Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
བསྟན་སྲུང་གཙོ་མོ་དུད་སོལ་མའི་གཏོར་ཆོག་དབྱར་རྔའི་སྒྲ་དབྱངས།
   
   
   
   


 
previousབསྟན་སྲུང་གཙོ་མོ་དུད་སོལ་མའི་གཏོར་ཆོག་དབྱར་རྔའི་སྒྲ་དབྱངས།next

བསྟན་སྲུང་གཙོ་མོ་དུད་སོལ་མའི་གཏོར་ཆོག་དབྱར་རྔའི་སྒྲ་དབྱངས།


KMC010_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྲུང་གཙོ་མོ་དུད་སོལ་མའི་གཏོར་ཆོག་དབྱར་རྔའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །


KMC010_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ུར་བེ། བདེ་ཆེན་རྡོ་རྗེ་བཙུན་མོ་ནི། །འཇིགས་བྱེད་གཏུམ་མོར་སྣང་དེ་ལ། །བཏུད་ནས་རྔོག་པའི་ཕྱག་བཞེས་བཞིན། །གཏོར་ཆོག་མདོར་བསྡུས་འབྲི་བར་བྱ། །དེ་ལ་རྗེ་ནཱ་རོ་པ་དང་མར་རྔོག་གི་བཀའ་སྲུང་བརྒྱ་རྩ་བརྒྱད་ཀྱི་གཙོ་བོ་དུད་པའི་སོལ་བ་མ་འདི་ནི་བཀའ་བརྒྱུད་འཛིན་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྐྱོང་གི་གཙོ་བོར་བསྟེན་དགོས་ལ། ཁྱད་པར་དགྱེས་གསང་སོགས་མར་ལུགས་ཀྱི་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་དབང་དང་བསྙེན་སྒྲུབ་བགྱེད་པའི་ཚེ་ཅི་ནས་ཀྱང་འདི་ཉིད་མཆོད་པ་ལ་བརྩོན་པར་བྱའོ། །དེའང་ཆོས་སྐྱོང་འདི་ཉིད་ཀྱི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཐོབ་པ་དག་གི་བསྙེན་སྒྲུབ་བྱ་བའི་ཚུལ་ནི་གཞན་ཏུ་ཤེས་ལ། གཏོར་ཆོག་དཀྱུས་མ་


KMC010_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱི་ཚེ། ཐོད་པ་མཚན་ལྡན་ལ་སོགས་པའི་སྣོད་བཟང་པོར་དཔའ་ཤོས་ཟུར་གསུམ་ཁྲུ་གང་པ་མེ་རིའི་རྒྱན་ལྡན་གཅིག་ལ་མཐེབ་ཀྱུ་མང་པོས་བསྐོར། ར་ནག་བྱ་ནག་གཙོ་བོར་གྱུར་པའི་ཤ་ཁྲག་གི་འཕན་དར། །ཡུངས་ཀར་གོང་བུ་ལ་སོགས་པས་བརྒྱན། །ཁུར་བ་ཤིང་ཏོག་ཆང་གི་བྱེ་བྲག་བླུགས་ལ་མཉྫིའི་སྟེང་དུ་བཞག །ཕྱི་མཆོད་རྣམས་དང་། །གསེར་སྐྱེམས། རཀྟ་མདུན་དུ་བཤམ། བདག་བསྐྱེད་དགྱེས་རྡོར་མཱ་ཡཱ་གདན་བཞི་སོགས་སྔོན་དུ་སོང་ནས། ཡི་དམ་གྱི་སྒྲུབ་ཐབས་ལྟར་མཆོད་པ་བྱིན་གྱིས་བརླབ། མདུན་ཏུ་སྐད་ཅིག་གིས་ལྷ་མོ་དུད་སོལ་མ་བཞུགས་པའི་སྙིང་གར། ༀ་དཀར་པོ་ལ་གནས་པའི་ར་ཡིག་དམར་


KMC010_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

པོ། །ར་ལས་མེ་འོད་འཕྲོ་བས། །སྐུ་ལུས་སྐད་ཅིག་གིས་བསྲེགས། ༀ་དེའི་སྡེར་དུ་བཾ་ཡོངས་སུ་གྱུར་པ་ལས་བུམ་པ་དཀར་པོ་བདུད་རྩི་གང་བ། དེ་ལས་བདུད་རྩི་ལུད་དེ། ༀ་བཀྲུས་པས་འོད་ཟེར་དཀར་པོ་རབ་ཏུ་འབར་བར་གྱུར། ༀ་ཨཾ་མ་ཧཱ་ཀཱ་ལི་དེ་ཝཱི་ཀཱ་ལི་བི་ཀྲཱནྟ་ཙཎྜ་རཱུ་པི་ཎཱི་ཧཱུྃ་ཕཊ། དེ་ཉིད་སྐད་ཅིག་གིས་དཔལ་ལྡན་ལྷ་མོའི་སྐུར་གྱུར་པ་ནི། སྐུ་མདོག་ནག་མོ་ཀེང་རུས་ལྟར་སྐེམ་པའི་ལུས་ཅན། ཞལ་གཅིག་ཕྱག་བཞི་ཞབས་གཉིས་པ། གཡས་ཀྱི་དང་པོ་ན་ར ལ་གྲི། །གཉིས་པ་ན་བྷཉྫ་དམར་ཆེན་གྱིས་བསྐྱིལ་བ། གཡོན་གྱི་དང་པོ་ན་ཤཀྟི། གཉིས་པ་ན་ཏྲི་ཤཱུ་ལ་དར་དཔྱངས་ཅན་འཛིན་པ། མི་རོ་རེངས་པ་ཁར་བཅུག་ནས་མཆེ་བ་གཙིགས་ཤིང་སྤྱན་གསུམ་དམར་བ། དབུ་སྐྲ་རལ་པ་དམར་སེར་གྱིན་བརྫེས་ལན་བུ་གཡོན་ཏུ་འཁྱིལ་ཞིང་སྦྲུལ་དང་ཐོད་ཕྲེང་གིས་བརྒྱན་པ། སྙན་གཡས་ན་དྲིལ་བུའི་མགུལ་རྒྱན་ཅན་གྱི་སྦྲུལ་དང་། གཡོན་ན་སེང་གེས་


KMC010_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ། མེ་ཏོག་དང་དར་ནག་གི་ཅོད་པན་ཅན། ལྷ་མ་ཡིན་གྱི་མགོ་བོས་དོ་ཤལ་བྱས་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་། བ་གླང་གི་པགས་པ་རེ་ལྡེ་སེར་པོའི་ཤམ་བུ་ཅན་གྱིས་སྨད་དཀྲིས་པ་ལ་ཀླུའི་རྒྱལ་པོ་གཤིབས་བས་སྐ་རགས་བྱས་པ། ལྕགས་སྒྲོག་གིས་བརྒྱན་པའི་ཞབས་གཉིས་བོང་བུ་གྭ་པའི་སྟེང་ན་བཙན་བསྐྱིལ་གྱིས་བཞུགས་པ། དུར་ཁྲོད་ཀྱི་དབུས་ན་སྒྲ་དྲག་པོ་སྒྲོག་ཅིང་། མ་མོ་མཁའ་འགྲོ་ཤ་ཟ་འབུམ་སྡེ་བསྐོར་བ། དེའི་ཐུགས་ཀར་ཐུགས་ཀྱི་ཡེ་ཤེས་མར་མེ་ལྟར་འབར་བ་སྒོ་ངའི་དབྱིབས་ཅན་སོར་བཞི་པ། དེའི་དབུས་སུ་ཧཱུྃ། མཐའ་སྐོར་དུ་ༀ་ཧཱུྃ་ཤྲི་ཡ་དེ་བཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཞེས་པས་བསྐོར་བར་གྱུར། ཐུགས་ཀའི་ཧཱུྃ་ལས་ཧཱུྃ་གཅིག་ཆད་དེ་བྷ་གར་ཐིམ། བཛྲ་ལཱ་སྱ་རཱ་ག་ཡཱ་མི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། རང་བཞིན་གྱིས་འགྲུབ་པའི་དཔལ་ལྷ་མོ་ནག་མོ་འབུམ་སྡེ་དང་བཅས་པ་ༀ་


KMC010_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ས་མཱ་ཛཿ དབྱངས་རོལ་དང་བཅས་ཏེ། བྷྱོ། རི་རབ་ཆེན་པོའི་བྱང་ཤར་མཚམས། །གཡུ་མཚོ་མུ་ལེ་གཏིང་གི་དབུས། །རིན་ཆེན་ལྔ་ལྡན་གཞལ་ཡས་ཁང་། །དེ་དབུས་སྲིད་གསུམ་ཐོད་མཁར་དབུས། །གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས། །དཔལ་ལྡན་ལྷ་མོ་དུད་སོལ་མ། །སྐུ་མདོག་མཐིང་ནག་འཇིག་པའི་གཟུགས། །ཞལ་གཅིག་ཕྱག་བཞི་བོང་བུ་ཆིབས། །འཁོར་ཡང་མ་མོ་འབུམ་སྡེའི་ཚོགས། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ད་ལྟ་སྙིང་མའི་དུས་ཉིད་དུ། །དམ་ཅན་གཤེགས་པར་མི་འོས་ཀྱང་། །སྔོོན་ཚེ་བྱང་ཆུབ་ཤིང་དྲུང་དུ། །ཐུབ་པ་ཆེན་པོའི་སྦྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །སངས་རྒྱས་བསྟན་པ་བསྲུང་བ་དང་། །འགྲོ་ཀུན་བདེ་ལ་འགོད་པའི་ཕྱིར། །དཔལ་ལྡན་ལྷ་མོ་གཤེགས་སུ་གསོལ། །གསང་སྔགས་སྲུང་མ་དམ་ཚིག་ཅན། །འཁོར་བཅས་གཤེགས་ཤིང་བཞུགས་སུ་གསོལ། །ༀ་ཧཱུྃ་ཤྲཱི་ཡ་དེ་བཱི་ཀཱ་ལི་ཀཱ་ལི་མ་


KMC010_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་ཀཱ་ལི་ཧཱུྃ་བྷྱོ། དྲྀ་ཤྱ་ཛཿཧཱུྃ་བྂ་ཧོཿ ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཞེས་པས་གཉིས་སུ་མེད་བར་ཐིམ། འཁོར་ནག་མོ་འབུམ་སྡེ་ཐམས་ཅད་ཀྱང་གཅེར་བུ་རལ་པ་ཅན། གཡས་མི་སྙིང་དང་། གཡོན་བནྡྷ་སྐྲ་ཅན་ཐོགས་པའོ། །ཐམས་ཅད་ཀྱི་ཐུགས་ཀར་བྷྱོ་ཡིག་གི་མཚན་པ། དུད་པའི་སོལ་བ་མ་ཁྱོད་ཀྱིས་སྐུ་མྱུར་དུ་སྟོན་ཅིག །སྐུ་མི་སྟོན་ན་ཡང་ཡིད་ལ་གང་འདོད་པ་ཐམས་ཅད་འགྲུབ་པར་གྱིས་ཤིག །ནང་མཆོད་གཏོར་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་སྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་ཧ་ན་ཧ་ན་བཛྲ་ས་མ་ཡ་མ་ཏི་ཀྲ་མ་ནཾ་ཧཱུྃ་ཕཊ། ཅེས་དམ་ལ་བཞག ༀ་ཧཱུྃ་ཤྲི་ཡ་སོགས་སྙིང་པོའི་མཐར། བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ་ཕཊ། དེ་བཞིན་ཏུ། དྷུ་པེ༴ གནྡྷེ༴ ནཻཝིདྱ༴ ཨཱ་ལོཀེ༴ ཞེས་སྦྱར། གཏོར་མའི་ནང་དུ་ཧ་སེར་པོ་ཧོཿདཀར་པོ་ཧྲཱིཿསྔོན་པོ་དེ་རྣམས་ཀྱི་འོད་ཀྱིས་ཁ་དོག་དྲི་རོ་ངན་པ་བཅོམ་སྟེ་


KMC010_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཧ་ཧོ་ཧྲཱིཿསྭཱ་ཧཱ། ལན་གསུམ་བརྗོོད། ༀ་ཧཱུྃ་སོགས་ཀྱི་མཐར། ༀ་མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། ཨི་དཾ་བ་ལིཾ་གྲྀཧྣ་གྲྀཧྣ་པཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་བདུན་གྱིས་ཕུལ་བས་འཁོར་དང་བཅས་པས་གསོལ་བར་བསམ། བར་འདིར་བསྟོད་པ་ཏིལ་མར་མ་དང། གཞན་ཡང་བསྟོད་པའི་བྱེ་བྲག་ཅི་ཤེས་ཀྱིས་བསྟོད་པ་ཡིན་ལ། བསྡུ་ན། ཧཱུྃ་བྷྱོ། དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་བདག །རང་དོན་བསྒྲུབ་ཕྱིར་རྣམ་ཐར་ལ་གཞོལ་ཡང། །སྙིང་རྗེའི་དབང་གིས་རྗེས་ལ་ཐོབ་པ་ཡི། །ཤེས་རབ་སྣ་ཚོགས་དག་གིས་འགྲོ་དོན་མཛད། །ལྷོ་ཕྱོགས་གཤིན་རྗེའི་ཕོ་བྲང་རྟག་ཏུ་གནས། །ཁམས་གསུམ་སྐད་ཅིག་ཙམ་གྱིས་སྐོར་བར་བྱེད། །གཞན་ལ་དབང་སྒྱུར་འདོད་ཁམས་ཡ་མཐར་ཕྱིར། །དབང་ཕྱུག་ཆེན་པོའི་སྐུ་ལ་དགྱེས་འཁྲིལ་མ། །ལྷ་དབང་བརྒྱ་བྱིན་ལྷ་མིན་དབང་པོ་དང་། །ཚངས་པའི་རྒྱལ་པོ་ས་འོག་དབང་པོ་དང་། །རྒྱལ་ཆེན་བཞི་ལ་སོགས་པས་ཕྱག་བྱས་


KMC010_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

མ། །བདུད་དང་གཤིན་རྗེའི་རྒྱལ་པོ་འདར་ཞིང་འདུད། །མཚན་མོ་ནག་མོ་ཤིན་ཏུ་གཏུམ་པའི་གཟུགས། མ་མོ་སྲིན་མོའི་ཚོགས་རྣམས་འདར་ཞིང་དངངས། །ཕྱོགས་བཅུའི་དུག་བསྡུས་ཉི་མ་ཚིམས་པར་མཛད། །ནད་རྣམས་སློང་བྱེད་ནད་བདག་དམ་ལ་འདུ། །བདུད་རྩིའི་བཅུད་བསྡུས་ཟླ་བར་ཐིམས་མཛད་མ། །ནད་ཡམས་གཅོད་མཛད་སྨན་མོ་དམ་ལ་འདུ། །གང་ཞིག་ཁྱོད་ལ་དད་ན་མ་བས་བྱམས། །ལྷ་མོ་ཁྱོད་ལ་བདག་གིས་རྟག་ཏུ་བསྟོད། །བསྟན་པ་བསྲུང་བའི་ལས་འདི་མྱུར་དུ་སྒྲུབས། །རཀྟ་དང་ཆང་གཏོར་མ་ལ་གཏོང་ཞིང་། ༀ་རོ་རུ་རོ་རུ་བི་ཏིཥྛ། བ་ཏོ་སཱི། ཀ་མ་ལ་རཱཀྵ་སཱི་ཧཱུྃ་བྷྱོཿ དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བརྗོད། ལྷ་མོའི་ཐུགས་ཀའི་སྔགས་ཕྲེང་ལ་དམིགས་ཏེ། ༀ་ཧཱུྃ་ཤྲི་ཡ་སོགས་ཅི་འགྲུབ་བཟླ། ལག་པ་ཁུ་ཚུར་མཛུབ་མོ་གཉིས་བསྒྲེང་སྟེ་ཁ་འགྲམ་གཡས་གཡོན་ཏུ་བཞག་ལ། ༀ་བྷྱོཿབཏྟ་ལི་བཏྟ་ལི་ཚེ། ལན་གསུམ་གྱིས་གཏོར་ལ་བདུད་རྩིའི་ཁ་ཕྲུས་བཏབ། བྷྱོ། དུར་ཁྲོད་བདག་མོ་དངོས་གྲུབ་


KMC010_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །དམ་ཚིགས་སྲུང་མ་ཁྲག་དགའ་མ། །ཀཱི་ལིའི་སྒྲ་སྒྲོགས་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚོགས་དབུས་སུ། །ཚོགས་དང་ཕོ་ཉ་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་སོལ་མ། །གསོལ་ཞིག་བཞེས་ཤིག་དམ་ཚིག་ལྷ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་འགྲུབ་པར་གྱིས། །བདག་གིས་ལས་ནི་ཅི་བྱེད་ཀྱང་། །དེ་ལ་ཀུན་གྱིས་གྲོགས་གྱིས་ཤིག །ལྷ་མོ་ནག་མོ་མཐུ་མོ་ཆེ། །འཕགས་མ་ཁྱོད་ལ་བདག་བསྟོད་དོ། །བསྟན་ལ་གནོད་པའི་གདུག་པ་ཀུན། །མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད། །ཉིན་དང་མཚན་ཏུ་བྱ་ར་གྱིས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །གྲྀཧྣ་གྲྀཧྣ་སརྦ་དུཥྚཾ་བྷཀྵ་བྷཀྵ། །ཕྲེཾ་ཕྲུཾ་ཕྲིཾ་ཕྲོཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལ་སེ་གོལ་གདབ། མཁའ་འགྲོ་མ་དུད་པའི་སོལ་བ་མ། །འཁོར་ནག་མོ་འབུམ་སྡེ་དང་བཅས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གྱི་


KMC010_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཁ་དོག་དྲི་རོ་རེག་བྱ་དམ་པ་དང་ལྡན་པ་འདི་གསོལ་ལ་རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ནད་རིགས་བཞི་བརྒྱ་རྩ་བཞི། གདོན་རིགས་སྟོང་ཕྲག་བརྒྱད་ཅུ། རྨིི་ལྟས་མཚན་ངན་ཆག་ཆེ་ཉམ་ང་བཀྲ་མི་ཤིས་པ་ཐམས་ཅད་ཞི་ཞིང་བཟློག་པར་མཛད་དུ་གསོལ། བདག་གི་ལུས་དང་གྲིབ་མའི་ཚུལ་དུ་འགྲོགས་ལ་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག །བཀའ་བཞིན་བགྱིའོ་ཞེས་ཞལ་གྱིས་བཞེས་པར་བསམ། སྐམས་འདིར་སྤྲོོ་ན། བནྡྷ་རིན་ཆེན་ལྟ་བུས་བྱིན་བརླབ། བྱང་ཤར་ཆོས་དབྱིངས་དང་། དགོས་པ་ཡོད་ན་མ་མོ་འཁྲུགས་སྐོར་ཆགས་མེད་ཞབས་ཀྱིས་མཛད་པ་བཏང་། ཐལ་མོ་སྦྱར་ཏེ། ༀ་ཡེ་ཤེས་ལྷ་དང་ལྷ་མོ་མི་ཕམ་བདག །དང་པོ་བསྒྲུབ་དང་སྒྲུབ་ཏུ་བྱས་ནས་ནི། །མཐུན་པའི་དམ་རྫས་གཞུང་བཞིན་མ་ཚོགས་པ། །དཔལ་ལྡན་ལྷ་མོའི་ཐུགས་དང་འགལ་གྱུར་པ། །བཀའ་ཡི་ཆད་པའི་གནས་སུ་གྱུར་ནས་ཀྱང་། །དམ་ཉམས་ཁྲིམས་རལ་


KMC010_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་གྱུར་ལ གས་ན། །ཡེ་ཤེས་ཐུགས་རྗེ་ཅན་ལ་བཟོད་པར་གསོལ། །ཐུགས་དང་འགལ་བར་གྱུར་པ་མཐོལ་ལོ་བཤགས། །དམ་ཚིགས་ཉམས་པར་གྱུར་པ་བསྐང་གྱུར་ཅིག །ཅེས་དང་། །ཡིག་བརྒྱ་བརྗོད་ལ་ནོངས་པ་བཤགས། །བཛྲ་ལཱ་ཱསྱ་རཱ་ག་ཡཱ་མི་ཧཱུྃ། ཞེས་པས་གཏོར་མའི་ལྷ་དམ་ཡེ་དབྱེར་མེད་བྲིས་སྐུ་སོགས་རྟེན་གྱི་ཐུགས་ཀར་བསྡུ། བཛྲ་མུཿས་འཁོར་རྣམས་གཤེགས་ཤིང་གཏོར་མ་གཙང་སར་བསྐྱེལ། །བསྔོ་སྨོན་དང་བཀྲ་ཤིས་བྱའོ། །ཆོས་སྐྱོང་ཚོགས་རྗེས་ཉེས་བྱེད་ཅིང་། །རྡོ་རྗེ་སློབ་དཔོན་ཞལ་གྱི་རྒྱུན། །གཏོར་ཆོག་བྲིས་པས་དགེ་ཐོབ་པས། བསྟན་པའི་དབུ་འཕང་དགུང་སྙེགས་ཤོག །ཅེས་པའང་མར་ལུགས་སྒྲུབ་དཀྱིལ་རྣམས་ཀྱིས་ཟུར་འདེགས་སུ། །རྔོག་ཞེ་སྡང་རྡོ་རྗེ་ཡབ་སྲས་ཀྱི་གསུངས་རྒྱུན་འཁྲུལ་མེད་གསང་བདག་ཏཱ་ར་ནཱ་ཐ་མཁྱེར་བདེར་བསྡུས་པ་ཉིད་སོར་བཞག་ལ། །སྦྱོར་དངོས་མ ཇུག་ཚད་གྱི་ཁ་གསལ་ཕྲན་བུས་བརྒྱན་ཏེ་བློ་གྲོས་མཐའ་ཡས་ཀྱིས་གདན་ས་ཆེན་པོ་དཔལ་སྤུངས་ཡང་དབེན་ཏུ་བྲིས་པ་སྒྲུབ་བརྒྱུད་ བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེང་བའི་སྲོག་ཤིང་དུ་གྱུར་ཅིག །མདྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་


KMC010_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousབསྟན་སྲུང་གཙོ་མོ་དུད་སོལ་མའི་གཏོར་ཆོག་དབྱར་རྔའི་སྒྲ་དབྱངས།next