Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས་ལྷ་དགུའི་ལུས་དཀྱིལ་ཟིན་བྲིས།
   
   
   
   
   
   
   
   
   


 
previousདཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས་ལྷ་དགུའི་ལུས་དཀྱིལ་ཟིན་བྲིས།next

དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས་ལྷ་དགུའི་ལུས་དཀྱིལ་ཟིན་བྲིས།


KMC014_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས། ལུས་དཀྱིལ་གྱི་ཟིན་བྲིས་བཞུགས་སོ། །


KMC014_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཀཱ་ཡ་མཎྜ་ལཱ་ཡ། སྤྱན་རས་གཟིགས་དབང་ལུས་དཀྱིལ་གྱི། །ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །འདི་ལ་བདག་བསྐྱེད་ཆས་ཙམ་ལས། །སྒྲུབ་རྫས་གཞན་ནི་མི་དགོས་ཏེ། །རང་བྱུང་རྡོ་རྗེའི་ལུས་དཀྱིལ་ལས། །ལུས་ཀྱི་དཀྱིལ་འཁོར་བསྒོམ་པ་ནི། །སྔོན་འགྲོའི་རིམ་པ་ཡོངས་རྫོགས་ནས། །གསུངས་ཕྱིར་བདག་བསྐྱེད་གཞུང་ལྟར་འདོན། །རེག་གི་རྡོ་རྗེ་ཞེས་བྱའི་མཚམས། །ལུས་ལྷ་རྣམས་ཀྱང་ཝལ་ཙམ་བསྒོམ། །རང་བྱུང་རྡོ་རྗེའི་ལུས་


KMC014_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་ནས། །གནས་གསུམ་བྱིན་བརླབས་དབང་བསྐུར་བ། །ལ་སོགས་རིམ་པ་ཤེས་པར་བྱ། །གསུངས་ཕྱིར་གཞུང་ལྟར་འདོན་པ་སྟེ། །རིགས་བདག་པདྨ་རྣམ་རྒྱལ་ནི། །གཡས་འོག་རྡོ་རྗེ་འཛིན་པ་ཙམ། །མ་གཏོགས་བདག་ཉིད་ཡབ་ཡུམ་མཚུངས། །བདག་ཡུམ་རིག ས་བདག་རྣམ་སྣང་སྟེ། །གནས་བཞིའི་ཡུམ་བཞི་རིགས་བདག་ནི། །རྒྱལ་བ་རིགས་བཞིར་སོ་སོར་བསམ། །དེ་ནི་དབང་སྐུར་སྐབས་སུ་སྟེ། །བསྙེན་པའི་སྐབས་སུ་དམིགས་པ་ནི། །རང་ལུས་


KMC014_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཞིང་གསལ་བའི་ནང་། །དཔྲལ་བར་སངས་རྒྱས་སྤྱན་མ་སེར། །གཡས་འོག་འཁོར་ལོ་དཀར་པོ་འཛིན། །མགྲིན་པར་གོས་དཀར་དམར་མོ་ནི། །གཡས་འོག་པདྨ་དཀར་པོ་འཛིན། །སྙིང་གའི་ཆ་སྨད་མཱ་མ་ཀཱི། །མཐིང་ག་གཡས་འོག་རིན་ཆེན་སྔོ། །ལྟེ་བར་སྒྲོལ་མ་ལྗང་གུ་ནི། །གཡས་འོག་ཨུ ཏྤལ་ལྗང་གུ་འཛིན། །བཞི་ག་པདྨ་ཟླ་བའི་སྟེང་། །རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །དཔྲལ་བའི་མཛོད་སྤུའི་ཐད་ནང་དུ། །རྡོ་རྗེ་མཁའ་འགྲོ་སྐུ་མདོག་མཐིང་། །གཡས་འོག་རྡོ་རྗེ་འཛིན་པའོ། །རྐན་ཕུག་པདྨ་མཁའ་འགྲོ་དམར། །གཡས་འོག་པདྨ་དམར་པོ་འཛིན། །ལྟེ་བར་རིན་ཆེན་མཁའ་འགྲོ་སེར། །གཡས་འོག་ནོར་བུ་གསེར་མདོག་འཛིན། །གསང་བར་ལས་ཀྱི་མཁའ་འགྲོ་ལྗང་། །གཡས་འོག་རལ་གྲི་ལྗང་ནག་འཛིན། །མིག་གཉིས་གཟུགས་ཀྱི་རྡོ་རྗེ་དཀར། །གཡས་འོག་དངུལ་དཀར་མེ་ལོང་འཛིན། །རྣ་གཉིས་སྒྲ་ཡི་རྡོ་རྗེ་སྔོ། །གཡས་འོག་


KMC014_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་བུ་འཛིན་པའོ། །སྣ་བུ་གཉིས་སུ་དྲི་རྡོ་རྗེ། །གཡས་འོག་སྤོས་སྣོད་བདུག་སྤོས་འཛིན། །ལྕེ་ལ་རོ་ཡི་རྡོ་རྗེ་དམར། །གཡས་འོག་ཟངས་གཞོང་ཟས་བཅུད་བཀང་། །སྐུ་གཡོན་རེག་གི་རྡོ་རྗེ་ལྗང་། །གཡས་འོག་ལྷ་རྫས་ན་བཟའ་འཛིན། །ལྷ་མོ་དེ་རྣམས་པད་ཟླའི་སྟེང་། །གཡས་བརྐྱང་གཡོན་བསྐུམ་འདོར་ཐབས་བཞེངས། །ཀུན་ཀྱང་ཞལ་གཅིག་ཕྱག་བཞི་མ། །དང་པོ་ཐུགས་ཀར་ཐལ་མོ་སྦྱར། །གཡོན་འོག་པདྨ་དམར་པོ་འཛིན། །ཡུམ་བཞི་མཆོད་པའི་ལྷ་མོ་རྣམས། །ཞི་འཛུམས་དར་དང་རིན་ཆེན་བརྒྱན། །མཁའ་འགྲོ་བཞི་པོ་ཅུང་ཞིག་ཁྲོས། །སྤྱན་གསུམ་གཅེར་བུ་རུས་པས་བརྒྱན། །གྲུ་མོར་ཁ་ཊྭཾ་གྱེན་དུ་བསྒྲེངས། །ཀུན་ཀྱང་དབུ་རྒྱན་ཐོར་ཚུགས་ཅན། །རང་གི་སྙིང་དཀྱིལ་སྟོད་ཀྱི་ཆར། །པདྨ་ཉི་མ་ཟླ་བའི་སྟེང་། །ཧྲཱིཿལས་དང་པོ་ཡིག་དྲུག་བསྐོར། །དེ་རྒྱབ་ཡིག་བཅུ་དེ་རྒྱབ་ཏུ། །ཡིག་བཅུ་སྔགས་རིང་སྦྲེལ་བས་བསྐོར། །ཀུན་གྱི་


KMC014_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ནི་གཅིག་ཏུ་བསྡུ། །དེ་སྐད་རྒྱུད་ལས་གསུང་ཕྱིར་རོ། །ལྷ་མོ་ཀུན་གྱི་ཐུགས་ཀ་རུ། །ས་བོན་ཡིག་འབྲུ་རེ་རེ་དང་། །ཡུམ་བཞིར་ལཱྃ་མཱྃ་པཱྃ་ཏཱྃ་མོ། །ཧ་རི་ནི་ས་མཁའ་འགྲོ་བཞི། །ལྷ་མོ་ཀུན་ལ་བྃ་ཡིག་རེ། །ལུས་ལྷ་རྣམས་ཀྱིས་སྔགས་བཟླས་པས། །ཐུགས་ཀའི་སྔགས་ཕྲེང་གཡས་སུ་འཁོར། །སྔགས་ཕྲེང་འོད་ཟེར་སྤྱི་བོར་སོང་། །རིགས་བདག་ལ་ཕོག་སྔགས་གསུང་པས། །བདག་དང་རིགས་བདག་བཅས་པ་ལས། །འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། །ཞིང་ཁམས་རྒྱ་མཚོར་བཞུགས་པ་ཡི། །རྫོགས་པའི་སངས་རྒྱས་ཐམས་ཅད་ནི། །འགྲོ་བ་སེམས་ཅན་དོན་ལ་བསྐུལ། །རང་ཉིད་ཞལ་ནས་སྔགས་གསུངས་ཞིང་། །འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །ས་ལ་གནས་པའི་སེམས་དཔའ་རྣམས། །མ་ལུས་སེམས་ཅན་དོན་ལ་བསྐུལ། །རང་ཡུམ་ཕག་མོས་སྔགས་གསུངས་པས། །རི་རབ་སུམ་བཅུ་སོ་གཉིས་ཀྱི། །རྡུལ་གྱི་གྲངས་མཉམ་མཁའ་


KMC014_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་ཚོགས། །ཐམས་ཅད་སེམས་ཅན་དོན་ལ་བསྐུལ། །ཡུམ་བཞིའི་ཞལ་ནས་སྔགས་གསུང་ཞིང་། །འོད་ཟེར་ཕྱོགས་བཅུར་འཕྲོས་པ་དེས། །འབྲེལ་ཐོགས་གཙོར་བྱས་འགྲོ་ཀུན་ལ། །ཤེས་རབ་སྒོ་ཕྱེ་ཕར་ཕྱིན་རྟོགས། །མཁའ་འགྲོ་སྡེ་བཞིས་སྔགས་གསུང་བས། །ས་དང་ལམ་ལ་གནས་པ་དང་། །རང་ལ་འབྲེལ་ཐོགས་ཐམས་ཅད་ཀྱི། །སེམས་ལ་ཡེ་ཤེས་ཇེ་ཆེར་འབར། །མཆོད་པའི་ལྷ་མོས་སྔགས་གསུང་ཞིང་། །འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །འོད་ཟེར་དེ་ཡི་ཟེར་མ་ལས། །འདོད་ཡོན་ཟད་མེད་ཆར་པ་འབེབས། །ཟས་འདོད་ཟས་དང་གོས་འདོད་གོས། །བཞོན་པ་སྐྱེད་ཚལ་ཁང་བཟང་དང་། །འཇིགས་པ་རྣམས་ལ་སྐྱབས་ལ་སོགས། །དགོས་འདོད་ལོངས་སྤྱོད་ཕུན་ཚོགས་ཐོབ། །འོད་ཟེར་དེ་ཡིས་རེག་ཙམ་གྱིས། །སྨྱོན་པ་རྣམས་ཀྱང་དྲན་པ་རྙེད། །ལོང་བ་རྣམས་ཀྱང་མིག་གསལ་ཞིང་། །འོན་པ་རྣམས་ཀྱིས་སྒྲ་


KMC014_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐོས། །ལོག་ལྟ་ཅན་རྣམས་དད་པ་སྐྱེས། །སྡིག་ཅན་རྣམས་ཀྱང་ཆོས་ལ་སྤྱོད། །འགྲོ་དྲུག་ཁ་ལོ་ཆོས་ལ་བསྒྱུར། །ཐམས་ཅད་བྱང་ཆུབ་ལམ་ལ་ཞུགས། །སྤྱན་རས་གཟིགས་ཀྱི་ཕྲིན་ལས་ནི། །ཐམས་ཅད་བདག་གིས་འགྲུབ་པར་བསྒོམ། །མཆོད་པའི་ལྷ་མོས་སྔགས་གསུང་ཞིང་། །འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀྱི། །གཟུགས་ཀུན་གཟུགས་ཀྱི་རྡོ་རྗེ་མར། །གྱུར་ནས་རྒྱལ་ཀུན་སྤྱན་ལ་མཆོད། །སྒྲ་ཀུན་སྒྲ་ཡི་རྡོ་རྗེ་མར། །གྱུར་ནས་རྒྱལ་ཀུན་སྙན་ལ་མཆོད། །དྲི་ཀུན་དྲི་ཡི་རྡོ་རྗེ་མར། །གྱུར་ནས་རྒྱལ་ཀུན་ཤངས་ལ་མཆོད། །རོ་ཀུན་རོ་ཡི་རྡོ་རྗེ་མར། །གྱུར་ནས་རྒྱལ་ཀུན་ལྗགས་ལ་མཆོད། །རེག་ཀུན་རེག་གི་རྡོ་རྗེ་མར། །གྱུར་ནས་རྒྱལ་ཀུན་སྐུ་ལ་མཆོད། །ལྷ་མོ་སྤྱན་སོགས་སོ་སོར་ཐིམ། །ཟག་མེད་བདེ་བས་ཐུགས་དགྱེས་པས། །སྐུ་ལས་འོད་ཟེར་སྣ་ཚོགས་ནི། །འཇའ་སྤྲིན་བཞིན་དུ་འཐིབས་ནས་


KMC014_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན། །བདག་གི་ལུས་ངག་ཡིད་ལ་ཐིམ། །སྣང་སྟོང་གྲགས་སྟོང་ཚོར་སྟོང་དང་། །མྱང་སྟོང་བདེ་སྟོང་ཏིང་འཛིན་སྐྱེས། །ཡུམ་བཞིའི་སྔགས་གསུང་འོད་འཕྲོས་པས། །རིགས་བཞིའི་རིགས་གྱུར་ལྷ་མོའི་ཚོགས། །ཀུན་ལ་བདེ་སྟོང་མཆོད་པར་གྱུར། །དེ་དག་སྐུ་ལས་འོད་འཕྲོས་པས། །འབྱུང་བཞི་ཀུན་གྱི་བཅུད་བསྡུས་ཏེ། །འོད་ཟེར་ཁ་དོག་རྣམ་པ་བཞིའི། །རྣམ་པར་བསྡུས་ནས་བདག་ལ་ཐིམ། །ཤ་ཁྲག་དྲོད་དབུགས་རྣམ་བཞི་ལ། །ནད་མེད་བདེ་བའི་དངོས་གྲུབ་ཐོབ། །དེ་བཞིན་འོད་ཀྱིས་མཁའ་འགྲོའི་ཚོགས། །མཆོད་པས་ཟག་མེད་བདེ་བས་དགྱེས། །དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི། །བྱང་སེམས་དཀར་དམར་འོད་ཟེར་ཚུལ། །བསྡུས་ནས་བདག་ལ་ཐིམ་པ་ཡིས། །དགའ་བཞིའི་ཡེ་ཤེས་སྐྱེས་པར་བསྒོམ། །དེ་ནི་བསྙེན་པའི་དམིགས་པ་སྟེ། །རྒྱུད་ཀྱི་དགོངས་པ་ཡིག་དྲུག་བཟླ། །དེ་ནས་ཐུགས་ཀའི་སྔགས་ཕྲེང་ལས། །


KMC014_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། །སངས་རྒྱས་ཀུན་ལ་འོད་དེས་ཕོག །སྔོན་གྱི་ཐུགས་བསྐྱེད་ཐུགས་རྒྱུད་བསྐུལ། །ཀུན་ཀྱང་ཐུགས་རྗེ་ཆེན་པོར་གྱུར། །ཆར་བཞིན་བྱོན་ནས་བདག་ལ་ཐིམ། །འོད་འཕྲོས་ས་བཅུ་སོ་སོ་ལ། །བཞུགས་པའི་སེམས་དཔའ་ཀུན་ལ་ཕོག །སྒྲིབ་གཉིས་ཕྲ་མོ་གང་ཡོད་སྦྱངས། །རྡོ་རྗེ་ལྟ་བུའི་ཏིང་འཛིན་སྐྱེས། །མངོན་པར་རྫོགས་པར་སངས་རྒྱས་ནས། །འགྲོ་བའི་དོན་དུ་ཆོས་འཁོར་བསྐོར། །སླར་ཡང་འོད་འཕྲོས་ཉན་ཐོས་དང་། །རང་རྒྱལ་ཀུན་ལ་འོད་དེས་ཕོག །རང་དོན་ཞི་བདེའི་ས་ནས་བསླངས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འགྲོ་བ་སེམས་ཅན་དོན་མཛད་གྱུར། །སླར་ཡང་འོད་འཕྲོས་ཁམས་གསུམ་གྱི། །སེམས་ཅན་ཀུན་ལ་འོད་དེས་ཕོག །སྡིག་སྒྲིབ་སྡུག་བསྔལ་ཀུན་སྦྱངས་ནས། །སྡུག་བསྔལ་ཀུན་བྲལ་བདེ་བ་ཐོབ། །འོད་ཟེར་ཐམས་ཅད་ཚུར་འདུས་ནས། །ཐམས་ཅད་བདག་ལ་ཐིམ་པ་ཡིས། །


KMC014_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཡིད་གསུམ་དྲི་མ་དག །ཡེ་ཤེས་རང་གསལ་དོན་རྟོགས་གྱུར། །ཡིག་བཅུ་བཟླས་པ་ཉེ་བསྙེན་ཡིན། །རང་གི་ཐུགས་ཀའི་སྔགས་ཕྲེང་དེ། །གཡས་སུ་དྲག་ཏུ་འཁོར་བ་ལས། །འོད་ཟེར་དམར་པོ་ཕྱིར་འཕྲོས་ཏེ། །རང་གི་རྡོ་རྗེའི་བུ་ག་ནས། །ཡུམ་གྱི་པདྨར་བྱོན་པ་དེ། །ཡུམ་གྱི་ཐུགས་ཀར་ཆོས་འབྱུང་སྟེང་། །ཧྲཱིཿཡིག་མཐའ་ལ་གཡོན་བསྐོར་བྱས། །ཡུམ་གྱི་ཞལ་ནས་ཡབ་ཞལ་ཞུགས། །རང་གི་ཐུགས་ཀའི་ཧྲཱིཿལ་ཐིམ། །དེ་ལྟར་འགལ་མེའི་འཁོར་ལོ་ལྟར། །འཁོར་བར་བསྒོམ་ཞིང་དེ་རྗེས་ནི། །འོད་ཟེར་དེ་ཉིད་སྔགས་ཕྲེང་གྱུར། །གོང་ལྟར་རྒྱུན་དུ་འཁོར་བར་དམིགས། །དེ་ཡིས་བདེ་སྟོང་ཡེ་ཤེས་འཆར། །ཡང་ནི་རང་གི་ཐུགས་ཀ་ཡི། །སྔགས་ཕྲེང་དེ་ལས་སྔགས་ཕྲེང་འཕྲོས། །རང་གི་སྣ་བུག་གཡས་ནས་ཐོན། །རྒྱལ་དེ་ལས་དཀྱིལ་འཁོར་ལྷ་ཚོགས་དཔག་མེད་འཕྲོས། །འགྲོ་ཀུན་སེམས་ཅན་ཡོངས་ལ་ཁྱབ་བར་བསམ། བ་རྒྱ་མཚོའི་ལྷ་ཚོགས་གྱུར། །འགྲོ་བ་


KMC014_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དོན་མཛད་ནས། །ཚུར་འདུས་སྔགས་ཕྲེང་རྣམ་པར་གྱུར། །སྣ་བུག་གཡོན་ཞུགས་ཐུགས་ཀར་ཐིམ། །དེ་གཉིས་སྒྲུབ་པའི་དམིགས་པ་སྟེ། །ཡིག་བཅུ་སྔགས་རིང་གང་མོས་བཟླ། །དེ་ནས་ལུས་གྱི་ལྷ་རྣམས་ལས། །འོད་ཟེར་ཡར་འཕྲོས་སྤྱི་བོ་ཡི། །རིགས་བདག་ལ་ཕོག་ཐུགས་རྒྱུད་བསྐུལ། །དེ་ལས་འོད་དམར་ནམ་མཁའ་ཁྱབ། །ཕྱི་སྣོད་འཇིག་རྟེན་ལ་ཕོག་པས། །གཞལ་ཡས་གྲུ་བཞི་སྒོ་བཞི་པ། །ཕྱི་གསལ་ནང་གསལ་དྲི་མ་མེད། །ཕྱི་ནང་འདོད་ཡོན་དུ་མས་གང་། །ནང་དུ་པདྨ་འདབ་སྟོང་ལྡན། །དེ་འདྲ་ཆེ་ཕྲ་གྲངས་མེད་གྱུར། །དེ་ནང་ནང་བཅུད་སེམས་ཅན་ཀུན། །ཕོ་རྣམས་ཐམས་ཅད་སྤྱན་རས་གཟིགས། །མོ་རྣམས་ཡུམ་མཆོག་གསང་ཡེ་མ། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ནི། །ཆ་ཚང་གྲངས་མེད་གཞལ་མེད་སྟེ། །ནམ་མཁའི་མཐར་ཐུག་ཞིང་ཀུན་ཁྱབ། །ཀུན་ཀྱང་རང་གི་རམ་བུའི་ཚུལ། །སྔགས་སྒྲ་འུར་ཆེམ་ཁམས་གསུམ་


KMC014_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ། །སྒྲུབ་པ་ཆེན་པོའི་དམིགས་པའོ། །དེ་ནས་དུས་ལ་ངེས་མེད་པར། །ཐུན་མཇུག་ལས་བཞིའི་དམིགས་པ་ནི། །ཡུམ་གྱི་ཐུགས་ཀར་སྔགས་གཡོན་འཁོར། །ཧ་རི་ནི་ས་འབྱར་བ་ཡབ། །བཟླ་བྱའི་སྔགས་བཞིན་དཀྲུགས་ལ་བསྒོམ། །རང་གི་ཐུགས་ལས་འོད་དཀར་འཕྲོས། །རང་གི་ཞལ་ཐོན་ཡུམ་ཞལ་ཞུགས། །ཐུགས་ཐིམ་ཐུགས་བརྒྱུད་བྷ་གར་ཐོན། །རྡོ་རྗེའི་སྦུབས་ནས་ཐུགས་ཀར་ཐིམ། །མུ་ཏིག་ཕྲེང་བ་ལྟར་འཁོར་བས། །རང་གི་ནད་གདོན་བར་ཆད་ཞི། །སྔགས་རིང་ཧ་རི་ནི་སའི་མཇུག །ནད་གདོན་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། །འོད་ཟེར་སེར་པོ་འོད་ལྔའི་མདངས། །རྨ་བྱའི་སྒྲོ་ཆུན་ལྟ་བུར་འཁོར། །ཚེ་བསོད་ཡེ་ཤེས་རྒྱས་པར་བསྒོམ། །བཻ་རོ་ཙ་ནཱི་ཡེ་ཡི་མཇུག །རི་ནི་ཧ་ས་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། །འོད་ཟེར་དམར་པོ་ལྕགས་སྒྲོག་དབྱིབས། །ཅུང་ཟད་འཁྱོག་ཅིང་གུག་པ་ནི། །འགལ་མེའི་འཁོར་ལོ་བཞིན་དུ་


KMC014_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར། །རླུང་སེམས་སྣང་བ་དབང་འདུས་བསམ། །བཻ་རོ་ཙ་ནཱི་ཡེ་ཡི་མཇུག །ནི་རི་ས་ཧ་བ་སུ་ན་ན་ཁི་དྷ་སརྦ་སིདྡྷི་བ་ཤཾ་ཀུ་རུ་སྭཱ་ཧཱ། །འོད་ཟེར་མཐིང་ག་ཐག་འཁྱུག་བཞིན། །འཁོར་བས་བདུད་བཞི་ཚར་བཅད་བསྒོམ། །བཻ་རོ་ཙ་ནཱི་ཡེ་ཡི་མཇུག །ས་ནི་རི་ཧ་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ། དེ་ལྟར་ལས་བཞིའི་སྔགས་དམིགས་ནི། །མང་ཉུང་རང་གིས་ཅི་འདོད་ཆོག །དེ་ནས་འགོག་པའི་བཟླས་པ་ནི། །ཡབ་ཡུམ་ཐུགས་ཀའི་ཧྲཱིཿཡིག་ལས། །འོད་ཟེར་དམར་པོས་སྐུ་ལུས་ཁྱབ། །ཕན་ཚུན་འོད་ཟེར་གཅིག་འདྲེས་པས། །ཡབ་ཡུམ་གཉིས་ཀྱི་སྐུ་གསུང་ཐུགས། །འོད་ཀྱི་ཕུར་པོར་གྱུར་པ་དེ། །སྐུ་ཡི་རྣམ་པ་གསལ་བ་ལ། །མཁའ་ལ་འཇའ་ཚོན་ཤར་བ་བཞིན། །སྒྱུ་མ་ཆུ་ཟླ་ལྟ་བུར་བསྒོམ། །ཐུན་མཚམས་གར་བདེར་གཏོར་བསྔོས་དང་། །ཉལ་ཁ་ཐུན་བསྡུ་སྟོང་བར་བྱ། །དེ་ལ་རང་བྱུང་རྡོ་རྗེའི་གསུང་། །ལྷ་ཡང་བསྡུས་ལ་ཧྲཱིཿཡང་ནི། །ལྷན་ཅིག་སྐྱེས་


KMC014_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱས་གདབ་བོ། །འཁོར་དང་མྱ་ངན་འདས་པའི་ཆོས། །དངོས་པོ་རྡུལ་ཙམ་ཡོད་མ་ཡིན། །གསུངས་པ་ལྟར་དུ་མཉམ་པར་བཞག །རྗེས་ནས་བསྔོ་སྨོན་རྒྱ་ཡིས་གདབ། །ལུས་དཀྱིལ་འདི་ལ་ཕན་ཡོན་ནི། །རྒྱ་ཆེར་རྒྱུད་ལས་གསུངས་པ་ལྟར། །རང་བྱུང་བས་ཀྱང་དེ་ལྟར་གསུངས། །མཐར་ཕྱིན་དང་ནི་ཐབས་མཁས་ཀྱིས། །ཡུན་རིང་གསོལ་བཏབ་བསྐུལ་བ་དང་། །དྲིན་ཆེན་སྤྲུལ་སྐུའི་དགོངས་རྫོགས་ཕྱིར། །ལུག་ལོ་ས་གའི་བཅུ་གཅིག་གི །ཕྱི་དྲོའི་ཐུན་ལ་བབ་པའི་ཚེ། །རཱ་ག་ཨ་སྱས་གདམས་པ་ལྟར། །བཙུན་པ་མཐར་ཕྱིན་ཞེས་བྱས་བྲིས། །འགལ་འཁྲུལ་ཉེས་པའི་ཆ་མཆིས་ན། །ཡི་དམ་ཌཱ་ཀིའི་ཚོགས་ལ་བཤགས། །དགེ་བས་ཞིང་གཤེགས་སྤྲུལ་སྐུ་ཡི། །ས་ལམ་ཡོན་ཏན་གོང་དུ་འཕེལ། །འདི་ཉིད་མཐོང་ཐོས་དྲན་རེག་རྣམས། །འབྲེལ་ཚད་དོན་དང་ལྡན་པ་ཡི། །ཐུགས་རྗེ་ཆེན་པོ་མྱུར་འགྲུབ་ཤོག །སརྦ་མངྒ་ལཾ། དགེའོ། དགེའོ།


KMC014_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དགེའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousདཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས་ལྷ་དགུའི་ལུས་དཀྱིལ་ཟིན་བྲིས།next