Nitartha Digital Library
Tibetan
 
previousབཅོམ་ལྡན་འདས་མི་འཁྲུགས་པའི་སྒྲུབ་ཐབས་ཀྱི་རྣམ་བཤད་བསྡུས་པ།next

བཅོམ་ལྡན་འདས་མི་འཁྲུགས་པའི་སྒྲུབ་ཐབས་ཀྱི་རྣམ་བཤད་བསྡུས་པ།


KMC012_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མི་འཁྲུགས་པའི་སྒྲུབ་ཐབས་ཀྱི་རྣམ་བཤད་བསྡུས་པ་བཞུགས།


KMC012_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་སརྦ་ཛྙཱ་དཪྴ་དྷརྨཱ་ཀ་རཱ་ཡ། དེ་ལ་ཇོ་བོའི་ལུགས་ཀྱི་མི་འཁྲུགས་པའི་སྒྲུབ་ཐབས་ཀྱི་རྣམ་བཤད་ཉུང་ངུ་ཞིག་བྲི་བ་ལ། ཀླད་ཀྱི་དོན་དང་གཞུང་གི་དོན་གཉིས་ལས། དང་པོ་ནི་སྒྲུབ་ཐབས་འདིའི་རྩ་བ་ནི་བོད་རྣམས་ཀྱིས་ལས་ཀྱི་སྒྲིབ་པ་སྦྱོང་བ་ཞེས་བྱ་བའི་གཟུངས་མདོ་འདི་ཡིན་པར་འདོད་ཀྱང་སྒྲོལ་མར་ཡབ་གྱེན་བརྫེས་ཀྱི་རྒྱུད་ལས་འདིའི་ལྷ་སྔགས་དག་གསལ་བར་བསྟན་པའི་ཕྱིར་ཇོ་བོ་ཆེན་པོས་ཀྱང་རྒྱུད་འདི་པ་བརྟེན་ནས་མཛད་པ་ཡིན་པར་མངོན་


KMC012_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །རྣལ་འབྱོར་རྒྱུད་དུ་བཀྲལ་བར་འདོད་པའང་རྣམ་པར་འཁྱམས་པ་སྟེ་རྒྱུད་དེའི་ཐུན་མོང་མིན་པའི་སྒེར་ཆོས་ཕྱག་རྒྱ་བཞིའི་རྒྱས་འདེབས་སོགས་རྡོར་དབྱིངས་ཀྱི་ཆོ་གའི་ཆིངས་རྣམས་མ་བཤད་པའི་ཕྱིར་རོ། །རིགས་ལྔ་དང་རིགས་ལྔའི་སྡོམ་བཟུང་ཡོད་པས་སོ་སྙམ་ནའང་། ས་པཎ་གྱིས། སྤྱོད་པའི་རྒྱུད་ལ་རིགས་ལྔ་ཡི། །དོན་གྲུབ་ན་ཡང་ཐ་སྙད་མེད། །ཅེས་རིགས་ལྔའི་ཐ་སྙད་མི་མཛད་ཀྱང་དོན་རིགས་ལྔ་ཡོད་པར་གསུངས་པ་ལྟར་རོ། །ཁ་གཅིག་གིས་བྱ་


KMC012_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་བདག་བསྐྱེད་ཅན་གྱི་ཁུངས་སུ་འདྲེན་མོད་བྱ་རྒྱུད་ལ་བདག་བསྐྱེད་མེད་པ་ནི་ཡེ་ཤེས་རྡོ་རྗེ་ཀུན་བཏུས་ཀྱི་རྒྱུད་སོགས་དང་། རྒྱ་གར་བ་ཐམས་ཅད་དགོངས་པ་མཐུན། ལྷ་དྲུག་གི་རྣམ་བཞག་ཀྱང་མདུན་དུ་ལྷ་བསྐྱེད་པ་ལའང་སྦྱོར་ཆོག་མོད། ལྷ་དྲུག་གི་རྣམ་བཞག་བཤད་པའི་བསམ་གཏན་ཕྱི་མའི་རྒྱུད་འདི་ནི་བྱ་སྤྱོད་ཐུན་མོང་གི་རྒྱུད་ཡིན་ཅིང་། སངས་རྒྱས་གསང་བས་མཛད་པར་གྲགས་པའི་རྣམ་འཇོམས་འགྲེལ་པ་དེ་ཡང་མཆོད་དང་གསོལ་བ་ལྷ་དྲུག་བསྒོམ། སྟོང་པ་ཡི་གེ་སྒྲ་གཟུགས་དང་། ཞེས་པའི་རྒྱ་དཔེར་བྱས་ན་ཡི་གེ་བརྒྱད་པ་ལ་ཁ་སྒོའི་སྡེབ་སྦྱོར་ཀྱང་ཚིག་རྐང་གཉིས་ལ་འགྲིགས་དཀའ་བར་སྣང་ཞིང་ཇོ་ནང་ཀུན་སྙིང་གིས་བོད་སྔ་མའི་ཟིན་བྲིས་བཟང་པོ་ཞིག་ཏུ་སྣང་ཞིང་། ལྷ་དྲུག་གི་རྣམ་བཞག་ནི་སྤྱོད་རྒྱུད་ཀྱི་ལུགས་ཟང་མ་ཡིན་ཅིང་། བྱ་རྒྱུད་ལའང་མདུན་བསྐྱེད་ཀྱི་དབང་དུ་གསུངས་པའོ། །ཞེས་གསུངས་པ་ལྟར་རོ། །བུ་སྟོན་རིན་པོ་


KMC012_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་རྡོ་རྗེ་མི་འཁྲུགས་པ་ལྷ་བཅུ་གསུམ་གྱི་སྒྲུབ་དཀྱིལ་ནི་ཚེ་དཔག་མེད་གསུང་གི་དཀྱིལ་འཁོར་གྱི་གཙོ་བོ་འཕོ་བའི་ལུགས་ཡིན་གྱི་གཞུང་འདི་ལ་བརྟེན་པ་མ་ཡིན་པས་དེ་དང་ནོར་བར་མི་བྱའོ། །རྩ་བ་བྱ་རྒྱུད་རྡོ་རྗེའི་རིགས་སུ་འདོད་ནས་རྡོ་རྗེ་མི་འཁྲུགས་པ་ཟེར་བ་རྣམས་ནི། རྩ་བར། གཤེགས་རིགས་ཀྱི་དམ་རྒྱ་བཅས་ལ། ཨོཾ་ཏ་ཐཱ་ག་ཏོདྦྷ་བ་ཞེས་གསུངས་པ་དང་། གཟུངས་སྔགས་ཀྱི། ན་མོ་བྷ་ག་བ་ཏེ་ཨཀྵོ་བྷྱཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཞེས་པ་གསུངས་ཀྱི། བཛྲ་ཨ་ཀྵོ་བྷྱ་ཞེས་དང་། རྡོར་རིགས་ཀྱི་དམ་རྒྱ་བཅས་ནས། ཨོཾ་བཛྲོ་བྷ་བ། ཞེས་མ་གསུངས་པ་འདི་གཟིགས་སམ། ཆ་ལུགས་ཀྱང་སྤྲུལ་སྐུ་ཡིན་པ་ནི། སྤྱིར་དམ་ཚིག་གསུམ་བཀོད་སོགས་བྱ་རྒྱུད་གཤེགས་རིགས་ཐམས་ཅད་ཆགས་བྲལ་གྱི་རྣམ་པ་ཅན་ཡིན་པ་དང་། སྣར་ཐང་བརྒྱ་རྩ་ནས་ཀྱང་གསུངས་པའི་ཕྱིར་རོ། །བྱ་རྒྱུད་རང་རྐང་དུ་འདོད་པ་རྣམས་ཀྱང་ཆེས་མི་རིགས་ཏེ། སྔར་


KMC012_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་ཡེ་ཤེས་རྡོ་རྗེ་ཀུན་བཏུས་སོགས་དང་ཇོ་བོའི་གཞུང་དང་འགལ་བའི་ཕྱིར་རོ། །དེ་བས་ན་རང་ལུགས་ནི་བྱ་རྒྱུད་སྤྱོད་རྒྱུད་དུ་བཀྲལ་བ་ཡིན་པར་བདག་གི་བླ་མས་བཞེད་ཅིང་ཇོ་ནང་ཀུན་སྙིང་སོགས་ཀྱིས་ཀྱང་དེ་ལྟར་བཞེད་དོ། །གཉིས་པ་གཞུང་དོན་ལ་སྦྱོར་དངོས་གཉིས། དང་པོ་ནི། གཞུང་ལས། སྒྲུབ་པོ་དམ་ཚིག་ལྡན་པ་ཡིས། དགོན་པའམ་གྲོང་མཐའ་ལ་སོགས་པར། །ཁྲུས་བྱས་གཙང་མར་བྱས་པ་ཡི། །ལས་བྱས་བདེ་བའི་སྟན་ལ་འཁོད། །ཅེས་གསུངས་པ་ལྟར། ཁྲུས་ཆོག་སོགས་རྒྱས་པར་བྱ་རྒྱུད་རང་རྐང་ལྟར་བྱས་ན་ལེགས་མོད། མདོར་བསྡུ་ན་ཁྲུས་ཆུ་དང་བསང་གཏོར་བྱིན་རླབས་ཙམ་བྱས་ཀྱང་འཐུས་པས་ཁྲོ་བོ་བདུད་རྩི་ཐབས་སྦྱོར་གྱི་ཕྱག་རྒྱ་བཅིངས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ་མ་ཧཱ་ཡཀྵ་སེན་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་བསང་ཆུ་སྔགས་ཏེ་


KMC012_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་དང་། ཨོཾ་ཀཱི་ལི་ཀཱི་ལི་བཛྲ་ཧཱུྃ་ཕཊ། ཅེས་ལན་བདུན་བཟླས་པས་བསང་གཏོར་བྱ། གཉིས་པ་དངོས་གཞི་ལ་ཚོགས་ཞིང་དང་དངོས་གཉིས་ལས་དང་པོ། གཞུང་ལས། རང་ལྷར་གསལ་བའི་ཐུགས་ཀ་རུ། པདྨ་ཟླ་བའི་སྟེང་དུ་ཧཱུྃ། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །བླ་མ་དང་ནི་མི་བསྐྱོད་པ། །སྤྱན་དྲངས་མདུན་དུ་བཞུགས་པ་ལ། །བདུན་པོ་རྣམ་པར་དག་པ་བྱ། །ཚད་མེད་བཞི་དང་ལྡན་པར་ནི། །ཞེས་སོགས་གསུངས་པ་ལྟར་ཞྭ་དམར་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་ཆོ་ག་ལྟར་གྱི་ཚོགས་ཞིང་དེ་ཤིན་ཏུ་གསལ་བ་ལས། ཧཱུྃ་ཡིག་ནི་སྔོན་པོ་དང་འོད་ཟེར་ཁ་དོག་སྣ་ཚོགས། བླ་མ་མི་བསྐྱོད་པའི་རྣམ་པས་དབུ་བརྒྱན་པའི་མི་འཁྲུགས་པ་འཁོར་བཅས་སྤྱན་དྲངས་པ་དང་། རང་ཐ་མལ་པ་གྲངས་མེད་པ་སྤྲོས་པས་ཕྱག་འཚལ་བ་དང་། ཐུགས་ཀའི་ས་བོན་ལས་སྤྲོས་པའི་ཉེར་སྤྱོད་ལྔ་དང་། བཀྲ་ཤིས་པའི་རྟགས་བརྒྱད་འཛིན་པའི་ལྷ་མོ་


KMC012_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རིན་ཆེན་སྣ་བདུན་སོགས་ཀྱིས་མཆོད། ཚོགས་རྟེན་གཤེགས་ཤིང་སེམས་ཅན་བདེ་ལྡན་སོགས་ཚད་མེད་བཞི་སྒོམ་པ་རྣམས་ནི་བསོད་ནམས་ཚོགས་བསགས་སོ། །དེ་ནས་མཚན་བཅས་ཀྱི་ཏིང་འཛིན་དངོས་ནི། གཞུང་ལས། ཆོས་རྣམས་ཐམས་ཅད་དངོས་མེད་པར། སེམས་ཀྱིས་བསྒོམ་པར་བྱས་ནས་ནི། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །རང་གི་ས་བོན་དེ་དབུས་སུ། །དེ་ནས་རང་གི་ས་བོན་དང་། །ཕྱག་མཚན་ཕྱག་རྒྱས་དེ་བྱིན་བརླབ། །ཞེས་ལྷ་དྲུག་གི་རྣམ་བཞག་བསྟན་པ་སྟེ། དེ་ཡང་ཆོས་རྣམས་ཐམས་ཅད་དངོས་མེད་བརྗོད་བྲལ་དུ་བཞག་པ་སྟོང་པའི་ལྷ་སྟེ་ཡེ་ཤེས་ཚོགས་བསགས་ཀྱང་ཡིན་ནོ། །དེའི་ངང་ལས་ཨ་ལས་ཟླ་བར་རང་གི་ལྷའི་ས་བོན་ཧཱུྃ་སྔོན་པོ་བསྒོམ་པ་ནི་ཡི་གེའི་ལྷ། གཤེགས་རིགས་ཀྱི་དམ་རྒྱ་བཅས་ནས་ས་བོན་དེ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གིས་མཚན་པར་གྱུར་པ་བསྒོམ་པ་ནི་ཕྱག་རྒྱའི་ལྷ། ཧཱུྃ་དེ་ལ་


KMC012_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་སྒྲ་སྒྲོགས་པ་སྒྲའི་ལྷ་དེ་ལས་འོད་ཟེར་སྣ་ཚོགས་འཕྲོས་ནས་དོན་གཉིས་བྱས་པར་རང་བཞིན་གྱི་གནས་ནས་འཕགས་པ་ཐམས་ཅད་མི་འཁྲུགས་པའི་རྣམ་པར་སྤྱན་དྲངས་ནས་རྡོ་རྗེ་ཧཱུྃ་ལ་ཐིམ་པར་བསམ། དཀྱིལ་ཆོག་ཏུ་རང་ལྷའི་ས་བོན་ཡི་གེ་ཧཱུྃ། སྔོན་པོ་འོད་ཟེར་འབར་བར་བསམ། དེ་ལས་འོད་འཕྲོས་སེམས་ཅན་ཁམས་སོགས་ནས། ས་བོན་དང་ནི་ཕྱག་རྒྱར་ཐིམ། ཞེས་པའི་ཕྱག་རྒྱ་ནི་རྡོ་རྗེ་སྔོན་པོ་དེའོ། །དེ་དག་ཡོངས་སུ་སོགས་ནི། གཞུང་ལས། དེ་རྣམས་གྱུར་པས་མི་འཁྲུགས་པ། ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། གཡོན་པ་པང་བཞག་རྡོ་རྗེ་དང་། གཡས་པ་ས་ནོན་ཚུལ་ཅན་བསྒོམ། ཞེས་པ་ལྟར་བསྒོམ་པ་ནི་གཟུགས་ཀྱི་ལྷ་དང་དེའི་ཐུགས་ཀར་པད་ཟླ་ལ་ཧཱུྃ་ཡིག་བསམ་པ་ནི་མཚན་མའི་ལྷའོ། །དེ་ཡང་སྔར་བཤད་པ་ལྟར་རང་ལུགས་ནི་ཆགས་བྲལ་སྤྲུལ་སྐུའི་ཆ་ལུགས་ཅན་ནོ། །དེ་དག་ཀྱང་རྒྱུད་ལས། དང་པོར་


KMC012_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་བྱས་རྣལ་འབྱོར་བས། རྡོ་རྗེའི་གདན་ལ་འདུག་ནས་ནི། །མཆོད་དང་གསོལ་བ་ལྷ་དྲུག་བསྒོམ། །སྟོང་པ་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་དྲུག་ཏུ་འདོད། །ཅེས་འབྱུང་བ་ལྟར་རོ། །ཧཱུྃ་གི་འོད་ཟེར་གྱིས་བསྐུལ་སོགས་དབང་ལྷ་སྤྱན་དྲངས་ནས་བུམ་པའི་ཆུས་དབང་བསྐུར་སྐུ་གང་གནས་གསུམ་དུ་ཟླ་བ་ལ་གནས་པའི་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར་པ་ནི། གཞུང་ལས། ལྟག་འོག་གོ་རིམ་ཇི་བཞིན་དུ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ། །ཞེས་པའི་དོན་ནོ། །དེ་ཡང་དབང་གི་སྐབས་ཚིག་གིས་མ་གསལ་ཡང་རིགས་ལྔའི་དབུ་རྒྱན་གྱི་དབང་ཙམ་ཡིད་ཀྱིས་བླང་དགོས་སོ། །དེ་ནས། རང་ཉིད་ལྷར་གསལ་བསྒོམ་ལ་ནི། མི་འཁྲུགས་མདུན་ནམ་སྤྱི་བོར་བསྒོམ། །རང་ལུས་མི་འཁྲུགས་བསྒོམ་ལ་བསྟིམ། །ཞེས་པའི་དོན་སྒྲུབ་ཐབས་འདིར་སླར་ཡང་ཐུགས་ཀའི་ཧཱུྃ་འོད་ཀྱིས་སོགས་གསུངས་ལྟར་ཡེ་ཤེས་པ་སྤྱན་དྲངས་ནས་དམ་ཚིག་པའི་


KMC012_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་ཚོགས་ཞིང་གི་སྐབས་ལྟར་མཆོད་ནས་རང་ལ་བསྟིམ། འདིར་ཡེ་ཤེས་པ་ལ་མཆོད་པ་འབུལ་བར་མཛད་པ་ནི་རྒྱུད་སྡེ་འོག་མ་གཉིས་ཀྱི་སྤྱི་འབྲེ་ཡིན་པས་ལགས་སོ། །གཞུང་ལས། ཐུགས་ཀ་པད་ཟླར་ཧཱུྃ་ལས་ནི། དབུས་སུ་མི་བསྐྱོད་པ་ཉིད་བསྒོམ། ཕྱོགས་བཞིར་སངས་རྒྱས་བཞི་བསྒོམ་བྱ། །ཞེས་པའི་དོན་འདིར་ཐུགས་ཀའི་པད་ཟླའི་ཧཱུྃ་སོགས་ལྟར་ཐུགས་ཀར་མི་འཁྲུགས་པ་གཙོ་བོར་གྱུར་པའི་སངས་རྒྱས་རིགས་ལྔ་གཞུང་ལྟར་དུ་བསྒོམ། སྒྲུབ་བྱེད་བཤད་བཞིན་སྤྲུལ་སྐུའི་རྣམ་པ་ཉིད་ཡིན་པའི་གཙོ་བོའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་པད་ཟླ་ལ་ཏིང་འཛིན་སེམས་དཔའ་ཧཱུྃ་སྔོན་པོ་ལ་བཟླ་བྱའི་སྔགས་ཀྱིས་གཡས་སུ་བསྐོར་བར་བསམ། དེ་ནས་གཞུང་ལས་མཆོད་དང་བཟླས་པ་བསྟོད་པ་བྱ། ཞེས་པའི་དོན་སྒྲུབ་ཐབས་སུ། ཐུགས་ཀའི་ཧཱུྃ་སོགས་གོང་ལྟར་རང་གི་ཐུགས་ཀ་ནས་སྤྲོས་པའི་མཆོད་


KMC012_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་མོ་རྣམས་ཀྱིས་རང་ཉིད་ལ་མཆོད་པར་བསམ་ལ་མཆོད་པ་དང་། གསེར་འོད་ནས་འབྱུང་བའི་རྒྱལ་བ་ཟླ་བ་སོགས་ཀྱིས་བསྟོད། གཞན་ཡང་རྒྱ་གཞུང་ནས་འབྱུང་བའི། ཆོས་ཉིད་མཉམ་པ་ཉིད་ལས་མ་གཡོས་ཀྱང་། ཐུགས་རྗེས་གཏན་དུ་མྱ་ངན་མི་འདའ་ཞིང་། །ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པ། །བཅོམ་ལྡན་མི་འཁྲུགས་པ་ལ་ཕྱག་འཚལ་བསྟོད། །ཅེས་པའི་བསྟོད་པ་སྤྲོ་ན་སྦྱོར། བཟླ་བྱའི་སྔགས་ཀྱང་རལ་པ་གྱེན་བརྫེས་ཀྱི་རྒྱུད་ལས་གསུངས་པ་འདི་བོར་ནས་ལས་སྒྲིབ་སྦྱོང་བའི་སྔགས་ཐུང་དེ་བཟླ་བའང་། གཞུང་གི་དགོངས་པ་ནི་མ་ཡིན་ནོ། །གཞུང་ལས། ཡན་ལག་བཞི་དང་དམིགས་པ་གསུམ། ཞེས་པའི་དོན་གྱི་ཡན་ལག་བཞི་ནི་བསམ་གཏན་ཕྱི་མ་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། གསང་སྔགས་མི་འགྱུར་གཞི་ལ་གནས། །ཡན་ལག་མ་ཉམས་གསང་སྔགས་བཟླས། །ཞེས་དང་རྣམ་སྣང་མངོན་བྱང་ལས། །


KMC012_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་དང་ནི་ཡི་གེ་སྦྱར། །དེ་བཞིན་གཞི་དང་གཞིར་འགྱུར་ཉིད། །ཅེས་གསུངས་པའི་དོན་དཀྱིལ་ཆོག་ཏུ་གཞི་ནི་སངས་རྒྱས་ཐུགས་ཀ་རུ་སོགས་ནས་མེ་ལོང་ནང་གི་གཟུགས་བཞིན་གསལ་ཞེས་པའི་བར་གྱིས་བསྟན་ལྟར་གཞི་དང་པོ་ནི་རང་ལྷ་ཡི་ང་རྒྱལ་དུ་བྱེད་པའི་རང་བཞིན་འོད་གསལ་ཆོས་དབྱིངས་རྡོ་རྗེའི་བར་གདམ་པ་རང་གི་སེམས་བདེ་བར་གཤེགས་པའི་སྙིང་པོ་གདོད་མའི་སངས་རྒྱས་དང་། གཞི་གཉིས་པ་ནི་རང་ཉིད་གཟུགས་ཀྱི་སྐུར་བསྒོམ་པ་དང་། ཡི་གེ་དང་པོ་ནི་བྱང་ཆུབ་ཀྱི་སེམས་ཟླ་བའི་གཟུགས་སུ་གནས་པ་དང་། ཡི་གེ་གཉིས་པ་ནི་ཧཱུྃ་ཡིག་དང་སྔགས་ཕྲེང་ངོ་། །དེ་དོན་རྣམས་ཡིན་པས་ངེས་པའང་ཇི་སྐད་དུ། གཞི་ནི་རང་གི་ལྷ་བཞག་པ། རང་གི་ལུས་ཀྱི་གནས་ལ་བྱ། །གཞི་གཉིས་པ་ནི་རྫོགས་སངས་རྒྱས། །རྐང་གཉིས་མཆོག་ཏུ་ཤེས་པར་བྱ། ཞེས་དང་། ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། གཉིས་པ་སྒྲ་ཞེས་བྱ་བ་ཡིན། །


KMC012_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པའི་དཀྱིལ་འཁོར་རྣམ་དག་པ། །སྔགས་པས་དེ་ལ་གནས་པར་བསམ། །ཡི་གེ་རྣམས་ནི་གོ་རིམ་བཞིན། །དེ་ཡི་དབུས་སུ་ལེགས་པར་བཀོད། །ཞེས་པའི་གཞི་གཉིས་གཅིག་དང་། ཡི་གེ་དང་སེམས་ཞེས་པ་དོན་གཅིག་སྟེ་ཡི་གེ་གཉིས་གཅིག་ཏུ་རྩི་ཞིང་། དེ་ལ་སྔགས་ཀྱི་སྒྲ་གྲགས་པ་ནི་སྒྲ་སྟེ། སྒྲ་དང་སེམས་དང་གཞི་གསུམ་མོ། །དེ་ལྟར་སྲོལ་རྩོལ་བསྡམས་ནས་མི་གཡོ་བ་བསམ་གཏན་བསྒྲུབ་བཞིན་པར། ངག་དང་ཤུབ་བུ་དང་ཡིད་བཟླས་རྡོར་བཟླས་རྣམས་བྱ་དགོས་ཏེ། བསམ་གཏན་ཕྱི་མར། གསང་སྔགས་བསམ་གཏན་ཞེས་བྱ་བར། མཆོག་ཏུ་གསང་བ་ཡང་དག་གསུངས། །དྲང་སྲོང་དཀའ་ཐུབ་ཆེན་པོ་དག །དེ་དག་མེད་ན་མི་འགྲུབ་བོ། །ཞེས་དང་། ཡང་། དངོས་གྲུབ་བཟླས་པའི་རིམ་པ་ནི། ངག་དང་ཤུབ་བུ་རྡོ་རྗེའི་བཟླས། །ཡིད་བཟླས་བརྗོད་པ་བཅས་པ་བཞི། །ཞེས་གསུངས་སོ། །ཡང་། དམིགས་པ་གསུམ་ནི་ཇི་སྐད་དུ། །མེ་


KMC012_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྒྲ་དང་སྒྲ་མཐར་གསུམ། བརྗོད་པ་མེ་གནས་བསམ་གཏན་སྟེ། །ཞེས་དང་། མེ་གནས་བསམ་གཏན་སྟེར་བ་ཏེ། ཞེས་པ་སྤྱོད་རྒྱུད་ཀྱི་མཚན་མེད་ཀྱི་ཏིང་ངེ་འཛིན་ནི་བོད་དག་གིས་བྱ་རྒྱུད་ལ་སྦྱར་བའི་དང་པོ་མི་གནས་ཀྱི་བསམ་གཏན་ནི། རང་གི་སྙིང་གར་ཟླ་བ་ལ་གནས་པའི་མར་མེའི་རྩེ་མོ་ལྟ་བུའི་མེའི་དབུས་སུ་སྔགས་ཀྱི་ཡི་གེ་རྣམས་བསམ་པ་ལ་སེམས་འཛིན་པ་དང་། གཉིས་པ་སྒྲ་གནས་ཀྱི་བསམ་གཏན་ནི། ཡིག་འབྲུ་ལ་སེམས་མི་འཛིན་པར་སྔགས་ཀྱི་སྒྲ་དྲིལ་བུའི་སྒྲ་ལྟ་བུ་ལ་སེམས་འཛིན་པ་དང་། གསུམ་པ་སྒྲ་མཐར་གྱི་བསམ་བཏན་ནི། དེ་དག་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་སེམས་པ་མེད་པའི་ཚུལ་གྱིས་མ་ཡེངས་པར་བཞག་པའོ། །གཞན་དོན་རང་དོན་བཟླས་པ་ནི། །གྲངས་དང་དུས་དང་མཚན་མའོ། །ཞེས་པ་ལྟར་གྱི་གྲངས་སོགས་ཀྱི་བསྙེན་པ་དང་ཐུན་མཚམས་ཀྱི་བྱ་བ་སོགས་སྤྱོད་རྒྱུད་སྤྱི་ལྟར་རོ། །དེ་ནས་མདུན་


KMC012_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། བུམ་པ་གཉིས་བསངས་སྦྱངས་སོ་སོར་གཞལ་ཡས་ཁང་དུ་བསྒོམ། ཁ་ཅིག་གིས་བྱ་རྒྱུད་ལ་བུམ་པ་གཞལ་ཡས་ཁང་དུ་བསྒོམ་དགོས་པའི་ལུང་དུ། ཇོ་བོ་ཆེན་པོའི་མི་འཁྲུགས་པའི་དཀྱིལ་ཆོག་ལས་བུམ་པ་གཞལ་ཡས་ཁང་དུ་བསྒོམ་པར་བཤད་དོ་ཞེས་སྨྲ་བ་ནི་ཁུངས་མེད། ངེད་ཀྱིས་འདི་བྱ་རྒྱུད་རང་རྐང་དུ་མི་འདོད་དོ། །མདུན་བུམ་སོ་སོར་ས་བོན་སོགས་ལྷ་དྲུག་གིས་གཙོ་བོ་བསྐྱེད། མདུན་བུམ་སོ་སོར་འཁོར་གྱི་བཀྲ་ཤིས་མཆོད་པའི་ལྷ་མོ་བརྒྱད་ནི། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས་ཞེས་པའི་རྗེས་སུ་བཀྲ་ཤིས་མཆོད་པའི་ལྷ་མོ་བརྒྱད། སྐུ་མདོག་དཀར་མོ་དཔལ་བེའུ་བསྣམས། །མེ་ཡི་ཕྱོགས་སུ་འཇིགས་བྱེད་མ། །སྐུ་མདོག་དཀར་མོ་འཁོར་ལོ་འཛིན། །གཤིན་རྗེའི་ཕྱོགས་སུ་འོད་ཅན་མ། །སྐུ་མདོག་དམར་སྐྱ་པདྨ་འཛིན། །བདེན་བྲལ་ཕྱོགས་སུ་རྣམ་རྒྱལ་མ། །སྐུ་མདོག་སྔོན་མོ་རྒྱལ་མཚན་


KMC012_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །ཀླུ་ཡི་ཕྱོགས་སུ་མདངས་ལྡན་མ། །སྐུ་མདོག་དམར་སྐྱ་གདུགས་དཀར་འཛིན། །རླུང་གི་ཕྱོགས་སུ་དཀར་ཤམས་མ། །སྐུ་མདོག་སྔོན་མོ་ཡང་འདུག དམར་སྐྱ་བུམ་པ་འཛིན། །གནོད་སྦྱིན་ཕྱོགས་སུ་དྲི་མེད་མ། །སྔོ་སྐྱ་ཡང་ཟེར་ སྐུ་མདོག་ལྗང་གུ་དུང་འཛིན་པའོ། །དབང་ལྡན་ཕྱོགས་སུ་ཡིད་གཞུང་མ། །སྐུ་མདོག་ལྗང་གུ་ཉ་བསྣམ་པའོ། ཀུན་ཀྱང་སེམས་དཔའི་སྐྱིལ་ཀྲུང་དུ། །ཟླ་བའི་རྒྱབ་བརྟེན་རིན་ཆེན་བརྒྱན། །གཡོན་པ་ཐམས་ཅད་དཀུ་ལ་གཏད། །དེ་ནས་མདུན་བསྐྱེད་སྐབས་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་ཅེས་པའི་རྗེས་སུ་ཡེ་ཤེས་སྤྱན་འདྲེན་གྱི་སྐབས། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་གི་མཆོད་པ་བཞེས་ནས་ཀྱང་། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཅེས་གཞུང་ལས་གསུངས་པའི་ཆོ་ག་འདིས་སྤྱན་དྲངས་ཞིང་མཆོད་ཡོན་སྦྲེངས་པར་སྤྲོན་བྱའོ། །


KMC012_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་སྔ་མ་ལས། མི་འཁྲུགས་རྒྱལ་པོ་སྤྱན་དྲངས་ནས། །བགེགས་བསྐྲད་རྒྱས་བཏབ་མཆོད་ཡོན་སོགས། །ཕུལ་ཏེ་ཛཿཧཱུྃ་བཾ་ཧོཿས་དགུག །ཅེས་དང་གཞུང་ཕྱི་མ་ལས། ཨོཾ་ཨཱཿབིགྷྣནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཏ་ཐཱ་ག་ཏོདྦྷ་བཱ་ཡ་སྭཱ་ཧཱ། ཐལ་སྦྱར་སོ་སོར་གཉིས་ཕྱིར་བསྐྱེད་ཞེས་སོགས་ཀྱང་འབྱུང་ངོ་། །དེ་དག་རྐྱང་སྤྲོ་ན་བྱ་ཞིང་མ་བྱས་ཀྱང་ཆད་པའི་སྐྱོན་ནི་མི་འབྱུང་ངོ་། །བུམ་བསྐྱེད་ཀྱི་སྐབས། ཁྲུས་ཀྱི་དོན་དུ་བུམ་ནང་ལྷ། །མཆོད་བསྟོད་བྱས་ཏེ་ནམ་མཁར་བཞུགས། །དེ་ཡིས་དབང་བསྐུར་བསམ་ལ་བཀྲུ། །ཞེས་གསུངས་པ་དང་། བཀྲ་ཤིས་ལྷ་མོ་བརྒྱད་ཀྱི་སྔགས་ནི། ཨོཾ་མ་ག་ལ་ཤྲཱི་བཏྲཱ་ཡ་སྭཱ་ཧཱ། ཨོཾ་མངྒ་ལ་པདྨ༴ ཨོཾ་མངྒ་ཙྪཱཏྟྲཾ༴ ཨོཾ་མངྒ་ལ་ཤཾ་ཁ༴ ཨོཾ་མངྒ་ལ་ཙཀྲ༴ ཨོཾ་མངྒ་ལ་དྷ་ཛ༴ ཨོཾ་མངྒ་ལ་ཀུམྦྷ༴ ཨོཾ་མངྒ་ལ་མཙྪ༴ དེ་ཡི་སྙིང་གའི་ཟླ་བ་ལ། །གསང་སྔགས་བཟླས་ཏེ་ཅི་ནུས་བཟླས། །ཞེས་པ་རྣམས་འབྱུང་ངོ་། །དེ་ལྟ་བུའི་ཆོ་གས་མདུན་བསྐྱེད་དང་བུམ་པ་དང་


KMC012_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བྲབས་རྫས་དང་གཟུངས་ཀྱི་ཡི་གེ་སོགས་བསྒྲུབ་པར་བྱའོ། །དེ་ནས་གཤིན་དོན་ལྷོ་སྒོའི་ཆོ་ག་ནི། ཕུང་པོའམ་གཟུགས་བརྙན་ནམ། མིང་བྱང་ལ་གཟུངས་སྔགས་བྲིས་པ་དང་བཅས་པ་ལ། དམིགས་ཡུལ་བསྐྱེད་ཅིང་། བདག་མདུན་གྱི་ཐུགས་ཀའི་འོད་ཀྱིས་དམིགས་ཡུལ་དེ་བཀུག་ནས་བསྟིམ། སུམྦྷ་ནི་བརྗོད་ཅིང་ཡུངས་ཀར་གྱིས་བྲབས་གུ་གུལ་བདུག་པས་བགེགས་བསྐྲད། འདོད་ཆགས་ཞེ་སྡང་སོགས་ཚིགས་བཅད་རྣམས་དང་། ལས་སྒྲིབ་སྦྱོང་བའི་སྔགས་བཟླ་བཞིན་བུམ་ཆུས་བཀྲུས། སྔར་ནས་བསྒྲུབ་པའི་བྲབས་རྫས་ཀྱིས་བྲགས་པར་བྱའོ། །སྤྲོས་པ་ལ་དགའ་ན་ཀུན་རིག་གི་ལྷོ་སྒོར་གྲགས་པ་འདི་ཉིད་མདོ་རྒྱུད་སྣ་ཚོགས་ལས་བཏུས་བའི་གསང་བ་སྤྱི་ཆོག་ཡིན་པས་སྦྱར་ཡང་རུང་ཞིང་། དེ་ནས་དབང་བསྐུར་བ་ནི་རིག་གཏད་དུ་གྲགས་པ་སྟེ། བུམ་ལྷ་ནམ་མཁར་བཏེགས་པས་དབང་བསྐུར་བའི་བྱ་བ་མཛད་པར་བསམ་ལ་


KMC012_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་མི་འཁྲུགས་པས་སོགས་དཀྱུས་ལྟར་དང་། དམ་རྒྱ་སྤྱི་བོར་བཞག་པས་བྱིན་གྱིས་བརླབས། གསེར་སོགས་ཀྱིས་བྲིས་པའི་གཟུངས་སྔགས་ཀྱི་ཤོག་དྲིལ་མགུལ་དུ་བཏགས་པར་བྱའོ། །དེ་ནས་བཀྲ་ཤིས་རྟགས་བརྒྱད་ཀྱིས་ཤིས་པ་བརྗོད་པ་ནི། གཟུངས་སྔགས་དང་རང་རང་གི་སྔགས་བརྗོད་ནས་བཀྲ་ཤིས་པའི་རྟགས་རྣམས་སློབ་མའི་མདུན་དུ་བཀོད་ནས་མགུར་ནས་གསུངས་པའི་ཤིས་པའི་ཚིགས་བཅད་རྣམས་ཀྱིས་ཤིས་པ་བརྗོད་པ་ཡིན་ཡང་། བཀྲ་ཤིས་གང་ཞིག་ཞེས་སོགས་འདི་རྣམས་བོད་རྣམས་ཀྱིས་རྒྱ་གཞུང་དུ་རེ་བ་ལྟར་གྱི་ལུགས་ཡིན་པས་གྲགས་པ་དབང་བཙན་ལྟར་མཛད་པ་ཡིན་འདུག་ཅིང་བཀྲ་ཤིས་རྫས་རྟགས་ཀྱི་རྒྱུ་མཚན་སོགས་གཞན་དུ་ཡོད་པ་དེར་བལྟ་བར་བྱའོ། །དེ་ནས་རྗེས་ཀྱི་བྱ་བ་མདུན་བསྐྱེད་ཀྱི་རྗེས་ཆོག་ནི་ཆོ་གའི་དཀྱུས་ལྟར་ལ། བདག་བསྐྱེད་ཀྱི་སྐབས་སུ་ཐུན་མཐར། སྔགས་ཀྱི་


KMC012_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་འབུལ་བ་ཞེས། བཟླས་བརྗོད་ཀྱི་ནི་དགེ་བ་གང་སོགས། བཟླས་བརྗོད་ཀྱི་དགེ་བ་འགྲོ་བ་ཐམས་ཅད་བྱང་ཆུབ་ཆེན་པོ་ཐོབ་པའི་ཆེད་དུ་བཅོམ་ལྡན་འདས་ལ་ཕུལ་ནས་ཕྲེང་བ་བྲིས་སྐུ་སོགས་ཀྱི་མདུན་དུ་འཇོག་པར་གསུངས་པ་བཞིན་བྱའོ། །སྔགས་དང་ཟླ་བ་སངས་རྒྱས་སྐུར་སོགས། ཡེ་ཤེས་པ་རང་གི་ལུས་ལས་ཕྱུངས་ནས་དེ་ལ་མཆོད་བསྟོད་གཤེགས་གསོལ་བྱ་བ་ནི་རྒྱུད་སྡེ་འོག་མའི་བཤད་ཚོད་ནི་ཡིན་མོད། བླ་མེད་ཀྱི་ཉམས་ལེན་ཅན་ལ་དེ་ཤིན་ཏུ་མི་འཐད་པས། བདག་བསྐྱེད་ལ་མཆོད་བསྟོད་དང་བཟོད་གསོལ་སོགས་བྱས་ནས། སྔགས་དང་ཟླ་བ་སངས་རྒྱས་སྐུར། རིམ་བཞིན་བསྡུས་ཏེ་མི་དམིགས་པ་བྱ་ཞིང་། མཐར་རང་ཉིད་མི་འཁྲུགས་པར་གསལ་བའི་གནས་གསུམ་དུ་སོགས་དགོས། ཞེས་བདག་གི་བླ་མ་དང་རྗེ་འགྲོ་མགོན་ཞབས་སོགས་བཞེད་དོ། །སྦྱིན་སྲེག་གི་ཆོ་ག་ནི་གཞན་དུ་གསལ་ཞིང་། མདོ་འདོན་


KMC012_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོ་ག་དང་། ཕུང་པོ་བསྲེགས་པ། མཆོད་པར་སྤ་བ། སཱ་ཙྪའི་ཆོ་ག་སོགས་ནི་རྗེ་དྲུག་པའི་སྒྲུབ་དཀྱིལ་དུ་གསལ་བ་ལྟར་རོ། །དེ་ལྟར་རྗེ་གར་དབང་དྲུག་པས་སྩལ་བའི་མི་འཁྲུགས་པའི་སྒྲུབ་དཀྱིལ་རྣམ་བཤད་ཉུང་ངུ་འདི་ནི་དོན་གཉེར་ཅན་དག་གི་དོན་དུ་སྔར་ཡི་གེར་བཀོད་ཡོད་པ། ཀརྨ་བསྟན་རྒྱས་ཀྱིས་བསྐུལ་བ་ལྟར། ཕྱིས་ཞུ་དག་དང་བཅས་ཚེ་དབང་ཀུན་ཁྱབ་ཀྱིས་ཤར་དཔལ་སྤུངས་དགོན་དུ་བྲིས་པས་སེམས་ཅན་ཐམས་ཅད་རྒྱལ་བ་མི་འཁྲུགས་པའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག་མངྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousབཅོམ་ལྡན་འདས་མི་འཁྲུགས་པའི་སྒྲུབ་ཐབས་ཀྱི་རྣམ་བཤད་བསྡུས་པ།next