Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས་ལྷ་དགུའི་ཡང་གསང་སྒྲུབ་པའི་ཟིན་བྲིས།
   
   
   
   
   
   
   


 
previousདཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས་ལྷ་དགུའི་ཡང་གསང་སྒྲུབ་པའི་ཟིན་བྲིས།next

དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས་ལྷ་དགུའི་ཡང་གསང་སྒྲུབ་པའི་ཟིན་བྲིས།


KMC014_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས། ལྷ་དགུའི་ཡང་གསང་སྒྲུབ་པའི་ཟིན་བྲིས་བཞུགས་སོ། །


KMC014_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་དེ་ཝ་པཉྩ་ཡེ། རྒྱལ་བ་རྒྱ་མཚོའི་ལྷ་དགུའི་ལྷ་ཚོགས་ལ། །གུས་པས་ཕྱག་འཚལ་བཀའ་གནང་བྱིན་གྱིས་རློབས། །ཡང་གསང་འཁོར་ལོ་ལྔ་ཡི་སྒྲུབ་པ་ལ། །སྒྲུབ་པའི་ལུགས་དང་ཁྲིད་ཀྱི་རིམ་པ་གཉིས། །ཁྲིད་རིམ་རྩ་རླུང་བསྒོམ་ལུགས་གཞན་དུ་གསལ། །འདིར་ནི་བསྐྱེད་རིམ་བསྙེན་སྒྲུབ་བྱ་བའི་ཚུལ། །མཚམས་བཅད་མི་དགོས་གང་དགར་བསྒོམ་པས་ཆོག །བདག་བསྐྱེད་འདོན་པའི་ཆས་ཙམ་མ་གཏོགས་པ། །སྒྲུབ་པའི་རྫས་ནི་ཅི་ཡང་མི་


KMC014_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སོ། །ད་ནང་བདག་བསྐྱེད་ཚར་གཅིག་ཐོན་གྱི་ནས། །སྤྱོད་ལམ་ཀུན་ཏུ་སྔགས་བཟླས་དམིགས་པ་བསྒོམ། །དགོང་མོ་གཏོར་བསྔོས་རྒྱས་བསྡུས་ཅི་རིགས་དང་། །ཉལ་ཁ་ཐུན་བསྡུ་བསྔོ་སྨོན་རྒྱ་ཡིས་གདབ། །དེ་ལྟར་ཞག་བདུན་མན་ཆད་ལོ་ཟླའི་བར། །ཉམས་སུ་ལེན་པ་ཡང་གསང་སྒྲུབ་པ་ཉིད། །དེ་ཚེ་བསྒོམ་བྱ་དམིགས་པའི་རིམ་པ་ནི། །བདག་ཉིད་རྒྱལ་བ་རྒྱ་མཚོ་ཡབ་ཡུམ་སྐུ། །ཕྱི་ནི་དར་དམར་གུར་ཕུབ་ལྟ་བུ་ལ། །ནང་ནི་སྟོང་གསལ་ཕྲུ་མ་ཕུས་བཏབ་


KMC014_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །དེ་དབུས་ཨ་ཝ་དྷུ་ཏི་མཐིང་གསལ་དྲང་། །ཡར་སྣ་ཧྃ་ཡིག་ཐིག་ལེ་དངུལ་ཆུའི་མདོག །མར་སྣ་ཨཱཿཤད་ཐིག་ལེ་དམར་པོས་མཚན། །གཡས་གཡོན་རོ་མ་དམར་དང་རྐྱང་མ་དཀར། །ཡར་སྣེ་སྣ་བུག་མར་སྣེ་ལྟེ་འོག་ཟུག །འཁོར་ལོ་ལྔ་ཡི་རྩ་འདབ་གདུགས་རྩིབས་བཞིན། །སྤྱི་བོར་རྩ་འདབ་སུམ་བཅུ་སོ་གཉིས་དཀར། །མགྲིན་པར་བཅུ་དྲུག་དམར་པོ་ཁ་ཡར་ཕྱོགས། །སྙིང་ཀའི་རྩ་བརྒྱད་མཐིང་ཀ་ཅུང་ཟད་སྦུབ། །ལྟེ་བའི་རེ་བཞི་སེར་པོ་ཁ་ཡར་ཕྱོགས། །གསང་གནས་སོ་གཉིས་སམ་ཉེར་བརྒྱད་ལྗང་གུ་དྲང་། །འཁོར་ལོ་ལྔ་ཡི་རྩ་མདུད་དབུ་མའི་ནང་། །སྤྱི་བོར་གཏི་མུག་ངོ་བོ་ༀ་དཀར་པོ། །མགྲིན་པར་འདོད་ཆགས་ངོ་བོ་ཧྲཱིཿདམར་པོ། །སྙིང་གར་ཞེ་སྡང་ངོ་བོ་ཧཱུྃ་མཐིང་ཀ །ལྟེ་བར་ང་རྒྱལ་ངོ་བོ་ཏྲཱཾ་སེར་པོ། །གསང་གནས་ཕྲག་དོག་ངོ་བོ་ཨཱཿལྗང་གུ། །དེ་དག་རྣམས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །བདག་དང་འབྲེལ་ཐོགས་གཙོར་བྱས་འགྲོ་


KMC014_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི། །དུག་ལྔའི་སྒོ་ནས་བསགས་པའི་སྡིག་སྒྲིབ་དང་། །ལམ་རྒྱུད་ལྔ་རུ་སྐྱེ་བའི་ས་བོན་ཀུན། །འོད་ཟེར་དེས་བསྡུས་ཡིག་འབྲུ་ལྔ་ལ་ཐིམ། །བར་རླུང་གསུས་པ་ཐེར་ཙམ་གང་བ་ཡིས། །དབུ་མའི་མར་སྣེར་གཏུམ་མོ་ཡེ་ཤེས་མེ། །ནར་གྱིས་འབར་བས་དུག་ལྔའི་ས་བོན་བསྲེགས། །ཡེ་ཤེས་ལྔ་ཡི་སྤྱན་རས་གཟིགས་གྱུར་ཏེ། །སྤྱི་བོར་སྐུ་ཡི་སྤྱན་གཟིགས་ཡབ་ཡུམ་དཀར། །འཁོར་ནི་ཌཱ་ཀི་དཀར་མོ་རྩ་འདབ་གྲངས། །ཐུགས་ཀར་ཧྲཱིཿཡིག་དཀར་པོ་རེ་རེས་མཚན། །མགྲིན་པར་གསུང་གི་སྤྱན་གཟིགས་ཡབ་ཡུམ་དམར། །དམར་མོ་བཅུ་དྲུག་ཐུགས་ཀར་ནི་ཡིག་མཚན། །སྙིང་ཁར་ཐུགས་ཀྱི་སྤྱན་གཟིགས་ཡབ་ཡུམ་མཐིང་། །འཁོར་བརྒྱད་སྔོན་མོའི་ཐུགས་ཀར་ཧ་ཡིག་རེ། །ལྟེ་བར་ཡོན་ཏན་སྤྱན་གཟིགས་ཡབ་ཡུམ་སེར། །སེར་མོ་རེ་བཞི་ཐུགས་ཀར་རི་ཡིག་རེ། །གསང་བར་ཕྲིན་ལས་སྤྱན་གཟིགས་ཡབ་ཡུམ་ལྗང་། །རྩ་འདབ་གྲངས་


KMC014_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་ཌཱ་ཀིའི་ཐུགས་ཀར་ས། །འཁོར་རྣམས་རང་རྟགས་གྲི་ཐོད་ཁ་ཊཱཾ་ག །ཡབ་ལྔའི་ཐུགས་ཀར་པདྨ་ཟླ་བའི་སྟེང་། །རང་མདོག་ཧྲཱིཿལ་ཡིག་བཅུ་གཡས་སུ་འཁོར། །ཡུམ་ལྔའི་ཐུགས་ཀར་ཆོས་འབྱུང་རྐྱང་པའི་སྟེང་། །རང་མདོག་ཧྲཱིཿ ལ་ཡུམ་སྔགས་གཡོན་དུ་འཁོར། །དེ་ནས་བར་རླུང་ཐེར་ཙམ་བཟུང་བ་ཡིས། །གསང་གནས་ཨཱཿཤད་གཏུམ་མོའི་མེ་འབར་ཏེ། །རྩ་གནས་མེས་གང་སྤྱི་བོའི་ཧྃ་ལ་རེག །བདུད་རྩི་བྱང་སེམས་འོ་མའི་རྒྱུན་བཞིན་བབས། །ལྷ་ཚོགས་ཀུན་གྱི་ཞལ་ཞུགས་སྐུ་ལུས་གང་། །བདེ་བས་ཐུགས་རྗེས་བདེ་སྟོང་ཡེ་ཤེས་འབར། །སྔོན་ལས་བཀྲག་མདངས་གཟི་བརྗིད་རྒྱས་པར་བསྒོམ། །ཡིག་བཅུའམ་ཡིག་དྲུག་བཟླས་པ་བསྙེན་པ་ཡིན། །དེ་ནས་ཡབ་ཡུམ་སྔགས་འཁོར་བཅུ་པོ་ལས། །འོད་ཟེར་སྣ་ཚོགས་ནམ་མཁའ་ཁྱབ་པར་འཕྲོས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་དང་། །བླ་མ་ཡི་དམ་མཁའ་འགྲོ་ཐམས་


KMC014_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ། །འོད་དེས་མཆོད་པའི་སྤྲིན་དུ་གྱུར་པས་མཉེས། །ཐམས་ཅད་ཐུགས་རྗེ་ཆེན་པོ་ཡབ་ཡུམ་སྐུར། གནས་རྒྱུར་ཁ་བ་བུ་ཡུག་འཚུབ་བཞིན་བྱོན། །མཚོ་ལ་ཆར་བཞིན་བདག་ལ་སིབ་སིབ་ཐིམ། །དབང་དང་བྱིན་རླབས་དངོས་གྲུབ་ཐོབ་པར་བསྒོམ། །དེ་ནི་ཉེ་བར་བསྙེན་པའི་དམིགས་པ་ཡིན། །དེ་ནས་སྔགས་འཁོར་བཅུ་པོ་འཁོར་བཞིན་ལས། །སྤྱི་བོའི་ཡབ་ཡུམ་སྔགས་ཕྲེང་དྲག་ཏུ་འཁོར། །དེ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས། །བདེ་གཤེགས་རིགས་ཀྱི་སངས་རྒྱས་བྱང་སེམས་དང་། །སྐུ་ཡི་རིགས་ཀྱི་ལྷ་ཚོགས་ཐམས་ཅད་མཆོད། །དེ་ཀུན་སྤྱན་གཟིགས་ཡབ་ཡུམ་དཀར་པོའི་སྐུར། །གནས་གྱུར་ཆར་བཞིན་བབ་ནས་བདག་ལ་ཐིམ། །འགྱུར་མེད་སྐུ་ཡི་དངོས་གྲུབ་ཐོབ་པ་དང་། །རང་གི་གཟུགས་ཀྱི་ཕུང་པོ་འདི་ཉིད་ནི། །བདེ་གཤེགས་སྤྱན་གཟིགས་ཡབ་ཡུམ་ངོ་བོར་གྱུར། །ཆོས་དབྱིང་ཡེ་ཤེས་མངོན་དུ་བྱས་པར་


KMC014_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། །མགྲིན་པའི་ཡབ་ཡུམ་སྔགས་འཁོར་དྲག་འཁོར་བས། །འོད་ཟེར་དམར་པོ་ཕྱོགས་བཅུར་ཁྱབ་པར་འཕྲོས། །པདྨ་རིགས་ཀྱི་སངས་རྒྱས་བྱང་སེམས་དང་། །གསུང་གི་ལྷ་ཚོགས་ཐམས་ཅད་མཆོད་པས་མཉེས། །ཐམས་ཅད་སྤྱན་གཟིགས་ཡབ་ཡུམ་དམར་པོར་གྱུར། །གནས་གྱུར་ཆར་བཞིན་བབ་ནས་བདག་ལ་ཐིམ། །འགགས་མེད་གསུང་གི་དངོས་གྲུབ་ཐོབ་པ་དང་། །འདུ་ཤེས་པདྨ་སྤྱན་གཟིགས་ངོ་བོ་གྱུར། །སོར་རྟོག་ཡེ་ཤེས་མངོན་དུ་བྱས་པར་བསྒོམ། །ཐུགས་ཀའི་ཡབ་ཡུམ་སྔགས་ཕྲེང་དྲག་ཏུ་འཁོར། །དེ་ལས་འོད་ཟེར་མཐིང་མདོག་ཕྱོགས་བཅུར་འཕྲོས། །རྡོ་རྗེ་རིགས་ཀྱི་སངས་རྒྱས་བྱང་སེམས་དང་། །ཐུགས་ཀྱི་ལྷ་ཚོགས་ཐམས་ཅད་མཆོད་པས་མཉེས། །ཐམས་ཅད་སྤྱན་གཟིགས་ཡབ་ཡུམ་མཐིང་ཀའི་སྐུར། །གནས་གྱུར་བུ་ཡུག་འཚུབ་བཞིན་བདག་ལ་ཐིམ། །འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་ཐོབ་པ་དང་། །རྣམ་ཤེས་རྡོ་རྗེ་


KMC014_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་གཟིགས་ངོ་བོར་གྱུར། །མེ་ལོང་ཡེ་ཤེས་མངོན་དུ་བྱས་པར་བསྒོམ། །ལྟེ་བའི་ཡབ་ཡུམ་སྔགས་ཕྲེང་མྱུར་བར་འཁོར། །དེ་ལས་འོད་ཟེར་གསེར་མདོག་ཕྱོགས་བཅུར་འཕྲོས། །རིན་ཆེན་རིགས་ཀྱི་སངས་རྒྱས་བྱང་སེམས་དང་། །ཡོན་ཏན་ལྷ་ཚོགས་ཀུན་ལ་མཆོད་པས་མཉེས། །དེ་ཀུན་སྤྱན་གཟིགས་ཡབ་ཡུམ་གསེར་མདོག་སྐུར། །གནས་གྱུར་ཆར་བཞིན་བབ་ནས་བདག་ལ་ཐིམ། །ཡོན་ཏན་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཐོབ། །ཚོར་བ་རིན་ཆེན་སྤྱན་གཟིགས་ངོ་བོར་གྱུར། །མཉམ་ཉིད་ཡེ་ཤེས་མངོན་དུ་བྱས་པར་བསྒོམ། །གསང་གནས་ཡབ་ཡུམ་སྔགས་ཕྲེང་མྱུར་བར་འཁོར། །དེ་ལས་འོད་ཟེར་ལྗང་གུ་ཕྱོགས་བཅུར་འཕྲོས། །ལས་ཀྱི་རིགས་ཀྱི་སངས་རྒྱས་བྱང་སེམས་དང་། ཕྲིན་ལས་རིགས་ཀྱི་ལྷ་ཚོགས་ཐམས་ཅད་མཆོད། །དེ་ཀུན་སྤྱན་གཟིགས་ཡབ་ཡུམ་ལྗང་གུ་གྱུར། །བུན་ནེ་ཆེལ་ལེ་བྱོན་ནས་བདག་ལ་ཐིམ། །ཕྲིན་ལས་


KMC014_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་འདུལ་བའི་དངོས་གྲུབ་ཐོབ། །འདུ་བྱེད་ཀརྨ་སྤྱན་གཟིགས་ངོ་བོར་གྱུར། །བྱ་གྲུབ་ཡེ་ཤེས་མངོན་དུ་བྱས་པར་བསྒོམ། །དེ་ལྟར་བསྒོམ་ཞིང་བཟླས་པ་སྒྲུབ་པ་ཡིན། །དེ་ནས་སྤྱི་བོ་ཡབ་ཡུམ་སྔགས་ཕྲེང་ལས། །འོད་ཟེར་དཀར་པོ་ཟླ་བ་ཤར་འདྲ་འཕྲོས། །རང་གི་ལུས་ཀྱི་ནང་ཀུན་དཀར་གསལ་ཁྱབ། །ནད་གདོན་གཏི་མུག་སྡིག་སྒྲིབ་སངས་སེ་དག །འོད་དེ་ཕྱིར་འཕྲོས་འོད་དཀར་འཇིག་རྟེན་ཁྱབ། །དུད་འགྲོ་ལ་སོགས་གཏི་མུག་ལྡན་རྣམས་ཀྱིས། གཏི་མུག་སྒོ་ནས་བསགས་པའི་སྡིག་སྒྲིབ་དང་། །བག་ཆགས་བཅས་པ་དག་ནས་ཐམས་ཅད་ཀྱང་། །སྤྱན་གཟིགས་ཡབ་ཡུམ་དཀར་པོའི་སྐུ་རུ་གྱུར། །དེ་བཞིན་མགྲིན་པའི་ཡབ་ཡུམ་སྔགས་འཁོར་ནི། །དྲག་ཏུ་འཁོར་བས་འོད་ཟེར་དམར་པོ་འཕྲོས། །ལུས་ཁྱབ་ནད་གདོན་འདོད་ཆགས་སྒྲིབ་པ་དག །ཕྱིར་འཕྲོས་ཉི་མ་འཆར་ཀའི་འོད་བཞིན་ཏུ། །ནམ་མཁའ་ཁྱབ་འཕྲོས་ཡི་དྭགས་ལ་སོགས་པ། །འདོད་


KMC014_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སེར་སྣ་ཅན་རྣམས་སྒྲིབ་པ་སྦྱངས། །ཐམས་ཅད་སྤྱན་གཟིགས་ཡབ་ཡུམ་དམར་པོར་གྱུར། །ཐུགས་ཀའི་ཡབ་ཡུམ་སྔགས་འཁོར་དྲག་འཁོར་བས། །འོད་ཟེར་མཐིང་མདོག་འཕྲོས་པས་བདག་ལུས་ཁྱབ། །ནད་གདོན་ཞེ་སྡང་སྡིག་སྒྲིབ་སངས་སེ་དག །འོད་ཟེར་ནམ་མཁའ་དྭངས་པའི་མདོག་ལྟ་བུ། །ཕྱོགས་ཀུན་ཁྱབ་པའི་དམྱལ་བ་ལ་སོགས་པ། །ཞེ་སྡང་ཅན་རྣམས་ཀུན་གྱི་སྡིག་སྒྲིབ་སྦྱངས། །ཐམས་ཅད་སྤྱན་གཟིགས་ཡབ་ཡུམ་མཐིང་ཀར་གྱུར། །ལྟེ་བའི་ཡབ་ཡུམ་སྔགས་ཕྲེང་དྲག་འཁོར་བས། །འོད་ཟེར་གསེར་མདོག་འཕྲོས་པས་བདག་ལུས་ཁྱབ། །ང་རྒྱལ་སྡིག་སྒྲིབ་དྲི་མ་སངས་སེ་དག །འོད་ཟེར་ཕྱིར་འཕྲོས་སྤྲིན་མེད་ཉི་ཤར་བཞིན། །འོད་ཀྱིས་ཕྱོགས་ཁྱབ་ལྷ་མི་ལ་སོགས་པ། །ང་རྒྱལ་ཅན་རྣམས་ཀུན་གྱི་སྒྲིབ་པ་སྦྱངས། །ཀུན་ཀྱང་སྤྱན་གཟིགས་སེར་པོ་ཡབ་ཡུམ་གྱུར། །གསང་གནས་ཡབ་ཡུམ་སྔགས་ཕྲེང་མྱུར་འཁོར་


KMC014_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བས། །འོད་ཟེར་ལྗང་གུ་འཕྲོས་པས་བདག་ལུས་ཁྱབ། །ནད་མདོན་ཕྲག་དོག་བག་ཆག་སྒྲིབ་པ་དག །འོད་ཟེར་ཕྱིར་འཕྲོས་འོད་ལྗང་འཇིག་རྟེན་ཁྱབ། །ལྷ་མི་ལ་སོགས་ཕྲག་དོག་ཅན་རྣམས་ཀྱི། །སྒྲིབ་སྦྱངས་སྤྱན་གཟིགས་ལྗང་གུ་ཡབ་ཡུམ་གྱུར། །དེ་ནས་གནས་ལྔའི་ཡབ་ཡུམ་སྔགས་ཕྲེང་ལས། །འོད་ཟེར་ཁ་དོག་སྣ་ཚོགས་བདག་ལུས་ཁྱབ། །ཐ་མལ་ལུས་ངག་ཡིད་ཀྱི་སྒྲིབ་པ་སྦྱངས། །འཕགས་པའི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར། །འོད་ཟེར་འཇའ་ཚོན་ལྟ་བུར་ཕྱིར་འཕྲོས་པས། །ཐ་མས་གདོས་བཅས་འབྱུང་བཞིར་འཛིན་པ་སྦྱང་། །ཡེ་ཤེས་གཞལ་ཡས་ཁང་གི་ངོ་བོ་གྱུར། །དེ་ལྟར་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་གཅིག་ཀྱང་མ་ལུས་པ། །རིགས་ལྔའི་སྤྱན་གཟིགས་ཡབ་ཡུམ་ཤ་སྟག་གྱུར། །ཀུན་ཀྱང་རང་གི་རམ་བུ་བཀྱག་པའི་ཚུལ། །སྔགས་སྒྲ་འུར་ཆོམ་འཇིག་རྟེན་གཡོ་བར་བསྒོམ། །དེ་ནི་སྒྲུབ་པ་ཆེན་པོའི་


KMC014_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའོ། །ཡིག་དྲུག་ཡིག་བཅུ་གང་རུང་བཟླ་ཆོག་སྟེ། །སྔགས་རིང་བཟླས་ན་རྟགས་དང་བྱིན་རླབས་མྱུར། །དམིགས་པ་དེ་དག་ཐུན་རེ་རྫོགས་པའམ། །ཞག་པོ་རེ་ལ་རྫོགས་པར་བྱས་ཀྱང་རུང་། །གལ་ཏེ་མཚམས་བསྡམས་རྩེ་གཅིག་སྒྲུབ་ན་ནི། །ཐུན་བཞིར་ཐུན་མཚམས་གཏོར་བསྔོས་ཐུན་བསྡུ་བྱ། །དེ་མིན་དགོང་ཀའམ་ནམ་འདོད་གཏོར་བསྔོས་གཅིག །དེ་ཚེ་སྤྲོ་ན་མདུན་བསྐྱེད་འདོན་ཡང་རུང་། །དེ་མིན་སྐད་ཅིག་གཏོར་མགྲོན་སྤྱན་དྲངས་ལ། །གཏོར་མ་བསྔོས་རྗེས་གཏོར་མགྲོན་ཡེ་ཤེས་པ། །རྟེན་ལ་བསྟིམ་མམ་མེད་ན་རང་ལ་བསྟིམ། །འཇིག་རྟེན་པ་རྣམས་རང་གནས་སོང་བར་དམིགས། །ཉལ་ཁ་ཐུན་བསྡུ་བསྔོ་སྨོན་གང་འདོད་བྱ། །དེ་ལྟར་མཚམས་བསྡམས་གྲུབ་ན་ཞག་དྲུག་གམ། །རྒྱུན་བསྙེན་ཡིན་ན་ཟླ་གཅིག་སོགས་འགྲུབ་ནས། །ཚེས་གཅིག་ནམ་ལངས་ཤར་དུ་ཁ་གྱུ་ལ། །དང་པོ་མགོ་བཙུགས་དེ་ནས་ནམ་འདོད་


KMC014_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །སྤྱི་བོའི་ཡབ་ཡུམ་ཐུགས་ཀའི་སྔགས་འཁོར་ལས། །འོད་ཟེར་དཀར་པོ་ཕྱོགས་བཅུ་ཁྱབ་པར་འཕྲོས། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བྱང་སེམས་དང་། །བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ལ། །དཀར་གསུམ་མངར་གསུམ་ལ་སོགས་ཞི་བ་ཡི། །འོད་དེ་མཆོད་རྫས་དཔག་མེད་གྱུར་པས་མཆོད། །ཞི་བ་ཆེན་པོའི་དངོས་གྲུབ་ཐམས་ཅད་ནི། །འོད་ཟེར་སྟོན་ཟླའི་མདོག་ཏུ་ཚུར་བསྡུས་ནས། །སྤྱི་བོའི་ཡབ་ཡུམ་སྐུ་ལ་ཐིམ་པ་ཡིས། །བདག་ཉིད་མཐོང་ཐོས་དྲན་རེག་འགྲོ་ཀུན་གྱི། །ནད་གདོན་སྡིག་སྒྲིབ་ཞི་ནུས་དངོས་གྲུབ་ཐོབ། །སླར་ཡང་སྤྱི་བོའི་ཡབ་ཡུམ་སྔགས་འཁོར་ལས། །འོད་ཟེར་དཀར་པོ་ཤི་སོས་བདུད་རྩི་བཞིན། །བདག་ལུས་གང་བས་ནད་གདོན་སྡིག་སྒྲིབ་རྣམས། །བ་སྤུའི་སྒོ་ནས་ནག་ཉིལ་ཕྱིར་ཐོན་ཏེ། །བདག་ལུས་བདེ་དྲོད་ཡེ་ཤེས་འབར་བར་གྱུར། །འོད་ཟེར་ཕྱིར་འཕྲོས་བསྲུང་བྱ་འབྲེལ་ཐོགས་ཀྱི། །ནད་གདོན་སྡིག་ལྟུང་


KMC014_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མ་དག་པར་བསྒོམ། །སྔགས་རིང་ཧ་རི་ནི་སའི་མཇུག་དེ་རུ། །ནད་གདོན་སརྦ་པཱ་པཾ་ཤནྟིཾ་ཀུ་རུ་སྭཱ་ཧཱ། །རྒྱུན་ཁྱེར་ཡིན་ན་བརྒྱ་སྟོང་ཅི་འགྲུབ་སྟེ། །རྟགས་ཐོན་བྱེད་ན་ཞག་བདུན་ཁྲི་འབུམ་སོགས། །གང་འདོད་རང་གི་ཉམས་དང་བསྟུན་པས་ཆོག །དེ་བཞིན་དང་པོ་རྒྱས་པའི་དབུ་འཛུག་ཚེ། །བཅོ་ལྔའི་ཉིན་ཕྱེད་ལྷོའམ་བྱང་དུ་ལྟས། །ལྟེ་བའི་ཡབ་ཡུམ་སྔགས་འཁོར་དྲག་འཁོར་བས། །འོད་ཟེར་སེར་པོ་ཕྱོགས་བཅུར་ཁྱབ་པར་འཕྲོས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང་། །བླ་མ་ཡི་དམ་མཁའ་འགྲོ་ནོར་ལྷའི་ཚོགས། །ཀུན་ལ་རྒྱལ་སྲིད་སྣ་བདུན་རིན་ཆེན་ལྔ། །རྒྱས་པའི་མཆོད་པ་རྒྱ་མཚོར་གུས་པས་མཆོད། །བསོད་ནམས་ཡེ་ཤེས་རྒྱས་པའི་དངོས་གྲུབ་ཀུན། །འོད་ཟེར་གཙོ་མ་གསེར་གྱི་མདོག་ལྟ་བུར། །བསྡུས་ནས་ལྟེ་བའི་ཡབ་ཡུམ་ཐུགས་ཀར་ཐིམ། །ཡོན་ཏན་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཐོབ། །སླར་ཡང་ཡབ་


KMC014_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་འཁོར་བཅས་སྐུ་ལུས་ལས། །འོད་ཟེར་ཛཾ་བུ་ཆུ་གསེར་མདོག་ཅན་འཕྲོས། །བདག་ལུས་ཁྱབ་པས་ཚེ་བསོད་ཉམས་རྟོགས་རྒྱས། །འོད་ཟེར་ཕྱིར་འཕྲོས་སྤྲིན་མེད་ཉི་འོད་བཞིན། །འོད་དེས་དམིགས་ཡུལ་རྣམས་ལ་རེག་ཙམ་གྱིས། །དཔལ་འབྱོར་བདེ་སྐྱིད་བསོད་ནམས་རྒྱས་པར་བསྒོམ། །སྔགས་རིང་བཻ་རོ་ཙ་ནཱི་ཡེ་ཡི་མཇུག །རི་ནི་ཧ་ས་མ་མ་ཨཱཿཡུཿཔུཎྱེ་ཛྙཱ་ན་པུ ཥྚིཾ་ཀུ་རུ་སྭཱ་ཧཱ། །ཞེས་པ་གོང་ལྟར་མང་ཉུང་ཅི་འགྲུབ་བཟླ། །ཉེར་གསུམ་དགོང་ཀ་ནུབ་ཏུ་ཁ་ཕྱོགས་ལ། །མགྲིན་པའི་ཡབ་ཡུམ་སྔགས་འཁོར་མྱུར་བར་འཁོར། །འོད་ཟེར་དམར་ཆེམ་ཕྱོགས་བཅུར་འཕྲོས་པ་ཡིས། །ཕྱོགས་བཅུའི་སངས་རྒྱས་རྩ་གསུམ་ལྷ་ཚོགས་ལ། །འདོད་ཡོན་ལྔ་དང་ཆང་སྣ་བཞི་ལ་སོགས། །དབང་གི་མཆོད་པ་རྒྱ་མཚོར་གྱུར་པས་མཆོད། །དབང་གི་དངོས་གྲུབ་བཅུད་རྣམས་འོད་ཟེར་ནི། །བྱེ་རུའི་མདོག་འདྲར་བསྡུས་ཏེ་མགྲིན་པར་ཐིམ། །བཀའ་བཙན་བདེན་ཚིག་


KMC014_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པའི་དངོས་གྲུབ་ཐོབ། །མགྲིན་པའི་གཙོ་འཁོར་ཀུན་གྱི་སྐུ་ལས་ནི། །འོད་ཟེར་པདྨ་རཱ་གའི་མདོག་འདྲ་འཕྲོས། །བདག་ལུས་ཁྱབ་པས་རླུང་སེམས་རང་དབང་ཐོབ། །འོད་ཟེར་ཕྱིར་འཕྲོས་གློག་སྟོང་འཁྱུགས་འདྲ་བས། །འཇིག་རྟེན་ཁམས་ཀྱི་ཚེ་བསོད་དཔལ་འབྱོར་དང་། །མཆོག་ཐུན་དངོས་གྲུབ་ཀུན་བསྡུས་བདག་ལ་ཐིམ། །སྔགས་རིང་བཻ་རོ་ཙ་ནཱི་ཡེ་ཡི་མཇུག །ནི་རི་ས་ཧ་བ་སུ་ན་ན་ཁ་དྷེ་སརྦ་སིདྡྷི་བ་ཤཾ་ཀུ་རུ་སྭཱ་ཧཱ། །ཅི་ལྕོགས་བཟླས་སོགས་གོང་དང་འདྲ་བ་ཡིན། །ཉེར་དགུའི་མུན་རུབ་ལྷོའམ་བྱང་བལྟས་ལ། །གསང་གནས་ཡབ་ཡུམ་སྔགས་འཁོར་དྲག་འཁོར་བས། །འོད་ཟེར་ལྗང་ནག་ཕྱོགས་བཅུར་ཁྱབ་པར་འཕྲོས། །ཕྱོགས་བཅུར་བཞུགས་པའི་རྩ་གསུམ་ལྷ་ཚོགས་ལ། །ཤ་ལྔ་ཤ་ཆེན་སྤོས་དག་ཚིལ་ཆེན་བསུར། །དྲག་པོའི་མཆོད་པ་དཔག་མེད་གྱུར་པས་མཆོད། །དེ་དག་ཀུན་གྱི་མཐུ་སྟོབས་ནུས་པ་ཀུན། །འོད་ཟེར་ལྗང་གུ་


KMC014_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཏེ་གསང་གནས་ཀྱི། །ལྷ་ལ་ཐིམ་པས་བཀྲག་མདངས་ཕུན་སུམ་ཚོགས། །ཕྲིན་ལས་གང་བརྩམ་ཐོག་མེད་དངོས་གྲུབ་ཐོབ། །གསང་གནས་ལྷ་ཚོགས་གཙོ་འཁོར་ཐམས་ཅད་ལས། །འོད་ཟེར་ལྗང་གུ་འཕྲོས་པས་བདག་ལུས་ཁྱབ། །ལུས་ཀྱི་ནད་གདོན་སེམས་ཀྱི་དུག་ལྔ་རྣམས། །འོད་དེས་བ་མོར་ཉི་ཟེར་ཕོག་ལྟར་བཅོམ། །འོད་ལྗང་ཕྱིར་འཕྲོས་མཚོན་ཆའི་དབྱིབས་འདྲ་བ། །དམྱལ་བའི་མེ་ལྟར་ཚ་ངར་ལྡན་པ་དེས། །གནོད་བྱེད་དགྲ་བགེགས་བདུད་བཞི་གཞོབ་ཐུལ་བསྲེགས། །རྩ་སྔགས་བཻ་རོ་ཙ་ནཱི་ཡེ་ཡི་མཇུག །ས་ནི་རི་ཧ་གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ། །ཞེས་པ་ཐུན་མོང་ཕྲིན་ལས་བཞི་སྒྲུབ་ཡིན། །མཆོག་སྒྲུབ་ཡར་མར་ཚེས་བཅུའི་ཉི་ཤར་དུ། །བྱང་ཤར་དབང་ལྡན་ཕྱོགས་སུ་ཁ་གྱུ་ལ། །ཐུགས་ཀའི་ཡབ་ཡུམ་སྔགས་འཁོར་དྲག་འཁོར་བས། །འོད་ཟེར་བཻ་ཌཱུའི་མདོག་ཅན་ཕྱོགས་བཅུར་འཕྲོས། །ཕྱོགས་བཅུའི་བཀའ་བརྒྱུད་གྲུབ་ཐོབ་


KMC014_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོའི་ཚོགས། །ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ལ། །རིག་མ་བཅུ་དྲུག་བྱང་སེམས་དཀར་དམར་སོགས། །བདེ་སྟོང་མཆོད་པར་གྱུར་པས་ཐུགས་རྒྱུད་མཉེས། །ཐུགས་ཀྱི་ཡེ་ཤེས་ཉམས་རྟོགས་དངོས་གྲུབ་ཀུན། །འོད་ཟེར་ནམ་མཁའ་དྭངས་བའི་མདོག་ལྟ་བུར། །ཚུར་བསྡུས་ཐུགས་ཀའི་སྔགས་འཁོར་ཧྲཱིཿལ་ཐིམ། །དགོངས་པ་རྒྱལ་བ་ཀུན་དང་མཉམ་པ་དང་། །གཞན་བརྒྱུད་བྱིན་གྱིས་རློབས་ནུས་དངོས་གྲུབ་ཐོབ། །སླར་ཡང་ཐུགས་ཀའི་གཙོ་འཁོར་ཐམས་ཅད་ལས། །འོད་ཟེར་ནམ་མཁའ་དྭངས་པ་ལྟར་འཕྲོས་པས། །བདག་དང་འབྲེལ་ཐོག་འགྲོ་བ་ཐམས་ཅད་ལ། །ཉམས་རྟོགས་ཕུན་སུམ་ཚོགས་པ་སྐྱེ་བར་གྱུར། །སྔགས་རིང་ཧ་རི་ནཱིི་སའི་མཇུག་དེ་རུ། རི་ནི་ཧ་ས། ནི་རི་ས་ཧ། ས་ནི་རི་ཧ་ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཨཱཿ ཨཱཿ །ཉམས་རྟོགས་སྐྱེ་འདོད་འདི་ཉིད་ཅི་མང་བཟླ། །ཞག་དང་དུས་ཚོད་ཁ་ཡི་གྱུ་ཕྱོགས་


KMC014_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །དབུ་འཛུགས་དུས་ཡིན་རྒྱུན་དུ་མི་དགོས་སོ། །ཞག་ལས་བཞི་རྣམས་སོ་སོར་ཞག་བདུན་ནམ་དྲུག་ལ་སྒྲུབ་གསུངས། མཆན། དྲུག་སྒྲུབ་པའི་མཇུག་ཏུ་ཡིན་ན་ནི། །ཞག་གཅིག་དུས་ཚོད་ཁ་ཡི་གྱུ་ཕྱོགས་རྩམས། །ཚེས་ཀྱི་གྲངས་ཀ་དེ་ལ་རྩི་རྒྱུ་མེད། །ཡུན་རིང་རྟགས་ཐོན་སྒྲུབ་ན་སོ་སོའི་མཚམས། །ལས་བཞི་སོ་སོའི་སྦྱིན་སྲེག་གྲུབ་ན་ལེགས། །སྦྱིན་སྲེག་མ་གྲུབ་མ་ཚང་སྐྱོན་ནི་མེད། །དེ་ལྟར་ཡང་གསང་སྒྲུབ་པའི་སྙན་བརྒྱུད་འདི། །གཉན་རས་ཡན་ལ་ཡི་གེར་བཀོད་པ་མེད། །རང་བྱུང་རྡོ་རྗེས་རྩ་ཚིག་ཡི་གེར་བཀོད། །འདི་ཡི་རྒྱས་བཤད་གྲུབ་ཆེན་པཀྴིའི་གསུང་། །གདམས་ངག་རྒྱ་མཚོ་མཐའ་ཡས་གཞུང་ཆེན་དང་། །ཟབ་ཆོས་རྒྱ་མཚོ་མཐའ་ཡས་རྒྱས་པ་དང་། འཁོར་ལོ་ལྔ་ཡི་མན་ངག་མ་བུའི་སྐོར། །དེ་དག་རྣམས་སུ་འཐོར་ནས་སྦས་ཏེ་བཞུགས། །ལུང་འདྲེན་བྲིས་ན་པོ་ཏི་ལོངས་པ་ཙམ། །གཙོ་ཆེར་རྩ་རླུང་ཁོ་ན་ཡིན་ན་ཡང་། །རླུང་བཟུང་སྔགས་བཟླས་གང་


KMC014_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་བྱ་གསུངས་ཕྱིར། །འདིར་ནི་བསྐྱེད་རིམ་སྔགས་བཟླས་གཙོ་བོར་བྱས། །འདི་ལ་ཡུན་རིང་འབད་ཅིང་རྟགས་ཐོན་ན། །ཕྱི་ཡི་དཀྱིལ་མཁོར་སྒྲུབ་རྫས་སྦྱིན་སྲེག་སོགས། །ཅི་ཡང་མི་དགོས་མཆོག་ཐུན་དངོས་གྲུབ་རྣམས། །འདི་ཉིད་ཁོ་ནས་འགྲུབ་པར་པཀྴིས་གསུངས། །ཚེ་འདིར་མཆོག་ཐུན་དངོས་གྲུབ་ཀུན་ཐོབ་སྟེ། །འོད་གསལ་ཆེན་པོ་མངོན་དུ་གྱུར་ནས་ཀྱང་། །མཁའ་སྤྱོད་འགྲུབ་པ་རང་བྱུང་རྡོ་རྗེས་གསུངས། །བདག་ཀྱང་ཡུན་རིང་འདི་ལ་ཉམས་ལེན་བྱས། །རྗེས་མཇུག་རྣམས་ཀྱང་དེ་བཞིན་ཉམས་སུ་ལོངས། །མཐར་ཕྱིན་ཐབས་མཁས་གཉིས་ཀྱིས་བསྐུལ་བའི་ཕྱིར། །དྲིན་ཅན་སྤྲུལ་སྐུའི་དགོངས་རྫོགས་ལ་དམིགས་ཏེ། མེ་ལུགས་ས་གའི་བཅུ་གཅིག་སྔ་དྲོའི་ཐུན། །རཱ་ག་ཨ་སྱས་ཇི་ལྟར་གདམས་པ་ལྟར། ཧོར་གྱི་བཙུན་པ་མཐར་ཕྱིན་ཞེས་བྱས་བྲིས། །འདི་ལ་འགལ་འཁྲུལ་ཉེས་པའི་ཆ་མཆིས་ན། །ཡི་དམ་ལྷ་དང་སྲུང་མའི་


KMC014_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལ་བཤགས། །དགེ་བས་སྤྲུལ་སྐུའི་ཟག་མེད་ཐུགས་དགོངས་རྫོགས། །འགྲེལ་ཐོགས་འགྲོ་ཀུན་བདེ་ཆེན་ཞིང་བགྲོད་ཤོག །མངྒ་ལཾ་བྷ་བནྟུ། ཤུ་བྷཾ། །རྒྱལ་རྒྱམ་ལྷ་དགུའི་ཡང་གསང་ཟིན་འདི་དང་། །ལྷ་ལྔའི་ཡང་གསང་སེམས་ལ་བཀོད་པ་གཉིས། །སྙན་བརྒྱུད་དངོས་ཡིན་གྲུབ་ཆེན་ཀརྨ་པའི། །གདམས་ངག་ཀུན་བཅུད་ཟབ་ཆོས་བླ་ན་མེད། །ཟིན་བྲིས་ཚན་གྲངས་མང་པོའི་བཅུད་ཀྱང་འདི། །འདི་ནི་གྲུབ་བརྙེས་ཀརྨ་ཆགས་མེད་ཀྱིས། །རྗེས་འཇུག་ཡོངས་ལ་བཀའ་དྲིན་ཆེན་པོར་མཛད། །གཞན་རྣམས་སྙན་བརྒྱུད་ཁོ་ན་ངེས་མེད་ཀྱང་། རྒྱུད་དང་རྒྱ་གཞུང་གཏེར་མ་རྟོགས་ཆོས་སོགས། །ཀུན་ཀྱང་བྱིན་རླབས་རྒྱུན་བཟང་ལྡན་པ་ཉིད། །དེས་ན་གཞན་རྣམས་འབྲེལ་པ་འཇོག་ཙམ་དང་། །རྩ་བའི་ཉམས་ལེན་འདི་དག་ལ་འབད་ན། །དངོས་གྲུབ་རྣམ་གཉིས་ཐེ་ཚོམ་མེད་པར་འཐོབ། །ཀཾ་ཚང་བསྟན་འཛིན་མཆོག་ཏུ་དོན་གྱིས་འགྱུར། །ཞེས་པའང་ཞུ་དག་ཞར་བྱུང་བློ་གྲོས་མཐའ་ཡས་ཀྱིས་སྨྲས་པའོ། །བཀྲ་ཤིས།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་


KMC014_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousདཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས་ལྷ་དགུའི་ཡང་གསང་སྒྲུབ་པའི་ཟིན་བྲིས།next