Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས་ཀྱི་བརྩམས་དོན།
   
   
   
   
   


 
previousབཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས་ཀྱི་བརྩམས་དོན།next

བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས་ཀྱི་བརྩམས་དོན།


KMC014_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས་ཀྱི་བརྩམས་དོན་བཞུགས་སོ། །ཀུན་གྱིས་གཟིགས་ཤིང་ཉམས་སུ་ལེན་པར་ཞུ། །


KMC014_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། །བླ་མ་ཡི་དམ་དབྱེ་མེད་པའི། །དྷརྨེ་ཤྭ་རའི་ཞབས་ལ་འདུད། །དགེ་སློང་རཱ་ག་ཨ་སྱ་བདག །ལོ་བརྒྱད་ལོན་ནས་བསྙེན་བསྒྲུབ་བརྩམས། །གསར་རྙིང་དབང་ལུང་རྒྱ་ཆེན་ཐོབ། །ལྷ་ཚོགས་མང་པོའི་གྲངས་བསྙེན་ཐེམ། །དེས་ཀྱང་བློ་ཁ་མ་ཚིམས་པར། །རྒྱལ་བ་རྒྱ་མཚོ་བསྒྲུབ་འདོད་ཀྱང་། །དབང་ལུང་རིན་ཆེན་གསེར་བས་དཀོན། །དབང་མེད་དངོས་གྲུབ་མེད་གསུངས་པས། །བླ་རྒན་ཀརྨ་རྣམ་རོལ་ལ། །དབང་གཉིས་བར་མ་


KMC014_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་རྫོགས་ཞུས། །དེ་རྗེས་ལུང་རིག་ཉི་མ་ལ། །དབང་གཉིས་བར་མ་ཡོངས་རྫོགས་ལུང་། །རྒྱུད་གཉིས་ལྷ་དགུའི་རྒྱ་གཞུང་དང་། །སྲོང་བཙན་ལུགས་ཀྱི་སྒྲུབ་ཐབས་གཉིས། །སྐུ་གསུམ་ངོ་སྤྲོད་ཚིགས་བཅད་མ། །བཤད་པ་ཕྱག་ལེན་ཞལ་ཁྲིད་ཐོབ། །དེ་རྗེས་མཇལ་དུས་རང་བྱུང་བའི། །བཟླས་པའི་མན་ངག་ཚན་པ་གཉིས། །སངས་རྒྱས་གླིང་པའི་གཏེར་ཁ་ཡི། དབང་ལུང་མན་ངག་བཅས་པ་དང་། །སྐུ་གསུམ་ངོ་སྤྲོད་བརྗེད་ཐོ་ནི། །དྲུང་སྐྱིད་ཕྱག་བྲིས་


KMC014_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ནས་ཐོབ། །དེ་སོགས་བླ་མ་བཅུ་ཙམ་ལས། །འདི་ཡི་ཆོས་འབྲེལ་ཅི་རིགས་ཐོབ། །འོན་ཀྱང་ཀརྨ་པཀྴི་ཡིས། །འདི་ལ་གྲུབ་པ་མ་ཐོབ་ཅིང་། །སྐུ་བཞི་ངོ་སྤྲོད་རླུང་སེམས་ལ། །རྩལ་རྫོགས་གྲུབ་རྟགས་སྣ་ཚོགས་ནི། །འཛམ་གླིང་ཁྱབ་པར་འགྲན་མེད་པར། །སྟོན་པར་མི་ནུས་གང་ཟག་གིས། །ལོ་ནི་བརྒྱ་སྟོང་དབང་བསྐུར་ཞིང་། །ལུང་སོགས་བཤད་ཉན་ཅི་བྱས་ཀྱང་། །བུ་ཚས་རྩེད་མོ་རྩེ་བ་འདྲ། །འདི་ལ་གྲུབ་པ་ཐོབ་པ་ཡིས། །དབང་ནི་རྒྱས་པའམ་གཏོར་དབང་ཙམ། །ཕྱག་དབང་ལ་སོགས་ཐོབ་ན་ཡང་། །གསར་རྙིང་ཞི་ཁྲོ་རབ་འབྱམས་དང་། །རྒྱལ་བ་རྒྱ་མཚོའི་དབང་བསྐུར་ཐོབ། །སྣ་ཚོགས་སོ་སོར་མ་ཐོབ་ཀྱང་། །སངས་རྒྱས་ཀུན་གྱི་སྤྱི་དབང་སྟེ། །ཐམས་ཅད་དེ་ཡིས་ཆོག་ཅེས་གསུངས། །བདག་ཀྱང་ལོ་འགའ་སྒར་དུ་བསྡད། །ཡབ་སྲས་གསུམ་ཀའི་ཞྭ་ཞལ་ཡང་། །ལན་གྲངས་བཅུ་བཞི་ཙམ་ཞིག་མཇལ། །རྒྱལ་བ་རྒྱ་མཚོའི་ཁྲོམ་


KMC014_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལུང་། །ལན་གྲངས་བཞི་བཅུ་ཞེ་གཉིས་ཐོབ། །ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་ལུང་། །དངོས་སུ་རྒྱལ་མཆོག་དྲུང་ནས་ཐོབ། །ཕྱག་དབང་ཐོབ་པ་གྲངས་མང་ཏེ། །ཞལ་མཇལ་བརྒྱ་ཕྲག་དུ་མའི་ཚེ། །སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས། །སྐུ་ཡི་དཀྱིལ་འཁོར་དེ་ཉིད་ལ། །ཏིང་ངེ་འཛིན་གྱིས་དབང་བཞི་བླངས། །རང་གིས་རྩེ་གཅིག་ཉམས་ལེན་ཆོས། །རྩོལ་མེད་སྙེམས་མེད་ལག་ནས་བྱུང་། །ཆོས་བདག་མཁའ་འགྲོས་གཏད་པ་ཡིན། །ལུང་རྒྱུན་མེད་ཀྱང་ཉམས་ལེན་རུང་། །ཨོ་རྒྱན་དྲི་མེད་ཀུན་དགས་གསུངས། །དེ་བཞིན་རྩོལ་མེད་ཕྱོགས་ཕྱོགས་ནས། །རྨི་ལམ་ལྟས་བཟང་དང་བཅས་ཏེ། །འདི་ཡི་སྒྲུབ་སྐོར་མང་དུ་རྙེད། །མཉམ་མེད་དྭགས་པོའི་མན་ངག་བཞིན། །ཞབས་རྗེས་དྲུང་ནས་ལུང་ཡང་ཞུས། །དེ་ཡིས་ལུང་ཡང་ཐོབ་ངེས་པ། །བྱ་རོག་ཆེན་པོའི་རྒྱུད་ནས་བཤད། །དེ་བཞིན་དགོངས་འདུས་ནས་གསུངས་པའི། །པོ་ཏི་


KMC014_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་དབང་ཡང་ཡང་བླངས། །དེ་ཡི་དོན་དེ་ལེགས་རྟོགས་ནས། །དེ་ཡི་ལུང་རྒྱུན་སྤེལ་རུང་བ། །ཨོ་རྒྱན་ཆེན་པོའི་རྡོ་རྗེའི་གསུང་། །རྩེ་ཅིག་བསྒྲུབས་སྐབས་རྨི་ལམ་དུ། །ཆོས་ཀྱི་དབང་ཕྱུག་དངོས་ལྟར་མཇལ། །རྒྱལ་བ་རྒྱ་མཚོའི་ཆོས་སྐོར་ནི། །ཡོངས་རྫོགས་དབང་ལུང་ཐོབ་པ་དང་། །ཞབས་དྲུང་བཀྲ་ཤིས་དཔལ་གྲུབ་ཀྱིས། །སྐུ་གསུམ་ངོ་སྤྲོད་ཁྲིད་རྒྱས་པ། །ཁྲིད་དཔེའི་སྟེང་ནས་ལུང་གནང་རྨིས། །རྨི་ལམ་དབང་ལུང་ཐོབ་པ་དེ། །ངེས་ཤེས་བསྐྱེད་ན་མངོན་སུམ་དུ། །ཐོབ་པ་ལས་ཀྱང་ལྷག་གོ་ཞེས། །ཆོས་རྗེ་དེ་བཞིན་གཤེགས་པས་གསུངས། །དེ་ཕྱིར་བཀའ་རྒྱུད་གོང་མ་རྣམས། །རྨི་ལམ་ཡུལ་དུ་གསན་པ་ཡིས། །དབང་རྒྱུན་ལུང་རྒྱུན་མང་དུ་དར། །འོན་ཀྱང་མཚན་ཉིད་དགེ་བཤེས་འགས། །རྨི་ལམ་ཡུལ་དུ་ཐོབ་པ་དེས། །རང་ཉིད་ཉམས་ལེན་རུང་མོད་ཀྱི། །རང་ཉིད་ས་ཐོབ་མིན་ན་ནི། །གཞན་ལ་སྤེལ་དུ་མི་རུང་གསུངས། །ཞབས་དྲུང་ཉིད་ལ་


KMC014_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་ཡིག་ཕུལ། །བདག་གིས་རྨི་ལམ་ཡུལ་ཐོབ་པས། །ཐོབ་གོ་ཆོད་དམ་མི་ཆོད་ཞུས། དེ་གས་ཐོབ་པའི་གོ་ཆོད་གསུངས། །མངོན་སུམ་ཉིད་ཀྱང་རྨི་ལམ་འདྲ། །བདེན་གྲུབ་མེད་གསུངས་གོ་བ་སྐྱེས། །ཟིན་བྲིས་བདག་གིས་རྩོམ་པའི་ཚིག །གཞན་ལ་སྤེལ་རུང་ཚད་མས་གྲུབ། །བཀའ་ཆད་ལུང་སྡུམ་མི་དགོངས་འཚལ། །འདི་ཡི་རྒྱུད་གཉིས་རྒྱ་གཞུང་སོགས། །རང་བྱུང་རྡོ་རྗེའི་ཐེམ་ཡིག་ལྟར། །ཡབ་སྲས་རྒྱབ་མས་མཛད་པ་རྣམས། །འཇམ་དབྱངས་ཆེན་པོ་དོན་ལྡན་ཞབས། །དཀོན་མཆོག་འབངས་ཀྱི་ཐེམ་ཡིག་ལས། །བྱུང་བ་ཀུན་ལ་ཐོས་བསམ་བྱས། །གཞན་ཡང་ཉང་ལུགས་རས་ཆེན་ལུགས། །མི་ཏྲ་ལུགས་དང་དམར་པོ་ལུགས། །གཙང་ཆེན་ཆོས་ཀྱི་དབང་ཕྱུག་ལུགས། །སངས་རྒྱས་དབོན་དང་སངས་རྒྱས་གླིང་། །རཏྣ་ལུགས་དང་གནམ་ཆོས་སོགས། །ཕལ་ཆེར་ཐོབ་ཅིང་ལ་ལ་མཐོང་། །ཐོབ་ཚད་རྣམས་ནི་ཉམས་སུའང་བླངས། །


KMC014_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་རྒྱ་མ་ཆོད་ཕུགས་མེད་པའི། །གདམས་ངག་སྣ་རེར་མི་དགོངས་འཚལ། །ཉེར་དགུ་ལོན་ནས་ང་དགུའི་བར། །ཡི་དམ་གཙོ་བོ་འདི་ལ་བྱས། །ལོ་གྲངས་བཅུ་གསུམ་མཚམས་བསྡམས་ནས། །གདན་ཐོག་གཅིག་ཏུ་འདི་ཉིད་བསྒྲུབས། །གཞན་ཡང་འདི་ཡི་སྒྲུབ་ཆེན་དང་། །སྒྲུབ་ཕྲན་ཐོར་བུ་མང་དུ་བྱས། །དངོས་སུ་གྲུབ་རྟགས་མ་ཐོབ་ཀྱང་། །ཉམས་དང་རྨི་ལམ་དག་སྣང་དང་། །ངེས་ཤེས་དང་བ་ཉམས་རྟོགས་འཕེལ། །ཡིག་དྲུག་ཡིག་བཅུ་སྔགས་རིང་རྣམས། །འདྲེས་མ་དུང་ཕྱུར་ལྷག་ཙམ་ཐོན། །བྱིན་རླབས་བརྒྱུད་པ་མི་ལྡན་པའི། །དབང་ལུང་ཙམ་པོར་མི་དགོངས་འཚལ། །ཉེར་དགུ་ལོན་ནས་ང་དགུའི་བར། །འདི་ལ་ཐོས་བསམ་སྒོམ་གསུམ་འབད། །ང་དགུ་ལོ་ཡི་ལོ་འགོ་ཙམ། །མཐར་ཕྱིན་ཐབས་མཁས་མཆེད་གྲོགས་ཀྱིས། །འདི་ཡི་ཟིན་བྲིས་བརྩམ་དགོས་ཟེར། །བདག་གིས་བརྩོམ་ལ་ཡིད་མི་ཆེས། །རྒྱ་གཞུང་བོད་གཞུང་ཚད་ལྡན་


KMC014_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །གུང་བསྒྲིགས་གཞུང་པོད་བཀོད་ན་བསམ། །རུང་ངམ་མི་རུང་བརྟགས་པའི་ནུབ། །མི་གཞོན་ཁྲོ་གཏུམ་ལྡན་པ་བཞིས། །དེ་འདྲ་བྱེད་འདག་ཡོད་རེ་ཟེར། །ལྕག་ཙན་ས་ལ་བརྒྱབས་ནས་ཐལ། །སྲུང་མ་དཔའ་བོ་སྡེ་བཞིའམ། །ཆོས་སྐྱོང་མི་དགའི་རྟགས་སུ་གོ། །རས་ཆུང་པ་ཡི་མགུར་ལས་ཀྱང་། །ན་ནིང་ལོ་ལ་དཀའ་དགུ་སྤྱད། །ད་ལོའི་ལོ་ལ་མཚར་དགུ་མཐོང་། །མ་གཅིག་གྲུབ་པའི་རྒྱལ་མོ་མཐོང་། །མཁའ་འགྲོ་རྒྱ་མཚོའི་སྲོག་སྙིང་ཡོད། །གསུངས་པའི་དོན་ཡང་འདི་ཡིན་གསུངས། །བླ་མ་མཁའ་འགྲོའི་བཀའ་རྒྱས་གདབ། །གཉན་ཕྱིར་གཞན་ལ་མ་བསྟན་ཏེ། །པཀྴིའི་བར་དུ་གཅིག་བརྒྱུད་མཛད། །བཀའ་རྒྱུད་རྣམས་ལ་ཕྱི་ནང་གསང་། །དེ་ཁོ་ན་ཉིད་ཀྱི་ཡི་དམ་ཡོད། །འདི་ནི་གསང་བའི་ཡི་དམ་ལགས། །ཤིན་ཏུ་གཉན་ཅིང་ཕྲག་དོག་ཆེ། །མི་སྤེལ་རྒྱུ་མཚན་དེ་ཡིན་ཞེས། །ཀརྨ་པཀྴིས་གསུངས་པ་ལྟར། །ད་རུང་བྱིན་རླབས་


KMC014_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་མ་ཡལ། །ཤིན་ཏུ་གཉན་པར་འདུག་གོ་བསམ། །བཀའ་རྒྱ་མ་གྲོལ་མི་བརྩོམ་སྨྲས། །ཞག་འགའ་མྱ་ངན་ཆེན་པོ་བྱེད། །སྨྲེ་སྔགས་མང་པོ་འདོན་ཅིང་འདུག །འདོད་པ་ཆེ་བའི་ཁ་ན་མེད། །ཆོས་ལ་ཆེ་བ་མེད་ན་ནི། །དམ་ཆོས་ཤི་བའི་རོ་ཡིན་གསུངས། །བཀའ་རྒྱ་གྲོལ་བའི་གསོལ་བ་ཐོབ། །ཕྱག་དང་མཎྜལ་ཕུལ་ཅིག་སྨྲས། །བརྒྱ་ཕྱག་མཎྜལ་བརྒྱ་རྩ་སོགས། །ཁོང་གཉིས་ཟླ་གཅིག་ཙམ་དུ་འབད། །བདག་ཀྱང་ལན་གྲངས་བཅུ་གསུམ་ཙམ། །ཚོགས་མཆོད་ཕུལ་ཞིང་གསོལ་བ་གདབ། །བརྒྱ་ཕྱག་མཎྜལ་བརྒྱ་རྩ་ཕུལ། །ནག་པ་ཟླ་བའི་བཅུ་གཉིས་ནུབ། །ཉལ་ཁ་ཡིད་ལ་འདི་ལྟར་དྲན། །སྔོན་གྱི་རྒྱ་གཞུང་བོད་གཞུང་རྣམས། །བསྒྲིགས་ནས་སྒྲུབ་ཐབས་བྲི་མི་རུང་། །ཆོས་བཤས་ལག་པ་ཁྲག་གཅན་ཟེར། །བཀའ་དཀྲུགས་ཉེས་པས་བཀའ་ཆད་འབྱུང་། །དེ་བས་གཞུང་ཚིག་མི་དཀྲུགས་བར། །ཡིད་ཆེས་ཕྱིར་དུ་ལུང་ཁུངས་སྨོས། །རང་ཚིག་གོ་


KMC014_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བདེའི་ཟིན་བྲིས་ཤིག །བརྩམ་ན་རུང་ངམ་བརྟག་པ་བྱས། །ཕྱིར་ནང་བཅུ་གསུམ་ཞོག་པའི་དུས། །གཉིད་པ་མ་ཡིན་ཉམས་སྣང་ལ། །རྒྱལ་བ་རྒྱ་མཚོའི་ཟིན་བྲིས་ནི། །གསར་བ་བྲིས་མ་ཐག་པ་ཞིག །བདག་གི་ལག་དུ་བཞག་ནས་བྱུང་། །བརྩམ་དུ་རུང་བའི་རྟགས་ཡིན་ནམ། །ཅི་ཡིན་ཡིད་ལ་འཕྲེང་མ་ཐག །སྐུ་ནི་མ་མཐོང་ནམ་མཁའ་ནས། །ཤིན་ཏུ་སྙན་པའི་དབྱངས་ཞིག་གིས། །སངས་རྒྱས་ཀུན་གྱི་གསུང་གི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །གསུང་གི་དབང་འདི་ཁྱོད་ཀྱིས་ལོངས། །ཟེར་བའི་སྒྲ་ཞིག་གསལ་བར་ཐོས། །ཕྱིར་ནང་བཀའ་རྒྱ་གྲོལ་ཡོད་སྨྲས། །འོན་ཀྱང་རེ་ཞིག་མ་སྐབས་པས། །སྐར་མ་བཟང་དུས་དབུ་བཙུགས་སྙམ། །དེ་ནས་སྤྲུལ་སྐུ་བསྙུང་བ་ཐོས། །ཞག་བརྒྱད་ཙམ་ཞིག་སྐུ་རིམ་བསྒྲུབས། །དེ་ནས་སྤྲུལ་སྐུ་གཤེགས་པ་ཐོས། །མྱ་ངན་དྲག་པོས་སེམས་ནོན་ཅིང་། །ཞག་


KMC014_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་འདས་མཆོད་ཆོ་ག་བྱས། །དེ་ནས་ཚེས་ལྔའི་སྲོད་ཀྱི་ཐུན། །ད་ནི་མྱ་ངན་སེམས་འཐོར་བས། །བྲིས་ཀྱང་ལེགས་པོ་ཐོན་པ་དཀའ། །མ་བྲིས་ན་ཡང་རྗེས་འཇུག་ཚོས། །སྒྲུབ་པ་མང་པོ་ཐོན་རྒྱུ་ཡི། །ཆོས་བཤོལ་དགོངས་པ་མི་རྫོགས་སྲིད། །ཅི་དྲག་སྙམ་ནས་བརྟག་པ་བྱས། །ཐོ་རངས་ཉམས་དང་རྨི་ལམ་མཚམས། །ད་ནི་མགྱོགས་པར་བྲིས་ཟེར་བའི། །སྒྲ་ཞིག་བར་སྣང་ཁམས་ནས་གྲགས། །ཕྱིར་ནང་ས་རིས་ལི་ཐོར་བལྟས། །སྐར་མ་རྒྱལ་དང་འཛོམས་ནས་གདའ། །རྟེན་འབྲེལ་འགྲིགས་སྙམ་དབུ་བཙུགས་ནས། །མཚམས་ཀྱི་བུག་སྒོ་ནས་སྨོད་ཏེ། །དད་ལྡན་སློབ་བུ་མཐར་ཕྱིན་གྱིས། །སེམས་བསྐྱེད་བཟང་པོ་ལྡན་པས་བྲིས། །ལྷ་ལྔའི་གསང་སྒྲུབ་གཉན་པོ་གཉིས། །བྲིས་ནུབ་སྲོད་ཀྱི་ཉམས་རྟོགས་ལ། །དེ་རྣམས་མཁའ་འགྲོའི་སྙིང་ཁྲག་དངོས། །གསང་སྔགས་དམར་འདོན་བྱས་པ་དེས། །ཆོས་བདག་མཁའ་འགྲོ་མི་དགྱེས་སྲིད། །བདག་དང་སློབ་


KMC014_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མ་བརྒྱུད་བཅས་ལ། །འཕྲག་གམ་མི་འཕྲག་ཤིས་མི་ཤིས། །ཅི་འགྱུར་བརྟག་པ་བྱས་པའི་ནུབ། །སྲོད་ལ་རང་གི་ཡིན་སྙམ་པའི། །ཁྱི་རྒོད་ལྕགས་ཐག་རིང་པོ་ཅན། །གཉིས་ཤོར་ཁྲོམ་འགའ་འཇུ་གྲབས་ལ། །བུད་མེད་རྒྱན་ལྡན་མཛེས་མ་གཉིས། །ལྕགས་ཐག་བཟུང་ནས་ཁྱི་བཀག་ནས། །ཡང་ཡང་ཤོར་ཡང་ཡང་ཡང་བཟུང་། །གཅིག་ཀྱང་རྨུགས་མ་ཤོར་བ་རྨིས། །དེ་མ་ཐག་ཏུ་གཉིད་སད་པས། །རིན་ཆེན་ཆོས་ཀྱང་དཀོན་པ་དང་། །འཚེ་བ་མང་བར་ཐུབ་པས་གསུངས། །དེ་བཞིན་ཆོས་ཀྱི་སྙིང་པོ་འདི། །བསྒྲུབ་ལ་བདུད་དང་དམ་སྲི་ཡིས། །བར་ཆད་ལོས་ཡོད་ཡོད་ན་ཡང་། །མཁའ་འགྲོས་བར་ཆད་སེལ་བར་གོ། །དེ་ནས་གྱེན་ལ་སོང་ཙམ་ན། །རི་ཁྲོད་འདྲ་བའི་ཁང་པ་ནས། །མགོན་པོ་བར་ཆད་ཀུན་སེལ་དང་། །ཕྱག་བཞི་པ་ཡི་འདེར་སྐུ་གཉིས། །ཆེ་ཆུང་ཁང་རྩགས་ཕྱེད་གཉིས་ཙམ། །འཇིགས་ཤིང་བཀྲག་མདངས་ལྡན་པ་མཐོང་། །དེ་


KMC014_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སུ་ཡིས་མཐོང་ཚད་རྣམས། །བར་ཆད་ཞི་བ་ཡིན་སྙམ་བྱེད། །དེ་མ་ཐག་ཏུ་མནལ་སད་པས། །འདི་ཉིད་སུ་ཡིས་ཉམས་བླང་པས། །ཆོས་སྐྱོང་སྲུང་མས་སྐྱོབ་པར་གོ། །ཐོ་རངས་ཉམས་ཀྱི་སྣང་བ་ལ། །མདུན་གྱི་བར་སྣང་ཡི་གེ་དོད། །དེ་ཉིད་འདོན་ཅིང་ངག་དུ་བརྗོད། །ཡུངས་ཀར་རྡོ་རྗེའི་རིགས་ཏེ་སོགས། །བཀྲ་ཤིས་རྫས་བརྒྱད་ཚིགས་བཅད་རྣམས། །རིམ་པར་དོད་ཅིང་རིམ་པར་བཏོན། །དེ་ནས་ཉམས་དེ་ཡལ་མ་ཐག །འདི་ཉིད་སུ་ཡིས་ཉམས་བླངས་པ། །བཀྲ་ཤིས་བདེ་ལེགས་འབྱུང་བར་གོ །བཅུ་དགུའི་དུས་མཆོད་ཚར་བའི་རྗེས་། །རྫོགས་རིམ་སྐུ་གསུམ་ངོ་སྤྲོད་བྲིས། །ཟིན་བྲིས་བསྐྱེད་རྫོགས་ཆ་ཚང་འདི། །ནུབ་བམ་དར་སྲོལ་འབྱུང་ངམ་བརྟགས། །ནམ་ཕྱེད་རང་གི་སྒྲུབ་ཁང་གི །རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དྲུང་། །བདག་འདུག་ཉི་མ་དྲོན་པོ་ཤར། །སློབ་བུ་མཐུ་སྟོབས་མིང་ཅན་ལ། །གསང་བདག་ཕྱག་ན་རྡོ་རྗེ་ཡི། །ལོ་རྒྱུས་


KMC014_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག་བཤད་པའི་རྗེས། །མཐུ་སྟོབས་མཐུ་སྟོབས་མང་བརྗོད་རྨིས། །ཐོ་རངས་ཉམས་ཀྱི་སྣང་བ་ལ། །ཀ་བཞི་སེང་ཆེན་མགུར་གྱི་མཇུག །བྱ་བྲན་གྱིས་ནམ་མཁའ་གང་བ་རྨིས། །ཟེར་བའི་ཚིགས་དེ་ལན་མང་གྱེར། །དེ་ནས་ཉམས་དེ་ཡལ་མ་ཐག །སྒྲུབ་མི་མང་པོ་འོང་བར་གོ །ཉི་མ་མ་ཆོད་སོས་དལ་གྱི། །རང་གར་བྲིས་པར་མི་དགོངས་འཚལ། །རྩོམ་གཞིའི་ལུང་ཁུངས་སོ་སོར་གསལ། །ཀཾ་ཚང་ནག་རྒྱལ་ཕག་གསུམ་ལ། མཚུར་ལུགས་རྟོགས་ལྡན་ལུགས་གཉིས་བྱུང་། །མཁའ་སྤྱོད་དབང་པོ་ཡན་ཆད་ལ། །གཞུང་གི་དབང་ལུང་དར་ཆེ་ཡང་། །སྙན་བརྒྱུད་ཡི་གེ་མེད་པའི་སྐོར། །ཐམས་ཅད་གཅིག་བརྒྱུད་ཁོ་ན་ལགས། །གཅིག་བརྒྱུད་མི་རབས་བཅུ་གསུམ་ཚང་། །དེ་ནས་མཁའ་སྤྱོད་དབང་པོ་ལ། །རྡོ་རྗེ་ཕག་མོས་ལུང་བསྟན་ནས། །ད་ནི་གཅིག་བརྒྱུད་བཀའ་རྒྱ་གྲོལ། །ཀུན་ལ་སྤེལ་ན་འགྲོ་དོན་ཆེ། །གསུངས་ཕྱིར་རྒྱལ་བ་རྒྱ་


KMC014_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ཡི། །སྒྲུབ་སྐོར་སྙན་བརྒྱུད་དམིགས་རིམ་ཀུན། །རྟོགས་ལྡན་མཁའ་སྤྱོད་དབང་པོས་གསུངས། །དེ་བཞིན་གཤེགས་པས་ཡི་གེར་བཀོད། །དེ་ལ་འཇམ་དབྱངས་ཆེན་པོ་ཡིས། །འདི་འདྲ་གཞུང་ལས་མ་བཤད་ཅིང་། །བླ་མ་རྣམས་ཀྱིས་མ་གསུངས་པས། །རང་བཟོའི་གདམས་ངག་འཆལ་གསུངས་བཀག །ནག་རྒྱལ་ཕག་གསུམ་ཐམས་ཅད་ལ། །སྙན་བརྒྱུད་རྣམས་དང་མི་ལྡན་པའི། །གཞུང་རྐྱང་ལུགས་སུ་བརྩམས་པར་མཛད། །རྟོགས་ལྡན་ལུགས་དང་མཚུར་ལུགས་ཞེས། །དེ་སྐབས་ཆོས་ལུགས་གཉིས་སུ་གྱེས། །དེ་རྗེས་མཐོང་བ་དོན་ལྡན་སོགས། །ན་རིམ་རྗེས་མ་ཐམས་ཅད་ཀྱིས། །རྟོགས་ལྡན་ལུགས་དེ་སོར་བཞག་མཛད། །མཚུར་ལུགས་ནུབ་ཅིང་བརྒྱུད་པ་ཆད། །དཔལ་ལྡན་མཁའ་སྤྱོད་དབང་པོ་དེས། །བོད་ཡུལ་གྲགས་དང་མ་གྲགས་པའི། །དབང་ལུང་གདམས་ངག་མཐའ་ཡས་པ། །དངོས་དང་ཉམས་དང་རྨི་ལམ་དུ། །མ་ཐོབ་པ་ནི་གཅིག་


KMC014_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གསུངས། །མཁའ་འགྲོའི་ལུང་བསྟན་ཡིན་ཀྱང་སྲིད། །གཏེར་ཁ་དུ་མའི་ཤོག་སེར་ལས། །མཁའ་སྤྱོད་དབང་པོ་འོད་དཔག་མེད། །དེ་བཞིན་གཤེགས་པ་སྤྱན་རས་གཟིགས། །ལུང་བསྟན་ས་ཕག་གྲོས་བྱས་འདྲ། །ཡབ་སྲས་གཉིས་ཀས་མཛད་པ་དེ། །རྒྱ་གཞུང་ཕལ་ལས་མི་ལྷག་གམ། །རྒྱ་གར་གསེར་འདོད་པཎྜི་ཏ། །གསེར་བསྒྲུབ་ཕྱིར་དུ་བསྟན་བཅོས་རྩོམ། །ཐུན་མོང་གྲུབ་རྟགས་ཐོན་ཙམ་གྱིས། །མཛད་པའི་རྒྱ་གཞུང་མང་དུ་ཡོད། །དེ་ཕྱིར་རྒྱ་གཞུང་ཡིན་ངེས་འགའ། །བོད་ཀྱི་མཁས་པས་བཀག་པ་མང་། །འོན་ཀྱང་ཐེ་ཚོམ་མ་ཞི་ན། །ལྷ་ལྔའི་ནང་སྒྲུབ་མ་གཏོགས་པ། །གཞན་ཀུན་ལུགས་གཉིས་ཁྱད་པར་མེད། །རྒྱལ་བ་རྒྱ་མཚོའི་སྒྲུབ་གཞུང་ཀུན། །བསྐྱེད་རིམ་དབང་སྡུད་ནོར་སྒྲུབ་དང་། །ཐབས་ལམ་རྩ་རླུང་གཏུམ་མོ་དང་། །གྲོལ་ལམ་ཕྱག་རྒྱ་ཆེན་པོ་རྣམས། །ཐམས་ཅད་འདྲེས་མར་གསུངས་པའི་ཕྱིར། །ཕལ་གྱིས་ཉམས་སུ་


KMC014_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ལོན་པར་དཀའ། །དེ་ཕྱིར་དཔེ་ཆ་འཛོམ་ན་ཡང་། །སྒྲུབ་པ་ཐོན་མཁན་ཉིན་སྐར་ཙམ། །ཐུན་མོངས་དབང་སྡུད་ནོར་སྒྲུབ་ལ། །དམིགས་ནས་སྤྱན་རས་གཟིགས་སྒྲུབ་ན། །ཙནྡ་སོལ་བར་བྱས་པའམ། །གཡག་རྟ་བེའུ་ལ་བསྒྱུར་བའི་དཔེ། །འོ་ན་ཅི་ཕྱིར་གསུངས་ཞེ་ན། །ས་གནས་སེམས་དཔའ་ཆེན་པོ་རྣམས། །ལྷ་འདྲེ་མི་གསུམ་དབང་བསྡུས་ནས། །བྱང་ཆུབ་ལམ་ལ་འགོད་ཕྱིར་གསུངས། །རང་འདོད་བསམ་པ་ཁོག་བཅུག་ནས། །དེ་དག་བསྒྲུབ་ཀྱང་འགྲུབ་མི་སྲིད། །ཚོད་ཀ་ཅུང་ཞིག་འགྲུབ་ན་ཡང་། །འབྲེལ་ཚད་དོན་དང་མི་ལྡན་པས། །ལོག་འཚོའི་ཉེས་པས་ངན་འགྲོར་ལྟུང་། །བསྒྲུབ་པའི་རྫས་ཀྱང་རྙེད་དཀའ་སྟེ། །པདྨ་རཀྟ་ཤུ་ཀྲ་དང་། །མོ་གསར་རྟ་གསར་ཕྲུ་མ་དང་། །རིགས་བཟང་གཙང་མ་སྦྱོར་བ་ཡི། །པདྨ་ནས་བླངས་བྱང་སེམས་གཉིས། །བུད་མེད་དར་མའི་ཙིཏྟ་དང་། །ཞིང་ཆེན་བྲེང་པ་ནལ་བུའི་རྐྱལ། །སྦ་ལྕགས་བ་མཁལ་འཁོར་ལོ་


KMC014_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །རྟེན་འབྲེལ་རྫས་སྣ་མ་འཛོམ་ན། །རྒྱུན་ཐག་ཆད་པའི་པི་ཝཾ་བཞིན། །དོན་འབྲས་འགྲུབ་བར་མི་འགྱུར་གསུངས། །དེ་ཕྱིར་འདི་ནི་མཆོག་སྒྲུབ་ཡིན། །མཆོག་སྒྲུབ་ཐབས་ལམ་གྲོལ་ལམ་གཉིས། །ཐབས་ལམ་རྩ་རླུང་ཐིག་ལེ་སྟེ། །རྩ་རླུང་སྒོམ་པའི་གང་ཟག་གིས། །བསམ་ཞིང་བྱང་སེམས་ཉམས་ཤོར་ན། །རྩ་གནས་མཁའ་འགྲོ་བྱེ་བ་འབུམ། །ངུ་དང་དི་རི་བཀའ་ཆད་འབེབས། །རྩ་རླུང་བསྒོམས་པའི་བྱིན་རླབས་ཡལ། །གསང་སྔགས་རྩ་བའི་ལྟུང་བ་ཕོག །དམ་ཚིག་ཉམས་པའི་གྲལ་དུ་ཚུད། །རྩ་རླུང་ཉམས་ལེན་མི་བྱེད་ཅིང་། །བསྐྱེད་རིམ་སྒོམ་པའི་གང་ཟག་གིས། །ཉམས་ཀྱང་ཉེས་པ་དེ་ཙམ་མེད། །རྩ་ལྟུང་ཕོག་པར་མི་འགྱུར་གསུངས། །བྱང་སེམས་མི་ཉམས་སྲུང་ཐུབ་ཀྱང་། །རྩ་རླུང་གེགས་མང་ཁེ་ཉེན་ཆེ། །སྲོག་རླུང་འབྱུང་ངམ་སྡོམ་པ་འཆོར། །མཛེ་དང་དམུ་ཆུར་འགྱུར་བར་བཤད། །དེ་ཕྱིར་རྩ་རླུང་འདིར་མ་


KMC014_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད། །བསྐྱེད་རིམ་ལྷ་བསྒོམ་སྔགས་བཟླས་དང་། །རྫོགས་རིམ་ངོ་བོ་སྐྱོང་བ་འདི། །ཁེ་ཆེ་ཉེན་ཆུང་ཉམས་ལེན་བདེ། །དེ་ཕྱིར་དེ་ཡི་ལུགས་སུ་བཀོད། །གཞུང་དོན་མ་ཚང་མི་དགོངས་འཚལ། །རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་འདི། །མཁའ་འགྲོ་རྒྱ་མཚོའི་སྲོག་སྙིང་ཡིན། །དངོས་གྲུབ་ཀུན་གྱི་གཏེར་མཛོད་ཡིན། །སློབ་དཔོན་པདྨའི་ཞལ་གདམས་ཡིན། །རྒྱུད་སྡེ་བཞི་ཡི་སྤྱི་སྒྲུབ་ཡིན། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །ཞག་བདུན་ཙམ་གྱིས་ཐོབ་པ་ཡི། །གདམས་ངག་ཁྱད་པར་འཕགས་པ་ཡིན། །བཀའ་བབས་བྱིན་རླབས་བརྒྱུད་པ་ལྡན། །འགྲུབ་ཐག་ཤིན་ཏུ་ཉེ་བ་ཡིན། །དེ་སྐད་གྲུབ་ཆེན་པཀྴིས་གསུངས། །ཟིན་བྲིས་བརྩམས་པའི་རྩམ་དོན་འདི། །བརྩམས་ནས་ཞག་པོ་བཅུ་བཞི་ཡི། །དགོངས་ཐུན་བརྩམས་པ་ཚར་བའི་དུས། །རཱ་ག་ཨ་སྱས་གདམས་པ་ལྟར། །བླ་མ་པདྨ་མཐར་ཕྱིན་གྱིས། །སེམས་བསྐྱེད་མཐར་ཕྱིན་ཡི་གེར་བཀོད། །


KMC014_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་བརྩམས་པ་མཐར་ཕྱིན་པ། །འདི་ལ་ཉེས་པའི་ཆ་མཆིས་ན། །ཐུགས་རྗེ་མཐར་ཕྱིན་ལྷ་ཡི་ལྷ། །ལྷ་དགུ་ལྷ་ལྔའི་ཚོགས་ལ་བཤགས། །འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་སྦྱོང་མཐའ་རུ་ཕྱིན་པར་ཤོག །ཟིན་བྲིས་འདི་བརྩམས་དགེ་བ་དེས། །ཞིང་གཤེགས་གཏེར་སྟོན་སྤྲུལ་པའི་སྐུ། །སྐུ་གསུམ་འབྲས་བུ་མཐར་ཕྱིན་ནས། །སྤྲུལ་སྐུའི་འགྲོ་དོན་མཐར་ཕྱིན་ཤོག །བདག་དང་སློབ་མ་བརྒྱུད་པར་བཅས། །འདི་ཉིད་མཐོང་ཐོས་དྲན་རེག་ཀུན། །ཚེ་དང་སྒྲུབ་པ་མཐར་ཕྱིན་ནས། །ཚོགས་གཉིས་མཐར་ཕྱིན་བཅོམ་ལྡན་འདས། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །ཚེ་འདི་ཉིད་ལ་འགྲུབ་གྱུར་ནས། །བཀྲ་ཤིས་བདེ་ལེགས་མཐར་ཕྱིན་ཤོག །མངྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་


KMC014_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousབཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས་ཀྱི་བརྩམས་དོན།next