Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས་ལྷ་དགུ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས་ལྷ་དགུ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།next

དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས་ལྷ་དགུ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།


KMC014_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ཞེས་བྱ་བ་ལས། ལྷ་དགུ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས་བཞུགས། །


KMC014_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། འཇིག་རྟེན་འདྲེན་པ་འཕགས་མཆོག་སྤྱན་རས་གཟིགས། །ལྷ་དགུའི་ལྷ་ལ་ཕྱག་འཚལ་སྐྱབས་སུ་མཆི། །དགོངས་པ་འགྲོལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །རྒྱུད་ལ་བརྟེན་པའི་རྒྱ་གཞུང་ཆེན་པོ་དང་། །རང་བྱུང་རྡོ་རྗེའི་ཚིགས་བཅད་ཚིག་ལྷུག་གཉིས། །ཡབ་སྲས་སོ་སོས་མཛད་དང་ཞལ་གདམས་བཅས། །ཆོ་ག་འདི་ཡི་གཞུང་སྲོང་ཉམས་ལེན་ཅིང་། །བསྙེན་ཚད་མ་འཁྱོལ་བར་དུ་བདག་བསྐྱེད་ལ། །གཙོ་བོར་བྱེད་དགོས་དཀོན་


KMC014_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་འབངས་ཀྱིས་གསུངས། །དེ་ལ་བསྒྲུབ་རྫས་དཀྱིལ་འཁོར་སོགས་མི་དགོས། །ཕུག་གཏོར་ནང་མཆོད་མཆོད་པ་རྣམ་ལྔ་དང་། །སྔོན་འགྲོ་གཏོར་མ་ཌཱ་དྲིལ་འཛོམ་པར་བྱ། །ཉིན་རེ་སྔ་ཐུན་སྔོན་འགྲོ་རེ་རེ་བཏང་། །དེ་མན་ཐུན་གཞན་སྔོན་འགྲོ་མི་དགོས་སོ། །གསར་བུ་ཡིན་ན་ཐུན་དྲུག་བྱ་བར་བཤད། །ཞོག་པ་སྔ་གྲོ་ཉིན་གུང་དགོང་ཀ་བཞི། །སྲོད་དང་ཐོ་རངས་ཐུན་དྲུག་བྱ་བའམ། །སྔ་གྲོ་ཉིན་གུང་དགོང་ཀ་སྲོད་དང་བཞི། །ཐུན་མཇུག་གཏོར་བསྔོས་


KMC014_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་ཐུན་བསྡུས་ཏེ། །ཐུན་མཚམས་དགེ་སྦྱོར་ཆགས་མེད་གང་དགོས་བྱ། །ངག་ནི་འཁོར་ཡུག་བཅད་ན་མཆོག་ཡིན་ཏེ། །གལ་ཆེན་བྱུང་ན་ཐུན་མཚམས་བཏང་སྲོལ་གདའ། །བདག་བསྐྱེད་ཚར་རྗེས་བསྙེན་པའི་སྐབས་དེ་རུ། །བདག་དང་རིགས་བཞིའི་སྤྱན་རས་གཟིགས་བཞི་ཡི། །ཐུགས་ཀར་པདྨ་དམར་པོ་འདབ་བརྒྱད་པའི། །ཟེའུ་འབྲུར་ཧྲཱིཿཡིག་དམར་པོ་བྱེ་རུའི་མདོག །འགྲེངས་ཏེ་གནས་པའི་ཡིག་མགོའི་ཕྱོགས་དེ་ནི། །ཡི་གེའི་མདུན་ཡིན་རང་གི་མདུན་ངོས་བལྟ། །དེ་མཐར་མདུན་ནས་བརྩམས་ཏེ་གཡོན་བསྐོར་དུ། །ཡིག་བཅུ་ཡིག་ངོ་ཕྱི་ལ་བསྟན་ཏེ་བཀོད། །ཡུམ་ལྔའི་ཐུགས་ཀར་ཆོས་འབྱུང་གདན་ཐབས་ནི། །དམར་པོ་མུ་རན་དཀར་པོ་ཅན་གྱི་དབུས། །རང་མདོག་ཧྲཱིཿཡིག་ལངས་ཏེ་གནས་པའི་མཐར། །ཧ་རི་ནི་ས་སྤངས་པའི་ཡུམ་སྔགས་དེ། །ཡིག་ངོ་ནང་བསྟན་གཡས་སུ་བསྐོར་ལ་བཀོད། །མཚམས་བཞིར་མཁའ་འགྲོ་བཞི་ཡི་ཐུགས་


KMC014_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་རུ། །ཉི་མའི་སྟེང་དུ་ུས་བོན་རེ་རེའི་མཐར། །རང་སྔགས་ཡིག་ངོ་ནང་བསྟན་གཡས་བསྐོར་བཀོད། །རྡོ་རྗེ་མཁའ་འགྲོའི་ཐུགས་ཀར་ཧ་སྔོན་མཐར། །ༀ་བཛྲ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ། རིན་ཆེན་མཁའ་འགྲོའི་ཐུགས་ཀར་རི་སེར་མཐར། །ༀ་རཏྣ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ། །པདྨ་མཁའ་འགྲོའི་ཐུགས་ཀར་ནི་དམར་མཐར། །ༀ་པདྨ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ། །ལས་ཀྱི་མཁའ་འགྲོའི་ཐུགས་ཀར་ས་ལྗང་མཐར། །ༀ་ཀརྨ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ། །དེ་ནས་ཐུགས་ཀའི་སྔགས་ཕྲེང་རིག་པ་གཏད། །ཀློག་པའི་ཚུལ་དུ་བཟླས་པ་བསྙེན་པའོ། །དེ་ནས་ཡིག་ཕྲེང་རྣམས་ལས་འོད་ཟེར་ནི། །ཁ་དོག་ལྔ་ལྡན་དམར་པོ་ཤས་ཆེ་བ། །ཡིག་འབྲུ་མི་འཁོར་འོད་ཟེར་འཁོར་བར་བསྒོམ། །དེ་ནས་དང་པོ་ཡིག་འབྲུ་དལ་བུས་འཁོར། །ཡབ་རྣམས་གཡས་འཁོར་ཡུམ་རྣམས་གཡོན་དུ་འཁོར། །དེ་ནས་ཇེ་མགྱོགས་ཤིན་ཏུ་མགྱོགས་པར་འཁོར། །དེ་ལྟར་བསྒོམ་ཞིང་བཟླས་པ་ཉེ་བསྙེན་


KMC014_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ཟླ་སྐར་ཕྲེང་བ་ལྟ་བུའི་བཟླས་པ་ཟེར། །དེ་ནས་བདག་ཉིད་ཡབ་ཡུམ་ཐུགས་ཀ་ཡི། །ཧྲཱིཿནི་མི་གཡོ་སྔགས་ཕྲེང་དྲག་འཁོར་བས། །དེ་ལས་འོད་ཟེར་ཁ་དོག་དམར་ཤས་ཆེ། །དཀར་སེར་ལྗང་མཐིང་འཇའ་ཚོན་ལྟ་བུ་ནི། །སྟེང་དང་ཕྱོགས་མཚམས་ནམ་མཁའ་ཁྱབ་པར་འཕྲོས། །གྲུབ་ཆེན་བརྒྱད་ཅུ་རྗེ་འབངས་ཉེར་ལྔ་དང་། །བཀའ་བརྒྱུད་བླ་མ་གྲུབ་ཐོབ་རྒྱ་མཚོ་ལ། །འོད་ཟེར་དེ་ཕོག་མཆོད་པ་ཆེན་པོར་གྱུར། །སྐུ་གསུང་ཐུགས་རྒྱུད་ཟག་མེད་བདེ་བ་རྒྱས། །ཀུན་ཀྱང་རྒྱལ་བ་རྒྱ་མཚོ་ཡབ་ཡུམ་སྐུ། །གནས་འགྱུར་ཆར་ལྟར་བབ་བྱོན་བདག་ལ་ཐིམ། །བྱིན་རླབས་ཞུགས་པས་ཉམས་རྟོགས་འབར་བ་བསྒོམ། །བླ་མ་གྲུབ་ཐོབ་རྣམས་དང་བསྲེ་བ་སྟེ། །$བླ་མ་རྒྱ་མཚོ། ཕྱག་ཆེན་འདོད་ན་དྭགས་པོ་ས་ར་ཧ། །རྫོགས་ཆེན་འདོད་ན་དགའ་རབ་བི་མ་ལ། །ནུས་པ་ཆེ་འདོད་ཨོ་རྒྱན་པཀྴི་སོགས། །བསྒོམས་པས་བླ་སྒྲུབ་མཆོག་ཏུ་འགྱུར་བ་ཡིན། །ཡང་ནི་


KMC014_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །ཞིང་ཁམས་ཀུན་ན་བཞུགས་པའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་དེས་མཆོད། །ཐམས་ཅན་སྤྱན་རས་གཟིགས་ཀྱི་སྐུར་གྱུར་ནས། །ཆར་ལྟར་བབ་ནས་རང་ལ་ཐིམ་པར་བསྒོམ། །$རྒྱལ་བ་རྒྱ་མཚོ་དེ་ཡང་ཚེ་བསྲིང་འདོད་ན་ཚེ་དཔག་མེད། །ནད་ཞི་འདོད་ན་སངས་རྒྱས་སྨན་གྱི་བླ། །སྡིག་ལྟུང་དག་པར་འདོད་ན་རྡོ་རྗེ་སེམས། །ལས་སྒྲིབ་དག་པར་འདོད་ན་མི་འཁྲུགས་པ། །ངན་སོང་སྒོ་གཅོད་འདོད་ན་ཀུན་རིག་དང་། །གང་འདོད་སོ་སོར་ཚན་ཆེན་བསྲེ་བ་བསྒོམ། །དེ་ཡི་གནད་ལ་དང་པོ་སྐད་ཅིག་ལ། །ནམ་མཁའ་བར་སྣང་གང་འདོད་ལྷ་དེ་ཡི། །སྐུ་ནི་མང་པོས་ཐེམ་འགགས་ནེམ་འགགས་གང་། །དེ་ནས་འོད་ཟེར་དེས་ཕོག་ཐུགས་མཉེས་ནས། །ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ཏེ། །རང་ལ་སིབ་སིབ་ཐིམ་པར་བསྒོམ་པ་ཡིན། །དེ་བཞིན་བདེ་དགྱེས་དཔའ་བོ་རྒྱ་མཚོ།


KMC014_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སོགས་གསར་མའི་ལྷ། །བཀའ་དགོངས་ཕུར་གསུམ་ལ་སོགས་རྙིང་མའི་ལྷ། །བྱ་སྤྱོད་རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས་རྣམས། །གང་འདོད་ཐམས་ཅད་དེ་ལྟར་བསྒོམ་ཆོག་སྟེ། །འདི་ནི་རྒྱུད་སྡེ་བཞི་ཡི་སྤྱི་སྒྲུབ་ཡིན། །ལྷ་གཅིག་སྔགས་གཅིག་བཟླས་པས་ཀུན་འགྲུབ་གསུངས། །དེ་བཞིན་ཕག་མཁའ་འགྲོ་རྒྱ་མཚོ། ཁྲོས་སེང་གསུམ་སྒྲོལ་མའི་རིགས། །ཐུགས་རྗེ་ཆེན་པོ་ཡབ་ཡུམ་ཞལ་སྦྱོར་དུ། །གྱུར་ནས་རང་ལ་ཐིམ་པར་བསྒོམ་པར་བྱ། །དེ་བཞིན་ཆོས་སྐྱོང་རྒྱ་མཚོ་ཕྱག་བཞི་ཕྱག་དྲུག་བེར་གུར་སོགས། །མ་ནིང་དུད་སོལ་མ་དང་རང་བྱུང་མ། །ཡེ་ཤེས་ཆོས་སྐྱོང་རྣམས་ལའང་བསྲེ་ཞིང་བསྒོམ། །ཁྱད་པར་རིམས་ནད་ཡོད་དུས་ལོ་མ་ཅན། །དགྲ་འཇིགས་ཡོད་དུས་འོད་ཟེར་ཅན་དང་བསྲེ། །དེ་ལྟར་རྣམ་གྲངས། མང་པོ་མི་ལྕོགས་སམ། །ཆ་ལུགས་སྐུ་མདོག་མི་ཤེས་ཟིན་དཀའ་ན། །སངས་རྒྱས་བྱང་སེམས་བླ་མ་ཡི་དམ་དང་། །མཁའ་འགྲོ་ཆོས་སྐྱོང་སྤྱི་


KMC014_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འོད་དེས་ཕོག །ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ནས། །ཆར་བཞིན་བབ་ནས་རང་བསྟིམ་ཁོ་ནས་ཆོག །དེ་ལྟར་བསྒོམ་ཞིང་ཡིག་བཅུ་ཁོ་ན་བཟླས། །བྱིན་རླབས་བསྡུ་བའི་དམིགས་པ་སྒྲུབ་པ་ཡིན། །དེ་ནས་རང་གི་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་ཕྱོགས་བཅུའི་ནམ་མཁའ་ཁྱབ་པར་འཕྲོས། །སྣོད་ཀྱི་འཇིག་རྟེན་བདེ་བ་ཅན་གྱི་ཞིང་། །པདྨདབང་གི་དཀྱིལ་འཁོར་ཉིད་དུ་གྱུར། །བཅུད་ཀྱི་སེམས་ཅན་ཐམས་ཅད་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་སུ་གྱུར། །དམྱལ་བ་རྡོ་རྗེ་རིགས་ཀྱི་སྤྱན་རས་གཟིགས། །ཡབ་ཡུམ་སྐུར་གྱུར་དེ་བཞིན་ཡི་དྭགས་རྣམས། །པདྨ་རིགས་ཀྱི་སྤྱན་རས་གཟིགས་ཡབ་ཡུམ། །དུད་འགྲོ་བདེ་གཤེགས་རིགས་ཀྱི་སྤྱན་རས་གཟིགས། །ལྷ་མིན་ལས་ཀྱི་རིགས་ཀྱི་སྤྱན་རས་གཟིགས། །ལྷ་དང་མི་ནི་རིན་ཆེན་སྤྱན་རས་གཟིགས། །རྒྱན་དང་ཆ་ལུགས་མངོན་རྟོག་ལྟ་


KMC014_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་སྐུ། །འབའ་ཞིག་གྱུར་ནས་རང་གི་རམ་བུའི་ཚུལ། །ཡིག་བཅུ་འུར་འུར་དིར་དིར་འདོན་པར་བསྒོམ། །དེ་ནི་སྣང་བ་སྐུ་ཡི་ཁྱེར་སོ་དང་། །གྲགས་པ་གསུང་གི་ཁྱེར་སོའི་དོན་ཚང་སྟེ། །སྐད་ཅིག་གཅིག་ལ་དུང་ཕྱུར་མང་པོ་འགྲོ། །ཕྲེང་སྐོར་གཅིག་གིས་ཡི་དམ་འགྲུབ་པའི་གནད། །རྒྱལ་པོའི་ཕོ་ཉ་ལྟ་བུའི་བཟླས་པ་དང་། །བུང་བ་ཚང་ཞིག་ལྟ་བུའི་བཟླས་པའང་ཟེར། །སྒྲུབ་པ་ཆེན་པོའི་དམིགས་པ་ཡིན་པར་བཤད། །དམིགས་པ་དེ་རྣམས་ཐུན་རེར་རྫོགས་པར་བསྒོམ། །མི་ལྕོགས་ན་ནི་ཞག་གཅིག་རྫོགས་པས་ཆོག །ཞག་བདུན་བསྒྲུབ་ན་དེ་ཡན་ཞག་དྲུག་བྱ། །དེ་ནས་ཞག་གཅིག་ལས་སྦྱོར་དམིགས་པ་ནི། །ཐུན་གྱི་བཟུང་ལུགས་སྔོན་དང་འདྲ་བ་ལས། །སྔ་ཐུན་ཡུད་ཙམ་ཤར་དུ་ཁ་བལྟས་ལ། །བདག་ཉིད་ཡབ་ཡུམ་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་དཀར་པོ་ཡབ་ཡུམ་ཞལ་ནས་ཐོན། །མདུན་དུ་བཞུགས་པའི་རྡོ་རྗེ་སྤྱན་རས་གཟིགས། །ཡབ་


KMC014_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གཉིས་ཀྱི་ཐུགས་ཀར་ཐིམ་པ་ཡིས། །ཐུགས་ཀའི་སྔགས་ཕྲེང་དྲག་འཁོར་ཐུགས་རྒྱུད་བསྐུལ། །ཐུགས་ཀའི་ཧྲཱིཿལས་འོད་ཟེར་དཀར་པོ་བྱུང་། །ཞལ་ནས་ཐོན་ཅིང་བདག་ཉིད་ཡབ་ཡུམ་གྱི། །ཐུགས་ཀར་ཐིམ་བས་ནད་གདོན་སྡིག་སྒྲིབ་ཞི། །འོད་ཟེར་ཕར་ལ་འཕྲོ་དུས་མཆོད་པའི་ཚུལ། །མདུན་གྱི་ཐུགས་ཀར་ཐིམ་དུས་ཐུགས་རྒྱུད་བསྐུལ། །སྔགས་ཕྲེང་དྲག་འཁོར་ཕྲིན་ལས་དགོངས་པ་གཏད། །འོད་ཟེར་ཞལ་ནས་བྱུང་དུས་དངོས་གྲུབ་ཚུལ། །དེ་ཡི་འོད་ཟེར་ཟླ་བའི་འོད་ལྟ་བུས། །སེམས་ཅན་ཀུན་གྱི་སྡིག་སྒྲིབ་ཐམས་ཅད་ནི། །མུན་པར་ཟླ་ཤར་ལྟ་བུར་འོད་དེས་བསལ། །སངས་རྒྱས་ཀུན་གྱི་ཞི་བའི་དངོས་གྲུབ་ཀྱང་། །འོད་ཟེར་དེ་ལ་སིབ་ཀྱིས་ཐིམ་པ་ལས། །རང་གི་ཐུགས་ཀར་ཐིམ་ཞིང་ལུས་ཁྱབ་པས། །ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག །འོད་ཀུན་ཐུགས་ཀའི་ཧྲཱིཿལ་ཐིམ་པ་ཡིས། །སེམས་ཀྱི་ཉོན་སྒྲིབ་ཤེས་སྒྲིབ་


KMC014_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཞི། །ཞི་བ་ཆེན་པོའི་དངོས་གྲུབ་ཐོབ་པར་བསྒོམ། །སྔགས་རིང་ཧ་རི་ནི་ས་ཧཱུྃ་ཕཊ་ཅན། །ལྔ་བརྒྱ་ལ་སོགས་ཇི་ཙམ་ལྕོགས་པ་བཟླས། །དེ་ནས་བདག་ཉིད་ཡབ་ཡུམ་སྔགས་ཕྲེང་ལས། །འོད་ཟེར་དཀར་པོ་ཡབ་ཡུམ་ཞལ་ནས་ཐོན། །གཡས་ཟུར་རྡོ་རྗེ་མཁའ་འགྲོའི་ཐུགས་ཀར་ཐིམ། །སྔགས་ཕྲེང་གཡོན་འཁོར་ཕྲིན་ལས་དགོངས་པ་གཏད། །མཁའ་འགྲོའི་ཐུགས་ལས་འོད་ཟེར་སྟོན་ཟླའི་མདོག །བདེ་བའི་རེག་བྱ་ཅན་འཕྲོས་ཞལ་ནས་ཐོན། །བདེ་བའི་འོད་ཟེར་ཟླ་བའི་འོད་ལྟ་བུ། །བསྲུང་བྱ་ཀུན་ལ་ཕོག་པས་ནད་དང་གདོན། །ཐམས་ཅད་བ་མོར་ཉི་ཟེར་ཕོག་ལྟར་དག །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཡི། །ཞི་བ་ཆེན་པོའི་དངོས་གྲུབ་འོད་དེར་འདུས། །རང་གི་ཐུགས་ཀར་ཞུགས་པས་ནད་དང་གདོན། །སྡིག་སྒྲིབ་མུན་པར་ཉི་ཤར་ལྟ་བུར་དག །འོད་དེ་ཐུགས་ཀའི་ཧྲཱིཿལ་ཐིམ་པ་ཡིས། །ཞི་བའི་ལས་ཀུན་འགྲུབ་པའི་དངོས་


KMC014_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཐོབ། །དེ་ལྟར་བསྒོམ་ཞིང་སྔགས་རིང་མཇུག་དེ་རུ། །ནད་གདོན་སརྦ་པཱ་པཾ་ཤནྟིཾ་ཀུ་རུ་སྭཱ་ཧཱ། །ཅི་ལྕོགས་བཟླས་རྗེས་གཏོར་བསྔོས་ཐུན་བསྡུ་བྱ། །དེ་ནས་ཉི་མ་དྲོས་ཆེན་དུས་བབ་ཚེ། །བདག་བསྐྱེད་ཚར་གཅིག་བཏང་བ་དེ་ཡི་རྗེས། །ལྷོའམ་བྱང་དུ་ཡུད་ཙམ་ཁ་གྱུས་ནས། །སྔགས་རིང་ཧཱུྃ་ཕཊ་ཅན་དེ་བཟླས་བྱ་ཞིང་། །བདག་ཉིད་ཡབ་ཡུམ་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་བཙོ་མ་གསེར་གྱི་མདོག་འདྲ་འཕྲོས། །ཡབ་ཡུམ་ཞལ་ནས་ཐོན་ཅིང་གཡས་ཕྱོགས་ཀྱི། །རིན་ཆེན་རིགས་ཀྱི་ཡབ་ཡུམ་ཐུགས་ཀར་ཕོག །མཆོད་པར་གྱུར་ནས་མཉེས་པས་སྔགས་ཕྲེང་འཁོར། །ཐུགས་རྒྱུད་བསྐུལ་བས་ཕྲིན་ལས་དགོངས་པ་གཏད། །ཡབ་ཡུམ་ཧྲཱིཿལས་འོད་ཟེར་གསེར་མདོག་འཕྲོས། །རྒྱས་པའི་དངོས་གྲུབ་ཚུལ་དུ་ཞལ་ནས་ཐོན། །དེ་ཡི་འོད་ནི་ཉི་མ་ཤར་འདྲ་བས། །བསྲུང་བྱ་རྣམས་ལ་ཕོག་པས་ཚེ་བསོད་རྒྱས། །འཁོར་འདས་ཀུན་


KMC014_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཚེ་བསོད་འོད་དེར་ཐིམ། །ཚུར་བྱུང་ཐུགས་ཀར་ཞུགས་ནས་ལུས་ཁྱབ་པས། །རང་གི་ཚེ་བསོད་ཉམས་རྟོགས་ཡེ་ཤེས་རྒྱས། །ཐུགས་སྲོག་ཧྲཱིཿར་ཐིམ་རྒྱས་པའི་དངོས་གྲུབ་ཐོབ། །དེ་ནས་རང་ཉིད་ཡབ་ཡུམ་ཐུགས་ཀ་ནས། །འོད་ཟེར་གསེར་མདོག་འཕྲོས་ཤིང་ཞལ་ནས་ཐོན། །གཡས་ཀྱི་རྒྱབ་ཟུར་རིན་ཆེན་མཁའ་འགྲོ་ཡི། །ཐུགས་ཀར་ཐིམ་པས་མཆོད་པར་གྱུར་ནས་མཉེས། །སྔགས་ཕྲེང་དྲག་འཁོར་ཐུགས་དམ་རྒྱུད་བསྐུལ་ཏེ། །རྒྱས་པའི་ཕྲིན་ལས་སྒྲུབ་ལ་ཐུགས་དགོངས་གཏད། །ཐུགས་ལས་འོད་ཟེར་བཙོ་མ་གསེར་མདོག་འཕྲོས། །ཞལ་ནས་ཐོན་ཚེ་ཉི་མའི་དཀྱིལ་འཁོར་བཞིན། །དེ་ཡི་འོད་ཟེར་ཉི་མའི་འོད་ལྟ་བུ། །བསྲུང་བྱ་རྣམས་ལ་ཕོག་པས་ཚེ་བསོད་རྒྱས། །དཔེར་ན་མེ་ཏོག་པདྨར་ཉི་ཟེར་བཞིན། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་དངོས་གྲུབ་ཀུན། །སྦུར་ལེན་དྭངས་མར་རྡུལ་བཞིན་འོད་དེར་ཐིམ། །ཚུར་བྱོན་ཐུགས་ཀར་ཐིམ་ཞིང་ལུས་གང་


KMC014_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བས། །རང་གིས་ཚེ་བསོད་དབང་ཐང་ཉམས་རྟོགས་འཕེལ། །ཐུགས་སྲོག་ཧྲཱིཿར་ཐིམ་རྒྱས་པའི་དངོས་གྲུབ་ཐོབ། །སྔགས་རིང་བཻ་རོ་ཙ་ནཱི་ཡེ་ཡི་མཇུག །རི་ནི་ཧ་ས་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། །ཅི་ལྕོགས་བཟླས་རྗེས་གཏོར་བསྔོས་ཐུན་བསྡུ་བྱ། །དགོངས་ཆེན་བདག་བསྐྱེད་ཚར་གཅིག་བཏང་བའི་རྗེས། །ཡུད་ཙམ་ནུབ་ཏུ་ཁ་ཕྱོགས་སྔགས་རིང་ནི། །གཞུང་གི་ཧཱུྃ་ཕཊ་ཅན་དེ་བཟླ་བའི་ཚེ། །བདག་ཉིད་ཡབ་ཡུམ་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་དམར་པོ་བྱི་རུའི་ཕྲེང་བ་ལྟར། །ཞལ་ནས་ཐོན་ཅིང་རྒྱབ་ཀྱི་ཕྱོགས་སུ་སོང་། །པདྨ་སྤྱན་གཟིགས་ཡབ་ཡུམ་ཐུགས་ཀར་ཐིམ། །སྔགས་ཕྲེང་དྲག་འཁོར་ཐུགས་དམ་རྒྱུད་བསྐུལ་བས། །སྣང་སྲིད་དབང་སྡུད་ལས་ལ་དགོངས་པ་གཏད། །ཐུགས་ཀའི་སྔགས་ཕྲེང་འོད་ཟེར་དམར་པོ་འཕྲོས། །ཞལ་ནས་ཐོན་པས་པདྨ་རཱ་གའི་མདོག །དེ་ལས་འོད་ཟེར་གློག་འདྲས་འཇིག་རྟེན་ཁྱབ། །


KMC014_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་ནོར་ལྷ་ཀུན་གྱི་དངོས་གྲུབ་དང་། །འཇིག་རྟེན་ཁམས་ཀྱི་བསོད་ནམས་ལོངས་སྤྱོད་ཀུན། །བསྡུས་ནས་འོད་དེར་ཐིམ་ཞིང་ཚུར་བྱོན་ནས། །རང་གི་ཐུགས་ཀར་ཞུགས་ཤིང་ལུས་ཁྱབ་པས། །རླུང་སེམས་སྣང་བ་དབང་དུ་འདུས་གྱུར་ནས། །ཧྲཱིཿར་ཐིམ་སྣང་སྲིད་དབང་སྡུས་དངོས་གྲུབ་ཐོབ། །དེ་ནས་རང་གི་ཐུགས་ལས་འོད་དམར་འཕྲོས། །ཞལ་ནས་ཐོན་ཅིང་རྒྱབ་ཟུར་གཡོན་བཞུགས་པའི། །པདྨ་མཁའ་འགྲོའི་ཐུགས་ཐིམ་སྔགས་མྱུར་འཁོར། །དབང་གི་ཕྲིན་ལས་སྒྲུབ་ལ་དགོངས་པ་གཏད། །སྔགས་ལས་འཕྲོས་པའི་འོད་དམར་ཞལ་ནས་ཐོན། །དེ་ཡི་འོད་ཀྱིས་སྣང་སྲིད་འཁོར་འདས་ཀྱི། །གང་འདོད་དངོས་གྲུབ་བསྡུས་ཤིང་འོད་དེར་ཐིམ། །ཚུར་བྱོན་རང་གི་ཐུགས་ཀར་ཐིམ་པ་ཡིས། །ཁམས་གསུམ་དབང་དུ་འདུས་པའི་དངོས་གྲུབ་ཐོབ། །སྔགས་རིང་བཻ་རོ་ཙ་ནཱི་ཡེ་ཡི་མཇུག །ནི་རི་ས་ཧ་བ་སུ་ན་


KMC014_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཥཱི་དྷ་སརྦ་སིདྡྷི་བ་ཤཾ་ཀུ་རུ་སྭཱ་ཧཱ། །ཅི་ལྕོགས་བཟླས་རྗེས་གཏོར་བསྔོས་ཐུན་བསྡུ་བྱ། །དེ་ནས་མུན་རུབ་བདག་བསྐྱེད་ཚར་གཅིག་བཏང་། །ཡུད་ཙམ་བྱང་ངམ་ལྷོ་རུ་ཁ་ཕྱོགས་ལ། །སྔགས་རིང་ཧཱུྃ་ཕཊ་ཅན་དེ་བཟླས་བྱ་ཞིང་། །བདག་ཉིད་ཡབ་ཡུམ་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་ལྗང་གུ་སྤང་ཆེན་མདོག་འདྲ་འཕྲོས། །གཡོན་ཕྱོགས་ལས་ཀྱི་སྤྱན་རས་གཟིགས་དང་ནི། །སྒྲོལ་མ་ཞལ་སྦྱོར་བཞུགས་པའི་ཐུགས་ཀར་ཐིམ། །སྔགས་ཕྲེང་དྲག་འཁོར་ལས་ལ་དགོངས་པ་གཏད། །ཐུགས་ཀའི་སྔགས་ལས་དྲག་པོའི་དངོས་གྲུབ་ནི། །འོད་ཟེར་ལྗང་གུའི་ཚུལ་དུ་ཞལ་ནས་ཐོན། །འོད་དེའི་འོད་ཟེར་ལྗང་ནག་ཚ་ལ་རྩུབ། །ཕྱོགས་བཅུར་ཁྱབ་པས་གནོད་བྱེད་དགྲ་བགེགས་ཀུན། །བ་མོར་ཐན་ཚད་ཕོག་བཞིན་གཞོབ་ཏུ་བསྲེགས། །ཁྲོ་བོ་ཁྲོ་མོ་ཆོས་སྐྱོང་ཐམས་ཅད་ཀྱི། །མཐུ་སྟོབས་འོད་དེར་ཐིམ་ཞིང་ཚུར་བྱོན་ཏེ། །རང་གི་ཐུགས་ཀར་


KMC014_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་ཞིང་ལུས་གང་བས། །བདུད་བཞི་ཉོན་མོངས་ལུས་གདོན་ལུས་ཀྱི་ནད། །ཐམས་ཅད་ཚར་བཅད་འོད་ཟེར་ཧྲཱིཿལ་ཐིམ། །དྲག་པོའི་ཕྲིན་ལས་ཐོགས་མེད་དངོས་གྲུབ་ཐོབ། །དེ་ནས་བདག་ཉིད་ཡབ་ཡུམ་ཐུགས་ཀ་ནས། །འོད་ཟེར་ལྗང་ནག་འཕྲོས་པས་ཞལ་ནས་ཐོན། །མདུན་གཡོན་ལས་ཀྱི་མཁའ་འགྲོའི་ཐུགས་ཀར་ཐིམ། །སྔགས་ཕྲེང་དྲག་འཁོར་ལས་ལ་དགོངས་པ་གཏད། །དྲག་པོའི་དངོས་གྲུབ་འོད་ཟེར་ལྗང་གུའི་ཚུལ། །ཞལ་ནས་ཐོན་ཚེ་འོད་དེའི་འོད་ཟེར་ནི། །རབ་ཏུ་རྩུབ་ཅིང་ཚ་ངར་ལྡན་པ་ཡིས། །རང་དང་བསྲུང་བྱ་ལ་གནོད་དགྲ་བགེགས་རྣམས། །བྱ་སྒྲོ་མེ་ལ་བསྲེགས་བཞིན་ཚར་བཅད་དེ། །འཇིག་རྟེན་དྲེགས་པའི་མཐུ་སྟོབས་ནུས་པ་རྣམས། །བསྡུས་ཤིང་འོད་དེར་ཐིམ་ཞིང་ཚུར་བྱོན་ནས། །རང་གི་ཐུགས་ཀའི་ཧྲཱིཿལ་ཐིམ་པ་ཡིས། །དྲེགས་པ་ཚར་བཅད་དངོས་གྲུབ་ཐོབ་པར་བསྒོམ། །སྔགས་རིང་བཻ་རོ་ཙ་ནཱི་ཡེ་ཡི་མཇུག །ས་ནི་རི་ཧ་


KMC014_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ། །ཅི་ལྕོགས་བཟླས་རྗེས་གཏོར་བསྔོས་ཐུན་བསྔུ་ཉལ། །ཐུན་བསྔུའི་དམིགས་པ་སྟོང་པ་ཉིད་དོ་ཞེས། །ཟེར་བ་དེ་ནི་ཉལ་བའི་རྣལ་འབྱོར་ཡིན། མཚམས་སྡོམ་ཞག་བདུན་ཕྱི་སྒྲུབ་ཚང་བ་སྟེ། །བདུན་གཉིས་བདུན་གསུམ་ཟླ་སྒྲུབ་ལོ་སྒྲུབ་སོགས། །ཡུན་རིང་བསྒྲུབ་ན་ལས་བཞི་རེ་རེ་ལའང། །དུས་ནི་ཞག་བདུན་སྔགས་གྲངས་འབུམ་ཕྲག་སོགས། །བསྒྲུབས་ན་ཕྲིན་ལས་སོ་སོའི་རྟགས་ཐོན་འགྱུར། །དེ་ཚེ་དུས་ཚོད་དང་ནི་ཁ་གྱུ་ཕྱོགས། །དང་པོ་དབུ་འཛུགས་དུས་སུ་བྱས་པས་འཐུས། །ལས་བཞི་རེ་རེའི་ཞག་གྲངས་སྔགས་གྲངས་ཀྱང། །བསྙེན་སྒྲུབ་ཅི་ཙམ་ཐོན་པའི་བཅུ་ཆ་གཅིག །དེ་ལས་མང་ན་བསྙེན་སྒྲུབ་ནུས་པ་ཉམས། །དེ་ལས་ཉུང་ནའང་ལས་དེ་འགྲུབ་པ་དཀའ། དེ་ནི་མཚམས་སྡོམ་ཕྱི་སྒྲུབ་བྱེད་ཐབས་ཡིན། །མཚམས་མི་སྡོམ་པར་ཕྱི་སྒྲུབ་བྱེད་འདོད་ན། །ད་ནང་བདག་བསྐྱེད་ཚར་གཅིག་བཏང་


KMC014_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྗེས། །ཉི་ཐལ་བར་དུ་འགྲོ་སྡོད་གང་གིིའང་ཚེ། །སྔགས་བཟླས་གོང་གི་དམིགས་པ་དེ་རྣམས་བསྒོམ། །ཉི་མ་ཐལ་ཀའི་དུས་ལ་བབ་ཙམ་ན། །རང་ཉིད་ཡབ་ཡུམ་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་ཁ་དོག་བཞི་ལྡན་ཏོང་སྐུད་བཞིན། །འོད་ཟེར་དཀའ་པོ་གཉིས་དང་སེར་པོ་གཉིས། །དམར་པོ་གཉིས་དང་དེ་བཞིན་ལྗང་གུ་གཉིས། །ཞལ་ནས་ཐོན་ཅིང་ཕྱོགས་མཚམས་བརྒྱད་དུ་འཕྲོས། །རིགས་བཞི་ཡབ་ཡུམ་རིགས་བཞིའི་མཁའ་འགྲོ་ཡི། །ཐུགས་ཀར་ཐིམ་པས་ཐུགས་དམ་རྒྱུད་བསྐུལ་ཏེ། །ལས་བཞིའི་དངོས་གྲུབ་འོད་ཟེར་ཁ་དོག་བཞིའི། །རྣམ་པར་ཞལ་ནས་ཐོན་ཅིང་བདག་ཉིད་ཀྱི། །ཐུགས་ཀར་ཐིམ་པས་ཕྲིན་ལས་བཞི་འགྲུབ་བསམ། །སྔགས་རིང་ཧཱུྃ་ཕཊ་ཅན་དེ་ཅི་འགྲུབ་བཟླ། །འདི་ལྟར་ལས་བཞི་གཅིག་ཆར་སྒོམ་པ་ཡི། །དོན་ལྡན་ཞབས་དང་དཀོན་མཆོག་འབངས་ཀྱིས་གསུངས། །དེ་ནས་གཏོར་བསྔོས་བྱས་ལ་ཐུན་


KMC014_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བསྔུས་ཏེ། །གཞུང་ལྟར་བསྔོ་སྨོན་བྱས་རྗེས་མུན་རུབ་ལ། །སྔོན་འགྲོ་མི་དགོས་བདག་བསྐྱེད་ཚར་གཅིག་འདོན། །གོང་ལྟར་དམིགས་པ་རྣམས་བསྒོམ་སྔགས་བཟླ་ཞིང། །མཇུག་ཏུ་ལས་བཞིའི་སྔགས་དམིགས་ཡུད་ཙམ་བྱ། །དེ་ནས་གཏོར་བསྔོས་བྱས་ཏེ་ཐུན་བསྡུ་ཉལ། །དེ་ལྟར་ཉིན་མཚན་ཐུན་གཉིས་མ་ཆགས་པར། །ཟླ་གྲངས་མང་པོའི་བར་དུ་བྱ་བ་སྟེ། །ཟླ་ཞག་མི་བརྩི་སྔགས་ཀྱི་གྲངས་ལ་བརྩི། །འབུམ་ཕྲག་བཅུ་སོགས་འགྲུབ་ན་ཕྱི་སྒྲུབ་ཐེམ། །བྱང་ཆུབ་ནར་མར་སྒྱུབ་པ་ཞེས་བྱ་སྟེ། །གནས་གཅིག་མིན་ཀྱང་གར་ཕྱིན་དེར་སྒྲུབ་ཆོག །དེ་ཡང་མི་ལྕོགས་རྒྱུན་ཁྱེར་ཉམས་ལེན་ནི། །ཉིན་ནུབ་ནམ་འདོད་བདག་བསྐྱེད་ཚར་གཅིག་ནི། །ཡི་དམ་ཡིན་ཕྱིར་ཆགས་པའི་ཐབས་མེད་ཅིང། །དེ་བཞིན་གཏོར་བསྔོས་ཚར་གཅིག་མ་ཆགས་བྱ། །དེ་མིན་འགྲོ་སྡོད་སྦྱོད་ལམ་ཀུན་གྱི་ཚེ། །གོང་གི་དམིགས་པ་དེ་དག་ཅི་ལྕོགས་བསྒོམ། །སྔགས་བཟླ་


KMC014_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བར་བདེ་མཆོག་རྒྱུད་ལས་གསུངས། །ཉལ་ཁ་ཐུན་བསྡུ་བསྔོ་སྨོན་བྱ་བ་གཅེས། །སྔགས་ཀྱང་རྒྱུད་ཀྱི་དགོངས་པ་ཡི་གེ་དྲུག །རྒྱ་གཞུང་དགོངས་པ་ཡིག་བཅུ་གང་འདོད་ཆོག །རྟགས་དང་བྱིན་རླབས་མྱུར་འདོད་སྔགས་རིང་ཟབ། །དེ་ལྟར་ལྷ་དགུ་ཕྱི་ལྟར་སྒྲུབ་པ་འདི། །རྒྱུད་ཀྱི་དགོངས་པ་རྒྱ་གཞུང་སོར་བཞག་སྟེ། །བོད་གཞུང་རྣམས་ན་ཤིན་ཏུ་གསལ་ན་ཡང་། །བློ་ཆུང་རྣམས་ལ་ཕན་ཕྱིར་བསྡུས་ཏེ་བཀོད། །འགལ་འཁྱུལ་ཉེས་པའི་ཆ་མཆིས་ལྷ་ལ་བཤགས། །དགེ་བས་བླ་མའི་ཐུགས་དགོངས་རྫོགས་པ་དང་། །ཞུ་བ་པོ་ཡིས་གཙོར་བྱས་འབྲེལ་ཐོགས་ཀུན། །ཚེ་འདིར་ཐུགས་རྗེ་ཆེན་པོ་འགྲུབ་འགྱུར་ཞིང་། །ཕྱི་མ་བདེ་ཆེན་ཞིང་དུ་སྐྱེ་བར་ཤོག །མཐར་ཕྱིན་ཐབས་མཁས་གཉིས་ཀྱིས་ཞུས་པའི་ངོར། །རིག་འཛིན་སྤྲུལ་སྐུའི་དགོངས་རྫོགས་ལ་དམིགས་ཏེ། །ལུག་ལོ་ས་ག་ཟླ་བའི་ཡར་ཚེས་དྲུག །མཆོག་གི་སྤྲུལ་སྐུས་ཆོས་འཁོར་བསྐོར་བའི་དུས། །རྒྱུ་སྐར་


KMC014_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ལ་བབས་པའི་སྔ་དྲོའི་ཆར། །རཱ་ག་ཨ་སྱས་ཇི་ལྟར་སྨྲས་པ་ལྟར། །པདྨ་མཐར་ཕྱིན་ཞེས་བྱས་ཡི་གེར་བཀོད།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousདཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས་ལྷ་དགུ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།next