Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
དགྱེས་པ་རྡོ་རྗེའི་བསྙེན་པའི་ཟུར་འདེབས།
   
   
   
   
   
   


 
previousདགྱེས་པ་རྡོ་རྗེའི་བསྙེན་པའི་ཟུར་འདེབས།next

དགྱེས་པ་རྡོ་རྗེའི་བསྙེན་པའི་ཟུར་འདེབས།


KMC010_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པ་རྡོ་རྗེའི་བསྙེན་པའི་ཟུར་འདེབས་བཞུགས་སོ། །


KMC010_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འདི་ཉིད་ཀྱི་བསྙེན་པ་བཏང་བའི་སྐབས་དམིགས་པའི་སྤྱི་གཞུང་བསྙེན་ཡིག་ལྟར་ལ། དེར་མ་སྨོས་པའི་དམིགས་པ་དང་ངག་འདོན་སྤེལ་མས་ཁ་སྐོང་བར་འོས་པ་ནི། ནང་མཆོད་བྱིན་རླབས་ཀྱི་ཐོག་མར། བདག་ཉིད་ལས་ཀྱི་ཧེ་རུ་ཀར་སྐད་ཅིག་གིས་གསལ་བ་ནི། སྣ་ཚོགས་པདྨའི་ཟེའུ་འབྲུར་རོའི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའི་བཅོམ་ལྡན་འདས་ཀྱི་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་། གཡོན་ཐོད་པ་འཛིན་ཅིང་།


KMC010_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པའི་གྲུ་མོར་ཁ་ཊྭཱཾ་ག་དང་ལྡན་པ། དབུ་སྐྲ་སེར་པོ་གྱེན་ཏུ་བརྫེས་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྤྱན་གསུམ་པ། ཞལ་མཆེ་བ་གཙིགས་པ། ཕྱག་རྒྱ་དྲུག་གིས་བརྒྱན་པའི་སྤྱི་བོར་ཟླ་བའི་སྟེང་དུ་སོགས་སྦྲེལ། ནང་མཆོད་བསངས་སྦྱང་། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་དུད་ཁ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་ཟུར་མདུན་ལ་བསྟན་པའི་ཟུར་གསུམ་དུ་ༀ་ཨཱཿཧཱུྃ་དཀར་དམར་


KMC010_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་གསུམ་ལས་མི་མགོའི་སྒྱེད་བུ་སོ་སོའི་མདོག་ཅན་གསུམ། དེའི་སྟེང་དུ་ཨ་དཀར་པོ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་སུ་ཧཱུྃ་སྔོན་པོ་ལས་དྲི་ཆུ། ཤར་དུ་བུཾ་དཀར་པོ་ལས་དྲི་ཆེན། ལྷོར་ཨཱཾ་སེར་པོ་ལས་རཀྟ། ནུབ་ཏུ་ཛྲིཾ་དམར་པོ་ལས་ཁུ་བ། བྱང་དུ་ཁཾ་ལྗང་གུ་ལས་ཤ་ཆེན། ཤར་ལྷོར་ལཾ་དཀར་པོ་ལས་བ་ལང་གི་ཤ །བདེན་བྲལ་དུ་མཾ་སྔོན་པོ་ལས་ཁྱིའི་ཤ །རླུང་དུ་པཱཾ་དམར་པོ་ལས་གླང་པོ་ཆེའི་ཤ །དབང་ལྡན་དུ་ཏཱཾ་ལྗང་གུ་ལས་རྟའི་ཤ །དབུས་སུ་བཱཾ་སྔོན་པོ་ལས་ཀླད་པ་སྟེ་བདུད་རྩི་ལྔ་དང་། ཤ་ལྔར་གྱུར་སོགས་དང་། གཡས་སྐོར་དུ་ཨཱ་ལི་དཀར་པོ། གཡོན་སྐོར་དུ་ཀཱ་ལི་དམར་པོ་ཡོངས་སུ་གྱུར་པའི་ཞེས་སྦྲེལ། སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་ཞེས་པའི་མཚམས་སུ། རྔོག་ཞེ་སྡང་རྡོ་རྗེ་ཆོ་ག་ཉི་ཤུ་པར་སྙན་བརྒྱུད་ཀྱི་མན་ངག་གསལ་པར་མཛད་པ་ཉིད་མཚོ་སྐྱེས་ཀྱི་དགོངས་པ་ཡིན་པས་མཆད་པར་བྱ་དགོས་ཏེ། ནམ་མཁའི་ཧེ་རུ་ཀ་ཡབ་ཡུམ་སྙོམས་པར་ཞུགས་


KMC010_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐིག་ལེ་དཀར་དམར་བདག་གི་ལྕེ་ཐོག་ཏུ་བཞག །ལྷ་མོ་རེག་བྱ་རྡོ་རྗེ་མ་བདག་ཉིད་ལ་གཏད་ནས་སྙོམས་པར་ཞུགས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས། ཡེ་ཤེས་འདི་ནི་ཆེས་གྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡིན་པ། །ཞེས་ཆོས་ཐམས་ཅད་སྟོང་ཉིད་འོད་གསལ་དུ་གཏན་ལ་འབེབས་པའི་ཚིགས་སུ་བཅད་པས་ངོ་སྤྲོད་བསྩལ་བར་གྱུར། ༀ་སརྦ་ཏ་ཐཱ་སོགས་སྔགས་རྒྱས་གདབ། ཐུན་བཞིའམ་གསུམ་གང་བྱེད་ཀྱང་སྔ་མ་ལ་བདུད་རྩི་མྱང་བ་ནས་བསྔོ་སྨོན་བར་རྫོགས་པར་བཏང་། ཕྱི་མ་རྣམས་ལ་མཆོད་ཁ་གསོས་ཏེ་མཆོད་པ་བྱིན་རླབས་མན་ཆད་བསྐྱང་བ་ལས། བླ་མ་དག་པའི་གསོལ་འདེབས་བསྒྱུར། ཧེ་བཛྲ་ནས་འཇུག །ཡན་ལག་བདུན་པ་ཚིག་ལྷུག་གྲུབ་ཆེན་མཚོ་སྐྱེས་གསུམ་མར་རྔོག་ཞལ་རྒྱུན་ཡིན་པ་དང་། དཀོན་མཆོག་གསུམ་སོགས་རྒྱུད་ཚིག་མར་པའི་འགྱུར་ཡིན་པས་དེ་གཉིས་འདོན་རེས་བྱ། སྲུང་འཁོར་སྔགས་ཐུན་དང་པོ་ཉེར་གཅིག་ཙམ་དང་། ཕྱི་མ་རྣམས་ལ་གསུམ་རེ་ཙམ་བྱ། བདུད་རྩི་འབུལ་བའི་སྐབས། བཅོམ་ལྡན་འདས་


KMC010_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་དྲུག་པ་ནས། རྩ་བརྒྱུད་བླ་མའི་བར་བསྐྱུར། སྲོད་ཀྱི་ཐུན་མཐར་དུས་བཟང་སོགས་ལ་ཚོགས་དང་། དཀྱུས་སུ་རྔོག་ལུགས་གུར་མགོན་དང་དུད་སོལ་མའི་གཏོར་འབུལ་མ་ཆད་པར་བྱ། གཏོར་ཆོག་ཀྱང་ནུས་ན་རྒྱས་པར་གལ་ཆེ་བས་དེའི་ཚུལ་ནི། མདུན་གྱི་ནམ་མཁར་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པའི་ནང་གི་དབུས་དང་སྟེང་འོག་ཏུ་སྣ་ཚོགས་པདྨ་འདབ་མ་བརྒྱད་དང་ལྡན་པ་རེ་རེ། དབུས་མའི་འདབ་མ་རྣམས་ཀྱི་ཕྱོགས་མཚམས་བརྒྱད་དུ། བརྒྱ་བྱིན་སེར་པོ་གཡས་རྡོ་རྗེ་འཛིན་ཅིང་། གླང་པོ་ཆེ་ཞོན་པ། གཤིན་རྗེ་ནག་པོ་གཡས་བེ་ཅོན་འཛིན་ཅིང་། མ་ཧེ་ལ་ཞོན་པ། ཆུ་ལྷ་དཀར་པོ་གཡས་ཀུ་མུད་འཛིན་ཅིང་། ཆུ་སྲིན་ལ་ཞོན་པ། གནོད་སྦྱིན་སེར་པོ་གཡས་དཔལ་འབྲས་འཛིན་ཅིང་། མི་ལ་ཞོན་པ། འབྱུང་བོ་དཀར་པོ་གཡས་རྩེ་གསུམ་འཛིན་ཅིང་། ཁྱུ་མཆོག་ལ་ཞོན་པ། མེ་ལྷ་དམར་སེར་གཡས་བགྲང་ཕྲེང་། གཡོན་རིལ་བ་འཛིན་ཅིང་། ར་སྐྱེས་ལ་ཞོན་པ། སྲིན་པོ་སྔོ་ནག་གཡས་རལ་གྲི་འཛིན་ཅིང་། རོ་


KMC010_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་ལ་ཞོན་པ། རླུང་ལྷ་ལྗང་ནག་གཡས་བ་དན་འཛིན་ཅིང་། ཤ་བ་ལ་ཞོན་པ། མེ་ལྷ་མ་གཏོགས་པ་ཐམས་ཅད་ཀྱང་གཡོན་ཐོད་པ་བསྣམས་པ། པདྨའི་ལྟེ་བར་བཟང་པོའི་སྟན་ལ་གནས་པའི་ལྷ་མོ་སེར་མོ་ཕྱག་གཉིས་བུམ་པ་འཛིན་ཅིང་ལྷའི་གོས་དང་རྒྱན་གྱིས་སྦྲས་པ། ཡི་དྭགས་ཀྱི་འཁོར་གྱིས་བསྐོར་བ། གཤིན་རྗེ་མེ་ལྷ་སྲིན་པོ་རྣམས་ཉི་མ་དང་གཞན་རྣམས་ཟླ་བའི་གདན་ལ་འཁོད་པའོ། །སྟེང་གི་པདྨའི་འདབ་མ་རྣམས་ལ། ཤར་དུ་རྟ་དཀར་པོ་ལ་གནས་པའི་ཟླ་བ་དཀར་པོ་ཕྱག་གཉིས་ཀུ་མུད་འཛིན་པ། ལྷོར་རྟ་ལྗང་གུ་ལ་གནས་པའི་ཉི་མ་དམར་པོ་པདྨ་འཛིན་པ། ནུབ་ཏུ་བྱི་ལ་ལ་གནས་པའི་ལྷག་པ་སེར་པོ་མདའ་འཛིན་པ། བྱང་དུ་པ་སངས་སྔོན་པོ་མདུང་འཛིན་པ། དབང་ལྡན་དུ་བཀྲ་ཤིས་དམར་པོ་སྐྲ་གྱེན་དུ་གྲོལ་བ་པདྨ་འཛིན་པ། མེར་ཕུར་བུ་སེར་པོ་བེ་ཅོན་འཛིན་པ། བདེན་བྲལ་དུ་སྤེན་པ་ནག་པོ་རྩེ་གསུམ་འཛིན་པ། རླུང་དུ་


KMC010_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་གཅན་དུད་ཁ་ཟ་བའི་རྣམ་པ་ཅན་གྱི་ལག་པ་གདེངས་པ་དང་། མཇུག་རིང་ཐལ་མོ་སྦྱར་བ། པདྨའི་ཟེའུ་འབྲུར་དང་པོ་ལ་གནས་པའི་ཚངས་པ་སེར་པོ་གདོང་བཞི་པ་ཕྱག་བཞིའི་དང་པོ་གཉིས་དབྱུག་གུ་གསུམ་དང་མི་འཇིགས་པའི་ཕྱག་རྒྱ། འོག་མ་གཉིས་ཕྲེང་བ་དང་སྤྱི་བླུགས་འཛིན་པ། མཆོད་ཕྱིར་ཐོགས་འཆང་བ། ཚངས་རིས་ནས་འོག་མིན་གྱི་མཐར་ཐུག་པའི་ལྷས་བསྐོར་བ། ཟླ་བ་དང་ཚངས་པ་དག་བསིལ་ཟེར་བྱེད་པ་དང་། གཞན་རྣམས་ཉི་མའི་གདན་ལ་འཁོད་པའོ། །འོག་གི་པདྨའི་འདབ་མའི་ཕྱོགས་མཚམས་རྣམས་ལ་རིམ་པ་བཞིན་དུ། ནོར་རྒྱས་སེར་པོ། པདྨ་དཀར་པོ། སྟོབས་རྒྱུ་དམར་པོ། འཇོག་པོ་ནག་པོ། དུང་སྐྱོང་སེར་པོ། པདྨ་ཆེན་པོ་སྔོ་སངས། མཐའ་ཡས་དཀར་པོ། རིགས་ལྡན་ཁྲ་བོ། ལྟེ་བར་ཀླུ་ལྷག་མ་དཀར་པོ་ཐམས་ཅད་ཀྱང་མིའི་གདོང་པ་ཅན། སྦྲུལ་གྱི་གདེངས་ཀ་དང་ལྡན་ཞིང་ཐལ་མོ་སྦྱར་བ་རིན་པོ་ཆེའི་རྒྱན་གྱིས་


KMC010_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲས་པ། ལྷ་མ་ཡིན་དང་དམྱལ་བའི་སེམས་ཅན་དང་བཅས་པའོ། །དེ་དག་ཐམས་ཅད་སྐད་ཅིག་གིས་ཧཱུྃ་སྔོན་པོ་དང་། ༀ་དཀར་པོ་དང་། ཨཱཿཡིག་དམར་པོའི་རྣམ་པ་ཡོངས་སུ་གྱུར་པ་ལས། བར་མ་རྣམས་ཐུགས་རྡོ་རྗེ་སྔོན་པོ། སྟེང་མ་རྣམས་སྐུ་རྡོ་རྗེ་དཀར་པོ། འོག་མ་རྣམས་གསུང་རྡོ་རྗེ་དམར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་སོགས། ཡེ་ཤེས་པ་དང་དབྱེར་མེད་དུ་བྱ་བ་ནས་གླུའི་བར་སྒྲུབ་ཐབས་ལྟར་རོ། །སྐབས་འདིར་ཡིག་བརྒྱ་གུར་ལས་འབྱུང་བ་ལྟར་ཏེ། ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲི་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཤྭ་ཤྭ་ཏྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀཪྻེཥུ་མེ་ཙིཏྟཾ་ཤྲེ་ཡེཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བི་ཛྲཱ་བྷ་བ་མ་ཧཱ། ས་མ་ཡ་སྟྭ་ཨཱཿ མུཿ ཞེས་བརྗོད་པར་བྱ། སྐྱེ་ཞིང་སྐྱེ་བ་སོགས་ཀྱི་ཚིགས་བཅད་གཉིས་མར་


KMC010_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འགྱུར་གཙང་མ་ཡིན། ཡོངས་གྲགས་པ་རིའི་འགྱུར ། རིགས་སུ་སྐྱེ་དང་སོགས་རྒྱུད་ཚིག་པ་འདྲ་ཡང་འགྱུར་བྱེད་ཀྱི་ཁྱད་ཞུགས་པ་ཡིན་ཅིང་། ཞེས་པའང་བློ་གྲོས་མཐའ་ཡས་ཀྱིས་ཉམས་ལེན་མཁན་ལ་ཕན་འདོད་ཀྱི་བསམ་པས་བྲིས་པ་དགེ་ལེགས་འཕེལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousདགྱེས་པ་རྡོ་རྗེའི་བསྙེན་པའི་ཟུར་འདེབས།next