Nitartha Digital Library
Tibetan
 
previousཀུན་རིག་རྣམ་པར་སྣང་མཛད་ཀྱི་རྣམ་བཤད།next

ཀུན་རིག་རྣམ་པར་སྣང་མཛད་ཀྱི་རྣམ་བཤད།


KMC012_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རིག་རྣམ་པར་སྣང་མཛད་ཀྱི་རྣམ་བཤད་བཞུགས་སོ། །


KMC012_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿསརྦ་ཛྙ་དཪྴ་དྷརྨ་ཀ་རཱ་ཡ། འདིར་ཀུན་རིག་རྣམ་གྲོལ་སྒོ་ཆེན་གྱི་ཟིན་བྲིས་དཀའ་བའི་གནད་རྣམས་གསལ་བར་འབྲིའོ། །དང་པོ་ས་མ་ཡ་སྟྭཾ་གྱིས་རྡོ་རྗེ་འཛིན་མའི་དམ་རྒྱས་གདན་ལ་འདུག་ནས་ཨོཾ་བཛྲ་ཡཀྴ་ཧཱུྃ་ཞེས་དང་པོས་རང་ཉིད་རྡོ་རྗེ་གནོད་སྦྱིན་དུ་བསྒོམ། གཉིས་པ་དང་གསུམ་པས་མཆོད་རྫས་ལ་གནོད་པའི་བགེགས་བསྐྲད་དགོས། དེ་ཡང་རིག་པ་མཆོག་གི་རྒྱུད་ལས། ལོག་འདྲེན་ཆུ་ལྟར་གཡོ་བ་ཞེས། །ཆུ་ལ་གནས་ནས་རིག་སྔགས་འཆང་། །འཁྲུད་


KMC012_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའི་ཚེ་ན་འཛིན། །ཞེས་སོགས་ལྟར་ཆུ་ལ་ལོག་འདྲེན་ཆུ་ལྟར་གཡོ་བ་དང་། མེ་ཏོག་ལ་འཇིག་རྟེན་མེ་ཏོག །བདུག་སྤོས་ལ་ནག་པོ་ལུས་ཅན། མར་མེ་ལ་གཙུག་ཕུད་གཅིག་མ། དྲི་མཆོག་ལ་གཡོག་མོ་སོ་ཅན། ཞལ་ཟས་ལ་ཟས་སུ་གཏོར་མ་ཟ་བ་ལ་སོགས་མང་དུ་ཡོད་ཀྱང་བཤད་པས་ཆོག་གོ །ཨོཾ་བཛྲ་ཛྭ་ལ་སོགས་རྡོ་རྗེ་མོའི་སྔགས་རྒྱས་རང་ཉིད་རྡོར་སེམས་སུ་གྱུར་པའི་ཕྱག་རྒྱ་དེ་ལས་ཡེ་ཤེས་ཀྱི་མེ་འཕྲོས་ནས་མཆོད་རྫས་ཀྱི་མ་དག་པ་ཐམས་


KMC012_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བསྲེགས་ནས་གཟི་བྱིན་བསྐྱེད་དེ། དཔེར་ན་གསེར་བསྲེགས་པ་བཞིན་ནོ། །སྭ་བྷཱ་ཝས་མཆོད་རྫས་ཀྱི་དངོས་འཛིན་ཐམས་ཅད་རང་བཞིན་གྱི་སྟོང་པ་ཉིད་དུ་བལྟས་ལ་མཆོད་རྫས་རྣམས་གཞུང་ལྟར་བསྐྱེད། མཆོད་ཡོན་ནི་ཏིལ་དང་འབྲས་བཙོས་པ་སོགས་མཆོད་ཡོན་གྱི་རྫས་བདུན་དང་ལྡན་པའི་ཆུ་གཙང་མའི་བཏུང་བའོ། །ཞབས་བསིལ་ནི་གདན་ལ་བཞུགས་པའི་སྔ་ལོགས་སུ་ཞབས་བཀྲུ་བའི་ཆུ་གཙང་མའོ། །མེ་ཏོག་བདུག་སྤོས་མར་མེ་གསུམ་ནི་གོ་སླ། དྲི་ཆབ་ནི་སྐུ་ལུས་ལ་བྱུགས་རྒྱུའི་གུར་གུམ་གྱིས་སྦགས་པའི་ཆུའོ། །ཞལ་ཟས་རོལ་མོ་ནི་གོ་སླ། ཨོཾ་སརྦ་བིད་པཱུ་ར་སོགས་ཀྱི་ཚེ་སྔགས་དང་ཕྱག་རྒྱ་དེ་བཞིན་བྱས་ན་ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོས་ཞིང་ཁམས་ཐམས་ཅད་གང་བར་འབྱུང་སྟེ་སྔགས་རྒྱ་དེ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་མཐུ་ཡིས་སོ། །ཨོཾ་སརྦ་བིད་ཨརྒྷཾ་ཨཱཿཧཱུྃ་སོགས་ཡི་གེ་འབྲུ་གསུམ་ནི་སངས་རྒྱས་རྣམས་


KMC012_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་པའོ། །སེ་གོལ་མི་གཏོགས། སྐྱབས་སེམས་ནི། སངས་རྒྱས་པའི་བཀའ་རྟགས་ཁྱད་པར་ཅན་ཡིན་ཏེ་གལ་ཆེ་ཤོས་གཅིག་ཡིན། སྐྱབས་ཡུལ་གསལ་གདབ་མི་དགོས་གང་ན་བཞུགས་པའི་ཞིང་དེར་སྐྱབས་སུ་འགྲོ་བ་ཡིན་ཏེ། ཐེག་ཆེན་སྤྱིའི་ལུགས་བཞིན་བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དྲིན་ཆེན་རྩ་བའི་བླ་མ་དང་ཤཱཀྱ་བཤེས་གཉེན། སངས་རྒྱས་གསང་བ། ཀུན་དགའ་སྙིང་པོ། །རྒྱལ་པོ་རབ་གསལ་ཟླ་བ། ལོ་ཆེན་རིན་བཟང་། ལེགས་པའི་ཤེས་རབ་སོགས་རྣལ་འབྱོར་རྒྱུད་ཀྱི་རྒྱ་བོད་བླ་མ་རྣམས་ལ་སྐྱབས་སུ་མཆི་བ་དང་། སངས་རྒྱས་ནི་རྒྱལ་བ་རིགས་ལྔ། ཡི་དམ་ནི་རྡོ་རྗེ་དབྱིངས་དཔལ་མཆོག་རྩེ་མོ་སྦྱོང་རྒྱུད་སོགས་ནས་གསུངས་པའི་ཡི་དམ་རྣམས་དང་། ཆོས་ནི་ཐེག་ཆེན་སྤྱི་དང་དགེ་འདུན་ནི་ཐེག་ཆེན་པ་སྤྱི་ཡིན་ནོ། །སྐྱབས་སུ་འགྲོ་ཚུལ་


KMC012_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྤྱི་དང་འདྲ། སེམས་བསྐྱེད་ནི་གོ་སླའོ། །ལྕེ་ལག་བྱིན་གྱིས་བརླབས་ནི། རང་ཉིད་རྡོ་རྗེ་སེམས་དཔའི་ལྐོག་མའི་ནང་དུ་ཧྲཱིཿལས་པདྨ་དམར་པོ་འདབ་བརྒྱད་མདུན་འདབ་ལྕེ་སྟེང་དུ་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་ཉལ་ཐབས། ཟླ་བ་རྡོ་རྗེ་དང་བཅས་པ་འོད་དུ་ཞུ་ནས། ལྕེ་ལ་ཐིམ་པས་ལྕེ་རྡོ་རྗེ་རྩེ་ལྔ་པ། སངས་རྒྱས་ཀྱི་ལྗགས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པར་གྱུར། ལག་པ་དེ་ཡང་དེ་ལྟར་ལས་རྡོ་རྗེ་རྩེ་གཅིག་པ་སངས་རྒྱས་ཀྱི་ཕྱག་རྒྱའི་ནུས་པ་དང་ལྡན་པར་གྱུར། དེ་ནས་སྲུང་འཁོར་ནི། རྡོར་སེམས་གནས་འགྱུར་ནས་རང་ཉིད་ཁྲོ་བོ་འཇིག་རྟེན་གསུམ་རྒྱལ་དུ་གསལ་བའི་གནས་བཞི་བྱིན་གྱིས་བརླབས་པ་ནི། ཨོཾ་གྲྀཧྞ་བཛྲ་སོགས་ཀྱི་སྔགས་དང་། རྡོ་རྗེ་ཁུ་ཚུར་ནང་བསྡམས་ཐེ་བོང་གཤིབས་པས་བཀབ་པ་ཁྲོ་བོ་ཏི་རིན་ཏིའི་ཕྱག་རྒྱ་གནས་རྣམས་སུ་གཏུགས་ཏེ། སྙིང་གར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ། དཔྲལ་བར་


KMC012_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་སེར་པོ་ལ་ཏྲཱཾ། མགྲིན་པར་པདྨ་དམར་པོ་ལ་ཧྲཱིཿ སྤྱི་བོར་སྣ་ཚོགས་རྡོ་རྗེ་ལྗང་གུ་ལ་ཨཱཿས་མཚན་པ། དབང་བསྐུར་བ་ནི། རང་བཞིན་གྱི་གནས་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ་གཡས་ཆོས་འབྱུང་ཐུགས་ཀར་འཛིན་པ་སྤྱན་དྲངས་པའི་ཐུགས་ཀ་ནས་ཁྲོ་བོའི་རྡོ་རྗེ་སྔོན་པོ་རྩེ་ལྔའི་ལྟེ་བར་གཤེགས་པ་ལྔ་སོ་སོར་བཞུགས་པ་སྤྱན་དྲངས་ནས་མགོ་བོའི་གནས་ལྔར་བསྒྲེངས་ཏེ་བརྒྱན་པར་བསམ་ལ། རིགས་ལྔའི་དམ་རྒྱ་སོ་སོར་དང་བཅས་ཨོཾ་བཛྲ་ཛྭ་ལ་སོགས་བརྗོད། གོ་བསྒོ་བ་ནི། ཨོཾ་ཏྲུཾ་ཞེས་རྡོ་རྗེ་ཁུ་ཚུར་བཅིང་བས་མ་ཕུད་པའི་ཚུལ་གྱིས་དར་དཀར་ཞིང་དུ་ཁྲུ་གང་དཀྱུས་སུ་ཁྲུ་ཉེར་ལྔ་པ་ཞིག་གིས་གནས་དགུར་མདུད་ཅིང་རྣ་གོང་གཉིས་སུ་ཁྱུང་གཤོག་ལྟར་འཕྱར་བའི་ཁུག་པ་རེ་རེ། ལྷག་མ་ལུས་ཚད་དང་མཉམ་པའོ། །གནས་དགུ་ནི། སྙིང་མགྲིན་རྒྱབ། ལྟག་སྙིང་ནུ་བར་སྙིང་མགྲིན་ལྟག་དཔྲལ་ལོ། །ཨོཾ་བཛྲ་ཏུ་ཥྱས་མཉེས་


KMC012_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་ནས། ཁྲོ་བོའི་སྙིང་གའི་ས་བོན་གྱིས་ཁྲོ་བོའི་ཚོགས་སྤྱན་དྲངས་པ་ལ་མཆོད་ཅིང་བསྟོད་ནས། སྤྱན་དྲངས་པའི་ཁྲོ་བོ་རྣམས་དམག་རོགས་ཀྱི་ཚུལ་གྱི་བགེགས་ལ་བཀའ་བསྒོས། ཨོཾ་བཛྲ་ས་ཏྭ་སོགས་དགུ་ཡི་ཚེ། གསུམ་གྱིས་བདག་གི་ལུས་ངག་ཡིད་གསུམ་བསྲུང་། གཅིག་གིས་འོག་ཐམས་ཅད་རྡོ་རྗེ་ནས་ཕུར་བདལ་བ་ལྟ་བུའི་ས་གཞི། གཅིག་གིས་བར་ཐམས་ཅད་རྡོ་རྗེའི་ར་བ་ཟླུམ་པོ། །གཅིག་གིས་སྟེང་ཐམས་ཅད་རྡོ་རྗེའི་གུར་ཁང་དུ་བསམ། གསུམ་གྱིས་ཆོ་གའི་ཐོག་མཐའ་བར་གསུམ་བསྲུང་བའོ། །སྤྱན་དྲངས་པའི་ཁྲོ་བོ་རྣམས་གུར་ཁང་ལ་བསྟིམ་མོ། །དེ་ནས་ཁྲོ་བོ་གནས་འགྱུར་ནས་རང་ཉིད་རྡོ་རྗེ་རྒྱུ་གསེར་གྱི་མདོག་གཡས་ཀྱི་གུང་མོའི་རྩེར་འཁོར་ལོ་བསྐོར་བས་སྲུང་འཁོར་གྱི་ནང་གི་ནམ་མཁར་ཚོགས་རྟེན་གྱི་དཀྱིལ་འཁོར་སྤྲུལ་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། མཛུབ་མོ་ཐེའུ་ཆུང་རྡོ་རྗེ་མདུད། །རྡོ་རྗེ་འཁོར་ལོ་ཞེས་གྲགས་ཏེ། །


KMC012_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་ཡིན། །ཞེས་གསུངས་པ་ལྟར་གྱིས། ཨོཾ་སརྦ་བིད་མཎྜལ་སོགས་བརྒྱ་རྩ་བརྒྱད་བརྗོད། རང་ཉིད་དཀྱིལ་འཁོར་ནང་དུ་ཞུགས་ནས་ཕྱག་འཚལ། དབང་མེད་མས་ཡན་ལག་བདུན་པ་དང་སྨོན་འཇུག་གི་སེམས་བསྐྱེད། མགོན་པོ་སངས་རྒྱས་ཀྱིས་རིགས་ལྔའི་སྡོམ་བཟུང་སོགས་རང་དོན་དུ་ཚོགས་བསགས་ནས། གཞན་དོན་དུ་ཚོགས་བསགས་པ་ནི། ལྷ་ཀླུ་ལ་སོགས་པའི་འགྲོ་བ་རྣམས་དཀྱིལ་འཁོར་དུ་བཀུག་ནས་མཆོད་སྤྲིན་རྒྱ་མཚོས་མཆོད་པའི་བསོད་ནམས་ཀྱིས། འགྲོ་བ་དེ་དག་བྱང་ཆུབ་ཐོབ་ནས་དཀྱིལ་འཁོར་ལ། ཨེ་མ་ཧོ་སངས་རྒྱས་སོགས་ཀྱིས་ཆེད་དུ་བརྗོད་ནས་མི་དམིགས་པར་བཞག །དེ་ལ་ཚོགས་ལམ་ཟེར་རོ། །དེ་ནས་རང་ཉིད་རྡོ་རྗེ་རྒྱུ་དཀྱིལ་འཁོར་ལས་ཕྱིར་ཐོན་ཏེ་སྔར་གྱི་མལ་དུ་བཞུགས་པའི་ལག་མཐིལ་གཉིས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ་གཡས་སུ་ཡེ་ཤེས་


KMC012_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་ངོ་བོ་ཧཱུཾ་སྔོན་པོ། །གཡོན་དུ་སྟོང་པ་ཉིད་ཀྱི་སྒྲ་ཨ་ཐུང་དཀར་པོ་གཉིས་ལ་སྟོང་པ་བཅུ་དྲུག་གི་ངོ་བོ་དབྱངས་ཡིག་བཅུ་དྲུག །ཧཱུྃ་ལ་གཡས་བསྐོར། ཨ་ལ་གཡོན་བསྐོར། ཟླ་བ་ཡིག་འབྲུ་དང་བཅས་པ་འོད་དུ་ཞུ་བ་ལས། སོར་མོ་རྣམས་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་མེ་ལོང་ལྟར་དྭངས་པ་ལ་ཡི་གེ་དང་ལྷའི་གཟུགས་བརྙན་གྱི་ཚུལ་གྱིས་གནས་པ། ཡི་གེ་རྣམས་ཞུ་བ་ལས། རྣམ་སྣང་དཀར་པོ། མི་བསྐྱོད་སྔོན་པོ། རིན་འབྱུང་སེར་པོ། འོད་དཔག་དམར་པོ། དོན་གྲུབ་ལྗང་གུ། དབྱིངས་ཕྱུག་མ་དཀར་མོ། ཐུགས་མ་སྔོན་མོ། དབང་བསྐུར་མ་སེར་མོ། མཚོན་ཆ་མ་དམར་མོ། ཀུན་མ་ལྗང་གུ་སྟེ་ཡབ་ཡུམ། གཡས་ཀྱི་སོར་མོ་ལྔ་རིགས་ལྔ་དང་། གཡོན་གྱི་སོར་མོ་ལྔ་ཡུམ་ལྔར་གྱུར་ནས། ལྷ་ཕན་ཚུན་རེག་པས་བདེ་བ་ཆེན་པོས་མཉེས། དྷརྨ་དང་པོ་ལ་མཉམ་བའི་ཐལ་མོ། དྷརྨ་བར་མ་ལ་སོ་སོར་བསྣོལ་བ་ཙམ། དྷརྨ་ཐ་མ་ལ་རྡོ་རྗེ་བསྡམས་པ་བྱས་ནས་ལྷ་ཕན་


KMC012_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་རོ་གཅིག་པར་གྱུར། བཛྲ་བྷནྡྷ་ཏྲཊ་ཁམས་གསུམ་གྱི་ཉོན་མོངས་པས་བཅིངས་པ་ཐམས་ཅད་འོད་གསལ་བས་བཅད་པར་བསྒོམ། སོར་མོ་སོ་སོར་ཡང་རིགས་ལྔ་ཡབ་ཡུམ་ལྔ་ཆ་རེར་གྱུར། དེ་ལ་སྦྱོར་ལམ་ཟེར། འབེབས་པའི་རྒྱས། ཨཱ་ཝེ་ཤ་ཡ་ཉེར་གཅིག་བརྗོད་ནས་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་དང་པོའི་རྡོ་རྗེ་པདྨ་རཱ་ག་ལས་གྲུབ་པ་དམར་པོ་སོར་བཞི་པའི་ཚད་ལྟེ་བ་ལས་འོད་ཟེར་ཁ་དོག་ལྔ་ལྡན། མཐའ་རྭ་དབུས་རྭ་ལ་ཅུང་ཟད་མ་རེག་པ་འོད་འབར་བ་དུ་མ་འཕྲོས་ནས་ལུས་ཐམས་ཅད་གང་། བཛྲ་ཌ྄ྀ་ཌྷོ་སོགས་ཀྱིས་ཡེ་ཤེས་པ་དེ་བརྟན་པར་བྱས། བཛྲ་མུཥྚི་བཾ་ཞེས་རྡོ་རྗེ་ཁུ་ཚུར་གྱིས་བཅིངས་ནས། རང་ཉིད་རྡོ་རྗེ་རྒྱུ་གནས་འགྱུར་ནས། བཅོམ་ལྡན་འདས་ཀུན་རིག་ཏུ་གྱུར་པའི། དཔྲལ་བར་འཁོར་ལོ་དཀར་པོ་རྩིབས་བཅུ་གཉིས་པ་རྟེན་འབྲེལ་བཅུ་གཉིས་གཅོད་པར་བྱེད་པ་ཨོཾ་གྱིས་མཚན་པ། མགྲིན་པར་པདྨ་དམར་པོ་


KMC012_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མ་བཅུ་དྲུག་པ་སྟོང་པ་བཅུ་དྲུག་རྟོགས་པར་བྱེད་པ་ཨཱཿས་མཚན་པ། སྙིང་གར་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཡེ་ཤེས་ལྔའི་རང་བཞིན་ཧཱུྃ་གིས་མཚན་པར་བསམ་ལ་བྲྀ་ཏ་པྲྀ་ཏ་སོགས་བརྗོད། སྔ་མ་ལྟར་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཐུགས་ཀ་ནས་དབང་རྫས་རིན་པོ་ཆེའི་པྲོག་ཞུ་སོགས་ཀྱིས་དབང་བསྐུར། དབྱིངས་ཕྱུག་མ་རང་ལ་བསྟིམ། དེ་ནས་སྙིང་གི་དཀྱིལ་འཁོར་གསལ་བ་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ སོགས་ཕྱག་རྒྱ་བཞིས་ཚོགས་ཞིང་གི་དཀྱིལ་འཁོར་བཀུག་སྟེ་སྙིང་གའི་དཀྱིལ་འཁོར་དང་གཅིག་ཏུ་བསྲེས་པའི་སྙིང་གའི་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་ཟླ་གདན་ལ་ཧཱུྃ་དཀར་པོའི་མཐའ་སྐོར་རྩ་བའི་རིག་པ་སྦྲུལ་འཁྱིལ་བ་ལྟ་བུས་བསྐོར་པ་ལས་འོད་ཟེར་རིམ་པ་ལྔ་འཕྲོས་ཏེ། དང་པོས་ཁམས་གསུམ་དང་གཉིས་པས་ངན་སོང་གསུམ་སྣང་བར་བྱས། གསུམ་པས་ངན་འགྲོ་གསུམ་དང་ཁྱད་པར་ཚེ་འདས་བཀུག་སྟེ་ཐུགས་ཀའི་དཀྱིལ་འཁོར་གྱི་


KMC012_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱམས་ལ་བཞག །བཞི་པས་སྡིག་པ་ཐམས་ཅད་འཇོམས་པ་དང་། ལྔ་པས་སྡིག་པ་ཐམས་ཅད་བྲལ་བར་བྱས་ཏེ་དེ་དག་ཁམས་གསུམ་གྱི་སྡུག་བསྔལ་ལས་གྲོལ་ནས་ཤར་ཕྱོགས་པ་རྣམས་སོགས་དཀྱུས་ལྟར་བྱས་ནས། ཨོཾ་བཛྲ་ས་མ་ཡ་ཧཱུྃ་གིས་སྒོ་བཞི་ནས་དཀྱིལ་འཁོར་དུ་གཞུག་ནས་དབང་བསྐུར་བས་བྱང་ཆུབ་སེམས་དཔའ་རྣམས་དང་སྐལ་པ་མཉམ་པར་བྱས་པ་མཐོང་ནས་དྲིལ་ལན་གྱི་ཚུལ་དུ་རང་རང་གི་ཐུགས་ཀ་ནས་ལྷ་མོ་བརྒྱད་ཀྱི་ཚོགས་སྤྲོས་ནས་མཆོད་བསྟོད་བྱས་པར་བསམ་མོ། །དེ་ནས་ཐུགས་ཀའི་དཀྱིལ་འཁོར་གཞི་ལུས་རྣམ་སྣང་ཉིད་ལ་ཐིམ་པར་བལྟའོ། །དེ་རྣམས་ནི་རིམ་པ་བཞིན་ཤཱཀྱའི་དབང་པོ་ཉིད་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ་དང་སྦྱར་བའི་ཚོགས་ཞིང་གི་སྐོར། ནར་ཉྫ་ནའི་ངོགས་སུ་བསམ་གཏན་ལ་བཞུགས་ནས་ཐུགས་གཉིས་སུ་མེད་བའི་ཡེ་ཤེས་འོག་མིན་དུ་བྱང་ཆུབ་སེམས་དཔའ་


KMC012_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྒྱུར་གཤེགས་ནས། མཐོང་ལམ་བསྒོམ་ལམ་མངོན་དུ་བྱས་ནས། རྣམ་སྣང་ཆེན་པོར་སངས་རྒྱས་པ་མི་སློབ་པའི་ལམ་དང་། ལྷའི་གནས་སུམ་ཅུ་རྩ་གསུམ་དུ་ལྷའི་བུ་ནོར་བུ་དྲི་མ་མེད་པ་ངན་སོང་གསུམ་དུ་ལྟུང་བ་ཐུགས་ཀའི་དཀྱིལ་འཁོར་དུ་གཞུག་ནས་སྒྲིབ་པ་སྦྱོང་བ་དང་སྦྱར་བ་ཡིན་ཏེ། སྔོན་བྱོན་སྟོན་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་ཡིན་ནོ། །དེ་རྣམས་ལ་དང་པོའི་སྦྱོར་བ་ཟེར་རོ། ༈ །དངོས་གཞི་དཀྱིལ་འཁོར་རྒྱལ་མཆོག་ནི། ཨ་ཀཱ་རོ་སོགས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ལྷུང་བཟེད་ཆུས་བཀང་བ་ལྟ་བུ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་བྲ་བོ་ཟུར་གསུམ་རྩེ་མོ་ཐུར་བལྟས་ལྟ་བུ། དེའི་སྟེང་དུ་པཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་མཎྜལ་ཆུས་བཀང་བ་ལྟ་བུ། དེའི་སྟེང་དུ་ལཾ་ལས་ས་ཡི་དཀྱིལ་འཁོར་སེར་པོ་བྲེ་ནས་ཀྱིས་བཀང་བ་ལྟ་བུའི་སྟེང་དུ་རི་བོ་མཆོག་རབ།


KMC012_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་གྲུ་བཞི་ལ་ཆ་ཆེན་ཉེར་བཞི་ཡོད་པར་ཕྱོགས་རེ་ན་རྭ་གསུམ་གསུམ་སྟེ་རྩེ་མོ་བཅུ་གཉིས་པའི་ལྟེ་བར་གཞལ་ཡས་ཁང་ཕྱི་མའི་ཐོག་ཕུབ་ཀྱི་དབུས་ནས་མཐོང་ཁ་གྲུ་བཞི་པའི་རྣམ་པ་ཅན་གྱི་ཚོད་དུ། གཞལ་ཡས་ཁང་ནང་མའི་གདན་གར་བུའི་སྟེང་དུ་གཞལ་ཡས་ཁང་ནང་མ་གཙོ་ཁང་གི་རྣམ་པ་ཅན་ཐོག་ཕུབ་ལུགས་དབུས་ཕྱུར་བུར་ཡོད་པ། ཕྱི་ནང་གཉིས་ཀར་རྟ་བབ་ཀྱིས་བརྒྱན་པ་སོགས་ཞིབ་པར་བློས་བསླང་དུ་གསལ་ཞིང་། རྩ་བའི་ལྷ་སོ་བདུན་མགྲོན་ཐབས་དང་བཅས་པའི་བཞུགས་གནས་རྣམས་སུ་ཧྲཱིཿརེ་རེ་ཞུ་བས་སྣ་ཚོགས་པའི་མདོག་ཅན་པདྨ་རེ་རེ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར། ཁྲོ་བོ་བརྒྱད་ལ་ཉི་མ་རེ་རེའི་གདན་དང་བཅས་པ། དབུས་སུ་སེང་ལས་སེང་གེའི་ཁྲི་སོགས་ནི། རང་རང་གི་མིང་ཐོག་ལས་བསྐྱེད་པ་སྟེ། སེངྷ། སེང་གེ །ག་ཛ། གླང་པོ། །ཝཱ་ཛི། རྟ། མ་ཡུ་ར། རྨ་བྱ། ག་རུ་ཌ་


KMC012_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལྡིང་གི་རྒྱ་སྐད་ཡིན་ནོ། །གདན་དབུས་མའི་སྟེང་དུ་གཙོ་བོ་མངོན་བྱང་ལྔས་བསྐྱེད་པ་སྟེ། གཞི་གང་ཡང་མི་དམིགས་པ་ཐིག་ལེས་བརྒྱན་པ་ལས། སྟོང་པ་ཉིད་ལ་མངོན་པར་བྱང་ཆུབ་པའོ། །ཨ་ཨ་ཨི་ཨི་སོགས་ཨ་ལི་དང་། ཀ་ཁ་ཁ་གྷ་ང་སོགས་ཀཱ་ལི་ལས། ཐབས་དང་ཤེས་རབ་ཀྱི་ཟླ་བ་གཉིས་སུ་གྱུར་པ་ནི། གདན་ཟླ་བ་ལ་མངོན་པར་བྱང་ཆུབ་པའོ། །ཟླ་བ་དེ་གཉིས་ཀྱང་འོད་དུ་ཞུ་བ་ལས། ཨོཾ་ཤོ་དྷ་ནི་སོགས་སུ་གྱུར་པ་ནི་གསུང་ཡིག་འབྲུ་ལ་མངོན་པར་བྱང་ཆུབ་པའོ། །ཡི་གེ་དེ་རྣམས་ལས་འོད་ཟེར་འཕྲོས། འཕོ་དང་ལྷུམས་ཞུགས་བལྟམས་པ་སོགས་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་འགྲོ་དོན་མཛད། འོད་ཟེར་ལྷར་འདུས་ནས་རྡོ་རྗེ་དཀར་པོ་རྩེ་ལྔར་གྱུར་པ་ནི་ཐུགས་ཕྱག་མཚན་ལ་མངོན་པར་བྱང་ཆུབ་པའོ། །དེ་ལས་རང་ཉིད་རྣམ་པར་སྣང་མཛད་དུ་གྱུར་པ་ནི་སྐུ་ཡོངས་རྫོགས་ལ་མངོན་པར་བྱང་ཆུབ་པའོ། །འཁོར་རྣམས་སྒོ་དྲུག་


KMC012_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྒོ་ནས་བསྐྱེད་དགོས་པས་དེ་ཡང་། རང་ཉིད་རྣམ་སྣང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྩ་རིག་གིས་བསྐོར་བའི་དབུས་སུ་ཤར་དུ་ཧཱུྃ་ལྷོར་ཏྲཱཾཿནུབ་ཏུ་ཧྲཱིཿབྱང་དུ་ཨཱཿརྣམས་གསལ་བ་ནི་སྙིང་པོ་བསྐྱེད་པའི་སྒོ། དེ་རྣམས་ལས་འོད་ཟེར་རིམ་པ་ལྔ་ལྔ་འཕྲོས། འོད་ཟེར་འཕྲོ་བའི་སྒོ། འགྲོ་བ་ཐམས་ཅད་ཀྱི་ངན་སོང་སྦྱོང་། མཛད་པ་མཛད་པའི་སྒོ། འོད་ཟེར་དེ་དག་ཚུར་འདུས། སླར་བསྡུ་བའི་སྒོ། ཤར་གྱི་ཧཱུྃ་རྩ་རིག་དང་བཅས་པ་ཡོངས་སུ་གྱུར་པ་ལས་སྦྱོང་བའི་རྒྱལ་པོ། །ལྷོར་ཏྲཱཾ་ལས་རྒྱལ་མཆོག་རིན་ཆེན་སོགས་སོ་སོར་བསྐྱེད། སྐུ་བསྐྱེད་པའི་སྒོ། ཨོཾ་ཤོ་དྷ་ནི་ཤོདྷ་ཡ་སརྦ་ཨ་པ་ཡ་ཧཱུྃ། ཞེས་འབྱིན་སྔགས་བརྗོད་པས། སྦྱོང་བའི་རྒྱལ་པོ་ཐུགས་ཀ་ནས་ཕྱུང་། ཤར་གྱི་གླང་པོ་ཆེས་བཏེགས་པའི་ཁྲི་ལ་ཞལ་ནང་དུ་ཕྱོགས་པས་འཁོད། གནས་ན་གནས་པའི་སྒོ། ཞེས་སྒོ་དྲུག་གི་རིགས་འགྲེས་ཤེས་པར་བྱའོ། །སྣ་ཚོགས་མདོག་


KMC012_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ནི། དབུ་དང་ཉྭ་ཡུ་གཉིས་དཀར་པོ། །མགྲིན་པ་ནས་སྐེད་པ་ཡན་དམར་སྐྱ། བརླ་གཉིས་སེར་སྐྱ། སྐེད་པ་དང་ཕྱག་གཉིས་སྔོ་སྐྱ། འདོམ་པར་སྔོན་པོ་ཡིན་ནོ། །རྡོ་རྗེ་གནོད་སྦྱིན་ནག་པོ་ལྟོ་བ་ཡངས་ཤིང་ཕྱག་གཉིས་ཀྱིས་གནམ་ལྕགས་སྦྱངས་པ་ལས་བྱས་པའི་རྡོ་རྗེ་རྩེ་ལྔ་པས་ཡུ་བ་བྱས་པའི་མཆེ་བ་གཉིས་ཞལ་གྱི་གྲྭ་གཉིས་སུ་འཛིན་པའོ། །འདི་ཁྲོ་ཞལ་མ་ཡིན་ཏེ་ཞི་བ་ཁོ་ནའོ་ཞེས་བླ་མ་རྣམས་ཀྱིས་གསུངས། དེ་ལྟར་གྱི་རྩ་ལྷ་སོ་བདུན་དང་། བསྐལ་བཟང་དང་དཔེ་བྲལ་གྱི་སེམས་དཔའ་ཡན་སྒོ་དྲུག་བསྐྱེད་ཡིན་ལ། ཉན་ཐོས་བཅུ་དྲུག་དང་རང་རྒྱལ་བཅུ་གཉིས་ཁྲོ་བོ་བརྒྱད་རྣམས་ནི་སོ་སོའི་ལྷ་གྲངས་ཀྱི་སྙིང་པོ་རེ་ལ་མགྲོན་ཐབས་སུ་བསྐྱེད་པ་ཡིན་ནོ། །འཁོར་ཡུག་པ་རྣམས་རྩ་རིག་ཚར་རེ་རེ་ལས་བསྐྱེད་པ་ཡིན་གྱི་འགའ་ཞིག་ཡིག་འབྲུ་རེ་རེ་ལས་བསྐྱེད་པར་འདོད་པ་ནི་ནོར་རོ། །གཙོ་འཁོར་དེ་ཐམས་ཅད་འཇིག་རྟེན་པའི་དཔོན་གཡོག་


KMC012_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ནི་མ་ཡིན། ཀུན་རིག་རྣམ་སྣང་རང་གི་ཆོ་འཕྲུལ་ཡིན་པར་ཤེས་དགོས། དེ་ཡན་ལ་དཀྱིལ་འཁོར་རྒྱལ་མཆོག་ཟེར། ༈ །ལས་རྒྱལ་མཆོག་ནི། རང་ཉིད་རྣམ་སྣང་གནས་འགྱུར་ནས་ཁྲོ་བོ་ཧཱུྃ་མཛད་ཞལ་བཞི་ཕྱག་དྲུག་པར་གྱུར་ནས་སྒོ་བ་བཞི་དང་ཁྲོ་བོ་བརྒྱད་ལ། ཨོཾ་སརྦ་བིད་དྭཱ་རོད་གྷ་ཊ་སོགས་སྒོ་ཕྱེས་ཤིག་གསུངས་པའི་མོད་ལ་སྒོ་སྲུང་རྣམས་ཀྱིས་གཞལ་ཡས་ཀྱི་སྒོ་ཐམས་ཅད་ཤགས་ཀྱི་ཕྱེས་པར་བསམ། ཡེ་ཤེས་པ་ལ་གཟུགས་དང་ཁ་དོག་གི་སྤྲོས་པ་མི་མངའ་ཡང་། འགྲོ་བློར་གང་ལ་གང་འདུལ་གྱི་ལོངས་སྐུ་དང་སྤྲུལ་པའི་སྐུའི་སྣང་བ་དཀྱིལ་འཁོར་གྱི་ལྷ་ཚོགས་ཚད་མའི་སྐུར་གནས་པ་ཉིད་གསལ་བར་བསམ་ལ། ཨོཾ་སརྦ་བིད་བཛྲ་ས་མཱ་ཛཿསོགས་ཀྱིས་ལྷ་ཚོགས་ཐམས་ཅད་སྒོ་སོ་སོ་ནས་བྱོན་ཏེ། གཞལ་ཡས་ཁང་གི་གྲ་བ་གསེབ་ཏུ་སྤྲིན་འཁྲིགས་པ་ལྟར་བཞུགས་པར་གྱུར། ཨོཾ་བཛྲ་ཡཀྵས་ཕྱི་འབྲང་གི་བགེགས་བསྲུང་། རྡོ་རྗེ་


KMC012_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་ཚུར་གྱིས་གཞལ་ཡས་ཁང་གི་སྒོ་ཐམས་ཅད་བཅད། ཨརྒྷཾ་སོགས་ཀྱིས་དམ་ཚིག་པས་ཡེ་ཤེས་པས་ཆུ་གཉིས་ཉེར་སྤྱོད་སོགས་ཀྱི་མཆོད་ནས། ཡེ་ཤེས་པ་རྣམས་ཀྱིས་དམ་ཚིག་པ་ལ་ཆེད་དུ་བརྗོད་པ་ནི། ཨེ་མ་ཧོ་ཀུན་ཏུ་བཟང་པོ་ཡི་སོགས་ཀྱི་ཆེད་དུ་བརྗོད་ནས། གཙོ་བོ་དང་དེ་བཞིན་གཤེགས་པ་བཞི་དམ་ཚིག་པ་ལ་ཡེ་ཤེས་པ་སོ་སོར་བསྲེ། ཡེ་ཤེས་པའི་ཡུམ་བཞི་གཙོ་བོའི་ཐུགས་ཀར་བསྡུ། ཤར་ཕྱོགས་ཀྱི་ཡེ་ཤེས་པའི་སེམས་དཔའ་བཞི། མཆོད་ལྷ་གཉིས། སྒོ་སྲུང་གཅིག །བསྐལ་བཟང་བཞི། དཔེ་བྲལ་བཞི། ཉན་ཐོས་བཞི། རང་རྒྱལ་གསུམ། ཁྲོ་བོ་གཉིས་བཅས་སྦྱོང་རྒྱལ་གྱི་ཐུགས་ཀར་བསྡུ། ཕྱོགས་གསུམ་དེས་རིགས་འགྲེ་ནས། དམ་ཡེ་དབྱེར་མེད་ཀྱི་གཤེགས་པ་བཞི་ཡང་གཙོ་བོའི་ཐུགས་ཀར་བསྡུ་མ་ཐག་ཏུ། ཡེ་ཤེས་པའི་ལྷག་མ་ཅུང་ཟད་བཞག་པ་དང་བཅས་པའི་ཡུམ་བཞི་ཡང་ཐུགས་ཀ་ནས་ཐོན་ཏེ། དམ་ཚིག་པའི་ཡུམ་བཞི་ལ་


KMC012_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ། ཡེ་ཤེས་ལྷག་མ་བཞག་པ་དང་བཅས་པའི་གཤེགས་པ་བཞི་ཡང་ཐོན་ཏེ་སོ་སོའི་ཁྲི་ལ་བཞུགས་མ་ཐག་ཏུ། རང་རང་གི་ཕྱོགས་ཀྱི་ཡེ་ཤེས་པ་རྣམས་ཀྱང་གཤེགས་པ་སོ་སོའི་ཐུགས་ཀ་ནས་ཐོན་ཏེ་དམ་ཚིག་པ་སོ་སོ་ལ་ཐིམ་པར་བསམ་མོ། དེ་ནས་དམ་ཡེ་དབྱེར་མེད་པའི་ཆེད་དུ་བརྗོད་པ་ནི། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི་སོགས་བརྗོད་པར་བསམ། དེ་ནས་དབང་བླང་བ་ནི། རྣམ་སྣང་གི་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ལྷག་མ་རྣམས་དབང་ལྷའི་དོན་དུ་ནམ་མཁའ་གང་བར་སྤྲོས་ནས། དེ་རྣམས་ལས་དབང་བླང་དགོས། གཙོ་བོ་དང་གཤེགས་པ་བཞིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་བཅུ་དྲུག་དང་བསྐལ་བཟང་དཔེ་བྲལ་རྣམས་ཀྱིས་ཤིས་པ་བརྗོད། སྒེག་སོགས་བརྒྱད་ཀྱིས་གླུ་བླང་། ཁྲོ་བོ་བརྒྱད་ཀྱིས་བགེགས་བསྐྲད། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་དང་ཡུམ་བཞིས་དབང་བསྐུར་གྲོགས་མཛད་ནས་


KMC012_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བུདྡྷ་ཨ་བྷི་སོགས་ཀྱི་ཚེ་གཙོ་བོ་དང་དེ་བཞིན་གཤེགས་པ་བཞི་བསྐལ་བཟང་དཔེ་བྲལ་རྣམས་ལ་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར། ཡུམ་བཞི་སེམས་དཔའ་བཅུ་དྲུག །སྒེག་སོགས་བརྒྱད་སྒོ་བ་བཞི་རྣམས་རིགས་ལྔའི་ཅོན་པན་གྱིས་དབང་བསྐུར་བ་ནི་རིགས་རེ་རེ་དང་རིགས་ལྔ་མཚུངས་ལྡན་དུ་གནས་པས་རིགས་བརྒྱ་ལ་སོགས་པ་མཚོན་ཕྱིར་རོ། །ལ་རིགས་ལྔའི་ཅོད་པན་གྱིས་དབང་བསྐུར། ཁྲོ་བོ་རྣམས་ལ་རྡོ་རྗེ་རྩེ་ལྔ་པ་ལྔ་རེས་དབང་བསྐུར་བས་དབུ་བརྒྱན་པར་བསྒོམ། དེ་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་དབང་རྟགས་སུ་ཕུལ་བའི་བརྡའ་དང་བསྐལ་བཟང་སོགས་ལ་ནི་སྐྱེ་བ་གཅིག་གི་ཐོག་ནས་སངས་རྒྱས་པར་ལུང་བསྟན་པའི་བརྡའོ། །མཆན། མེ་ཏོག་གི་ཕྲེང་བ་ནི་ཉན་ཐོས་དང་རང་རྒྱལ་མ་གཏོགས་ཕྱིའི་ཁོར་ཡུག་དང་བཅས་པའི་གཙོ་འཁོར་ཐམས་ཅད་ལ་དབང་བསྐུར། དར་དཔྱངས་ཕྱག་མཚན་མིང་དབང་རྣམས་ནི་ལྷ་ཐམས་ཅད་ལ་དབང་བསྐུར་དགོས་ཞེས་དེ་ཉིད་སྣང་བ་ནས་གསུངས་སོ། །དེ་ནས་དབང་ལྷ་


KMC012_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་དཀྱིལ་འཁོར་བ་ལ་ཛཿཧཱུཾ་བཾ་ཧོཿས་བསྟིམ། དེ་ནས་ཕྱག་རྒྱ་བཞི་ཡིས་རྒྱས་གདབ་བའི་དང་པོ་དམ་རྒྱ་ནི། ས་མ་ཡ་སྟྭཾ་གྱིས་རང་རྣམ་སྣང་གི་དམ་ཚིག་པ་ཡེ་ཤེས་པ་སོ་སོར་ཕྱེས་ནས་དམ་ཡེ་གཉིས་ཞལ་སྤྲོད་ཀྱི་རྣམ་པར་བཞུགས་པར་བསམ། དྲི་ཤྱ་ཧོཿ དམ་ཚིག་པ་དང་ཡེ་ཤེས་པའི་སྤྱན་གཉིས་ཉི་ཟླར་བྱིན་གྱིས་བརླབས་ནས། དམ་ཡེ་གཉིས་ཕར་གཟིགས་ཚུར་གཟིགས་མཛད་པར་གྱུར། ཛཿཧཱུྃ་བཾ་ཧོཿས་དམ་ཡེ་གཉིས་སླར་བསྲེ། ས་མ་ཡ་སྟྭཾ། དང་པོས་ཉི་མའི་རྒྱབ་ཡོལ་དུ་བསམ། ས་མ་ཡ་སྟྭཾ་ཨ་ཧཾ་གིས་རང་རྣམ་སྣང་གི་ང་རྒྱལ་བཟུང་སྟེ། དེ་ནས་རང་རྣམ་སྣང་གི་ཐུགས་ཀར་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོས་རྒྱས་གདབ་པར་བསམ་ལ། རྩ་རིག་ཚར་གསུམ་བརྗོད་པས་ནམ་ཞིག་དམ་རྒྱ་མ་བཀྲོལ་བར་དུ་ཡེ་ཤེས་པ་བཞུགས་པར་བསམ། དེས་རིགས་བསྒྲེས་བའི་རང་སྦྱོང་རྒྱལ་དུ་ལྷག་པར་མོས་པའི་དམ་ཡེ་གཉིས་སོ་སོར་


KMC012_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེས་ནས་ཞལ་སྤྲོད་སོགས་སྔ་མ་བཞིན་ལས། དེ་བཞིན་གཤེགས་པ་བཞི་ལ་ཉི་མའི་རྒྱབ་ཡོལ་བསྐྱེད་པ་ནི་བྱང་ཆུབ་ཀྱི་མྱུ་གུ་སྨིན་པའི་བརྡའ་དང་། ཡུམ་བཞི་ཕྱིན་ཆད་ལ་ཟླ་བའི་རྒྱབ་ཡོལ་བསྒོམ་པ་ནི་བྱང་ཆུབ་ཀྱི་མྱུ་གུ་སྐྱེས་པའི་བརྡའ་ཡིན་ནོ་ཞེས་ཡིག་རྙིང་རྣམས་སུ་ཡོད། དེ་ལྟ་བུའི་ཁྲོ་བོ་བརྒྱད་ཡན་ཆད་ལ་རེས་མོའི་རྣམ་པས་ཏིང་ངེ་འཛིན་སྤོ། དེ་ནི་ཐུགས་དམ་ཚིག་གི་ཕྱག་རྒྱའོ། ༈ །གསུང་ཆོས་ཀྱི་ཕྱག་རྒྱ་ནི། རང་རྣམ་སྣང་གི་ལྐོག་མར་ཧྲཱིཿལས་པདྨ་དམར་པོ་འདབ་མ་བརྒྱད་པའི་མདུན་གྱི་འདབ་མ་ལྕེར་གྱུར་པའི་སྟེང་དུ་ཟླ་བའི་དབུས་སུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཉལ་ཐབས་ཀྱི་ལྟེ་བར། ཨོཾ་ཤོ་དྷ་ནི་ཤོ་དྷ་ནི་སརྦ་པཱ་པཾ་སོགས་རྩ་རིག་གིས་བསྐོར་བར་བསམ། དེ་བཞིན་དུ་སྦྱོང་རྒྱལ་སོགས་ལ་རང་རང་གི་སྙིང་པོས་བསྐོར་བར་བསམ་ལ་ཁྲོ་བོ་བརྒྱད་ཀྱི་བར་དུ་དམིགས་པ་སྤོའོ། །དེ་ནི་གསུང་ཆོས་ཀྱི་ཕྱག་རྒྱའོ། །དེ་ནས་རང་རྣམ་སྣང་གི་ཐུགས་


KMC012_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པའི་ཤར་རྭ་གསུམ་སྔོའམ་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། ལྟེ་བ་མཐིང་གའི་མདོག་ལས་འོད་ཟེར་རིམ་པ་ལྔ་ལྔ་འཕྲོས། འགྲོ་བ་རིགས་དྲུག་དང་ཁྱད་པར་ངན་སོང་གསུམ་སྣང་བར་བྱས། དེ་དག་གི་རྒྱུད་ལ་གནས་པའི་ཉོན་མོངས་པ་དུག་ལྔ་ཡེ་ཤེས་ལྔས་སོ་སོར་སྦྱོངས། རྒྱུ་ཡི་ངན་སོང་དུག་གསུམ། །འབྲས་བུའི་ངན་སོང་ངན་འགྲོ་གསུམ་ལས་ཐར་བར་མཛད། འོད་ཟེར་ཚུར་འདུས་སྙིང་གའི་རྡོ་རྗེ་ལ་ཐིམ་པར་བསམ། ཨོཾ་གླུར་བླང་བའི་སྙིང་པོ་ལས་རྒྱ་དང་བཅས་པ་བྱའོ། །དེས་རིགས་བསྒྲེེས་པའི་ཁྲོ་བོ་བརྒྱད་ཀྱི་མཐར་ཐུག་པར་བྱའོ། །དེ་ནི་སྐུ་ལས་ཀྱི་ཕྱག་རྒྱའོ། ༈ །ཕྱག་ཆེན་ནི། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་དང་པོའི་རྡོ་རྗེ་དམར་པོ་རྩེ་ལྔ་པ་རེས་རྒྱས་གདབ་པར་བསམ་ལ་ལྷ་ཡི་དེ་ཁོ་ན་ཉིད་དང་། བདག་གི་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པའི་མཚན་མེད་ཀྱི་ཏིང་ངེ་འཛིན་གྱི་


KMC012_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བསྐྱང་ཞིང་ལྷ་རང་རང་གི་ཕྱག་ཆེན་བྱའོ། །བསྡུ་ན་རིགས་གསུམ་སྤྱི་ཡི་སྔགས་རྒྱས་ཆོག་པར་འདོད་ཀྱང་། ཕྱག་རྒྱ་བཞིའི་རྒྱས་འདེབས་མེད་ན་རང་རྐང་རྒྱུད་ཀྱི་མཚན་ཉིད་ཅི་ཡང་མེད་པས་ཆོ་ག་ཉམས་པའི་སྐྱོན་རྣམས་འབྱུང་ངོ་། །དེ་ནས་གནས་ཉེར་གཉིས་བྱིན་གྱིས་བརླབས་པ་ནི། གནས་དེ་རྣམས་སུ་ཟླ་བ་རྡོ་རྗེ་རེ་རེས་རྒྱས་གདབ་པར་བསམ་མོ། ༈ །སྙིང་ག་མགྲིན་པ་དཔྲལ་བ་དང་། སྨིན་མཚམས་མཛོད་སྤུ་ཕྲག་པ་གཉིས། མགོ་བོ་གཙུག་ཕུད་དཔུང་པ་གཉིས། སྣ་དང་སྐེད་པ་པུས་མོ་བོལ། ལོང་བུ་གཉིས་དང་མིག་གཉིས་དང་། གསང་བའི་གནས་ཏེ་ཉེར་གཉིས་སོ། །བསྡུ་ན་གནས་གསུམ་གཙུག་ཕུད་དོ། ༈ །དེ་ནས་མཆོད་བསྟོད་ནི། རང་གི་ཐུགས་ཀ་ནས་རྡོ་རྗེ་སེམས་དཔའ་ཆུང་ངུ་ཞིག་ཤར་སྒོ་རུ་སྤྲོས་ནས་དེའི་ཐུགས་ཀ་ནས་མཆོད་རྫས་འཛིན་པའི་ལྷ་མོ་མང་པོ་སྤྲོས་ནས་ལྷ་ཐམས་ཅད་ལ་དབུ་རྒྱན་སྙན་རྒྱན་སོགས་དཔག་མེད་


KMC012_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

མའི་མཆོད་རྫས་ཐམས་ཅད་ཕུལ་བར་བསམ་པ་དང་། རང་ཐ་མལ་བ་དུ་མ་སྤྲོས་ནས་སངས་རྒྱས་རྣམས་ལ་མཉམ་མེད་མ་སོགས་ཀྱིས་བསྟོད་པར་བསམ་ནས། ༈ བསྙེན་པ་བྱེད་པའི་ཚེ་ལྷ་ཚོགས་ཐམས་ཅད་བདག་ཉིད་ཡིན་པར་བསམ་ལ། ལྷ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་དཀར་པོ་སོགས་ས་བོན་གྱི་མཐར་རང་རང་གི་སྙིང་པོ་དང་། དེའི་མཐར་རྩ་རིག་གིས་གཡས་བསྐོར་དུ་གནས་པའི་ལྷ་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་ལས་འོད་ཟེར་རིམ་པ་ལྔ་ལྔ་འཕྲོས། ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་འོད་ཟེར་དེས་སྣང་བར་བྱས། དེ་དག་གི་ཉོན་མོངས་དུག་ལྔ་ཡེ་ཤེས་ལྔའི་ངང་དུ་བཅོམ་སྟེ། རྒྱུ་ཡི་ངན་སོང་དུག་གསུམ། འབྲས་བུའི་ངན་འགྲོ་གསུམ་ཐམས་ཅད་བཅོམ་འོད་ཟེར་ཚུར་འདུས་ཡིག་འབྲུ་ལ་ཐིམ་པར་བསམ་ལ་བཟླས་པ་བྱའོ། །བསྙེན་པའི་ཡི་གེ་དངོས་ནི་རྗེ་


KMC012_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དབོན་ཀརྨ་ནས་སྩལ་བ་ཉིད་དུ་ལྟོས་ཤིག །མཐར་ཡིག་བརྒྱས་བརྟན་པར་བྱས། ༈ བུམ་བསྐྱེད་ནི། བུམ་པ་མཆུ་འཕྱང་བ། ལྟོ་བ་ལྡིར་བ་སོགས་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་ཆུའི་སྟེང་དུ་པདྨ་འདབ་མ་རབ་ཏུ་རྒྱས་པའི་སྟེང་གི་དབུས་སུ་སེང་ལས་སོགས་ནས། གཙོ་བོ་མངོན་བྱང་ལྔས་བསྐྱེད། འཁོར་རྣམས་མགྲོན་ཐབས་བཞིན་བསྐྱེད་པའི་རྩ་བའི་ལྷ་སོ་བདུན་ཡན་ལས་མི་དགོས། འཁོར་ལོའི་རྩིབས་བཅུ་དྲུག་དང་། འཁོར་ལོའི་ཕྱི་ཡི་གྲྭ་དང་སོགས་དཀྱིལ་འཁོར་སྟོན་བྱེད་ཀྱི་ཚིག་རྣམས་དོར་ནས། ཐམས་ཅད་ལ་ཤར་ནས་གཡས་བསྐོར་དུ་ཞེས་པ་སྦྱར་དགོས་སོ། །དྭཱ་རོད་གྷ་ཊས་སྒོ་དབྱེ་བའང་མི་དགོས་མོད། ཚིག་བཏོན་ཀྱང་ཆོག །ཡེ་ཤེས་པ་སྤྱན་འདྲེན། དམ་ཡེ་བསྲེ་བ། དབང་བསྐུར་བ་སོགས་བདག་བསྐྱེད་དང་འདྲ། བསྙེན་པའི་དམིགས་པའང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་གཟུང་ཐག་ལ་བརྟེན་ནས་བུམ་ནང་དུ་སོང་བས་


KMC012_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས་བུམ་པ་ཡེ་ཤེས་ཀྱི་ཆུས་གང་བར་དམིགས་པའམ་ཡང་ན་བདག་བསྐྱེད་ཀྱི་དེས་ཆོག་གོ །རང་གི་ཐུགས་ཀ་ནས་མཆོད་ལྷ་སྤྲོས་ནས་བུམ་བསྐྱེད་ལ་མཆོད་པ་བྱ་སྟེ། མཚན་བརྒྱ་པས་བསྟོད། གོ་དོན་རྒྱས་པར་ཤེས་འདོད་ན་གཞན་དུ་ཤེས་ལ་དེ་ནས་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་ལྷ་ཞུ་ནས་བུམ་ཆུ་དང་རོ་གཅིག་པར་བསམ། ལས་བུམ་དུ་རྡོ་རྗེ་གནོད་སྦྱིན་ཆུ་དང་རོ་གཅིག་པར་བསྐྱེད་ནས་འོད་ཞུ་མི་དགོས་པར་བཞག་ཆོག་གོ །བུམ་བསྐྱེད་རྒྱས་པ་བྱེད་ན་རྣམ་རྒྱལ་བུམ་པའི་དབུས་སུ་ཡཾ་རཾ་བཾ་ལཾ་སུཾ་སོགས་གཞལ་ཡས་ཁང་བསྐྱེད་ན་བཟང་ཞེས་སྐུ་ཞབས་ནས་གསུངས། ༈ མདུན་བསྐྱེད་ནི་རས་བྲིས་སོགས་དང་དབྱེར་མེད་པར་བསྐྱེད་པའི་གཙོ་བོ་མངོན་བྱང་ལྔ་དང་། འཁོར་རྣམས་མགྲོན་ཐབས་སུ་བསྐྱེད་དགོས། སྒོ་དབྱེ་བའི་བྱ་བ་མདུན་བསྐྱེད་ཀྱི་གཙོ་བོ་ཧཱུྃ་མཛད་དུ་


KMC012_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འགྱུར་བ་སོགས་བདག་བསྐྱེད་དང་འདྲའོ། །མཆོད་བསྟོད་ཀྱང་བུམ་བསྐྱེད་སྐབས་དང་འདྲ། ཕྲིན་ལས་བཅོལ་བའི་དམིགས་པ་ནི་ལས་རྒྱའི་སྐབས་ཀྱི་དེ་ཡིན་ནོ།། མདུན་བསྐྱེད་མཆོད་བསྟོད་གཙོ་ཆེ་བས་རབ་འབྱམས་མ་སོགས་མཆོད་བསྟོད་རྒྱས་པར་བྱའོ། །ཀུན་རིག་གི་ཕྱི་མཆོད་རབ་འབྱམས་མ། དཔག་མེད་མ། འདོད་ཡོན་ལྔ། རྒྱལ་སྲིད་བདུན་ཡིན་ནོ། །ནང་མཆོད་གནས་འདི་མ་ཡིན། གསང་མཆོད་རྡོ་རྗེ་སེམས་དཔའ་བསྡུས་པ་ཡིན་ནོ། །རབ་འབྱམས་མ། དཔག་མེད་མ། ཁ་དོག་མ་གསུམ་ནི་གོ་སླའོ། །རྒྱལ་སྲིད་སྣ་བདུན་ལས། འཁོར་ལོ་རིན་ཆེན་རྒྱུ་གསེར་ལས་གྲུབ་པ། མགར་བས་མ་བྱས་པ། རྩིབས་སྟོང་མུ་ཁྱུད་དང་བཅས་པ་ནམ་མཁའ་ལ་འགྲོ་ཤེས་པ་སོགས་དང་། ནོར་བུ་རིན་པོ་ཆེ་ཁ་དོག་སྔོ་བ་བརྒྱད་གཞོག །མི་འབྲིང་པོའི་བརླ་ཙམ་མཚན་མོ་མེད་པར་བྱེད་པ། དགོས་འདོད་འབྱུང་བ་སོགས། བཙུན་མོ་བློན་པོ་སོགས་


KMC012_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གོ་སླའོ། །རྟ་མཆོག་སྤུ་མདོག་ལྗང་གུ་ཡུད་ཙམ་ལ་གླིང་བཞི་བསྐོར་བ་སོགས། དམག་དཔོན་ནི། རལ་གྲིའི་རྩེ་མོ་ཕྱོགས་ཙམ་གྱིས་ཕ་རོལ་ཐམས་ཅད་འཇོམས་པ། བསད་བཅད་སོགས་མི་དགོས་པའོ། ༈ །གནས་འདི་མ་ནི། བདག་པོས་མ་བཟུང་བའི་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ལྔ། རིན་པོ་ཆེའི་རི་རབ་དང་། དཔག་བསམ་ཤིང་སོགས་ཕྱི་མཆོད་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་དེ་ཁོ་ན་ཉིད་ནང་གི་སྒེག་མོ་སོགས་དྲུག་དང་། ལུས་ངག་ཡིད་གསུམ་འབུལ་བ་དེ་ཁོ་ན་ཉིད་དང་བཅས་པའོ། ༈ །རྡོ་རྗེ་སེམས་དཔའ་བསྡུས་པ་སོགས་ནི། རང་རྡོར་སེམས་ཀྱི་ཐུགས་ཀའི་རྒྱུ་སྣ་ཚོགས་རྡོ་རྗེ་ལས་སྒེག་སོགས་བརྒྱད་སྤྲོས་ནས་ཕུལ་བས་ལྷ་ཐམས་ཅད་ཀྱི་ཕྱག་གིས་ཕྱག་ནས་བཅངས་ནས་བདེ་བ་ཆེན་པོས་མཉེས་པར་བསམ་མོ། །དེ་ནི་རྒྱུད་སྡེ་གོང་མའི་གསང་མཆོད་ཀྱི་དོད་པོ་ཡིན། །ཆ་གསུམ་ནི་ཕྱོགས་སྐྱོང་བ་བཅུ་ལ་སོགས་པ་


KMC012_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྡེ་བརྒྱད་སྤྱི་དང་བགེགས་རིགས་རྣམས་ལ་ཕུལ་བ་ཡིན་ནོ། །དེ་ཡང་རི་རབ་སོགས་ཕྱི་རོལ་དུ་ཡོད་པའི་འཇིག་རྟེན་པ་རང་རྒྱུད་པ་རྣམས་ལ་གཏོར་མ་གཏང་བ་ཡིན་གྱི་དཀྱིལ་འཁོར་འཁོར་ཡུག་པ་རྣམས་ལ་ནི་མ་ཡིན་ཏེ་དེ་དག་ནི་གཙོ་བོའི་རོལ་གར་ཡིན་པ་རྒྱུད་དང་། རྒྱ་བོད་ཀྱི་བླ་མ་ཐམས་ཅད་ཀྱིས་རྒྱས་པར་གསུངས་སོ། །ཆ་གསུམ་གཏོང་ཚེ་བདག་བསྐྱེད་ཀྱི་ཐུགས་ཀ་ནས་རང་ཉིད་རྡོར་སེམས་སུ་ཐོན་ནས་དཀྱིལ་འཁོར་གྱི་ཕྱི་རོལ་དུ་འབྱུང་པོ་མཆོད་པའི་ལས་མཛད་ནས། སླར་གཙོ་བོའི་ཐུགས་ཀར་ཞུགས་པར་མོས། བདག་ཉིད་འཇུག་ཅིང་དབང་བླང་བ་ནི་འོག་ནས་འཆད་པའི་གཞན་དོན་དབང་བསྐུར་གྱི་རིགས་འགྲེས་ཤེས་སླ་ལ། དེ་རྗེས་བདག་ཉིད་རྡོ་རྗེ་སེམས་དཔར་གྱུར་པ་དཀྱིལ་འཁོར་གྱི་ལྷ་རིགས་ལྔ་དང་རྣམ་པ་ཐ་དད་ཀྱང་ངོ་བོ་གཅིག་པར་མོས་ཏེ་ཨོཾ་བཛྲ་དྷ་ར་སོགས་བརྗོད། དེ་ནས་ལྷོ་སྒོའི་སྐབས་སུ་མདུན་བསྐྱེད་དཀྱིལ་


KMC012_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་ཤར་སྒོའི་དྲུང་དུ། པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཡི་གེ་ནྲྀ་ལས་ཚེ་འདས་གསོན་པོའི་གཟུགས་ཅི་ལྟ་བར་བསྐྱེད། དཀོན་མཆོག་གསུམ་གྱི་བདེན་པ་དྲན་བཞིན་དུ་འགུག་གཞུག་གསུམ་དང་། བདག་མདུན་གཉིས་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་ཚེ་འདས་ཀྱི་རྣམ་ཤེས་ཨ་ཐུང་དམར་པོའི་རྣམ་པར་བཀུག་ནས་སྤྱི་བོ་ནས་ཞུགས་སྙིང་གར་ཐིམ་པར་བསམ། གཞན་ཡང་འཁོར་ལོས་མཚན་པའི་ལྕགས་ཀྱུ་མང་པོ་སྤྲོས་ནས་བཀུག་པར་ཡང་བསམ། དེ་ཉིད་བསྡུས་པ་ལས་གསང་བའི་ལྕགས་ཀྱུ་བསྡམས་བྱས་སྟེ། །མཐའ་མ་མཉམ་དུ་བརྐྱང་ནས་ནི། །ཤི་བའི་མགོ་བོར་བཞག་ན་ནི། །སྲོག་ནི་སླར་ཡང་ཐོབ་པར་འགྱུར། ཞེས་གསུངས་པ་ལྟར་ཚེ་འདས་ཁོ་ནར་མ་ཟད། ལྟུང་བ་སློང་བའི་ཕྱག་རྒྱ་སོགས་ཀྱི་ངན་སོང་གསུམ་པོ་


KMC012_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བཀུག་སྟེ་དཀྱིལ་འཁོར་གྱི་ཁྱམས་སུ་བཀོད་དོ། །དེ་ནས། རྡོ་རྗེ་བསྡམས་པ་ཅིངས་བྱས་ནས། །གུང་མོ་གཉིས་ཁ་སྦྱར་ནས་ནི། །ཐ་མ་བཞི་ནི་རྩེ་མོ་སྦྱར། །སྡིག་པ་འཇོམས་པར་གྲགས་པ་ཡིན། །རྡོ་རྗེ་བསྡམས་པ་དམ་བཅས་ཏེ། །གུང་མོ་གཉིས་ནི་ངོས་སྦྱར་ནས། །ཐ་མ་བཞི་ནི་རྩེ་སྤྲད་པས། །སྐད་ཅིག་གིས་ནི་སྡིག་དྲལ་ལོ། །ཅེས་གསུངས་ལྷར་སྡིག་པ་འཇོམས་པའི་སྔགས་རྒྱ་བྱ། དེ་ལྟར་བཀུག་ནས་བསྟིམ་པས་ཚེ་འདས་དངོས་སུ་གྱུར་བའི་གནས་གསུམ་ཨོཾ་ཨཿཧཱུྃ་གིས་རྒྱས་བཏབ། དཀར་གཏོར་གསུམ་མར་མེ་ཆང་བུ་གསུམ་རྣམས་ཨ་ཀཱ་རོས་བྱིན་གྱི་བརླབས། ཚེ་རབས་སྔོན་ནས་ད་ལྟ་ཡན་ཆོད་དུ་ལན་ཆགས་པའི་རྒྱུ་ལས་ཚེ་འདས་དེ་ཉིད་མཐོ་རིས་དང་ཐར་པ་བསྒྲུབ་པ་ལ་བར་དུ་གཅོད་པར་བྱེད་ཅིང་འབྲེལ་པ་ཅན་ཤུལ་གནས་གསོན་པོ་ལ་བདུད་དུ་བྱེད་པའི་བགེགས་ཞི་བས་སྦྱང་པར་འོས་པ་རྣམས་ལ་དཀར་གཏོར་ནམ་མཁའ་


KMC012_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཀྱི་སྔགས་ཀྱིས་བསྔོ། བགེགས་ཞི་དྲག་ཕྱེད་མས་སྦྱོང་བར་འོས་པ་རྣམས་ལ་ཆང་བུ་དང་མར་མེ་སོགས་སྦྱིན་ཞིང་ཧཱུྃ་བཞིའི་སྔགས་ཀྱིས་བསྡིག །ཆང་བུ་མར་མེ་རྣམས་བགེགས་ལ་མཆོད་པ་འབུལ་བའི་རྒྱུ་ཡིན་པས་རྫས་ཞི་བ་ལས་སྔགས་དྲག་པོ་ཡིན་པས་ཞི་དྲག་ཕྱེད་མ་ཟེར་བའི་དོན་ནོ། ཧཱུྃ་དཀྱིལ་འཁོར་ཆེན་པོ་སོགས་ཀྱི་སྐབས། བདག་མདུན་ཐུགས་ལས་འོད་ཟེར་འཕྲོས་པས་ཁྲོ་བོ་བརྒྱད་རྣམས་བསྐུལ། ཁྲོ་བོ་བརྒྱད་ལས་རང་འདྲ་དཔག་མེད་སྤྲོས་ནས་བགེགས་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་བསམ། ཆང་བུ་ལ་འབུར་ཆུང་བཅུ་གཉིས་ལོ་བདུད་བཅུ་གཉིས་སོགས། ནག་རྩིས་ཀྱི་སྐད་ཆ་དེ་ཚོ་མི་དགོས་ལགས། འདི་ནི་སྦྱོང་བ་ཤིན་ཏུ་བསྡུས་པ་ཡིན་གྱི། རྡོ་རྗེ་ཕྲེང་བ་དང་། ཀྲྀ་ཡས་མུཙྪ་སོགས་ནས་རྒྱས་པར་བཤད་ཡོད། དེ་ནས་རྫས་གཅིག་པའི་སྦྱིན་བསྲེག་ནི། མེ་དཔུང་གི་དབུས་སུ་ཟ་ཕྱེད་རྡོ་རྗེས་མཁའ་འགྲོ་གཞུང་ལྟར་


KMC012_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། དེའི་ཞལ་མེ་འབར་བའི་ནང་དུ་སྡིག་སྒྲིབ་ཐིམ་པའི་ཏིལ་དེ་ཕུལ་བས་སྦྱོང་བར་བསམ། ཁ་གཅིག་གིས་འདི་མི་འཐད་པར་སྨྲ་ནའང་། མི་རུང་བ་མེད་དེ། དེ་ཉིད་བསྡུས་པ་ན་བླ་མེད་ཀྱི་རྒྱུད་དུ་ཡང་འཐེན་ཆོག་པ་ཡིན་ནོ། །གྲངས་སྔགས་འདི་རྣམས་ནི་གཙུག་དགུའི་སྙིང་པོ་ཡིན། བྱེ་མ་དང་ཡུངས་ཀར་སོགས་ལ་སྔགས་ནས་རོ་དང་མིང་ཡིག་སོགས་ལ་བཏབ་པས་སྡིག་པ་སྦྱོང་བའི་ནུས་པ་ཡོད་པ་ཡིན་གྱི། དེ་དག་གི་ཕན་ཡོན་དྲན་དགོས། འདི་ལ་དམིགས་པ་ཟུར་པ་མི་དགོས། གལ་ཏེ་དམིགས་པ་ཞིག་འདོད་ན་བསྙེན་པའི་དམིགས་པ་དེས་ཆོག །དེ་ནས་ལྷ་ཁྲུས་ཀྱི་སྐབས། མེ་ལོང་དེ་ཁྲུས་ཀྱི་ཁང་པ་གྲུ་བཞི་པ་མཐིལ་ཤེལ་ལས་བྱས་པ། མཐའ་རིན་པོ་ཆེའི་རྩིག་པས་བསྐོར་ཞིང་མཐའ་ནས་སྐོར་འགེབས་བྱས་པ། ནང་སྤོས་ཆུའི་རྫིང་བུས་གང་བ་མདུན་བསྐྱེད་དཀྱིལ་འཁོར་གྱི་ཁྱམས་ན་བསྒོམ། དེའི་ནང་དུ་མདུན་བསྐྱེད་ཀྱི་ལྷ་ཚོགས་


KMC012_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བྱོན་ནས་བཞུགས་ཡོད་པ་ལ། ལྷ་མོ་རྣམས་ཀྱིས་ཁྲུས་གསོལ་བར་བསམ། དེ་དག་སྐུ་ལ་སོགས་ཀྱི་ཚེ་རས་དཀར་པོ་སོགས་ཀྱིས་སྐུ་ཕྱི་བར་བསམ། དེ་ནས་དེ་ལ་སོགས་ཀྱི་སྐབས་ལྷ་ཚོགས་རྣམས་ལ་གོས་ཟུང་དུ་གྱུར་པ་རེ་དང་རིན་པོ་ཆེའི་ཕྲེང་བ་སོགས་ཕུལ་བར་བསམ། ཁྲུས་ཆུ་ལས་བུམ་ནང་དུ་བླུགས། ལྷ་ཚོགས་སྐུ་ལུས་བཀྲུས་པའི་ཁྲུས་ཆུ་ཡེ་ཤེས་ལྔ་དང་སྦྱིན་པ་སོགས་ཕར་ཕྱིན་དྲུག་གི་རང་བཞིན་ཅན་དུ་གྱུར་པ་དེས། ཚེ་འདས་ལ་ཁྲུས་བྱས་པས། སྦྱིན་པའི་རྩི་སངས་རྒྱས་ཐམས་ཅད་ཀྱི་སྦྱིན་པའི་ཚོགས་དཔག་ཏུ་མེད་པ་ཇི་སྙེད་བཏང་བའི་བསོད་ནམས་ཀྱི་ངོ་བོར་གྱུར་པ་དེས། དཔེར་ན་བུ་རམ་གྱི་རྡོག་པོ་བཀྲུས་ནས་ཁུ་བ་ཡང་དེ་དང་འདྲ་བ་ཞིག་ཡོད་པ་བཞིན། ཚེ་འདས་ཀྱིས་ཐོག་མེད་ནས་ད་ལྟ་ཡན་བསགས་པའི་སེར་སྣའི་སྒྲིབ་པ་དང་། ཚུལ་ཁྲིམས་ཀྱི་བདུད་རྩིས་ཚུལ་འཆལ། བཟོད་པའི་བདུད་རྩིས་ཁོང་ཁྲོ། བརྩོན་འགྲུས་ཀྱི་


KMC012_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིས་ལེ་ལོ། བསམ་གཏན་གྱི་བདུད་རྩིས་རྣམ་གཡེང་། ཤེས་རབ་ཀྱི་བདུད་རྩིས་གཏི་མུག་གི་དྲི་མ་སོགས་བཀྲུས་པར་བསམ། ཚིགས་བཅད་འདི་རྣམས་བླ་མའི་ཡོན་ཏན་ཡོངས་བཟུང་དང་ངོ་བོས་མཛད་པའི་མི་འཁྲུགས་པའི་དཀྱིལ་ཆོག་ནས་ཡིན། སངས་རྒྱས་ཀྱི་གཟི་བརྗིད་དང་སོགས་ནི་བདེན་སྟོབས་བརྗོད་པ་ཡིན། གསང་སྔགས་འཛིན་པ་ཐམས་ཅད་དང་། ཞེས་པ་ནི་སྔགས་ཀྱི་རྣལ་འབྱོར་པ་རྣམས་དང་། ཀཽཎྜི་ནྱའི་སྔར་ཐོབ་ནི། ཡེ་ཤེས་ཐོབ་སྔ་བ་ཡིན་པ་དང་། འདོད་ཆགས་ཞེ་སྡང་སོགས་ནི་ཁྱིམ་བདག་དཔལ་སྦས་ཀྱིས་ཞལ་ཟས་དུག་ཅན་དྲང་དུས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན། ས་ནི་དུག་གི་ཕ་ཡིན་ཏེ་སོགས་ནི། དགེ་སློང་ས་རི་དུག་སྦྲུལ་གྱིས་ཟིན་དུས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན། འདི་རྣམས་ལ་ཁྲུས་བྱེད་ཅིང་དེ་དག་གི་དོན་དྲན་དགོས། དམིགས་པ་དེ་ཚོ་མི་དགོས། གང་སེར་མ་ནི་བཀྲ་ཤིས་བརྗོད་པ་ཡིན།


KMC012_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ནང་དུ་ཡོད། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་མགྲིན་གཅིག་ཏུ་ཚེ་འདས་ལ་བཀྲ་ཤིས་བརྗོད་ནས་མེ་ཏོག་གི་ཆར་བབ་པར་བསམ། གཙོ་རྒྱལ་མ་ནི་སྤྱོད་འཇུག་ནང་ནས་ཡིན། དེ་ཚེ་ཚེ་འདས་ཀྱིས་ལུས་གྲངས་མེད་སྤྲུལ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ལུས་འབུལ་ཞིང་སྐྱབས་སུ་འགྲོ་བ་ཡིན་ནོ། །དེ་ནས་ཚེ་འདས་དེ་མདུན་བསྐྱེད་ཀྱི་ཤར་སྒོའི་དྲུང་དུ་ཁྲིད་ནས་བཞག །བདག་བསྐྱེད་ཀྱི་ཐུགས་ཀ་ནས་རྡོར་སེམས་གཙོ་རྐྱང་ཞིག་འཕྲོས་ནས་མདུན་བསྐྱེད་ཤར་སྒོའི་གཡས་ཟུར་དུ་བཞུགས་ནས་མཆོད་གཡོག་པའམ་ཞུ་སྣ་བདག་གི་ཚུལ་དུ་མཛད། ཇི་ལྟར་བལྟམས་པ་སོགས་ཚེ་འདས་ལ་ཁྲུས་བྱས། ས་གཞི་སྤོས་སོགས། ཚེ་འདས་ཀྱིས་མཎྜལ་ཕུལ་བར་བསམ། དགའ་ཆེན་ཁྱོད་བདག་མས་གསོལ་བ་བཏབ་པར་བསམ། དབང་མེད་མས་རྒྱུན་བཤགས་ཕུལ། མགོན་པོ་སངས་རྒྱས་


KMC012_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

མས་རིགས་ལྔའི་སྡོམས་པ་བཟུང་། དེ་ནས་ཚེ་འདས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་དཀྱིལ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཅིག་བསྒོམ་པ་གནད་ཆེ། ཡང་ཨོཾ་སརྦ་ཡོ་ག་ཙིཏྟ་སོགས། བོད་སྐད་དུ། ཐམས་ཅད་དུ་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པར་བགྱི། ཞེས་པ་ཚེ་འདས་ཀྱིས་དམ་བཅས་པར་བསམ། དེ་ཉིད་བརྟན་པའི་ཆེད་དུ་སུ་ར་ཏ་སོགས་བརྗོད་ཚེ་འདས་ཀྱི་དཔྲལ་བར་འཁོར་ལོ་དཀར་པོ་རྩིབས་བཅུ་གཉིས་པའི་ལྟེ་བར་ཨོཾ་དཀར་པོས་མཚོན་པ་རྟེན་འབྲེལ་བཅུ་གཉིས་གཅོད་པའི་ནུས་པ་ཅན། མགྲིན་པར་པདྨ་དམར་པོ་འདབ་མ་བཅུ་དྲུག་པའི་ལྟེ་བར་ཨཱཿདམར་པོས་མཚན་པ་སྟོང་ཉིད་བཅུ་དྲུག་རྟོགས་པའི་ནུས་ལྡན། སྙིང་གར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་སྔོན་པོས་མཚན་པ་ཡེ་ཤེས་ལྔ་རྟོགས་པའི་རྟེན་འབྲེལ་ཅན་དུ་བསྒོམས་ལ་བྲྀ་ཏ་སོགས་བརྗོད། དེ་ནས་གོང་བཤད་གནས་


KMC012_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་གཉིས་སུ་ཟླ་དཀྱིལ་དེའི་སྟེང་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་བསྒོམ་ལ་ཨོཾ་སརྦ་བིད་སོགས་བྱ། བདག་གི་དགེ་བའི་རྩ་བ་སོགས། དགེ་རྩ་བསྔོ་བར་བསམ། འཇིག་རྟེན་དུ་ནི་སོགས་ཚེ་འདས་ལ་ཆོས་བཤད། ཨོཾ་བཛྲ་ས་ཏྭ་ཀྲོདྷ་སོགས་ཀྱིས་ཚེ་འདས་ཀྱི་དབང་ཞུ་བའི་བར་ཆད་བསྲུང་། གདོང་གཡོགས་དམར་སེར་བཅིངས་པའི་ཚེ། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཀྱི་ངོ་བོར་བསམ། མེ་ཏོག་གི་ཕྲེང་བ་ཞིག་དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་རྟེན་གྱི་དོན་དུ་བྱིན་པར་བསམ། ཨོཾ་བཛྲ་ས་མ་ཡ་ཧཱུྃ་གིས་དཀྱིལ་འཁོར་གྱི་ནང་དུ་ཞུགས་ནས་ལྷ་སྣམ་ལ་གནས་པར་བསམ། ད་རུང་མ་རིག་པས་བསྒྲིབས་པའི་ཆུ་བུར་མིག་གིས་ཡེ་ཤེས་ལྔ་དང་རྡོ་རྗེའི་སྐུ་ཅན་ལྷ་རྣམས་མི་མཇལ་བར་བསམ། མདུན་བསྐྱེད་ཀྱིས་མཆོད་པར་བསམ་ལ་པུཥྤེ་སོགས་བརྗོད། ཡེ་ཤེས་པ་ཕབ་པ་ནི་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་


KMC012_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཡི་ངོ་བོ་ཧཱུྃ་ཡིག་དམར་པོ་དཔག་ཏུ་མེད་པའི་རྣམ་པར་བསྟིམ། ཨོཾ་བཛྲ་ས་མ་ཡ་སོགས་བརྗོད། ཨ་ས་མེ་སོགས་ཀྱིས་བརྟན་པར་བྱ། སངས་རྒྱས་དངོས་གྲུབ་སོགས་ཞུས་ནས་མེ་ཏོག་ཕྲེང་བ་དོར་བས་གཙོ་བོ་རྣམ་སྣང་ལ་ཕོག་པར་བསམ། མེ་ཏོག་རིན་ཆེན་སོགས་ནི། ཁྱོད་ཀྱི་མེ་ཏོག་གཙོ་བོར་བབ་ནས་འདུག་པས་ལྷ་སྐལ་རྣམ་སྣང་རེད་པས། དེ་སྒྲུབ་དང་དངོས་གྲུབ་ཐོབ་པར་འགྱུར་ཞེས་སྨྲས་ནས་མེ་ཏོག་དེ་མགོར་བཏགས་པར་བསམ། སྤྱིར་རང་རིགས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་ངོ་བཟུང་ནས་གསང་མཚན་ཀྱང་དེ་ལྟར་བརྟགས་དགོས་ཀྱང་། ད་ལྟ་ཆོ་ག་གཟུགས་བརྙན་ཅན་གྱི་ལག་ལེན་གཏོ་ཐབས་སྐབས་འདིར་གཙོ་བོ་རྣམ་སྣང་རང་ལ་དམིགས་པ་ཉིད་ཀྱིས་འཐུས། མིག་དར་ཕྱེས་པས་སྒྲིབ་པ་ཐམས་ཅད་སངས་ཏེ། ཧཱ་སྱ་སོགས་བརྗོད་པ་རྡོ་རྗེ་བཞད་པ་སྒོ་ཕྱེས་ཤིག་ཞེས། ལྷ་ཐམས་ཅད་མཇལ་བར་བསམ། དེ་ནས་དམ་ཆུ་ལས་བུམ་ནང་ནས་


KMC012_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བླུད། སླར་ཡང་སློབ་མས་མཎྜལ་ཕུལ། སློབ་མ་མེ་ཏོག་ཕོག་པའི་ལྷར་བསྒོམ་དགོས་ཀྱང་གོང་བཤད་བཞིན་དང་ངེས་པ་མེད་ན་རྡོར་སེམས་སུ་བསྒོམ། ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀ་ནས་རྩ་རིག་སོགས་ཁ་དོག་གསེར་ལྟ་བུའི་མདོག་ཅན་གྱི་ཚོགས་འཕྲོས་ནས་སློབ་མའི་སྤྱི་བོར་ཐིམ་པར་བསམ་པ་ནི་སྔགས་ཀྱི་བཟླ་དབང་ཡིན། རིན་ཆེན་མཛེས་པ་སོགས་ཀྱི་ཚེ། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་བཞིས་བུམ་པས་དབང་བསྐུར་བས་དྲི་མ་ཐམས་ཅད་བཀྲུས་ནས་སྦྱངས། ཀུན་རིག་ནས་སྒོ་བ་བཞི་ཡན་ཆད་ཀྱི་སྤང་རྟོགས་ཀྱི་ཡོན་ཏན་ཡེ་ཤེས་ཐམས་ཅད་བླུགས་པར་བསམ། རིན་ཆེན་མཛེས་པ་སོགས་ཚིག་རྣམས་ནི་འདུལ་བ་ཡུལ་ཆོས་ཀྱི་དཔེ་བཞིན་བོད་ཀྱི་བླ་མ་རྣམས་ཀྱི་ཕྱག་ལེན་མཛད་པ་ལས་དོན་སྔགས་རྣམས་ཀྱིས་གོ་ཆོད་པ་ཉིད་དོ། །རིན་པོ་ཆེའི་པྲོག་ཞུ་དར་དཔྱངས་མེ་ཏོག་གི་ཕྲེང་


KMC012_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བས་བརྒྱན་པ་མགོར་བཅིངས། ལྷ་ཐམས་ཅད་ཀྱི་ཕྱག་ནས་རིགས་ལྔའི་ཕྱག་མཚན་འཕྲོས་ནས་སློབ་མའི་ལག་ཏུ་བཀོད། མིང་དབང་ནི། ལྷ་ཚོགས་ཐམས་ཅད་ཀྱིས་མགྲིན་གཅིག་མིང་བཏགས་པར་བསམ། མེ་ཏོག་ཕོག་པའི་ངེས་པ་ཡོད་ན་དེ་ལུགས་ཀྱི་མིང་བཏགས། མེད་ན་གཙོ་བོ་ལས་དྲས་པའི་མིང་བཏགས། དེ་ཡན་ཆད་རང་དོན་བསྙེན་བསྒྲུབ་རུང་བའི་དབང་ཡིན། འདི་ལ་མི་བསྐྱོད་པ་ཆུའི་དབང་ཟེར་བ་སོགས་བླ་མེད་ཀྱི་ཆོས་སྐད་ནི་བྱེད་མི་རུང་། སྟོང་པའི་ངང་ལས་སློབ་མ་རྡོར་སེམས་སུ་བསྒོམ་པ་ནི་གཞན་དོན་དུ་རྡོ་རྗེ་སློབ་དཔོན་གྱི་དབང་ཡིན། སྣ་ཚོགས་རྡོ་རྗེའི་དབང་ནི། ཞི་རྒྱས་དབང་དྲག་སྒོ་ནས་རང་གཞན་གྱི་དོན་བསྒྲུབ་རུང་བའི་དབང་། འཁོར་ལོ་རྐང་པའི་བར་དུ་བྱིན་པས་རྣམ་སྣང་གི་རིགས་ཀྱི་རྒྱུད་དང་ཆོས་ཀྱི་འཁོར་ལོ་བསྐོར་ཆོག་པའི་དབང་ཐོབ་པར་བསམ། རིགས་ལྔའི་བདག་པོ་ཡི་ནི། ཞེས་པ་ནི། སློབ་མ་རྣམ་སྣང་དང་རྡོར་


KMC012_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སོགས་སུ་མོས་ཙམ་བྱས་པས་རྣལ་འབྱོར་རྒྱུད་ནས་བཤད་པའི་རིགས་ལྔ་ཀའི་རྒྱུད་ཐམས་ཅད་ཀྱི་དབང་བསྐུར་བ་དང་རྒྱུད་འཆད་པ་སོགས་རུང་བའི་དབང་ཡིན། ཡུམ་ལྔའི་ཕྱག་རྒྱ་ནི། རྒྱུད་སྡེ་གོང་མའི་གསང་དབང་གི་དོད་ཡིན་པས་རྒྱུད་ཀྱི་གསང་བ་རྣམས་འཆད་པ་དང་སྤྱོད་ཆོག་པའི་དབང་ཡིན། རིགས་ལྔའི་ཕྱག་རྒྱ་གནས་ལྔར་སོགས་ནི་རྒྱུད་སྡེ་གོང་མའི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོད་ཡིན་པས། ཡབ་ལྔ་དང་ཡུམ་ལྔའི་ཕྱག་མཚན་གཉིས་སྤྱི་བོར་ཕན་ཚུན་དུ་རིག་པས་དགའ་བའི་ཡེ་ཤེས་མྱོང་བ་ཡིན་ལ། དབང་རྫས་ལའང་རིགས་ལྔ་དང་ཡུམ་ལྔའི་ཕྱག་མཚན་གཉིས་ཀ་དགོས་སོ། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས་སོགས་ནི། དཀྱིལ་འཁོར་གྱི་དག་བཤད་ཡིན་ནོ། །ཧཱུྃ་ཐོག་མཐའ་མེད་པའི་སོགས་ནི་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པ་དང་། ཨཱཿསྲིད་པ་ངོ་བོ་སོགས་ནི་དྲིལ་བུའི་བརྟུལ་ཞུགས་སྦྱིན་པ་སྟེ། མདོར་ན་མཚན་


KMC012_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཀྱི་རྣལ་འབྱོར་དང་། མཚན་མེད་ཀྱི་རྣལ་འབྱོར་ཟུང་འཇུག་དང་། དེ་བཞིན་དུ་སྣང་བ་དང་སྟོང་པ་ཐབས་དང་ཤེས་རབ། བདེ་བ་དང་སྟོང་པ། སྟོང་པ་དང་སྙིང་རྗེ་སོགས་ཟུང་དུ་འཇུག་དགོས་པའི་དོན་ནོ། །དེ་རིང་ཕན་ཆད་སོགས་ནི་དམ་ཚིག་བསྒྲགས་པའོ། །ཨོཾ་པྲ་ཛྙོ་པཱ་ཡ་སོགས་ཀྱི་བོད་སྐད་ནི། ཐབས་ཤེས་ཀྱི་རྣལ་འབྱོར་གྱི་དམ་ཚིག་གི་དབང་བསྐུར་རོ། །རྣལ་འབྱོར་རྒྱུད་འདི་ལ་དབང་བཞི་པ་ནི་མི་འབྱུང་། མཐའ་བརྟེན་གྱི་དབང་རྒྱལ་སྲིད་སྣ་བདུན་ནི་གོ་སླའོ། །ཟས་བསྔོ་མེ་སྦར་ལམ་བསྟན་སོགས་ནི་ཁོ་བོས་གཞན་དུ་བཤད་ཡོད་པས་རྟོགས་པར་བྱོས། ཞེས་པའི་འདིའང་དོན་གཉེར་ཅན་དག་གི་ངོར་ཀརྨ་ཚེ་དབང་ཀུན་ཁྱབ་ཀྱིས་དཔལ་སྤུངས་དགོན་དུ་སྦྱར་བ་དགེའོ། །མཁས་པ་རྣམས་ཀྱི་སྲོལ་བཞིན་ས་བཅད་ཀྱི་གཞུང་། རྒྱུད་དང་། རྒྱ་བོད་འགྲེལ་བཟང་གི་ལུང་འདྲེན། ལུང་རིགས་ཀྱི་འཐད་སྒྲུབ་རྒྱུད་ཀྱི་འཆད་ཐབས་བཤད་སྲོལ་རྒྱ་


KMC012_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་སྙན་ཚིག་སྡེབ་སྦྱོར་གྱི་མཁས་མང་དགྱེས་བསྐྱེད་རྣམ་དཔྱོད་གང་ཆེར་བགྱིས་ན། ཁོ་བོ་ཐ་སྙད་སྦྱངས་པའི་ལག་རྗེས། ཁོ་བོའི་བླ་མ་ཉིད་འཇམ་པའི་རྡོ་རྗེ་མི་གཟུགས་སུ་འཆར་བའི་ངེས་ཤེས་གཏིང་སྐྱེད་ཞིག་ཡོད་ཀྱང་། དཀོར་རྫས་ཟ་འདོད་སྐོམ་པ་ཆུ་སྙིག་ཅན་དག་ཤེས་སླ་ཐབས་སུ་བྱས་པས་མཁས་རྣམས་ཁྲེལ་བར་མ་མཛད་ཅིག །གཅེས་དགུའི་ནོར་གྱིས་ཡོངས་མཆོད་ཅིང་། །གཞན་ལ་ཕན་བྱེད་འདྲེན་པ་ཞེས། །སྐྱབས་བྲལ་རྣམས་ཀྱི་རེ་འཆའ་མེད། །ཟས་ནོར་སྒྲུབ་པའི་ཆོ་ག་ལས། །དོན་འདི་སེམས་པ་ཉིན་སྐར་ཙམ། །དེས་ན་རང་གཞན་སྡིག་མེད་ཕྱིར། །སྙིང་རྗེའི་ཡིད་ཀྱིས་ཀུན་བཟུང་བའི། །ཆོ་ག་དོན་འདི་དང་ལྡན་མཛོད། །དེ་ལྟར་ཉིད་ལ་ཕན་སླད་དང་། །རང་ཉིད་དད་པའི་གསོས་གྱུར་པས། །དྲན་དབང་བླ་མའི་ལེགས་བཤད་འདི། །པར་ཡིག་མཆོད་སྦྱིན་གྲུབ་འདི་དགེ། ཞེས་ཟིན་བྲིས་ཚན་པ་ཁ་ཤས་འདི་རྣམས་ཀྱང་དཔལ་


KMC012_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

སྤུངས་ཀྱི་གདན་སར་ཀརྨ་རཏྣས་པར་དུ་བསྒྲུབས་པའོ། །སརྦ་མངྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousཀུན་རིག་རྣམ་པར་སྣང་མཛད་ཀྱི་རྣམ་བཤད།next