Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
   
དཔལ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་ལྷ་དགུའི་བསྙེན་ཡིག་དངོས་གྲུབ་ཀྱི་རོལ་མཚོ།
   
   
   


 
previousདཔལ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་ལྷ་དགུའི་བསྙེན་ཡིག་དངོས་གྲུབ་ཀྱི་རོལ་མཚོ།next

དཔལ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་ལྷ་དགུའི་བསྙེན་ཡིག་དངོས་གྲུབ་ཀྱི་རོལ་མཚོ།


KMC014_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་ལྷ་དགུའི་བསྙེན་ཡིག་དངོས་གྲུབ་ཀྱི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །


KMC014_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་སརྦ་ཛྙཱ་དཪྴ་དྷརྨཱ་ཀ་རཱ་ཡ ། འདིར་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་ལྷ་དགུའི་བསྙེན་པའི་རྣལ་འབྱོར་ལ། དང་པོ་བཟླས་པའི་དགོས་པ་ནི། སེམས་གྱི་དྲི་མ་སྦྱོང་བའི་ཕྱིར་དང་། ངག་གི་ནུས་པ་རྙེད་པའི་ཕྱིར་དང་། རང་ལས་རྒྱུད་གཞན་དུ་རྟགས་ཤིང་གྲགས་པའི་དཔལ་རྒྱལ་བ་རྒྱ་མཚོ་སོགས་ཡེ་ཤེས་ཀྱི་ལྷ་དང་། དེའི་འཁོར་དུ་གཏོགས་པའི་ལྷ་རྣམས་ཀྱི་ཐུགས་བརྒྱུད་བསྐུལ་བའི་ཕྱིར་ཏེ། རྡོ་རྗེ་གུར་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་


KMC014_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མཁའ་འགྲོ་མ་དང་རྗེ་བཙུན་མ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་བསྙེན་གསན་དབབ་པར་བརྗོད། །ཅེས་བཤད་ཅིང་། ལེགས་སྦྱར་གྱི་དབང་དུ་བྱས་ན། མ་ཎི་པདྨཱ། ཞེས་པ་གཞན་དོན་གྱི་བསྡུ་བ་བྱས་པ། རིག་སྔགས་རྣམས་མོའི་རྟགས་ཡིན་ཕྱིར་ཤྭདྡྷཱའི་མཐའ་ལས་བོད་པའི་དོན་དུ་སི་སྦྱར་ནས། ཀ་ལཱ་པར། ཊཱ་ཨོས་དག་ལ་ཨེའོ། །སཾ་བུདྡྷཱའི་ལའང་ཞེས་པས། རྟགས་མཐའ་ཨེར་བསྒྱུར་བས། མ་ཎི་པདྨེ། ཞེས་པའང་བོད་སྐད་དུ། ཀྱཻ་ནོར་


KMC014_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བུ་པདྨ་ཅན། ཞེས་པ་སྟེ་བོད་པའི་དོན་ཡང་ཡིན་ལ། དྷུ་མ་གཱ་ཡེ་ན་མ་སྭཱ་ཧཱ། ཞེས་པའང་། སྐུ་ཞབས་ཐམས་ཅད་གཟིགས་པས། འོལ་ཁའི་རྗེ་དྲུང་གི་དྲིས་ལེན་དུ་དྷུ་མ་སྤངས་ལ། གཱ་ཡ་གླུ་མཁན་ལ། བོད་པའི་དོན་དུ་སི། རྟགས་མཐའ་ཨེར་བསྒྱུར་བས། ཀྱཻ་སྤངས་པའི་གྲུ་མཁན་མ་ལ་འདུད་དོ་གཞི་ཚུགས། ཞེས་པར་བསྒྱུར་གནང་བ་དང་། ཡང་ན་ཁོ་བོའི་རྣམ་རྟོག་ལས། དྷུ་མ་ཨུ་རྒྱན་ཀྱི་ཡུལ་དབུས་ཀྱི་གྲོང་ཁྱེར་དྷུ་མ སྠཱ་ལ། གཞན་རྣམས་སྔར་ལྟར་གྱི། ཀྱཻ་དྷུ་མསྠཱ་ལའི་གླུ་མཁན་མ། ཞེས་པའང་རུང་ངོ་། །དེ་བཞིན་དུ་བཻ་རོ་ཙ་ནཱི་ཡེ་དང་། ཌཱ་ཀི་ནཱི་ཡེ་དང་། ལཱ་མེ་དང་། ཁཎྜ་རོ་ཧེ་དང་། རཱུཔི་ཎཱི་ཡེ་དང་། ཏཱ་རེ་ཏུཏྟཱ་རེ་ཏུ་རེ། ལ་སོགས་པ་ཡང་བོད་པའི་དོན་ཡིན་ནོ། །ཡེ་ཤེས་ལྷ་ལ་བོས་པས་གསན་པ་དང་མ་བོས་པས་མི་གསན་པའི་ཉེ་རིང་གི་དབྱེ་བ་ཡོད་པ་མ་ཡིན་ཡང་། སྔགས་ཀྱི་ལྷ་ནི་སྔགས་ལས་བྱུང་བ་ཡིན་ཏེ། དེ་ཡང་བརྡ་སྤྲོད་པ་དག་གིས་ལྷ་


KMC014_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དོ། །ཞེས་པས་ཨིནྡྲ་ལ། ཨཎ་སྦྱར་བའི་ཨཻནྡྲཿ། ཞེས་པ་ཡང་དབང་པོའི་སྔགས་ཀྱི་ལྷ་དབང་པོ་ཉིད་ཡིན་པ་བཞིན་དུ། འདིར་ཡང་སྔགས་ཡི་གེ་བཅུ་པའམ། དྲུག་པའི་ལྷ་ནི་འཕགས་པ་འཇིག་རྟེན་དབང་ཕྱུག་ཉིད་ཡིན་པས། རྒྱུ་སྔགས་བསྒྲུབ་པ་ན་འབྲས་བུ་ལྷ་ཡང་ཉེ་བར་འགྱུར་པ་ཡིན་པས། མཁས་པ་དག་གིས་གསུངས་པ། དཔེར་ན་ལྷས་བྱིན་ལན་མང་དུ་བོས་ན། ལྷས་བྱིན་ཉེ་བར་འོངས་པ་དཔེར་མཛད་པ་བཞིན་དང་། གསུང་རྡོ་རྗེའི་རྒྱུ་མཐུན་པའི་བཟླས་པས་སྒྲིབ་པའི་གཉེན་པོར་བྱེད་པ་དང་། ཆོས་ཉིད་ཀྱི་བཟླས་པས་སྒྲིབ་པ་ཅུང་ཟད་ཟད་པ་ན། ཡེ་ཤེས་ལྷ་དང་ཇེ་ཉེར་འགྱུར་བ་ཡང་དངོས་པོའི་ཆོས་ཉིད་ཡིན་ནོ། །གཉིས་པ་བཟླས་པའི་ངོ་བོ་ནི། །དཔལ་འཇིག་རྟེན་དབང་ཕྱུག་སོགས་སངས་རྒྱས་ཐམས་ཅད་ཀྱི་གསུང་ཆོས་སྐུའི་རང་བཞིན་ཡེ་ཤེས་ཀྱི་རིག་སྔགས་དེ་དང་རྣམ་པ་མཐུན་པ་ཞིག་སྙིང་གའི་གནས་སུ་


KMC014_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱིས་བསམ་ཞིང་ངག་གིས་བཟླས་ནས་ཐོབ་པར་བྱ་རྒྱུའི་འབྲས་བུ་ཡེ་ཤེས་ཀྱི་རིག་སྔགས་དེ་མངོན་དུ་བྱེད་པའི་རྒྱུ། བློས་བསྒོམ་པའི་ཐ་མལ་པའི་ཡིག་འབྲུ་དེ་ཡང་རྣམ་པ་ཡེ་ཤེས་ཀྱི་རིག་སྔགས་དེའི་ངོ་བོར་མོས་པ་དེ་ལན་གཅིག་མ་ཡིན་པར་ཡང་ཡང་བསྐྱར་ཟློས་བྱས་པས་དེའི་ཚེ་ཞེན་པས་ཞུགས་ན་འབྲེལ་པས་མི་བསླུ་ངེས་པ་ཡིན་ཞིང་ཚུལ་དེས་སྔགས་ཁོ་ནར་མ་ཟད། ཡིད་ཀྱིས་བསྒོམ་པའི་ལྷ་ལའང་འབྲས་བུའི་སྐུར་མོས་ཏེ་རྟག་དུ་བསྒོམ་ན། གནས་སྐབས་སུ་ལྷའི་བྱ་བ་བྱེད་ནུས་པ་དང་མཐར་ཐུག་འབྲས་བུ་སངས་རྒྱས་ཀྱི་སྐུ་ཐོབ་པའི་དངོས་རྒྱུར་འགྱུར་བ་ཡིན་ཏེ། ཇི་སྐད་དུ། བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་དེའི་རང་བཞིན་འགྱུར་ལྷ་མོ། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །ཞེས་གསུངས་པ་ལྟར་རོ། །སྔགས་དེས་ཞི་རྒྱས་དབང་དྲག་སོགས་ཐུན་མོང་གི་དངོས་གྲུབ་རྣམས་དང་། ལས་རབ་འབྱམས་


KMC014_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བསྒྲུབ་ནུས་པ་དེའི་ཚེ་རིག་སྔགས་སུ་གྲུབ་པ་ཡིན་ཡང་། དེ་ཙམ་གྱིས་ཡེ་ཤེས་སུ་གྲུབ་པ་མ་ཡིན་ལ། ནུས་པ་དེ་ལྟར་ཡོད་པའི་སྟེང་དུ་ལྷག་བོར་སྒྲ་ཐམས་ཅད་སྔགས་ཀྱི་དེ་ཉིད་དུ་རྟོགས་པ་དེའི་ཚེ་ཡེ་ཤེས་སུ་གྲུབ་པ་ཡིན་ཅིང་། དེ་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བ་ན་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་རིགས་སྔགས་སུ་གྱུར་བ་ཡིན་ནོ ། །གསུམ་པ་བཟླས་པའི་དབྱེན བ་ལ། ལྷ་དགུའི་སྐབས་འདིར་མཚུར་ཕུ་འཇམ་དབྱངས་ཆེན་པོས ། སྤྲོ་བསྡུ་ལས་སྦྱོར་བདེ་ཆེན་འགོག་པ་བཞི། །བསྐྱེད་རིམ་ཐུན་མོང་བསྒྲུབ་པའི་བཟླས་པ་བཞི། །རྡོ་རྗེའི་བཟླས་པ་འཁོར་ལོ་ལྔ་ཡི་རིམ། །རྫོགས་རིམ་སྐུ་བཞི་བསྒྲུབ་པའི་བཟླས་པ་གཉིས་། །ཞེས་དང་། ཐམས་ཅད་མཁྱེན་པ་རང་བྱུང་བས། སྤྲོ་བསྡུའི་བཟླས་པ། འགོགས་པའི་བཟླས་པ། རྡོ་རྗེའི་བཟླས་པ་དང་གསུམ། དང་པོ་སྤྲོ་བསྡུའི་བཟླས་པ་ལ། བྱིན་རླབས་བསྡུ་བའི་ཚུལ་དུ་


KMC014_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་པ། ཕྲིན་ལས་བཞི་ཡི་ཚུལ་དུ་བཟླས་པ། བདེ་བ་ཆེན་པོའི་བཟླས་པ་དང་གསུམ་ལས། དང་པོ་བྱིན་རླབས་བསྡུ་བའི་བཟླས་པ་ནི། ཆོ་གའི་དཀྱུས་ལས་བདག་ཉིད་འཇིག་རྟེན་དབང་ཕྱུག་ཡབ་ཡུམ་ཀྱི་ཡབ་ཀྱི་ཐུགས་ཀར་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཧྲཱིཿདམར་པོ་དང་། ཡུམ་རྡོ་རྗེ་ཕག་མོའི་ཐུགས་ཀར་ཆོས་འབྱུང་རྐྱང་པའི་དབུས་ན་ཧྲཱིཿདམར་པོ་འགྲེངས་ཐབས་སུ་གནས་པ་དང་། རིགས་བཞིའི་སྤྱན་རས་གཟིགས་དང་ཡུམ་བཞིའི་ཐུགས་ཀར་ཡང་དེ་ལྟར་བཀོད་དགོས་པར་གྲུབ་སྟེ། ལྷ་བསྐྱེད་ཀྱི་སྐབས་སུ་ཡབ་རྣམས་ཀྱི་ཐུགས་ཀར་ཧྲཱིཿལ་ༀ་ཨཱཿཧཱུྃ་ཧྲཱིཿༀ་མ་ཎི་སོགས་ཀྱིས་གཡས་སུ་བསྐོར་བ། ཡུམ་རྣམས་གྱི་ཐུགས་ཀར་ཧྲཱིཿལ་ༀ་བཛྲ་བཱ་རཱ་ཧི་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྣ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་གཡོན་དུ་བསྐོར་བ་རིགས་བཞི་མཁའ་འགྲོའི་ཐུགས་ཀར་ཧ་རི་ནི་སས་ཚན་པའོ། །ཞེས་གསུང་ཞིང་། ཀརྨ་ཆགས་མེད་ཀྱིས་


KMC014_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་ལྟར་བཞེད་དེ། ཇི་སྐད་དུ། བདག་དང་རིགས་བཞིའི་སྤྱན་རས་གཟིགས་བཞི་ཡི། །ཐུགས་དཀར་པདྨ་དམར་པོ་འདབ་བརྒྱད་པའི། །ཟེའུ་འབྲུར་ཧྲཱིཿཡིག་དམར་པོ་བྱེ་རུའི་མདོག །འགྲེངས་ཏེ་གནས་པའི་ཡིག་མགོའི་ཕྱོགས་དེ་ནི། །ཡི་གེའི་མདུན་ཡིན་རང་གི་གཡས་ངོས་ལྟ། དེ་ཡི་མདུན་ནས་བརྩམས་ཏེ་གཡོན་བསྐོར་དུ། །ཡིག་བཅུའི་ངོ་བོ་ཕྱི་ལ་བསྟན་ཏེ་བཀོད། ཡུམ་ལྔའི་ཐུགས་ཀར་ཆོས་འབྱུང་གདན་ཐབས་ནི། །དམར་པོ་མུ་ུརན་དཀར་པོ་ཅན་གྱི་དབུས། །རང་མདོག་ཧྲཱིཿཡིག་འགྲེངས་ཏེེ་གནས་པའི་མཐར། །ཧ་རི་ནི་ས་སྤངས་པའི་ཡུམ་སྔགས་རེ། །ཡིག་ངོ་ནང་བསྟན་གཡས་སུ་བསྐོོར་བའོ། །མཚམས་བཞིའི་མཁའ་འགྲོ་བཞི་ཡི་ཐུགས་ཀ་རུ། །ཉི་མའི་སྟེང་དུ་ུས་བོན་རེ་རེ་བསམ། །འདིར་མཁའ་འགྲོ་བཞི་ཡི་ཐུགས་ཀར་ༀ་བཛྲ་ཌཱ་ཀི་ནི་ཡེ་ཧཱུྃ་ཕཊ་སོགས་འགོད་པར་མཛད་འདུག་ཀྱང་གཞུང་རྣམས་སུ་མི་གསལ་བས་རེ་


KMC014_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དཔྱད་པར་བྱའོ། །བཀོད་པའི་བཟླས་པ་ཞེས་སྙིང་གར་སྔགས་ཕྲེང་བཀོད་པ་དེ་ཀློག་པའི་ཚུལ་དུ་བྱེད་བའང་སྤྱི་ལ་གྲགས་པས། ཆགས་མེད་པས། དེ་ནས་ཐུགས་ཀའི་སྔགས་ཕྲེང་རིག་པ་གཏད། ཀློག་པའི་ཚུལ་དུ་བཟླས་པའི་བསྙེན་པའོ། །ཞེས་པ་ལྟར་བྱ་ཞིང་འདིར་ཀརྨ་ཆགས་མེད་པས་སྔགས་ཕྲེང་འཁོར་བའི་དམིགས་པ་སོགས་མཛད་འདུག་པ་སྔགས་གསར་རྙིང་སྦྱི་ལ་གྲགས་པས་དེ་ལྟར་ཡང་རུང་མོད་གཞུང་སྔ་ཕྱི་ཐམས་ཅད་ལས་དེ་ལྟར་མ་གསུང་ཞིང་། བདག་གི་བླ་མས་ཀྱང་དེ་ལྟར་མི་བཞེད་པས་དངོས་བསྟན་སྟར་དང་པོ་བྱིན་རླབས་བསྡུ་བའི་བཟླས་པ་ནི། རང་ཉིད་རྒྱལ་བ་རྒྱ་མཚོ་ཡབ་ཡུམ་འཁོར་དང་བཅས་པའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་འོད་ཟེར་དཀར་སེར་དམར་ལྗང་མཐིང་ཀ་ལྔ་སྟེང་འོག་ཕྱོགས་བཅུར་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་དེ་ཐམས་ཅད་སྤྱན་རས་གཟིགས་ཀྱི་དཀྱིལ་


KMC014_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་གྱུར་ཏེ། ཆར་བབ་པ་ལྟར་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པར་བསམ། དེ་ཡང་ཀརྨ་ཆགས་མེད་པས། གྲུབ་ཆེན་བརྒྱད་ཅུ་རྗེ་འབངས་ཉེར་ལྔ་དང་། །བཀའ་རྒྱུད་བླ་མ་གྲུབ་ཐོབ་རྒྱ་མཚོ་ལ། །འོད་ཟེར་དེས་ཕོག་མཆོད་པ་ཆེན་པོར་གྱུར། །སྐུ་གསུང་ཐུགས་རྣམས་ཟག་མེད་བདེ་བ་རྒྱས། །ཐམས་ཅད་རྒྱལ་བ་རྒྱ་མཚོ་ཡབ་ཡུམ་སྐུར། །གནས་འགྱུར་ཆར་ལྟར་བབ་བྱོན་རང་ལ་བསྟིམས། །བྱིན་རླབས་ཞུགས་པས་ཉམས་རྟོགས་འབར་བར་བསྒོམ། །བླ་མ་གྲུབ་ཐོབ་རྣམས་དང་བསྲེ་བ་ལ། །ཕྱག་ཆེན་རྟོགས་འདོད་དྭགས་པོ་ས་ར་ཧ། །རྫོགས་ཆེན་འདོད་ན་དགའ་རབ་བི་མ་ལ། །ནུས་པ་ཆེ་འདོད་ཨོ་རྒྱན་པཀྴི་སོགས། །བསྒོམས་པས་བླ་སྒྲུབ་མཆོག་དུ་གྱུར་པ་ཡིན། །ཞེས་པ་ནི་གྲུབ་ཐོབ་རྒྱ་མཚོ་དང་། །ཡང་ནི་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །ཞིང་ཁམས་ཀུན་ལ་བཞུགས་པའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་


KMC014_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འོད་དེས་མཆོད། །ཐམས་ཅད་སྤྱན་རས་གཟིགས་ཀྱི་སྐུར་གྱུར་ནས། །ཆར་ལྟར་བབ་ནས་རང་ལ་ཐིམ་པར་བསམ། །དེ་ཡང་ཚེ་བསྲིང་འདོད་ན་ཚེ་དཔག་མེད། །ནད་ཞི་འདོད་ན་སངས་རྒྱས་སྨན་གྱི་བླ། །སྡིག་ལྟུང་དག་པར་འདོད་ན་མི་འཁྲུགས་པ། ངན་སོང་སྒོ་གཅོད་འདོད་ན་ཀུན་རིག་སོགས། །གང་འདོད་སོ་སོ་ཚན་ཆེན་བསྲེ་བར་བསྒོམ། །དེ་རྣམས་འོད་ཟེར་དེས་ཕོག་ཐུགས་མཉེས་ནས། ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ཏེ། །རང་ལ་སིབ་སི བ་ཐིམ་པར་བསྒོམ་པ་ཡིན། །ཞེས་གསུངས་པ་ནི་རྒྱལ་བ་རྒྱ་མཚོ་རྣམས་དང་། དེ་བཞིན་བདེ་དགྱེས་གསང་གསུམ་གསར་མའི་ལྷ། །བཀའ་དགོངས་ཕུར་གསུམ་ལ་སོགས་རྙིང་མའི་ལྷ། །བྱ་སྦྱོད་རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས་རྣམས། །གང་འདོད་ཐམས་ཅད་དེ་ལྟར་བསྒོམ་ཆོག་སྟེ། །འདི་ནི་རྒྱུད་སྡེ་བཞི་ཡི་སྤྱི་སྒྲུབ་ཡིན། །ལྷ་གཅིག་སྔགས་གཅིག་བཟླས་བས་ཀུན་འགྲུབ་གསུངས། །ཅེས་པ་


KMC014_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་རྒྱ་མཚོ་དང་། །དེ་བཞིན་ཕག་ཁྲོས་སེང་གསུམ་སྒྲོལ་མའི་རིགས། །ཐུགས་རྗེ་ཆེན་པོ་ཡབ་ཡུམ་ཞལ་སྦྱོར་དུ། །གྱུར་ནས་རང་ལ་ཐིམ་པ་བསྒོམ་པར་བྱ། །ཞེས་པ་དཔའ་མོ་རྒྱ་མཚོ་དང་། །དེ་བཞིན་ཕྱག་བཞི་ཕྱག་དྲུག་བེར་གུར་ཞལ། །མ་ནིང་དུད་སོལ་མ་དང་རང་བྱུང་མ། །ཡེ་ཤེས་ཆོས་སྐྱོང་རྣམས་ལའང་བསྲེ་ཞིང་བསྒོམ། །ཞེས་པ་དམ་ཅན་རྒྱ་མཚོའོ། །ཁྱད་པར་རིམས་ནད་ཡོད་དུས་ལོ་མ་ཅན། །དགྲ་འཇིགས་ཡོད་དུས་འོད་ཟེར་ཅན་མ་བསྲེ། །ཞེས་སོགས་གསུངས་པ་རྣམས་ཀྱང་ལས་དང་པོ་རྣམས་ལ་ཕན་པའི་ཕྱིར་བཀོད་པ་ཡིན་ནོ། །དེ་ལྟར་བསྐྱེད་རིམས་ཀྱི་དབང་དུ་བྱས་ནའང་མཚན་དོན་ལྟར་དུ་རྒྱལ་བ་རྒྱ་མཚོ་སྟེ་རྒྱལ་བ་སྤྱི་ཡི་སྒྲུབ་པ་ཡིན་ཞིང་། ཟ་མ་ཏོག་བཀོད་པའི་མདོ་ལས། གང་ཡང་ཡི་གེ་དྲུག་པའི་རིག་སྔགས་ཆེན་པོ་འདི་རྟག་ཏུ་འཛིན་ཞིང་ཟློས་པ་ལ་བརྩོན་པའི་སེམས་ཅན་དེ་དག་ནི་བསོད་ནམས་དང་ལྡན་པ་


KMC014_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་དག་ཟློས་པར་བྱེད་པའི་ཚེ་སངས་རྒྱས་བཅོམ་ལྡན་འདས་གངྒཱ་ཀླུང་གི་བྱེ་མ་སྙེད་སྟོང་ཕྲག་དགུ་བཅུ་རྩ་དགུ་འདུ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྡུལ་ཕྲ་རབ་དང་མཉམ་པ་འདུ་བར་འགྱུར་རོ། །ཞེས་གསུངས་སོ། །བཟླ་བྱའི་སྙིང་པོའི་དབང་དུ་བྱས་ནའང་ལེགས་སྦྱར་གྱི་སྐད་དུ། ཡསྱ་པཱ་ཎཽ་མ་ཎིཤྩ་བདྨཾ་ཙ་ནིདྱ་མཱ་ནཿསཿ། ཞེས་པ་བོད་སྐད་དུ། ལྷ་གང་གི་ཕྱག་ན་ནོར་བུ་དང་པདྨ་ཡོད་བའི་རིགས་དེ། ཞེས་པའི་རྣམ་དབྱེ་སོགས་བསྡུས་པས། མ་ཎི་པདྨཱ། ནོར་བུ་པདྨ་ཅན། ཞེས་པ་གཞན་དོན་གྱི་བསྡུ་བ་སྟེ་དེ་ལ་བོད་སྐད་དུ་སྦྱར་བའི། མ་ཎི་པདྨེ། ཀྱཻ་ནོར་བུ་པདྨ་ཅན། ཞེས་པའང་། ལྷ་ནོར་བུ་དང་པདྨ་འཛིན་པ་ཐམས་ཅད་ཀྱི་སྤྱི་བསྙེན་ཡིན་ཞིང་། ༼ཀ༽ ཇོ་ནང་རིགས་ལྡན་ཆེན་པོ་དོལ་བུ་པས་མཛད་པའི་ཡི་གེ་དྲུག་པའི་ངེས་དོན་ལ་རྗེས་སུ་དཔག་ནས། དུས་འཁོར་དང་། བདེ་མཆོག །དགྱེས་རྡོར་སོགས་ཁ་སྦྱོར་གྱི་རྣམ་པའི་ལྷ་


KMC014_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་ཡང་སྙིང་པོ་ཡིན་ལ་ཟབ་མོའི་རྫོགས་རིམ་ཐམས་ཅད་ཀྱང་མཚོན་ནུས་ཕྱིར་རྒྱལ་བ་སྤྱི་ཡི་སྙིང་པོ་ཡིན་ནོ། །ༀ་ཨཱཿཧཱུྃ་ཧྲཱིཿ། ཞེས་པ་ཡང་རྒྱལ་བ་ཐམས་ཅད་གྱི་སྐུ་གསུང་ཐུགས་ཡོན་ཏན་ཐམས་ཅད་ཀྱི་ས་བོན་ཡང་ཡིན་ལ་ཁྱད་པར་དུ་ༀ་ཡིག་ནི། རྡོ་རྗེ་རྩེ་མོ་ལས། ནོར་བུ་འཛིན་པའི་སྙིང་པོ་ཡིན། ཞེས་གསུངས་པས་ན། འདི་ཉིད་ཀྱི་སྒེར་གྱི་སྙིང་པོར་ཡང་གྲུབ་བོ། །འདིར་པདྨ་ཟབ་པའི་རྒྱུད་ལས། ཕྱོགས་བཅུའི་སངས་རྒྱས་དེ་རྣམས་སྔགས་གཅིག་གིས་ཅི་ལྟར་བསྐུལ་བར་བྱ་ཞུས་པ་ལ། ༀ་མ་ཎི་པདྨེ་ཧཱུྃ་ཞེས་བརྗོད་པ་ལས། ས་ཆེན་པོ་ལ་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་བསྐུལ་ལོ། །ཞེས་གསུང་པའི་དོན་ཡང་དེས་མཚོན་པར་ནུས་སོ། །འདིར་གོང་དུ་བཤད་པ་ལྟར་བསྙེན་པའི་ངོ་བོ་སོགས་ངེས་པར་བྱ་དགོས་སོ། །དེ་ཡང་སྔགས་པ་སྤྱི་ལ་བསྐྱེད་རིམ་གྱི་སྐབས་སུ་གྲགས་པའི་ཆོས་སྐད་ལམ་བྱེད་བཞི་


KMC014_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདིར་ཚང་དགོས་ཏེ། སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་རིགས་སྔགས་ཀྱི་ངོ་བོར་བཞུགས་པ་དེ་ཐ་མལ་པའི་ཡིག་འབྲུའི་རྣམ་པར་བསྒོམ་པ་རྣམ་པ་ལམ་དུ་བྱེད་པ་དང་། རྣམ་པ་དེ་ཡང་སངས་རྒྱས་ཀྱི་གསུང་རྡོ་རྗེ་དངོས་ཡིན་ནོ་བསམ་པའི་ངེས་ཤེས་འདྲོང་པར་བྱེད་པ་མོས་པ་ལམ་བྱེད་དང་། དེ་བཞིན་བཤེགས་པའི་སྔགས་དེ་ལས་འོད་ཟེར་འཕྲོས་པས་རྒྱལ་པོའི་ཕོ་ཉ་བཞིན་དུ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ནས་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས། སངས་རྒྱས་དེ་དག་གི་ཐུགས་རྗེ་ནུས་མཐུ་བྱིན་རླབས་ཐམས་ཅད་རང་ལ་ཡོད་དོ་བསམ་པ་བྱིན་རླབས་ལམ་བྱེད་དང་། ནམ་ཕུག་ཏུ་ཐོབ་པར་བྱ་རྒྱུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་ཁྱད་པར་དུ་གསུང་རྡོ་རྗེའི་རིག་སྔགས་དེ་ཉིད་ད་ལྟ་ནས་རང་ལ་ཡོད་ཅིང་རིག་སྔགས་སུ་གྲུབ་པ་དེ་དག་གིས་ཕྲིན་ལས་ཞི་རྒྱས་དབང་དྲག་སོགས་ལས་རབ་


KMC014_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

འབྱམས་བསྒྲུབ་པ་དང་རིག་སྔགས་དེ་ཡེ་ཤེས་སུ་གྲུབ་པས་གྲགས་ཚད་སྔགས་ཀྱི་རོལ་པར་འཆར་བ་སོགས་འབྲས་བུ་ཐམས་ཅད་ལམ་དུ་བསྒོམ་པས་འབྲས་བུ་ལམ་བྱེད་དོ།། ༈ །།དེ་ནས་ཕྲིན་ལས་བཞི་ཡི་ཚུལ་དུ་བཟླས་པ་ལ་རིམ་པར་བཟླ་བ་དང་། གཅིག་ཆར་དུ་བཟླ་བ་གཉིས་ཀྱི་དང་པོ་ནི། རང་ཉིད་ཀྱི་ཐུགས་ཀར་བཀོད་པའི་སྔགས་འཁོར་གཡས་དང་ཡུམ་གྱི་ཐུགས་ཀའི་སྔགས་འཁོར་གཡོན་དུ་འཁོར་བའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་པོ་འཕྲོས་རང་རང་གི་ཞལ་ནས་ཐོན་ཡབ་ཀྱི་འོད་ཟེར་དེ་རྩེ་མོ་གཉིས་པར་གྱུར་ནས། མི་བསྐྱོད་པ་སྤྱན་རས་གཟིགས་དང་། རྡོ་རྗེ་མཁའ་འགྲོའི་ཐུགས་ཀར་ཐིམ། ཡུམ་གྱི་འོད་ཟེར་ཡུམ་སངས་རྒྱས་སྤྱན་མའི་ཐུགས་དཀར་ཐིམ་པས་ཡབ་ཀྱི་སྔགས་ཕྲེང་གཡས་དང་ཡུམ་གྱི་སྔགས་ཕྲེང་གཡོན་དུ་འཁོར་བ་ལས་ཐུགས་རྒྱུད་བསྐུལ་དེ་གསུམ་ཆར་གྱི་ཐུགས་རྗེ་ནུས་མཐུ་


KMC014_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཐུགས་ཀའི་ས་བོན་དང་སྔགས་འཁོར་ལས་འོད་ཟེར་དཀར་པོའི་རྣམ་པར་གྱུར་ཏེ་རང་རང་གི་ཞལ་ནས་ཐོན། འོད་ཟེར་དེ་ཡང་རྩེ་མོ་གཉིས་པ་གཉིས་པ་ཁོ་ནར་གྱུར་ནས་རང་ཉིད་ཡབ་ཡུམ་ཀྱི་ཐུགས་ཀའི་ཧྲཱིཿདང་སྔགས་ཕྲེང་ལ་ཐིམ་པས་ཞི་བའི་དངོས་གྲུབ་ཐམས་ཅད་ཐོབ་ཏེ་རང་གཞན་གྱི་ནད་གདོན་ལ་སོགས་པ་ཞི་བར་བསམ། དེ་བཞིན་དུ་འོད་ཟེར་སེར་པོས་རིན་འབྱུང་སྤྱན་རས་གཟིགས་དང་། ཡུམ་མཱ་མ་ཀི །རིན་ཆེན་མཁའ་འགྲོ། རྒྱས་པའི་དངོས་གྲུབ་དང་། རང་གཞན་གྱི་ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པར་བསམ། འོད་ཟེར་དམར་པོས་སྣང་མཐའ་སྤྱན་རས་གཟིགས་དང་། གོས་དཀར་མོ། པདྨ་མཁའ་འགྲོ། དབང་གི་དངོས་གྲུབ་ཐོབ། ལྷ་འདྲེ་མི་གསུམ་ལ་སོགས་དབང་དུ་སྡུད་ནུས་པར་བསམ། འོད་ཟེར་ལྗང་གུས་དོན་གྲུབ་སྤྱན་རས་གཟིགས་དང་། དམ་ཚིག་སྒྲོལ་མ། ལས་ཀྱི་མཁའ་འགྲོ། དྲག་པོའི་དངོས་གྲུབ་


KMC014_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ། དགྲ་བགེགས་ཐམས་ཅད་ཚར་གཅོད་ནུས་པའི་དངོས་གྲུབ་ཐོབ་པར་བསམ་ལ་བཟླས་པ་བྱའོ། གཅིག་ཆར་དུ་བཟླ་བ་ནི། རང་ཉིད་ཡབ་ཡུམ་གྱི་ཐུགས་ཀའི་ས་བོན་དང་སྔགས་ཕྲེང་ལས་འོད་ཟེར་དཀར་སེར་དམར་ལྗང་བཞི་འཕྲོས ། ཞལ་ནས་ཐོན། ཡབ་ཀྱི་འོད་ཟེར་དེ་རྣམས་རྩེ་མོ་གཉིས་པ་གཉིས་པ་ཁོ་ནར་གྱུར། རིགས་བཞིའི་སྤྱན་རས་གཟིགས་ཡབ་ཡུམ་དང་འཁའ་འགྲོ་མའི་ཐུགས་ཀར་ཕོག །དེའི་མོད་ལ་ཡབ་རྣམས་ཀྱི་ཐུགས་ཀའི་སྔགས་ཕྲེང་གཡས་དང་། ཡུམ་རྣམས་ཀྱི་སྔགས་འཁོར་གཡོན་དུ་འཁོར་ཞིང་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་རྗེ་ནུས་པ་ཐམས་ཅད་འོད་ཟེར་ཁ་དོག་བཞི་ཡི་རྣམ་པར་རང་རང་གི་ཞལ་ནས་ཐོན། དེ་ཡང་རྩེ་མོ་གཉིས་པ་གཉིས་པ་ཁོ་ནར་གྱུར་ནས་བདག་ཉིད་ཡབ་ཡུམ་གྱི་ཐུགས་ཀའི་ས་བོན་སྔགས་འཁོར་དང་བཅས་པ་ལ་ཐིམ་པ་ཕྲིན་ལས་རྣམ་པ་བཞི་འགྲུབ་པའི་དངོས་གྲུབ་ཐོབ་པར་


KMC014_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཞིང་དེ་ལྟ་བུའི་སྤྲོ་བསྡུའི་བཟླས་པས་འགལ་མེའི་འཁོར་ལོ་ལྟར་བྱ་ཞིང་ཡབ་ཡུབ་གཉིས་ཀའི་བཟླས་པ་ལ་འབད་པར་བྱའོ། །འདིར་ཡང་ཐོབ་པར་བྱ་རྒྱུའི་འབྲས་བུ་གོང་དུ་བཤད་པ་ལྟར་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་རིག་སྔགས་གྲུབ་པས། ཞི་རྒྱས་དབང་དྲག་སོགས་ལས་རབ་འབྱམས་སྒྲུབ་ནུས་པས་དེ་ཉིད་ལམ་དུ་བྱེད་པ་ཡིན་ནོ། །ཀརྨ་ཆགས་མེད་པའི་ཟིན་བྲིས་ལས་ལས་སྦྱོར་གྱི་བཟླས་པར་བཞེད་ཀྱང་རྣམ་པ་གཅིག་ཏུ་ན། དེ་ལྟར་རུང་མོད་ཐམས་ཅད་དུ་ནི་མ་ཡིན་ཏེ། འདི་རིགས་ཀྱི་བཟླས་པ་རྣམས་ལ་མཁས་པ་སྔ་མ་དག་གིས་དེ་ལྟར་ཁོ་ནར་མི་བཞེད་པའི་ཕྱིར་རོ།། ༈ །།གསུམ་པ་བདེ་བ་ཆེན་པོའི་བཟླས་པ་ནི། བདག་ཉིད་ཀྱི་ཐུགས་ཀའི་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་དམར་པོ་འཕྲོས་སྐུ་ཡི་དབྱིབས་བརྒྱུད། ནོར་བུ་ནས་ཡུམ་གྱི་པདྨར་བྱོན། སྐུའི་དབྱིབས་བརྒྱུད། ཐུགས་ཀའི་སྔགས་འཁོར་དང་བཅས་པ་


KMC014_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དུ་འཁོར། སླར་ཡང་ཡུམ་གྱི་ཞལ་ནས་རང་གི་ཞལ་དུ་ཞུགས། ཐུགས་ཀའི་ཧྲཱིཿལ་ཐིམ་ཞིང་སླར་ཡང་འགལ་མེ་ལྟར་བསྒོམ་ཞིང་། རེ་ཞིག་ནས་སྔགས་ཕྲེང་དུ་བསྒྱུར་བ་སྒོམ་ཏེ། དྲུང་འཇམ་དབྱངས་ཆེན་པོས་ཞལ་སྦྱོར་དུ་བསྒོམ་པའི་སྔགས་འཁོར་དང་ས་བོན་ལས་འོད་ཟེར་དང་སྔགས་ཕྲེང་སྐུའི་དབྱིབས་བརྒྱུད། དེ་ནས་ཡུམ་གྱི་པདྨར་བྱོན་སོགས་གསུངས་པ་ལྟར་བྱ་ཞིང་བཟླས་པས་བདེ་སྟོང་གི་ཡེ་ཤེས་འཆར་ཞེས་གཉན་རས་དགེ་འདུན་འབུམ་གྱིས་གསུངས་སོ་ཞེས་འབྱུང་ལ། དགྱེས་རྡོར་གྱི་སྒྲུབ་ཐབས་མཚོ་སྐྱེས་ལས། དེ་ནས་སྣ་ཚོགས་པའི་སྔགས་ཀྱི་བཟླས་པ་ནི། སྔགས་ཀྱི་ཡི་གེའི་ཚོགས་བརྗོད་པས། དེ་དག་ལྷ་མོའི་ཞལ་ནས་བྱུང་ཏེ། འོད་ཟེར་དང་བཅས་པ་རང་གི་ཞལ་དུ་ཞགས་ནས་རྡོ་རྗེའི་ལམ་ནས་བྱུང་ཏེ་ལྷ་མོའི་པདྨར་དབབ་པའོ། །ལྷ་མོའི་ཞལ་ནས་བདག་གི་ཞལ་དུ་ཏེ་རིམ་པར་རྒྱུན་མི་ཆད་པར་སྔགས་ཀྱིས་


KMC014_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར་བྱའོ། །ཞེས་པ་ལྟར་མཻ་ཏྲི་པ་ཡང་བཞེད་པ་མར་མེ་མཛད་དང་། ཤྲཱི་ཨཱ་ནནྡྲས་ས་བོན་སོགས་ལས་སྤྲོ་བར་མཛད་པ་བཞིན་རིན་ཆེན་འབར་བར་ཡང་བཤད་ཅིང་། གཞན་དུ་ན། དོ་ལི་སྟེ་ཁྱོགས་ཀྱི་བཟླས་པ་དང་། འཁོར་ལོའི་བཟླས་པའང་ཟེར་ཞིང་འདི་ནི་གཞུང་ཆེན་པོ་རྣམས་ཀྱི་དགོངས་པའོ་ཞེས་ཀྱང་སྨྲའོ། །དེ་རྣམས་ནི་སྤྲོ་བསྡུའི་བཟླས་པ་སྟེ། ༈ །གཉིས་པ་འགོགས་པའི་བཟླས་པ་ནི། བདག་ཉིད་ཡབ་ཡུམ་གྱི་ཐུགས་ཀའི་ཧྲཱིཿདང་སྙིང་པོ་ལས་འོད་ཟེར་དམར་པོ་ཕན་ཚུན་དུ་བྱུང་སྟེ་འདྲེས་པས་སྐུ་གསུང་ཐུགས་འོད་ཟེར་གྱི་ཕུང་པོར་གྱུར་ཏེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་རྩེ་གཅིག་དུ་བཞག་པས་གཟུང་འཛིན་གྱི་རྟོག་པ་འགོག་པ་ནི་འགོག་པའི་བཟླས་པའོ། །དེ་ནི་པདྨ་རྒྱལ་པོའི་རྒྱུད་ལས། སེམས་དབེན་རྟོགས་པ་ངན་པ་མེད། །སྣང་ལ་རང་བཞིན་མེད་པར་མཐོང་། །སྒྱུ་མ་ལྟ་བུའི་བསྡུས་པ་ཡིན། །གསལ་བ་མི་རྟོགས་འོད་གསལ་ལོ། །


KMC014_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་བ་མཁལ་མ་ལས། ལྷ་ཚོགས་རྫས་དང་བཅས་པ་འོད་ཟེར་དམར་པོ་གྱུར་པ་བདག་ལ་ཐིམ། རང་ཉིད་ཀྱང་འོད་ཕུང་དམར་པོར་གྱུར། ཅེས་པ་དང་། སྣང་བ་ལ་འཛིན་པ་ཆུང་ནས་སྣང་བ་སྒྱུ་མར་མཐོང་བའོ། །ཞེས་པའི་དོན་ནོ། །གསུམ་པ་རྫོགས་རིམ་དང་འབྲེལ་བའི་བཟླས་པ་ལ་རྡོ་རྗེའི་བཟླས་པ་དང་། འཁོར་ལོ་ལྔའི་མན་ངག་གོ །དང་པོ་རྡོ་རྗེའི་བཟླས་པ་ནི། །རང་ཉིད་རྒྱལ་བ་རྒྱ་མཚོའི་སྐུའི་སྟོང་རའི་ནང་དུ་རྩ་གསུམ་གསལ་བཏབ་པའི་དབུ་མའི་ཡར་སྣེ་ལ་བླ་མའི་ངོ་བོ་ཧཾ་ཡིག །མར་སྣེ་ལྟེ་འོག་སོར་བཞིའི་ཐད་ན་ཆོས་འབྱུང་རྐྱང་པའི་དབུས་སུ་ཨ་ཤད་ཙཎྜ་ལི་སོར་བཞི་པ་ཆོས་དྲུག་ལྟར་བསྒོམ། ༈ །འདིར་དྲུང་འཇམ་དབྱངས་ཆེན་པོས། དང་པོ་རླུང་སྦྱོར་རྩ་གསུམ་གསལ་བཏབ་ནས། །དབུ་མའི་རྩེ་མོར་ཧཾ་ཡིག་རྩ་བ་རུ། །ཙཎྜ་ལི་དམིགས་མེ་ཡི་དྲོད་མདངས་དང་། །སྔགས་ཕྲེང་འོད་ཟེར་རླུང་དང་བསྲེས་ཏེ་སྤྲོ། །རླུང་གི་འགྲོ་འོང་


KMC014_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རང་སར་བཞག་པ་ལས། །ཉི་ཁྲི་གཅིག་སྟོང་དྲུག་བརྒྱའི་བཟླས་པར་གྱུར། །ཅེས་དང་། ཡང་རླུང་སྦྱོར་བ་སྔོན་དུ་འགྲོ་བས། མེའི་དྲོད་དང་། སྔགས་ཕྲེང་འོད་ཟེར་སྐབས་སུ་གང་བབ་རླུང་དང་བསྲེ་བས། རོ་རྐྱང་གང་ནས་རྒྱུ་བ་ནས་འཕྲོས། རླུང་འབྱུང་འཇུག་གནས་གསུམ་ཨོཾཨཱཿཧཱུྃ་གསུམ་མམ། སྔགས་ཕྲེང་ངམ། མེའི་འོད་ཟེར་རམ། གང་བསྡུ་བར་མོས་པ་འཇུག་ཅིང་། གནས་པའི་ཚེ་ཙཎྜ་ལི་དང་སྔགས་འཁོར་ལ་ཐིམ་པར་བསམ། བྱམས་དང་སྙིང་རྗེས་འགྲོ་བ་དབང་དུ་བསྡུས་ནས་ཕྲིན་ལས་བསྒྲུབ་པ འམ། ཕྱོགས་བཅུའི་སངས་རྒྱས་བསྡུས་ནས་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་བདག་ཉིད་ལོངས་སྐུ་བདེ་ཆེན་དུ་བསྒྲུབ་པ་དག་གང་བྱེད་ཀྱང་རླུང་འགྲོ་འོང་རང་བབ་སུ་བཞག་པ་དང་བསྲེ་བ་རྡོ་རྗེའི་བཟླས་པའོ། །འདི་ནི་གཞུང་ལ། །དུས་གསུམ་རྒྱལ་བ་མ་ལུས་དང་། །སྐྱེ་འགྲོ་སེམས་ཅན་བྱམས་སྡོང་སོགས། །དུས་དང་གནད་དུ་གང་འགྲོ་བ། །རླུང་


KMC014_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དང་དབྱེར་མེད་བསྲེས་ལ་བསྟིམ། །ཞེས་པ་སྟེ། དེའང་རྒྱས་པར་གཞུང་ལས། ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་རླུང་དང་བསྲེ། །མེ་ལ་བསྟིམས་ལ་ལོངས་སྐུ་བདེ་ཆེན་བསྐྱེད། །འགྲོ་དྲུག་སེམས་ཅན་དབང་སྡུད་བྱང་སེམས་བསྒོམ། སྙིང་རྗེ་བསྐྱེད་དུས་རླུང་རྔུབ་མེ་ལ་བསྟིམ། །སྤྲུལ་སྐུ་འགྲོ་འདུལ་ཕྲིན་ལས་ཅིར་ཡང་སྟོན། །ཞེས་པའི་དོན་ནོ།། ༈ །།གཉིས་པ་བདེ་སྟོང་དབྱེར་མེད་བདེ་བ་ཆེན་པོའི་སྐུ་འོད་གསལ་ཆེན་པོ་མངོན་དུ་བྱེད་པའི་ཐབས་འཁོར་ལོ་ལྔའི་མན་ངག་ནི། རང་ཉིད་རྒྱལ་བ་རྒྱ་མཚོའི་སྐུའི་ལྟོང་རའི་དབུས་སུ་རྩ་གསུམ་འཁོར་ལོ་ལྔ་གསལ་གདབ་པའི་གསང་གནས་སུ་ཙཎྜ་ལི་དང་སྤྱི་བོར་ཧཾ་ཡིག་བསྒོམ། གསང་གནས་བདེ་སྐྱོང་ཀྱི་འཁོར་ལོ་རྩ་འདབས་སོ་གཉིས་པའི་དབུས་སུ་ཕྲག་དོག་གི་ས་བོན་ཐིག་ལེའམ་ཧཾ་ལྗང་གུ། ལྟེ་བ་སྤྲུལ་པའི་འཁོར་ལོ་སེར་པོ་རྩ་འདབས་དྲུག་ཅུ་རྩ་བཞིའི་དབུས་ན་ང་རྒྱལ་གྱི་ས་


KMC014_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བོན་ཏྲཾ་སེར་པོ། སྙིང་ག་ཆོས་ཀྱི་འཁོར་ལོ་སྔོན་པོ་རྩ་འདབས་བརྒྱད་པའི་དབུས་ན་ཞེ་སྡང་གི་ས་བོན་ཧཱུྃ་མཐིང་ནག །མགྲིན་པ་ལོངས་སྦྱོད་ཀྱི་འཁོར་ལོ་དམར་པོ་རྩ་འདབས་བཅུ་དྲུག་པའི་དབུས་ན་འདོད་ཆགས་གྱི་ས་བོན་ཧྲཱིཿདམར་པོ། སྤྱི་བོར་བདེ་ཆེན་གྱི་འཁོར་ལོ་དཀར་པོ་རྩ་འདབས་སོ་གཉིས་པའི་དབུས་ན་གཏི་མུག་གི་ས་བོན་ༀ་དཀར་པོ། ཐིག་ལེ་དང་འདམ་གར་བཤད་རླུང་སྦྱོར་བ་བཞི་ལྡན་བཟུང་བས། གཏུམ་མོའི་མེ་ཆེར་འབར། ཕྲག་དོག་གི་ས་བོན་ཧཾ་ཡིག་བསྲེགས་པའི་མོད་ལས། ཕྲིན་ལས་ཡོངས་རྫོགས་ཀྱི་སྤྱན་རས་གཟིགས་ཡུམ་དམ་ཚིག་སྒྲོལ་མ་ཡབ་ཡུམ་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོར་བསྒོམ། མེ་ཡར་འབར་བས་ཏྲཱཾ་དང་ཧཱུྃ་དང་ཧྲིཿདང་ༀ་རྣམས་རིམ་པར་བསྲེགས་པའི་མོད་ལ། །སྤྱན་རས་གཟིགས་ཡབ་ཡུམ་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ། ཐུགས་ཀྱི་སྤྱན་རས་གཟིགས་ཡབ་ཡུམ་མེ་ལོང་ཡེ་ཤེས་ཀྱི་ངོ་བོ། པདྨ་གསུང་གི་སྤྱན་


KMC014_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རས་གཟིགས་ཡབ་ཡུམ་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ། རྣམ་སྣང་སྐུའི་སྤྱན་རས་གཟིགས་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ། རྩ་འདབས་རྣམས་སུ་རང་རང་གི་གྲངས་དང་མཐུན་པའི་རྡོ་རྗེ་རྣལ་འབྱོར་མ་རེ་རེ་བསྒོམ་མོ། །མེ་ལྕེ་སྤྱི་བོའི་ཧཾ་ཡིག་ལ་རེག་པའི་ཚེ། ཧཾ་ལས་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས། བྱང་སེམས་དཀར་དམར་དུ་ཞུ་བ་སྤྱི་བོ་ནས་ཞུགས་པ་དང་། ཧཾ་ཡིག་ལས་བྱང་སེམས་བབ་ནས། རྣམ་སྣང་སྤྱན་རས་གཟིགས་ཡབ་ཡུམ་འཁོར་བཅས་ཀྱི་ཞལ་དུ་སོང་བས་སྐུ་ལུས་བདེ་བ་ཆེན་པོས་དགྱེས། དེ་བཞིན་དུ་མགྲིན་པའི་ལྷ་ཚོགས་ཀྱི་ཞལ་དུ་སོང་བས་དགའ་བ་དང་། ཐུགས་ཀའི་ལྷ་ཚོགས་ཀྱི་ཞལ་དུ་སོང་བས། ཁྱད་པར་གྱི་དགའ་བ། གསང་གནས་ཀྱི་ལྷ་ཚོགས་ཐུགས་ཀར་ཐིམ་པས་འཕོ་མེད་ལྷན་ཅིག་སྐྱེས་དགའ་ཏེ་མས་བབ་ཀྱི་དགའ་བ་བཞི་རྫོགས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས། སླར་


KMC014_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བྱང་སེམས་གྱེན་དུ་ལྡོག་ནས་སྤྱི་བོའི་ཧཾ་ཡིག་ལ་ཐིམ་པས་མས་བརྟན་གྱི་དགའ་བ་བཞི་མྱོང་། དབང་བཞིའི་འབྲས་བུ་ཡོངས་སུ་རྫོགས་པར་བསྒོམ་ལ་ཆོས་སྐུ་སྟོང་པ་ཉིད་དང་བསྲེས་ནས་ཉམས་སུ་ལེན་པར་བྱའོ། །དེ་ཡང་། པདྨ་ཟབ་པའི་རྒྱུད་ལས། འཁོར་ལོ་བཞི་སྟེ། བདེ་བ་ཆེན་པོའི་འཁོར་ལོ་དང་། ལོངས་སྤྱོད་འཁོར་ལོ་དང་། ཆོས་ཀྱི་འཁོར་ལོ་དང་། སྤྲུལ་པའི་འཁོར་ལོའོ། །སྐུ་བཞི་དང་། བདེ་བ་བཞི་དང་། ཚད་མེད་པ་བཞི་དང་། ཞེས་སོགས་དང་། སྤྱི་བོར་བླ་མ་བསྡུས་ནས་ནི། །ཟག་མེད་བདེ་བས་ལུས་དགང་ངོ་། །སྤྱི་བོར་ཡི་གེ་བསམ་ནས་ནི། །བྱིན་བརླབས་བདེ་བས་ལུས་གང་ངོ་། །ལས་ཀྱི་ཌཱ་ཀིས་རྣལ་འབྱོར་གྱི། །ལུས་ལ་བདེ་བ་ཆེན་པོ་སྟེར། །པདྨ་མཁའ་འགྲོས་རབ་དགའ་སྟེར། །རིན་ཆེན་མཁའ་འགྲོས་མཆོག་དགའ་སྟེར། །རྡོ་རྗེ་མཁའ་འགྲོས་བདེ་སྟོང་དབྱེར་མེད་སྟེར། །ཞེས་དང་། པདྨ་རྒྱལ་པོའི་རྒྱུད་ལས། ཐམས་ཅད་སྤྲོས་པ་


KMC014_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་རྟོགས། །བདེ་དང་སྟོང་པ་གཅིག་དུ་སྣང་། །འབྲས་བུ་ཞེས་བྱ་ཟུང་འཇུག་ཡིན། །ཞེས་སོགས་གསུངས་པའི་དོན་ཡིན་ནོ། ༈ །བླ་མའི་མན་ངག་དང་བསྲེ་བ་སྦྱར་ཞེས་གསུངས་པའི་དོན། རྗེ་དཀོན་མཆོག་ཡན་ལག་གིས་གསུངས་པ། རྩ་གསུམ་དང་འཁོར་ལོ་བཞི་སོགས་གསལ་ནས་རླུང་རོ་དྲག་དུ་འབུད། གཏུམ་མོའི་མེ་ལས་འོད་འཕྲོས། རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས། ལྟེ་བའི་མེ་དང་ཐུགས་ཀའི་ཧྲཱིཿལ་ཐིམ་པས། ལུས་ནང་མེས་གང་། མོས་གུས་དྲག་ཏུ་བྱ། ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་བསམ། མཐར་གཉིས་མེད་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་པ་ནི་ལོངས་སྐུར་བསྲེ་བའོ། །ཡང་། རང་གི་ཡིད་ཡུལ་དུ་སྡུག་ཅིང་ཆགས་པའམ། སྙིང་རྗེ་བའམ། ཞེ་སྡང་བ་སོགས་གང་བྱུང་ཡང་། རང་ཉིད་སྐུ་མདོག་ཤིན་ཏུ་དམར་བའི། ཙཎྜ་ལི་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོོས། དམིགས་ཡུལ་


KMC014_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གཙོར་བྱས་སེམས་ཅན་ཐམས་ཅད་བཀུག །བྱམས་སྙིང་རྗེ་དྲག་ཏུ་བསྒོམ། ལྟེ་བའི་མེ་དང་ཐུགས་ཀའི་ཧྲཱིཿལ་བསྟིམ། མཐར་མི་དམིགས་པའི་ངང་ལ་བཞག་པ་ནི་སྤྲུལ་སྐུར་བསྲེ་བའོ། །དེ་ནས་ལུས་བཏང་སྙོམས་སྐྱིལ་ཀྲུང་མཉམ་བཞག །ངག་བཏང་སྙོམས་སྨྲ་བརྗོད་དང་བྲལ་བ། སེམས་བཏང་སྙོམས་ཕྱག་རྒྱ་ཆེན་པོའི་ངང་ལས་བླ་མའི་རྣལ་འབྱོར་བསྒོམ། ལྷ་སྐུ་སྣང་ལ་རང་བཞིན་མེད་པར་བསྒོམ། ཕྱི་སྣང་བརྒྱ་ཡན། ནང་རིག་པ་རང་གྲོལ། ལུས་ཡེ་ཤེས་ཀྱི་ལུས། རྩ་ཡེ་ཤེས་ཀྱི་རྩ། རླུང་ཡེ་ཤེས་ཀྱི་རླུང་། དེ་ཉིད་ཀྱི་ངང་ལ་བློ་བུར་གྱི་རྣམ་རྟོག་དཀར་ནག་གང་སྐྱེས་ཀྱང་སྐྱེས་པའི་ངོ་བོ་ལ་གཅེར་གྱིས་བལྟས་པས། རྟོག་པ་བདེ་ཡང་སྐྱེ་མེད་རྩ་བྲལ། འགག་པ་མེད་པ་དམིགས་པ་མེད་པ་ལྷང་ལྷང་འཆར་རོ། །འདི་ནི་ཆོས་སྐུའི་བསྲེ་བ་མཆོག་གི་གཏུམ་མོའོ། །ཞེས་གསུངས་ཀྱང་། གཞུང་ལས། དུས་གསུམ་སངས་རྒྱས་མ་ལུས་དང་། །སྐྱེ་འགྲོ་སེམས་


KMC014_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་བྱམས་སྡང་སོགས། །དུས་དང་གནད་དུ་གང་འགྲོ་བ། །རླུང་དང་དབྱེར་མེད་བསྡུས་ལ་བསྟིམ། །ཞེས་དང་། གཞན་ཡང་། ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་རླུང་དང་བསྲེ། །མེ་ལ་བསྟིམས་ལ་ལོངས་སྐུ་བདེ་ཆེན་བསྐྱེད། །ཅེས་སོགས་གོང་དུ་རྡོར་བཟླས་ཀྱི་སྐབས་སུ་དྲངས་པ་བཞིན་ནོ། །དེ་ལྟར་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་ལྷ་དགུའི་བསྙེན་ཡིག་དངོས་གྲུབ་གྱི་རོལ་མཚོ་ཞེས་བྱ་བ་འདི་ནི་ཐམས་ཅད་མཁྱེན་པ་༧ཆོས་ཀྱི་འབྱུང་གནས་ཀྱི་ཞབས་རྡུལ་ལ་སྤྱི་བོས་ཅུང་ཟད་རེག་པའི་བཙུན་པ་ཀརྨ་ཚེ་དབང་ཀུན་ཁྱབ་ཀྱིས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་དགོན་པར་སྦྱར་བའོ། །མངྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་


KMC014_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousདཔལ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་ལྷ་དགུའི་བསྙེན་ཡིག་དངོས་གྲུབ་ཀྱི་རོལ་མཚོ།next