Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
ཀུན་རིག་བརྒྱུད་འདེབས།
   
   


 
previousཀུན་རིག་བརྒྱུད་འདེབས།next

ཀུན་རིག་བརྒྱུད་འདེབས།


KMC010_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤཱཀྱ་མུ་ནཱ་ཡེ། འཁོར་བའི་མཚོ་ལ་ཐུགས་རྗེའི་ཕྱག་བརྐྱངས་ནས། །འགྲོ་བ་བདེ་བར་འདྲེན་པའི་ཕྲིན་ལས་ཕུལ། །ཐེག་མཆོག་སྔགས་ཀྱི་དེ་ཉིད་སྟོན་མཛད་པ། །ཐུབ་དབང་ཐམས་ཅད་རིག་དེར་གསོལ་བ་འདེབས། །གང་གིས་དངོས་སུ་རྗེས་བཟུང་ཛེ་ཏཱ་རི། །ལམ་སྲོལ་ཆེ་འཛིན་ཀུན་དགའ་སྙིང་པོ་དང་། །འགྲོ་ལ་གཅིག་ཏུ་ཕན་མཛད་རབ་འབྱོར་བསྐྱངས། །ན་ཡ་ཀ་ཤྲཱི་རྣམས་ལ་གསོལ༴ རྡོ་རྗེའི་གནས་བརྙེས་གཉིས་མེད་རྡོ་རྗེ་དང་། །གྲུབ་པའི་རྒྱལ་ཚབ་རྡོ་རྗེ་གདན་པའི་མཚན། །སྔགས་རིག་དབང་པོ་རྙོགས་པ་མེད་པའི་ལྷ། །ཉི་དབང་སྲུང་བ་རྣམས་ལ༴ ཆགས་ཀྱི་རིགས་འཁྲུངས་མཁས་པ་ཆོས་རྗེས་དཔལ། །སྐད་གཉིས་སྨྲ་བ་བསོད་ནམས་སེང་གེ་དང་། །འཇིག་རྟེན་མིག་གཅིག་མཆོག་ལྡན་ལེགས་པའི་བློ། །དཔལ་ལྡན་སེང་གེ་རྣམས་ལ༴ བསྟན་པའི་གསལ་བྱེད་བུ་སྟོན་རིན་ཆེན་གྲུབ། །སྨྲ་བའི་དབང་ཕྱུག་རིན་ཆེན་རྣམ་རྒྱལ་


KMC010_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཡོན་ཏན་རྒྱ་མཚོ་སྤེལ་བྱེད་ཟླ་བའི་ཞབས། །མཐོང་བ་དོན་ལྡན་རྣམས་ལ༴ གྲུབ་རིགས་འཁོར་ལོས་སྒྱུར་བ་འཇམ་དཔལ་བཟང་། །རྒྱལ་ཀུན་རང་གཟུགས་ཆོས་གྲགས་རྒྱ་མཚོའི་ཞབས། །བཀྲ་ཤིས་དཔལ་འབྱོར་མཚན་ཅན་སི་ཏུ་པ། །ཕྲིན་ལས་དབང་པོ་རྣམས་ལ༴ འཇིགས་མེད་མི་བསྐྱོད་རྡོ་རྗེ་དགའ་བའི་དབྱངས། །ཐུགས་རྗེའི་འོད་སྣང་དཔག་མེད་དཀོན་མཆོག་འབངས། །གདུལ་དཀའ་འདུལ་མཛད་དབང་ཕྱུག་རྡོ་རྗེ་དང་། །ཆོས་ཀྱི་དབང་ཕྱུག་རྣམས་ལ༴ བརྟུལ་ཞུགས་མཆོག་འཛིན་ཀརྨ་ཉི་མ་དང་། །སྙིང་པོའི་དོན་གཟིགས་ཀརྨ་ཕྲིན་ལས་པ། །མཁྱེན་པའི་གཏེར་གྱུར་དོན་ཡོད་སྙིང་པོ་སྟེ། །བརྒྱུད་པའི་བླ་མ་རྣམས་ལ༴ སྲས་བཅས་རྒྱལ་བའི་མི་ཟད་རྒྱན་འཁོར་ལྔ། །གཅིག་གྱུར་རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་གཙོ། །རྡོ་རྗེ་སློབ་དཔོན་ཟོལ་གྱིས་རྣམ་རོལ་པ། །ཆོས་ཀྱི་དོན་གྲུབ་ཞབས་ལ༴ འཇམ་མགོན་ཆོས་རྗེ་བསྟན་པའི་


KMC010_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་བྱེད་དང་། །གངས་ཅན་མགོན་པོ་བདུད་ལས་རྣམ་པར་རྒྱལ། །པདྨ་ཉིན་བྱེད་ཐེག་མཆོག་རྡོ་རྗེ་དང་། །བློ་གྲོས་མཐའ་ཡས་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་དང་མར་གྱུར་མཐའ་ཀླས་འགྲོ་བ་རྣམས། །ཉེས་མང་འཛིན་འཁྲིས་གཏམས་པའི་འཁོར་མཚོ་ལས། །མྱུར་དུ་བརྒལ་ཏེ་ཐར་མཆོག་གནས་ཐོབ་ཤོག ། ཁྱད་པར་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །བཅོམ་ལྡན་ཐམས་ཅད་རིག་པས་རྗེས་བཟུང་སྟེ། །ནམ་ཡང་ལོག་པའི་གནས་སུ་མི་ལྟུང་བར། །ཐེག་པ་མཆོག་གི་སྐལ་བ་དགེ་གྱུར་ཅིག །ལྷ་སྔགས་ཕྱག་རྒྱ་ཏིང་འཛིན་གོམས་པའི་མཐུས། །ཀུན་འབྱུང་འབྲས་བཅས་རྨེངས་མེད་སྦྱངས་བྱས་ཏེ། །སྒྲིབ་བྲལ་གཉུག་མའི་དཀྱིལ་འཁོར་མངོན་གྱུར་ནས། །རྣམ་པར་སྣང་མཛད་གོ་འཕང་མྱུར་ཐོབ་ཤོག །ཅེས་མཁྱེན་དཔྱོད་ཀྱི་ནོར་ཅན་གནས་སྒོ་བ་ཀརྨ་ཆོས་རྒྱལ་གྱིས་བཞེད་པ་བཞིན་སི་ཏུའི་མིང་ཅན་གྱིས་བྲིས་པའི།། །།


previousཀུན་རིག་བརྒྱུད་འདེབས།next