Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
   
   
   
དཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་སྒྲུབ་ཐབས་ཀྱི་རྣམ་བཤད་ཤིན་ཏུ་བསྡུས་པ་ལས་དང་པོ་པ་ལ་ཉེ་བར་མཁོ་བའི་ཚོགས་ལྡན་འདོད་འཇོའི་བུམ་པ་བཟང་པོ་ལེགས་པར་སྨྲ་བའི་ཟིན་བྲིས།
   


 
previousདཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་སྒྲུབ་ཐབས་ཀྱི་རྣམ་བཤད་ཤིན་ཏུ་བསྡུས་པ་ལས་དང་པོ་པ་ལ་ཉེ་བར་མཁོ་བའི་ཚོགས་ལྡན་འདོད་འཇོའི་བུམ་པ་བཟང་པོ་ལེགས་པར་སྨྲ་བའི་ཟིན་བྲིས།next

དཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་སྒྲུབ་ཐབས་ཀྱི་རྣམ་བཤད་ཤིན་ཏུ་བསྡུས་པ་ལས་དང་པོ་པ་ལ་ཉེ་བར་མཁོ་བའི་ཚོགས་ལྡན་འདོད་འཇོའི་བུམ་པ་བཟང་པོ་ལེགས་པར་སྨྲ་བའི་ཟིན་བྲིས།


KMC014_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་སྒྲུབ་ཐབས་ཀྱི་རྣམ་བཤད་ཤིན་ཏུ་བསྡུས་པ་ལས་དང་པོ་པ་ལ་ཉེ་བར་མཁོ་བའི་ཚོགས་ལྡན་འདོད་འཇོའི་བུམ་པ་བཟང་པོ་ལེགས་པར་སྨྲ་བའི་ཟིན་བྲིས་དབུ་ཕྱོགས་བཞུགས་སོ། །


KMC014_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་སརྦ་ཛྙཱ་དཪྴ་དྷརྨཱ་ཀ་རཱ་ཡ། འདིར་དཔལ་འཁོར་ལོ་བདེ་མཆོག་ནཱ་རོ་ལྷ་ལྔའི་སྒྲུབ་ཐབས་ཀྱི་གོ་དོན་ཤིན་ཏུ་བསྡུས་པ་ཞིག་བཀོད་པ་ལ། ཐོག་མར་ནང་མཆོད་བྱིན་གྱིས་བརླབ་པའི་སྐབས་སུ། བདག་ཉིད་སྐད་ཅིག་གིས་ལྷན་སྐྱེས་ཡབ་ཡུམ་གྱི་སྐུར་བསྐྱེད། ༀ་ཁཎྜ་རོ་ཧེ་སོགས་དུམ་སྐྱེས་མའི་སྔགས་ཀྱིས་བགེགས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་དང་། རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པའི་སྟེང་དུ་


KMC014_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཨཱཿཧཱུྃ་ལས་བྱུང་བའི་སྐུ་གསུམ་མཚོན་པའི་ཐོད་པའི་སྒྱེད་བུ་གསུམ་ལ་གནས་པའི་ཆོས་སྐུ་སྐྱེ་བ་མེད་པ་མཚོན་པའི་ཨ་ཡིག་ལས་བྱུང་བའི་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། རྣལ་འབྱོར་མ་ཀུན་སྤྱོད་དང་། མངོན་བརྗོད་དང་། རྡོ་རྗེ་མཁའ་འགྲོའི་ལུགས་གྲུབ་པའི་དབང་ཕྱུག་ནག་པོ་ཞབས་རྗེས་འབྲང་དང་བཅས་པས་བཞེད་པ་ཤ་ལྔ་དང་བདུད་རྩི་ལྔ་བརྩེགས་ནས་འགོད་ཅིང་ཡབ་ལྔ་དང་ཡུམ་ལྔའི་དབྱེ་བ་སོ་སོར་མི་མཛད་པར་ཐུན་མོང་དུ་ཡེ་ཤེས་ལྔ་ཡི་


KMC014_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་སྦྱོར་བའི་ལུགས་དེའང་དབུས་སུ་ཧཱུྃ་ལས་རྡོ་རྗེ་ལྕགས་ཀྱུ་ཆེན་པོ་མིའི་ཤ། ཤར་དུ་ༀ་ལས་རྡོ་རྗེ་ལྕགས་ཀྱུ་བ་ལང་གི་ཤ། བྱང་དུ་ཁཾ་ལས་རྒྱལ་པོའི་ལྕགས་ཀྱུ་གླང་པོ་ཆེའི་ཤ། ནུབ་ཏུ་ཨཱཾ་ལས་གཡོ་བའི་ལྕགས་ཀྱུ་རྟའི་ཤ། ལྷོར་ཏྲཱཾ་ལས་གནས་ཀྱི་ལྕགས་ཀྱུ་ཁྱིའི་ཤ་རྣམས་ཏེ་དངོས་གྲུབ་འགུགས་པར་བྱེད་པས་ན་དེ་ལྟར་གྲགས་སོ། །ཡང་དེ་དག་གི་སྟེང་དུ་དངོས་གྲུབ་གསལ་བར་བྱེད་པའི་སྒྲོན་མེ་ལྔ་ནི། དབུས་སུ་བཱཾ་ལས་རྡོ་རྗེའི་དྲི་ཆུ། ཤར་དུ་ལཱཾ་ལས་རྡོ་རྗེའི་དྲི་ཆེན། ལྷོར་མཱཾ་ལས་རྡོ་རྗེའི་རཀྟ། ནུབ་ཏུ་པཱཾ་ལས་རྡོ་རྗེའི་བྱང་སེམས་དཀར་པོ། བྱང་དུ་ཏཱཾ་ལས་རྡོ་རྗེའི་ཀླད་པ་རྣམས་རང་རང་གི་ས་བོན་གྱིས་མཚན་པར་གྱུར། རླུང་གཡོས་མེ་སྦར་ཐོད་པ་དྲོས། ས་བོན་དང་བཅས་པའི་རྫས་བཅུ་པོ་རྣམས་ཞུ། འཆར་ཁའི་ཁ་དོག་ལྟ་བུ་འོད་འབར་བར་གྱུར་པ་ནི་བདུད་རྩི་སྦྱོང་བའོ། །རླངས་པ་ལས་གྲུབ་པའི་དངུལ་ཆུའི་མདོག་དང་མཚུངས་པའི་ཁ་ཊཱཾ་ག་འོག་


KMC014_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཁ་བལྟ་བ་དེ་ཡང་བདུད་རྩིའི་བཅུད་ཀྱིས་ཆེས་ལྗི་བས་ལྷུང་བའི་རྣམ་པས་བདུད་རྩི་ལ་འདྲེས་པ་ནི་བདུད་རྩིར་རྟོགས་པར་བྱ་བའོ། །ཡང་དེའི་སྟེང་དུ་ཨ་ཨཱ་ཨི་ཨཱི་སོགས་ཨཱ་ཕྲེང་དང་། ཀ་ཁ་ག་གྷ་ང་སོགས་ཀཱ་ཕྲེང་འོད་དུ་ཞུ་བ་ལས་བྱུང་བའི་མས་རིམ་གྱིས་ༀ་དཀར་ཨཱཿདམར་ཧཱུྃ་མཐིང་མགོ་བོ་མཐུར་དུ་བལྟ་བ་དེ་ལས། རིམ་བཞིན་ས་འོག་སྐུའི་འཁོར་ལོའི་ལྷ་བརྒྱད། ས་སྟེང་གསུང་གི་འཁོར་ལོའི་ལྷ་བརྒྱད། མཁའ་སྤྱོད་ཐུགས་ཀྱི་འཁོར་ལོའི་ལྷ་བརྒྱད་རྣམས་སྤྲོས། སེམས་ཅན་གྱི་དོན་བྱས། ས་བླ་ས་སྟེང་ས་འོག་ན་ཡོད་པའི་སེམས་ཅན་ཐམས་ཅད་འཁོར་ལོ་གསུམ་གྱི་ལྷར་གྱུར། དེ་དག་ཐམས་ཅད་སྙོམས་པར་ཞུགས་ནས་ཡི་གེ་གསུམ་སོ་སོར་ཐིམ་ཞིང་ཡི་གེ་གསུམ་ཡང་རིམ་གྱིས་གཅིག་ལ་གཅིག་ཐིམ་ནས་མཐར་དམ་ཚིག་གི་བདུད་རྩི་ལ་ཐིམ་པས་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་གྱུར་པར་བསམ་


KMC014_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་བདུད་རྩིར་སྦར་བའོ། །དེ་ནས་བདུད་རྩི་མྱང་ནས་ཁ་དག་པར་བྱས་ནས། སྔོན་འགྲོ་གཏོར་མ་ལ་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་འཐོར་ཞིང་ནང་མཆོད་ལྟར་བྱིན་གྱིས་བརླབས་ནས། རང་གི་སྙིང་གའི་འོད་ཟེར་གྱི་གཏོར་མགྲོན་སྲིད་པ་གསུམ་གྱི་འབྱུང་པོའི་རིགས་ཆེ་ཕྲ ་མ་ལུས་པ་ཐམས་ཅད་སྤྱན་དྲངས་ནས་སྐད་ཅིག་གིས་འོད་གསལ་དུ་ཞུགས་པས་སོ་སོར་འཁོར་ལོ་གསུམ་གྱི་ལྷ་ཚོགས་སུ་གྱུར་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་བསམ་ལ། མཁའ་འགྲོ་སྤྱི་གཏོར་གྱི་སྔགས་ལན་གསུམ་བརྗོད། སྔགས་དེའི་ཚིག་དོན་ནི་གཞུང་གི་མཆན་བུར་ཡོད་ལ། རྗེ་བྱམས་པ་གླིང་པས་པཎྜི་ཏ་ལོ་ཀོཏྟ་རའི་ཕྱག་དཔེ་ལ། བི་བྲྀདྡྷཱ་ཞེས་པ་ཡོད་ཅིང་སཏྶུ་ཁ་བི་བྲྀདྡྷཱ་ཞེས་པ། བདེ་བ་དམ་པ་འཕེལ་བ་ཞེས་པར་འགྱུར་བ་ཚིག་དོན་དང་ཡང་མཐུན་ཅེས་གསུངས་འདུག་ཀྱང་བདག་གི་བླ་མས་གཟིགས་པའི་རྒྱ་དཔེ་མང་པོ་ལ་བི་ཤུདྡྷ་


KMC014_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ཁོ་ན་ཡོད་འདུག་ཅེས་གསུངས་ཤིང་། །ཚིག་དོན་ཀྱང་མཆོག་གི་བདེ་བ་དག་པ་ཞེས་པའང་མི་རུང་བ་ཡང་མེད་དོ། །དེ་ནས་ལྷ་ཀླུ་གནོད་སྦྱིན་སོགས་ལ་ཕྲིན་ལས་བཅོལ་བས་དེ་བཞིན་དུ་ཕྲིན་ལས་བསྒྲུབ་པར་ཞལ་གྱིས་བཞེས་ཏེ་རང་གནས་སུ་གཤེགས་པར་བསམ་མོ། །མཆོད་པ་བྱིན་རླབས་ནི། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཡིག་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན་དང་། ཞལ་བསིལ་དང་། བསངས་གཏོར་དང་། ཞབས་བསིལ་ལ་སོགས་པ་མཆོད་པའི་ཚོགས་བསམ་གྱིས་མི་ཁྱབ་པར་བསམ་ལ། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། སོགས། ༀ་ཨཱཿཧཱུྃ་སྭཱ་ཧཱ་རེ་ཡེ་ཤེས་ལྔའི་ངོ་བོ་ཡི་གེ་ལྔ་དང་སྤེལ་བའི་སོ་སོའི་སྔགས་ཀྱིས་བྱིན་གྱིས་བརླབ། དེ་ལས་དེང་སང་གི་ཡིག་ཆ་ཕལ་མོ་ཆེར་ཞབས་བསིལ་གྱི་སྔགས་ལ་ཨཉྩ་མཱ་ནཾ་ཞེས་པ་ཁོ་ནར་བྲིས་འདུག་ནའང་རྒྱ་དཔེ་དག་པ་རྣམས་སུ་ཨཱ་


KMC014_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཙ་མཱ་ནཾ་ཞེས་པ་ཡོད་པ་དག་གོ །སྐྱབས་འགྲོ་ནི་རྒྱས་པར་ཕྱག་ཆེན་གྱི་སྔོན་འགྲོའི་སྐབས་ལྟར་སྐྱབས་ཡུལ་ལྔ་ཚོམ་མམ། བསྡུ་ན། མདུན་གྱི་ནམ་མཁར་བླ་མ་མི་བསྐྱོད་པས་དབུ་བརྒྱན་པའི་འཁོར་ལོ་སྡོམ་པའི་ལྷ་དང་། གཙོ་བོའི་ཐུགས་ཀར་ཉི་མ་ལ་ཧཱུྃ་གི་མཐར་སྙིང་པོ་དང་ཉེ་སྙིང་གིས་བསྐོར་བར་བསྒོམ་པའང་ལེགས་པ་ཡིན་ནོ། །དེའི་དྲུང་དུ་བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐྱབས་སུ་འགྲོ་བའི་བློས་རྩེ་གཅིག་ཏུ། བདག་སོགས་མཁའ་མཉམ་སོགས་ཀྱིས་རྩ་བ་དང་རྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་རྣམས་ལ་སྐྱབས་སུ་འགྲོ་ཞིང་། རྣལ་འབྱོར་ཏེ་དཔལ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་སངས་རྒྱས་དཀོན་མཆོག་དང་། གསང་སྔགས་ཏེ་ཐུགས་ཀའི་ས་བོན་དང་སྙིང་པོ་ཉེ་སྙིང་ཆོས་དཀོན་མཆོག །འཁོར་གྱི་མཁའ་འགྲོ་མ་བཞི་དང་


KMC014_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་དགེ་འདུན་དཀོན་མཆོག་སྟེ་སྔགས་ཚུལ་འདི་ཡི་ཐུན་མོང་མིན་པའི་དཀོན་མཆོག་གསུམ་མོ། །སྐྱབས་སུ་འགྲོ་ཚུལ་སོགས་སྤྱི་དང་འདྲ་ཞིང་སེམས་བསྐྱེད་པ་ལ་སྨོན་འཇུག་སེམས་བསྐྱེད་གཉིས་ཀྱི་དང་པོ་ནི། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་ཧེ་རུ་ཀར་གྱུར་ནས། །སེམས་ཅན་ཐམས་ཅད་ཧེ་རུ་ཀའི། །གོ་འཕང་མཆོག་ལ་འགོད་པར་བྱ། །ཞེས་པས་ཐོག་མར་སེམས་བསྐྱེད་པ་དེ་ཡིན་ལ། ཕྱི་མ་ནི་དེ་ནས་དོན་དེའི་ཆེད་དུ་འདི་སོགས་བསྙེན་བསྒྲུབ་ལ་འཇུག་བཞིན་པ་ཉིད་དོ། །སེམས་བསྐྱེད་པའི་ཆོ་ག་འདི་ལ་ཞི་བ་ལྷའི་སྤྱོད་འཇུག་ནས་བཤད་པའི་སེམས་བསྐྱེད་ཀྱི་ཆོ་ག་བསྡུས་པ་དང་། བྱང་ས་ནས་བཤད་པའི་འཕགས་པ་ཐོགས་མེད་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་རྒྱས་པའི་ལུགས་གཉིས་ཡོད་ཅིང་། སྔ་མ་ནི་རྟེན་མཆོག་དམན་ཐམས་ཅད་ལ་སྐྱེ་བ་དང་། ཕྱི་མ་ནི་


KMC014_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་སོ་ཐར་རིས་བརྒྱད་གང་རུང་དང་ལྡན་པ་ལས་མི་སྐྱེ་བར་གསུངས་པའི་སྔ་མ་ལ་དེང་སང་དབུ་མ་ལུགས། ཕྱི་མ་ལ་སེམས་ཙམ་ལུགས་ཟེར། སེམས་བསྐྱེད་ཀྱི་ཆོ་ག་དེ་ཡང་ལྟ་བ་བཟང་ངན་ལས་ཐ་དད་དུ་གྱུར་པར་བསམ་ནས་དེ་ལྟར་སྨྲ་མོད། དེ་དག་དེ་འདྲ་ཡིན་དཀའ་ཞིང་སྔགས་གཞུང་རྣམས་ནས་བཤད་པའི་སྨོན་འཇུག་གི་སྡོམ་པ་ལེན་པའི་ཚིག་འདི་རྣམས་ཕལ་ཆེར་གྱིས་དབུ་མ་ལུགས་དེ་དང་འདྲ་བར་སེམས་མོད། དེ་ཡང་དེ་ཡིན་པར་ཡང་མ་ངེས་སོ། །དེ་ནས་ལུས་ངག་ཡིད་གསུམ་དག་པ་ནི། ཤྲཱི་ནི་གཉིས་མེད་ཡེ་ཤེས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས། ཏེ། །ཧེ་ཐོག་མར་རྒྱུ་ལས་མ་སྐྱེས་པ། བར་དུ་མི་གནས་པ། ཐ་མ་གང་དུ་ུམི་འགགས་པའོ། ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་གཟུགས་སྒྲ་དྲི་རོ་རེག་བྱ་སོགས། ཚོགས་དང་བྲལ་བ་སྟེ། །ཀ་ནི་ཕྱོགས་མཚམས་ཕྱི་ནང་སྟེང་འོག་སོགས་སུ། གང་དུའང་མི་གནས་པའོ། །ཞེས་སོགས་ཀྱི་དོན་བསམ་སྟེ་ངག་དག་པའོ། །སྙིང་གར་ཟླ་བ་ལ་ཧཱུྃ་ཡིག་སྔོན་


KMC014_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྟེ། ཞབས་ཀྱུ་བྱ་བ་གྲུབ་པའི་ཡེ་ཤེས། ཁོག་པ་སོར་རྟོག །མགོ་བོ་མཉམ་ཉིད། ཟླ་ཚེས་མེ་ལོང་། ཐིག་ལེ་ནཱ་དར་བཅས་པ་ཆོས་དབྱིངས་ཡེ་ཤེས་སོ། །དེ་འདྲ་སྙིང་གར་བསམ་པ་ཡིད་དག་པ། དེའི་འོད་ཟེར་གྱིས་ལུས་སྦྱངས་ཏེ། སླར་ཡང་དཔལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་དུ་གསལ་བ་ནི་ལུས་དག་པ་སྟེ། ལུག་ངག་ཡིད་གསུམ་ཐུགས་གསུང་སྐུའི་དག་པར་བསྒྱུར་བའོ། །འདི་ལ་ཤྲཱི་ནི་གཉིས་མེད་སོགས་ཀྱི་དོན་དྲན་པ་ཡིད་དག་པར་བྱེད་པ་ཡོད་མོད། རྣམ་པ་གཅིག་ཏུ་ན་དེ་ཡང་རུང་མོད་འདི་ལྟར་འདོད་པ་ཉིད་ཆེས་ལེགས་སོ། །དེ་ལྟར་གསལ་བའི་ལྟེ་བ་རུ་དབྱངས་གསལ་གྱི་ཕྲེང་བ་ༀ་དང་སྭཱ་ཧཱའི་ཐོག་མཐའ་ཅན་དཀའ་དམར་མཐིང་གསུམ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ཅན་གཡོན་གཞུང་གཅིག་ལས་ཨཱ་ལི་གཡས་དང་ཀཱ་ལི་གཡོན་བསྐོར་དུ་འཁོད་པར་བཤད་པ་འདུག་པ་འདི་ལེགས་སོ།། བསྐོར་དུ་ཕྱི་ནས་རིམ་བཞིན་རིམ་པ་གསུམ་དུ་འཁོད་པ་ལས་སྐུའི་འཁོར་ལོ་


KMC014_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་བརྒྱད་དང་། གསུང་གི་འཁོར་ལོ་ལྷ་བརྒྱད། ཐུགས་ཀྱི་འཁོར་ལོ་ལྷ་བརྒྱད་རྣམས་སྤྲོས། ས་འོག་ས་སྟེང་ས་བླའི་བགེགས་ཐམས་ཅད་བཅོམ་ནས་སྔགས་ཕྲེང་སོ་སོ་ལ་ཐིམ་པར་བསམ་མོ། །དེ་ཡང་ཨཱ་ལི་ལས་སྤྲོས་པ་རྣམས་སྣ་བུག་གཡས་དང་ཀཱ་ལི་ལས་སྤྲོས་པ་རྣམས་སྣ་བུག་གཡོན་ནས་སྤྲོ་བ་དང་སྡུད་པ་སོགས་བྱེད་དགོས། འདི་ལ་མན་ངག་མི་འདྲ་བ་ཞིག་ཀྱང་ཡོད་འདུག །དེ་ནས་དཔལ་འཁོར་ལོ་སྡོམ་པའི་རྒྱུད་རྣམས་ལས་ཚངས་གནས་བཞི་བསྒོམ་པ་གལ་པོ་ཆེར་གསུངས་པས། སེམས་ཅན་ཐམས་ཅད་བདེ་རྒྱུར་ལྡན་སོགས་ཚད་མེད་བཞི་བསྒོམ་མོ། །རྩ་རྒྱུད་ལེའུ་ཉེར་བདུན་པ་ལས། །ནངས་པར་སྔར་ལངས་སེམས་དག་ཉིད། །ལུས་ལ་ཐམས་ཅད་བྱས་ནས་ནི། །ཡན་ལག་ལས་འདས་མཚོན་ཆ་རྣམས། །ལུས་ལ་གནས་པར་ཀུན་ཏུ་དཔྱད། །ཅེས་གསུངས་ཤིང་། དེ་ཉིད་ཕུང་ཁམས་བྱིན་རླབས་ཀྱི་ལྷ་བཅུ་བདུན་བསྒོམ་པ་ཡིན་པར་ལྭ་བ་པས་


KMC014_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཅིང་། ཀུན་སྤྱོད་དང་མངོན་བརྗོད་ལས་གསལ་བར་གསུངས་པའི་ཕྱིར། མགོ་བོར་བུཾ་ལས་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དཀར་པོ། །གཡས་འཁོར་ལོ་དང་གཡོན་སྙེམས་པ་དང་བཅས་པས་འཁོར་ལོས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། ལྟེ་བར་ཨཱཾཿལས་ཚོར་བའི་ཕུང་པོ་རྡོ་རྗེ་ཉི་མ་སྟེ་རིན་འབྱུང་སེར་པོ་གཡས་རིན་པོ་ཆེ་དང་གཡོན་དེའི་ཡུ་བ་ཅན་གྱི་དྲིལ་བུ་ཐུགས་ཀར་འཛིན་པ། མགྲིན་པར་ཧྲཱིཿལས་འདུ་ཤེས་ཀྱི་ཕུང་པོ་པདྨ་གར་དབང་སྟེ་འོད་དཔག་མེད་དམར་པོ་གཡས་པདྨ་དམར་པོ་དང་གཡོན་དེའི་ཡུ་བ་ཅན་གྱི་དྲིལ་བུ་ཐུགས་ཀར་འཛིན་པ། རྐང་པའི་ལོང་བུ་གཉིས་སུ་ཧོཿལས་འདུ་བྱེད་ཀྱི་ཕུང་པོ་རྡོ་རྗེ་རྒྱལ་པོ་སྟེ་དོན་གྲུབ་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེའི་འཕྱར་ཞིང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་ཐུགས་ཀར་འཛིན་པ། སྙིང་ཁར་ཧཱུྃ་ལས་རྣམ་ཤེས་ཕུང་པོ་རྡོ་རྗེ་སེམས་དཔའ་དཀར་པོ་གཡས་རྡོ་རྗེ་དང་གཡོན་


KMC014_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་དཀུར་བརྟེན་པ། སྤྱི་གཙུག་ཏུ་ཧི་ནག་པོ་ལས་ཡེ་ཤེས་ཀྱི་ཕུང་པོ་དཔལ་ཧེ་རུ་ཀ་རྡོ་རྗེ་ནག་པོ་གཡས་ས་གནོན་གྱིས་རྡོ་རྗེ་དང་གཡོན་དྲིལ་བུ་དཀུར་བརྟེན་པ་ནི་ཕུང་པོ་དྲུག་དང་རིགས་དྲུག་བྱིན་གྱིས་བརླབ་པའོ། །མིག་གཉིས་སུ་ༀ་དཀར་པོ་ལས་གཏི་མུག་རྡོ་རྗེ་སྟེ་སའི་སྙིང་པོ་དཀར་པོ་གཡས་འཁོར་ལོ་ཕྱར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ། རྣ་བ་གཉིས་སུ་ཧཱུྃ་ནག་པོ་ལས་ཞེ་སྡང་རྡོ་རྗེ་སྟེ་ཕྱག་ན་རྡོ་རྗེ་ནག་པོ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་དཀུར་བརྟེན་པའོ། །སྣ་བུ་གཉིས་སུ་ཏྲཱཾ་ལས་ཕྲག་དོག་རྡོ་རྗེ་སེར་པོ་སྟེ་ནམ་སྙིང་གཡས་རིན་པོ་ཆེ་དང་གཡོན་དྲིལ་བུ་ཐུགས་ཀར་འཛིན་པ། ལྕེའི་རྩ་བར་ༀ་ལས་འདོད་ཆགས་རྡོ་རྗེ་སྟེ་སྤྱན་རས་གཟིགས་དམར་པོ་གཡས་པདྨ་དམར་པོ་དང་གཡོན་དྲིལ་བུ་ཐུགས་ཀར་འཛིན་པ། དཔྲལ་བར་ཁཾ་ལས་སེར་སྣ་རྡོ་རྗེ་སྟེ་སྒྲིབ་སེལ་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ་ཕྱར་ཞིང་གཡོན་དྲིལ་བུ་ཐུགས་ཀར་འཛིན་པ།


KMC014_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་ཏཾ་ལས་དབང་ཕྱུག་རྡོ་རྗེ་སྟེ་ཀུན་བཟང་དཀར་པོ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་དཀུར་བརྟེན་པའོ། །དེ་དག་ནི་སྐྱེ་མཆེད་དྲུག་བྱིན་གྱིས་བརླབ་པའོ། །དེ་ལྟར་ལྷ་བཅུ་གཉིས་པོ་རྣམས་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཅུང་ཁྲོས་པ། རལ་པའི་ཅོད་པན་དང་ཕྱག་རྒྱ་ལྔ་ནི། ནོར་བུ་རྣ་ཆ་མགུལ་ཆུ་གདུབ། །འཁོར་ལོ་རྣམས་ནི་ཕྱག་རྒྱ་ལྔ། །ཅེས་གསུངས། ཞབས་གཉིས་གཡས་བརྐྱང་བའི་སྟབས་ཀྱིས་བཞུགས་པར་བསྒོམ་མོ། །ལྟེ་བར་ལཱཾ་ལས་ས་ཡི་ཁམས་ལྟུང་བྱེད་མ་སྟེ་སངས་རྒྱས་སྤྱན་མ་སེར་མོ་གཡས་དང་པོས་འཁོར་ལོ་འཛིན་པ། སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ལ་གནས་པ། སྙིང་གར་མཱཾ་ལས་ཆུའི་ཁམས་གསོད་བྱེད་མ་སྟེ་མཱ་མ་ཀི་ནག་མོ་གཡས་དང་པོས་རྡོ་རྗེ་འཛིན་པ། ཆུའི་དཀྱིལ་འཁོར་དཀར་ཟླུམ་ལ་གནས་པ། མགྲིན་པར་པཱཾ་ལས་མེའི་ཁམས་འགུགས་བྱེད་མ་སྟེ་གོས་དཀར་མོ་དམར་མོ་གཡས་


KMC014_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོས་པདྨ་འཛིན་པ། མེ་དཀྱིལ་དམར་པོ་གྲུ་གསུམ་ལ་གནས་པ། དཔྲལ་བར་ཏཱཾ་ལས་རླུང་གི་ཁམས་པདྨ་གར་གྱི་དབང་ཕྱུག་མ་སྟེ་སྒྲོལ་མ་ལྗང་གུ་གཡས་དང་པོས་རལ་གྲི་འཛིན་པ། རླུང་གི་དཀྱིལ་འཁོར་ཟླ་གམ་ནག་པོ་ལ་གནས་པ། དེ་བཞི་ཀའང་ཞལ་གཅིག་ཕྱག་བཞི་མ་གཡས་འོག་མས་གྲི་གུག་དང་། གཡོན་དང་པོས་ཐོད་པ་དང་གཡོན་འོག་མས་ཁ་ཊྭཱཾ་ག་འཛིན་པ། གསང་བར་ཁཾ་ལས་ནམ་མཁའི་ཁམས་པདྨ་དྲྭ་བ་ཅན་ཏེ་དབྱིངས་ཕྱུག་མ་དུད་ཁ་ཞལ་གསུམ་གཡས་དཀར་གཡོན་དམར་མོ། ཕྱག་དྲུག་གཡས་གསུམ་ན་ལྕགས་ཀྱུ། གྲི་གུག །ཚངས་པའི་མགོ་དང་། གཡོན་གསུམ་ཐོད་པ། ཁ་ཊྭཱཾ་ག་དང་། ཞགས་པ་འཛིན་པ། ལྔ་ཀའང་གཅེར་མོ། སྐྲ་གྲོལ་བ། སྤྱན་གསུམ་པ། ཕྱག་རྒྱ་ལྔ་ནི། འཁོར་ལོ་ཀ་རགས་རྐང་གདུབ་དང་། །གདུབ་ཕྲན་རྣམས་ནི་ཕྱག་རྒྱ་ལྔ། །ཅེས་པས་སྤྲས་པ། གཡས་བརྐྱང་བའི་སྟབས་ཀྱིས་དེ་ལྟར་རང་རང་གི་འབྱུང་


KMC014_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དཀྱིལ་འཁོར་ལ་བཞུགས་པའོ། །ཞེས་པ་ནི་འབྱུང་བ་ལྔ་བྱིན་གྱིས་བརླབས་པའོ། །ༀ་པྲ་ཀྲྀ་ཏ་སོགས་ཀྱིས་ཕུང་ཁམས་སྐྱེ་མཆེད་རྣམས་ལྷ་དེ་དང་དེའོ་སྙམ་པའི་ང་རྒྱལ་བཟུང་ངོ་། །སྲུང་འཁོར་གྱི་སྐབས་སུ། ཤར་དུ་ༀ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ་ནག་པོ། བྱང་དུ་ༀ་གྲྀཧྞ་སོགས་ལྗང་གུ། ནུབ་དུ་ༀ་གྲྀཧྞ་པཱ་ཡ་སོགས་དམར་པོ། ལྷོར་ༀ་ཨ་ནཱ་སོགས་སེར་པོ་རྣམས་ཚངས་པའི་འཇིག་རྟེན་ནས་གསེར་གྱི་ས་གཞིའི་བར་དུ་ཁྱབ་ཅིང་འོད་ཟེར་འབར་བ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་རྭ་བ་གྲུ་བཞི་པ་ཕྱོགས་ཀྱི་མདོག་ཅན། འོག་ཏུ་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པའམ་ཉི་ཤུ་པ་འདམ་ག་ཕྱོགས་ཀྱི་མདོག་ཅན་ལྟེ་བ་མཐིང་ག་ཧཱུྃ་གིས་མཚན་པའི་འོད་ཟེར་གྱི་སྣེ་ལས་རྡོ་རྗེ་ཆེ་ཕྲ་གྲངས་མེད་དཔག་ཏུ་མེད་པ་སྤྲོས། འོག་ཐམས་ཅད་རྡོ་རྗེའི་ས་གཞི། ཕྱོགས་ཐམས་ཅད་རྡོ་རྗེའི་རྭ་བ། སྟེང་ཐམས་ཅད་རྡོ་རྗེའི་


KMC014_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གུར་ཏེ་ལྕགས་རི་ཁ་དོག་མཐིང་ཞིང་དཔངས་མཐོ་བ། ལྕགས་རི་ལ་ཁ་ཆོད་བཀབ་པའི་རྣམ་པ། བང་རིམ་ཟླུམ་པོའི་རྣམ་པས་ཇེ་མཐོར་སོང་བའི་དབུས་ཀྱི་སྟེང་དུ་དྲིལ་བུའི་རྣམ་པ་བསྒོམས་པ་ནི་གུར་ཁང་མཆོད་རྟེན་གྱི་རྣམ་པ་ཟེར་བ་དེ་ཡིན། གུར་དང་རྭ་བ་འཕྲད་མཚམས་སུ་རྡོ་རྗེའི་དྲྭ་བས་བཀབ་པ་ནི་རྡོ་རྗེའི་བླ་བྲེ་དང་། རྡོ་རྗེའི་རྭ་གུར་གྱི་ཕྱི་རོལ་དུ་རྭ་གུར་ལ་མ་རེག་པ་ཉིད་དུ་རྡོ་རྗེའི་ཕྲེང་བ་ཁོ་ན་བསྣོལ་བའི་དྲྭ་བ་དང་། དེའི་བསྣོལ་མཚམས་ཀྱི་ཕྱོགས་བཞི་ནས་རེ་རེ་སྐྱེས་པའི་རྡོ་རྗེ་རྩེ་ལྔའི་མདེའུ་ཅན་གྱི་མདའ་མདེའུ་བསྣོལ་ཞིང་སྦྲེལ་བ་ཁོ་ནའི་མདའི་དྲྭ་བ་དང་། དེ་ཐམས་ཅད་ལས་འབར་ཞིང་སྐྱེས་པའི་རྡོ་རྗེའི་མེ་དཔུང་ཁ་དོག་སྣ་ལྔ་པ་བར་མེད་པས་ཁྱབ་པས་བགེགས་ཐམས་ཅད་བསྲེགས་པར་བསམ་ལ། ༀ་མེ་དཱི་ནི་སོགས་སྔགས་རྣམས་ལན་གསུམ་གསུམ་བརྗོད་པའི་དང་པོས་སྤྲོས། གཉིས་པས་བྱིན་གྱིས་བརླབས། གསུམ་པས་བརྟན་པར་བྱའོ། །


KMC014_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གཅིག་བརྗོད་ན་ནི་རྟེན་བྱེད་དུ་བྱའོ། །ཡང་ཕྱོགས་བཞིའི་ༀ་སུམྦྷ་སོགས་སྔགས་ཚན་བཞི་ལས་རྭ་བའི་ཕྱི་རོལ་དུ་ཁྭ་གདོང་མ་སོགས་སྒོ་མ་བཞི་དང་། ཡང་ཤར་ལྷོར་ༀ་སུམྦྷ་ནི་ནག་པོ་དང་། ༀ་ཨཱ་ན་སོགས་སེར་པོ་ལས་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར། ལྷོ་ནུབ་དུ་ༀ་ཨཱ་ན་སེར་པོ་དང་། ༀ་གྲྀཧྞ་དམར་པོ་ལས་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར། ནུབ་བྱང་ཏུ་ༀ་གྲྀཧྞ་དམར་པོ་དང་། ༀ་གྲྀཧྞ་པཱ་ཡ་ལྗང་གུ་ལས་གཤིན་རྗེ་མཆེ་མ་གཡས་དམར་གཡོན་ལྗང་། བྱང་ཤར་དུ་ༀ་གྲྀཧྞ་པཱ་ཡ་ལྗང་། ༀ་སུམྦྷ་ནག་པོ་ལས་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ། སྒོ་མཚམས་མ་བརྒྱད་ཀའང་ཞལ་ནང་དུ་གཟིགས་པ་ཞལ་གཅིག་ཕྱག་གཉིས་པ་ཆེར་ཁྲོས་སྐྲ་སེར་པོ་གྱེན་དུ་བརྫེས་པ་སྦྲུལ་རྒྱན་ཅན་ལྟེ་བ་མན་ཆད་ཕུར་བུའི་རྣམ་པ་ཅན། གཡོན་རང་འདྲ་བའི་ལྷ་མོ་ཕུར་ཤམ་ཅན་ཕྱག་གཉིས་གྲི་ཐོད་འཛིན་པའམ། རྡོ་རྗེ་ཕུར་


KMC014_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བུ་འཛིན་པ་བྱས་ཀྱང་ཆོག །གཡས་རྡོ་རྗེའི་ཐོ་བ་འཛིན་པར་བསྒོམ། །ཕུར་བུ་ཟེར་བ་ནི། མཚོན་ཀ་ཎཱ་ཡ་བྱ་བ། བོད་སྐད་དུ་རྡོ་རྗེ་རྩེ་གཅིག་གམ། མདུང་ཐུང་ངམ། ཕུར་བུ་རྣམས་དོན་འདྲ་ཞིང་། ཕུར་བུའི་དབལ་མདའ་སྒྲོ་ལྟ་བུ་བྱེད་པ་ནི་རྒྱ་ནག་གི་བཟོ་སྒྲོས་ཡིན་པས་འདིར་མི་འདོད་ལ་གྲུ་གསུམ་དུ་བྱེད་ཚེ་དེ་ལྟར་རོ། །དེའི་ཚེ་ན་རྒྱ་མདུད་དང་བརྒྱད་གཞོག་དང་ཆུ་སྲིན་ཁ་སོགས་མི་དགོས་ཤིང་བྱས་ཀྱང་འགལ་བ་ནི་མེད་དོ། །དེ་ཡང་སྦྱོང་པའི་ཡོན་ཏན་གྱི་བསྒྲུབ་ཐབས་ལས་འདི་ལྟར་བཤད་ཅིང་། རྡོ་རྗེའི་མཁའ་འགྲོའི་བསྒྲུབ་ཐབས་སུ། སྣ་ཚོགས་པདྨ་ཉི་དཀྱིལ་འཁོར། །དེར་ནི་ཧཱུྃ་ལས་བྱུང་བ་ནི། །ལས་ཀྱི་རྡོ་རྗེ་དབུས་གནས་པར། །ཧཱུྃ་གི་དེ་ཉིད་རྣམ་ལ་བསྒོམ་པའོ། །འོད་ཟེར་སྣ་ཚོགས་འབར་བ་ལས། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །སྐུ་མདོག་དམར་པོ་དྲག་ཆེན་མོ། །མདུང་གི་དབྱིབས་ཅན་འཇིགས་པའི་


KMC014_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས། །སྤྱན་དམར་སྐྲ་སེར་གྱེན་དུ་བརྫེས། །ལང་ཚོ་ཕུན་སུམ་ཚོགས་པར་ལྡན། །སྟག་གི་པགས་པའི་ཤམ་ཐབས་ཅན། །ལྗགས་འདྲིལ་བས་ནི་ཆེར་འཇིགས་པ། །འཇིགས་པ་མཐའ་དག་འཇིགས་པར་མཛད། །ཅེས་གསུངས་པ་བཞིན་ཡིན་ལ། སྤྲུལ་པ་དུ་མ་ཕྱོགས་མཚམས་དང་། །ཞེས་སོགས་ནི། སྒོ་མཚམས་མ་བརྒྱད་ལས་སྤྲུལ་པའི་རང་འདྲ་བའི་ལྷ་མོ་སྐུ་མདོག་ཁ་ཅིག་དུ་ཕྱོགས་མདོག་གསུངས་ཀྱང་། སྒྲུབ་ཐབས་གཙུག་གི་ནོར་བུ་དང་རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་ཀ་མ་ལ་ཀམྦས་མཛད་པ་ལས་དང་། ལོ་ཙཱ་བ་བཞིའི་མན་ངག་མཐུན་པར། བགེགས་སོགས་དབང་དུ་བྱ་བའི་ཕྱིར་དམར་མོར་གསུངས་པ་བཞིན་ལེགས་པས། གཡས་ལྕགས་ཀྱུ་དང་གཡོན་ཞགས་པ་བསྣམས་པ། མདུང་གི་དབྱིབས་ཀྱང་རྡོ་རྗེ་ཕག་མོའི་གར་ལྟབས་ཀྱིས་བཞུགས་སྟངས་ལའང་འགྲེལ་པར་བཤད་པས་འདི་སྐབས་ཀྱི་སྤྲུལ་པའི་ཁྲོ་མོ་རྣམས་ནི་


KMC014_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གར་སྟབས་སུ་བྱེད་ནའང་ལེགས་སོ། །དེ་ལྟར་ཁྲོ་མོ་རྣམས་ལ་གནོད་མཛེས་ཀྱི་སྔགས་ཀྱིས་བཀའ་བསྒོས་པས། ཕྱོགས་བཅུའི་བགེགས་ཞི་བས་འདུལ་བ་རྣམས་ནི་ཞི་བས་བཏུལ། ཕྱོགས་བཅུའི་བགེགས་ཀྱི་གཙོ་བོ་རྣམས་ལས་གཞན་ལྷག་མ་བགེགས་སྡོང་ཟླ་རྣམས་རྒྱང་རིང་དུ་བསྐྲད། ཕྱོགས་བཅུའི་བགེགས་ཀྱི་གཙོ་བོ་མ་ལུས་པ་རྣམས་ཕྱོགས་སོ་སོ་རེ་རེ་ལ་འདུས་ཏེ་ཕྱོགས་སྐྱོང་བཅུའི་རྣམ་པར་གནས་པ་རྣམས་ལྕགས་ཀྱུས་སྙིང་ག་ནས་ཕུག །ཞགས་པས་དེ་རྣམས་བཅིངས་ཏེ་བཀུག་ནས་རྡོ་རྗེ་རྭ་བའི་ཕྱི་རོལ་དུ་ཧཱུྃ་ཡིག་ལས་བྱུང་བའི་ཁྲོན་པ་སྟེ་བྲུབ་ཁུང་གྲུ་གསུམ་པའི་ནང་དུ་བཅུག །སྟེང་གི་བགེགས་རྣམས་ཤར་གྱི་ཤར་དང་། འོག་གི་བགེགས་རྣམས་ནུབ་ཀྱི་ནུབ་ཏུ་བྲུབ་ཁུང་དུ་བཅུག །ཁྲོ་མོ་བརྒྱད་པོ་རྣམས་ཀྱིས་བགེགས་རྣམས་ཀྱི་ལག་པ་བཅིངས་ཤིང་རྐང་མགོ་གཉིས་ཀྱང་བསྣོལ་ཏེ་བཅིངས་པ་བཤང་ལམ་གྱི་འོག་ཏུ་བཞག་པ་ཕུར་


KMC014_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བུས་སྤྱི་བོ་ནས་བཏབ། བཤང་ལམ་ནས་ལག་པ་རྐང་པར་བཅས་ཐལ་བྱུང་ནས་གསེར་གྱི་ས་གཞི་ལ་ཐུག་པར་འཛེར་ཞིང་། མངོན་བརྗོད་ལས། གསང་སྔགས་རྒྱལ་པོ་འདི་ཡིས་ནི། །བགེགས་ཀུན་གྱི་ནི་ཀླད་པ་ལ། །ལུགས་སུ་འབྱུང་དང་ཟློག་པ་ཡིས། །རྡོ་རྗེ་ཕུར་བུས་འགོད་ཅིང་མནན། ༀ་གྷ་གྷ་སོགས། ཁྲོ་བོའི་ལྟ་བས་བལྟས་ནས་ནི། །རྡོ་རྗེ་ཕུར་བུས་གདབ་བྱ་སྟེ། །ལུགས་སུ་འབྱུང་དང་ཟློག་པ་ཡིས། །རྡོ་རྗེའི་དངོས་གྲུབ་བློས་བརྡུང་བྱ། །ༀ་ཧཱུྃ་བཛྲ་མུངྒར་སོགས་གསུངས་པ་བཞིན་ནོ། །དེ་ལྟར་གདབ་པས་བགེགས་རྣམས་ཀྱི་ལུས་ངག་ཡིད་གསུམ་བྱ་བྱེད་མེད་པར་གྱུར། འོད་གསལ་གྱི་ངོ་བོར་གྱུར་ནས་བགེགས་ཀྱི་སྒྲིབ་པ་རྣམས་སྦྱངས། མི་བསྐྱོད་པའི་ཞིང་དུ་སྐྱེས་ནས་སངས་རྒྱས་པར་བསམ་མོ། །དེ་ནས་ཁྲོ་མོ་རྣམས་རྡོ་རྗེའི་རྭ་བ་ཐིམ་པས། ཆུ་ལ་ཆུ་བརྡབས་པས་ཟེར་མ་ཕྱིར་འཐོར་བ་བཞིན་འོད་ཟེར་ཕྱིར་འཕྲོས་པས། སླར་


KMC014_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དེའི་ཕྱི་རོལ་དུ་རྡོ་རྗེ་སྔོན་པོ་དང་། པདྨ་དམར་པོ་དང་། འཁོར་ལོ་སེར་པོའི་གུར་ཁང་ཟླུམ་པོ་རྣམས་བར་དང་སྲུབ་མེད་པ་དུམ་བུ་གཅིག་པའི་རྣམ་པར་གྱུར་པས་ཕྱིན་ཆད་བགེགས་འཇུག་པའི་གོ་སྐབས་དང་བྲལ་བར་བསམ་ཞིང་། སྔགས་གསུམ་གྱིས་བརྟན་པར་བྱའོ། །འདི་སོགས་སྔ་ཕྱི་ཐམས་ཅད་ལྷ་བཀོད་པ་ལ་སོགས་པ་གོ་ལྡོག་ཏུ་བྱེད་པའི་དགོས་པ་ནི། ཀུན་སྤྱོད་ལས། ལྷ་རྣམས་བཟློག་སྟེ་བཀོད་པ་དང་། །སྔགས་ཀྱི་དབྱེ་བ་བཟློག་པ་དང་། །བསྒོམ་པའི་གསང་བ་བཟློག་པ་ནི། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པའོ། །ཅེས་གསུངས་ཏེ། ལྷའི་རྣལ་འབྱོར་གཞན་དང་། སྔགས་ཀྱི་བཟླས་པ་གཞན་དང་། བསྐྱེད་རྫོགས་གཞན་ལས་དངོས་གྲུབ་མྱུར་བ་ལས་གཞན་དང་མི་མཚུངས་པ་ཞིག་ཡིན་ནོ། །ཞེས་མཚོན་པའི་ཕྱིར་རོ། །དེ་ནས་ཚོགས་བསགས་པ་ནི། དེ་ལྟ་བུའི་སྲུང་འཁོར་གྱི་དབུས་སུ་རང་ཉིད་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་དུ་


KMC014_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་སྙིང་གར། རྡོ་རྗེ་མཁའ་འགྲོ་ལས། སྔོན་དུ་རང་ཉིད་མཁའ་དབུས་སུ། །ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། །དེ་ཡི་སྟེང་དུ་ཧཱུྃ་བསྒོམ་མོ། །ཞེས་གསུངས་པའི་ཨ་ཡིག་ཐིག་ལེས་མཚན་པ་ལས་ཟླ་བའི་དབུས་སུ་ཧཱུྃ་སྔོན་པོ་འོད་ཟེར་སྣ་ཚོགས་འཕྲོ་བའི་འོད་ཀྱིས་བླ་མ་མི་བསྐྱོད་པས་དབུ་རྒྱན་དུ་བྱས་པའི་དཔལ་ལྡན་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་འོད་ཟེར་དེ་སླར་རང་གི་སྙིང་གར་ཐིམ་པར་བསམ་མོ། །དེ་ནས་ཐལ་མོ་སྙིང་གར་སྦྱར་ཏེ། རྣལ་འབྱོར་རོ་གཅིག་བདུད་རྩི་གསོལ་སོགས་ཤོ་ལོ་ཀ་དང་པོས་བླ་མ་དང་། ལྷ་མོའི་ཕྲེང་བ་སོགས་ཀྱིས་ཡི་དམ་ལ་ཕྱག་འཚལ། རང་གི་སྙིང་གའི་ཧཱུྃ་ལས་སྤྲོས་པའི་པི་ཝང་མ་ལ་སོགས་ལྷ་མོ་བཅུ་དྲུག་གིས་མཆོད་པར་བསམ་ལ། ༀ་བཛྲ་བཱི་ཎི་སོགས་བརྗོད། སླར་ཡང་རང་གི་སྙིང་གའི་ཧཱུྃ་ལས་སྤྲོས་པའི་མཁའ་


KMC014_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མ་དང་། ལཱ་མཱ་དང་། དུམ་སྐྱེས་མ་དང་། གཟུགས་ཅན་མ་བཞིས་བདུད་རྩིས་གང་བའི་ཐོད་པ་ཐོགས་ནས་མཆོད་པར་བསམ་ལ། ༀ་པཉྩ་སོགས་བརྗོད། སྔ་ཕྱིའི་མཆོད་ལྷ་དེ་རྣམས་ཡུམ་བཅོམ་ལྡན་འདས་མར་ཐིམ་ནས་སྙོམས་འཇུག་གི་བདེ་བས་དགྱེས་པར་བསམ། འཁྱུད་རྒྱ་དང་བཅས། ༀ་ཤྲཱི་མ་ཧཱ་སོགས་བརྗོད། འདོད་ཆགས་ཞེ་སྡང་སོགས་ཤོ་ལོ་ཀ་དང་པོས་བཤགས་པའི་ཡན་ལག་དང་། གང་ཡང་དེ་བཞིན་སོགས་ཤོ་ལོ་ཀས་རྗེས་སུ་ཡི་རང་བའི་ཡན་ལག་དང་། དུས་གསུམ་ཀུན་ཏུ་སོགས་སྐྱབས་སུ་འགྲོ་བ་དང་། སྡིག་པ་ཐམས་ཅད་སོགས་སེམས་བསྐྱེད་པ་དང་། ཚངས་པ་དབང་པོ་སོགས་སྔགས་ལམ་ལ་གནས་པར་དམ་བཅའ་བ་དང་། བདག་གིས་འགྲོ་རྣམས་སོགས་ཤོ་ལོ་ཀས་སངས་རྒྱས་རྣམས་ལ་རང་ཉིད་འབུལ་བ་རྣམས་བྱའོ། །དེ་ནི་བསོད་ནམས་ཚོགས་བསགས་སོ། །དེ་ནས་ཡེ་ཤེས་ཚོགས་བསགས་ནི། ཚོགས་ཞིང་རྣམས་


KMC014_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་ཐིམ་པར་བསམ་ཞིང་། རང་གི་སྤྱི་མགྲིན་སྙིང་ག་གསུམ་དུ་ཧེ་དཀར་པོ། རུ་དམར་པོ། ཀ་སྔོན་པོ་རྣམས་བསམ་ཞིང་། ཧེ་ནི་རྒྱུ་སོགས་ཀྱི་ཚིག་དོན་བསམ་ཞིང་། དེ་ལྟ་བུའི་ཆོས་དེ་ལྟར་མ་ཤེས་པས་འགྲོ་བ་ཀུན་གྱིས་བདག་མེད་པ་ལ་བདག་ཏུ་བཟུང་བས་འཁོར་བར་གྱུར། དེའི་ཕྱིར་དུ་བདག་ཉིད་ཧེ་རུ་ཀར་གྱུར་ནས་གཟུང་འཛིན་གཉིས་དང་བྲལ་བའི་ཆོས་ཀྱི་དོན་དེ་ཁོང་དུ་ཆུད་པར་བྱའོ་བསམ་པར་བྱའོ། །ཞེས་ཆོས་ལ་དམིགས་པའི་སྙིང་རྗེ་བསྐྱེད་དོ། །དེ་ནས་དངོས་གཞི་བསྐྱེད་པའི་རིམ་པ་ལ། བྱང་ཆུབ་པ་བཞིའི་མིང་ཡིན་ཏེ། དེ་ཡང་སྔགས་བླ་མེད་སྤྱི་ལ་ཡོངས་སུ་གྲགས་པའི་ལམ་ཁྱེར་གསུམ་གྱི་དང་བློ་པོ་འཆི་བ་ཆོས་སྐུའི་ལམ་ཁྱེར་ནི། སྭ་བྷཱ་ཝའི་སྔགས་དོན་ཏེ་དེ་ཡང་གཟུང་བ་ལ་སོགས་པ་གཞན་དུ་སྣང་བ་ལྟར་གནས་ཚུལ་ལ་མ་གྲུབ་པའི་རང་བཞིན་ནམ་རང་ངོས་ནས་རྣམ་པར་རིག་པའི་ཤེས་པ་སྟེ་ཕྱི་ནང་སྣང་བ་སྣ་


KMC014_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་ཐམས་ཅད་ཀྱི་རང་བཞིན་རྣམ་པར་རིག་པ་གཅིག་པུའོ། །ཞེས་པའི་དོན་ཡིན་ལ། སེམས་དེ་ཡི་ཡང་འཁོར་བ་དང་ལམ་གྱི་ཆོས་ལ་སོགས་པ་སྣང་བ་སྣ་ཚོགས་པའི་ཆ་དེ་ནི་མེད་དེ། ཡང་དག་ཀུན་རྫོབ་ཏུ་རིག་པ་དག་པ་ཙམ་ཞིག་གནས་སོ། །དེ་ནི་སེམས་རང་བཞིན་གྱིས་དག་པ་ཡིན་ལ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་དེ་ལས་གཞན་དུ་མེད་པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་གོ །དེ་ཡང་རང་སེམས་ཀྱི་ངོ་བོ་ཉིད་བས་ངའོ་ཞེས་པའོ། །འདི་ནི་མཐར་ཐུག་དོན་དམ་མིན་ཡང་དེ་ལ་འཇུག་ཚུལ་ཁྱད་པར་ཅན་ཡིན་ཞིང་། འདིའི་སྐབས་བོད་རྣམས་ལ་འདོད་པ་མི་འདྲ་བ་འགའ་རེ་ཡོད་འདུག་ཀྱང་སྔགས་ཚུལ་འདི་ཡི་རང་ལུགས་ནི་རྣམ་པར་མི་རྟོག་པ་ལ་འཇོག་པ་ཁོ་ན་ཡིན་ཏེ། དཔྱད་པའི་སྟོང་ཉིད་སོགས་ནི་འཆི་བ་འོད་གསལ་དང་འབྲས་བུ་ཆོས་སྐུ་གཉིས་ཀ་དང་རྣམ་པ་མི་མཚུངས་ལ། མི་རྟོག་པ་ནི་དེ་གཉིས་ཀ་དང་


KMC014_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པའི་ཕྱིར་རོ། །གཉིས་པ་ལམ་ཁྱེར་དེ་ཇི་ལྟར་བསྒོམ་པའི་ཚུལ་ནི། ལྭ་བའི་ན་བཟའ་ཅན་གྱི་ལུགས་ལྟར། ཁམས་གསུམ་ཐམས་ཅད་རང་བཞིན་གྱི་སྟོང་པ་ཉིད་དུ་བསྒོམ། དེའི་ངང་ལས་རང་གི་སྨོན་ལམ་གྱི་སྔོན་གྱི་སྟོབས་ཀྱིས་ཁམས་གསུམ་གྱི་ངོ་བོ་ༀ་དཀར་པོ་ཨཱཿདམར་པོ་ཧཱུྃ་སྔོན་པོ་བརྩེགས་པའི་རྣམ་པར་བསམ། དེ་ལས་སྐུའི་འཁོར་ལོ་ལྷ་བརྒྱད་སོགས་འཁོར་ལོ་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མ་ཡབ་ཡུམ་རྣམས་སྤྲོས། འགྲོ་བ་ཐམས་ཅད་འཁོར་ལོ་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མ་ཡབ་ཡུམ་རྣམས་སུ་བྱས། དེ་ཐམས་ཅད་སྙོམས་པར་འཇུག་པས་བདེ་བ་ཆེན་པོའི་རྗེས་ཆགས་ཀྱིས་ཞུ་ནས། སྐུའི་འཁོར་ལོ་རྣམས་ༀ་དཀར་པོ་ལ་ཐིམ་པ་སོགས་སུ་གྱུར། དེ་ནས་སྣང་མཆེད་ཐོབ་གསུམ་གཅིག་ལ་གཅིག་ཐིམ་པ་སྦྱོང་བའི་ཕྱིར། ༀ་དཀར་ཨཱཿདམར་ལ་ཐིམ། ཨཱཿདམར་ཧཱུྃ་ལ་ཐིམ། ཧཱུྃ་དེ་ཡང་ཞབས་ཀྱུ་ནས་ཁོག་པ།


KMC014_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བོ། ཟླ་ཚེས། ཐིག་ལེ། ནཱ་ད་ལ་རིམ་པར་ཐིམ། ནཱ་ད་དེ་སྐྲ་ཡི་རྩེསྟོང་དུ་གཏུབས་པའི་ཆ་ཙམ་དུ་གནས་པར་བསམ་པ་ནི་བར་དོ་ལོངས་སྐུའི་ལམ་ཁྱེར་ཡིན་ཞིང་། སེམས་ཅན་ཐམས་ཅད་ཀྱིས་ཆོས་རྣམས་ཀྱི་ཆོས་ཉིད་ཡོངས་གྲུབ་རྟག་བརྟན་འགྱུར་མེད་ཀྱི་དོན་མ་རྟོགས་པས་ཀུན་བརྟག་དང་གཞན་དབང་གིས་འཁོར་བར་འཁྲུལ་ལ། བདག་གིས་ཐམས་ཅད་ཀྱི་ཆོས་ཉིད་ཡོངས་གྲུབ་བདེ་བར་གཤེགས་པའི་སྙིང་པོ་མངོན་དུ་བྱས་ནས་འགྲོ་བ་རྣམས་ཀྱང་ངེས་དོན་ཟབ་མོ་མཐར་ཐུག་དེ་བཞིན་ཉིད་ཀྱི་དོན་རྟོགས་པར་བྱའོ། །ཞེས་ཆོས་ཉིད་དམིགས་པ་མེད་པའི་སྙིང་རྗེ་བསྐྱེད་ལ། ཤཱུནྱ་ཏཱའི་སྔགས་དོན་བསྒོམ་པས་ནཱ་ད་ཙམ་དུ་གནས་པ་ཡང་ཡོངས་སུ་སྤངས་ཏེ་མཉམ་པར་བཞག་གོ །ཤཱུནྱ་ཏཱའི་སྔགས་དོན་ནི། ཤཱུ ནྱ་ཏཱ་སྟོང་པ་ཉིད་དེ། གཞན་རྣམས་ལྟ་ཅི་སྨོས་རྣམ་ཤེས་དག་པའི་སེམས་དེ་ཡང་རང་གི་ངོ་བོས་མ་གྲུབ་སྟེ་གདོད་ནས་སྟོང་པའོ། །འོ་


KMC014_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ན་སེམས་ལས་གཞན་པ་ཡང་མེད། སེམས་ཀྱང་མེད་པས་ཅི་ཡང་མེད་པའོ་སྙམ་ན་མ་ཡིན་ཏེ་ཛྙཱ་ན་ནི་ཡེ་ཤེས་ཏེ། དོན་དམ་པའི་རིག་པ་རྣམ་པ་ཐམས་ཅད་པར་འཆར་བའོ། །བཛྲ་ནི་རྡོ་རྗེ་སྟེ། དེ་ཉིད་རྟག་བརྟན་ཞི་བ་གཡུང་དྲུང་གི་ངོ་བོ། སྭ་བྷཱ་ཝ་ནི་རང་བཞིན་ཏེ་ཡེ་ཤེས་རྡོ་རྗེ་དེ་ཉིད་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་གནས་ལུགས་སམ་སྡོད་ལུགས་ཡོད་པའོ། །ཨཱཏྨ་ཀོ་ནི་བདག་ཉིད་དེ། དེ་ཉིད་དོན་དམ་པའི་བདག་སྟེ་བདག་གི་དོན་ཡང་གནས་ལུགས་ལ་ཡོད་ཅིང་ངོ་བོས་གྲུབ་པ་བདེན་པར་ཡོད་དོ། །ཨ་ཧཾ་ནི་ངའོ་སྟེ། རང་གི་སེམས་ཀྱི་རང་བཞིན་དེ་ལྟར་ཡིན་པའོ། །དེ་ལྟར་ཤཱུ་ནྱ་ཏཱ་ཞེས་པས་ཀུན་རྫོབ་སྤྲོས་པའི་མཐའ་ཐམས་ཅད་སྤངས་པ་དང་། ཛྙཱ་ན་ཞེས་པ་མན་ཆད་ཀྱིས་དོན་དམ་སྤྲོས་བྲལ་གྱི་ཡེ་ཤེས་རྟག་ཏུ་མི་འགྱུར་བར་བཞུགས་པར་བསྟན་ཏོ། །མངོན་བརྗོད་བླ་མ་ལས། ཕྱི་དང་ནང་དུ་བལྟས་ནས་ནི། །ཆོས་རྣམས་ཐམས་ཅད་


KMC014_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད། །བྱང་ཆུབ་ཚོགས་ཀྱི་མཆོག་ཐོབ་པ། །སེམས་ཙམ་ལ་ནི་རབ་ཏུ་གནས། །ཞེས་གསུངས་པའི་དོན་ཡང་། ཕྱི་ནང་གི་ཆོས་ཐམས་ཅད་སེམས་ཙམ་ལས་གཞན་མེད་པ་དང་། །བྱང་ཆུབ་ཚོགས་ཏེ་ཡོན་ཏན་དཔག་ཏུ་མེད་པས་གདོད་ནས་བརྒྱན་པའི་ཡེ་ཤེས་མཆོག་དེ་ནི་ཐོབ་པ་སྟེ་རྟག་ཏུ་ཡོད་པའོ། །དེ་ཡང་སེམས་ཀྱི་རང་བཞིན་ཉིད་ལས་གཞན་དུ་གནས་པ་མ་ཡིན་ཏེ། སེམས་ཙམ་ཉིད་ཀྱི་གནས་ལུགས་སོ། །དེ་རྣམས་ནི་བྱང་ཆུབ་བཞི་ལས་དང་པོར་སྟོང་ཉིད་བྱང་ཆུབ་པའོ། །དེ་ནས་སྐྱེ་བ་སྤྲུལ་སྐུའི་ལམ་ཁྱེར་ནི། དེ་ལྟ་བུའི་སྟོང་ཆེན་དེའི་ངང་ལས་ཨ་ལས་ཆོས་འབྱུང་གྲུ་གསུམ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཚད་ལས་འདས་པ། དེའི་ནང་དུ་ཡྃ་ལས་རླུང་དཀྱིལ་ཟླ་གམ་སྔོན་པོ། དེའི་སྟེང་དུ་རྃ་ལས་མེ་དཀྱིལ་གྲུ་གསུམ་དམར་པོ། དེའི་སྟེང་དུ་བྃ་ལས་ཆུ་དཀྱིལ་ཟླུམ་པོ་དཀར་པོ། དེའི་སྟེང་དུ་ལྃ་ལས་ས་དཀྱིལ་སེར་པོ་གྲུ་བཞི་པ། དེའི་


KMC014_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་སུྃ་ལས་རི་བོ་མཆོག་རབ་གྲུ་བཞི་པ། ཤར་ཤེལ། བྱང་གསེར། ནུབ་པད་རཱག །ལྷོ་བཻ་ཌཱུརྱ་སྟེ་ཁམས་དང་ཁ་དོག་སྣ་ཚོགས་པའི་བདག་ཉིད་ཅན་དང་། དེའི་སྟེང་དུ་པྃ་ལས་སྣ་ཚོགས་པདྨ་འདབ་མ་འབུམ་དང་ལྡན་པའི་ཟེའུ་འབྲུར་ཉི་མ་ལ་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ་པའི་ལྟེ་བར་གཞལ་ཡས་ཀྱི་ཁང་པ་སྒོ་རྟ་བབས་རྒྱན་དང་བཅས་པ་བསྒོམ་པར་བྱ་ཞིང་། དེ་དག་གི་ཚད་དབྱིབས་སོགས་ནི་ཁོ་བོས་གཞན་དག་ཏུ་ཅུང་ཟད་བཤད་ཡོད་པ་དེ་བཞིན་ཤེས་པར་འཚལ་ཞིང་། འདིར་རྟ་བབས་བཞིས་མཛེས་ཞེས་པ་ནི་ཕྱོགས་བཞིར་རྟ་བབས་བཞི་ཡོད་པའི་དོན་ཡིན་གྱི་རྟ་བབས་སྣམ་བུ་བཞི་པའི་དོན་མིན་ནོ། །དེ་ལྟ་བུའི་གཞལ་ཡས་ཁང་གི་ཕྱི་རོལ་ཏུ་རྡོ་རྗེའི་དྲྭ་བ་མེ་དང་བཅས་པའི་ཕྱི་རོལ་ཏུ་གཏུམ་དྲག་ལ་སོགས་པའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་པདྨ་འདབ་མ་


KMC014_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པའི་ལྟེ་བར་ཉི་མའི་གདན་ལ་འཇིགས་བྱེད་དང་དུས་མཚན་གྱི་གདན། ཕྱོགས་ཀྱི་འདབ་མ་བཞི་ལ་ཁྱབ་འཇུག་སོགས་ལྷ་ཆེན་པོ་རྣམས་ཀྱི་ངོ་བོ་དབུགས་བྲལ་ཏེ་རོ་ཡི་གདན་བཞི་དང་བཅས་པ་སྟེ། དེ་དག་ནི་རྟེན་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པའོ། །དེ་ནས་བརྟན་པ་ལྷ་བསྐྱེད་པའི་ཚུལ་ནི། འདུས་པའི་རྒྱུད་ཕྱི་མ་དང་། ཀྱཻ་རྡོར་དང་། སམྦུ་ཊིའི་རྒྱུད་རྣམས་ལས། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡི་གེ་འགོད། ། ཅེས་གསུངས་པ་བཞིན། དེ་ལྟ་བུའི་གཞལ་ཡས་ཁང་གི་དབུས་གཙོ་བོའི་གདན་གྱི་སྟེང་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཧཱུྃ་མཐིང་ག་འོད་ཟེར་འབར་བ། དེ་ལས་འོད་ཟེར་སྣ་ཚོགས་འཕྲོས་ཚུར་འདུས་ཧཱུྃ་ལ་ཐིམ་པས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གིས་མཚན་པར་བསྒོམ་པ་ནི་ས་བོན་བསྡུ་བའོ། །སྐྱེ་གནས་བཞི་སྦྱོང་བ་དང་


KMC014_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བསྟུན་ཚེ་སྒོང་སྐྱེས་སྦྱོང་བྱེད་ཡིན་ཏེ། རྡོ་རྗེ་ནི་སྒ་ོང་དང་ཧཱུྃ་ཡིག་ནི་སྒོང་ཆུའི་རྣམ་པ་ཡིན་པའི་ཕྱིར་རོ་ཞེས་སྔ་མ་རྣམས་གསུང་། འདི་ལ་བར་སྲིད་ཞུགས་རྒྱུ་མེད་པ། སྲིན་བུ་པད་པ་འཕོ་བ་ལྟར་བར་སྲིད་སྐད་ཅིག་མ་ལས་མེད་པ་དང་ཚུལ་བསྟུན་པའོ། །དེ་ནས་ས་བོན་ཕྱག་མཚན་དང་བཅས་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་དཔལ་ཧེ་རུ་ཀ་འཁོར་ལོ་སྡོམ་པའི་སྐུར་གྱུར་པར་བསྒོམ་པ་ནི་གཟུགས་བརྙན་རྫོགས་པའོ། །ཕྱག་རྒྱ་དྲུག་ནི། སྤྱི་བོར་རུས་པའི་འཁོར་ལོ་རྩིབས་བརྒྱད་པ། རྣ་བར་རྣ་ཆ། མགྲིན་པར་མགུལ་ཆུ། སྙིང་གར་སེ་རལ་ཁ། སྐེད་པར་སྐ་རགས། ཡན་ལག་བཞི་ལ་གདུ་བུ་དྲུག་རྣམས་སོ། །སྒེག་པ་ལ་སོགས་ཉམས་དགུར་ལྡན། །ཅེས་པའི་སྒེག་པ་ནི་འཕྱོར་སྒེག་སྟེ་སྐུ་ལུས་ཐམས་ཅད་འཚམས་ཞིང་མཛེས་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་ཤེས་རབ་མ་ལ་སྦྱོར་བ་སོགས་ཆགས་པའི་སྤྱོད་པ་སྟོན་པའོ། །དཔའ་བ་ནི་


KMC014_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་དང་ལྡན་ཞིང་ཐུབ་པར་དཀའ་བ་ལ་མཁྲང་བག་ཅན་སྐུ་ཤེད་དང་ལྡན་པ་ལྷ་རྣམས་ཞབས་འོག་ཏུ་མནན་པའོ། །མི་སྡུག་པ་ནི་ཁྲོ་ཉམས་ཏེ་མཐོང་བ་ཙམ་གྱིས་འཇིགས་པའོ། །དེ་ནི་སྐུའི་ཉམས་གསུམ་མོ། །བཞད་པ་ནི་ཆགས་པ་དང་དགྱེས་པའི་དྲེགས་པའི་རྒྱུ་ལས་བྱུང་བ་དང་། དྲག་ཤུལ་ནི་ཚིག་རྩུབ་པོས་གཤེ་བ་དང་། འཇིགས་རུང་གིས་ཧ་ཧ་སོགས་ང་རོ་དྲག་པོ་འབྲུག་ལྟར་སྒྲོགས་པ་སྟེ། གསུང་གི་ཉམས་གསུམ་མོ། །སྙིང་རྗེ་ནི་དམིགས་པ་མེད་པའི་སྙིང་རྗེ་ལ་གནས་པའོ། །རྔམ་པ་ནི་ངོ་མཚར་བ་སྟེ་ཁྲོ་ཆགས་ཀྱི་ཐུགས་གཉིས་ཀ་ཚོགས་པ་ལྟ་བུའོ། །ཞི་བ་ནི་རྣམ་པར་མི་རྟོག་པའི་ཐུགས་ཅན་ནོ། །དེ་དག་ནི་ཐུགས་ཀྱི་ཉམས་གསུམ་སྟེ་དགུའོ། །སྟག་ལྤགས་ཀྱི་ཤམ་ཐབས་ཅུང་ཟད་གྲོལ་བཞིན་པས་ཡུམ་རྡོ་རྗེ་ཕག་མོ་ལ་འཁྱུད་པའོ། །གཡས་བརྐྱང་པས་འཇིགས་བྱེད་ནག་པོའི་མགོ་རྐེ་བལྟབས་པའི་དཔྲལ་བ་ནས་དང་། གཡོན་བསྐུམས་པས་


KMC014_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མཚན་མ་དམར་མོའི་ནུ་མའི་བར་དུ་བརྫིས་པ། དེ་གཉིས་ཀའང་ཕྱག་མཚན་གྲི་གུག་དང་ཐོད་པ་ཅན་ནོ། །དྲི་མ་མེད་པའི་འོད་ཟེར་འཕྲོ་ཞིང་འཇིགས་དུས་ཀྱི་མེ་ལྟར་འབར་བའི་དབུས་ན་བཞུགས་པར་བསྒོམ། དེ་ལ་འཁྱུད་པའི་ཡུམ་རྡོ་རྗེ་ཕག་མོ་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་ཞིང་། ཐལ་བ་སྟེ་སེ་རལ་ཁ་སྤང་པའི་ལྷག་མ་ཕྱག་རྒྱ་ལྔས་སྤྲས་པ། གཡས་པས་སྡིགས་མཛུབ་དང་བཅས་གྲི་གུག་འཕྱར། །ཞེས་པའི་སྡིགས་མཛུབ་ལ་གཉིས་ཏེ། མཐེ་བོང་གུང་མོས་མནན་པ་ཁྲོ་བོའི་སྡིགས་མཛུབ་དང་། མཐེ་བོང་གིས་གུང་སྲིན་མནན་པ་རྡོ་རྗེའི་སྡིགས་མཛུབ་གཉིས་ལས་འདིར་ཕྱི་མའོ། །མདུན་གྱི་པདྨའི་འདབ་མར་མཁའ་འགྲོ་མ་མཐིང་ག །གཡོན་ཕྱོགས་སུ་ལཱ་མཱ་ལྗང་གུ། རྒྱབ་དུ་དུམ་སྐྱེས་མ་དམར་མོ། གཡས་སུ་གཟུགས་ཅན་མ་སེར་མོ། བཞི་ཀའང་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་། གཡོན་ཐོད་པ་ཁྲག་གིས་གང་


KMC014_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བ་འཛིན་པ། གྲུ་མོར་ཁ་ཊྭཱཾ་ག་ཡོད་པ་སོགས་དཀྱུས་སུ་གསལ་ལོ། །ལྷ་མོ་བཞིའི་མཚན་དོན་ནི། །སྤྱིར་འཇིག་རྟེན་ན་སྲིན་མོ་རྫུ་འཕྲུལ་ཅན་རྣམས་རོ་ལངས་ཀྱི་བཞོན་པ་ལ་བརྟེན་ཏེ་མཁའ་ལ་འགྲོ་ཞིང་གཞན་གྱི་སྲོག་འཕྲོག་པས་མཁའ་འགྲོ་མ་དང་གསོད་བྱེད་མ་ཟེར་ལ། ཡང་འགའ་ཞིག་གིས་དུས་དང་དུས་ལ་མཆོད་པས་མགུ་བར་གྱུར་ནས་མིའི་བྱད་གཟུགས་ཕུན་སུམ་ཚོགས་པ་དང་། རོལ་རྩེད་ཀྱི་དགའ་བ་སྣ་ཚོགས་དང་། འཁྲིག་པའི་དེ་ཁོ་ན་ཉིད་སྟོན་པར་བྱེད་པས་ལཱ་མཱ་དང་། ཡང་ན་དེ་ཉིད་དགའ་བས་འདོད་པའི་སྒྱུ་རྩལ་བྱེད་པ་ཡང་ཡིན་ལ་སྐྱེ་བོ་རྣམས་ཡིད་གཡོ་བའི་སྒོ་ནས་ལུས་ངག་སྤྱོད་པར་ཡང་བྱེད་དུ་འཇུག་པས་འདོད་པའི་སྒྱུ་རྩལ་དང་གཡོ་བ་ནི་གར་སྟེ། དེའི་ཕྱིར་གར་གྱི་དབང་ཕྱུག་མའོ། །ཡང་ཁ་ཅིག་གདོང་བརྙན་སོགས་ལུས་ཀྱི་དུམ་བུ་མི་འདྲ་བར་བསྒྱུར་ཞིང་སྒྲ་སྣ་ཚོགས་ཀྱིས་འཇིགས་པ་བསྐྱེད་པ་དང་། ལུང་སྟོན་པ་དང་རིག་


KMC014_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སྟོན་པར་བྱེད་པས་དུམ་བུའི་ལུས་ལས་སྒྲ་ཡིག་སྐྱེད་པའི་ཕྱིར་དུམ་སྐྱེས་མ་སྟེ་འཇིག་རྟེན་དབང་དུ་བྱེད་ཅིང་འགུགས་པར་བྱེད་པའོ། །ཡང་ཁ་ཅིག་གི་སྡུག་པ་དང་མི་སྡུག་པ་དང་རྒན་གཞོན་བར་མ་སྣ་ཚོགས་དང་། མི་དང་དུད་འགྲོ་ལྗོན་ཤིང་ལ་སོགས་པའི་གཟུགས་སྣ་ཚོགས་པར་བསྒྱུར་ཏེ་སྐྱེ་བོ་རྣམས་འཁྲུལ་ཞིང་རྨོངས་པར་བྱེད་པའི་གཟུགས་ཅན་མ་ཞེས་ཟེར་ཞིང་ལྟུང་བའི་ལས་བྱེད་པའོ། །དེ་ལྟར་ན་གདུལ་བྱ་དེ་རྣམས་འདུལ་བའི་ཕྱིར། དགོངས་གབཞི་ངེས་པའི་དོན་ལ་དགོངས་ནས་དེ་དག་གི་མིང་གིས་བཅོམ་ལྡན་འདས་མ། མཱ་མ་ཀི། སྒྲོལ་མ་དང་། གོས་དཀར་མོ་དང་། སྤྱན་མ་རྣམས་ལའང་མཚན་པར་བྱས་པ་སྟེ། ཐུགས་སྤྲོས་བྲལ་གྱི་ནམ་མཁའ་ལ་གྱ་གྱུར་འགྲོ་བའི་ཕྱིར་མཁའ་འགྲོ་མ་དང་། དུམ་བུའི་སྐུ་ལས་གསུང་གི་སྣང་བ་སྐྱེད་པའི་ཕྱིར་དུམ་སྐྱེས་མ་དང་། སྐུའི་སྤྲུལ་པ་གཟུགས་ཅན་མཐའ་དག་གི་རྣམ་པར་སྟོན་པའི་


KMC014_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་གཟུགས་ཅན་མ་དང་། ཡེ་ཤེས་དགའ་བ་ཐམས་ཅད་ལ་རོལ་བའི་ཕྱིར་ལཱ་མཱའོ། །མཚམས་ཀྱི་འདབ་མ་བཞི་ལ་བདུད་རྩི་ལྔ་ཆ་མཉམ་པས་བཀང་བའི་ཁར་ཤས་གང་བའི་ཐོད་པ་ལྷ་མིན་ཐགས་བཟང་རིས་སོགས་ཀྱི་ཐོད་པ་བཞི་དང་བཅས་པ་ནི། རྣམ་སྣང་ལ་སོགས་པའི་དེ་བཞིན་གཤེགས་པ་བཞིའི་ངོ་བོའོ། །དེ་ནས་དག་དྲན་ནི། ལུས་དྲན་པ་ཉེ་བར་བཞག་པ་ནི། ཆུ་ཁམས་ཀྱི་ཆོས་ཉིད་དྭངས་མ་མེ་ལོང་ཡེ་ཤེས་ཏེ། འཁོར་བའི་བག་ཆགས་ཀྱི་དྲི་མ་དག་པའི་དག་པ་གཉིས་ལྡན་གྱི་ཕྱིར་གཙང་བའི་དམ་པའང་ཡིན་ལ། དོན་དམ་པའི་འཁོར་བ་དང་མཐུན་པའི་ལུས་ལོངས་སྤྱོད་དུ་སྣང་བའི་ཕྱིར་ལུས་དྲན་ཉེ་དང་བག་ཆགས་སྤངས་པའི་ཕྱིར་གཙང་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཆུ་ཁམས་ཀྱི་ཡེ་ཤེས་ཡིན་པའི་ཕྱིར་མཁའ་འགྲོ་མའོ། །ཚོར་བ་དྲན་པ་ཉེ་བར་བཞག་པ་ནི། རླུང་ཁམས་ཀྱི་དྭངས་མ་བྱ་གྲུབ་ཡེ་ཤེས་དེ་ནི་སྙིང་རྗེ་ཆེན་པོའི་བདག་


KMC014_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་ཏེ། དེའི་བྱ་བ་སྒྲུབ་པ་ཡིན་པའི་ཆ་ནས་སེམས་ཅན་གྱི་དོན་མཛད་པ་ཡིན་ཞིང་། སྙིང་རྗེ་དེ་ཡང་ཐེག་པ་འདིར་བདེ་བ་ཆེན་པོ་ཡིན་ལ། དེའང་ལས་རླུང་ཡན་ལག་དང་བཅས་པ་འགགས་པ་ན། རླུང་ཁམས་ཀྱི་དྭངས་མ་བདེ་ཆེན་མཐར་ཐུག་མངོན་དུ་འགྱུར་བ་ཡིན་པས། དེ་མ་རིག་བག་ཆགས་ཀྱི་ས་དང་། ཡིད་ལས་བྱུང་བའི་སྡུག་བསྔལ་ཕྲ་མོ་ཡང་འགགས་པར་འགྱུར་ན་ཚོར་བ་གཞན་རྣམས་ལྟ་ཅི་སྨོས་ཏེ། ཚོར་བ་དག་པའི་ཕྱིར་ཚོར་བ་དྲན་ཉེ་དང་། བདེ་ཆེན་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོའི་ཕ་རོལ་ཏུ་ཕྱིན་པ་དང་། རླུང་ཁམས་ཀྱི་དྭངས་མ་ཡིན་པའི་ཕྱིར་ལཱ་མཱའོ། །ཆོས་དྲན་པ་ཉེར་བཞག་ནི། མེ་ཁམས་ཀྱི་དངས་དྭངས་མ་སོ་སོར་རྟོག་པའི་ཡེ་ཤེས་ཏེ། ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་མ་འདྲེས་པར་མཁྱེན་ཡང་། ཐམས་ཅད་རང་བཞིན་མཉམ་ཉིད་དུ་གཟིགས་ཕྱིར་མཉམ་ཉིད་དེ་ནི་རྟག་པ་ཡིན་ཏེ། གང་མི་རྟག་པ་ཞིག་ཡོད་ན་ཡུལ་དུས་


KMC014_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་བ་ཡིན་པས་མཉམ་པ་ཉིད་དུ་མི་འགྱུར་བའི་ཕྱིར་རོ། །དེས་ན་སྐད་ཅིག་རེ་རེ་དང་རྣམ་འགྱུར་ཕྲ་མོའི་སྐབས་ལྟ་ཅི་སྨོས། འཁོར་འདས་སེམས་ཀྱི་སྣང་བ་ཙམ་མ་གཏོགས་གདོད་ནས་མ་གྲུབ་པའི་ཕྱིར། གནས་ལུགས་དེ་ལ་འཁོར་བས་རྙོགས་པའང་མེད་ལ། མྱང་འདས་སུ་དག་པའང་མེད་པའི་ཕྱིར། མི་རྟག་ཅིང་འགྱུར་བའི་གནས་སྐབས་མ་གྲུབ་པས་རྟག་པ་ཉིད་དོ། །དེས་ན་དེ་ནི་ཆོས་ཐམས་ཅད་ཇི་ལྟ་ཇི་སྙེད་རྟོགས་ཕྱིར་ཆོས་དྲན་ཉེ་དང་། འགྱུར་མེད་རྟོགས་པའི་ཕྱིར་རྟག་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ་དང་། མེ་ཁམས་ཀྱི་དྭངས་མ་ཉིད་ཀྱི་ཕྱིར་ཁཎྜ་རོ་ཧེའོ། །སེམས་དྲན་པ་ཉེ་བར་བཞག་པ་ནི། ས་ཁམས་ཀྱི་དྭངས་མ་མཉམ་ཉིད་ཡེ་ཤེས་ཏེ། བདག་གཞན་ཆོས་ཐམས་ཅད་སྟོང་པར་ཡང་མཉམ། གསལ་བའི་དཀྱིལ་འཁོར་དང་ཡང་མཉམ། མཉམ་པ་དེ་ཡང་འདྲ་མཚུངས་ཙམ་ཚོགས་པའི་དོན་མ་ཡིན་ཏེ། རང་བཞིན་གཅིག་པུ་གཉིས་སུ་མེད་


KMC014_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ལ། དེ་ལྟར་ན་ཤེས་བྱ་ཀུན་ལ་ང་བདག་ལྟ་ཅི་སྨོས། གཞན་ལས་ལོགས་སུ་བཀར་ཏེ་རང་ངམ་འདི་ལྟར་ཚུགས་ཐུབ་བོ་ཞེས་པའང་མི་སྣང་ཞིང་། དེའི་ཕྱིར་བདག་གི་སྤྲོས་པ་ཞི་བ་དང་། མཉམ་ཉིད་དེ་ནམ་ཡང་མི་འགྱུར་བར་བརྟན་ཅིང་རིག་པའི་རྒྱལ་པོར་གྲུབ་པས་བདག་མེད་པའི་སྤྲོས་པ་ལས་ཀྱང་འདས་ཏེ་གནས་ལུགས་སུ་བཞུགས་པ་ཡིན་ནོ། །མི་བདེན་པའི་སེམས་རྣམས་ཀྱི་གནས་ལུགས་རང་མྱོང་གི་རིག་པའི་ཡེ་ཤེས་ཡིན་པའི་ཕྱིར་སེམས་དྲན་ཉེ་དང་། གནས་ལུགས་ལ་བཞུགས་པའི་ཕྱིར་བདག་དམ་པའི་ཕ་རོལ་ཏུ་ཕྱིན་པ་དང་། ས་ཁམས་ཀྱི་དྭངས་མ་ཉིད་ཀྱི་ཕྱིར་གཟུགས་ཅན་མའོ། །ཡང་དག་པའི་ཏིང་ངེ་འཛིན་ནི་བྱང་ཆུབ་ཀྱི་ཕྱོགས་ཆོས་ཐམས་ཅད་ཀྱང་ཏིང་ངེ་འཛིན་གཅིག་པུར་འདུས་ཤིང་། སྒྱུ་མ་ལྟ་བུ་དང་། དཔའ་བར་འགྲོ་བ་ལ་སོགས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་ཡང་ཕྱོགས་བཅུ་རབ་འབྱམས་མུ་


KMC014_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཞིང་གི་རྡུལ་རྙེད་ཡིན་མོད་ཀྱི། དེས་ཀྱང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་བྱེ་བའི་ཆ་ལའང་བསྒྲུན་པར་མི་ནུས་པས། ཏིང་ངེ་འཛིན་རབ་འབྱམས་མཐའ་མེད་པ་དེ་དག་དོན་དམ་ལྷན་ཅིག་སྐྱེས་པའི་བདེ་ཆེན་གཅིག་པུའི་ངོ་བོར་གནས་པའི་ཡང་དག་པའི་ཏིང་ངེ་འཛིན་ཉིད་དེ། དེ་ནི་དཔལ་ཧེ་རུ་ཀར་བཞེངས་པའོ། །བྱང་ཕྱོགས་ཀྱི་སྐོར་འདི་རྣམས་བོད་ཐམས་ཅད་ཀྱིས་མདོ་དང་ཐུན་མོང་ལས་མ་བཤད་ཅིང་། ལམ་གྱི་ཆོས་སོ་བདུན་ལ་ཐུན་མོང་དང་ཐུན་མོང་མིན་པ་གཉིས་དང་། འབྲས་བུའི་སོ་བདུན་ལ་ཐབས་ཤེས་གཉིས་ཀའི་རྒྱས་བཏབ་ཅན་དུ་འཆད་པ་སོགས་ཆོས་འདིའི་སྲོག་ཤིང་དུ་སྣང་བ། ཇོ་བོ་བདེ་མཆོག་རྡོ་རྗེ་དང་ཅོག་རོ་ཆོས་རྒྱལ་བ་སོགས་ཀྱི་བཞེད་པ་ལྟར་འདི་རྣམས་ནི་འབྲས་བུའི་ཆོས་རྣམས་བཀོད་པའོ། །དེ་ལྟར་གཙོ་འཁོར་ལྔ་པོ་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་ཁར་


KMC014_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་རྡོ་རྗེ་ལ་ཧཱུྃ་མཐིང་གས་མཚན་པར་གྱུར་པ་དང་། དེ་ནས་གོ་ཆ་འགོད་པ་ནི། བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་ཐུགས་ཀར་རྡོ་རྗེ་སེམས་དཔའི་ངོ་བོ་ༀ་ཧ་དཀར་པོ། མགོ་བོར་རྣམ་པར་སྣང་མཛད་ཀྱི་ངོ་བོ་ན་མ་ཧི་སེར་པོ། སྤྱི་གཙུག་ཏུ་པདྨ་གར་དབང་གི་ངོ་བོ་སྭཱ་ཧཱ་ཧུ་དམར་པོ། ཕྲག་པ་གཉིས་སུ་དཔལ་ཧེ་རུ་ཀའི་ངོ་བོ་བཽ་ཥཊ་ཧེ་ནག་པོ། མིག་གཉིས་སུ་རྡོ་རྗེ་ཉི་མའི་ངོ་བོ་ཧཱུྃ་ཧཱུྃ་ཧོཿདམར་སེར། ཡན་ལག་ཐམས་ཅད་ལ་རྟ་མགྲིན་གྱི་ངོ་བོ་ཕཊ་ཧཾ་ལྗང་གུ། ཡུམ་གྱི་ལྟེ་བར་ཕག་མོའི་ངོ་བོ་ༀ་བཾ་དམར་པོ། སྙིང་གར་གཤིན་རྗེ་མའི་ངོ་བོ་ཧཾ་ཡཾ་སྔོན་མོ། ཁར་རྨོངས་བྱེད་མའི་ངོ་བོ་ཧྲིཾ་མཾ་དཀར་མོ། མགོ་བོར་སྐྱོད་བྱེད་མའི་ངོ་བོ་ཧྲིཾ་ཧྲིཾ་སེར་པོ། སྤྱི་བོར་སྐྲག་བྱེད་མའི་ངོ་བོ་ཧཱུྃ་ཧཱུྃ་ལྗང་གུ། ཡན་ལག་ཐམས་ཅད་ལ་གཏུམ་མོའི་ངོ་བོ་ཕཊ་ཕཊ་དུད་ཁ་རྣམས་ཀྱིས་མཚན་པ། དེ་རྣམས་ནི་སྙིང་ག་ལ་སོགས་པའི་ཤ་ལྤགས་མཚམས་སུ་བསྒོམ་དགོས་


KMC014_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། སྔགས་ཚར་གཉིས་རེ་ཁ་སྤྲད་པའི་རྣམ་པ་ཅན་དགོས་པར་བཞེད། ཡན་ལག་ཐམས་ཅད་ཅེས་པ་ནི། དཔུང་མགོ་གཉིས་དང་། བར་ལྷུ་གཉིས། དཔྱི་གཉིས། པུས་མོ་གཉིས་ཏེ་ཚིགས་ཆེན་བརྒྱད་དུ་བཀོད་ནས་འོད་ཀྱིས་ལུས་ཐམས་ཅད་ལ་ཁྱབ་པར་བྱེད་པའོ། །དེ་ནི་བྱང་ཆུབ་བཞི་ལས་ཡི་གེ་འགོད་པའོ། །དེ་ནས་ཡེ་ཤེས་པ་སྤྱན་དྲངས་པ་ནི། ཕེཾ་ཞེས་བརྗོད་ཅིང་འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ནས། སྙིང་གའི་ཧཱུྃ་གི་འོད་ཀྱིས་དཔལ་འཁོར་ལོ་སྡོམ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལྷ་ལྔའི་རྣམ་པ་དང་། གཞན་ཡང་ཕྱོགས་བཅུ་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང་། དབང་གི་ལྷ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱང་དཔལ་འཁོར་ལོ་སྡོམ་པ་ལྷ་སོ་བདུན་གྱི་རྣམ་པར་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་བཞུགས་པ་ལ། རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་བཅུ་དྲུག་གིས་མཆོད་ནས། ཛཿཧཱུྃ་བཾ་ཧོཿཞེས་དབང་ལྷ་མ་


KMC014_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པའི་ཡེ་ཤེས་པ་རྣམས་དམ་ཚིག་པ་རྣམས་ལ་ཐིམ་པར་བསམ་ལ་ༀ་ཡོ་ག་ཤུདྡྷ་སོགས་ང་རྒྱལ་བཟུང་། སླར་ཡང་རང་གི་སྙིང་ག་ནས་སྤྲོས་པའི་ལྷ་མོ་བཅུ་དྲུག་གིས་མཆོད་ནས། དམ་ཚིག་པ་རྣམས་ཀྱིས་དབང་གི་ལྷ་ལ། དེ་བཞིན་གཤེགས་ཀུན་བདག་ལ་དབང་བསྐུར་གསོལ། །ཞེས་དབང་བསྐུར་བར་གསོལ་བ་བཏབ་པའི་མོད་ལ། སྒོ་མཚམས་མ་བརྒྱད་ཀྱིས་བགེགས་བསྐྲད། དཔའ་བོ་སོ་བདུན་གྱིས་ཤིས་པ་བརྗོད། དཔའ་མོ་སོ་བདུན་གྱིས་གླུ་བླངས། ཡུམ་མཁའ་འགྲོ་མ་བཞི་དང་ཕག་མོར་བཅས་པས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཐོགས་ཏེ། ཇི་ལྟར་བལྟམས་པ་སོགས་གསུང་བཞིན་པས་དབང་བསྐུར། ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱིས་གནས་བཞི་རིམ་པས་གང་། དབང་བཞི་ཐོབ། དབང་སྐུར་བ་པོ་རྣམས་ཀྱང་རང་ཉིད་ལ་ཐིམ། ཆུའི་ལྷག་མ་གྱེན་དུ་ལུད་པ་ལས། བཅོམ་ལྡན་འདས་ལ་མི་བསྐྱོད་པ། རྡོ་རྗེ་ཕག་


KMC014_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

མོར་རྣམ་པར་སྣང་མཛད། ཡུམ་བཞི་ལ་རིན་འབྱུང་གིས་དབུ་བརྒྱན་པར་བསམ་མོ། །དེ་ནས་མཆོད་བསྟོད་བྱ་བ་ནི། རང་གི་ཐུགས་ཀའི་ས་བོན་ལས་གྲུབ་པའི་ལྷ་མོ་དཔག་ཏུ་མེད་པ་རྣམས་ཀྱིས་བདག་ཉིད་ལ་མཆོད་པར་བསམ་ཞིང་། ཆུ་བཞི་དང་ཉེར་སྤྱོད་ཀྱི་སྔགས་དང་། སླར་ཡང་རིག་མ་བཅུ་དྲུག་གིས་མཆོད་པར་བསམ་ལ། དེ་རྣམས་ཀྱི་སྔགས་དང་། དེ་ནས་ཡུམ་བཞིས་བདུད་རྩིས་གང་བའི་ཐོད་པ་ཐོགས་ཏེ་མཆོད་པ་ལ་ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་རྡོ་རྗེ་རྩེ་གསུམ་པའི་སྦུ་གུས་བདུད་རྩི་དྲངས་ཏེ་གསོལ་བར་བསམ། བླ་མ་བརྒྱུད་པ་རྣམས་ལ་ཕུལ་ཚེ་རང་གི་སྤྱི་གཙུག་ཏུ་རུས་པའི་འཁོར་ལོའི་སྟེང་ཐད་དུ་བཞུགས་པར་མོས་ལ་ཕུལ། མཐར་ༀ་ཨ་མྲྀ་ཏ་སྭཱ་ད་སོགས་ཀྱིས་ང་རྒྱལ་བཟུང་། དེ་ནས་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་དོ། །ད་ནི་གཏུམ་མོ་འཁོར་ལོ་བཞི་པ་ཞེས་བསྐྱེད་རིམ་གྱི་ཕྲ་ཐིག་དེ་བསྒོམ་པར་བྱ་ཞིང་། དེ་ཡང་འདིས་རྫོགས་རིམ་


KMC014_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བྱེད་པས་རྫོགས་རིམ་ཞེས་ཀྱང་མིང་འདོགས་ལ། དཔྱིད་ཐིག་ཁ་སྦྱོར་དུ་བཟུང་བའི་རྫོགས་རིམ་དངོས་དེ་སྟོན་པ་ལ་སྦྱོར་བ་ཡིན་ནོ། །དེ་ཡང་རང་ཉིད་གཙོ་བོ་ཡབ་ཡུམ་དུ་གསལ་བའི་སྐུའི་ནང་དུ་རྩ་གསུམ་འཁོར་ལོ་བཞི་རྣམས་གསལ་བཏབ་ལ། སྤྱི་བོའི་འཁོར་ལོའི་དབུས་སུ་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན། མགྲིན་པར་ༀ་ཡིག་དཀར་པོ་མགོ་གྱེན་བསྟན། སྙིང་ཁར་ཧཱུྃ་ཡིག་སྔོན་པོ་མགོ་མཐུར་བསྟན་དཔྱིད་ཀྱི་ཡི་གེའོ། །ལྟེ་བར་ཨཱཿཡིག་དམར་པོ་དེ་ནི་གཏུམ་མོའོ། །དཔྱིད་ཐིག་དངོས་ཀྱི་ཚེ་རོ་རྐྱང་གི་ནང་དུ་ཡི་གེ་འགོད་པའང་དགོས་མོད། ད་ལྟ་དེ་ཙམ་མི་དགོས། དེ་ནས་རླུང་ཁ་སྦྱོར་དུ་བཟུང་ནས་རོ་རྐྱང་ནས་རླུང་བུས་པས་ལྟེ་བའི་ཨཱཿལས་གཏུམ་མོའི་མེ་འབར། ཧཱུྃ་དང་ༀ་ཡིག་ཕུག །སྤྱི་བོའི་ཧྃ་ལ་རེག་པས། ཧྃ་ཡིག་ཞུ་བའི་བདུད་རྩི་སྨིན་མཚམས་ནས་ཕྱིར་སྤྲོས། སངས་རྒྱས་ཐམས་ཅད་ཀྱི་བདུད་རྩི་


KMC014_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བཀུག །སྤྱི་བོ་ནས་ཞུགས་ཏེ་ཧྃ་ཡིག་ལ་འདྲེས། དེ་ལས་བྱང་སེམས་ཀྱི་ཐིགས་པ་བབ། ༀ་དང་ཧཱུྃ་ཡིག་བརྒྱུད་དེ་ལྟེ་བའི་ཨཱཿལ་ཐིམ་པས་བདེ་བ་རྒྱས་པར་ཡང་ཡང་བསྒོམས་པས་རླུང་ཅུང་ཟད་ཀྱང་འགགས་པ་ནི་ཕྲ་མོའི་རྣལ་འབྱོར་དང་། དེ་ལས་བདེ་བ་སྐྱེ་བ་ནི་ཐིག་ལེའི་རྣལ་འབྱོར་ཏེ་ནག་པོ་པའི་བསྐྱེད་རིམ་སྐབས་སུ་ཡོད་པ་དང་། ཡང་ན་ལྟེ་བའི་ཨཱཿལས་མེ་འབར། ཧཱུྃ་དང་ༀ་བསྲེགས། སྤྱི་བོའི་ཧྃ་ལས་བྱང་སེམས་བབས། ཡི་གེ་གཉིས་གསོས། ཨཱཿཡིག་ལའང་བྱང་སེམས་བྲན་པས་མེ་ཆེར་འབར། སླར་ཡང་ཡི་གེ་གཉིས་བསྲེགས་པ་སོགས་ཡང་ཡང་བསྒོམ་པ་ནི་འདི་ཡི་ཚིག་ཟིན་ལྟར་རོ། ༈ །དེ་ནས་བཟླས་པའི་རྣལ་འབྱོར་ལ། ཐོག་མར་བགྲང་ཕྲེང་བྱིན་གྱིས་བརླབ་པ་ནི། དུང་ཆེན་པོའི་ཕྲེང་བ་སྙིམ་པར་བཅུག་ལ་བདུད་རྩིས་བསངས། པད་ཉིའི་སྟེང་དུ་བགྲང་ཕྲེང་ཧྲཱིཿལས་པདྨ་གར་གྱི་དབང་ཕྱུག་སྟེ་གསུང་རྡོ་རྗེ་སྣང་བ་མཐའ་ཡས་སྐུ་


KMC014_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པར་བསྐྱེད། ཡེ་ཤེས་པ་བསྟིམས་ལ་མཆོད། ༀ་པདྨ་ནཏྟེ་སོགས་སྔགས་ཀྱིས་བྱིན་གྱིས་བརླབས་ནས་ཞུ་བས་བགྲང་ཕྲེང་དུ་གྱུར་པར་བསམ། ལས་བུམ་གྱི་ཆུས་བསང་ངོ་། །དེ་ནི་རྡོ་རྗེ་ཕྲེང་བའི་ལུགས་ཡིན་ནོ། །དེ་ནས་ལག་པ་གཡོན་པ་ལས་དང་མཐུན་པའི་སོར་མོར་མཐེ་བོང་རྡོ་རྗེ་ལྕགས་ཀྱུར་བྱས་ནས་ཡེ་ཤེས་པ་དགུག་པའི་བློས་བགྲང་བར་བྱའོ། །དེ་ནས་མངོན་བརྗོད་ལས། སྲོག་རྩོལ་ལས་དང་ཆོ་ག་བཞིན། །ཡེ་ཤེས་ཀྱི་ནི་བཟླས་པ་བྱ། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །བདུད་རྩི་ལྔ་དང་ལྡན་བྱས་ནས། །འཁོར་ལོ་དམ་ཚིག་བཟླས་པ་ནི། །ཁྲོ་བོའི་དམ་ཚིག་བཟླས་བྱས་ནས། །དངོས་གྲུབ་ཐམས་ཅད་བདེ་བར་ཐོབ། །ཅེས་དང་། བཟླས་པས་རྣལ་འབྱོར་དོན་ཆེན་སྟེར། །རྣལ་འབྱོར་མ་དང་མཁའ་འགྲོ་དཔའ། །མངོན་སུམ་དུ་ནི་མཆོག་ཀྱང་སྩོལ། །


KMC014_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསུངས་པའི་དང་པོ་འཁོར་ལོའི་བཟླས་པའི་ཁྱད་པར་ཡེ་ཤེས་ཀྱི་བཟླས་པ་ནི། གཙོ་བོའི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཉི་མ་ལ་ས་བོན་ཧཱུྃ་ཡིག་ལས་འོད་ཟེར། རྒྱུན་གྱི་བཟླས་པའི་ཚེ། མདོག་ལྷའི་མདོག་སྟེ་སྔོན་པོ་དང་། ཞི་སོགས་ལས་སོ་སོ་ལ་དཀར་པོ་བྱུང་། ཡབ་ཀྱི་ཞལ་ནས་ཐོན་ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་ཡུམ་གྱི་མཁའ་ནས་ཡབ་ཀྱི་རྡོ་རྗེར་ཞུགས། སྐུའི་དབྱིབས་བརྒྱུད་ཐུགས་ཀའི་ས་བོན་ལ་ཐིམ་པར་བསམ་གྱིན་བཟླའོ། །དེ་ཉིད་གོ་བཟློག་པའི་དམིགས་པ་ནི་དོལ་སྟེ་ཁྱོགས་ཀྱི་བཟླས་པའོ། །འཁོར་ལོའི་བཟླས་པ་ཉིད་ཁྲོ་བོ་ལ་བསྔགས་པར་བཤད་པས་དེ་ལྟ་བུའི་འཁོར་ལོ་བཟླས་པ་ནི་འདིར་དཔལ་འཁོར་ལོ་སྡོམ་པ་ཧེ་རུ་ཀ་ཁྲོ་བོ་ཐམས་ཅད་ཀྱི་རབ་མཆོག་ཡིན་པའི་ཕྱིར་ཤིན་ཏུ་བཟང་ངོ་། །ཕྱིས་འོད་ཟེར་སྔགས་ཕྲེང་དུ་བསྒྱུར་ནས་བསྒོམ་པར་བྱའོ། །ལས་སོ་སོའི་སྐབས་སུ། ཞི་བ་ལ་སྔགས་ཀྱི་ཡིག་འབྲུ་རྣམས་ཅུང་


KMC014_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་མ་རེག་པ། ཡིག་འབྲུ་རེ་རེ་བཞིན་འོད་ཟེར་དཀར་པོ་འཕྲོ་བ་དལ་གྱིས་འགྲོ་བར་བསྒོམ་པའོ། །དབང་ལ་ནི་ཡིག་འབྲུ་དམར་པོ་འོད་ཟེར་དམར་པོ་ཅན་ཡི་གེ་སྔ་མའི་ཞབས་ལ་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཡོད་ཅིང་། ཕྱི་མའི་མགོ་ལ་འོད་ཟེར་ཞག་མིག་ལྟ་བུ་ཡོད་པ། དེ་ལ་ལྕགས་ཀྱུས་བཏབ་ཏེ་སྔ་མས་ཕྱི་མ་དྲང་བའི་འགྲོས་ནི་ལུ་གུ་རྒྱུད་ལྟ་བུའི་འགྲོས་སོ། །དྲག་པོ་ལ་ཡི་གེ་སྔ་མ་སྔ་མ་ཕྱི་མ་ཕྱི་མས་འཕུལ་ཞིང་ཤིན་ཏུ་མྱུར་བ་མདའི་ཤུགས་ལྟར་འགྲོ་བའོ། རྒྱས་པ་ལ་ནི་ཡིག་འབྲུ་རེ་རེ་ལས་འོད་ཟེར་ཡི་གེའི་སྨད་ཀྱི་ཕྱོགས་ལ་ཇེ་རྒྱས་རྩེ་མོ་ཅུང་ཟད་འཁྱིལ་བའི་རྣམ་པ་ཅན་མང་པོ་གཤིབས་པ་རྨ་བྱའི་སྒྲོ་ཕོན་ལྟ་བུ་བསྒོམ་པ་སྟེ། ཐམས་ཅད་ལ་ཡང་མཚུངས་པར་ཡིག་འབྲུ་སྔ་མ་སྔ་མའི་ཞབས་ཀྱི་ཕྱོགས་ལ་ཕྱི་མ་ཕྱི་མའི་མགོ་མཐུད་དེ་ཡིག་འབྲུ་མ་རེག་ཅིང་འོད་ཟེར་འབྲེལ་བའི་ཚུལ་གྱིས་འཁོར་བར་བསྒོམ་མོ། །སྤྲོ་བསྡུ་དམ་ཚིག་གི་བཟླས་པ་


KMC014_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་པདྨའི་ལྟེ་བར་ནཱ་དའི་རྩེ་མོ་ནས། གང་ཟློ་བའི་སྔགས་ཕྲེང་དེ་འཕྲོས། སྣ་བུག་གཡས་ནས་ཐོན། དཀྱིལ་འཁོར་གྱི་ལྷ་ཚོགས་ཏེ་དཔའ་བོ་དང་རྣལ་འབྱོར་མ་རྣམས་སུ་གྱུར། འགྲོ་བའི་དོན་མཛད་ནས་ལྷ་ཚོགས་དེ་རྣམས་སྔགས་ཕྲེང་གི་གཟུགས་སུ་གྱུར་ཏེ། ཡང་སྣ་བུག་གཡོན་ནས་ཞུགས་ཏེ་སླར་ནཱ་ད་ལ་ཐིམ་པར་བསམ་གྱིན་བཟླའོ། ༈ །ཐུན་བསྡུ་བའི་ཚེ། ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་སྣོད་བཅུད་ཐམས་ཅད་ལྷའི་རྣམ་པར་གྱུར། དེ་ཐམས་ཅད་གཞལ་ཡས་ཁང་ལ་ཐིམ། དེ་འོད་དུ་ཞུ་ནས་འཁོར་རྣམས་ལ། དེ་ཡང་ཡུམ་ལ། ཡུམ་ཡང་ཡབ་ལ་ཐིམ། དེ་ཡང་ཐུགས་ཀའི་ཧཱུྃ་ལ་ཐིམ། དེ་ཡང་གྱེན་རྫོགས་སུ་ཡལ་བར་བསམ་ལ་རྣམ་པར་མི་རྟོག་པའི་ངང་དུ་བཞག་གོ །སླར་ཡང་དེའི་ངང་ལས་གཙོ་བོ་ལྷན་སྐྱེས་ཡབ་དཔའ་བོ་གཅིག་པའི་རྣམ་པར་གསལ་ཞིང་། གཏོར་མ་སོགས་ཐུན་མཚམས་ཀྱི་རྣལ་འབྱོར་ལ་འཇུག་གོ །སྐབས་


KMC014_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ལས་དང་པོ་པ་ལ་མཁོ་བའི་འཁོར་ལོ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་མདོག་སོགས་ནི། ཐུགས་ཀྱི་འཁོར་ལོའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ནི། ཤར་གྱི་རྩིབས་ལ་ཐོད་པའི་དུམ་བུ་དང་རབ་གཏུམ་མ། བྱང་དུ་ཀེང་རུས་ཆེན་མོ་དང་གཏུམ་མིག་མ། ནུབ་ཏུ་ཀེང་རུས་དང་འོད་ལྡན་མ་དང་། ལྷོར་མཆེ་བ་རྣམ་གཙིགས་དང་སྣ་ཆེན་མ། མེར་ཆང་དགྲ་དང་དཔའ་བློ་མ། སྲིན་པོར་འོད་དཔག་མེད་དང་མིའུ་ཐུང་མ། རླུང་དུ་རྡོ་རྗེ་འོད་དང་ལངྐའི་དབང་ཕྱུག །དབང་ལྡན་དུ་རྡོ་རྗེ་ལུས་དང་ཤིང་གྲིབ་མ། མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་པ་རྣམས་སྐུ་མདོག་སྔོན་པོ། གསུང་གི་འཁོར་ལོར། ཤར་དུ་མྱུ་གུ་ཅན་དང་ས་སྲུང་མ། བྱང་དུ་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ནུབ་ཏུ་དཔའ་མོ་ཆེན་མོ་དང་རླུང་ཤུགས་མ། ལྷོར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ། མེར་རབ་ཏུ་བཟང་པོ་དང་སྔོ་སངས་ལྷ་མོ། བདེན་བྲལ་དུ་རྡོ་རྗེ་བཟང་པོ་དང་


KMC014_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་བཟང་མ། རླུང་དུ་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། དབང་ལྡན་དུ་མིག་མི་བཟང་དང་བྱ་གདོང་མ། ས་སྤྱོད་གསུང་གི་འཁོར་ལོ་པ་རྣམས་སྐུ་མདོག་དམར་པོ། སྐུའི་འཁོར་ལོའི་ཤར་གྱི་རྩིབས་ལ་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བྱང་དུ་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ། ནུབ་ཏུ་རྟ་མགྲིན་དང་ཆང་འཚོང་མ། ལྷོའི་རྩིབས་ལ་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། མེར་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། སྲིན་པོར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། རླུང་དུ་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། བྱང་ཤར་དུ་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་ས་འོག་སྐུའི་འཁོར་ལོའི་ལྷ་རྣམས་སྐུ་མདོག་དཀར་པོ། དཔའ་བོ་ཐམས་ཅད་ཞལ་གཅིག་ཕྱག་བཞི་དང་པོ་གཉིས་རྡོར་དྲིལ། འོག་མ་གཉིས་ཌཱ་མ་རུ་དང་ཁ་ཊྭཱཾ་ག་བསྣམས་པ། ཡུམ་རྣམས་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་མ་ཡབ་ལ་འཁྱུད་པའོ། །གཞན་


KMC014_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདིར་གསང་སྔགས་བླ་མེད་ཀྱི་ལྷ་ཡབ་ཡུམ་ཁ་སྦྱོར་ཅན་ཞིག་ལ་ལྷན་སྐྱེས་སུ་མཚན་གསོལ་བ་ཡིན་ནོ། །རང་ལུགས་ཀྱི་རྡོ་རྗེ་ཕག་མོ་འདི་ལ་ཡང་ཡབ་ཧེ་རུ་ཀ་སྦས་པའི་ཚུལ་དུ་སྦྱོར་བས་གྲུ་མོ་ན་ཁ་ཊྭཱཾ་ག་བཅུག་པ་ཁ་སྦྱོར་གྱི་སྐུ་ཡིན་པས་ན་ལྷན་སྐྱེས་མ་ཞེས་ཟེར་རོ། །འདིའི་བསྙེན་པ་བྱེད་ཚུལ་གཞུང་གི་དངོས་བསྟན་ལྟར་ན། ཐོག་མར་རྡོག་མཚམས་ཀྱི་ཁོངས་སུ་ཞག་ཤས་ཤིག་ཏུ་འདི་ནས་བཤད་པའི་སྐྱབས་སེམས་སོགས་སྔོན་དུ་འགྲོ་བའི་སྲུང་འཁོར་བསྒོམ་ཞིང་སུམྦྷ་གང་མང་བཟླ། ཐུན་མཚམས་སུ་མཁའ་འགྲོ་སྤྱི་གཏོར་གང་མང་ཕུལ་ཞིང་བར་ཆད་མི་འབྱུང་བའི་ཕྲིན་ལས་བཅོལ། ཐོག་མར་ཕུར་འདེབས་སོགས་དངོས་སུ་ཡང་བྱེད་པར་བཤད་པས་དེ་ལྟར་བྱས་ཟིན་པའི་ཕུར་བུ་བཅུ་པོ་ཕྱོགས་སོ་སོར་བཞུགས་སུ་གསོལ་ནས་ཕུར་བུའི་ལྷ་ལ་མཆོད་བསྟོད་དང་བར་ཆད་མི་འབྱུང་བའི་ཕྲིན་ལས་བཅོལ། དམིགས་པ་གསལ་བར་


KMC014_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་པས་ཀྱང་འགྲུབ་པས་ཕུར་འདེབས་དངོས་སུ་ངེས་པར་དགོས་པ་ཡང་མིན་ནོ། །དེ་ནས་བསྙེན་པ་དངོས་གཞི་ལ་མཚམས་དམ་པོར་བཅད་ནས། མངོན་རྟོགས་སོགས་ཤར་ཅིག་བསྒོམ་ནས་རྣམ་པ་ལ་བསླབ་པ་ནི། ཐོག་མར་གཙུག་གི་ནོར་བུའམ། ཕྱག་སེན་དམར་པོ་འོད་འཕྲོ་བ་ལ་སེམས་འཛིན་པའི་དམིགས་བསྐོར་གཅིག །དེ་ནས་ཐོར་ཚུགས་དང་བཅས་པའི་ཞལ་རས་ལ། སྐུ་བྱིངས་ལ། ཕྱག་གཉིས་ན་བཟའ་རྒྱན་དང་བཅས་པ། སྐུ་ཡོངས་རྫོགས་ལ་སེམས་འཛིན་པའི་བར་དམིགས་སྐོར་རེ་རེ་བྱ། ང་རྒྱལ་ལ་བསླབ་པ་ནི། རང་ཉིད་དཔལ་ཧེ་རུ་ཀ་དངོས་ཡིན་བསམ་པ་ལ་གཅིག །རང་གི་མིང་རུས་སོགས་ཀྱི་འཛིན་པ་ཆེད་དུ་སྤངས་ཏེ་ལྷའི་ང་རྒྱལ་ལ་བསླབ་པར་གཅིག །སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་ཧེ་རུ་ཀ་དེ་ང་ཡིན། ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་ང་ལ་ཡོད་དེ། དེའི་ཕྱིར་ང་ཧེ་རུ་ཀའོ་བསམ་པའི་ང་རྒྱལ་


KMC014_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པོ་ཡུན་ཇེ་རིང་དུ་སྐྱོང་བར་གཅིག་སྟེ་གསུམ་པོ་དེ་ལ་བསླབ་བོ། །སླར་ཡང་ང་རྒྱལ་དང་གསལ་སྣང་དེ་ཉིད་ཀྱི་སྟེང་དུ་རང་བཞིན་མ་བཅོས་པའི་ཚུལ་དུ་མཉམ་པར་འཇོག་པའང་གྲུབ་ན་བྱ་སྟེ། ཟབ་གསལ་གཉིས་སུ་མེད་པའི་ཚུལ་དུ་འགྱུར་རོ། །ཡང་བསྐྱེད་རིམ་གྱི་ལྷ་སྐུ་ལ་དམིགས་ཤིང་། དེས་ཉེ་བར་མཚོན་པའི་ཆོས་ཐམས་ཅད་གཅིག་དུ་བྲལ། རྟེན་འབྱུང་གི་རིགས་པ་སོགས་ལ་བརྟེན་ནས་སྣང་བ་ལྟར་རང་བཞིན་མ་གྲུབ་པའི་ཚུལ་ལ་དམིགས་ནས་གསལ་སྟོང་དུ་བསྒོམ་མོ། །དེ་ནས་ཕྲ་ཐིག་དང་བཟླས་པའི་རྣལ་འབྱོར་སོགས་གོང་དུ་བཤད་པ་ལྟར་ལས། ཁྱད་པར་དུ་སྔགས་བཟླ་བའི་ཚེ་ཡིག་འབྲུ་རེ་རེ་བཞིན་རང་གི་སྒྲ་རྒྱུན་མི་འཆད་པར་འབྱུང་བ་དང་། གཙོ་འཁོར་ཐམས་ཅད་ཀྱིས་ཀྱང་སྔགས་བཟླ་གྲོགས་མཛད་པ་དང་། ཕྱོགས་བཅུའི་སངས་རྒྱས་བྱང་སེམས། ཡུལ་ཆེན་ཉེར་བཞིའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་


KMC014_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རང་ལ་བྱིན་གྱིས་རློབ་པའི་དོན་དུ་ཐམས་ཅད་ཀྱང་མདུན་གྱི་ནམ་མཁའ་གང་བར་བཞུགས་ཏེ་སྔགས་བཟླ་གྲོགས་མཛད་ཅིང་བྱིན་གྱིས་རློབ་པར་བསམ། དམིགས་པ་རྒྱ་ཆེ་ན་སེམས་ཅན་ཐམས་ཅད་ཀྱང་ཧེ་རུ་ཀའི་གོ་འཕང་ལ་བཀོད་དེ། དེ་ཐམས་ཅད་ཀྱིས་སྔགས་བཟླ་བར་བསམ་ལ་བཟླའོ། །གཞན་བཟླས་པའི་གོ་དོན་སོགས་ཁོ་བོས་བྱས་པའི་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བསྙེན་ཡིག་དུ་བཀོད་ཡོད་པ་དེར་བལྟ་དགོས་སོ། །རྨི་ལམ་རྩུབ་པ་སོགས་བྱུང་ན་སྲུང་འཁོར་དྲག་ཏུ་བསྒོམ། སུམྦྷ་མང་དུ་བཟླ། དེས་ཀྱང་མ་སེལ་ན་མཁའ་འགྲོ་སྤྱི་གཏོར་གང་མང་འབུལ་ལ་ཕྲིན་ལས་བཅོལ། ཕུར་གདབ་དངོས་སམ་དམིགས་པ་དྲག་ཏུ་བསྒོམ། སུམྦྷའི་བསྙེན་པ་མང་དུ་བྱས་པས་སེལ་བར་འགྱུར་རོ། །ཞེས་རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔ་ལས་དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་སྒྲུབ་ཐབས་ཀྱི་རྣམ་བཤད་ཤིན་ཏུ་ཉུང་ངུར་


KMC014_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་འདི་ནི། ལས་དང་པོ་པ་ལས་ཀྱང་ཆེས་དང་པོ་པར་གྱུར་བའི་གང་ཟག་རྣམས་ལ་ཕན་པའི་ཆེད་དུ་ལུང་སྦྱོར་དང་རྒྱས་བཤད་དང་དགག་བཞག་དང་ཚིག་སྦྱོར་མཛེས་ཁྲིགས་སོགས་སྤངས་ཤིང་། ཕྲལ་དབང་དུ་གྱུར་པས་ཚིག་སྣ་ཡང་ཆེས་བསྡུས་པ་ཙམ་དུ་བཀོད་པ་འདི་ནི་དབུ་མཛད་ཀརྨ་འཇིགས་མེད་དང་འཇང་བན་ཀརྨ་དཔལ་རྒྱས་གཉིས་ཀྱི་གསུང་གིས་བསྐུལ་བ་མ་བཟློག་ཙམ་དུ་ཀརྨ་ཚེ་དབང་ཀུན་ཁྱབ་ཀྱིས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་ཆོས་གྲྭར་བྲིས་པ་སརྦ་མངྒ་ལཾ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousདཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་སྒྲུབ་ཐབས་ཀྱི་རྣམ་བཤད་ཤིན་ཏུ་བསྡུས་པ་ལས་དང་པོ་པ་ལ་ཉེ་བར་མཁོ་བའི་ཚོགས་ལྡན་འདོད་འཇོའི་བུམ་པ་བཟང་པོ་ལེགས་པར་སྨྲ་བའི་ཟིན་བྲིས།next