དུ་གསོལ།


KMC010_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱའི་བར། འབུལ་དྲངས་ཡན་སྔར་ལྟར་ལ་རྡོ་རྗེའི་གླུ་དགྱེས་རྡོར་ནས་བླང་ངོ་། ༈ །མཱ་ཡཱ་ལ། ནང་མཆོད་ལྟར་བྱིན་བརླབ། གནས་རྡོ་རྗེ་སོགས། ཚོགས་ཕུད་ཕུལ་ནས་སླར་ཡང་བྱིན་བརླབ། དཀྱིལ་ཆོག་ལྟར། ཧེ་རུ་ཀ་དཔལ་སོགས་ནས། རྩ་བརྒྱུད་བླ་མའི་ཞལ་དུ་ༀ་ཨཱཿཧཱུྃ། སྒྲུབ་ཐབས་ལྟར། ༀ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་པྲ་ཏཱིཙྪེ་མཾ་ནས། མཆོད་བསྟོད། སྣ་ཚོགས་མཁའ་འགྲོར་ཕྱག་འཚལ་བསྟོད། བར། ༀ་ཨཱཿཧཱུྃ། གནས་བདག་གཞི་བདག་ནས། ཀུན་འགྲུབ་མཛོད། བར། ཚོགས་འབུལ་དྲངས་ཡན་སྔར་ལྟར་རོ། །ཞེས་པ་འང་གུ་ཎས་སོ། །དགེ་ལེགས་འཕེལ།། །།རྡོ་རྗེའི་གླུ་ནི། པདྨ་ལ་ནི་རྡོ་རྗེ་གནས། །པདྨ་ཉིད་ནི་ཞིང་ཡིན་ནོ། །རྒྱུན་ཏུ་ཅང་ཏེའུ་བརྡུང་བྱ་སྟེ། །སྙིང་རྗེས་ཀུ་ཅོ་བསྒྲག་མི་བྱ། །དེ་རུ་སྟོབས་ལྡན་འབད་པས་བཟའ། །ཆང་ཡང་མང་པོ་བཏུང་བར་བྱ། །གྲོགས་པོ་སྐལ་ལྡན་གཞག་པར་བྱ། །སྐལ་པ་མེད་པ་རྣམ་པར་སྤང་། །བཞི་མཉམ་གླ་རྩི་སིཧླ་དང་། །ག་པུར་རྣམས་ཀྱིས་བྱུགས་པར་བྱ། །དེར་ནི་ཚོད་མ་ཤ་ཆེན་གྱིས། །བཀང་བ་དག་ཀྱང་བཟའ་བར་


KMC010_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །འགྲོ་དང་འོང་བ་འགོག་མི་བྱེད། །དག་དང་མ་དག་བསམ་མི་བྱ། །རུས་པའི་རྒྱན་གྱིས་ལུས་ལ་བརྒྱན། དེ་རུ་རོ་ནི་གཞུག་པར་བྱ། །འདུས་ཕྱིར་གཉིས་ནི་སྦྱོར་བ་བྱ། །དེར་ནི་རིག་མིན་སྤང་མི་བྱ། །ཞེས་དབྱངས་དང་བཅས་ཏེ་བྱའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousརྔོག་དཀྱིལ་ཚོགས་མཆོད་འདོན་བསྒྲིགས་དཔལ་ཀརྨ་ཀཾ་ཚང་གི་ཕྱག་བཞེས་ལྟར།next