Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་དཀྱིལ་ཆོག་གི་རྣམ་པར་བཤད་པ་རྣལ་འབྱོར་དགྱེས་པའི་དགའ་སྟོན།


 
previousདཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་དཀྱིལ་ཆོག་གི་རྣམ་པར་བཤད་པ་རྣལ་འབྱོར་དགྱེས་པའི་དགའ་སྟོན།no next

དཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་དཀྱིལ་ཆོག་གི་རྣམ་པར་བཤད་པ་རྣལ་འབྱོར་དགྱེས་པའི་དགའ་སྟོན།


KMC014_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་དཀྱིལ་ཆོག་གི་རྣམ་པར་བཤད་པ་རྣལ་འབྱོར་དགྱེས་པའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །


KMC014_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲཱི་ཛཱ་ལ་སམྦ་རཱ་ཡ། །རབ་འབྱམས་རྒྱལ་བའི་མི་ཟད་རྒྱན་འཁོར་ལྔ། །འཕོ་མེད་བདེ་ཆེན་ཀློང་དུ་སྡོམ་མཛད་པ། །བཅོམ་ལྡན་དཔའ་བོའི་དབང་ཕྱུག་གང་དེ་ལ། །གུས་པས་འདུད་དོ་བཀའ་གནང་བྱིན་གྱིས་རློབས། །ཟབ་གསང་རྒྱུད་རྒྱལ་དགོངས་དོན་པདྨོའི་ཚལ། །རྒྱུད་འགྲེལ་ཉི་མའི་སྣང་བས་འབྱེད་མཛད་ལ། །བརྟེན་ཏེ་རྣམ་འགྲེལ་ལེགས་བཤད་བདུད་རྩིའི་སྐྱེས། །རྣལ་འབྱོར་རོལ་པའི་དགའ་སྟོན་འདི་ན་སྤེལ། །དེ་ལ་འདིར་དཔལ་ལྡན་ནཱ་རོ་ཏ་པ་


KMC014_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་སྲས་ཀྱི་གདམས་སྐོར་མ་རྒྱུད་སྐོར་དྲུག་ཏུ་གྲགས་པའི་ཡ་རྒྱལ་ཡང་སྙིང་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་གྱི་ཆོ་གའི་ཟིན་བྲིས་རྣམ་བཤད་མདོར་བསྡུས་ཙམ་བྲི་བ་ལ་བཞི་སྟེ། དང་པོ་སྟོན་པས་རྒྱུད་ཇི་ལྟར་གསུངས་པའི་ཚུལ། བྱེ་བྲག་ཏུ་རྒྱུད་འདི་གང་དུ་གཏོགས་ངོས་བཟུང་བ། སྦྱོར་བ་ཡོ་བྱད་ཀྱི་བཤམ། དངོས་གཞི་རིམ་པ་དང་པོའི་སྒོམ་རིམ་རྣམ་པར་བཤད་པའོ། །དང་པོ་ནི། དེ་ཡང་འཁོར་ལོ་བདེ་མཆོག་གི་རྒྱུད་རྣམས་སྔོན་གྱི་འདས་པའི་


KMC014_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་ཀྱིས་རྒྱ་ཆེར་གསུངས་པ་ལ། སླར་ཡང་གཉིས་ལྡན་གྱི་དུས་སུ་འཛམ་གླིང་འདིར་སྟོན་པ་སྤྲུལ་པའི་སྐུ་ཉིད་འབྲས་བུ་ཧེ་རུ་ཀའི་རྣམ་པར་བཞེངས་ཏེ། རི་རབ་ཀྱི་བྱང་ཤར་དང་ལྷ་གནས་རྣམས་དང་མ་ག་དྷ་རུ་འཁོར་སངས་རྒྱས་དང་བྱང་སེམས་རིགས་ལྔའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་རྒྱུད་ཐམས་ཅད་གསུངས་ཤིང་། སླར་ཡང་རྩོད་ལྡན་གྱི་དུས་སུ་དྲག་པོ་འཇིགས་བྱེད་ལྷ་དབང་ཕྱུག་ཆེན་པོ་ཆུང་མ་དང་བཅས་པས་ཡུལ་ཉེར་བཞི་དུར་ཁྲོད་བརྒྱད་ཐམས་ཅད་དབང་དུ་བསྡུས་ཏེ་ཐམས་ཅད་ལོག་པའི་ལམ་དུ་ཞུགས་པ་ལ་བརྟེན་ཏེ། སྟོན་པ་རྡོ་རྗེ་འཆང་ཉིད་བྱང་ཆུབ་ལྔས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ཏེ་འཁོར་སངས་རྒྱས་བྱང་སེམས་དཔག་མེད་ལ་འོད་གསལ་ལྷན་ཅིག་སྐྱེས་པའི་ཆོས་བསྟན། དྲག་པོ་དབང་ཕྱུག་འཁོར་བཅས་འདུལ་བའི་དུས་ལ་བབ་པར་མཁྱེན་ནས། སྤྲུལ་པ་འབྲས་བུའི་ཧེ་རུ་


KMC014_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་སྐུར་བཞེངས་ཏེ་རི་རབ་ཀྱི་རྩེ་མོར་བྱོན་ཏེ། འཛམ་བུ་གླིང་འདིར་བདེ་མཆོག་ཞལ་བཞི་ཕྱག་བཅུ་དྲུག་པའི་སྐུར་སྤྲུལ་ཏེ། འཇིགས་བྱེད་དང་དུས་མཚན་གཉིས་ཞབས་འོག་ཏུ་མནན་ཞིང་བཏུལ། སྤྲུལ་པའི་འཁོར་རྣམས་ཀྱིས་ཀྱང་གནས་ཡུལ་དུར་ཁྲོད་བརྒྱད་ཀྱི་མ་རུང་པ་ཐམས་ཅད་ཚར་བཅད་དེ་རི་རབ་ཀྱི་རྩེ་མོར་བཅོམ་ལྡན་འདས་ཀྱི་གཞལ་ཡས་ཁང་དུ་འཁོད་དེ། དེའི་ཚེ་འཁོར་གྱི་དཀྱིལ་འཁོར་དང་། སངས་རྒྱས་བྱང་སེམས་རི་རབ་ཀྱི་རྡུལ་དང་མཉམ་པ་རྣམས་དང་། ཁྱད་པར་དུ་རྡོ་རྗེ་རྣལ་འབྱོར་མས་ཞུས་པ་བརྟེན་ཏེ་རྩ་བའི་རྒྱུད་འབུམ་པ་དང་དེའི་བསྡུས་རྒྱུད་ཨ་བྷི་དྷ་ན་དང་། རྡོ་རྗེ་མཁའ་འགྲོ་སོགས་གསུངས་ཤིང་། ཕྱག་རྡོར་གྱིས་ཞུས་ཏེ་བཤད་རྒྱུད་རྣལ་འབྱོར་མ་ཀུན་སྤྱོད་དང་། དཔལ་དྲྭ་བ་སྡོམ་པའི་རྒྱུད། བདེ་མཆོག་ཉུང་ངུའི་རྒྱུད་སོགས་བདེ་མཆོག་གི་རྒྱུད་མཐའ་དག་གསུངས་པ་ཡིན་ལ། དེ་དག་མི་ཡུལ་དུ་དར་ཚུལ་ནི།


KMC014_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སྡོམ་པའི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་གནས་གསུམ་དུ་གྲགས་པ་སྟེ། །རྒྱ་གར་ཤར་ལྷོའི་ཕྱོགས་མཚམས་སུ། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །ལག་ན་རྡོ་རྗེས་སྣང་བར་བྱེད། །བྱང་ཆུབ་མཆོག་ཏུ་འགྲུབ་འགྱུར་བས། །དེ་ལ་རྟག་ཏུ་གུས་པར་གྱིས། ཅེས་གསུངས་པ་ལྟར་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་གཉིས་འདས་པ་ན་རྒྱ་གར་ཤར་ལྷོའི་ཕྱོགས་གྲོང་ཁྱེར་ས་ཏི་ཀཱི་རྟི་ཞེས་བྱ་བར་རྒྱལ་པོ་རབ་གསལ་ཟླ་བའི་རིག་འཛིན་རྒྱལ་པོ་ཛ་ཞེས་བྱ་བ་ལ་རྒྱུད་མཐའ་དག་ཕྱག་ན་རྡོ་རྗེས་སྩལ་ཏེ་རིམ་པར་འཕགས་ཡུལ་དུ་དར་བ་ལས། ཁྱད་པར་དུ་ལུགས་འདིའི་ཤིང་རྟའི་སྲོལ་འབྱེད་དང་པོ་ནི་དཔལ་ཤ་བ་རི་པའི་སློབ་མ་ལཱུ་ཡི་པ་སྟེ། རྒྱ་གར་ཤར་ཕྱོགས་བྷ་ག་ལར་ཉའི་རྒྱུ་ལྟོ་གསོལ་ཞིང་སྒྲུབ་པ་མཛད་པས་རྒྱ་སྐད་དུ་ལཱུ་ཡི་པ་སྟེ་བོད་སྐད་དུ་ཉ་ལྟོ་བར་གྲགས།


KMC014_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་གྲུབ་པ་བརྙེས་ནས་ཨུ་ཌ་བི་ཤའི་རྒྱལ་པོ་དང་བློན་པོ་རྫུ་འཕྲུལ་གྱིས་བཏུལ་ཏེ་རྗེས་སུ་བཟུང་བས། རྒྱལ་པོ་གྲུབ་པ་ཐོབ་པ་ལ་ད་རི་ཀ་པ་དང་། བློན་པོ་གྲུབ་པ་ཐོབ་པ་ཌིངྒི་པར་དཔལ་ཏཻ་ལོ་བས་ཀྱང་འདི་ལས་གསན་པའོ། །མཆན། གྲགས་ཏེ་འཁོར་ལྔ་བརྒྱ་དང་བཅས་པ་འཇའ་ལུས་སུ་བྱོན། སློབ་དཔོན་འདིས་ཨོ་རྒྱན་ནས་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་སོགས་སྤྱན་དྲངས་ཤིང་འཁོར་ལོ་སྡོམ་པའི་མངོན་རྟོགས་ཀྱི་གཞུང་མཛད་པ་ལ་ལྭ་ཝ་པས་འགྲེལ་པ་མཛད་པར་བརྟེན་ཏེ་འཕགས་བོད་ཐམས་ཅད་དུ་ཤིན་ཏུ་དར་ཞིང་དཔལ་སྡོམ་པའི་ཆོས་ཚུལ་གྱི་ཆུ་མགོ་ལྟ་བུ་ཡིན་ནོ། །སྲོལ་འབྱེད་གཉིས་པ་ནི་གྲུབ་ཐོབ་ད་རི་ཀ་པའི་སློབ་མ་རྡོ་རྗེ་དྲིལ་བུ་པ་སྟེ། རྡོ་རྗེ་ཕག་མོས་དངོས་སུ་ལུང་བསྟན་ཏེ་ཨོ་ཌི་བི་ཤའི་ཡུལ་དུ་སྒྲུབ་པ་མཛད་ཚེ་དང་པོ་རྒྱལ་པོས་སྤྱན་དྲངས་པ་ལ། རིག་མ་དང་བཅས་ཏེ་བྱོན་པས་སྐྱེ་བོ་རྣམས་མ་དད་པས་དེ་རྣམས་འདུལ་བའི་དོན་


KMC014_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཁྱེའུ་དང་བུ་མོ་གཉིས་སྤྲུལ་ཏེ་ཡུལ་དེར་བྱོན་པས་མ་དད་དེ་སྐུར་པ་བཏབ་པས། རྭའི་གསོལ་ཞལ་ས་ལ་བརྡབས་པས་ས་འོག་ནས་ཆུ་བྱུང་། ཁྱེའུ་དེ་རྡོ་རྗེར་བྱས། བུ་མོ་དྲིལ་བུར་སོང་བ་ཕྱག་ཏུ་བསྣམས་ཏེ་སློབ་དཔོན་ཡབ་ཡུམ་བདེ་མཆོག་ལྷན་སྐྱེས་ཀྱི་སྐུར་གྱུར་ནས་ནམ་མཁའ་ལ་གཤེགས་པས་མཚན་དུ་རྡོ་རྗེ་དྲིལ་བུར་པར་གྲགས། ཨོ་རྒྱན་ནས་བདེ་མཆོག་ཨ་བྷི་དྷཱ་ན་སྟེ་མངོན་བརྗོད་བླ་མའི་རྒྱུད་སྤྱན་དྲངས་ཏེ་བདེ་མཆོག་ལུས་དཀྱིལ་གྱི་སྒྲུབ་ཐབས་དང་། དབང་ཆོག་དང་། རྫོགས་རིམ་རིམ་ལྔ་སྟེ་དྲིལ་ལུགས་སྐོར་གསུམ་དུ་གྲགས་པ་མཛད་དེ། སློབ་མ་གྲུབ་པ་ཐོབ་པ་མང་དུ་བྱོན་པའི་གཙོ་བོ་རུ་སྦལ་ཞབས་ཡིན་ལ། དེས་ཛཱ་ལནྡྷ་རི་བ། དེས་ནག་པོ་པ་སོགས་རིམ་པར་གྲུབ་པའི་གནས་སུ་བཀོད་པ་ཡིན་ནོ། །སྲོལ་འབྱེད་གསུམ་པ་ནི་སློབ་དཔོན་ནག་པོ་སྤྱོད་པ་སྟེ། དུས་འཁོར་བསྡུས་རྒྱུད་ལས། ཁ་ཊྭཱཾ་ཅང་ཏེའུ་ཆང་སྣོད་ཐོགས་པ་ནག་པོའི་


KMC014_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ཅན་རྣལ་འབྱོར་འབྱུང་བར་འགྱུར། ཞེས་ལུང་བསྟན་པ་ལྟར་གྲུབ་ཐོབ་སྟོང་དང་བཞི་བརྒྱའི་འཁོར་གྱིས་བསྐོར་ཏེ་ཡུལ་ཆེན་བཅུ་གསུམ་གྱི་སྐྱེ་བོ་ཕལ་ཆེར་རྡོ་རྗེ་འཛིན་པའི་ས་ལ་བཀོད་ཅིང་། མཁའ་འགྲོ་མ་བསྐལ་པ་བཟང་པོའི་ཕྱག་ནས་དཔལ་སམྦུ་ཊིའི་རྒྱུད་དང་། སྡོམ་འབྱུང་དང་། རྡོ་རྗེ་མཁའ་འགྲོ་སོགས་ཀྱི་རྒྱུད་སྤྱན་དྲངས་ཏེ། དཔལ་ཧེ་རུ་ཀ་ཉིད་ཀྱིས་རྗེས་སུ་གནང་བ་བཞིན་སྡོམ་པའི་སྒྲུབ་ཐབས་དང་དབང་ཆོག །སྦྱིན་སྲེག་སྟེ་བསྐྱེད་རིམ་གྱི་གཞུང་གསུམ་དང་། དཔྱིད་ཐིག་དང་རིམ་པ་བཞི་པ་དང་། གསང་བའི་དེ་ཁོ་ན་ཉིད་དེ་རྫོགས་རིམ་གཞུང་གསུམ་སྟེ་ནག་པོ་པའི་གཞུང་དྲུག་ཏུ་གྲགས་པ་མཛད་པ་རྣམས་ནི་སྡོམ་པའི་བཀའ་སྲོལ་རྣམས་ལས་མཆོག་ཏུ་གྱུར་པ་ལཱུ་ནག་དྲིལ་གསུམ་གྱི་ལུགས་ཞེས་འཕགས་པའི་ཡུལ་དུ་ཉི་ཟླ་ལྟར་གྲགས་པའོ། །ཕྱིས་སུ་པཎ་ཆེན་ནཱ་རོ་པ་ཆེན་པོའི་ལུགས་ཀྱི་བདེ་མཆོག་ལྷ་ལྔ་འདི་ཡང་གཙོ་བོར་


KMC014_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཐོབ་ལཱུ་ཡི་པ་དང་ནག་པོ་པའི་གདམས་སྲོལ་ལས་བྱུང་བ་ལྟར་རོ། ༈ །གཉིས་པ་རྒྱུད་འདི་ཉིད་གང་དུ་གཏོགས་ངོས་བཟུང་བ་ནི། དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་པར་གསུངས་པ་ཐམས་ཅད་མདོར་དྲིལ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུ་ལ། ཐེག་པ་ཆེན་པོ་དེ་ལའང་མཚན་ཉིད་རྒྱུའི་ཐེག་པ་དང་འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་དབྱེར་ཡོད་པ་ལས་འདི་ནི་ཕྱི་མ་ཉིད་དོ། །དེ་ལའང་དབྱེ་ན་བྱ་སྤྱོད་རྣལ་འབྱོར་རྣལ་འབྱོར་བླ་ན་མེད་པ་དང་བཞིར་དབྱེ་བ་ལས། ཕྱི་མ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལ་དབྱེ་ན་སྟོང་ཕྲག་མང་དུ་གསུངས་པ་ཉིད་མདོར་དྲིལ་ན། ཐབས་གཙོ་བོར་སྟོན་པ་ཕ་རྒྱུད་དང་། ཤེས་རབ་གཙོ་བོར་སྟོན་པ་མ་རྒྱུད། ཟུང་འཇུག་གཙོ་བོར་སྟོན་པ་གཉིས་མེད་ཀྱི་རྒྱུད་དང་གསུམ་ལས། མ་རྒྱུད་རིགས་དྲུག་གི་ནང་གསེས་དཔལ་ཧེ་རུ་ཀའི་རིགས་སུ་གཏོགས་པ་རྣལ་འབྱོར་མའི་


KMC014_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་བརྟེན་པ་སྟེ། གུར་ལས། ཤེས་རབ་ཕ་རོལ་ཕྱིན་མའི་ཐབས། །འདི་ནི་རྣལ་འབྱོར་མར་བརྗོད་དོ། །ཕྱག་རྒྱ་ཆེན་པོར་རབ་སྦྱོར་བས། །གང་ཕྱིར་དེ་ཉིད་ལ་འཇུག་པ། །རྣལ་འབྱོར་མ་ཡི་རྒྱུད་བཞེད་དོ། །ཞེས་གསུངས་པ་ལྟར་ལྷ་འདི་ཉིད་ཀྱི་རྫོགས་རིམ་མཐར་ཐུག་ནི་འོད་གསལ་ཕྱག་རྒྱ་ཆེན་པོའི་གདམས་པ་ཉིད་ཡིན་པས་འདིའི་བསྐྱེད་རིམ་གྱི་རྩལ་འབྱོངས་ནས་གཟོད་ཕྱག་ཆེན་ལ་འཇུག་པ་གལ་ཆེ་ཞེས་གྲུབ་ཐོབ་གོང་མ་རྣམ་གསུམ་གྱིས་གསུངས་སོ། ༈ །གསུམ་པ་སྦྱོར་བ་ཡོ་བྱད་བཤམ་གྱི་ཐོག་མར་འཇུག་པ་པོའི་རྟེན་གྱི་གང་ཟག་ཀྱང་། རྒྱུད་ལས། ཡང་དག་ཡེ་ཤེས་རྒྱུད་ཤེས་ཤིང་། །ཧེ་རུ་ཀ་དཔལ་གསང་སྔགས་ཤེས། །ཁྲོ་མེད་གཙང་སྦྲ་བརྩོན་འགྲུས་ལྡན། །སྦྱོར་ཤེས་ཡེ་ཤེས་ཕ་རོལ་ཕྱིན། །ཅེས་གསུངས་པ་ལྟ་བུ་དང་ལྡན་པའི་གང་ཟག་གིས་དུས་ནམ་གྱི་ཚེ་བྱ་ན། རྒྱུད་ལས། དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། །ཟླ་


KMC014_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བ་རེ་རེ་བསྲུང་བར་ནི། །གཉིས་མེད་གཉིས་མེད་འཁོར་ལོར་གནས། །ཚེས་བཅུ་ལ་ནི་དེ་རབ་མཆོད། །ཅེས་དང་། ལཱུ་ཡི་པའི་མངོན་རྟོགས་འགྲེལ་པ་ལས། རྒྱལ་དང་ནག་པ་བྲ་ཉེ་བྱ་དབོའི་ཟླ་བ་མ་གཏོགས་པའི་ཟླ་བ་རྣམས་དང་། ཚེས་གཉིས་པ། གསུམ་པ། ལྔ་པ། བདུན་པ། བཅུ་པ། བཅུ་གསུམ་པ། ཉ་དང་། གཟའ་ཟླ་བ། ལྷག་པ། ཕུར་བུ། པ་སངས་རྣམས་སུའོ། །སྐར་མ་སྣར་མ། མགོ །ལག རྒྱལ། དབོ། མེ་བཞི། ལྷ་མཚམས། སྣྲོན། སྣུབ། གྲོ་བཞིན། ཆུ་སྟོད། ཆུ་སྨད། ཁྲུམས་སྟོད། ཁྲུམས་སྨད་རྣམས་སུའོ། །ཞེས་གསུངས་པ་ལྟར་དང་། གང་དུ་བྱ་བའི་གནས་ཀྱང་རྒྱུད་ལས། གང་དུ་ས་སྐྱོང་ཆོས་ལྡན་ཅིང་། །གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། །བདེར་གནས་ས་འཛིན་རྩོད་མེད་པ། །དེར་ནི་རྣལ་འབྱོར་བརྩམ་པར་བྱ། །ཞེས་གསུངས་པ་ལྟ་བུའི་གནས་སུ་རང་མདུན་གྱི་གོ་སར་བདག་བསྐྱེད་བསྙེན་པའི་སྐབས་སུ་མཆོད་གཏོར་མཐོང་


KMC014_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བཞིན་དང་ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པ་རྣམ་ལྔ་དང་མཚམས་འཛིན་བདུད་རྩིའི་ཐོད་པ་ཙམ་འདུ་བྱ། མདུན་བསྐྱེད་སྒྲུབ་པ་སོགས་དང་འབྲེལ་ཚེ་གཞུང་གསལ་ལྟར་རྡུལ་ཚོན་ནམ་རས་བྲིས་སྐུ་རྟེན། ཐུན་མོང་དང་ཐུན་མིན་གྱི་དབང་རྫས་སོགས་མཐོང་བརྒྱུད་ལྟར་ཚོགས་པར་བྱས་ཏེ་མཆོད་པ་རྣམས་གཡོན་སྐོར་དུ་བཀོད་པར་བྱ་སྟེ། རྒྱུད་ལས། གང་ཕྱིར་སྡོམ་པ་གཙོ་བོ་ཡི། །ངེས་པ་ཐམས་ཅད་གཡོན་ལས་འབྱུང་། །དེ་ཕྱིར་ཆོ་ག་ནུས་པ་ཀུན། །ལས་ནི་གཡོན་པས་རྟག་ཏུ་བྱ། །ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། གཡོན་གྱི་རྒྱུད་ནི་དམིགས་ནས་སུ། །སྐྱེ་བོ་གཡོན་གྱི་སྤྱོད་པར་བྱ། །ཐམས་ཅད་གཡོན་པས་བྱས་ན་ནི། །མྱུར་དུ་དངོས་གྲུབ་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་དཀྱིལ་འཁོར་དང་མཆོད་པ་ལས་སུ་བྱ་བ་ཐམས་ཅད་གཡོན་པས་བགྱི་བ་ནི་གཞུང་འདིའི་ཁྱད་ཆོས་སོ། །དེ་ནས་སྒྲུབ་པོའི་གདན་གྱི་ཁྱད་


KMC014_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང་མིའི་སྲོག་སོང་དངོས་སམ་རི་མོར་བྲིས་པས་ཀྱང་རུང་སྟེ། བརྟག་གཉིས་ལས། རོ་ཡི་གཟུགས་ཅན་དགུ་དང་ནི། །ཡང་ན་སྟག་གི་པགས་པ་ཉིད། །དུར་ཁྲོད་རས་ནི་དེ་བཞིན་ནོ། །ཞེས་གསུངས་པ་ལྟར། རོ་གདན་གྱི་རྣམ་པ་གང་རུང་བྲིས་པའི་སྟེང་དུ་གདུལ་བྱ་དྲག་པོ་དབང་ཕྱུག་ཆེན་པོ་ལྷོ་ཕྱོགས་ལ་གནས་པ་དེར་ཁ་ཕྱོགས་པའམ། ཡང་ན་རྣམ་པར་རྟོག་པ་ཐམས་ཅད་ནུབ་པའི་བརྡ་དང་། འཛམ་གླིང་གི་དཔའ་བོ་མཁའ་འགྲོའི་གནས་ཀྱི་གཙོ་བོ་ཨོ་རྒྱན་ཡུལ་ཡིན་པས་དེར་ཁ་ཕྱོགས་པར་བྱའོ། །དེ་ནས་རང་གི་མདུན་དུ་གཡོན་ནས་བརྩམས་ཏེ་ཆུ་བཞི་མཆོད་པ་རྣམ་ལྔ་དང་། མི་བསྐྱོད་པའི་རང་བཞིན་བདུད་རྩིའི་ཐོད་པ། རིན་འབྱུང་གི་རང་བཞིན་ཅང་ཏེའུ་དར་དཔྱངས་ཅན། འོད་དཔག་མེད་ཀྱི་རང་བཞིན་རྡོ་རྗེ། དོན་གྲུབ་ཀྱི་རང་བཞིན་དྲིལ་བུ་རྣམས་ལེགས་པར་བཀོད་པར་བྱའོ། །དེ་ཡང་དཔའ་བོ་མཁའ་འགྲོ་རྣམས་དབང་དུ་བསྡུ་བའི་རྫས་ཌཱ་


KMC014_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

མ་རུའམ་ཅང་ཏེའུ་ནི། ཕྱི་ལྟར་ན་ཙནྡན་དཀར་དམར་ལ་ཚད་དང་ལྡན་པར་བཟོས་པ་སྟེ། དཔལ་ཡང་དག་སྒྲུབ་པའི་རྒྱུད་ལས། བཛྲི་ཤིཪྴ་རྩ་བ་དང་། །ཙནྡན་དམར་པོ་ལས་བྱུང་དང་། །གཞན་རྣམས་གང་ལ་དེ་རྣམས་ནི། །ཡིད་ལ་འདོད་པ་རྣམས་ལ་བྱ། །ཞེས་དང་། ཚད་ཀྱང་རྒྱུད་དེ་ཉིད་ལས། བཅུ་གཉིས་པ་དང་བཅུ་པ་ཉིད། །ཁ་ལ་སོར་ནི་དྲུག་དང་ལྔ། །དགུ་པ་དང་ནི་བཅུ་གཅིག་པ། །ཁ་ལ་དེ་ཡི་ཕྱེད་ཉིད་དོ། །ཞེས་གསུངས་པ་ལྟར་ཆེ་ཚད་དཔངས་སུ་སོར་བཅུ་གཉིས་དང་། ཁ་རྒྱལ་སོར་དྲུག་ཡོད་པ་དང་། འབྲིང་ཚད་དཔངས་ལ་སོར་བཅུ་དང་ཁའི་ཞེང་ལ་སོར་ལྔ་དང་། ཆུང་ཚད་དཔངས་ལ་སོར་དགུ་ཁ་རྒྱ་ལ་དེའི་ཕྱེད་དེ་སོར་ཕྱེད་དྲུག་བྱ་བར་གསུངས་ལ། ནང་ལྟར་ན་སྐྱེས་པ་ལོ་བཅུ་དྲུག་པ་དང་བུད་མེད་ལོ་བཅུ་གཉིས་པའི་ཐོད་པ་ལྟག་པ་སྤྲད་པ་སྤྲེའུའི་པགས་པས་གཡོགས་པ་ཆུ་སྐྱལ་གྱི་རྐང་པས་བརྡུང་བར་གསུངས་ཏེ། གཞན་


KMC014_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་ཡང་རྔེའུ་ཆུང་ནི། །ཐོད་པ་ལས་ནི་བསྐོར་བ་ཉིད། །སྤྲེའུ་པགས་པས་གཡོགས་པའོ། །དེ་ཡི་ཁ་སྦྱོར་གཉིས་ལ་ནི། །པདྨ་དག་ནི་བྲི་བར་བྱ། །བུད་མེད་ཁྲག་གིས་མཛེས་པར་བྱ། །དུར་ཁྲོད་སྐྱེས་པའི་སྐྲ་ལས་ནི། །བཀལ་ནས་རུས་པ་གཉིས་པོ་དྲིལ། །ཁྱིམ་གྱི་མེ་ཏོག་གཉིས་ཀྱིས་ནི། །པདྨའི་ཟེའུ་འབྲུ་གཉིས་པ་ལ། །དཀྱིལ་འཁོར་སྙིང་པོ་བྲི་བར་བྱ། །ཞེས་གསུངས་པ་ལྟར་དགའ་བ་བཅུ་དྲུག་དག་པའི་བརྡར་བུ་ག་བཅུ་དྲུག་ནས་རོ་སྐྲ་སུམ་སྒྲིལ་གྱི་སྐུད་བས་དྲྭ་བའི་ཚུལ་དུ་ཕྱི་ནས་བཅིངས། ནང་ངོས་སུ་ཁྱིམ་གྱི་མེ་ཏོག་སྟེ་བུ་མོའི་ཟླ་མཚན་དང་པོས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ལྷའམ། སྙིང་པོའམ། ས་བོན་གང་རུང་བཀོད་ལ་སྤྲེལ་གྱི་པགས་པས་གཡོགས་སྟེ་ཆུ་སྐྱལ་གྱི་རྐང་པའི་རུས་པས་བརྡུང་བར་བྱ་སྟེ། སམྦུ་ཊི་ལས། ཇི་ལྟར་དང་པོ་མིང་བཟུང་བ། །ཁཾ་ཧཱུྃ་ཞེས་ནི་བརྗོད་ནས་སུ། །ཆུ་སྐྱར་རྐང་པའི་རུས་པས་གདབ། །དེས་ནི་གཡོ་ལྡན་མ་ལ་སོགས། །


KMC014_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འགུགས་པར་བྱེད་པར་འགྱུར། །གལ་ཏེ་འོངས་པར་མ་གྱུར་ན། །དེ་ཚེ་མཁའ་འགྲོ་མ་ཀུན་འཆི། །ངེས་པ་ཉིད་དུ་འགྲུབ་འགྱུར་བས། །ངས་གསུངས་པ་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་རོ། །གསང་བ་ལྟར་ན་བུ་མོ་གྲོང་པའི་ཆོས་ཀྱིས་མ་གོས་པའི་གསང་བའི་རུས་པ་རྐང་པ་འབྲེལ་མཚམས་ནས་དྲལ་ཏེ་དབྱིབས་ལེགས་པར་བཅོས་པ་བུ་མོ་དེ་ཉིད་ཀྱི་ཀླད་རྒྱས་གཡོགས་ལ་སྐྱེས་པའི་སྲིན་མཛུབ་རྩེ་མོ་བཅད་པས་ཌཱ་རྡེལ་བྱས་པ་ལ་གསང་བའི་རྔེའུ་ཆུང་དུ་གསུངས་སོ། །དག་པ་ནི་ཌཱ་མ་རུའི་གཟུགས་ཀྱིས་ཐབས་བདེ་བ་ཆེན་པོ་དང་། དེ་ཡི་སྒྲས་སྟོང་ཉིད་ཀྱི་སྒྲ་སྒྲོགས་པའི་ཕྱིར་ན། བརྟག་གཉིས་ལས། ཐབས་ཀྱི་གཟུགས་ནི་ཅང་ཏེའུ་ཉིད། །ཤེས་རབ་ཌཱ་མ་རུ་ཡི་སྒྲ། །ཞེས་གསུངས་ཤིང་། དེ་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་ཆ་ནས་ཟུང་འཇུག་གི་དོན་ཡང་སྟོན་ནོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་དང་དྲིལ་


KMC014_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་དེ་ཉིད་མདོར་བསྡུས་ནི། དང་པོ་རྡོ་རྗེ་ལའང་གཉིས་ཏེ་མཚོན་བྱ་དོན་གྱི་རྡོ་རྗེ་ནི་རང་སེམས་གཉིས་མེད་ཀྱི་ཡེ་ཤེས་ཉིད་དེ། དཔལ་རྡོ་རྗེ་འཇིགས་བྱེད་རྣམ་པར་འཇོམས་པའི་རྒྱུད་ལས། དེ་ནས་དོན་གྱི་རྡོ་རྗེ་བཤད། །གཟུང་འཛིན་རྟོག་པས་མི་ཕྱེད་ཕྱིར། །དོན་གྱི་རྡོ་རྗེར་བཤད་པའོ། །ཞེས་གསུངས་པ་ལྟར་ལ། གཉིས་པ་རྟགས་ཀྱི་རྡོ་རྗེ་ནི། རྒྱུད་དེ་ཉིད་ལས། རྟགས་ཀྱི་རྡོ་རྗེ་གསུམ་ཡིན་ཏེ། །རྩེ་གསུམ་རྩེ་ལྔ་རྩེ་དགུ་པ། །རྩེ་གསུམ་སྐུ་གསུང་ཐུགས་ཀྱི་རྟགས། །རྩེ་ལྔ་ཡེ་ཤེས་ལྔ་ཡི་རྟགས། །རྩེ་དགུ་ཁམས་གསུམ་ས་དགུའི་རྟགས། །ཞེས་གསུངས་པ་ལྟར་ལ། ཚད་ནི་ཐོག་མར་སྲིད་ཀྱི་ཚད་དུ་ཇི་ཙམ་བྱ་བ་ཉིད་ཆ་གསུམ་དུ་མཉམ་པར་བྱ་སྟེ། སྟེང་འོག་གི་རྭ་གཉིས་ལ་སུམ་ཆ་རེ་རེ་དང་། འོད་ཕྲེང་སྟེ་མུ་ཏིག་གི་ཕྲེང་བ་ནི་ཆུ་སྲིན་གྱི་ལྐོག་མའི་འོག་ཟླ་དཀྱིལ་གྱི་སྟེང་ནས་མུ་ཏིག་གི་ཕྲེང་སྐོར་ཡོད་པ་དེ་ཡིན་པས། སྟེང་འོག་གི་འོད་ཕྲེང་གཉིས་ཀྱི་


KMC014_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

བར་དེར་ཆ་གཅིག་སྟེ་ཆ་གསུམ་དུ་བྱའོ། །རྡོ་རྗེའི་ལྟེ་བ་ལ་རྡོ་རྗེ་སེམས་དཔའི་ཞལ་དངོས་སུ་མི་འགོད་པ་ནི་ཀཱ་ལི་གསལ་བྱེད་ཀྱི་ཕྲེང་བ་སྲོག་དང་བྲལ་བས་བརྗོད་དུ་མེད་པའི་ཕྱིར་རྡོ་རྗེའི་ལྟེ་བ་ལ་ཞལ་མེད་པ་དང་། ཨཱ་ལི་དབྱངས་ཀྱི་ཕྲེང་བ་སྲོག་གི་རང་བཞིན་བརྗོད་པར་བྱ་བ་ཡིན་པས་དྲིལ་བུ་ལ་སྙེམ་མའི་ཞལ་ཡོད་པའོ། །དག་པ་ནི། འོད་ཕྲེང་ནི་ཆོས་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་སྣང་བ། ཟླ་དཀྱིལ་ནི་གཟུང་འཛིན་གཉིས་དག་པ། པདྨའི་ཟེའུ་འབྲུ་ནི་བྱང་ཆུབ་ཀྱི་སེམས་མི་ཤིགས་པའི་ཐིག་ལེ་ཉིད་འཁོར་བར་གནས་ཀྱང་དེ་ཡི་སྐྱོན་གྱིས་མ་གོས་པ་དང་། དེའི་འོག་གི་པདྨ་འདབ་བརྒྱད་ནི་འཕགས་ལམ་བརྒྱད་མཚོན་པ་དང་། དེའི་འོག་མུ་ཏིག་གི་ཕྲེང་བ་ཕྲ་མོ་བཀོད་པ་ནི་རྣམ་པར་དག་པ་དེ་དག་འདུ་འབྲལ་མེད་པར་གནས་པ་མཚོན་པ་དང་། ལྟེ་བ་ནི་ཡེ་ནས་གནས་པའི་འཕོ་མེད་ལྷན་ཅིག་སྐྱེས་པའི་རྡོ་རྗེ་བདེ་བ་ཆེན་པོ་ཉིད་


KMC014_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པའི་ཡུལ་ལས་འདས་པ་མཚོན་པའི་ཕྱིར་ཀུན་ཟླུམ་ཐིག་ལེའི་རྣམ་པར་གནས་པའོ། །རྭ་ལྔ་ཡིས་ནི་རིགས་ལྔའི་བདག་ཉིད་མཚོན་པ་དང་དེ་རེ་རེ་བཞིན་གྲུ་བཞིར་བྱས་པ་ནི་གཙོ་བོའི་རིགས་ཆུང་བཞི་ཡི་ཁྱབ་བྱེད་མཚོན་པའོ། །རྭ་བཞི་ཆུ་སྲིན་གྱི་ཁ་ནས་ཐོན་པ་ནི་སྲིད་པའི་དབུས་ལས་རིང་དུ་སོང་སྟེ་མྱ་ངན་ལས་འདས་པའི་དབྱིངས་སུ་བགྲོད་པ་མཚོན་པའོ། །རྭ་དབུས་མ་ཆུ་སྲིན་ལས་མ་ཕྱུངས་པ་ནི། ཐོག་མ་མེད་པའི་བྱང་ཆུབ་ཀྱི་སེམས་ཉིད་འཁོར་འདས་གང་གི་ཕྱོགས་སུའང་མ་ལྷུང་བས་གང་དུའང་དམིགས་སུ་མེད་པ་མཚོན་པའོ། །དབྱེ་ན་རྒྱན་གྱི་རྡོ་རྗེ་དང་གསོར་བའི་རྡོ་རྗེ་གཉིས་ལས་འདི་ནི་ཕྱི་མ་ཉིད་དོ། །དེ་ནས་དྲིལ་བུ་ནི་མཚོན་བྱ་དོན་གྱི་དྲིལ་བུའི་དབང་དུ་བྱས་ན་ལམ་གྱི་སྐབས་སུ་ཤེས་རབ་ཀྱི་བདག་ཉིད་དུ་གྱུར་པའི་ཆོས་ཇི་སྙེད་པ་དག་མཚོན་པ་སྟེ། དཔལ་ཡང་དག་སྦྱོར་བ་ལས། ཤེས་རབ་དཀྲོལ་བའི་དེ་ཉིད་ནི། །ལྷ་རྣམས་


KMC014_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་ཐོས་པར་འགྱུར། །ཞེས་གསུངས་པ་ལྟར་དང་། འབྲས་བུའི་སྐབས་སུ་གསུང་རྣམ་པ་ཐམས་ཅད་པ་ལོངས་སྤྱོད་རྫོགས་སྐུའི་རང་བཞིན་ནམ། རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ངོ་བོ་ཉིད་དེ། རྒྱུད་ལས། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཅེས་གསུངས་སོ། །དེ་ནས་མཚོན་བྱེད་རྫས་ཀྱི་དྲིལ་བུའི་རྒྱུ་ནི་གསེར་དངུལ་ཛྷི་ཀྵིཾ་ལི་འཁར་སོགས་ལས་བྱས་པའི་ཚད་དབྱིབས་ནི། སམྦུ་ཊ་ལས། ཆ་གསུམ་གསལ་བར་གཟུང་བ་ལ། །སྐ་རགས་བྱས་པ་བཟང་པོ་ཉིད། །ཅེས་གསུངས་པ་ལྟར་དྲིལ་བུ་ཆེ་ཚད་སོར་བཅུ་གཉིས་ཀྱི་བར་ཇི་ཙམ་བྱ་བའི་དཔངས་ལ་ཆ་གསུམ་དུ་བྱ་སྟེ། དྲིལ་བུའི་གཞི་ཁོག་པ་ལ་ཆ་གཅིག །མགྲིན་པའི་རྩ་བ་ནས་ཞལ་གྱི་བར་ཆ་གཅིག །དེ་ནས་རྭའི་རྩེའི་བར་ལ་ཆ་གཅིག་སྟེ་ཆ་གསུམ་སྙོམས་པར་བྱའོ། །དེ་ནས་དབྱིབས་ཀྱི་ཁྱད་པར་


KMC014_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རྡོ་རྗེའི་རྩེ་མོའི་འོད་ཕྲེང་དང་ཟླ་གདན་གྱི་འོག་ཏུ་ཤེས་རབ་མའི་ངོ་བོ་རྡོ་རྗེ་སྙེམ་མའི་ཞལ་མཛེས་ཤིང་ཡིད་དུ་འོང་བ་ཞི་བའི་ཉམས་ཅན་རིན་པོ་ཆེའི་ཅོད་པན་གྱིས་མཛེས་པ། དེའི་འོག་ཏུ་བདུད་རྩིའི་བུམ་པ་ཞལ་གྱི་ཚད་དང་མཉམ་པར་བྱ་སྟེ། དཔལ་ཡང་དག་གྲུབ་པའི་རྒྱུད་ལས། ཆུ་སྲིན་ཁ་ནས་བྱུང་བ་ཡི། །རྩེ་མོ་འོད་ཟེར་ཟླ་བར་གནས། །གཟུགས་མེད་སྲིད་པའི་གནས་སུ་ནི། །ཤེས་རབ་བདུད་རྩིའི་བུམ་པ་ལྟར། །ཡེ་ཤེས་བདུད་རྩིའི་གནས་སུ་ནི། །དེ་ཡི་ཡང་ནི་དབུས་སུ་ཡིད། །ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །གཟུགས་ནི་མཛེས་ཤིང་ཡོན་ཏན་གནས། །ཞེས་གསུངས་པ་ལྟར་བུམ་པ་དེའི་འོག་ཏུ་བུམ་གདན་གྲུ་བཞི་འམ་ཟླུམ་པོ་གང་རུང་རྒྱ་བུམ་པའི་ལྟོ་བ་དང་མཉམ་པ། འཕངས་བུམ་པའི་བཞི་ཆའི་ཚད་དང་མཉམ་པ། དེའི་འོག་ཏུ་ཡུ་བ་ལ་སོར་མོ་གཅིག་གམ་ཞལ་ཚད་མཉམ་པའི་རྩ་བར་བང་རིམ་ལྟ་བུ་ཕྲ་མོ་གསུམ་གྱི་མཐར་ཨུཏྤལ་རྒྱས་པ་


KMC014_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་ཟེའུ་འབྲུའི་རྣམ་པ་བྱས་པ། དེའི་ཕྱི་ནས་པདྨ་འདབ་བརྒྱད་ཞལ་ཚད་དང་མཉམ་པ་རྩེ་མོ་ཐུར་དུ་ཕྱོགས་པའི་པད་འདབ་དེ་དག་གི་ཤར་ཏེ་ཤེས་རབ་སྙེམ་མ་གང་དུ་ཕྱོགས་པའི་འདབ་མའི་དབུས་སུ་སྒྲོལ་མའི་ས་བོན་ཏཾ། བྱང་དུ་སྤྱན་མའི་ས་བོན་ལཾ། ནུབ་ཏུ་མཱ་མ་ཀིའི་མཾ། ལྷོར་གོས་དཀར་གྱི་པཾ། མེར་ནོར་རྒྱུན་མའི་བཾ། སྲིན་པོར་ཙུནྡྷ་ལེའི་ཙུཾ། རླུང་དུ་ཁྲོ་གཉེར་ཅན་གྱི་བྷྲྀཾ། དབང་ལྡན་དུ་ཕྲེང་བ་མའི་མཱཾ་ཡིག་རིང་པོ་རྣམས་ཞལ་ནང་དུ་ཕྱོགས་པས་འཁོད་དེ། རྒྱུད་ལས། ཕྱོགས་ནི་བརྒྱད་ཅེས་བྱ་བར་ནི། །ལྷ་མོ་བརྒྱད་དུ་རབ་གྲགས་པའི། །ཡི་གེ་བརྒྱད་ཀྱི་ས་བོན་ནི། །ཕྱོགས་ནི་བརྒྱད་དུ་རྣམ་པར་དགོད། །ཅེས་གསུངས་པ་ལྟར་ལ། དེའི་འོག་ཏུ་མུ་ཏིག་གི་ཕྲེང་བ་གསེར་སྐུད་ལྟ་བུའི་སྐ་རགས་རིམ་པ་གཉིས་ཀྱི་བར་དུ་རྡོ་རྗེའི་དྲིལ་བུ་ལ་རྡོ་རྗེ་ཆུར་ཉལ་བ། རིན་ཆེན་དྲིལ་བུ་ལ་རིན་ཆེན། པད་དྲིལ་ལ་པདྨ། ལས་དྲིལ་ལ་སྣ་ཚོགས་རྡོ་


KMC014_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའམ་རལ་གྲི། དེ་བཞིན་གཤེགས་པའི་རིགས་ལ་འཁོར་ལོའི་ཕྲེང་བ་རྣམས་བྱའོ། །དེའི་འོག་ནས་ཙི་པ་ཊའི་ཁ་ནས་ཐུར་དུ་འཕྱང་བའི་རིན་པོ་ཆེའི་ཕྲེང་བ་དྲྭ་བ་དྲ་ཕྱེད་ཀྱི་རྣམ་པ་ཅན་བརྒྱད་བྱ་སྟེ། དེ་ཡི་ཤར་གྱི་དྲྭ་བའི་དབུས་སུ་འཁོར་ལོ། བྱང་དུ་རིན་པོ་ཆེ། ནུབ་ཏུ་པདྨ། ལྷོར་རལ་གྲི། མེར་ཆོས་འབྱུང་སྤྱན་མཚན། སྲིན་པོར་རྡོ་རྗེ། རླུང་དུ་པདྨ། དབང་ལྡན་དུ་ཨུཏྤལ་ཏེ་རིགས་བཞི་ཡུམ་བཞིའི་མཚན་མ་དགོད་ལ། གལ་ཏེ་དྲྭ་བ་བརྒྱད་ལས་མང་ན་བར་རྣམས་སུ་ཨུཏྤལ་པདྨ་སོགས་ཀྱིས་ཇི་ལྟར་མཛེས་པར་བྱ་སྟེ། རྒྱུད་ལས། སྐ་རགས་བྱས་པ་བཟང་པོ་ཉིད། །ཞི་བ་ཨུཏྤལ་ཀུ་མུ་ཏ། །རིན་ཆེན་པདྨ་རྣམ་པར་གནས། །ཕྱོགས་མཚམས་བརྒྱད་ཀྱི་དབུས་སུ་ནི། །དགུ་པ་ལ་ནི་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར་ལ། དེའི་འོག་ཏུ་དྲིལ་བུ་ཁའི་བ་གམ་གྱི་སྟེང་དུ་ཡང་སྐ་རགས་རིམ་པ་གཉིས་ཀྱི་བར་དུ་རིགས་སོ་སོའི་ལྷའི་ཕྱག་མཚན་རྡོ་རྗེའི་དྲིལ་བུ་ལ་


KMC014_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འགྲེང་ཐབས་སུ་བསྒྲིགས་པ་དང་། རིན་ཆེན་དྲིལ་བུ་ལ་རིན་ཆེན་སོགས་གོང་བཤད་ལྟར་དགོད་པར་བྱའོ། །དེ་ནས་དྲིལ་བུའི་ནང་གི་དབུས་སུ་ལྕེ་འཕྱང་བར་བྱེད་པའི་རྡོ་རྗེའི་ཆང་གཟུང་གི་བུག་པར་ལྕེ་གདག་པར་བྱ་ཞིང་། ནང་གི་ཕྱོགས་མཚམས་བརྒྱད་དུ་སྐུད་པ་དཔྱངས་པ་ལྟ་བུའི་མཚན་མ་བྱ་བར་རྡོ་རྗེ་མཁའ་འགྲོར་གསུངས་ཤིང་། མདུན་ཕྱོགས་ཤར་ངོས་སུ་འབྲུ་གསུམ་བཀོད་པ་ཡང་སྣང་ངོ་། །དེ་དག་གི་དག་པ་ནི། ཤེས་རབ་མའི་ཞལ་གྱིས་ཨཱ་ལི་དབྱངས་ཀྱི་རང་བཞིན་མཚོན་པ་དང་། བུམ་པ་ནི་ཤེས་རབ་མའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་མཚོན་པ་དང་། བུམ་གདན་དང་ཡུ་བའི་རྩར་བང་རིམ་གསུམ་གྱི་རྣམ་པ་ནི་གཟུགས་མེད་ཀྱི་ཁམས་རྣམ་པར་དག་པ་དང་། ཨུཏྤལ་དང་པད་འདབ་བརྒྱད་ཀྱིས་གཟུགས་ཁམས་རྣམ་པར་དག་པ་དང་། དྲིལ་བུའི་ཁོག་པས་འདོད་པའི་ཁམས་རྣམ་པར་


KMC014_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་དང་། མུ་ཏིག་གི་ཕྲེང་བ་ལྟ་བུའི་གསེར་སྐུད་ཀྱི་བར་རིགས་སོ་སོའི་ཕྱག་མཚན་བཀོད་པ་ནི་རིགས་ཀྱི་མཚན་མ་དང་པོའོ། །དེའི་འོག་ཏུ་དྲྭ་བ་དང་དྲ་ཕྱེད་འཕྱང་བ་ནི་ཁམས་གསུམ་པའི་རང་བཞིན་གྱི་གཞལ་ཡས་ཁང་མཚོན་པར་རྒྱུད་འགྲེལ་མན་ངག་སྙེ་མ་ལས་གསུངས་སོ། །དྲིལ་ཁའི་བ་གམ་གྱི་སྟེང་དུ་མུ་ཏིག་གི་ཕྲེང་བའི་སྐེ་རགས་རིམ་པ་གཉིས་ཀྱི་བར་དུ་རིགས་དང་མཐུན་པའི་ཕྱག་མཚན་བཀོད་པ་ནི་རིགས་ཀྱི་མཚན་མ་གཉིས་པའོ། །ལྕེ་འཕྱང་བའི་བུག་པ་ནི་རྡོ་རྗེ་བཙུན་མོའི་ཆོས་འབྱུང་ལ་ཉེ་བར་གནས་པའི་རྩ་ཁ་ཁ་མུ་ཁ་སྟེ་བྱ་གདོང་མ་མཚོན་པའོ། །དབྱེ་ན་རྡོ་རྗེ་འཆང་གི་དྲིལ་བུ་རྩེ་དགུ་པ་དྲྭ་བ་དང་དྲ་ཕྱེད་ཀྱིས་བརྒྱན་པ། ཡེ་ཤེས་ཀྱི་དྲིལ་བུ་ཕྱོགས་བཞིར་པདྨ་གསུམ་དང་ཨུཏྤལ་གྱིས་བརྒྱན་པ་ཁོག་པའི་སྟོད་སྨད་ལ་རྡོ་རྗེའི་ཕྲེང་བ་ཅན། དཔའ་བོའི་དྲིལ་བུ་རྩེ་ལྔ་པའམ་དགུ་པ། དྲྭ་བ་དང་དྲ་ཕྱེད་མེད་པ་དེའི་དོད་དུ་རིན་པོ་ཆེའམ་འཁོར་ལོས་


KMC014_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲས་པ། རྡོར་ཕྲེང་ཕྲེང་གཉིས་སྔ་མ་དང་འདྲ་བ། རིགས་སོ་སོའི་དྲིལ་བུ་ལ་རྩེ་མོ་ལྔ་པ་ཁོ་ན། དྲྭ་ཕྱེད་ཀྱི་བར་ལ་རིགས་སོ་སོའི་ཕྱག་མཚན་ཅན་སོགས་སུ་བཤད་པས་དེ་དག་སོ་སོའི་ཚད་སོགས་ཞིབ་པར་རྡོ་རྗེ་མཁའ་འགྲོར་གསུངས་པ་ལྟར་ཤེས་པར་བྱའོ། །དེ་ཡང་གསར་རྙིང་གི་དཀྱིལ་འཁོར་སྤྱི་དང་ཁྱད་པར་དུ་བླ་མེད་ཀྱི་རྒྱུད་སྡེ་ལ་འཇུག་པའི་སྐབས་སློབ་དཔོན་གྱི་བྱ་བ་མཐའ་དག་ལ་རྡོ་དྲིལ་འཛིན་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་ཐོག་མར་རྡོ་དྲིལ་གྱི་དེ་ཉིད་ཤེས་པ་གལ་ཆེ་ལ། དེ་ཉིད་མི་ཤེས་པས་རྡོ་དྲིལ་འཛིན་པ་ནི་གླང་པོའི་མགུལ་དུ་དྲིལ་བུ་བཏགས་པ་དང་འདྲ་བར་གསུངས་ཏེ། རྡོ་རྗེ་གདན་བཞིའི་རྒྱུད་ལས། དེ་ཉིད་མི་ཤེས་རྣལ་འབྱོར་པ། །གླང་པོས་དྲིལ་བུ་འཁྲོལ་དང་མཚུངས། །ཞེས་གསུངས་ལ། ཇི་ལྟར་དཀྲོལ་བའི་ཚུལ་ཡང་། དཔལ་སམྦུ་ཊའི་རྒྱུད་ལས། དེ་ལ་ལག་གཉིས་རབ་ཏུ་བརྐྱང་། །རྣམ་ལྔ་འདོད་པའི་བསྐོར་


KMC014_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱ། །གཡས་པར་ཉི་མ་ཡང་དག་བསམ། །གཡོན་པར་ཟླ་བསམ་གཡོན་པ་ཉིད། །ལུས་ཅན་རྣམས་ཀྱི་ཐབས་ཉིད་དེ། །རང་འདོད་ལྷར་ནི་བསམ་པར་བྱ། །ཞེས་གསུངས་པ་ལྟར་རྣམ་ལྔ་འདོད་སྐོར་དང་བཅས་ཏེ་ལག་མཐིལ་གཡས་སུ་ཉི་མའི་དཀྱིལ་འཁོར་དང་། གཡོན་དུ་ཟླ་དཀྱིལ་བསམས་ལ། རྡོ་རྗེ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་དང་། དྲིལ་བུ་ཧོཿཡིག་ལས་རྡོ་རྗེ་སྙེམ་མའི་སྐུར་བསྐྱེད་དེ། འགྲོ་བ་རྣམས་མ་རིག་གཏི་མུག་གི་གཉིད་ལས་སད་པར་བྱས་ཏེ་མཐར་ཐུག་སངས་རྒྱས་ཐོབ་པའི་དོན་དུ་དཀྲོལ་བར་བྱའོ་སྙམ་པས་དྷརྨ་ར་ཎི་སོགས་ཀྱི་སྔགས་བརྗོད་ཅིང་དྲིལ་བུའི་ལྕེ་ནང་གི་གནས་བརྒྱད་དུ་ཕོག་པར་བྱ་ཞིང་དཀྲོལ་དགོས་ཏེ། སམྦུ་ཊི་ལས། ཐབས་དང་ཤེས་རབ་ཆོས་ཀྱིས་ནི། །འགྲོ་བ་ཐམས་ཅད་སད་པར་བྱེད། །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་སངས་རྒྱས་དོན་དུ་དཀྲོལ། །རྡོ་རྗེ་དེ་ཉིད་ཀྱིས་ནི་བཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་


KMC014_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ། །ཐབས་དང་ཤེས་རབ་ཆོ་ག་ཡིས། །སེམས་ཅན་དོན་ནི་ཡོ་གས་བྱེད། །ཅེས་དང་། ཨཱ་ལི་ཀཱ་ལི་སྒོམ་པ་ནི། །གནས་ནི་བརྒྱད་དུ་དཀྲོལ་བར་བྱ། །ཨཱ་ལི་ཀཱ་ལི་རབ་སྦྱོར་བས། །འཁོར་བ་ཐམས་ཅད་གཅོད་པར་བྱེད། །ཅེས་གསུངས་པ་ལྟར་དང་། སླར་ཡང་དམ་ཚིག་དྲན་བཞིན་པས་རྡོ་རྗེ་ནང་དུ་འོང་བའི་པད་ཀོར་དང་བཅས་འཁྱུད་པའི་སྟངས་ཀ་བྱས་ལ་དེ་ནས་ཆོ་གའི་སྦྱོར་བ་གང་ཡིན་ལ་འཇུག་པར་བྱ་ཞིང་། ཕྱིས་རྡོ་དྲིལ་ལེན་དུས་ཀྱང་ལག་གཉིས་བསྣོལ་བས་འོག་ཏུ་ཕྱོགས་པས་རྡོ་རྗེ་ཁུ་ཚུར་ཅུང་ཟད་ཁ་བྱེ་བའི་ཕྱག་རྒྱས་བླངས་ལ་རྣམ་སྣང་དང་རྡོ་རྗེ་སྙེམ་མ་ཞལ་སྦྱོར་བའི་ཚུལ་དུ་ཧ་ཅང་ཐག་མི་རིང་བར་འཛིན་ཅིང་། འཇོག་པའི་ཚེ་ཡང་དྲིལ་བུ་གཡས་དང་རྡོ་རྗེ་གཡོན་གྱི་ཆར་བཞག་པར་བྱའོ། །བཞི་པ་དངོས་གཞི་དཀྱིལ་འཁོར་ལ་འཇུག་པའི་ཐོག་མར་བདུད་རྩི་བྱིན་རླབས་བྱ་བ་ནི། བདག་ཉིད་སྐད་ཅིག་གིས་ལྷན་སྐྱེས་ཡབ་ཡུམ་


KMC014_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐུར་བསྐྱེད་པ་སྟེ། ལྷན་སྐྱེས་ཞེས་པའི་དོན་ནི། རང་བཞིན་སྟོང་པ་ཉིད་དང་མི་འགྱུར་བའི་བདེ་བ་ཆེན་པོ་ཟུང་དུ་འཇུག་པའི་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་ཞལ་ཕྱག་གི་རྣམ་པར་བཞེངས་པའི་ལྷ་ཡིན་པས་ན་དེ་སྐད་ཅེས་བྱ་སྟེ། རྒྱུད་ལས། གང་དང་ལྷན་ཅིག་གང་སྐྱེས་པ། །དེས་ན་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་པ་ལྟར་རོ། །དེ་ནས་ༀ་ཁཎྜ་རོ་ཧེ་སོགས་དུམ་སྐྱེས་མའི་སྔགས་ཀྱིས་བགེགས་བསལ། སྭ་བྷཱ་ཝ་སོགས་རང་བཞིན་རྣམ་དག་གི་སྔགས་ཀྱིས་དངོས་འཛིན་ཐམས་ཅད་སྟོང་པར་སྦྱང་། སྟོང་པ་དེའི་རང་རྩལ་མ་འགགས་པ་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པ་དམར་པོའི་སྟེང་དུ་ཡི་གེ་ༀ་ཨཱཿཧཱུྃ་གསུམ་ཡོངས་སུ་གྱུར་པ་ལས། ཐོད་པ་དཀར་པོ་བུམ་རིལ་གྱི་སྒྱེད་བུ་གསུམ་ལ་གནས་པའི་ཨ་ཡིག་དཀར་པོ་ལས་བྱུང་བའི་ཐོད་སྣོད་ཕྱི་དཀར་ལ་


KMC014_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་སུ་ཧཱུྃ་ལས་མིའི་ཤ །ཤར་དུ་ༀ་ལས་བ་ལང་གི་ཤ །བྱང་དུ་ཁཾ་ལས་གླང་པོ་ཆེའི་ཤ །ནུབ་ཏུ་ཨཱཾ་ལས་རྟའི་ཤ །ལྷོར་ཏྲཱཾ་ལས་ཁྱིའི་ཤ་སྟེ་དེ་དག་ལ་ལྕགས་ཀྱུ་ལྔ་ཞེས་བྱ་བའི་དོན་ནི། མན་ངག་སྙེ་མ་ལས། འདི་རྣམས་ལྕགས་ཀྱུ་བཞིན་དུ་མངོན་པར་འདོད་པའི་དོན་ཉེ་བར་བྱེད་པའི་ཕྱིར་ལྕགས་ཀྱུ་རྣམས་སོ། །ཞེས་དང་སམྦུ་ཊི་ར། ཡེ་ཤེས་ལྕགས་ཀྱུས་རབ་དབྱེ་བས། །ཡིད་ཀྱིས་ཐམས་ཅད་འགུགས་པའོ། །ཞེས་གསུངས་པ་ལྟར། དང་པོ་ཡེ་ཤེས་འགུགས་པར་བྱེད་པའི་ལྕགས་ཀྱུ་ལྔ་ནི་ཤ་ལྔའོ། །དེ་དག་གི་སྟེང་དུ་རིམ་པ་བཞིན་དུ་དབུས་སུ་བཱཾ་ལས་རྡོ་རྗེའི་དྲི་ཆུ་བེ་ཌཱུར་ལྟ་བུ། ཤར་དུ་ལཱཾ་ལས་རྡོ་རྗེའི་དྲི་ཆེན་ཤེལ་ལྟ་བུ་དཀར་པོ། ལྷོར་མཱཾ་ལས་རྡོ་རྗེའི་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་པཱཾ་ལས་རྡོ་རྗེའི་བྱང་སེམས་དཀར་པོ་དངུལ་ཆུ་ལྟ་བུ། བྱང་དུ་ཏཱཾ་ལས་རྡོ་རྗེའི་ཀླད་པ་དཀར་པོ་སྟེ་དེ་དག་ལ་


KMC014_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོན་མ་ལྔ་ཞེས་བྱ་བའི་དོན་ནི། ལཱུ་ཡི་པའི་དཀའ་འགྲེལ་ལས། ཡི་གེ་ལྔ་པོ་ལས་བྱུང་བ་དང་དེའི་བྱིན་རླབས་ཀྱིས་བདུད་རྩི་ལྔ་སྒྲོན་མ་ལྔ་ཡི་ཚུལ་དུ་རྫོགས་པར་བྱ་བའོ། །ཞེས་གསུངས་པས་ས་བོན་ལྔ་དེས་བདུད་རྩི་ལྔ་པོ་ཡེ་ཤེས་ལྔར་སྦར་བར་བྱེད་པའི་ཕྱིར་ན་རྒྱུ་ཡི་འབྲས་བུ་ལ་བཏགས་ཏེ་སྒྲོན་མེ་ལྔ་ཞེས་གསུངས་སོ། །བདུད་རྩི་ལ་རྡོ་རྗེའི་སྒྲ་སྦྱར་བའི་དོན་ཡང་རྣལ་འབྱོར་མའི་ཀུན་སྤྱོད་ལས། བདུད་རྩི་ལྔ་ཡི་གོང་བུའི་དངོས། དེ་ཕྱིར་རྡོ་རྗེ་ཅན་དུ་བརྗོད། །ཅེས་གསུངས་སོ། །རྫས་བཅུ་དེ་དག་སླར་ཡང་རང་རང་གི་ས་བོན་གྱིས་མཚན་པར་བསྒོམ། དེ་ནས་འོག་གི་རླུང་གཡོས་མེ་སྦར་བསྐོལ་བས་རྫས་བཅུ་ས་བོན་དང་བཅས་པ་འོད་དུ་ཞུ་ནས་ཉི་མ་འཆར་ཁའི་ཁ་དོག་ལྟར་སེ ར་ལ་འོད་འབར་བར་གྱུར་པ་ནི་དང་པོ་བདུད་རྩིར་སྦྱང་བ་སྟེ། སམྦུ་ཊིར། འབུད་པ་སྦར་བ་ཉིད་དང་ནི། །ཁྱད་པར་དུ་ནི་བསྐོལ་བ་ཉིད། །ཤེལ་གྱི་གཟུགས་ཀྱིས་བསྐྱེད་བྱ་ཞིང་། །


KMC014_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །དེ་ནས་བདུད་རྩི་དེ་ཡི་རླངས་པ་ལས་དངུལ་ཆུའི་མདོག་དང་མཚུངས་པའི་ཁ་ཊྭཱྃ་ག་འོག་ཏུ་ཁ་བལྟ་སྟེ་རྩེ་མོ་ཐུར་དུ་བསྟན་པ་ཉིད་ཀྱང་ཞུ་སྟེ་བདུད་རྩིའི་བཅུད་དང་དབྱེར་མེད་དུ་འདྲེས་པར་བསམ་པ་ནི་གཉིས་པ་བདུད་རྩིར་རྟོགས་པར་བྱ་བ་སྟེ། འདུས་པའི་རྒྱུད་ཕྱི་མ་ལས། རང་བཞིན་གྱི་ལུས་ཆོས་རྣམས་ལ། །དྲི་མ་ལྔ་ཡིས་རྣམ་མཛེས་པ། །ཡེ་ཤེས་ལྔ་ཡིས་བྱིན་བརླབ་ཕྱིར། །བདུད་རྩི་ལྔ་རུ་རྟོགས་པར་བྱ། །ཞེས་གསུངས་སོ། །སླར་ཡང་བདུད་རྩི་དེ་ཡི་སྟེང་དུ་ཨཱ་ལི་སྟེ་དབྱངས་ཡིག་དཀར་པོ་དང་། ཀཱ་ལི་སྟེ་གསལ་བྱེད་དམར་པོ་གཉིས་ཡོངས་སུ་འདྲེས་ཏེ་ཞུ་བ་ལས་བྱུང་བ་དུས་གསུམ་རྒྱལ་བ་རྣམས་ཀྱི་སྐུ་རྡོ་རྗེའི་ངོ་བོ་ༀ་དཀར་པོ། གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། ཐུགས་རྡོ་རྗེའི་ངོ་བོ་ཧཱུྃ་སྔོན་པོ་གསུམ་མས་རིམ་གྱིས་སྟེ་ཧཱུྃ་ཨཱཿༀ་གསུམ་མགོ་བོ་ཐུར་དུ་བལྟ་བར་གནས་པ་དེ་ལས། རྗེས་ནས་འབྱུང་བ་ལྟར་དཔའ་བོ་


KMC014_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་པོ་ཆེ་སོགས་ས་འོག་སྐུའི་འཁོར་ལོའི་དཔའ་བོ་དང་དཔའ་མོ། དཔའ་བོ་མྱུ་གུ་ཅན་སོགས་ས་སྤྱོད་གསུང་གི་འཁོར་ལོའི་དཔའ་བོ་དང་དཔའ་མོ། དཔའ་བོ་ཐོད་པའི་དུམ་བུ་སོགས་མཁའ་སྤྱོད་ཐུགས་ཀྱི་འཁོར་ལོའི་དཔའ་བོ་དང་དཔའ་མོ་རྣམས་སྤྲོས་ལ། དེ་དག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཡུལ་ཉེར་བཞིའི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་ཕྱག་གི་ཡེ་ཤེས་ཀྱི་བདུད་རྩི་བླངས་ཏེ་བྱོན། སླར་དཔའ་བོ་དཔའ་མོ་ཡབ་ཡུམ་ཐམས་ཅད་སྙོམས་པར་ཞུགས་པ་སྔོན་དུ་འགྲོ་བས་ཞུ་བར་གྱུར་ནས་ཡིག་འབྲུ་གསུམ་ལ་ཐིམ་པའི་མོད་ཡི་གེ་གསུམ་ཡང་རིམ་གྱིས་གཅིག་ལ་གཅིག་ཐིམ་ནས་མཐར་དམ་ཚིག་གི་བདུད་རྩི་ལ་ཐིམ་པས་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་བསམ་པ་གསུམ་པ་བདུད་རྩིར་སྦར་བ་སྟེ། སམྦུ་ཊི་ལས། གང་དུ་བདུད་རྩི་དང་ནི་ཆུ། །ལྔ་ཡི་བདག་ཉིད་དུ་ནི་གསུངས། །ཞེས་


KMC014_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཡེ་ཤེས་རྡོ་རྗེས་བྱིན་བརླབས་པས། །རྣམ་པ་ལྔར་ནི་རབ་ཏུ་བསྐྱེད། །ཅེས་གསུངས་སོ། །དེ་ནས་བདུད་རྩི་དང་པོ་རང་གིས་ཅུང་ཟད་མྱང་བར་བྱས་ནས་རྗེས་སུ་ཕྱི་རོལ་འབྱུང་གཏོར་ལ་མཐེབ་སྲིན་གྱིས་འཐོར་བར་བྱ་སྟེ། ཡང་དག་སྦྱོར་བ་ལས། དེ་ནས་བདུད་རྩི་མྱང་བར་བྱ། །ལྷག་མ་ལ་སོགས་དངོས་པོ་ཀུན། །ཕྱིར་རོལ་དཀྱིལ་འཁོར་ཚིམ་པར་བྱ། །ཞེས་གསུངས་སོ། །དེ་ནས་རང་གི་སྙིང་གའི་འོད་ཟེར་གྱིས་གཏོར་མགྲོན་སྲིད་གསུམ་གྱི་འབྱུང་པོའི་རིགས་ཆེ་ཕྲ་ཐམས་ཅད་བཀུག་སྟེ། དེ་དག་ཀྱང་སྐད་ཅིག་གིས་འོད་གསལ་དུ་ཞུགས་ཏེ་འཁོར་ལོ་གསུམ་གྱི་དཔའ་བོ་དང་དཔའ་མོའི་རང་བཞིན་དུ་གྱུར་བའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམས་ལ་པད་ཀོར་རྡོར་ཐལ་ཁ་ཕྱེ་བས་མཁའ་འགྲོ་སྤྱི་གཏོར་གྱི་སྔགས་བརྗོད་པར་བྱ་སྟེ། སྔགས་དོན་ནི། དང་པོ་ༀ་ནི་བཀྲ་ཤིས་པའིདོན་དུ་


KMC014_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་མགོ་འདྲེན། ཁ་ཁ། ཟོ་ཟོ། ཁཱ་ཧི་ཁཱ་ཧི། ཟོ་ཞིག་ཟོ་ཞིག །སརྦ་ཡཀྵ། གནོད་སྦྱིན་ཐམས་ཅད། རཀྵ་ས། སྲིན་པོ། བྷཱུ་ཏ། འབྱུང་པོ། པྲེ་ཏ། ཡི་དྭགས། པི་ཤཱ་ཙ། ཤ་ཟ། ཨུཏྨ་ད། སྨྱོ་བྱེད། ཨ་པ་སྨ་ར། བརྗེད་བྱེད། ཌཱ་ཀ། མཁའ་འགྲོ། ཌཱ་ཀི་ནཱི་དང་ཨཱ་ད་ཡ་སྦྱར་མཐར་མང་ཚིག་བྱིན་པས། ཌཱ་ཀི་ནྱ་ད་ཡཱ་ཱམཁའ་འགྲོ་མ་ལ་སོགས་པ་རྣམས། ཨི་མཾ་བ་ལིཾ། ཟན་འདི་ལ། གྲིཧྞནྟུ། ཟུངས་ཤིག །ས་མ་ཡ་རཀྵནྟུ ། དམ་ཚིག །མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪནྟུ། དངོས་གྲུབ་ཐམས་ཅད་བདག་ལ་རབ་ཏུ་སྩོལ་ཅིག །ཡ་ཐཻ་བཾ། ཇི་ལྟ་བ། ཡ་ཐེཥྚཾ། ཇི་ལྟར་འདོད་པ། བྷུཉྫ་ཐ། ཟོ་ཞིག །པི་བ་ཐ། འཐུང་ཞིག །ཛི་གྷྲ་ཐ། དྲི་སྣོམ་ཞིག །མཱ་ཏི་ཀྲ་མ་ཐ། རིམ་པ་ལས་མ་འདས་ཤིག །མ་མ། བདག་གི །སརྦ་དང་། ཨཱ་ཀཱ་ར་ཏཱ་གཉིས་སྦྱར་མཐར་གསུམ་པ་བྱིན་པས། སརྦཱ་ཀཱ་ར་ཏཱ་ཡཱ། འདོད་པ་སྒྲུབ་པ་རྣམས་ཀྱིས། སཏྶུ་ཁཾ་བི་


KMC014_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཤུདྡྷ་ལ་བཞི་པ་བྱིན་པས། སཏྶུ་ཁཾ་བི་ཤུདྡྷ་ཡཱ་སྟེ། མཆོག་གི་བདེ་བ་རྣམ་པར་དག་པའི་ཆེད་དུ། ས་ཧ་ཡི་ཀཱཾ། སྟོང་གྲོགས། བྷ་ཝནྟུ། མཛོད་ཅིག །ཧཱུྃ་ཧཱུྃ་ནི། སྔགས་ཀྱི་ཀླད་ནོན་གཙོ་བོའི་ས་བོན། ཕཊྲ་ཕཊྲ་ནི་ཚར་གཅོད་པ། སྭཱ་ཧཱ་གཞི་ཚུགས་ཞེས་པ་སྟེ་སྔགས་བརྟན་པར་བྱེད་པའོ། །དེ་ནས་ལྷ་ཀླུ་གནོད་སྦྱིན་སོགས་ཀྱིས་ཕྲིན་ལས་བཅོལ་ལོ། །འདིའི་སྔགས་ཀྱི་སྐབས་ཨུཏྨ་ད་དང་ཨཱ་པ་སྨ་ར་ཡང་མཚམས་སྦྱར་བས་དབྱངས་སྐུང་དུ་སོང་བ་ཡིན་པས་སྤྱི་ལྟར་དཔྲལ་ཏེ་བཀླག་པར་བྱའོ། །དེ་ནས་མཆོད་པ་བྱིན་རླབས་བྱ་ཞིང་སྔགས་དོན་དང་ཕྱག་རྒྱ་ནི་རྗེས་ནས་འཆད་ལ། སྔགས་མཐར་སེ་གོལ་མི་བྱ་སྟེ་སེ་གོལ་ཏོག་པ་ནི་གཤེགས་པའི་བརྡ་ཡིན་པས་སོ། །དེ་ནས་སྐྱབས་ཡུལ་དཔལ་འཁོར་ལོ་སྡོམ་པ་ལ་བླ་མ་སངས་རྒྱས་ཆོས་དང་དགེ་འདུན་སོགས་སྐྱབས་གནས་རྒྱ་མཚོ་ལྟ་བུས་བསྐོར་བར་དམིགས་ལ་སྐྱབས་འགྲོ་བདུན་ནམ་ཉེར་གཅིག་སོགས་བྱའོ། །ཚིག་དོན་ནི་བདག་སོགས་


KMC014_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ། དུས་གསུམ་དུ་བླ་ན་མེད་པའི་བྱང་ཆུབ་སྙིང་པོར་གཤེགས་པའི་རྒྱལ་བ་རྣམས་ཀྱི་རྒྱན་འཁོར་ལྔ་སྟེ་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ། ཐུགས་མི་ཟད་པའི་རྒྱན་འཁོར། ཡོན་ཏན་མི་ཟད་པའི་རྒྱན་འཁོར། ཕྲིན་ལས་མི་ཟད་པའི་རྒྱན་འཁོར་རྣམས་གཅིག་ཏུ་བསྡུས་པ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་བདག་ཉིད་དེ་དཀོན་མཆོག་གསུམ་གྱི་ངོ་བོ་བླ་མ་རྣམས་དང་། སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་སངས་རྒྱས། བདེན་གཉིས་ཟུང་འཇུག་གི་དམ་ཆོས། ལྡན་གྲོལ་གཉིས་ལྡན་གྱི་དགེ་འདུན་རྣམས་དང་། ཁྱད་པར་དུ་རྣལ་འབྱོར་ཏེ་དཔལ་འཁོར་ལོ་སྡོམ་པ་ནི་སངས་རྒྱས་དཀོན་མཆོག །གསང་སྔགས་ཏེ་ཐབས་དང་ཤེས་རབ་ཟུང་འཇུག་གི་དོན་སྟོན་པའི་གསང་རིག་གཟུངས་གསུམ་མམ་ལྷ་


KMC014_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྙིང་པོ་ཉེ་སྙིང་རྣམས་ནི་ཆོས་དཀོན་མཆོག །འཁོར་གྱི་མཁའ་འགྲོ་མ་བཞི་དང་། སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་གྱི་བདག་ཉིད་ཅན་དཔའ་བོ་དང་དཔའ་མོ་རྣམས་ནི་དགེ་འདུན་དཀོན་མཆོག་སྟེ་ཐུན་མོང་མ་ཡིན་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །དེ་ནས་ལུས་ངག་ཡིད་གསུམ་དག་པར་བྱེད་པའི་ཕྱིར། དང་པོ་ཤྲཱི་ནི་གཉིས་མེད་སོགས་ཀྱི་དོན་བསམ་པ་ནི་ཡིད་དག་པར་བྱེད་པ་སྟེ། ལཱུ་ཡི་པའི་རིགས་དྲུག་པ་ཧེ་རུ་ཀའི་སྒྲུབ་ཐབས་ལས། ཤྲཱི་ནི་གཟུང་འཛིན་གཉིས་དང་བྲལ་བའི་ཡེ་ཤེས་ཏེ། དེ་ལ་རྒྱུ་བདག་དང་གཞན་དང་གཉིས་ཀ་ལས་སྐྱེ་བ་དང་རྒྱུ་མེད་པ་ལས་སྐྱེ་བ་རྣམ་པར་སྤངས་པས་ཧེ་ནི་རྒྱུ་སོགས་སྟོང་པ་ཉིད་དོ། །དེ་ལ་སྐྱེ་འཇིག་གནས་པ་སོགས་དང་བྲལ་བས་ན་རུ་ནི་ཚོགས་དང་བྲལ་བའོ། །དེ་ལྟར་ཡོད་མེད་དངོས་པོའི་མཐའ་ཀུན་དང་བྲལ་བའི་ཕྱིར་ཀ་ནི་མཐའ་གང་དུའང་མི་གནས་པའོ། །ཞེས་


KMC014_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར་རོ། །དེ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་སེམས་ཀྱིས། ཤྲཱི་ཧེ་རུ་ཀོ྅ཧཾ་གིས་དཔལ་ཧེ་རུ་ཀ་ཉིད་ངའོ་སྙམ་པའི་ང་རྒྱལ་བཟུང་སྟེ། བདག་ཉིད་སྐད་ཅིག་གིས་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་དུ་བསྐྱེད་པ་ནི་ལུས་དག་པར་བྱེད་པ་སྟེ་གར་ཉམས་ནི་རྗེས་ནས་འཆད་དོ། །དེ་ལྟར་བདག་ཉིད་ཧེ་རུ་ཀའི་ལྟེ་བར་ཐོག་མར་ༀ་དང་མཐར་ཧཱུྃ་ཧཱུྃ་ཕཊྲ་ཀྱིས་བརྒྱན་པའི་དབྱངས་གསལ་འོད་ཟེར་ཁ་དོག་ལྔ་པ་ཅན་དཀར་དམར་མཐིང་གསུམ་གཡོན་སྐོར་གྱིས་ལན་གསུམ་བསྐོར་བར་བསམ་པ་ནི་ངག་དག་པར་བྱེད་པ་སྟེ་ལཱུ་ཡི་པའི་མངོན་རྟོགས་ལས། ཨཱ་ལི་ཀཱ་ལི་སྒོམ་པ་ནི་ངག་དག་པའོ་ཞེས་གསུངས་སོ། །དེ་ནས་དབྱངས་གསལ་རིམ་པ་གསུམ་དེ་ལས་འཁོར་ལོ་གསུམ་གྱི་ལྷ་ཚོགས་སྤྲོ་བར་གསུངས་པ་ནི། དང་པོ་ས་འོག་ན་སྤྱོད་པ་སྐུའི་འཁོར་ལོའི་ལྷ། དཔའ་བོ་སྟོབས་པོ་ཆེ་དང་། དེ་བཞིན་རིན་ཆེན་རྡོ་རྗེ་དང་། རྟ་མགྲིན་དང་།


KMC014_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་སྙིང་པོ་དང་། ཧེ་རུ་ཀ་དང་། པདྨ་གར་དབང་དང་། རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་དང་བརྒྱད། དཔའ་མོ་འཁོར་ལོའི་ཤུགས་ཅན་དང་། དུམ་སྐྱེས་མ་དང་། ཆང་འཚོང་མ། འཁོར་ལོའི་གོ་ཆ་མ། བཞིན་བཟང་མ། སྟོབས་ཆེན་མ། འཁོར་ལོས་སྒྱུར་མ། བརྩོན་འགྲུས་ཆེན་མོ་དང་བརྒྱད་དེ་ཐམས་ཅད་སྐུ་མདོག་དཀར་པོ་ལ། དཔའ་བོ་ཐམས་ཅད་ཞལ་གཅིག་ཕྱག་བཞི་དང་པོ་གཉིས་རྡོ་དྲིལ། འོག་མ་གཉིས་ཌཱ་རུ་དང་ཁ་ཊྭཱྃ་བསྣམས་པ། ཡུམ་དཔའ་མོ་རྣམས་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པ་ཡབ་ལ་འཁྱུད་པའོ། །དཔའ་བོ་བརྒྱད་དེའི་ངོ་བོ་ནི། ཟླ་འོད་གཞོན་ནུ། རྡོ་རྗེ་འོད། ཉི་མའི་སྙིང་པོ། རྡོ་རྗེ་འོད་ཟེར། མཐུ་ཆེན་ཐོབ། ནོར་བཟང་། བཟང་སྐྱོང་། བློ་གྲོས་རྒྱ་མཚོའོ། །དཔའ་མོ་བརྒྱད་ཀྱི་ངོ་བོ་ནི། རྒྱལ་མཚན་རྩེ་མོ། སོ་སོར་འབྲང་མ། རྨ་བྱ་ཆེན་མོ། ལོ་མ་གྱོན། ལུ་གུ་རྒྱུད། ཕྱིར་ཟློག་ཆེན་མོ། གཙུག་


KMC014_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཏོར་གདུགས་དཀར་མོ། རྡོ་རྗེ་འཇིགས་བྱེད་མ་དང་བརྒྱད་དོ། །ས་སྤྱོད་གསུང་གི་འཁོར་ལོའི་ལྷ་རྣམས་ནི། སོ་སོའི་མཚན་གྱི་ངེས་ཚིག་དཔྱིད་ཐིག་དུ་འབྱུང་ཡང་ཡི་གེས་འཇིགས་ཏེ་མ་བྲིས་སོ། །དཔའ་བོ་མྱུ་གུ་ཅན་དང་། རྡོ་རྗེའི་རལ་པ་ཅན་དང་། དཔའ་བོ་ཆེན་པོ། རྡོ་རྗེ་ཧཱུྃ་མཛད། རབ་ཏུ་བཟང་པོ། རྡོ་རྗེ་བཟང་པོ། འཇིགས་བྱེད། མིག་མི་བཟང་དང་བརྒྱད། དཔའ་མོ་ས་སྲུང་མ་དང་། འཇིགས་བྱེད་ཆེན་མོ། རླུང་གི་ཤུགས་ཅན་མ། ཆང་འཐུང་མ། སྔོ་བསངས་མོ། །ཤིན་ཏུ་བཟང་མོ། རྟ་རྣ་མ། བྱ་གདོང་མ་དང་བརྒྱད་དེ་ཡབ་ཡུམ་ཐམས་ཅད་སྐུ་མདོག་དམར་པོ་ལ་ཞལ་ཕྱག་གོང་དང་འདྲ། དཔའ་བོ་བརྒྱད་ཀྱི་ངོ་བོ་ནི། སྒྲིབ་སེལ། སྤོས་ཀྱི་གླང་པོ། བློ་གྲོས་མི་ཟད་པ། ཡེ་ཤེས་ཏོག །སྤོབས་པ་བརྩེགས་པ། མྱ་ངན་མེད། ངན་སོང་ཀུན་འདྲེན། དྲྭ་བ་ཅན་གྱི་འོད་དང་བརྒྱད་དོ། །དཔའ་མོ་བརྒྱད་ཀྱི་ངོ་བོ་ནི། ཡེ་ཤེས་སྒྲོན་མ། རྡོ་རྗེ་འཇིགས་མ། གནྡ་རི། རྒྱན་ལྡན་


KMC014_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

མ། སྒྲོལ་མ། གོས་དཀར་མོ། ཉེ་བའི་སྤྱན། ཉེ་བའི་མཱ་མ་ཀི་དང་བརྒྱད་དོ། །མཁའ་སྤྱོད་ཐུགས་ཀྱི་འཁོར་ལོའི་ལྷ་ནི། དཔའ་བོ་ཐོད་པའི་དུམ་བུ། འདིའི་སྤྲུལ་པ་འཇམ་མགོན་ཀོང་སྤྲུལ་ལོ། །ཀེང་རུས་ཆེན་པོ། ཀེང་རུས། མཆེ་བ་རྣམ་པར་གཙིགས་པ། ལྷ་དགྲ། འོད་དཔག་མེད། རྡོ་རྗེའི་འོད། རྡོ་རྗེའི་ལུས་ཏེ་བརྒྱད། དཔའ་མོ་རབ་གཏུམ་མ། གཏུམ་པའི་མིག་ཅན་མ། འོད་ལྡན་མ། སྣ་ཆེན་མ། དཔའ་བོའི་བློ་གྲོས་མ། མིའུ་ཐུང་མ། ལངྐའི་དབང་ཕྱུག་མ། ཤིང་གི་གྲིབ་མ་དང་བརྒྱད་དེ་ཡབ་ཡུམ་ཐམས་ཅད་སྐུ་མདོག་སྔོན་པོ་ལ་ཞལ་ཕྱག་ནི་སྔར་བཤད་པ་དང་འདྲ། དཔའ་བོ་བརྒྱད་ཀྱི་ངོ་བོ་ནི། ཀུན་ཏུ་བཟང་། འཇམ་དཔལ་དབྱངས། སྤྱན་རས་གཟིགས། ས་སྙིང་། ཕྱག་རྡོར། བྱམས་པ། ནམ་སྙིང་། ནམ་མཁའ་མཛོད་དོ། །དཔའ་མོ་བརྒྱད་ཀྱི་ངོ་བོ་ནི། རྡོ་རྗེ་ཕོ་ཉ་མོ། སྐུལ་བྱེད་མ། རིན་ཆེན་སྒྲོན་མ། རྡོ་རྗེ་ཉི་མ། རོ་ལངས་མ། རྡོ་རྗེ་གཞོན་ནུ་མ།


KMC014_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སྐམྦུ་ཛི། སངས་རྒྱས་བྱང་ཆུབ་མ་དང་བརྒྱད་ཡིན་ནོ། །དེ་དག་ཕྱི་རོལ་དུ་ཡུལ་ཉེར་བཞིར་གནས་ཚུལ་དང་ནང་དུ་རྡོ་རྗེ་ལུས་ཀྱི་རྩ་ལ་གནས་ཚུལ་ནི་ཟབ་མོ་ནང་དོན་ལས་ཤེས་པར་བྱའོ། །དེ་ལྟར་འཁོར་ལོ་གསུམ་གྱི་ལྷ་རྣམས་རང་ཉིད་ཧེ་རུ་ཀའི་སྣ་བུག་གཡས་པའི་རླུང་དང་བཅས་སྤྲོས་པས་ས་འོག་ས་སྟེང་ས་བླ་སྟེ་བར་སྣང་ལ་གནས་པའི་བགེགས་ཐམས་ཅད་བསྐྲད་ཅིང་བཅོམ་ནས་འཇིག་རྟེན་ཐམས་ཅད་འཁོར་ལོ་གསུམ་གྱི་ལྷར་གྱུར་ཏེ། སླར་ཡང་དཔའ་བོ་དང་དཔའ་མོ་ཐམས་ཅད་སྣ་བུག་གཡོན་པའི་རླུང་དང་ལྷན་ཅིག་ཏུ་ཞུགས་ཏེ་ལྟེ་བའི་སྔགས་ཕྲེང་རིམ་པ་གསུམ་སོ་སོར་ཐིམ་པར་བསམ་སྟེ། དེ་བཞིན་གཤེགས་པའི་རྡོ་རྗེའི་རྒྱ་གཞུང་ལས། ཨཱ་ལི་ཀཱ་ལི་འོད་ཟེར་ལྔ་དང་ལྡན་པ་ནི། །ཡང་དག་བཀོད་ཅིང་འཁོར་ལོ་གསུམ་ནི་སྤྲོས་ནས་དེ། །སྣ་ཡི་བུ་ག་གཡས་པའི་རླུང་དང་བཅས་ནས་སུ། །བྱུང་ནས་འཇིག་རྟེན་ཐམས་ཅད་འཁོར་ལོ་གསུམ་གྱུར་


KMC014_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །དེ་ནས་སྣ་བུག་གཡོན་པའི་རླུང་གི་ཤུགས་ལས་དྲངས། །ཞེས་གསུངས་སོ། །དེ་ནས་ཚངས་གནས་བཞི་བསྒོམ་པ་ནི། ལཱུ་ཡི་པའི་ཁྱད་པར་གསལ་བྱེད་ལས། དེ་ལ་སེམས་ཅན་ཐམས་ཅད་ལ། །བུ་གཅིག་ལྟར་བརྩེ་བྱམས་པར་གསུངས། །སྡུག་བསྔལ་གསུམ་ལྡན་འཇིག་རྟེན་ལ། །འཁོར་བ་བསྒྲལ་འདོད་སྙིང་རྗེའོ། །རང་གི་བསོད་ནམས་གཞན་ཕན་ལ། །རངས་པའི་སེམས་ཉིད་དགའ་བ་སྟེ། །ཆགས་དང་སྡང་བ་དང་བྲལ་བས། །ཐམས་ཅད་དོན་བྱེད་བཏང་སྙོམས་སོ། །ཞེས་གསུངས་པ་ལྟར་བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམ་སྟེ་ཚད་མེད་བཞི་བསྒོམས་པའི་འབྲས་བུས་ཚངས་པའི་གནས་སུ་སྐྱེ་བས་ན་ཚངས་གནས་བཞི་ཞེས་བྱའོ། །རིམ་པ་དེ་དག་ཀྱང་ལཱུ་ཡི་པའི་དཀའ་འགྲེལ་སྡོམ་པ་འབྱུང་བ་ལས། ཤྲཱི་ཧེ་རུ་ཀ་ཡི་དོན། །བསམ་ཞིང་སྡོམ་པའི་ཚུལ་དུ་བསྒྱུར། །ཨཱ་ལི་ཀཱ་ལིའི་འོད་ཟེར་གྱིས། །བགེགས་བསྐྲད་ཚངས་པའི་གནས་


KMC014_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བསྒོམ། །ཞེས་གསུངས་པའི་དོན་ནོ། །དེ་ནས་ཕུང་པོ་དྲུག་རིགས་དྲུག་གི་ལྷར་བྱིན་གྱིས་བརླབ་པ་ནི། མགོ་དབུས་བུམ་ལས་སོགས་ཏེ། དེ་ཡང་གཟུགས་ནི་གཟུགས་ཀྱི་ཕུང་པོ་སྐྱེ་བའི་ས་བོན་གྱི་རྟེན་ཡིན་པས་གཟུགས་ཀྱི་གནས་ཀྱི་གཙོ་བོ་མགོ་བོར་བུམ་དཀར་པོ་ལས་གཟུགས་ཕུང་རྣམ་པར་དག་པ་རྣམ་པར་སྣང་མཛད་དཀར་པོ་གཡས་འཁོར་ལོ་དང་། གཡོན་ཐལ་མོ་མེ་ཏོག་གི་སྙེམས་པ་ཁ་བྱེ་བའི་ཚུལ་གྱིས་དྲིལ་བུ་དྲིལ་བུ་རྣམས་ལ་རང་རང་གི་རིགས་ཀྱི་ཕྱག་མཚན་གྱི་རྩེ་མོ་ཅན་དུ་བཤད་ཀྱང་རྒྱ་འགྲེལ་ལ་མེད་པས་འདིར་མ་བཀོད་དོ། །མཆན། དཀུར་བརྟེན་པ། ཚོར་བའི་ཕུང་པོ་ནི་བདེ་སྡུག་བར་མ་གསུམ་སྟེ། དེ་ཡང་གཞི་དྲོད་ལ་བརྟེན་པས་དེའི་གནས་ཀྱི་གཙོ་བོ་ལྟེ་བ་ཡིན་པས་དེར་ཨཱཾ་སེར་པོ་ལས་ཚོར་བའི་ཕུང་པོ་རྣམ་པར་དག་པ་རྡོ་རྗེ་ཉི་མ་སྟེ་རིན་འབྱུང་སེར་པོ་གཡས་རིན་པོ་ཆེ་དང་གཡོན་དྲིལ་བུ་ཐུགས་ཀར་འཛིན་པ། འདུ་ཤེས་ཀྱི་ཕུང་པོ་ནི་ཡུལ་རྣམས་འཛིན་པའི་དབང་གིས་


KMC014_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་སེམས་བྱུང་གི་འདུ་ཤེས་སྐྱེ་བས་ན། དབང་པོ་རྣམས་ཀྱི་ཕལ་ཆེར་གྱི་རྩ་བར་གྱུར་པའི་གནས་ནི་མགྲིན་པ་ཡིན་པས་དེར་ཧྲཱིཿདམར་པོ་ལས་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་པདྨ་གར་དབང་སྟེ་འོད་དཔག་མེད་དམར་པོ་གཡས་པདྨ་དམར་པོ་དང་གཡོན་དྲིལ་བུ་ཐུགས་ཀར་འཛིན་པ། འདུ་བྱེད་ཀྱི་ཕུང་པོ་ནི་འདོད་ཆགས་ཞེ་སྡང་ང་རྒྱལ་ཕྲག་དོག་སེར་སྣ་ལ་སོགས་པ་ལ་འཇུག་སྟེ། དེ་རྣམས་ཀྱི་རྟེན་ནི་རླུང་སྟེ། དེའི་གནས་ནི་རྐང་པའི་ལོང་བུའི་འོག་གཉིས་ཡིན་པས་དེར་ཧོཿཡིག་ལྗང་གུ་ལས་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་རྡོ་རྗེ་རྒྱལ་པོ་སྟེ་དོན་ཡོད་གྲུབ་པ་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ་དང་གཡོན་དྲིལ་བུ་ཐུགས་ཀར་འཛིན་པ། རྣམ་ཤེས་ཀྱི་ཕུང་པོ་ནི། རྣམ་པར་ཤེས་པ་ཐམས་ཅད་ཀྱི་རྩ་བ་ནི་ཀུན་གཞིའི་རྣམ་ཤེས་ཏེ། ཡིད་ཀྱི་དབང་པོའི་རྟེན་ནི་སྲོག་རླུང་ཡིན་པས་དེའི་གནས་ནི་སྙིང་ག་ཡིན་པས་དེར་ཧཱུྃ་དཀར་པོ་ལས་རྣམ་


KMC014_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་རྡོ་རྗེ་སེམས་དཔའ་དཀར་པོ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་དཀུར་བརྟེན་པ། ཕུང་པོ་ལྔ་རྣམས་ཀྱི་དེ་བཞིན་ཉིད་ལ་སྤྱི་གཙུག་ཏུ་ཧིཿནག་པོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དཔལ་ཧེ་རུ་ཀ་ནག་པོ་གཡས་ས་གནོན་གྱིས་རྡོ་རྗེ་དང་། གཡོན་དྲིལ་བུ་དཀུར་བརྟེན་པ་བསྒོམ་པ་ནི་ཕུང་པོ་དྲུག་རིགས་དྲུག་ཏུ་བྱིན་གྱིས་བརླབས་པ་སྟེ། ལཱུ་ཡི་པའི་མངོན་རྟོགས་འགྲེལ་པ་ལས། གཟུགས་ལ་རྒྱལ་བ་རྣམ་སྣང་མཛད། །ཚོར་བར་རྡོ་རྗེ་ཉི་མ་བསྒོམ། །འདུ་ཤེས་པདྨ་གར་དབང་ཕྱུག །འདུ་བྱེད་རྡོ་རྗེ་རྒྱལ་པོ་ལ། །རྣམ་ཤེས་ཕུང་པོ་རྡོ་རྗེ་ཅན། །ཐམས་ཅད་སྟོང་ཉིད་ཧེ་རུ་ཀའོ། །ཞེས་པའི་དོན་ནོ། །དེ་ནས་སྐྱེ་མཆེད་དྲུག་བྱིན་གྱིས་བརླབ་པ་ནི། མིག་གི་སྐྱེ་མཆེད་གཉིས་ལ། ༀ་དཀར་པོ་ལས་གཏི་མུག་རྡོ་རྗེ་སྟེ་སའི་སྙིང་པོ་དཀར་པོ་གཡས་འཁོར་ལོ་ཕྱར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ། རྣ་བའི་སྐྱེ་མཆེད་གཉིས་


KMC014_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཧཱུྃ་ནག་པོ་ལས་ཞེ་སྡང་རྡོ་རྗེ་སྟེ་ཕྱག་ན་རྡོ་རྗེ་ནག་པོ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་དཀུར་བརྟེན་པ། སྣའི་སྐྱེ་མཆེད་གཉིས་སུ་ཏྲཱཾ་ལས་ཕྲག་དོག་རྡོ་རྗེ་སེར་པོ་སྟེ་ནམ་མཁའི་སྙིང་པོ་གཡས་རིན་པོ་ཆེ་དང་གཡོན་དྲིལ་བུ་ཐུགས་ཀར་འཛིན་པ། ལྕེའི་སྐྱེ་མཆེད་ལ་ཨཱཾ་ལས་འདོད་ཆགས་རྡོ་རྗེ་སྟེ་སྤྱན་རས་གཟིགས་དམར་པོ་གཡས་པདྨ་དམར་པོ་དང་གཡོན་དྲིལ་བུ་ཐུགས་ཀར་འཛིན་པ། ལུས་ཀྱི་སྐྱེ་མཆེད་ཀྱི་གཙོ་བོ་དཔྲལ་བར་ཁཾ་ལས་སེར་སྣ་རྡོ་རྗེ་སྟེ་སྒྲིབ་པ་རྣམ་སེལ་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ་ཕྱར་ཞིང་གཡོན་དྲིལ་བུ་ཐུགས་ཀར་འཛིན་པ། ཡིད་ཀྱི་སྐྱེ་མཆེད་ཀྱི་གནས་སྙིང་གར་ཧཾ་ལས་དབང་ཕྱུག་རྡོ་རྗེ་སྟེ་ཀུན་བཟང་དཀར་པོ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་དཀུར་བརྟེན་པའོ། །དེ་དག་ལ་གཏི་མུག་རྡོ་རྗེ་སོགས་སུ་བརྗོད་པའི་དོན་ནི། ཉོན་དྲུག་མ་སྤངས་གནས་སུ་དག་པའི་ངོ་བོ་ནི་རིགས་དྲུག་པོ་འདི་དག་ཡིན་པས། དེ་དག་གིས་


KMC014_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བྱ་གཞན་རྒྱུད་ཀྱི་ཉོན་དྲུག་ཕར་འཇོམས་པའི་མཐུ་ཐོགས་པ་མེད་ཅིང་། ཚུར་ནམ་ཡང་མི་ཕམ་པ་རྫས་ཀྱི་དངོས་པོ་རྡོ་རྗེ་ལྟ་བུ་ཡིན་པས་ན་དེ་སྐད་ཅེས་བྱ་སྟེ། པྲཛྙ་རཀྵི་ཏའི་དཔའ་བོ་གཅིག་པའི་སྒྲུབ་ཐབས་ལས། གཏི་མུག་རྣམ་པར་འཇོམས་པས་ན་གཏི་མུག་རྡོ་རྗེའོ། །ཞེ་སྡང་རྣམ་པར་འཇོམས་པས་ན་ཞེ་སྡང་རྡོ་རྗེའོ། །ཕྲག་དོག་རྣམ་པར་འཇོམས་པས་ན་ཕྲག་དོག་རྡོ་རྗེའོ། །ཆགས་པ་ཐམས་ཅད་འཇོམས་པས་ན་འདོད་ཆགས་རྡོ་རྗེའོ། །སེར་སྣ་ཐམས་ཅད་འཇོམས་པས་ན་སེར་སྣ་རྡོ་རྗེའོ། །ཐམས་ཅད་ལ་དབང་ཕྱུག་སྟེར་བས་ན་དབང་ཕྱུག་རྡོ་རྗེའོ། །ཞེས་གསུངས་པ་ལྟར་ཏེ། དཔེར་ན་གནས་ཀྱི་མིང་གནས་ཅན་ལ་ཐོགས་པ་ལྟར་འཇོམས་བྱའི་མིང་འཇོམས་བྱེད་ལ་ཆགས་པའོ། །དེ་ལྟར་ལྷ་བཅུ་གཉིས་པོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཁྲོ་འཛུམ་རལ་པའི་ཅོད་པན་དང་། སྤྱི་བོའི་གཙུག་ཏུ་ནོར་བུ་རྣ་ཆ་མགུལ་རྒྱན་ཕྱག་


KMC014_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཀྱི་གདུ་བུ་སྐ་རགས་བཅས་ཕྱག་རྒྱ་ལྔ་དང་། ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་སྟབས་ཀྱིས་བཞུགས་པར་བསྒོམ་མོ། །དེ་ནས་འབྱུང་བའི་ཁམས་ལྔ་བྱིན་གྱིས་བརླབ་པ་ནི། ལྟེ་བར་ས་དཀྱིལ་གྲུ་བཞི་སེར་པོ་ལ་ལཱཾ་ལས་ས་ཁམས་རྣམ་པར་དག་པ་ལྟུང་བྱེད་མ་སེར་མོ་ཞལ་གཅིག་ཕྱག་བཞི་མ་གཡས་དང་པོས་འཁོར་ལོ་འཛིན་པ། སྙིང་གར་ཆུ་དཀྱིལ་དཀར་ཟླུམ་ལ་མཱཾ་ལས་ཆུ་ཁམས་རྣམ་པར་དག་པ་གསོད་བྱེད་མ་ནག་མོ་ཞལ་གཅིག་ཕྱག་བཞི་མ་གཡས་དང་པོས་རྡོ་རྗེ་འཛིན་པ། མགྲིན་པར་མེ་དཀྱིལ་དམར་པོ་གྲུ་གསུམ་ལ་པཱཾ་ལས་མེ་ཁམས་རྣམ་པར་དག་པ་འགུགས་བྱེད་མ་དམར་མོ་ཞལ་གཅིག་ཕྱག་བཞི་གཡས་དང་པོས་པདྨ་འཛིན་པ། དཔྲལ་བར་རླུང་དཀྱིལ་ཟླ་གམ་ནག་པོ་ལ་ཏཱཾ་ལས་རླུང་ཁམས་རྣམ་པར་དག་པ་པདྨ་གར་གྱི་དབང་ཕྱུག་མ་ཞལ་གཅིག་ཕྱག་བཞི་མ་གཡས་དང་པོས་རལ་གྲི་འཛིན་པ། དེ་བཞི་ཀའི་


KMC014_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ཀྱི་འོག་མ་རྣམས་ཀྱིས་གྲི་གུག་དང་། གཡོན་དང་པོས་ཐོད་པ་དང་། གཡོན་འོག་མས་ཁ་ཊྭཱཾ་འཛིན་པའོ། །གསང་བར་ནམ་མཁའི་དཀྱིལ་འཁོར་ལ་ཁཾ་ལས་ནམ་མཁའི་ཁམས་རྣམ་པར་དག་པ་པདྨའི་དྲྭ་བ་ཅན་དུད་ཁ་ཞལ་གསུམ་གཡས་དཀར་གཡོན་དམར་པོ། ཕྱག་དྲུག་པའི་གཡས་གསུམ་ལྕགས་ཀྱུ་གྲི་གུག་ཚངས་པའི་མགོ་དང་། གཡོན་གསུམ་གྱིས་ཁ་ཊྭཱཾ་ག་དང་ཞགས་པ་འཛིན་པ། ལྷ་མོ་ལྔ་ཀའང་གཅེ ར་མོ་སྐྲ་གྲོལ་སྤྱན་གསུམ་པ་ཁྲོས་པའི་ཉམས་ཅན། སྤྱི་བོར་རུས་པའི་འཁོར་ལོ་སྙན་རྒྱན་མགུལ་རྒྱན་གདུབ་བུ་སྐ་རགས་བཅས་རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་ཞབས་གཡས་བརྐྱང་གཡོན་བསྐུམ་གྱིས་བཞུགས་པའོ། །དེ་དག་ཀྱང་ལས་དང་རྗེས་སུ་མཐུན་པའི་མིང་ཅན་ཏེ། བདུད་དང་ལོག་འདྲེན་ཐམས་ཅད་ལྟུང་བར་བྱེད་པས་ལྟུང་བྱེད་མ་དང་། དེ་བཞིན་གསོད་པར་བྱེད་པས་གསོད་བྱེད་མ་དང་། འགུགས་པར་བྱེད་པས་འགུགས་


KMC014_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མ་དང་། པདྨའི་རིགས་ཡིན་ལ་ལས་ཁ་ཚར་ཐམས་ཅད་སྒྲུབ་པར་བྱེད་པའི་གར་ལ་དབང་འབྱོར་བས་པདྨ་གར་དབང་མ་དང་། པདྨའི་རིགས་ཀྱི་ལྷ་ཐམས་ཅད་སྤྲོ་བར་བྱེད་པས་པདྨའི་དྲྭ་བ་ཅན་ཏེ། ངོ་བོ་ནི་རིམ་པ་ལྟར་སངས་རྒྱས་སྤྱན་མ། མཱ་མ་ཀི་གོས་དཀར་མོ་དམ་ཚིག་སྒྲོལ་མ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མའི་རང་བཞིན་ཡིན་པར་ལཱུ་ཡི་པའི་མངོན་རྟོགས་ཀྱི་དཀའ་འགྲེལ་ལས་གསུངས་སོ། །ལྷ་དེ་དག་བསྐྱེད་པའི་རིམ་པ་ཡང་། ལཱུ་ཡི་པའི་སྡོམ་པ་འབྱུང་བ་ལས། གཏི་མུག་རྡོ་རྗེ་མིག་དག་ལ། །ཞེ་སྡང་དག་བྱེད་སྙན་གཉིས་ལ། །སྣ་ལ་སེར་སྣ་གསོད་བྱེད་མ། །ཁ་ལ་འདོད་ཆགས་རྡོ་རྗེ་སྟེ། །ཕྲག་དོག་རྡོ་རྗེ་ལུས་དཔྲལ་ལ། །བྱང་ཆུབ་སེམས་དཔའ་དབང་ཕྱུག་སྦྱིན། །སྐྱེ་མཆེད་རྣམས་ཀྱི་རང་སྙིང་ལའོ། །ས་ཡི་ཁམས་ནི་ལྟུང་བྱེད་མ། །ཆུ་ཡི་ཁམས་ནི་གསོད་བྱེད་མ། །མེ་ཡི་ཁམས་ནི་འགུགས་བྱེད་མ། །རླུང་ཁམས་གར་གྱི་


KMC014_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་མ། །ནམ་མཁའི་རང་བཞིན་པད་འབར་མ། །འདི་དག་རིམ་པར་ལྟེ་བ་སྙིང་། །མགྲིན་པ་དཔྲལ་བ་གསང་གནས་སུ། །ཞེས་གསུངས་པའི་དོན་ཏོ། །དེ་དག་ཀྱང་། ཡང་ནི་གཟུགས་ལ་སོགས་པ་རྣམས། །གཟུགས་བརྙན་ལ་སོགས་བཞིན་དུ་བསམ། །ཞེས་གསུངས་པ་ལྟར། དེ་ལྟར་ཕུང་ཁམས་སྐྱེ་མཆེད་ལྷར་བསྒོམས་པ་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་དང་མེ་ལོང་གི་གཟུགས་བརྙན་ལྟར་ངེས་པར་བྱས་ཏེ་དོན་གསལ་གདབ་པའི་སྔགས། ༀ་པྲ་ཀྲྀ་ཏི་པ་རི་ཤུདྡྷཱཿནི་རང་བཞིན་གྱིས་ཡོངས་སུ་དག་པ། སརྦ་དྷརྨཱཿནི་ཆོས་ཐམས་ཅད། པྲ་ཀྲྀ་ཏི་བ་རི་ཤུདྡྷོ྅ ཧཾ་ནི། རང་བཞིན་གྱིས་ཡོངས་སུ་དག་པ་ངའོ། །ཞེས་པ་སྟེ། རང་བཞིན་དང་པོ་ནི་བཟུང་བ་དང་། གཉིས་པ་ནི་འཛིན་པ་དག་པ་ཡིན་པར་གསུངས་སོ། །ཕྱག་རྒྱ་པད་སྐོར་དང་འཁྱུད་ཚུལ་བྱ་བ་ནི་རྣམ་པ་ལྷར་གསལ་བ་དང་རང་བཞིན་སྟོང་པ་ཉིད་དབྱེར་


KMC014_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་བརྡའོ། །དེ་ནས་སྲུང་འཁོར་བསྒོམ་པ་ནི། ལཱུ་ཡི་པའི་མངོན་རྟོགས་ལས། དེ་ནས་གཡོན་པའི་མཐེབ་མཛུབ་ཀྱིས། །སེ་གོལ་གཏོགས་པ་སྔོན་བཏང་ནས། །ཞེས་དང་། དྲིལ་བུ་པའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ལས། ཧཱུྃ་གྱུར་བདེ་ཆེན་ཕྱག་གཉིས་བསམ། །ཤར་སོགས་ལུགས་དང་མི་མཐུན་དང་། །ལུགས་མཐུན་གཡོན་མཛུབ་སེ་གོལ་གཏོགས། །ཞེས་གསུངས་པ་ལྟར། བདག་ཉིད་ཧེ་རུ་ཀའི་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་ལྷར་བསྐྱེད་བཞིན་པའི་ངང་ནས་ལག་གཡོན་པའི་སེ་གོལ་ཤར་ཏེ་རང་གི་མདུན་ཕྱོགས་སུ་གཏོགས་ཏེ། ༀ་སུམྦྷ་ནི་སོགས་བརྗོད་པ་དང་རང་གི་ཞལ་ནས་འོད་ཟེར་ནག་པོ་ཤར་ཕྱོགས་སུ་འཕྲོས་པ་ཡོངས་སུ་གྱུར་པ་ལས་སུམྦྷ་ནའི་སྔགས་ཀྱི་ཡིག་འབྲུ་ནག་པོ་གཟུགས་ཤིན་ཏུ་ཆེ་བས་ཚངས་པའི་གནས་ནས་ས་འོག་གི་བར་ཁྱབ་པར་བསྒོམ། དེ་བཞིན་དུ་སེ་གོལ་བྱང་སྟེ་རང་གི་གཡོན་ཕྱོགས་སུ་


KMC014_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་ཏེ། ༀ་གྲྀཧྞ་སོགས་བརྗོད་པ་དང་ཞལ་ནས་འོད་ཟེར་ལྗང་གུ་བྱང་དུ་འཕྲོས་པ་ཡོངས་སུ་གྱུར་པ་ལས་གྲྀཧྞའི་སྔགས་ཀྱི་ཡིག་འབྲུ་ལྗང་གུ་ཤིན་ཏུ་ཆེ་བ་སྔར་ལྟར་བསྒོམ། ཡང་སེ་གོལ་ནུབ་ཏེ་རང་གི་རྒྱབ་ཏུ་གཏོགས་ཏེ། ༀ་གྲྀཧྞ་པ་ཡ་སོགས་བརྗོད་པ་དང་ཞལ་ནས་འོད་ཟེར་དམར་པོ་ནུབ་ཕྱོགས་སུ་འཕྲོས་པ་ཡོངས་སུ་གྱུར་པ་ལས། གྲྀ་ཧྞཱཔ་ཡའི་སྔགས་ཀྱི་ཡིག་འབྲུ་ཤིན་ཏུ་ཆེ་བ་དམར་པོ་སྔར་ལྟར་བསྒོམ། ཡང་སེ་གོལ་ལྷོ་སྟེ་རང་གི་གཡས་སུ་གཏོགས་ཏེ། ༀ་ཨཱ་ན་ཡ་ཧོ་སོགས་བརྗོད་པས་ཞལ་ནས་འོད་ཟེར་སེར་པོ་ལྷོར་འཕྲོས་པ་ཡོངས་སུ་གྱུར་པ་ལས་ཨཱ་ན་ཡ་ཧོའི་སྔགས་ཀྱི་ཡིག་འབྲུ་སེར་པོ་གཟུགས་ཤིན་ཏུ་ཆེ་བས་ཚངས་པའི་གནས་ནས་ས་འོག་གི་བར་ཁྱབ་པར་བསམ། དེ་ནས་སླར་ཡང་ཕྱོགས་བཞིའི་སྔགས་དེ་དག་ལས་རང་མདོག་གི་འོད་ཟེར་འཕྲོས། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ར་བ་གྲུ་བཞི་པ་ཕྱོགས་ཀྱི་མདོག་ཅན། འོག་ཏུ་ཧཱུྃ་ཡིག་


KMC014_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་ལེབ་ཆགས་ཀྱི་ལྟེར་ཧཱུྃ་ཡིག་གིས་མཚན་པའི་འོད་ཟེར་སྟེང་འོག་ཏུ་འཕྲོས་པས་འོག་རྡོ་རྗེའི་ས་གཞི་སྟེ་རྡོ་རྗེའི་རྡུལ་ཕྲ་རབ་ཀྱིས་གཏམས་པ། རྡོ་རྗེའི་རྭ་བའི་སྟེང་དུ་རྡོ་རྗེའི་གུར་ཕུབ་པའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་རྡོ་རྗེ་ཕྱེད་པའི་ཏོག་གིས་སྤྲས་པ། འདི་གུར་ཁང་སྒོང་དབྱིབས་ཏེ་སྟེང་གི་གུར་ལ་བང་རིམ་ཟླུམ་པོ་ཡོད་པའི་སྟེང་དུ་དྲིལ་བུ་སྦུབས་པ་ལྟ་བུ་ཡོད་པ་ལ་མཆོད་རྟེན་དབྱིབས་ཅན་དུ་ཡང་གསུངས་པ་ཡོད་དོ། །མཆན། རྡོ་རྗེའི་རྭ་བརྩིགས་ཚུལ་ལ་ཡང་གསུམ་སྟེ་ལོ་ཆེན་རིན་བཟང་ལུགས་ལ་ཆུར་ཉལ་དང་། རྭ་ལུགས་ལ་གྱེན་འགྲེང་དང་། ས་ལུགས་ལ་འབུམ་བརྩིགས་ཞེས་རྩེ་མོ་གཉིས་ཕྱི་ནང་དུ་བསྟན་པར་བཞེད་དོ། །གུར་གྱི་སྟེང་ནས་རྡོ་རྗེ་རྩེ་ལྔའི་མདེའུ་ཅན་གྱི་མདའ་བསྣོལ་མའི་དྲྭ་བ་དང་། ར་བ་དང་གུར་སྦྲེལ་བའི་མཚམས་ཀྱི་ནང་ནས་རྡོ་རྗེའི་བླ་རེ་དང་། དེ་དག་གི་ཕྱི་རོལ་ནས་རྡོ་རྗེའི་མེ་དཔུང་ཁ་དོག་ལྔ་པ་ཅན་གྱིས་བར་མེད་དུ་ཁྱབ་པར་


KMC014_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ལ། སྤྱིར་བཏང་ལ་རྡོ་རྗེའི་དྲྭ་མིག་བསྣོལ་མཚམས་ནས་མདའ་བསྣོལ་བ་སྐྱེས་པ་ལྟ་བུ་དང་དེའི་མདིལ་རྩེ་བསྣོལ་མཚམས་རྣམས་ནས་མེ་འབར་བར་བཤད་ཀྱང་སྐབས་འདིར་རྡོ་རྗེའི་དྲྭ་བ་མ་བཤད་དོ། །མཆན། ༀ་མེ་དེ་ནི་སོགས་ནི་རྡོ་རྗེའི་ས་གཞི་བརྟན་པར་བྱེད་པའི་སྔགས་ཏེ། མེ་དེ་ནཱི་རྡོ་རྗེའི་ས་གཞི། བཛྲཱི་བྷ་བ་རྡོ་རྗེ་ཅན་དུ་བརྗོད། བཛྲ་བནྡྷ་ཧཱུྃ། རྡོ་རྗེས་ཆིངས་ཤིག་པའོ། །དེ་བཞིན་དུ་བཛྲ་པྲཱ་ཀཱ་ར་རྡོ་རྗེའི་རྭ་བ་བརྟན་བྱེད་ཀྱི་སྔགས་ཏེ། བཛྲ་རྡོ་རྗེ། པྲཱ་ཀཱ་ར་རྭ་བའོ། །ༀ་བཛྲ་པཉྫ་ར་རྡོ་རྗེའི་གུར་བརྟན་བྱེད་ཀྱི་སྔགས་ཏེ། བཛྲ་རྡོ་རྗེ་པཉྫ་ར་གུར་རོ། །ༀ་བཛྲ་ཤ་ར་སོགས་ནི་མདའི་དྲྭ་བ་བརྟན་པར་བྱེད་པའི་སྔགས་ཏེ། བཛྲ་རྡོ་རྗེ་ཤ་ར་མདའ། ཛཱ་ལ་དྲྭ་བའོ། །ༀ་བཛྲ་ཛྭ་ལ་སོགས་ནི་ཕྱིའི་མེ་དཔུང་བརྟན་པར་བྱེད་པའི་སྔགས་ཏེ། བཛྲ་རྡོ་རྗེ་ཛྭ་ལ་འབར་བ། ཨ་ན་ལ་དང་ཨཱརྐ་སྦྱར་བས། ཨ་ན་ལཱརྐ་སྟེ་མེ་དང་ཉི་མ། བཾ་ཁཾ་སཾ་ཧཱུྃ་རྣམས་ནི་འབྱུང་བ་བཞིའི་ས་བོན་ཏེ་དེ་དག་གིས་མི་འཇིག་པའི་ཆེད་དུ་ས་


KMC014_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བོན་ཧཱུྃ་ཡིག་གི་བར་དུ་བཅུག་སྟེ་རྒྱས་གདབ་པའོ། །དེ་དག་ཀྱང་ལཱུ་ཡི་པའི་གཞུང་ལས། སུམྦྷ་ལ་སོགས་སྔགས་བཞི་པོ། །རྩེ་གཅིག་རྣལ་འབྱོར་བརྗོད་པ་ཡིས། །ནག་པོ་ལྗང་གུ་དམར་སེར་པོ། །ཤར་ལ་སོགས་པའི་ཕྱོགས་སུ་འགོད། །ས་འོག་ཚངས་པའི་གནས་བར་དུ། །ཁྱབ་པའི་གཟུགས་ཆེན་འབར་བ་རྣམས། །སུམྦྷ་ལ་སོགས་འོད་ཟེར་གྱིས། །ར་བ་བཞི་པོ་དེ་བཞིན་བསམ། །ཞེས་གསུངས་པའི་དོན་ཏོ། །ཡང་རང་གི་ཞལ་ནས་ཧཱུྃ་བཞིའི་སྔགས་བརྗོད་པའི་རྐྱེན་གྱིས་རིམ་པ་ལྟར་སྔར་ཕྱོགས་བཞིར་བསྒོམས་པའི་སྔགས་ཚན་བཞི་ལས་འོད་ཟེར་རིམ་པ་ལྟར་འཕྲོས་པ་ཡོངས་སུ་གྱུར་པ་ལས་ར་བའི་ཕྱི་རོལ་གྱི་ཤར་དུ་ཁྭ་གདོང་ནག་མོ། བྱང་དུ་འུག་གདོང་ལྗང་གུ། ནུབ་ཏུ་ཁྱི་གདོང་དམར་མོ། ལྷོར་ཕག་གདོང་སེར་མོ་དང་བཅས་བཞི་ཀ་གཅེར་མོ་ཤིན་ཏུ་ཁྲོས་པའི་ཉམས་ཅན་སྐྲ་བརྫེས་སྦྲུལ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་


KMC014_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ན་རྡོ་རྗེའི་ཐོ་བ་དང་གཡོན་པ་ན་རང་འདྲའི་སྐུ་སྟོད་ཅན་གྱི་ཕུར་པ་བསྣམས་པ། ལྟེ་བ་མན་ཆད་སྐུ་སྨད་ཕུར་པའི་རྣམ་པ་ཅན་ཞལ་ནང་དུ་ཕྱོགས་པར་བསྒོམ། འདི་དག་ཀྱང་མིའམ་ཅི་འདུལ་བའི་དོན་དུ་མཁའ་ལྡིང་སོགས་ཀྱི་གདོང་དུ་བསྟན་པ་ལས་ངོ་བོ་ནི་གཽ་རཱི་དང་། ཙཽ་རི། པུཀྐ་སི། བེ་ཏཱ་ལི་དང་བཞི་ཡིན་ལ། ཞལ་བཞི་ལ་ཐབས་ཁམས་གསུམ་རྣམ་རྒྱལ་དང་། བདུད་རྩི་འཁྱིལ་པ་དང་། རྟ་མཆོག་དང་། གཤིན་རྗེའི་གཤེད་དང་བཞི་སྦས་པ་ཡིན་པར་མངོན་བརྗོད་བླ་མའི་འགྲེལ་པར་གསུངས་སོ། །དེ་དག་ནི་ལུགས་དང་མི་མཐུན་པར་ལྷ་སྔགས་གཡོན་སྐོར་དུ་འགོད་པའོ། །དེ་ནས་ལུགས་མཐུན་གྱིས་མཚམས་མ་རྣམས་ཤར་ལྷོ་ནས་གཡས་སྐོར་གྱིས་རང་གི་མཚམས་བཞིར་སེ་གོལ་རིམ་པར་གཏོགས་ཏེ་རང་གི་ཞལ་ནས་སྔགས་གཉིས་གཉིས་རེ་བརྗོད་པའི་རྐྱེན་གྱིས་སྔར་བསྒོམས་པའི་ཧཱུྃ་བཞིའི་སྔགས་ལས། ༀ་སུམྦྷ་ནི་ལས་འོད་ཟེར་


KMC014_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་དང་། ༀ་ཨཱ་ན་ཡ་ལས་འོད་ཟེར་སེར་པོ་འཕྲོས་པ་གཉིས་གཅིག་ཏུ་འདྲེས་ཏེ་ཡོངས་སུ་གྱུར་པ་ལས། ཤར་ལྷོར་གཤིན་རྗེ་བརྟན་མ་ཕྱེད་གཟུགས་ཏེ་སྐུ་ཕྱེད་གཡས་སྔོ་གཡོན་སེར་པོ། དེ་བཞིན་དུ་སྔགས་གཉིས་བརྗོད་པའི་རྐྱེན་གྱིས། ༀ་ཨཱ་ན་ཡ་ལས་འོད་སེར་པོ་དང་། ༀ་གྲྀ་ཧྞཱ་པ་ཡ་ལས་འོད་དམར་པོ་འཕྲོས་པ་གཉིས་ཡོངས་སུ་གྱུར་པ་ལས་ལྷོ་ནུབ་ཏུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། དེ་བཞིན་ༀ་གྲྀ་ཧྞཱ་པ་ཡ་ལས་འོད་དམར་པོ་དང་། ༀ་གྲྀ་ཧྞ་ལས་འོད་ཟེར་ལྗང་གུ་འཕྲོས་པ་གཉིས་ཡོངས་སུ་གྱུར་པ་ལས་ནུབ་བྱང་དུ་གཤིན་རྗེ་མཆེ་མ་གཡས་དམར་གཡོན་ལྗང་བ། ཡང་ༀ་གྲྀ ཧྞ་ལས་འོད་ཟེར་ལྗང་གུ་དང་། ༀ་སུམྦྷ་ལས་འོད་ཟེར་ནག་པོ་འཕྲོས་པ་གཉིས་ཡོངས་སུ་གྱུར་པ་ལས་བྱང་ཤར་དུ་གཤིན་རྗེ་འཇོམས་མ་ཕྱེད་གཟུགས་གཡས་ལྗང་གཡོན་སྔོ་བ་སྟེ་ཞལ་ཕྱག་དང་ཕྱག་མཚན་རྒྱན་ཆས་ཕུར་ཤམ་སོགས་ནི་སྒོ་མ་བཞི་


KMC014_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ་ལ། ངོ་བོ་ནི་གྷ སྨ་རཱི་དང་། ཤ་བ་རཱི། ཙཎྜ་ལི། ཌོམྦི་ནི་དང་བཞི་ཡིན་ལ། ཐབས་སྦས་པའི་ལྷ་ནི་དབྱིག་སྔོན་དང་། འདོད་པའི་རྒྱལ་པོ། མི་གཡོ་བ། སྟོབས་པོ་ཆེ་དང་བཞི་ཡིན་པར་ཨ་བྷི་དྷཱ་ནའི་འགྲེལ་པར་གསུངས་སོ། །སྐུ་སྨད་ཀྱི་ཕུར་ཤམ་ལ་རྡོ་རྗེ་རྩེ་གཅིག་གི་རྣམ་པར་གསུངས་པ་དང་། ལ་ལར་མདུང་གི་ཚུལ་དུ་གསུངས་ཤིང་། མདུང་ཞེས་པའང་ཕྱེད་ཀྲུང་སྟེ་ཕག་མོའི་ཞབས་ཀྱི་གར་སྟབས་འདྲ་བ་ལ་རྡོ་རྗེ་མཁའ་འགྲོའི་འགྲེལ་བར་གསུངས་པའང་བབ་འཕྲོས་སོ། །སུམྦྷའི་སྔགས་དོན་ནི། ༀ་ནི་སྔགས་ཀྱི་མགོ་འདྲེན། སུམྦྷ་གནོད་མཛེས། ནི་སུམྦྷ་ངེས་པར་གནོད་མཛེས། གྲྀཧྞ་གྲྀཧྞ་ཟུང་ཟུང་། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱཔ་ཡ་འཛིན་པར་གྱིས་འཛིན་པར་གྱིས། ཨཱ་ན་ཡ་ཀུན་ནས་དྲོངས་ཤིག་གམ་ཁུག་ཅིག །ཧོཿབྷ་ག་ཝཱན་བ ཛྲ་ཀྱེ་བཅོམ་ལྡན་རྡོ་རྗེའོ། །ཧཱུྃ་གཉིས་ཀྱིས་སྔ་མས་ཀུན་རྫོབ་དང་འབྲེལ་བའི་བགེགས་གཞོམ་པ་དང་ཕྱི་མས་གནོད་བྱ་


KMC014_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་གཉིས་སུ་མ་གྲུབ་པར་ཤེས་པར་བྱེད་པ་དང་། ཕཊྲ་ཀྱིས་རྣམ་རྟོག་ཉོན་མོངས་ཐམས་ཅད་དབྱིངས་སུ་གཅོད་པའོ། །དེ་ནས་སྒོ་མཚམས་མ་བརྒྱད་ཀྱིས་རང་འདྲའི་སྤྲུལ་པ་དཔག་ཏུ་མེད་པ་ཕྱོགས་མཚམས་སྟེང་འོག་བཅུར་སྤྲོས་ཏེ་ཕྱོགས་བཅུའི་བགེགས་ཚོགས་མ་ལུས་པ་ཐམས་ཅད་བཀུག་སྟེ། ར་བའི་ཕྱིར་ཧཱུྃ་ཡིག་ལས་སྐྱེས་པའི་ཁྲོན་ཟབ་སྟེ་དོང་ཆུ་ཤིན་ཏུ་གཏིང་ཟབ་པ་བརྒྱད་ཀྱི་ནང་དུ་བགེགས་རྣམས་བཅུག་པ་དང་། བདག་ཉིད་བཅོམ་ལྡན་ཧེ་རུ་ཀའི་ཞལ་ནས་སྒོ་མཚམས་བརྒྱད་ཀྱི་ཁྲོ་མོ་རྣམས་ལ་ཕུར་པ་ཐོབ་ཅེས་བཀའ་བསྒོས་པས། ཁྲོ་མོ་ཕྱོགས་ན་གནས་པ་རྣམས་ཀྱིས་བགེགས་རྣམས་ཀྱི་སྤྱི་བོར་ཕུར་པ་གཡོན་སྐོར་དུ་གདབ་ཅིང་། མཚམས་མ་བཞིས་གཡས་སྐོར་དུ་གདབ་པའི་སྔགས་ནི། ༀ་གྷ་གྷ་ནི་གསོད་པའོ། །གྷཱ་ཏ་ཡ་གྷཱ་ཏ་ཡ་ནི་གསོད་པར་གྱིས་ཤིག་གསོད་པར་གྱིས་ཤིག་གོ །སུ་བསད་ཅེ་ན། སརྦ་དུཥྚཱན་བིགྷྣཱན་ཏེ་


KMC014_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པའི་བགེགས་ཐམས་ཅད་དོ། །ཀཱི་ལ་ཡ་གཉིས་ནི་ཕུར་བུས་ཐོབ་ཕུར་བུས་ཐོབ་ཅེས་སོ། །སུ་ལ་ཞེ་ན། སརྦ་པཱ་པཾ་ན་ཏེ་སྡིག་པའི་ལས་བྱེད་པ་ཐམས་ཅད་ལའོ། །ཧཱུྃ་གསུམ་དང་བཛྲ་ཀཱི་ལ་ཡ་ནི་རྡོ་རྗེའི་ཕུར་བུ་བསྐྱེད་པའོ། །སུ་ཡིས་གདབ་ཅེ་ན། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྟེ་རྡོ་རྗེ་འཛིན་པའི་བཀའ་ཡིས་སོ། །གང་ལ་གདབ་ཅེ་ན། སརྦ་དུཥྚཱ ན་བིགྷྣཱན་ཏེ་གདུག་པ་ཅན་ཐམས་ཅད་ཀྱི། ཀཱ་ཡ་སྟེ་དཔྲལ་བ། ཝཱཀ་སྟེ་མགྲིན་པ། ཙིཏྟ་སྟེ་སྙིང་གར་རོ། །སུས་གདབ་ཅེ་ན། བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊྲ་ཏེ། རྡོ་རྗེ་ཕུར་བུས་སོ། །དེ་ནས་ཁྲོ་མོ་ཐམས་ཅད་ཀྱི་ཕྱག་གཡས་པའི་རྡོ་རྗེའི་ཐོ་བས་ཕུར་བུ་རྣམས་བགེགས་རྣམས་ཀྱི་སྤྱི་བོར་བརྡུངས་པས་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཕུག་སྟེ། དེ་ཚེ་བརྡུང་བའི་སྔགས་ཀྱང་། ༀ་བཛྲ་མུཏྒ་ར་ནི་རྡོ་རྗེའི་ཐོ་བའོ། །བཛྲ་ཀཱི་ལ་ཡ་ནི་རྡོ་རྗེའི་ཕུར་པའོ། །ཨཱ་ཀོ་ཊ་ཡ་ནི་རྡུངས་ཤིག་པ་སྟེ་ཀཱི་ལ་ཡ་དང་དབྱངས་སྦྱར་བའོ། །ཕུར་གདབ་ཀྱི་


KMC014_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དོན་འདི་ཡང་རྒྱུད་འགྲེལ་དུ་བཀྲལ་བ་ལྟར་རོ། །དེ་ནས་བགེགས་ཚོགས་དེ་དག་གི་ལུས་ངག་ཐམས་ཅད་རྡུལ་དུ་བརླག་སྟེ་སེམས་ཉིད་བདེ་ཆེན་འོད་གསལ་དེ་ཁོ་ན་ཉིད་དུ་རང་བཞིན་ཏེ་ངོ་བོ་གཅིག་ཏུ་བྱས། བགེགས་ལྷག་མ་རྣམས་ཀྱང་རྒྱང་རིང་དུ་བསྐྲད་ནས་སྒོ་མཚམས་ཀྱི་ཁྲོ་མོ་རྣམས་དང་ཧཱུྃ་བཞིའི་སྔགས་བཅས་རྡོ་རྗེའི་ར་བ་ལ་ཐིམ་སྟེ། དཔེར་ན་ཆུ་ལ་ཆུ་བརྡབས་པས་དབྱེར་མེད་དུ་འདྲེས་ཀྱང་ཆུ་ཡི་ཟེག་མ་འཐོར་བ་ལྟར་འོད་ཟེར་ཕྱིར་འཕྲོས་པས་སླར་ཡང་རྡོ་རྗེ་དང་། པདྨ་དང་། འཁོར་ལོའི་ར་བ་ཟླུམ་པོ་བར་མེད་དུམ་བུ་གཅིག་པས་བསྐོར་བར་བསྒོམས་ལ། ༀ་བཛྲ་པྲཱ་ཀཱ་ར་ཏེ་རྡོ་རྗེའི་རྭ་བ། པདྨ་པྲཱ་ཀཱ་ར་ཏེ་པདྨའི་རྭ་བ། ཙཀྲ་པྲཱ་ཀཱ་ར་ཏེ་འཁོར་ལོའི་རྭ་བའི་སྔགས་ཀྱིས་བརྟན་པར་བྱ་བའོ། །འདི་དག་ཀྱང་ལཱུ་ཡི་པའི་གཞུང་ལས། ཁ་གདོང་མ་ལ་སོགས་པ་བཞི། །གསང་སྔགས་བཞི་ལས་བྱུང་བ་དང་། །གཉིས་གཉིས་


KMC014_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་འོད་ལས་བྱུང་བ། །གཤིན་རྗེ་བརྟན་མ་ལ་སོགས་བཞི། །ཞལ་གཅིག་ཕྱག་གཉིས་དེ་རྣམས་བརྒྱད། །ལྟེ་བ་མན་ཆད་ཕུར་པའི་གཟུགས། །དེ་རྣམས་གཡོན་ན་ཕུར་བུ་ནི། །དེ་དང་དེ་ཡི་ངང་ཚུལ་ཅན། །གཡས་པའི་ལག་པ་རྣམས་ལ་ནི། །རྡོ་རྗེའི་ཐོ་བ་ཆེན་པོ་འཛིན། །འཕྲོས་ཏེ་སོང་བས་ཕྱོགས་བཅུ་ན། །གནས་པའི་བགེགས་རྣམས་རབ་བཀུག་ནས། །ཧཱུྃ་རིང་ལས་བྱུང་ཕྱོགས་བརྒྱད་ཀྱི། །ཁྲོན་པར་དེ་རྣམས་རབ་བཅུག་ནས། །གདབ་པའི་སྔགས་ཀྱིས་ཕུར་བུ་གདབ། །བརྡུང་བའི་སྔགས་ཀྱིས་བརྡུང་བྱ་སྟེ། །གདབ་དང་བརྡུང་བ་དག་གིས་ནི། །དེ་བཞིན་ཉིད་དུ་རོ་གཅིག་གྱུར། །བགེགས་ཀྱི་ལྷག་མ་རྣམས་བསྐྲད་ནས། །ར་བ་ལ་ཐིམ་ལྷ་མོ་རྣམས། །ཆུ་ལ་ཆུ་ནི་གདབ་པ་བཞིན། །མཚམས་ཀྱི་བཅིངས་པའི་ཕྱིར་བྱུང་བ། །རྡོ་རྗེ་པདྨ་འཁོར་ལོ་ཡི། །ར་བ་རྣམས་ཀྱང་བསམ་པར་བྱ། །ཞེས་གསུངས་པའི་དོན་ཇི་བཞིན་ཡིན་ནོ། །སྲུང་འཁོར་གྱི་སྐབས་


KMC014_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ལྷ་སྔགས་འགོད་ཚུལ་གོ་ལྡོག་ཏུ་འགོད་དགོས་པའི་དོན་ཀྱང་། རྣལ་འབྱོར་མའི་ཀུན་སྤྱོད་ལས། ལྷ་སྔགས་བཟློག་ཏེ་བཀོད་པ་དང་། །སྔགས་ཀྱི་དབྱེ་བ་བཟློག་པ་དང་། །བསྒོམ་པའི་གསང་བ་བཟློག་པ་ནི། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པའོ། །ཞེས་གསུངས་པ་ལྟར་རོ། །ཧཱུྃ་བཞིའི་སྔགས་ལ་སེ་གོལ་གཏོགས་པ་ནི་བཀའ་བསྒོ་བ་དང་གནས་སྲུང་བའི་བརྡ་བྱེད་པ་ཡིན་ནོ། །དེ་ནས་ཚོགས་བསགས་པ་ནི། སྲུང་འཁོར་གྱི་དབུས་སུ་བདག་ཉིད་ཧེ་རུ་ཀའི་སྙིང་གར་ཨཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སྔོན་པོ་འོད་ཟེར་སྣ་ཚོགས་འཕྲོ་བས་མདུན་གྱི་ནམ་མཁར་བླ་མ་དང་དཔལ་འཁོར་ལོ་སྡོམ་པ་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་དང་བཅས་པ་སྤྱན་དྲངས་ཏེ་སྙིང་གའི་འོད་ཟེར་སླར་རང་ལ་ཐིམ་པར་བསམ། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ལ་ཕྱག་འཚལ་བ་ནི། རྣལ་འབྱོར་རོ་གཅིག་སོགས་ཏེ།


KMC014_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གི་སྦས་དོན་ནི། ཡེ་ནས་གནས་པའི་མ་བཅོས་ཆོས་ཉིད་རྣལ་མ་ལ། རང་གསལ་ཀ་དག་ལྷུན་གྲུབ་ཡེ་ཤེས་ཀྱི་དབང་འབྱོར་བས་ཆོས་ཉིད་ཆོས་ཅན་ཐམས་ཅད་བདེ་ཆེན་གཉུག་མའི་ཀློང་དུ་རོ་གཅིག་ཏུ་འདྲེས་པས། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཟུང་དུ་འཇུག་པའི་བདུད་རྩི་གསོལ་བས་རྣམ་པར་དག་པའི་ཐུགས་འོད་གསལ་གྱི་ཡེ་ཤེས་མངོན་དུ་གྱུར་པ་དང་། ནང་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེའི་གནས་ཚུལ་ལ་སོགས་པ་ཐབས་ཀྱི་རྣམ་པ་ལ་བརྟེན་ཏེ། གཟུང་འཛིན་ཟླ་ཉིའི་རླུང་གི་འགྲོས་ཐམས་ཅད་དོན་དམ་འཕོ་མེད་དྷཱུ་ཏིའི་ཡུལ་དུ་བགྲོད་པས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་པ་དང་། དཔལ་གྱི་གནས་ཀྱི་དབུས་མཆོག་སྟེ་སྙིང་ག་ཆོས་ཀྱི་འཁོར་ལོའི་དྭངས་མ་མི་ཤིགས་པའི་ཐིག་ལེ་ཉིད་འཕོ་མེད་དུ་བརྟེན་པའི་དཀྱིལ་འཁོར་གྱི་འཁོར་ལོའི་མགོན་པོ་སྟེ། གཙོ་བོ་དཔལ་ལྡན་བདེ་བ་མཆོག་དང་། རིགས་བརྒྱའི་


KMC014_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་བདག་དཔལ་ལྡན་བླ་མ་མཆོག་ལ་སྤྱི་བོས་བཏུད་དེ་སྒོ་གསུམ་གུས་པས་རྟག་ཏུ་ཕྱག་འཚལ་ལོ་ཞེས་པའོ། །དེ་ནས་འཁོར་ལོ་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མ་ལ་ཕྱག་འཚལ་བ་ནི། ལྷ་མོའི་ཕྲེང་བ་ནི་རྩའི་མིང་ཡིན་པས་རྩའི་འཁོར་ལོའི་རང་བཞིན་རྣམས་གཙོ་བོའི་སྐུའི་དབྱིབས་སུ་གསལ་བ་སྟེ། ཕྱི་རོལ་གྱི་ཡུལ་ཉེར་བཞི་པོ་རྣམས་ནང་རྡོ་རྗེ་ལུས་ཀྱི་རྩའི་བཀོད་པ་ལ་རྫོགས་ཤིང་དེར་བཞུགས་པའི་དཔའ་བོ་ཡབ་ཡུམ་རྣམས་ལ་རིན་པོ་ཆེ་རྣམས་སུ་གསུངས་ཏེ་སྐུ་ཡི་རྒྱན་ལྟ་བུ་ཡིན་པས་སོ། །དེ་ལྟར་འཁོར་ལོ་གསུམ་གྱི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་རྟག་ཏུ་སྤྲས་པའི་སྐུ་རྣམས་ནི་དུས་ཀུན་ཏུ་འཕོ་མེད་དུ་བཞུགས་པ་ཡིན་པའི་ཕྱིར་ན་གཙོ་བོའི་ནང་གི་འཁོར་ལོ་གསུམ་ལ་གནས་པའི་མགོན་མཆོག་ལྷན་ཅིག་སྐྱེས་པའི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཉེས་པའི་སྐྱོན་གྱི་དྲི་མ་མེད་པ་དེ་དག་ལ་ཡང་། བདེ་བ་མཆོག་གི་རྣལ་འབྱོར་


KMC014_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོར་བྱེད་པ་བདག་གིས་ནི་རྟག་ཏུ་གུས་པས་ཕྱག་འཚལ་ལོ། །ཞེས་པའོ། །འདི་ཡི་དོན་འགྲེལ་ས་བོན་ཙམ་ཞིག་དཀའ་འགྲེལ་པདྨ་ཅན་དུ་བཞུགས་པ་ལ་བརྟེན་ཏེ་སླར་གོ་གསལ་དུ་བཀོད་པ་ཡིན་ནོ། །སླར་ཡང་རང་གི་སྙིང་གའི་ས་བོན་ལས་བྱུང་བའི་ལྷ་མོ་པི་ཝཾ་མ་སོགས་པས་མཆོད། སྦེག་ལ་སྒེག་ཅིང་ཞེས་པའི་སྦེག་པ་ནི་སྐུའི་ཤ་སྐེམ་པའི་དོན་དང་སྒེག་པ་ནི་རྒྱན་གྱིས་མཛེས་པའོ། །སྔགས་དོན་ནི་རྗེས་ནས་འཆད། སླར་ཡང་སྙིང་གའི་ས་བོན་ལས་སྤྲོས་པའི་མཁའ་འགྲོ་མ་བཞི་མཆོད་ལ། སྔགས་དོན་ནི། པཉྩ་ཨ་མྲྀ་ཏ་བདུད་རྩི་ལྔ། པཱུ་ཛ་མེ་གྷ་ས་མུ་དྲ་མཆོད་པའི་སྤྲིན་རྒྱ་མཚོ། སྥ་ར་ཎ་འཕྲོ་བ། ས་མ་ཡ་ཧཱུྃ་ནི་མ་འདའ་ཞིག་ཅེས་པའོ། །དེ་ནས་མཆོད་ལྷ་དེ་རྣམས་ཡུམ་ལ་ཐིམ་པས་ཡབ་ཡུམ་བདེ་ཆེན་གྱི་ཡེ་ཤེས་མཆོག་ཏུ་འཕེལ་བར་བསམས་ལ་ཕྱག་རྒྱ་འཁྱུད་ཚུལ་དང་བཅས་ཏེ་སྔགས་ༀ་ཤྲཱི་མ་ཧཱ་སུ་ཁ་ནི་དཔལ་བདེ་བ་ཆེན་པོ། ཧེ་ཧེ་རུ་རུ་བཞི་ནི་


KMC014_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་བཞི། ཀཾ་ནི་དངོས་འཛིན་བྲལ་བ། ཨཱ་ཧཱུྃ་ཧཱུྃ་ཕཊྲ་བཞི་ནི་དགའ་བཞི་འཕོ་མེད་དུ་བརྟན་པར་བྱེད་པ། སྭཱ་ཧཱ་ནི་དེ་དག་གི་གཞི་ཚུགས་ཞེས་པའོ། །དེ་ནས་འདོད་ཆགས་ཞེ་སྡང་སོགས་ཡན་ལག་རྣམ་པ་ལྔའི་ཚིག་དོན་ནི་གོ་སླའོ། །དེ་ནས་ཚོགས་ཞིང་རྣམས་རང་ལ་བསྟིམ་པའི་མཐར། རང་ཉིད་ཀྱི་སྤྱི་མགྲིན་སྙིང་ག་གསུམ་དུ་ཧེ་དཀར་པོ་དང་རུ་དམར་པོ་ཀ་སྔོན་པོ་གསུམ་བསྒོམས་ལ། ཧེ་ནི་རྒྱུ་སོགས་ཀྱི་དོན་སྔར་བཤད་པ་ལྟར་བསམ། ཆོས་ཀུན་ལ་རང་བཞིན་མེད་པ་དེ་ལྟར་མ་ཤེས་ནས་འགྲོ་ཀུན་བདག་ཏུ་འཛིན་པས་འཁོར་བར་གྱུར་བས་ན། བདག་ནི་ཧེ་རུ་ཀར་གྱུར་ཏེ་གཟུང་བ་དང་འཛིན་པ་གཉིས་དང་བྲལ་བའི་ཆོས་ཁོང་དུ་ཆུབ་པར་བྱ་སྟེ་དེ་དོན་བསྒྲུབ་པར་བྱའོ་སྙམ་མོ། །ཚུལ་དེ་དག་ཀྱང་ལཱུ་ཡི་པའི་གཞུང་ལས། དེ་ནས་སྙིང་གར་ཨཾ་ལས་ཟླ་བའི་དཀྱིལ་འཁོར་ཏེ། །དེ་ཡི་སྟེང་དུ་ཧཱུྃ་ཡིག་འོད་ཟེར་དང་ལྡན་བསམ་བྱས་ཏེ། །དེ་ཡི་


KMC014_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱིས་བཀུག་ནས་མདུན་དུ་དཀྱིལ་འཁོར་ལ། །ཕྱག་འཚལ་ལ་སོགས་བདུན་དང་བདག་ཉིད་འབུལ་བར་བྱ། །ཧེ་རུ་ཀ་ཡིག་སྤྱི་བོ་མགྲིན་པ་སྙིང་ག་རུ། །རིམ་པས་བལྟས་ཏེ་སྟོང་པ་ཉིད་བསྒོམ་གསང་སྔགས་བརྗོད། །ཅེས་གསུངས་པའི་དོན་ཏེ། དེ་ནས་དང་པོ་འཆི་སྲིད་སྦྱོང་བའི་ཕྱིར་བདག་དང་ཁམས་གསུམ་ཐམས་ཅད་རང་བཞིན་འོད་གསལ་སྟོང་ཉིད་དུ་ཐིམ་པར་བསམས་ལ། ༀ་སྭ་བྷཱ་བཱ་ཤུདྡྷཿསྟེ་རང་བཞིན་གྱིས་ཡོངས་སུ་དག་པའོ། །གང་དག་ཅེ་ན། སརྦ་དྷརྨཱཿསྟེ་ཆོས་ཐམས་ཅད་དོ། །ཅིའི་རང་བཞིན་དུ་དག་ཅེ་ན། རང་བཞིན་ནི་མ་བཅོས་པ་ཡིན་པའི་ཕྱིར། སྭ་བྷཱ་བ་ཤུདྡྷོ ྅ཧཾ་སྟེ་རང་བཞིན་གྱིས་དག་པ་ནི་ངའོ། །ཞེས་སོ། །དེ་ལྟར་ཁམས་གསུམ་པོ་ཐམས་ཅད་བློས་བྱས་ཀྱི་སྟོང་པ་ཙམ་མ་ཡིན་པར་རང་བཞིན་གྱིས་ཐམས་ཅད་སྟོང་པར་བསམ་མོ། །གཉིས་པ་བར་སྲིད་སྦྱོང་བའི་ཕྱིར་དུ་སླར་ཡང་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་རང་གི་


KMC014_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་སྟོང་པའི་རང་རྩལ་ལས་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ངོ་བོ་ༀ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་བརྩེགས་མར་གནས་པ་དེ་ལས་གོང་བཤད་ལྟར་སྐུ་གསུང་ཐུགས་ཀྱི་འཁོར་ལོའི་ལྷ་རྣམས་སྤྲོས་པས། འགྲོ་ཀུན་འཁོར་ལོ་གསུམ་གྱི་ལྷར་བྱས། དེ་ཐམས་ཅད་ཡབ་ཡུམ་སྙོམས་པར་ཞུགས་ཏེ་འོད་དུ་ཞུ་བ་ཡི་གེ་གསུམ་སོ་སོར་ཐིམ་པའི་མཐར་ༀ་ཨཱཿལ་ཐིམ། ཨཱཿཧཱུྃ་ལ་ཐིམ། ཧཱུྃ་དེ་ཡང་ཞབས་ཀྱུ་ཁོག་པ་ལ་ཐིམ། ཁོག་པ་མགོ་བོ་ལ། དེ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། ནཱ་ད་དེ་ཡང་སྐྲ་ཡི་རྩེ་མོ་སྟོང་དུ་གཏུབ་པའི་ཆ་ཙམ་དུ་གནས་པར་བསམ་པ་ནི་བར་དོའི་རྣམ་ཤེས་སྣང་བ་ལ་ཐིམ་པ་དང་། སྣང་བ་མཆེད་པ་ལ་ཐིམ་པ་དང་། མཆེད་པ་ཉེར་ཐོབ་ལ་ཐིམ་པ་རྣམས་སྦྱོང་བའོ། །དེ་ནས་འདི་ལྟར་མ་རིག་འཁྲུལ་པའི་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་ཀྱི་ཆོས་ཉིད་རང་བཞིན་འོད་གསལ་མ་རྟོགས་པས་


KMC014_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་ལ་གནས་སོ་སྙམ་པའི་སྙིང་རྗེ་བྱ་བ་ནི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་ཆོས་ལ་དམིགས་པའི་སྙིང་རྗེ་གཉིས་སོ། །བདག་གིས་ཆོས་ཉིད་ཟབ་མོའི་དོན་མངོན་དུ་བྱས་ནས་འགྲོ་བ་རྣམས་ཀྱིས་ཀྱང་ཟབ་མོ་ཆོས་ཉིད་དེ་བཞིན་རྟོགས་པར་བྱའོ་སྙམ་པ་ནི་དམིགས་པ་མེད་པའི་སྙིང་རྗེའོ། ། དེ་ནས་དངོས་གཞི་རྟེན་གཞལ་ཡས་ཁང་བསྐྱེད་པའི་ཐོག་མར་གཞི་སྟོང་ཉིད་ལ་མངོན་པར་བྱང་ཆུབ་པ་ནི། ༀ་ཤཱུནྱ་ཏཱ་སོགས་ཏེ། ༀ་ནི་སྔགས་ཀྱི་ནོར་བུ་འཛིན་པ། ཤཱུནྱ་ཏཱ་ནི་སྟོང་པ་ཉིད་དེ། རྡོ་རྗེ་མཁའ་འགྲོ་ལས། གཟུགས་ནི་ཐམས་ཅད་སྟོང་པ་ཉིད། །སྟོང་པའི་ཚུལ་གྱིས་མིག་གིས་ནི། །དོགས་པ་མེད་པར་བསྒོམ་པའི་མཆོག །རྣམ་པར་མི་རྟོག་པ་ཡིས་བལྟ། །ཞེས་གསུངས་པ་ལྟར་འདི་ལྟར་གཟུགས་སོགས་སྣང་བའི་ཆོས་ཐམས་ཅད་ངོ་བོས་མ་གྲུབ་པས་ན་གདོད་ནས་སྟོང་པའོ། །འོ་ན་ཆོས་ཉིད་དེ་བཞིན་ཉིད་ཀྱང་ཅི་ཡང་མེད་པའི་སྟོང་པ་ཕྱང་ཆད་


KMC014_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཡིན་ནམ་སྙམ་ན། ཛྙཱ་ན་ནི་ཡེ་ཤེས་ཏེ། རྒྱུད་གསེར་ཕྲེང་ལས། ཡེ་ནས་གནས་པའི་དོན་གང་ཞིག །མངོན་པར་ཤེས་ཕྱིར་ཡེ་ཤེས་བརྗོད། །ཅེས་གསུངས་པ་ལྟར་རང་བྱུང་ཡེ་ཤེས་ཉིད་སྨྲ་རྟོག་དངོས་པོའི་མཚན་མ་ལས་འདས་ཀྱང་། རྣལ་འབྱོར་ཅན་གྱི་སོ་སོ་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་ཅན་ནོ། །བཛྲ་ནི་རྡོ་རྗེ་སྟེ། མཁའ་འགྲོ་མ་གསང་བ་འབར་བའི་རྒྱུད་ལས། གཟུང་འཛིན་རྟོག་པས་མི་ཕྱེད་ཕྱིར། །དོན་གྱི་རྡོ་རྗེར་བཤད་པའོ། །ཞེས་གསུངས་པ་ལྟར་རྡོ་རྗེའི་ཡེ་ཤེས་དེ་ཉིད་གཟུང་འཛིན་དངོས་པོའི་མཚན་མ་གང་གིས་ཀྱང་གཞིག་ཏུ་མེད་པ་དང་། དེའི་ངོ་བོའམ་རང་བཞིན་ལ་ནམ་ཡང་འགྱུར་བ་མེད་པས་ན་རྡོ་རྗེའོ། །སྭ་བྷཱ་བ་ནི་རང་བཞིན་ཏེ། སློབ་དཔོན་ཆེན་པོ་ནཱ་གཱརྫུ་ནས། རང་བཞིན་དག་ནི་བཅོས་མིན་ཏེ། །གཞན་ལ་ལྟོས་པ་མེད་པའོ། །ཞེས་གསུངས་པ་ལྟར། མ་བཅོས་རང་བཞིན་གདོད་མའི་གནས་ལུགས་ནི་


KMC014_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་གང་ལའང་མ་ལྟོས་པར་རང་བཞིན་གྱིས་དག་པའོ། །ཨཱཏྨ་ཀོ྅ཧཾ་ནི་བདག་ཉིད་ངའོ་སྟེ། གོང་གསལ་ཡེ་ཤེས་རྡོ་རྗེ་དེ་ཉིད་མངོན་དུ་གྱུར་པའི་བདག་ཉིད་ཅན་དེ་སུ་ཡིན་ཞེ་ན་བསྐལ་པ་དྲུག་དང་ལྡན་པའི་བཅོམ་ལྡན་འདས་ངའོ་ཞེས་གསུངས་ཏེ། དཔལ་སྡོམ་པའི་རྒྱུད་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ཡེ་ཤེས་ཕུན་སུམ་ཚོགས་པ་ནི། །དྲུག་པོ་དེ་ལ་ལྡན་ཅེས་གསུངས། །ཞེས་གསུངས་སོ། །དེ་དག་གི་ཕྱིར་ན་སྔགས་དོན་ལྟར་ཆོས་ཉིད་ཀྱི་དོན་ལ་མཉམ་པར་བཞག་པ་མ་གཏོགས་སྔགས་བརྗོད་པས་ཐམས་ཅད་སྟོང་པར་སོང་སྙམ་ན་ནི་སྟོང་ཉིད་རྒྱས་འདེབས་སུ་ཤོར་བ་ཡིན་པས་སྐབས་ཕྱེད་པ་གཅེས་སོ། །དེ་ལྟར་ཐམས་ཅད་སྟོང་པ་འོད་གསལ་བའི་རང་བཞིན་གྱི་ངང་ལས་སྲུང་འཁོར་གྱི་དབུས་སུ་ཡི་གེ་ཨེ་དཀར་པོ་ཡོངས་སུ་གྱུར་པ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་དཀར་པོ་ཤིན་ཏུ་


KMC014_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་ཤིང་རྒྱ་ཆེ་བ་ཟུར་མདུན་བསྟན། སྟེང་ངོས་ཡངས་ལ་རྩ་བ་ཕྲ་བའི་རྣམ་པ་ཅན་དུ་བསྒོམ་པ་ནི་ཆོས་ཐམས་ཅད་ནམ་མཁའི་རང་བཞིན་རྣམ་པར་དག་པ་མཚོན་པ་དང་། ཟུར་གསུམ་གྱིས་སྐུ་གསུང་ཐུགས་རྣམ་པར་དག་པ་མཚོན་པའོ། །དེ་ཡང་ངོ་བོ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཐར་པ་ཆེན་པོའི་ཕོ་བྲང་ལ། དེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་ན་ཆོས་འབྱུང་ཞེས་བྱའོ། །དེའི་ནང་དུ་ཡཾ་ཡིག་ལས་རླུང་དཀྱིལ་སྔོན་པོ་གཞུ་ཡི་དབྱིབས་ཅན་ལ་མཐའ་གཉིས་སུ་རྒྱལ་མཚན་སྔོན་པོ་གཉིས་ཀྱིས་བརྒྱན་པ་སྟེ། དེའང་རྒྱ་གར་ལུགས་ལ་དབྱུག་པ་ནོར་བུའི་ཏོག་གིས་མཚན་པའི་མགུལ་དུ་དར་བཏགས་པའི་སྣེ་འཕྱང་བ་ལ་རྒྱལ་མཚན་ནམ་བ་དན་ཅེས་མིང་འདོགས་སོ། །དེའི་སྟེང་དུ་རཾ་ལས་མེ་དཀྱིལ་མེའི་རྩེ་མོ་བདུན་ལྡན་དམར་པོ་གྲུ་གསུམ་རཾ་གྱིས་མཚན་པ། དེའི་སྟེང་དུ་བཾ་ཡིག་ལས་ཆུ་དཀྱིལ་


KMC014_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ཟླུམ་པོ་བུམ་པས་མཚན་པ། དེའི་སྟེང་དུ་ལཾ་ཡིག་ལས་ས་དཀྱིལ་སེར་པོ་གྲུ་བཞི་པ་རྡོ་རྗེ་རྩེ་གསུམ་གྱིས་མཚན་པ། དེ་དག་གི་སྟེང་དུ་སླར་ཡང་སོ་སོའི་ས་བོན་གྱིས་མཚན་པ། དེ་ཡི་སྟེང་དུ་སུཾ་ལས་རིན་ཆེན་སྣ་བཞི་ལས་གྲུབ་པའི་ལྷུན་པོ་གྲུ་བཞི་པོ་ཤར་ཤེལ། ལྷོ་བཻ་ཌཱུཪྻ ། ནུབ་པདྨ་རཱ་ག །བྱང་གསེར་གྱི་ཁ་དོག་ཅན་ཕྱེད་མན་ཆད་ལ་བང་རིམ་བཞི་པ། སྟེང་ངོས་གྲུ་བཞིའི་ཟུར་བཞི་དང་ལོགས་བཞི་ལ་རྩེ་མོ་རེ་རེ་སྟེ་ལྕོག་བརྒྱད་ཀྱིས་མཛེས་པ་སྟེ། དེ་ལྟར་འབྱུང་བ་རིམ་བརྩེགས་སྒོམ་པ་ནི་འབྱུང་བ་ལྔ་རྣམ་པར་དག་པ་མཚོན་པའོ། །དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་འདབ་མ་སྟོང་ལྡན་གྱི་སུམ་ཆ་གྱེན་དུ་ལངས་པའི་པདྨའི་ཟེའུ་འབྲུར་ཉི་མ་ལ་གནས་པའི་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ་པའམ་བཅུ་གཉིས་གང་རུང་ལེབ་ཆགས་སུ་བསྒོམ་པ་སྟེ། སྔ་མས་འཇིགས་ཚོགས་ལ་ལྟ་བ་ཉི་ཤུ་འཇོམས་པ་དང་ཕྱི་མས་རྟེན་འབྲེལ་བཅུ་གཉིས་དག་པ་


KMC014_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྭ་རྣམས་ཀྱང་གཞལ་ཡས་ཁང་གི་ཕྱོགས་མདོག་དང་ལྟེ་བ་ནི་མཐིང་གའོ། །དེའི་ལྟེ་བར་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཡི་གེ་བུམ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པ་བསྒོམ་པ་སྟེ། དང་པོ་ཚད་ཀྱི་ངེས་པ་ནི། གཞལ་ཡས་ཁང་དངོས་ཀྱི་རྒྱུ་ཁྱོན་ཇི་ཙམ་བྱེད་པའི་ས་ཁྱོན་གྱི་ལོགས་རེར་དུམ་བུ་བཅུ་གཉིས་མཉམ་པར་བགོས་པའི་ཆ་རེ་ལ་ཆ་ཆེན་དང་སྒོ་ཚད་དང་གཙོ་བོའི་འདོམ་གང་ཞེས་མིང་སོ་སོར་བཏགས་ཀྱང་དོན་འདྲ་བ་ཡིན་ལ། དེའི་བཞི་ཆ་རེ་ལ་ཁྲུ་དང་ཆ་ཕྲན་ཞེས་མིང་གི་བརྡ་བྱེད་དོ། །དེའང་ཇི་ལྟར་གཞལ་ན་འོག་གཞི་སྣ་ཚོགས་རྡོ་རྗེའི་ལྟེ་བ་གྲུ་བཞི་ལ་ཆ་ཆེན་བཅུ་གཉིས་ཡོད་པ་དེའི་ཕྱི་མཐའ་ནས་ཕྱོགས་སོ་སོར་ཆ་ཕྲན་བདུན་རེ་གཞལ་མཚམས་ན་རྩིགས་པ་རིམ་ལྔ་ཡོད་ལ། དེའང་ནང་ནས་རིམ་པ་ལྟར་བཻ་ཌཱུརྻ་སྔོན་པོ། པདྨ་རཱ་ག་དམར་པོ། གསེར་སེར་པོ། ཤེལ་དཀར་པོ། མ་ར་ཀ་


KMC014_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ལྗང་གུ་རྣམས་ཤོག་ལྡེབ་བསྒྲིགས་པ་ལྟར་རེག་ལ་མ་འབྱར་བ། ལྔ་ཀ་བསྡོམས་པའི་རྩིགས་ཞེང་ལ་ཁྲུ་གང་བ། དཔངས་སུ་མཐོ་དམན་རྟ་བབས་དང་བསྟུན་དགོས་པས་རྟ་བབས་ཀྱི་ཚད་མི་འདྲ་བ་མང་ཡང་འདི་རྟ་བབས་བཅུ་གཅིག་པ་ཡིན་ཕྱིར་སྒོ་ཚད་གསུམ་མ་ཉིད་འཚམས་པས་རྩིགས་དཔངས་ལ་ཆ་ཆུང་བཅུ་གཉིས་དགོས་སོ། །རྩིགས་པའི་ཕྱི་ངོས་ཀྱི་རྩ་བར་གཞི་རིན་པོ་ཆེ་དམར་པོའི་རང་བཞིན་གྱི་འདོད་སྣམ་རྩིགས་ཞེང་དང་དཔངས་གཉིས་ཀར་ཆ་ཕྲན་གཉིས་རེ་ཅན་སྒོ་ཁྱུད་འཕྲད་པ་ནས་སྣེ་ཟད་པས་འདི་གཞུང་ནས་འདི་ལ་སྟེགས་བུ་བཞི་ཞེས་གསུངས་པ་དེའོ། །རྩིགས་པ་དེའི་རྩེ་ནས་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཚོམ་བཏབ་པ་ཅན་གྱི་རྩིགས་ཞེང་དང་དཔངས་ལ་ཆ་ཕྲན་གཅིག་པ། དེའི་སྟེང་དུ་བྲེ་སྤུངས་ཏེ་ཀ་ཐུང་ཀ་ཞུ་དང་བཅས་པའི་དཔངས་སུ་ཆ་ཕྲན་གཉིས་ཡོད་པས་གསེར་གདུང་བཏེགས་པ། ཀ་ཐུང་དེ་རྣམས་ཀྱི་བར་སྟོང་ལ་མུན་སྣམ་


KMC014_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་ལ། ཀ་ཞུའི་ངོས་ལ་རིན་པོ་ཆེའི་གཟེར་བུ་གཅིག་དང་། ཀ་བའི་ངོས་ལ་གཟེར་བུ་བཞི་རེ་ཐམས་ཅད་ལ་བཏབ་པ་ལ་གསེར་གྱི་སྐུད་པ་བཞི་རེ་འཕྲེད་ལ་འཐེན་ཅིང་གཟེར་བུ་རེ་ལ་གཅུད་རེ་བོར་བ་དང་། ཀ་ཞུའི་སྟེང་གི་གཟེར་བུ་ལ་འདོགས་པའི་ཆུ་སྲིན་ཙི་པ་ཊ་སྟེ་ཆུ་སྲིན་ཉ་མིད་དུ་གྲགས་པའི་ཁ་ཁུག་ནས་རིན་པོ་ཆེའི་ཕྲེང་བ་རིང་ཐུང་གསུམ་སྦྲེལ་བ་ལ་དྲྭ་བ་ཞེས་བྱ་ལ། ཁའི་དབུས་ནས་མར་ཕྲེང་བའི་བཅུ་ཚར་འདྲ་བ་གསུམ་རེ་དཔྱངས་པ་ལ་དྲྭ་བ་ཕྱེད་པ་ཞེས་བྱ་ལ། དེའི་སྣེར་དྲིལ་ཆུང་དང་ཟླ་ཕྱེད་རྔ་ཡབ་ཀྱིས་བརྒྱན་པ་རླུང་གིས་བསྐྱོད་པ་དང་སྒྲ་འབྱིན་པའོ། །དེ་ནས་གཞལ་ཡས་ཀྱི་སྒོ་དང་རྟ་བབས་ཀྱི་ཚད་དང་མཚན་ཉིད་ནི། རྩིགས་པ་གྲུ་བཞི་པའི་ཕྱོགས་བཞིར་སྒོ་བཞི་ཡོད་པས་སོ་སོའི་མདུན་ཕྱོགས་སུ་ཆ་ཆེན་རེ་རེ་འཐེན་པ་ལ་སྒོ་ཁྱུད་དམ་སྒོ་ཕུག་ཟེར། དེ་ནས་ཆ་ཕྲན་གཉིས་རེ་གཡས་གཡོན་དུ་འཐེན་པ་ལ་སྒོ་འགྲམ་ཞེས་བྱ་སྟེ།


KMC014_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྣེ་ནས་མདུན་ཕྱོགས་སུ་ཆ་ཕྲན་བཞི་རེ་བཀུག་པ་ལ་སྒོ་ལོགས་ཏེ་དེ་ལ་སྒོ་གཡབ་ཀྱང་ཟེར། སྒོ་ལོགས་ཀྱི་རྩིགས་སྣ་གཉིས་ཀྱང་སླར་ནང་དུ་ཅུང་ཟད་བཀུག་སྟེ་རུབ་པའི་རྣམ་པར་ཡོད་དོ། །དེ་དག་གི་རྩིགས་པའི་མཐོ་དམན་དཔངས་ལ་ནི་འདི་སྐབས་རྟ་བབས་སྒོ་ཚད་གསུམ་མ་ཡིན་ཕྱིར་ཆ་ཆུང་བཅུ་གཅིག་གོ །གོང་བཤད་སྒོ་ལོགས་ཀྱི་རྩིགས་སྣ་ནང་དུ་བཀུག་པའི་སྣ་ནས་ཆ་ཕྲན་རེའི་མཚམས་སུ་ཀ་བ་རྩིགས་སྣའི་བཞི་ཆའི་སུམ་ཆ་ལ་སླེབ་པ་གཉིས་བསླང་བའི་སྟེང་དུ་གདུང་མ་བཀལ་བའི་སྣེ་སྒོ་ལོགས་ཀྱི་རྩིགས་སྣ་བཀུག་པ་ལ་གདུང་ཁུང་བྲུས་པར་བཅུག་པའི་སྟེང་ནས་རྩིགས་པ་མི་འཆད་པའི་ཕྱིར་ཕ་གུ་རིམ་གཅིག་བཏང་བའི་སྟེང་ནས་འོག་གི་ཀ་བ་དང་ཀ་ཐོག་ཀ་བཞག་གིས་ཀ་ཐུང་གཉིས་སྒོ་ལོགས་ཀྱི་རྩིགས་པའི་ཁ་དང་མཉམ་པ་བཙུག་པའི་སྟེང་དུའང་གདུང་མ་བཀལ་བ་ལ་སྒོ་ཁང་གི་ཐོག་འགེབ་པའི་བྱ་འདབ་ཀྱི་སྣེ་རྟ་བབ་ནང་དུ་འབྲེལ་


KMC014_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །ཀ་ཐུང་གོང་མ་གཉིས་ཀྱི་གནས་སུ་ཤ་ལ་བྷཉྫ་ཀཱ་སྟེ་ལྷ་མོའི་གཟུགས་བརྙན་ལག་པ་གཉིས་ཀྱིས་ཀ་ཞུ་བཏེགས་པ་དང་ཀ་ཐུང་གི་ངོས་ནས་རྡོ་རྗེའི་གྲྭ་མིག་གསེག་འགྲོས་སུ་ཡོད་པར་བཤད་ཀྱང་གཞུང་འདིར་གསལ་ཀ་མེད་དོ། །དེ་ནས་རྟ་བབས་ངོས་ཀྱི་ཀ་བ་ནི། སྒོ་ལོགས་ཀྱི་ཕྱིའི་རྩིགས་སྣ་གཡས་གཡོན་གྱི་མཚམས་ནས་ཆ་ཆུང་རེ་གཞལ་བའི་ས་ན་སྒོ་ལོགས་ཀྱི་རྩིགས་སྣའི་རྩ་བར་རྟ་བབས་ནང་ཕྱོགས་འདེགས་པའི་ཕན་ཚུན་ཀ་བ་གཉིས་དང་། དེ་ཡི་ཀ་བའི་ཐད་སྣ་ཚོགས་རྡོ་རྗེའི་ཕྱི་མཐའ་ན་རྟ་བབས་ཕྱི་ངོས་འདེགས་པའི་ཀ་བ་གཉིས་བཅས་དོན་ཏུ་རྟ་བབས་རེ་རེ་བཞིན་དུ་ཀ་བ་བཞི་རེ་ཡོད་ལ། གོང་བཤད་སྒོའི་ཀ་བ་བཞི་དང་རྟ་བབས་འདེགས་བྱེད་ཀྱི་ཀ་བ་བཞི་བཅས་བརྒྱད་ཡོད་པས། དེ་ཉིད་བསྡུས་པ་ལས། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །ཞེས་གསུངས་སོ། །རྟ་བབས་འདེགས་བྱེད་ཀྱི་ཀ་བའི་རིང་ཐུང་ནི་སྒོ་ཁང་གི་རྩིགས་


KMC014_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་དཔངས་མཉམ་ལ། ཀ་བའི་སྟེང་ནས་གདུང་ལེབ་སྲབ་མོ་བཏང་བའི་སྟེང་དུ་ཤར་བུ་སྔོན་པོ། རིན་ཆེན་དམར་པོ། རྟ་རྨིག་ལྗང་གུ། གསེར་སེར་པོ། ཆུ་སྲིན་དམར་སྐྱ། གསེར་སེར་པོ། རྨིག་པ་ལྗང་གུ། རིན་ཆེན་དམར་པོ། རྨིག་པ་ལྗང་གུ། གསེར་སེར་པོ། མདའ་ཡབ་དཀར་པོ་བཅས་སྣམ་བུ་བཅུ་གཅིག་པ་སྟེ་སྒོ་ཁང་གི་ཐོག་འགེབ་དང་རྟ་བབས་ལྔ་པ་ཆུ་སྲིན་གྱི་སྟེང་གཉིས་མཐོ་དམན་མཉམ་ཞིང་། རྟ་བབས་འོག་མ་རྣམས་དཀོར་ཁང་དང་སྟེང་མ་བསིལ་ཁང་གི་རྣམ་པ་དང་མཚུངས་ལ་རྟ་བབས་ཀྱི་སྣེ་གཡས་གཡོན་གྱི་རིང་ཐུང་གི་ཚད་འཆད་འགྱུར་ལྟར་ལ། ཕྱི་སོ་སོའི་རི་མོ་དང་ཁ་དོག་ཐ་དད་པ་ལས་ནང་ཐམས་ཅད་རྒྱུན་གཅིག་པ་ཤིང་སྒྲོམ་ནང་གཅིག་མ་ལྟ་བུའོ། །མདུན་དུ་གྷུཪྞ་ཧ་རི་སྟེ་གླང་རྒྱབ་མིག་གསུམ་དུ་གྲགས་པ་ཤིང་སྒྲོམ་ལ་ཧར་སྟོང་བྲུས་པ་ལྟ་བུ་ལ་ཕྱི་ཡི་ཁ་ཟུར་ལ་མུ་ཁྱུད་ཡོད་པ་སྟེ་དོན་དུ་སྒོ་དང་རྟ་བབས་ཀྱི་སྐར་ཁུང་ཡིན་


KMC014_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ལུགས་འདིའི་གླང་གུར་གྱི་གཟུགས་སྤྱི་དང་མི་འདྲ་བས་དེའི་དབྱིབས་ནི་དཔེ་རིས་ལྟར་རྟོགས་པར་བྱ་དགོས་སོ། །རྟ་བབས་རྣམས་ཀྱི་ཚད་ནི། རྟ་བབས་ཀྱི་དཔངས་ཀྱི་ཚད་ལ་སྒོ་ཚད་གསུམ་ཡོད་པ་དེ་ཆ་བརྒྱད་དུ་བགོས་པ་ལ། ཤར་བུ་དང་རིན་ཆེན་གཉིས་ལ་ཆ་རེ་རེ། རྟ་རྨིག་དང་གསེར་ཐུན་མོང་ལ་ཆ་གཅིག་བྱས་པའི་སུམ་ཆའི་ཕྱེ་མ་གསེར་རོ། །ཆུ་སྲིན་རང་ལ་ཆ་གཅིག །ཡང་གསེར་དང་རྨིག་པ་ཐུན་མོང་ལ་ཆ་གཅིག་བྱས་པའི་ནང་མཐའི་སུམ་ཆ་གཅིག་གསེར་རོ། །དེ་ནས་རིན་ཆེན་རང་ལ་ཆ་གཅིག །རྨིག་པ་གསེར་ཐུན་མོང་ལ་ཆ་གཅིག་བྱས་པའི་ཕྱི་མཐའི་སུམ་ཆ་གཅིག་གསེར་གྱི་ཚད་དོ། །དེ་ནས་མདའ་ཡབ་ལ་ཆ་གཅིག་བྱས་པས་གྲུབ་བོ། །རྟ་བབས་ཀྱི་རྒྱ་ཡི་ཚད་ནི་སྒོ་དབུས་ཚངས་ཐིག་ནས་གཡས་གཡོན་དུ་ཆ་ཆུང་བརྒྱད་དོར་བ་ཤར་བུའི་རྒྱ་དང་། དེ་བཞིན་དུ་རིན་ཆེན་དང་རྟ་རྨིག་ལ་ཆ་ཆུང་དགུ་དང་། གསེར་ལ་


KMC014_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཆུང་དགུ་དང་སུམ་ཆ་གཅིག །ཆུ་སྲིན་ལ་ཆ་ཆུང་ཕྱེད་བརྒྱད། གསེར་ལ་ཆ་ཆུང་བརྒྱད། དེ་ནས་བདུན་པ་བརྒྱད་པ་དགུ་པ་བཅུ་པ་བཞི་ལ་འདྲ་བར་ཆ་ཆུང་བདུན་རེ་དང་། བཅུ་གཅིག་པ་ལ་ཆ་ཆུང་ལྔ་སྟེ་སོ་སོའི་གཡས་གཡོན་གྱི་སྣ་རིང་ཐུང་གི་ཆ་རྟོགས་པར་འགྱུར་ལ། རྟ་བབས་འོག་མའི་སྨད་ཆའི་རྒྱབ་ངོས་ཀྱི་སྣ་གཡས་གཡོན་ནི་སྒོ་ལོགས་ཀྱི་རྩིགས་པ་ལ་བཙུགས་པ། ཐོག་སྟེང་མདའ་ཡབ་དབུས་སུ་པདྨ་དང་། དེ་དབུས་ཡུ་བ་གྱེན་བསླང་ངོས་སུ་གཟེར་བུ་ལ་བཀོན་པའི་ཆོས་འཁོར་སེར་པོ་གདུགས་དང་བཅས་པ། གཡས་གཡོན་དུ་རི་དྭགས་ཀྲྀཥྞ་ས་ར་ཕོ་ལ་རྭ་དང་མོ་ལ་རྭ་མེད་པ་གསེར་ལས་བྱས་པ། རྟ་བབས་ཀྱི་ཀ་བ་གཉིས་ཀྱི་བར་དུ་ཀ་རྒྱན་གླང་པོ་ཆེ་འགྱིངས་སྟེ་ལངས་པའི་སྟེང་དུ་སེང་གེ་གྱེན་འགྲེང་གྱི་ལག་པ་གཉིས་ཀྱིས་རྟ་བབས་ཀྱི་ཀ་ཞུ་གཉིས་ནས་བཏེགས་པ་དང་། རྟ་བབས་ཀྱི་ཀ་བའི་གཡས་གཡོན་དུ་བུམ་བཟང་ལས་སྐྱེས་པའི་དཔག་བསམ་


KMC014_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོན་ཤིང་དང་རྒྱལ་སྲིད་བདུན་དང་རྫས་རྟགས་སོགས་ཀྱིས་བརྒྱན་པ་དང་། ཀ་བ་ལའང་སྟེགས་བུའི་སྟེང་དུ་བུམ་པ་དང་དེ་སྟེང་ཀ་བ་དངོས་བརྒྱད་ཟུར་གྱི་རྣམ་པ་ལ་ཀ་སྐེ་ལ་པདྨ་དང་བྲེ་དང་པདྨ་བཅས་ཡོད་དོ། །གཞལ་ཡས་ཀྱི་སྒོ་འཛུག་པའི་གནས་ནི་གཞལ་ཡས་དངོས་ཀྱི་ནང་སྒོ་ལ་འཛུག་པ་དང་སྒོ་ཁྱུད་ཀྱི་སྒོ་འགྲམ་དུ་འཛུག་པའི་ལུགས་གཉིས་བཞེད་ལ། གང་ལྟར་ཡང་སྒོ་གཡས་གཡོན་གྱི་རུ་བཞིའི་ཞེང་དུ་ཆ་ཆུང་ཕྱེད་རེ་དང་། དཔངས་ལ་ཆ་ཆུང་བརྒྱད་རེ་ཡོད་ལ། ཡ་ཐེམ་དང་མ་ཐེམ་གྱི་དཔངས་ལ་ཆ་ཆུང་ཕྱེད་དང་། འཕྲེད་དུ་ཆ་ཆུང་བཞི་རེ་ཡོད་པ། སྟེང་དུ་ཆ་ཆུང་གཉིས་ཀྱི་བར་དུ་པོ་ལི་དང་སྤང་ལེབ་བཅས་རིམ་པ་གཉིས་བརྩེགས་ཀྱི་ཚུལ་དུ་གག་ཚང་གི་རྣམ་པར་བྱས་པ་དང་། སྒོ་ཀླེགས་དངོས་གཡས་གཡོན་དུ་ཆ་ཕྲན་གཉིས་རེ་ཡོད་པ་བཅས་ཐམས་ཅད་གཞི་རིན་པོ་ཆེ་གསེར་ཁོ་ན་ལ་བྱས་པ་དང་། འདོད་སྣམ་གྱི་སྟེང་གི་


KMC014_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

རྩིག་ཟུར་དང་སྒོ་ཁྱུད་ཕུག་གི་རྩིག་རྩར་ཟླ་ཕྱེད་རྡོ་རྗེས་མཚན་པ་རྣམས་ནི་འོག་གཞིའི་ཚུལ་ལོ། །དེ་ནས་གཞལ་ཡས་དེ་ཡི་ཐོག་ཕུབ་ཚུལ་ནི། གཞལ་ཡས་ཁང་གི་དབུས་སུ་གར་བུ་སྟེ་ཤེལ་དཀར་པོ་ལས་གྲུབ་པའི་སྟེགས་བུ་རྐང་རུབ་ཟླུམ་པོ་དཔངས་སུ་ཆ་ཕྲན་ཕྱེད་ཡོད་པ། ཞེང་གདན་གྱིས་མ་བཀབ་པ་མཐོང་བའི་ཆ་ལ་ཆ་ཕྲན་གཉིས་ཡོད་པ། དེའི་སྟེང་དུ་པཾ་ལས་པདྨ་འདབ་མ་བརྒྱད་པ་མུ་ཁྱུད་ལ་གྲི་གུག་གི་ཕྲེང་བས་བསྐོར་བའི་མུ་ཁྱུད་སྟེང་པད་འདབ་གཉིས་ཀྱི་བར་རེ་ནས་ཀ་བ་ཞུ་དང་བཅས་པ་རེ་རེ་སྟེ། ཀ་བ་བརྒྱད་འཛུག་པའི་རིང་ཐུང་ནི་རྟ་བབས་སྒོ་ཚད་གསུམ་མ་ལ་ཆ་ཕྲན་ཕྱེད་དང་བཅུ་བཞི་ཙམ་བྱས་པའི་སྟེང་དུ་རིན་པོ་ཆེའི་གདུང་རྡོ་རྗེས་སྤྲས་པ་བརྒྱད་ཟླུམ་པོར་འཕང་བ་བཀལ་བ། ཤར་ནུབ་དང་ལྷོ་བྱང་གི་ཀ་བའི་སྟེང་དུ་གདུང་བཞི་རྒྱ་གྲམ་དུ་བཏང་བས་རེའུ་མིག་དགུ་ཡོད་པ་འབྱུང་ལ། བཤད་མ་ཐག་པའི་དབུས་ཀྱི་གདུང་ཟླུམ་ལ་ནང་


KMC014_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་དང་། སྔར་བཤད་ཀྱི་གསེར་གདུང་ལ་ཕྱི་མཐའ་བཀལ་ཏེ་ཕྱམ་ཉེར་བརྒྱད་དམ་དེ་ལས་མང་ཙམ་བཏང་བས་ཟུར་རྣམས་རིང་ཞིང་ལོགས་རྣམས་ཐུང་བ་ཁོ་ནར་འབྱུང་ངོ་། །དེ་དག་གི་སྤྱི་སྣེར་བ་ཀུ་ལིའམ་ཤར་བུ་ཞེས་དབྱིབས་མཆོད་རྟེན་གྱི་བང་རིམ་ཐུར་སྦུབ་ལྟ་བུ་དང་། སྤྱི་བླུགས་མགོ་ཐུར་བསྟན་ལྟ་བུ་དང་། ནོར་བུ་མིག་གསུམ་ཐུར་བསྟན་ལྟ་བུ་མི་འདྲ་བ་གསུམ་ཙམ་མཆིས་པ་ལས། སྐབས་འདིར་སྤྱི་བླུགས་ལྟ་བུ་སྟེ་ཕྱམ་སྣེར་གཟེར་གྱིས་བཏབ་པ་གསེར་གདུང་ལས་ཆ་ཆུང་གཅིག་ཕྱིར་འཕགས་པ། ཕྱམ་རྣམས་ཀྱི་སྟེང་ནས་བྱི་ཚེ་སྟེ་གྲམ་ཚགས་རིམ་པ་མང་པོས་བཀབ་པའི་སྣེ་ནས་འདོད་སྣམ་གྱི་རྒྱ་ནོན་ཙམ་བྱས་པའི་རིན་པོ་ཆེའི་གཟུགས་ཀྱི་རྣམ་པའི་ཕྱི་ནས་སྒོ་ཁྱིམ་ལྟ་བུ་ཡོད་པ་ཐུར་དུ་འཕྱང་བ་ལ་བྱ་འདབ་ཞེས་བྱ་སྟེ། བྱི་ཚེའི་སྟེང་ནས་རིན་པོ་ཆེའི་ཐོག་སས་བཀབ་པར་ཡང་ཁ་གཅིག་གིས་བཞེད་དོ། །བྱ་འདབ་ཀྱི་སྟེང་ནས་


KMC014_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲ་མ་ཤིཪྴ་སྟེ་མགོ་བོའི་རིམ་ཟེར་བའི་རྡོ་དཀར་པོ་ལས་བྱས་པའི་མདའ་ཡབ་ལ་པུ་ཤུ་དང་ལན་ཀན་ཡང་ཟེར། དབྱིབས་ལའང་སོའི་ཕྲེང་བ་བསྒྲིགས་པ་ལྟ་བུ་ལ་རྟ་སོ་རིས་ཞེས་པ་དང་། མཆོད་རྟེན་གྱི་བང་རིམ་ལྟ་བུ་རིམ་པ་གསུམ་ཅན་ལ་མཆོད་རྟེན་གྱི་དབྱིབས་ཅན་ནམ་བཏགས་སོ་རིས་ཞེས་དང་། དེའི་ཟུར་སྤངས་པ་ཟླུམ་པོ་དང་བཅས་མང་དུ་བཤད་ཀྱང་སྐབས་འདིར་སྤྱི་འགྲོ་བཏགས་སོ་རིས་ཉིད་དེ། དེ་འདྲ་མང་པོ་གཅིག་ལ་གཅིག་མ་རེག་ཙམ་དུ་བསྒྲིགས་པའི་རྩེ་ནས་རིན་པོ་ཆེའི་སྤང་ལེབ་བམ་སྐུད་པས་སྦྲེལ་བའི་སྟེང་ནས་བུམ་བཟང་ལས་ཐོན་པའི་གདུགས་དང་རྒྱལ་མཚན་འཕེན་རྣམས་ཀྱིས་མཛེས་པ་ལན་ཀན་ཏེ་ར་བ་ལྟ་བུས་སྟེང་བསྐོར་བའོ། །དེ་ནས་དབུས་ཀྱི་མཐོང་ཀའི་ཐོག་ཕུབ་ཚུལ་ལ་བཞི་སྟེ། མཆོད་རྟེན་མཁར་ཐབས། རྒྱ་ཕུབ། རི་བོའི་གུར་ལྟར་ཕུབ་པ་རྣམས་སུ་ཡོད་པ་ལས། སྐབས་འདིར་རི་བོའི་གུར་ལྟར་ཕུབ་པ་ཉིད་ཡིན་པས།


KMC014_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ཀྱི་མཐོང་ཀའི་གདོང་ཟླུམ་སྔར་བཤད་ཀྱི་སྟེང་ནས་ཕ་གུ་འཁོར་ལོ་ཆ་ཕྲན་གཅིག་ཡོད་པ། དེ་སྟེང་ཀ་ཐུང་བྲེ་ཕུལ་གྱིས་བཏེགས་པའི་གདུང་ཟླུམ་དང་གདུང་བཞི་རྒྱ་གྲམ་མིག་མང་རིས་སུ་བྲེས་པ་ལ་དྲྭ་བ་དང་དྲྭ་ཕྱེད་ཀྱིས་སྤྲས་པ། དེའི་རེའུ་མིག་དགུ་པའི་གདུང་བསྣོལ་མཚམས་བཞིའི་སྟེང་ནས་ཀ་ཐུང་དཔངས་སུ་ཆ་ཕྲན་གཉིས་ཡོད་པ་བཞི་བཙུགས་པའི་སྟེང་དུ་གདུང་བཞི་གྲུ་བཞིར་བཏང་། དེའི་སྟེང་དུ་གདུང་གཉིས་རྒྱ་གྲམ་རིས་སུ་བཏང་བས་ཟུར་བརྒྱད་འབྱུང་བ་ལ་ཡར་སྣེ་གཏད་ཅིང་། མར་སྣེ་གདུང་ཟླུམ་གོང་མ་ལ་གཟེར་གྱིས་བསྡམས་པའི་གསེག་ཐབས་ཀྱི་གདུང་ཐུར་རྒྱུག་བརྒྱད་ཀྱི་ཕྱི་ནས་གསེར་གྱི་རྒྱ་ཕིབ་ཀྱིས་གཡོགས་པའི་མར་སྣེར་བྱི་ཚེའི་སྣེ་བྱ་འདབ་དང་འབྲེལ་བའི་ཟུར་བརྒྱད་ལ་ཆུ་སྲིན་ནམ་ཁྱུང་མགོས་མཚན་པ་ལ་འོག་ཏུ་ཤར་བུ་དང་བཅས་པ། དབུས་ཀྱི་གདུང་རྒྱ་གྲམ་གྱི་ལྟེ་བར་དེང་སང་གཉྫི་རར་གྲགས་པ་


KMC014_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

པད་སྤུང་བུམ་པ་རྡོ་རྗེ་ནོར་བུའི་ཏོག་གིས་མཚན་པ་ཉིད་བཙུགས་པའོ། །དེ་དག་གི་དག་པ་ནི། འཕགས་པའི་བདེན་པ་བཞི་རྣམ་པར་དག་པས་གཞལ་ཡས་ཁང་གྲུ་བཞི་པ། ཚངས་པའི་གནས་བཞི་རྣམ་པར་དག་པས་ཟུར་བཞི་པ། བསྡུ་བའི་དངོས་པོ་བཞི་རྣམ་པར་དག་པས་སྒོ་བཞི་པ། ཚད་མེད་བཞི་རྣམ་པར་དག་པས་སྒོ་ཡི་ཀ་བ་བཞི། ཡེ་ཤེས་ལྔ་རྣམ་པར་དག་པས་རྩིག་པ་རྣམ་པ་ལྔ། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་བཞི་རྣམ་པར་དག་པས་སྟེགས་བུ་བཞི། བཟོད་པ་དང་ཆོས་དང་དོན་དང་སྔགས་ཀྱི་གཟུགས་རྣམ་པར་དག་པས་དེར་མཆོད་པའི་ལྷ་མོ་རྣམས་རྩེ་བ། འགྲོ་བའི་རེ་བ་སྣ་ཚོགས་རྫོགས་པར་བྱེད་པ་རྣམ་པར་དག་པས་གསེར་གྱི་ཕ་གུ་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་རྣམ་པར་སྤྲས་པ། དྲན་པ་ཉེ་བར་བཞག་པ་བཞི་རྣམ་པར་དག་པས་སྒོ་ཁྱུད་བཞི། ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པས་སྒོ་ལོགས་བཞི། ས་བཅུ་གཅིག་རྣམ་


KMC014_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པར་བགྲོད་པས་རྟ་བབས་བཅུ་གཅིག །རྫུ་འཕྲུལ་གྱི་རྐང་པ་བཞི་རྣམ་པར་དག་པས་རྟ་བབས་ཀྱི་ཀ་བ་བཞི། གདུལ་བྱ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་མི་མཐུན་ཕྱོགས་གཅོད་པ་རྣམ་པར་དག་པས་ཆོས་ཀྱི་འཁོར་ལོ། ཡོངས་སུ་དག་པའི་ཆོས་བསྟན་པ་ལ་རབ་ཏུ་དྭང་བས་མགྲིན་པ་གྱེན་དུ་བཏེག་ཅིང་ཆོས་དང་དད་པའི་རྗེས་སུ་འབྲངས་པས་མུ་སྟེགས་ངན་པའི་རི་དྭགས་འཇོམས་པའི་རི་དྭགས་ཕོ་མོ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་རྣམ་པར་དག་པས་རིན་པོ་ཆེའི་གདུགས་བཟང་། ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་རྣམ་པར་དག་པས་རིན་པོ་ཆེའི་ཏོག་འོད་ཟེར་འབར་བ། རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པས་གཞལ་ཡས་ནང་གི་ཀ་བ་བརྒྱད། འཕགས་པའི་ལམ་ཡན་ལག་བརྒྱད་རྣམ་པར་དག་པས་རྡོ་རྗེའི་གདུང་ཟླུམ་བརྒྱད། ཉོན་མོངས་པའི་རྩ་བ་བཏོན་པས་འཇིག་རྟེན་ལས་འདས་པའི་སྒོམ་པའི་ལམ་རྣམ་པར་དག་པས་མུན་


KMC014_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱམ་རྣམས་སུ་དྲྭ་བ་དང་། ཉོན་མོངས་པ་གནོན་པའི་ཕྱིར་འཇིག་རྟེན་པའི་སྒོམ་པའི་ལམ་རྣམ་པར་དག་པས་དྲྭ་བ་ཕྱེད་པ། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་སྒྲ་རྣམ་པར་དག་པས་དྲིལ་བུ། བྱང་ཆུབ་ཀྱི་སེམས་རྣམ་པར་དག་པས་ཟླ་བ། ཤེས་རབ་ཡེ་ཤེས་རྣམ་པར་དག་པས་ཉི་མ། དེ་བཞིན་གཤེགས་པའི་ལམ་གྱི་ཡེ་ཤེས་རྣམ་པར་དག་པས་རྔ་ཡབ་རྣམས་སོ། །རགས་པ་དང་ཕྲ་བ་དང་བར་མའི་བློ་ཅན་གྱི་གདུལ་བྱ་རྣམས་ལ་ཇི་ལྟར་འོས་པའི་ཆོས་སྟོན་པ་ལ་འབབ་པ་རྣམ་པར་དག་པས་རྩེ་མོ་དུད་པའི་བ་ཀུ་ལིའི་ཕྲེང་བ། འཇིག་རྟེན་ལས་འདས་པ་མཆོག་ཏུ་དཀར་བའི་ཆོས་བཙུགས་པ་རྣམ་པར་དག་པས་མདའ་ཡབ། རྣམ་པར་རྟོག་པ་མ་ལུས་པ་དབྱིངས་སུ་ནུབ་ཀྱང་གཞན་དོན་ཕུན་སུམ་ཚོགས་པ་སྒྲུབ་པ་དག་པས་རྟ་བབས་ཀྱི་ཀ་བའི་དྲུང་ན་བུམ་བཟང་ལས་ཐོན་པའི་དཔག་བསམ་གྱི་ཤིང་། ཐབས་དང་ཤེས་རབ་ཟུང་དུ་འཇུག་ཅིང་བྱང་ཆུབ་སེམས་


KMC014_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པས་ཟླ་ཕྱེད་རྡོ་རྗེ། ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པས་མཐོང་ཀར་གདོང་བཞི་མིག་མང་རིས་སུ་བྲིས་པ། གཞན་དོན་ཕྲིན་ལས་རྣམ་བཞིའི་ཁུར་ཐེག་པ་རྣམ་པར་དག་པས་དབུས་ནས་ཀ་བ་བཞིས་བཏེགས་པ། ཇི་ལྟར་རིགས་པར་འགྲོ་བའི་འཁོར་བའི་གདུང་བ་ཞི་བ་དག་པས་རྒྱ་ཕིབས་ཀྱིས་སྟེང་གཡོགས་པ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་ཉེ་བར་བསྟན་པའི་ཕྱིར་གཉྫི་རའི་ཏོག་གིས་མཛེས་པར་སྤྲས་པའོ། །འདི་རིགས་ཀྱི་དག་པ་ལའང་བཞེད་ཚུལ་མང་དག་ཅིག་སྣང་ནའང་འདིར་སམྦུ་ཊའི་རྒྱུད་འགྲེལ་མན་ངག་སྙེ་མ་ལས་གསུངས་པ་ཚིག་སྣ་ཅུང་བཟུང་བའོ། །དེ་ནས་རྡོ་རྗེའི་ར་བ་མེ་རི་དང་བཅས་པའི་ཕྱི་རོལ་དུ་རྣམ་ཤེས་ཚོགས་བརྒྱད་རྣམ་པར་དག་པ་མཚོན་པའི་དུར་ཁྲོད་ཆེན་པོ་བརྒྱད་ནི། འདི་ལ་བཤད་ཚུལ་མང་ཞིག་སྣང་ཡང་འདིར་དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་དུར་ཁྲོད་ཀྱི་རྒྱན་རྨད་


KMC014_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱུང་བར་གསུངས་པ་ལྟར་འགོད་པར་བྱ་སྟེ། རྒྱུད་དེ་ཉིད་ལས། རྡོ་རྗེ་ར་བའི་ཕྱི་རོལ་དུ། །ལུགས་འབྱུང་ལུགས་ལས་བཟློག་པ་ནི། །གཏུམ་དྲག་དང་ནི་ཚང་ཚིང་དང་། །འབར་བས་འཁྲུགས་པའི་ཀེང་རུས་དང་། །འཇིགས་རུང་རྣམས་ནི་ཤར་སོགས་ཀྱི། །ཕྱོགས་སུ་གཡོན་དུ་བསྐོར་ཏེ་གནས། །ཧར་ཧར་དགོད་པ་དབང་ལྡན་ཏེ། །དཔལ་གྱི་ནགས་ཚལ་བྱིན་ཟར་རོ། །འཇིགས་པའི་མུན་ནག་བདེན་བྲལ་དུ། །རླུང་མཚམས་ཀཱི་ལི་ཀཱི་ལར་སྒྲོགས། །ཞེས་དུར་ཁྲོད་བརྒྱད་ཀྱི་ངོ་བོ་ནི་བདེ་བར་གཤེགས་པའི་གནས་བརྒྱད་ཡིན་པར་གསུངས་སོ། །ཤིང་བརྒྱད་དང་ཞིང་སྐྱོང་བརྒྱད་ནི། ཤར་དུ་ཧ་རིའི་ཤིང་ཆེན་ལ། །གཏུམ་དྲག་དཀར་པོ་གླང་པོའི་གདོང་། །བྱང་དུ་བྱང་ཆུབ་ཤིང་བུ་ལ། །གྷ་ར་སེར་པོ་མི་ཡི་གདོང་། །ནུབ་ཏུ་མྱ་ངན་མེད་ཤིང་ལ། །འབར་འཁྲུགས་དམར་པོ་ཆུ་སྲིན་གདོང་། །ལྷོ་རུ་ཙཱུ་ཏའི་ཤིང་བུ་ལ། །འཇིགས་སྡེ་ནག་པོ་མ་ཧེའི་གདོང་། །མེ་རུ་ཀ་


KMC014_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

རན་ཙ་ན་སྟེ། །དཔལ་གྱི་ནགས་ཚལ་ར་གདོང་དམར། །བདེན་བྲལ་ཨཱརྫུའི་ཤིང་བུ་ལ། །འཇིགས་པའི་མུན་པ་མ་ཧེའི་གདོང་། །རླུང་དུ་སྲིད་གྲུབ་ཤིང་བུ་ལ། །ཀཱི་ལིའི་སྒྲ་སྒྲོགས་ཤ་བའི་གདོང་། །དབང་ལྡན་ནྱ་གྲོ་དྷ་ཤིང་ལ། །ཧ་ཧར་དགོད་པ་བ་ལང་གདོང་། །གཡས་ན་གྲི་གུག་གཡོན་ཐོད་པ། །ཤིང་ལོའི་གསེབ་ནས་སྟོད་ཕྱུང་ངོ་། །ཞེས་གསུངས་པ་ལྟར་ལ། ཞིང་སྐྱོང་བརྒྱད་འདིའི་ངོ་བོ་ནི་སངས་རྒྱས་རབ་བདུན་བྱམས་པ་དང་བརྒྱད། ཤིང་བརྒྱད་ནི་བྱང་ཆུབ་ཀྱི་ཤིང་བརྒྱད་ཡིན་པར་བདེ་མཆོག་གི་འགྲེལ་པ་རྣམས་སུ་འབྱུང་ངོ་། །ཕྱོགས་སྐྱོང་བརྒྱད་ནི་ཤིང་དེ་དག་གི་དྲུང་དུ་གནས་པ་སྟེ། རྒྱུད་ལས། ཤར་དུ་བརྒྱ་བྱིན་དཀར་པོ་ལ། །རྡོ་རྗེ་སྡིགས་མཛུབ་གླང་པོ་ཞོན། །བྱང་དུ་ལུས་ངན་སེར་པོ་ལ། །དབྱུག་པ་འཛིན་ཅིང་རྟ་ལ་ཞོན། །ནུབ་ཏུ་ཆུ་བདག་དམར་པོ་ནི། །ཆུ་སྲིན་ཞོན་ནས་ཞགས་པ་ཐོགས། །ལྷོ་རུ་གཤིན་རྗེ་ནག་པོ་ལ། །མ་ཧེ་ཞོན་


KMC014_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བེ་ཅོན་ཐོགས། །ཤར་ལྷོ་མེ་ལྷ་དམར་སེར་ལ། །ར་ལ་ཞོན་ནས་མེ་ཐབ་འཛིན། །ལྷོ་ནུབ་སྲིན་པོ་སྨུག་ནག་ལ། །རལ་གྲི་ཐོགས་ནས་མི་ལ་ཞོན། །ནུབ་བྱང་རླུང་ལྷ་མདོག་སྔོན་པོ། །ཤ་བ་ཞོན་ནས་འཕེན་ནི་འཕྱར། །བྱང་ཤར་དབང་ལྡན་དཀར་པོ་ནི། །ཁྱུ་མཆོག་ཞོན་ནས་རྩེ་གསུམ་ཐོགས། །ཐམས་ཅད་རང་རང་རིག་མས་འཁྱུད། །ཅེས་པ་ལྟར་ངོ་བོ་ནི་ཉན་ཐོས་ཆེན་པོ་བརྒྱད་ཡིན་ནོ། །དུར་ཁྲོད་ཀྱི་མཚམས་ཀྱི་ཆུ་ལ་གནས་པའི་ཀླུ་བརྒྱད་ནི། ནོར་རྒྱས་དང་ནི་འཇོག་པོ་དང་། སྟོབས་ཀྱི་རྒྱུ་དང་པདྨ་དག །ཤར་ནས་བརྩམས་ཏེ་གཡོན་དུ་དགོད། །པདྨ་ཆེ་དང་མཐའ་ཡས་དང་། །རིགས་ལྡན་དང་ནི་དུང་སྐྱོང་ནི། །གཡས་ཀྱི་ཕྱོགས་སུ་དགོད་པའོ། །ཞེས་གསུངས་པ་ལྟར་ལ། ཀླུ་བརྒྱད་ཀྱི་ངོ་བོ་ནི་འཁོར་ལོས་སྒྱུར་བའི་ཡོན་བདག་བརྒྱད་ཡིན་ལ། སོ་སོའི་སྐུ་མདོག་ཀྱང་རིམ་པ་ལྟར་སེར་པོ་དམར་པོ་ལྗང་གུ་དཀར་པོ་སེར་པོ་སྔོན་པོ་ཁྲ་བོ་དཀར་པོ་ཅན་


KMC014_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཀྱང་ཐལ་སྦྱར་ནོར་བུ་ཐོགས་པ་ལུས་ཕྱེད་ཆུ་སྟེང་དུ་ཐོན་པར་འགྲེལ་པ་རྣམས་སུ་འབྱུང་ངོ་། །སྤྲིན་བརྒྱད་ནི། སྒྲ་སྒྲོགས་པ་དང་རྨུགས་པ་དང་། །མུན་པ་ཅན་དང་ཀུན་ཏུ་འཁྱིལ། །ཤར་ནས་བྱང་གི་ཕྱོགས་སུ་འཁོད། །འཁྲིགས་པ་གང་བ་འབབ་པ་དང་། །དྲག་པོ་སྤྲིན་ཚོགས་མཚམས་ལ་དགོད། །ཅེས་གསུངས་ལ། སྤྲིན་བརྒྱད་ཀྱི་ངོ་བོ་ནི་རང་རྒྱལ་བརྒྱད་དེ་སོ་སོའི་མདོག་ཀྱང་རིམ་པ་ལྟར་སྔོན་པོ་དཀར་པོ་ནག་པོ་སེར་པོ་དམར་པོ་སེར་པོ་ལྗང་གུ་སྣ་ཚོགས་ཀྱི་མདོག་ཏུ་འགྲེལ་པར་བཤད་དོ། །རི་བརྒྱད་ཀྱང་། ཤར་གྱི་རི་སྣ་ཚོགས་མདོག །བྱང་གི་རི་སེར་པོ། ནུབ་ཀྱི་རི་ནག་པོ། ལྷོའི་རི་དཀར་པོ། ཤར་ལྷོའི་རི་དཀར་པོ། ལྷོ་ནུབ་ཀྱི་རི་ལྗང་གུ། ནུབ་བྱང་གི་རི་སེར་པོ། བྱང་ཤར་གྱི་རི་སྔོན་པོ་རྣམས་ལ་བརྟེན་པའི་མཆོད་རྟེན་བརྒྱད་དང་དེའི་དྲུང་དུ་གྲུབ་པའི་རྫས་བརྒྱད་ཀྱི་དངོས་གྲུབ་ཐོབ་པའི་གྲུབ་པའི་རིག་འཛིན་བརྒྱད་སོགས་དུར་


KMC014_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ཀྱི་བཀོད་པ་འཇིགས་སུ་རུང་བ་སྣ་ཚོགས་པ་དང་ལྡན་པ་སྟེ། རྒྱུད་ལས། སེང་གེ་ཅེ་སྤྱང་ཁྱི་སྒྲ་སྒྲོགས། །སྟག་དང་ཝ་དང་ཕག་རྣམས་དང་། །བྱི་ལ་རྐྱང་དང་གདུག་པའི་སྦྲུལ། །ཁྭ་དང་འུག་པ་ལ་སོགས་བྱ། །གསལ་ཤིང་བསྐྱོན་དང་མདུང་གིས་ཕུག །ཀེང་རུས་ཕྱེད་མགོ་རུས་པ་རྣམས། །ཐབ་ཏུ་ཚིག་དང་ཕྱེད་ཚིག་པ། །ཤ་ཟ་དང་ནི་རོ་སྒྲུབ་བྱེད། །གྲུབ་ཐོབ་གཏོར་མ་སྟེར་བ་དང་། །རྣལ་འབྱོར་མ་ཚོགས་མཆོད་པ་དང་། །གྲི་གུག་ཐོད་པ་ཁ་ཊྭཱཾ་ག །རྔེའུ་ཆུང་ཁ་ཟས་དཔག་མེད་སྣོད། །མཆོད་རྟེན་དཀར་པོའི་རི་ལ་གནས། །གྲུབ་ཆེན་བརྒྱད་ཀྱིས་བརྒྱན་པའོ། །རྣམ་ཤེས་བརྒྱད་ཀྱི་དག་པ་ཡང་། །སྟོན་པ་འདི་ཡི་དུར་ཁྲོད་དོ། །ཞེས་དང་། དུར་ཁྲོད་ཀྱི་དག་པ་ཡང་། རྒྱུད་ལས། ཆོས་ཀྱི་དབྱིངས་ཀྱི་དུར་དུ་མཆི། །གསང་བའི་རིག་པའི་ཡེ་ཤེས་ཁྲོད། །རྣམ་ཤེས་དག་པས་དུར་ཁྲོད་བརྒྱད། །ཕྱོགས་སྐྱོང་མི་དགེ་བཅུ་པོ་སྤོངས། །སངས་རྒྱས་བརྒྱད་ཀྱི་མཚན་


KMC014_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤིང་། །ཞིང་སྐྱོང་སྔགས་ཀྱི་ཐེག་པ་སྲུང་། །གདུག་པ་འཇོམས་ཕྱིར་ཀླུ་བརྒྱད་འགོད། །མཆོད་རྟེན་རང་སངས་རྒྱས་ཀྱི་གནས། །རྣལ་འབྱོར་བརྟུལ་ཞུགས་སྤྱོད་པ་བྱེད། །ཆུ་ནི་བརྗོད་བྱ་ཟབ་པ་ལ། །མེ་སོགས་རྟོགས་པ་བྲལ་བའོ། །ཞེས་གསུངས་སོ། །དེ་དག་ནི་རྟེན་གཞལ་ཡས་ཁང་གི་བཀོད་པ་སྟེ། གཞལ་མེད་ཁང་ཞེས་པའི་སྒྲ་དོན་ནི། ཡཱ་ན་ཚད་ལ་གཞལ་བའི་སྐད་དོད་ཀྱི་སྔུན་དུ་དགག་ཚིག་ནི་བཞག་པས། ནི་ཡཱ་ན་ཞེས་པ་གཞལ་མེད་ཁང་ཏེ། དེའི་རྒྱན་དང་བཀོད་པའི་ཁྱད་པར་བསམ་ལས་འདས་ཕྱིར་གཞན་གང་གིས་ཀྱང་བསྒྲུན་ཅིང་གཞལ་དུ་མེད་པས་ན་གཞལ་མེད་ཁང་ཞེས་བྱ་ལ། དེའི་སྒོ་རྒྱན་ལ་རྟ་བབས་ཞེས་བྱ་བའི་དོན་ཡང་། ཏྭ་ར་མགྱོགས་པའི་དབྱིངས་ལ་བསྒྲུབས་པས་ཏྭ་ར་ཎ་ཕྱི་སྒོའམ་རྟ་བབས་ཏེ། རྒྱ་གར་པའི་གཙུག་ལག་ཐམས་ཅད་ཀྱི་ཕྱི་སྒོར་རྟ་བབས་ཡོད་པས་དེའི་དྲུང་དུ་སླེབ་པ་དང་ཐམས་ཅད་རྟ་ལས་བབ་པར་


KMC014_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་མཚམས་ཡིན་ཕྱིར་རྟ་བབས་ཞེས་མིང་དུ་ཆགས་པར་འཆི་མེད་མཛོད་དུ་གསུངས་སོ། །དེ་བཞིན་རྟ་བབས་ཀྱི་སྐར་ཁུང་ལ་གླང་རྒྱབ་ཞེས་འདོགས་པའང་གླང་པོའི་རྒྱབ་ཏུ་བཀལ་བའི་ནོར་བུ་མིག་གསུམ་པའི་དབྱིབས་ལྟ་བུར་ཡོད་པའི་མིང་ཆགས་པར་བཤད་དོ། །དེ་ནས་སྐྱེ་སྲིད་སྦྱོང་བའི་ཕྱིར་དུ་བརྟེན་པ་ལྷ་བསྐྱེད་ཚུལ་ལའང་རྒྱས་པར་མངོན་བྱང་ལྔ་བསྐྱེད་དང་། འབྲིང་པོ་རྡོ་རྗེ་བཞི་བསྐྱེད་དང་། བསྡུས་པ་ཆོ་ག་གསུམ་བསྐྱེད་དང་རྣམ་པ་གསུམ་ལས་འདིར་ནི་རྡོ་རྗེ་བཞི་བསྐྱེད་དང་འབྲེལ་པ་སྟེ། བརྟག་གཉིས་དང་འདུས་པའི་རྒྱུད་ཕྱི་མ་ལས། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུ་བ་ཡིན། །གསུམ་པ་གཟུགས་ནི་རྫོགས་པ་སྟེ། །བཞི་པ་ཡི་གེ་དགོད་པའོ། །རྡོ་རྗེ་རྣམ་བཞི་འདི་དག་གིས། །ཐ་མ ལ་སྒྲུབ་པ་བསྙེན་པར་བྱ། །ཞེས་གསུངས་པ་ལྟ་བུའི་བསྐྱེད་པའི་རིམ་པ་ལ་འཇུག་པའི་ཐོག་མར་སྦྱང་གཞི་སྦྱོང་བྱེད་ལ་ངེས་པ་ཅུང་ཟད་


KMC014_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་དགོས་པས་མངལ་དུ་ཕ་མའི་ཁམས་དཀར་དམར་དང་བར་དོའི་རྣམ་ཤེས་རླུང་དང་བཅས་པ་ཚོགས་པ་གཅིག་ཏུ་གྱུར་པ་ནི་རྒྱུད་སྡེ་སྤྱིར་གྲགས་པའི་རྒྱུའི་རྡོ་རྗེ་འཆང་ངམ་འཁོར་ལོ་བདེ་མཆོག་ཉིད་ཡིན་པས། དེ་ལྟར་གཞི་དུས་ཀྱི་ལྷར་རྫོགས་པའི་ཚུལ་ལམ་དུ་བྱེད་པ་ལ། དང་པོ་འཆི་སྲིད་བར་དོ་དང་བཅས་པ་སྦྱོང་བའི་ཕྱིར་སྟོང་ཉིད་བྱང་ཆུབ་བསྒོམ་པ་ནི་རྟེན་གཞལ་ཡས་བསྐྱེད་པའི་ཐོག་མར་སོང་ཟིན་ལ། གཉིས་པ་བར་དོའི་རྣམ་ཤེས་ཁམས་དཀར་དམར་གྱི་དབུས་སུ་ཞུགས་ཏེ་རྟེན་བརྟེན་པར་བཅས་པ་སྦྱང་བའི་ཕྱིར་ས་བོན་བསྡུ་བ་ནི། གཞལ་ཡས་ཁང་གི་དབུས་སུ་འཁོར་བའི་སྐྱོན་གྱིས་མ་གོས་པའི་ཕྱིར་པདྨ་དང་། མ་རིག་པའི་མུན་པ་སེལ་བའི་ཕྱིར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པར་ཤེས་པའི་ངོ་བོ་ཧཱུྃ་ཡིག་མཐིང་ནག་འོད་ཟེར་འབར་བ་དེ་ལས་འོད་ཟེར་སྣ་ཚོགས་འཕྲོས། སངས་རྒྱས་དང་བྱང་སེམས་ཐམས་ཅད་


KMC014_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བྱིན་རླབས་རྣམས་འོད་ཀྱི་རྣམ་པར་བསྡུས་ཏེ་ཧཱུྃ་ལ་ཐིམ་པས་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གིས་མཚན་པར་བསྒོམ་པའོ། །གསུམ་པ་རྣམ་སྨིན་གྱིས་ལུས་ཡོངས་སུ་གྲུབ་པའི་བག་ཆགས་སྦྱོང་བའི་ཕྱིར་དུ་སྐུ་ཡོངས་རྫོགས་བསྒོམ་པ་ནི། སླར་ཡང་རྡོ་རྗེ་ཧཱུྃ་མཚན་གྱི་འོད་ཀྱིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་ཉོན་མོངས་པ་ཐམས་ཅད་སྦྱངས་ཏེ་ཀུན་ཀྱང་ཧེ་རུ་ཀའི་གོ་འཕང་ལ་བཀོད་ནས་འོད་ཟེར་སླར་འདུས་པ་དང་ས་བོན་ཕྱག་མཚན་དང་བཅས་པ་ཡོངས་སུ་གྱུར་པ་ལས་བདག་ཉིད་དཔལ་འཁོར་ལོ་སྡོམ་པའི་སྐུར་བསྒོམ་པའོ། །གཙོ་བོའི་མཚན་དུ་དཔལ་འཁོར་ལོ་སྡོམ་པ་ཞེས་པའི་དོན་ཀྱང་། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དཔལ་དང་ལྡན་ཅིང་། འཁོར་ལོ་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་དག་པ་ཡེ་ཤེས་ཀྱི་འཁོར་ལོར་སྡོམ་པས་ན་སྡོམ་པ་སྟེ། དེ་ལའང་རྒྱས་པར་ཕྱི་ནང་གསང་བ་དེ་ཁོ་ན་


KMC014_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བཞིར་རྒྱུད་ལས་གསུངས་ཏེ། དཔལ་ནི་གཉིས་མེད་ཡེ་ཤེས་ཏེ། །འཁོར་ལོ་རྣམ་པ་བཞི་རུ་བརྗོད། །ཕྱི་ནང་གསང་བ་དེ་ཉིད་དོ། །དང་པོ་ཕྱི་ཡི་འཁོར་ལོ་ནི། །སྐུ་མདོག་ཕྱག་མཚན་ལྷ་ཡི་སྐུ། །དྲུག་ཅུ་རྩ་གཉིས་རིམ་པ་སྟེ། །ཡེ་ཤེས་དམ་ཚིག་སྐུ་གསུང་ཐུགས། །དཀྱིལ་འཁོར་ཕྱོགས་མཚམས་རིམ་པ་བཞིན། །ལུགས་འབྱུང་ལུགས་ལས་བཟློག་པ་ནི། །ཐ་མལ་གཅོད་པས་ཕྱི་རུ་བཤད། །གཉིས་པ་ནང་གི་འཁོར་ལོ་ནི། །གནས་སོགས་ས་བཅུའི་རིམ་པ་རྣམས། །མཐོ་རིས་ས་སྟེང་ས་འོག་དང་། །འཁོར་ལོ་སྒོ་ལ་དགོད་པ་ནི། ཕྱི་རོལ་སྤྲོས་པ་གཅོད་པའོ། །གསུམ་པ་གསང་བའི་འཁོར་ལོ་ནི། །སྤྲུལ་པ་ཆོས་དང་ལོངས་སྤྱོད་དང་། །དེ་བཞིན་བདེ་བ་ཆེན་པོ་སྟེ། །རྩ་ཆེན་སུམ་ཅུ་རྩ་གཉིས་ཀྱི། །གནས་སུ་གྱུར་པས་སྡུག་བསྔལ་གཅོད། །དགའ་བ་དང་ནི་མཆོག་དགའ་དང་། །རྣམ་པར་དགའ་བའི་གཉེན་པོ་ནི། །བདེ་བ་སྟོང་པ་མི་རྟོག་གསུམ། །


KMC014_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་རྟོགས་པས་ལྷན་སྐྱེས་ལ། །དེ་ཁོ་ན་ཡི་འཁོར་ལོར་བརྗོད། །སྡོམ་པ་ཕྱི་ནང་གསང་བ་ཉིད། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ལ་སོགས་ཉོན་མོངས་པ། །གཉེན་པོ་ཡེ་ཤེས་ངང་དུ་སྡོམ། །བདག་དང་དངོས་པོར་ལྟ་བ་དང་། །ཐ་མལ་པ་ཡི་རྣམ་རྟོག་ཀྱང་། །དག་པ་ལྷ་ཡི་འཁོར་ལོར་སྡོམ། །གཟོད་ནས་ལུས་ལ་གྲུབ་པ་ཡི། །རྩ་དང་རླུང་དང་བྱང་སེམས་དང་། །ཨ་བ་དྷཱུ་ཏིའི་ནང་དུ་སྡོམ། །བདེ་དང་སྟོང་པ་མི་རྟོག་དང་། །དངོས་དང་དངོས་མེད་ཡེ་ཤེས་ཀྱང་། །དབྱེར་མེད་གཉུག་མའི་ངང་དུ་སྡོམ། །ཞེས་གསུངས་པ་ལྟར་ལ། མཚན་གྱི་རྣམ་གྲངས་ལ་བདེ་མཆོག་ཞེས་པའང་། བདེ་ཆེན་དགའ་བཞིའི་ཡེ་ཤེས་ལས་མཆོག་ཏུ་གྱུར་པ་འཕོ་མེད་དོན་དམ་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་མཐར་ཐུག་བརྙེས་པས་དེ་སྐད་ཅེས་བྱའོ། །དེ་ཡང་བྱམས་པའི་ཐུགས་མངའ་ཆོས་ཉིད་མི་འགྱུར་བས་སྐུ་མདོག་སྔོ་སངས་ཟར་མའི་མེ་ཏོག་ལྟ་བུ། ཆོས་


KMC014_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་རོ་གཅིག་པས་ཞལ་གཅིག་པ། དུས་གསུམ་སྒྲིབ་མེད་དུ་གཟིགས་པས་སྤྱན་གསུམ་པ། མ་རུངས་པ་དང་ཉོན་མོངས་པ་འཇོམས་པས་ཞལ་གྱི་མཆེ་བ་ཅུང་ཟད་གཙིགས་པ། འདོད་ཆགས་ལ་དགའ་བ་ཉིད་ཆོས་ལ་འཛུད་པའི་ཕྱིར་རལ་པའི་ཅོད་པན། དྲག་པོ་ལ་སོགས་པ་གཞན་གྱིས་མི་ཐུབ་པའི་ཕྱིར་རྩེ་མོར་ནོར་བུས་བརྒྱན་པ། བྱང་ཆུབ་ཀྱི་སེམས་དང་དེས་འཕགས་པའི་ལས་སྣ་ཚོགས་མཚོན་པའི་ཕྱིར་མདུན་དུ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་སྤྲས་པ། སྐུ་གསུམ་མཚོན་པའི་ཕྱིར་དར་སུམ་འཁྱོག་གི་དར་དཔྱང་། རིགས་ལྔའི་ཕྱག་རྒྱ་ལྔ་དང་ལྡན་པས་ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་རིན་པོ་ཆེའི་རྩེ་བྲན། འཇིག་རྟེན་པའི་སེམས་བྱུང་རྣམས་བཅོམ་པས་ཐོད་རློན་ལྔ་བཅུའི་དོ་ཤལ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་ཕྱག་རྒྱ་དྲུག་གིས་བརྒྱན་པ་སྟེ། རྣལ་འབྱོར་མའི་ཀུན་སྤྱོད་ལས།


KMC014_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

མགུར་ཆུ་དཔུང་རྒྱན་རྣ་ཆ་དང་། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །མཆོད་ཕྱིར་ཐོགས་དང་ཐལ་བ་ནི། །ཕྱག་རྒྱ་དྲུག་པར་རབ་ཏུ་བཤད། །ཕ་རོལ་ཕྱིན་དྲུག་རྣམ་དག་པས། །ཕྱག་རྒྱ་དྲུག་གིས་རྣམ་པར་བརྒྱན། །ཅེས་གསུངས་པ་ལྟར་རྣ་ཆ་ནི་བཟོད་པ། གདུབ་བུ་ནི་ཚུལ་ཁྲིམས། མགུལ་རྒྱན་ནི་བརྩོན་འགྲུས། སྤྱི་གཙུག་གི་ནོར་བུ་ནི་སྦྱིན་པ། མཆོད་ཕྱིར་ཐོགས་ཏེ་མིའི་རྒྱུས་པ་བསྒྲིལ་བའི་སེ་རལ་ཁ་ནི་བསམ་གཏན། ཐལ་བ་སྟེ་མིའི་ཐལ་ཆེན་ལུས་ལ་བྱུགས་པ་ནི་ཤེས་རབ་བོ། །སྒེག་པ་ལ་སོགས་པའི་གར་ཉམས་དགུ་ནི། གློག་གི་ཕྲེང་བ་ལས། སྒེག་པ་དཔའ་བ་མི་སྡུག་པ། །དགོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་དགུའི་ཉམས་དང་ལྡན་པའོ། །ཞེས་པ་སྟེ། དེ་ཡང་ཕྱག་གཉིས་ཤེས་རབ་ཡུམ་ལ་འཁྲིལ་ཏེ་འགྱིང་བག་དང་ལྡན་པས་སྒེག་པ། བདུད་དང་སྒྲིབ་གཉིས་མྱང་འདས་དམན་པ་གཉིས་ལས་རྒྱལ་བས་


KMC014_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ན་དཔའ་བ། ལོག་པར་ལྟ་བ་རྣམས་ལ་མ་རངས་པས་བཞིན་དང་བཞུགས་སྟངས་མི་སྡུག་པ། རྔམ་པའི་སྒྲ་ཨཱ་རལླི་སོགས་ཀྱིས་འགྲོ་བ་འདུལ་བས་རྒོད་པ། སྨིན་མ་བསྡུས་པ་དང་མཆེ་བ་གཙིགས་པ་ལ་སོགས་པས་མ་རུང་བསྐྲག་པར་མཛད་པས་དྲག་ཤུལ། མ་རུངས་པའི་ཐོད་པའི་ཕྲེང་བ་དང་སྟག་གི་པགས་པ་ལ་སོགས་པ་དང་ལྡན་པས་འཇིགས་སུ་རུང་བ། །འཇིགས་བྱེད་དང་དུས་མཚན་ཞབས་ཀྱིས་མནན་ཀྱང་སྲོག་དང་མ་ཕྲལ་བས་སྙིང་རྗེ། འགལ་བའི་ཆོས་ཆགས་པ་མེད་ཀྱང་ཆགས་ཚུལ་གྱིས་ཡུམ་ལ་འཁྲིལ་བས་རྔམ་པ། སྐུ་དྲང་བ་དང་དྭང་བ་དང་སྣུམ་པ་དང་བརྟགས་ན་ངང་གིས་ཞི་བས་ན་ཞི་བ་སྟེ་གར་གྱི་ཉམས་དགུ་དང་ལྡན་ཅིང་། ཉོན་མོངས་དང་རྣམ་རྟོག་རྣམ་པར་བཅོམ་པས་སྟག་ལྤགས་ཀྱི་ཤམ་ཐབ་གྲོལ་བའི་ཚུལ་དུ་མནབ་པ། ཐབས་ཀྱིས་དགེ་བའི་ཆོས་མཐའ་དག་སྡུད་པས་རྡོ་རྗེ་དང་། ཤེས་རབ་ཀྱིས་དེའི་མི་མཐུན་


KMC014_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཅོད་པའི་དྲིལ་བུ་བཅས་འཛིན་པས་ཡུམ་ལ་འཁྱུད་པ། འཁོར་བ་དག་པས་ཞབས་གཡས་བརྐྱང་བ་དང་། མི་གནས་པའི་མྱ་ངན་ལས་འདས་པའི་ཕྱིར་ཞབས་གཡོན་ཅུང་ཟད་བསྐུམ་པ། རྟག་ཆད་གཉིས་ཀྱི་མཐའ་དང་བྲལ་བའི་ཕྱིར་རྟག་པའི་རྣམ་པར་རྟོག་པའི་རང་བཞིན་འཇིགས་བྱེད་དེ་དབང་ཕྱུག་ནག་པོ་མགོ་སྐེ་བལྟབས་པའི་དཔྲལ་བ་ན་ཞབས་གཡས་པས་མནན་པ། ཆད་པའི་རྣམ་པར་རྟོག་པའི་རང་བཞིན་དུས་མཚན་ཏེ་ཨུ་མ་དེ་བཱི་དམར་མོའི་ནུ་མའི་བར་དུ་གཡོན་བསྐུམ་པས་བརྫིས་པ། དེ་གཉིས་ཀས་ཀྱང་ལག་ན་གྲི་གུག་དང་ཐོད་པ་ཐོགས་པའོ། །གཙོ་བོའི་པང་དུ་སྦྱོར་བའི་ཡུམ་ནི་རྡོ་རྗེ་ཕག་མོ་སྟེ། དེའི་མཚན་གྱི་སྒྲ་དོན་ནི། རྣམ་པར་རྟོག་པའི་སྐྱོན་གྱིས་མ་གོས་པས་ཕག་དང་། ཆོས་ཀྱི་དབྱིངས་ལ་གཙང་རྨེའི་རྟོག་པའི་སྤྲོས་པ་བྲལ་བས་ན་མོ་ཞེས་བྱ་སྟེ། ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས། རྣམ་རྟོག་ཅིས་ཀྱང་མ་གོས་


KMC014_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པས། །ཕག་ཅེས་བྱ་བ་རྟོག་མེད་ཡིན། །དབྱིངས་ཉིད་རྟོག་པ་སྤྲོས་བྲལ་བས། །མོ་ཞེས་བྱ་བ་དབྱིངས་སུ་ཐིམ། །ཞེས་དང་། དེ་ལའང་དབྱེ་ན་དོན་དམ། བརྗོད་པ། དབྱིངས་ཀྱི་ཕག་མོ་གསུམ་དུ་གསུངས་ཏེ། དོན་དམ་སྐྱེ་མེད་ཕག་མོ་ནི། །སྐྱེ་འགག་མེད་པས་ཆོས་སྐུ་ཡིན། །བརྗོད་པ་སྒྲ་ཡི་ཕག་མོ་ནི། །ཕག་ནི་ཀཱ་ལི་ཐབས་ཡིན་ལ། །མོ་ནི་ཨཱ་ལི་ལོངས་སྐུར་འདོད། །མཚོན་པ་དབྱིངས་ཀྱི་ཕག་མོ་ནི། །སྟོང་ཉིད་མཚོན་པའི་སྐུ་མདོག་ལ། །རྟོག་མེད་སྙིང་རྗེ་ཕག་གི་གདོང་། །ཐབས་དང་ཤེས་རབ་ཕག་མོ་ལ། །བདེ་སྟོང་སྐྱོན་བྲལ་གཅེར་བུ་ནི། །རྟོག་པ་མེད་པས་སྤྲུལ་སྐུའོ། །ཞེས་གསུངས་པ་ལྟར་ལ། འགྱུར་མེད་བདེ་བ་ཆེན་པོའི་རང་མདངས་སྟོང་པ་ཉིད་ལ་ཡེ་ཤེས་སྐྱེར་འཇུག་པས་སྐུ་མདོག་དམར་མོ། ཆོས་ཐམས་ཅད་དོན་དམ་པའི་བདེན་པར་རོ་གཅིག་པས་ཞལ་གཅིག །ཤེས་རབ་ཀྱིས་ཐབས་དབང་དུ་བྱས་པས་ཕྱག་གཉིས་མ།


KMC014_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་གཟིགས་ཕྱིར་སྤྱན་གསུམ་པ། ཆོས་དབྱིངས་ལ་ཡེ་ཤེས་སྐྱེར་འཇུག་པས་སྐྲ་གྲོལ་བ། རིགས་ལྔ་བདག་པོ་ལྔའི་རང་བཞིན་མཚོན་ཕྱིར་ཐོད་སྐམ་ལྔས་བརྒྱན་པ། འདུ་བྱེད་ལྔ་བཅུ་རྩ་གཅིག་དག་པའི་ཕྱིར་ཐོད་པ་སྐམ་པོ་ལྔ་བཅུ་རྩ་གཅིག་གི་དོ་ཤལ་བྱས་པ། ཕར་ཕྱིན་ལྔ་རྣམ་པར་དག་པའི་ཕྱིར་ཐལ་བ་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་པ་སྟེ། འདིར་ཤེས་རབ་མེད་པ་ནི་ལྷ་མོ་ཉིད་ཤེས་རབ་ཡིན་པས་སོ། །ཕྱག་གཡས་པ་བགེགས་ལ་བསྡིགས་པའི་སྡིགས་མཛུབ་ཀྱིས་གཟུང་འཛིན་གྱི་སྤྲོས་པ་གཅོད་པའི་གྲི་གུག་འཛིན་པ། ཕྱག་གཡོན་པས་སྟོང་པ་དང་སྙིང་རྗེ་མཚོན་པའི་ཕྱིར་ཐོད་པ་བདུད་རྩིས་བཀང་བ་དང་བཅས་ཏེ་ཡབ་ལ་འཁྱུད་པ། ཐབས་དང་ཤེས་རབ་མཉམ་པའི་བསམ་གཏན་དང་ལྡན་པས་ཞབས་གཡོན་བརྐྱང་གཡས་བསྐུམ་གྱིས་འཁྲིལ་བས་བདེ་ཆེན་གྱི་ཡེ་ཤེས་རྒྱས་པ། སྐུ་གཅེར་བུ་ནི་ཐབས་དང་ཤེས་རབ་གཉིས་མེད་དེ་སྒྲིབ་པ་ལ་


KMC014_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དང་ལྷན་ཅིག་མི་གནས་པའོ། །གར་ཉམས་དགུ་དང་། ཕྱག་རྒྱ་དྲུག་དང་། དག་དྲན་རྣམས་ལའང་བཤད་ཚུལ་མང་ཡང་འདིར་ནི་ལཱུ་ཡི་པའི་རིགས་དྲུག་གི་སྒྲུབ་ཐབས་མངོན་རྟོགས་རྣམ་འབྱེད་ལས་གསུངས་པ་ལྟར་བཀོད་པའོ། །དེ་ནས་ཕྱོགས་བཞིའི་པདྨ་འདབ་མ་བཞི་ལ་དབུགས་བྲལ་གྱི་སྙིང་གར་ཉི་མའི་གདན་ལ་མདུན་དུ་མཁའ་འགྲོ་མ་མཐིང་ག །གཡོན་ཕྱོགས་སུ་ལཱ་མ་ལྗང་གུ། རྒྱབ་ཕྱོགས་སུ་དུམ་སྐྱེས་མ་དམར་མོ། གཡས་སུ་གཟུགས་ཅན་མ་སེར་མོ། བཞི་ཀ་ཡང་ཞལ་གཅིག་ཕྱག་གཉིས་གཡས་ཀྱིས་གྲི་གུག་དང་། གཡོན་གྱིས་ཐོད་པ་ཁྲག་གིས་གང་བ་འཛིན་པ། གྲུ་མོར་ཁ་ཊྭཱཾ་ག་དང་། རུས་པའི་རྒྱན་ཆ་ལྔས་བརྒྱན་པ། གཅེར་མོ་སྤྱན་གསུམ་སྐྲ་གྲོལ་གཡས་བརྐྱང་གཡོན་བསྐུམ་སྟབས་ཀྱིས་བཞུགས་པ་སྟེ། ལྷ་མོ་བཞི་ཡི་མཚན་ནི། གཙོ་བོ་ཡབ་ཡུམ་གྱི་ཁམས་ཟླ་ཉི་ལྷུང་བ་ལས་སྐྱེས་པ་ཆོས་ཉིད་ཀྱི་མཁའ་ལ་


KMC014_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པའི་རྩལ་གྱིས་ལུས་མི་སྣང་བར་འགྲོ་བས་ན་མཁའ་འགྲོ་མ་སྟེ། ནག་པོ་པའི་བདེ་མཆོག་འཁོར་ལོའི་བཤད་པ་ལས། ཉི་ཟླ་རྣམ་དག་སྲིད་ལས་སྐྱེས། །རང་བཞིན་གྱིས་ནི་རོ་མཉམ་དེ། །པདྨ་མཆོག་གི་གནས་སུ་ལྷུང་། །དེ་སྐྱེས་རང་བྱུང་ཡང་དག་ལྡན། །ཌཱ་ནི་མཁའ་འགྲོ་མ་ཞེས་བྱ། །སངས་རྒྱས་ཁམས་སུ་རབ་ཏུ་བཏགས། །ནམ་མཁར་ཀུན་ཏུ་རྒྱུ་གྲུབ་པས། །མཁའ་འགྲོ་མ་ཞེས་བྱ་བར་བརྗོད། །ཅེས་དང་། དེ་ལས་སྐྱེས་པའི་མཁའ་འགྲོ་མའི་གཟུགས་ཀྱི་རྣམ་པའི་ཚུལ་ཇི་བཞིན་དུ་འཛིན་པས་ན་གཟུགས་ཅན་མ་སྟེ། དེ་ལས་སྐྱེས་པ་གཟུགས་ཇི་བཞིན། །གཟུགས་ཅན་མ་ཞེས་མངོན་པར་བརྗོད། །ཅེས་དང་། མཁའ་འགྲོ་མའི་སྐུའི་བཀོད་པའི་ཆ་ཤས་དུམ་བུ་ལས་སྐྱེས་པས་ན་དུམ་སྐྱེས་མ་སྟེ། །གཟུགས་ལས་རིམ་པར་སྐྱེས་པ་ཉིད། །མཚོན་པར་ཡང་ནི་དུམ་སྐྱེས་མ། །ཞེས་དང་། སྐྱེས་པ་དང་བུད་མེད་ཀྱི་མཛེས་པའི་ཆོས་ཐམས་ཅད་


KMC014_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པས་ན་ལཱ་མ་སྟེ། གང་ཡང་མཛེས་པས་ཡོངས་གང་ན། །སྐྱེས་པ་བུད་མེད་ལས་བྱུང་བ། །མཚན་མ་ཀུན་གྱི་ཡོངས་སུ་རྫོགས། །དེས་ན་ལཱ་མར་རབ་ཏུ་གྲགས། །ཞེས་གསུངས་ལ། ཡང་མཁའ་འགྲོ་རྒྱ་མཚོའི་དབང་གི་རབ་བྱེད་ལས། མཆོག་ཏུ་འགྲོ་བའི་ངང་ཚུལ་ཕྱིར། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །གང་ཞིག་རྟག་ཏུ་གདུག་ཟ་བ། །ལཱ་མ་ཞེས་བྱར་དེ་བཞིན་དྲན། །དེ་བཞིན་ཤེས་བྱ་གཞན་ཉིད་ཀྱང་། །དུམ་བུར་བྱེད་ཅིང་སྐྱེད་པས་ཀྱང་། །དུམ་སྐྱེས་མ་ཞེས་བྱ་བར་བརྗོད། །སྣ་ཚོགས་པ་ཡི་གཟུགས་འཛིན་ཕྱིར། །གཟུགས་ཅན་མ་ཞེས་རབ་ཏུ་བཤད། །ཅེས་གསུངས་སོ། །མཁའ་འགྲོ་མ་བཞིའི་ངོ་བོ་ནི་ཨིནྡྲ་བྷུ་ཏིའི་རྒྱ་གཞུང་ལས། རྡོ་རྗེ་མཁའ་འགྲོ་མ་ནི་ཉེ་བའི་མཱ་མ་ཀཱི་སྟེ་གྲི་གུག་དང་ཀ་པཱ་ལ་ཐོགས་པའི་སྔོན་མོའོ། །རྡོ་རྗེ་ལཱ་མ་ནི་ཉེ་བའི་སྒྲོལ་མ་སྟེ་གྲི་གུག་དང་ཀ་པཱ་ལ་བསྣམས་པའི་ལྗང་གུའོ། །དུམ་སྐྱེས་མ་ནི་ཉེ་


KMC014_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གོས་དཀར་མོ་སྟེ་གྲི་གུག་དང་ཀ་པཱ་ལ་ཐོགས་པ་དམར་མོའོ། །གཟུགས་ཅན་མ་ནི་ཉེ་བའི་སངས་རྒྱས་སྤྱན་མ་སྟེ་གྲི་གུག་དང་ཀ་པཱ་ལ་ཐོགས་པ་སེར་མོའོ། །ཞེས་གསུངས་སོ། །དེ་ནས་དག་པ་ནི། གཡས་ཀྱི་གྲི་གུག་ནི་ཡེ་ཤེས། གཡོན་གྱི་ཐོད་པ་ནི་སྙིང་རྗེ། ཁ་ཊྭཱཾ་ག་ནི་བསམ་གཏན་ཏེ་གཞན་རྣམས་སྔར་བཤད་པ་དང་འདྲའོ། །དེ་ནས་མཚམས་བཞིའི་པད་སྟེང་དུ་ཟླ་བའི་སྟེང་དུ་བུམ་པ་བདུད་རྩི་ལྔས་གང་བ་དང་ཐོད་པ་ཤ་ལྔས་གང་བ་བསྒོམ་པ་ནི། ཨིནྡྲ་བྷུ་ཏིའི་བདེ་མཆོག་ཉུང་ངུའི་རྣམ་བཤད་ལས། མཚམས་བཞིའི་བུམ་པ་ནི། རྣམ་སྣང་དང་། རིན་འབྱུང་དང་། སྣང་མཐའ་དང་། དོན་ཡོད་གྲུབ་པ་བཞི་ནང་དུ་བཞུགས་པའི་ཕྱི་རོལ་དུ་བུམ་པར་སྣང་བའོ། །བུམ་པའི་སྟེང་གི་ཐོད་པའི་ཤ་ལྔ་ནི་འཆི་བདག་གི་བདུད་འཇོམས་པའོ། །པདྨས་མཚན་པའི་གྲི་གུག་གི་ཕྲེང་བས་བསྐོར་བ་ནི་འགྲེལ་པས་ཁ་བསྐང་བའོ། །ཞེས་གསུངས་སོ། །དེ་ནས་བྱང་


KMC014_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པའི་ངོ་བོ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་དཔའ་མོ་སུམ་ཅུ་རྩ་བདུན་ཏེ། གཙང་བདེ་རྟག་བདག་བཞིར་ཞེན་པའི་གཉེན་པོ་ནི་དྲན་པ་ཉེར་བཞག་བཞི་སྟེ། དྲན་པ་ནི་ཉམས་སུ་མྱོང་བའི་དོན་མི་བརྗེད་པ། དེ་ལ་འཛིན་མེད་དུ་བློ་ཉེ་བར་འཇོག་པ་ནི་དྲན་པ་ཉེ་བར་འཇོག་པ་སྟེ། དེ་ཡང་འདི་ལྟར་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དབང་པོ་ལྔ་ཚོགས་པ་ནི་ལུས་ཏེ། དེ་ཉིད་ལ་སེམས་མ་ཡེངས་པར་དྲན་པ་ཉེ་བར་བཞག་པས་ལུས་ལ་ཐ་མལ་པའི་གཙང་འཛིན་གྱི་རྟོག་པ་དང་བྲལ་ཏེ་གཙང་མའི་ཕ་རོལ་ཏུ་སོན་པར་གྱུར་པ་ནི་ལུས་དྲན་ཉེར་བཞག་སྟེ་དེ་རྣམ་པར་དག་པའི་ངོ་བོ་ནི་མཁའ་འགྲོ་མའོ། །བདེ་སྡུག་ལ་སོགས་པ་ཉམས་སུ་མྱོང་བ་ནི་ཚོར་བ་སྟེ། དེ་ལ་སེམས་ཉེ་བར་བཞག་པས་བདེ་འདོད་ཀྱི་རྟོག་པ་རང་སར་གྲོལ་ཏེ་བདེ་བ་མཆོག་གི་ཕ་རོལ་ཏུ་སོན་པ་ནི་ཚོར་བ་དྲན་པ་ཉེ་བར་


KMC014_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པ་སྟེ་དེ་རྣམ་པར་དག་པའི་ངོ་བོ་ནི་ལཱ་མའོ། །ཡང་དག་པའི་མཐའ་ནི་ཆོས་ཏེ་དེ་ལ་སེམས་ཉེ་བར་བཞག་པས་རྟག་ཆད་ཀྱི་མཐའ་ཐམས་ཅད་རང་སར་བྲལ་ཏེ་ཆོས་ཉིད་འགྱུར་མེད་རྟག་པ་དམ་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་དྲན་ཉེར་བཞག་སྟེ་དེ་རྣམ་པར་དག་པ་ནི་དུམ་སྐྱེས་མའོ། །ཡུལ་སྣང་སོ་སོར་སྣང་བ་ཙམ་གྱི་རྣམ་ཤེས་ནི་སེམས་ཏེ། དེ་ལ་དྲན་པ་ཉེ་བར་བཞག་པས་བདག་ཏུ་འཛིན་པ་ཐམས་ཅད་རང་སར་གྲོལ་ཏེ་བདག་དམ་པའི་ཕ་རོལ་ཏུ་སོན་པ་ནི་སེམས་དྲན་པ་ཉེར་བཞག་སྟེ་དེ་རྣམ་པར་དག་པའི་ངོ་བོ་ནི་ལྷ་མོ་གཟུགས་ཅན་མའོ། །དེ་ཡང་ནང་ལྟར་ན་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་བརྒྱད་ལས་ཕྱོགས་ཀྱི་འདབ་མ་བཞིའི་ངོ་བོ་ནི་མཁའ་འགྲོ་མ་བཞི་དང་། མཚམས་ཀྱི་རྩ་བདུད་རྩི་འབབ་པ་བཞི་ཡི་ངོ་བོ་ནི་བུམ་པ་བཞི་སྟེ། དཔྱིད་ཀྱི་ཐིག་ལེ་ལས། འདབ་མ་རྣམས་ན་བཞི་པོ་ཡང་། །ཕྱོགས་བཞིར་རྣམ་པར་གནས་པ་སྟེ། །འབྱུང་བ་བཞི་


KMC014_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རྩ་རྣམས་ནི། །ཐུགས་ཀྱི་རྡོ་རྗེའི་གནས་སུ་གནས། །མཁའ་འགྲོ་དེ་བཞིན་ལཱ་མ་དང་། །དུམ་སྐྱེས་མ་དང་གཟུགས་ཅན་མ། །མཚམས་ན་གནས་པའི་རྩ་རྣམས་ནི། །བཞི་པོ་ཡང་དེ་རུ་སོན་པའོ། །བདུད་རྩི་ལྔ་འབབ་པ་དེ་ནི། །མཆོད་པའི་ངོ་བོར་གནས་པ་སྟེ། །དེ་ཡི་གཟུགས་ཉིད་དངོས་པོ་ཡི། །མཆོད་པ་བཞི་ཞེས་རྣམ་པར་བཤད། །ལུས་ཅན་སྙིང་གི་ནང་དུ་ནི། །རྩ་རྣམ་ལྔ་ནི་རྣམ་པར་གནས། །ཞེས་གསུངས་སོ། །དེ་བཞིན་རྫུ་འཕྲུལ་གྱི་རྐང་པ་བཞི་ནི་སྔར་བཤད་རབ་གཏུམ་མ་སོགས་མཁའ་འགྲོ་བཞི་དང་། དབང་པོ་ལྔ་ནི་དཔའ་མོ་བློ་གྲོས་མ་སོགས་ལྔ་དང་། སྟོབས་ལྔ་ནི་ལྷ་མོ་འཇིགས་བྱེད་མ་སོགས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་ནི་རྟ་རྣ་མ་སོགས་ལྷ་མོ་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་ནི་ལྷ་མོ་སྟོབས་ཆེན་མ་སོགས་གསུམ་དང་། ཁྭ་གདོང་མ་བཞི་དང་། གཙོ་བོ་དཔལ་ཧེ་རུ་ཀ་དཔལ་ཉིད་དང་བརྒྱད་དོ། །


KMC014_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་སྤོང་བ་བཞི་ནི་གཤིན་རྗེ་བརྟན་མ་སོགས་མཚམས་མ་བཞི་སྟེ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམ་པར་དག་པའི་ངོ་བོ་ལྷ་སོ་བདུན་ནི་དོན་གྱིས་དཀྱིལ་འཁོར་འདིར་ཚང་བ་ཡིན་ནོ། །ཚུལ་འདི་དག་ཀྱང་སློབ་དཔོན་མི་ཐུབ་ཟླ་བའི་བདུད་རྩི་འཛག་པ་དང་དཔྱིད་ཐིག་གི་དགོངས་པ་དང་མཐུན་པར་བཤད་པའོ། །འདིར་དངོས་བསྟན་དྲན་ཉེ་བཞི་ལས་བྱང་ཕྱོགས་གཞན་རྣམས་ཞིབ་པར་མ་བཤད་པས་གཞན་དུ་ཤེས་པར་བྱའོ། །དེ་ནས་ཕྱི་རོལ་དུ་བཅོས་ཏེ་དབང་པོ་ཡུལ་ལ་འཇུག་པའི་བག་ཆགས་སྦྱང་བའི་ཕྱིར་བཞི་པ་ཡི་གེ་དགོད་པ་ནི། གཙོ་འཁོར་ལྔ་པོ་ཀུན་གྱི་སྤྱི་བོར་ཟླ་བ་ལ་སྐུའི་ངོ་བོ་ༀ་དཀར་པོ། མགྲིན་པར་པདྨ་ལ་གསུང་གི་ངོ་བོ་ཨཱཿདམར་པོ། ཐུགས་ཀར་སྣ་ཚོགས་རྡོ་རྗེ་གདན་ཐབས་ཀྱི་ལྟེ་བར་ཐུགས་ཀྱི་ངོ་བོ་ཧཱུྃ་སྔོན་པོ་དང་། གཙོ་བོ་བཅོམ་ལྡན་འདས་ཀྱི་ཐུགས་ཀར་གོ་ཆའི་ལྷ་རྡོ་རྗེ་སེམས་དཔའི་ངོ་བོ་ༀ་ཧ་དཀར་པོ།


KMC014_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་བོར་རྣམ་པར་སྣང་མཛད་ཀྱི་ངོ་བོ་ན་མ་ཧི་སེར་པོ། སྤྱི་གཙུག་ཏུ་པདྨ་གར་དབང་གི་ངོ་བོ་སྭཱ་ཧཱ་ཧུ་དམར་པོ། ཕྲག་པ་གཉིས་ལ་དཔལ་ཧེ་རུ་ཀའི་ངོ་བོ་བཽ་ཥཊྲ་ཧེ་ནག་པོ། མིག་གཉིས་སུ་རྡོ་རྗེ་ཉི་མའི་ངོ་བོ་ཧཱུྃ་ཧཱུྃ་ཧོཿདམར་སེར། ཡན་ལག་ཐམས་ཅད་ལ་རྟ་མགྲིན་གྱི་ངོ་བོ་ཕཊྲ་ཧཾ་ལྗང་གུ་སྟེ་ཀུན་སྤྱོད་ཀྱི་རྒྱུད་འགྲེལ་ལས་མཛོད་སྤུ་དང་ལག་པའི་མཁྲིག་མ་གཉིས་དང་རྐང་པའི་ལོང་བུ་གཉིས་རྣམས་སུ་བསྐྱེད་པར་གསུངས་སོ། །དེ་ནས་ཡུམ་གྱི་གོ་ཆའི་ཡི་གེ་དགོད་པ་ནི། ལྟེ་བར་ཕག་མོའི་ངོ་བོ་ༀ་བཾ་དམར་པོ། སྙིང་གར་གཤིན་རྗེ་མའི་ངོ་བོ་ཧཾ་ཡོཾ་སྔོན་པོ། ཁ་ལ་རྨོངས་བྱེད་མའི་ངོ་བོ་ཧྲིཾ་མོཾ་དམར་མོ། མགོ་བོར་སྐྱོད་བྱེད་མའི་ངོ་བོ་ཧྲིཾ་ཧྲིཾ་སེར་པོ། སྤྱི་བོར་སྐྲག་བྱེད་མའི་ངོ་བོ་ཧཱུྃ་ཧཱུྃ་ལྗང་གུ། ཡན་ལག་ལྔར་གཏུམ་མོའི་ངོ་བོ་ཕཊ་ཕཊ་དུད་ཁ་རྣམས་ཀྱིས་མཚན་པར་བསམ་མོ། །འདི་དག་ཀྱང་སྐུའི་ཕྱི་ན་གོ་ཆ་བགོ་བའི་ཚུལ་ཡིན་པས་སྐུའི་ནང་དུ་མི་


KMC014_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་སྟེ། སློབ་དཔོན་བཱི་ར་བཛྲ་གྱི་མངོན་རྟོགས་དཀའ་འགྲེལ་དུ། རྒྱ་དང་རྒྱ་ཡི་འབུར་བཞིན་དུ་ཤེས་པར་བྱའོ། །ཞེས་གསུངས་སོ། །འདོད་ཡོན་གྱི་སྣམ་བུ་རྣམས་ལ་གནས་པའི་རིག་མ་བཅུ་དྲུག་གི་འཁོད་ཚུལ་ནི། ཤར་གྱི་གཡོན་དུ་པི་ཝང་མ་སྔོན་མོ་དང་གླིང་བུ་མ་སེར་མོ། བྱང་གི་གཡས་སུ་རྔ་ཟླུམ་མ་དམར་མོ་དང་རྫ་རྔ་མ་ལྗང་མོ། བྱང་གི་གཡོན་དུ་བཞད་མ་དམར་མོ་དང་སྒེག་མོ་སྔོན་མོ། ནུབ་ཀྱི་གཡས་སུ་གླུ་མ་སེར་མོ་དང་གར་མ་ལྗང་མོ། ནུབ་ཀྱི་གཡོན་དུ་མེ་ཏོག་མ་སེར་མོ་དང་བདུག་སྤོས་མ་ནག་མོ། ལྷོའི་གཡས་སུ་མར་མེ་མ་དམར་མོ་དང་དྲི་ཆབ་མ་ལྗང་མོ་དྲིའི་དུང་ཆོས་འཛིན་པ། ལྷོའི་གཡས་སུ་གཟུགས་རྡོ་རྗེ་མ་དཀར་མོ་མེ་ལོང་དང་རོ་རྡོ་རྗེ་མ་དམར་མོ་ཞལ་ཟས་ཐོགས་པ། ཤར་གྱི་གཡས་སུ་རེག་བྱ་རྡོ་རྗེ་ལྗང་གུ་ན་བཟའ་དང་ཆོས་དབྱིངས་རྡོ་རྗེ་མ་དཀར་མོ་ཆོས་འབྱུང་སྤྱན་མཚན་འཛིན་པ་སྟེ་ཐམས་ཅད་ཀྱང་ཞི་མ་དར་དང་རིན་པོ་


KMC014_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་བརྒྱན་པའོ། །དེ་ནས་ཡེ་ཤེས་པ་དགུག་ཅིང་བསྟིམ་པ་ནི། འབར་བའི་ཕྱག་རྒྱ་དང་ཕེཾ་གྱི་སྒྲས་བསྐུལ་བ་སྟེ། ཀུན་སྤྱོད་དང་མངོན་འབྱུང་གི་རྒྱུད་ལས། མཛུབ་མོ་མདུད་བྱ་གུང་མོ་ངེས་པར་སྦྱར། །མཐེ་བོང་རྡོ་རྗེ་བརྟན་པོར་རབ་སྦྱར་ཏེ། །དེ་ནི་དཔྲལ་བའི་དབུས་སུ་རབ་སྦྱར་ནས། །བསྐོར་ཞིང་བསྐོར་ཞིང་ཀུན་ཏུ་བསྐོར་བར་བྱ། །རྐང་པ་མནན་ཅིང་གྱེན་དུ་བལྟ། །རབ་ཏུ་ཕེཾ་གྱི་སྒྲ་སྒྲོགས་པས། །ཕྱོགས་བཅུའི་འཇིག་རྟེན་ཁམས་གནས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་འགུགས། །ཞེས་གསུངས་པ་ལྟར་འགྲེལ་པ་ལས་ཀྱང་རྐང་པ་གཡས་གཡོན་གྱིས་མནན་པ་ནི་རྐང་པའི་ཕྱག་རྒྱ། སྟེང་དུ་བལྟ་བ་ནི་མིག་གི་ཕྱག་རྒྱ། ཕེཾ་གྱི་སྒྲ་སྒྲོགས་པ་ནི་ངག་གི་ཕྱག་རྒྱ། མཛུབ་མོ་གཉིས་མདུད་པར་བྱས་པ་ལག་པའི་ཕྱག་རྒྱ་སྟེ་ཕྱག་རྒྱ་བཞིས་ཡེ་ཤེས་པ་སྤྱན་དྲངས་པ་སྟེ། ཕྱག་རྒྱ་བཞི་ཡི་མ་སྦས་བཤད་ཐབས་གྲོལ་གྱི་ལམ་ལ་སྦྱར་བ་རྒྱ་ཆེར་


KMC014_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་འགྲེལ་དུ་འབྱུང་ཡང་བསྐྱེད་རིམ་སྐབས་མི་མཁོ་བས་མ་སྤྲོས་སོ། །ཕེཾ་གྱི་སྒྲ་ནི་མཁའ་འགྲོ་མའི་དམ་ཚིག་ཅེས་བརྗོད་པ་སྟེ་ཐུང་ངུ་མ་ཡིན་པར་ཡི་གེ་རིང་པོ་གསུམ་གྱི་གདངས་ཐོན་པ་ཕོ་ཉ་གསུམ་འདུས་པའི་ངོ་བོ་ཡིན་ཅེས་བཤད་རྒྱུད་སམྦུ་ཊ་ལས་གསུངས་སོ། །དེ་ནས་ཡིད་ཀྱི་ཏིང་ངེ་འཛིན་གྱིས་སྤྱན་དྲངས་པ་ནི། སྙིང་གར་ཉི་མ་ལ་གནས་པའི་ཧཱུྃ་གི་འོད་ཀྱིས་དཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། གཞན་ཡང་ཕྱོགས་བཅུར་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་དང་དབང་ལྷ་རྒྱལ་བ་སྲས་བཅས་ཐམས་ཅད་ལྷ་སོ་བདུན་གྱི་རྣམ་པར་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་བཞུགས་པ་ལ། རང་གི་ཐུགས་ཀ་ནས་སྤྲོས་པའི་པི་ཝང་མ་སོགས་ལྷ་མོ་བཅུ་དྲུག་གིས་མཆོད། དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་བཞི་འཆིང་བཞིན་པས། ཛཿཞེས་པས་ཡེ་ཤེས་པ་རྣམས་དམ་ཚིག་པ་དང་ཉེ་བར་དགུག །ཧཱུྃ་ཞེས་


KMC014_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

པས་དམ་ཚིག་པ་ལ་གཞུག །བཾ་གྱིས་དམ་ཚིག་པ་ལ་འབྲལ་མེད་དུ་བཅིངས། ཧོཿཡིས་དགྱེས་ཤིང་རང་གི་དབང་དུ་བྱས་པར་མོས། དབང་གི་ལྷ་རྣམས་མ་གཏོགས་ཡེ་ཤེས་པ་རྣམས་དམ་ཚིག་པ་རྣམས་ལ་ཆུ་ལ་ཆུ་ཐིམ་པ་ལྟར་བསམས་ལ། ལག་གཉིས་རྣམ་ལྔ་འདོད་སྐོར་ཏེ། ཇི་སྐད་དུ། སྙིང་ག་ནུ་མ་གཡས་དང་ནི། །སྙིང་ག་ནུ་གཡོན་སྙིང་ག་རུ། རིམ་པར་ལག་གཉིས་པད་ཀོར་བཅས། ཞེས་གསུངས་པ་ལྟར་པད་ཀོར་དང་པོ་སྙིང་ག །གཉིས་པ་ནུ་གཡས་ཐད། གསུམ་པ་སྙིང་ག །བཞི་པ་ནུ་གཡོན་ཐད། ལྔ་པ་སྙིང་གར་བསྐོར་བ་སྟེ་འདོད་ཡོན་ལྔ་མཆོད་ཀྱི་ཕྱག་རྒྱ་པད་ཀོར་ལྔ་བྱ་བ་ལ་རྣམ་ལྔ་འདོད་སྐོར་ཞེས་གསང་སྔགས་ཕྱི་འགྱུར་གསར་མ་པ་ལ་ཡོངས་སུ་གྲགས་བ་ལྟར་སྔོན་དུ་འགྲོ་བས་འཁྱུད་རྒྱ་དང་བཅས་ཏེ་ༀ་སརྦ་ཡོ་ག་སོགས་བརྗོད་པར་བྱ་སྟེ། སྔགས་དོན། ༀ་ཡོ་ག་ཤུདྡྷཱཿནི་རྣལ་འབྱོར་དག་པའི་བདག་ཉིད་ཅན་ཏེ་ཀུན་


KMC014_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་སྒྱུ་མ་ལྟ་བུའི་ལྷར་དག་པ་དང་། དོན་དམ་པར་སྐྱེ་མེད་དུ་དག་པའོ། །གང་དག་ཅེ་ན་སརྦ་དྷརྨཱ ཿནི་ཆོས་ཐམས་ཅད་དེ་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པ་ཐམས་ཅད་དོ། །ཅིར་དག་ཅེ་ན་ཤུདྡྷོ྅ཧཾ་སྟེ་ཤེས་རབ་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་དག་པའི་རྣལ་འབྱོར་ངའོ། །ཞེས་པ་སྟེ། དེ་དོན་གསལ་གདབ་པའི་ཕྱིར། ཆོས་རྣམས་ཐམས་ཅད་ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་དབྱེར་མེད་པའི་ངང་དུ་དག་པས་ན། རྣལ་འབྱོར་ཟབ་མོ་ལ་འཇུག་པའི་རྣལ་འབྱོར་བདག་ཀྱང་དེ་ཡི་ངོ་བོར་རྣམ་པར་དག་གོ་ཞེས་ང་རྒྱལ་བཟུང་བའོ། །རིམ་པ་འདི་དག་ཀྱང་ལཱུ་ཡི་པའི་རྒྱ་གཞུང་ལས། རྐང་གཡས་གཡོན་གྱིས་མནན་ནས་ནི། །གཡོན་མིག་ཅུང་དམའ་གྱེན་དུ་བལྟ། །ལག་གཉིས་མཐེབ་རྩེ་ཐུར་བསྟན་ཏེ། །ཡང་དག་མནན་ནས་སྡིགས་མཛུབ་གཉིས། །ལུ་གུ་རྒྱུད་ཀྱིས་རྣམ་པར་བཅིངས། །གུང་མོ་གཉིས་ནི་སྤྲད་བྱས་


KMC014_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །ལྷག་མ་བརྐྱངས་ནས་མགོ་སྟེང་དུ། །གཡོན་དང་གཡས་སུ་བསྐོར་བར་བྱ། །ཕྱག་རྒྱ་དྲྭ་བ་ཞེས་པ་འདིས། ཕེཾ་ཡིག་བརྗོད་པ་དང་བཅས་པས། །སྙིང་གར་ཉི་གནས་ཏིང་འཛིན་སེམས། །ཧཱུྃ་ཡིག་འོད་ཟེར་གྱིས་བཀུག་པའི། །ཡེ་ཤེས་འཁོར་ལོ་པི་ཝང་སོགས། །མཆོད་ནས་བདག་ལ་གཞུག་པར་བྱ། །གསང་སྔགས་བརྗོད་ཅིང་པད་ཀོར་གྱིས། །འཁྱུད་པའི་སྟངས་ཀྱིས་མཉེས་པར་བྱ། །ཞེས་གསུངས་པ་ལྟར་རོ། །དེ་ནས་བདག་ཉིད་དམ་ཚིག་པའི་ལྷ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཀུན་གྱིས་བདག་ལ་དབང་བསྐུར་བར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པའི་མོད་ཁྭ་གདོང་མ་སོགས་སྒོ་མ་བཞི་དང་གཤིན་རྗེ་བརྟན་མ་སོགས་མཚམས་མ་བཞི་དང་བརྒྱད་ཀྱིས་བགེགས་རྣམས་བསྐྲད། དཔའ་བོ་ཐོད་པའི་དུམ་བུ་སོགས་ཉེར་བཞིས་ཤིས་པ་བརྗོད། །དཔའ་མོ་རབ་གཏུམ་མ་སོགས་ཉེར་བཞིས་གླུ་བླངས། ཡུམ་མཁའ་འགྲོ་མ་བཞི་


KMC014_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕག་མོར་བཅས་པས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་བསྣམས་ནས། ཇི་ལྟར་བལྟམས་ཚེ་སོགས་དང་། ༀ་སརྦ་ཏ་ཐཱ་སོགས་ཀྱི་སྔགས་བརྗོད་བཞིན་ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས་གཞི་དུས་ཀྱི་དབང་ལ་ལམ་དབང་གིས་གསོས་བཏབ་པས་དབང་བཞི་ཅིག་ཆར་དུ་རྫོགས། དབང་བསྐུར་གྱི་ལྷ་རྣམས་ཀྱང་དཔལ་བདེ་བ་ཆེན་པོའི་བདག་ཉིད་རང་ལ་ཐིམ་པར་བསམ། སྔགས་དོན་ༀ་ནི་སྔགས་ཀྱི་མགོ་འདྲེན། སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད་ཨ་བྷི་ཥེ་ཀ་ཏ་མངོན་པར་དབང་བསྐུར་བ། ས་མ་ཡ་དམ་ཚིག །ཤྲཱི་ཡེ་དཔལ་ལ། ཧཱུྃ་ནི་སྔགས་ཀྱི་མཐའ་རྟེན་སྐབས་འདིར་སྐུལ་ཚིག་སྟེ་དེ་དག་དོན་འགྲེལ་ཚིག་གྲོགས་དང་སྦྱར་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་བའི་དམ་ཚིག་གི་དཔལ་ལ་གནས་པར་མཛོད་ཅིག །ཅེས་སོ། །དེ་ལྟར་དབང་བསྐུར་བས་ཆུའི་ལྷག་མ་ཡར་ལུད་པ་


KMC014_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ལས། བཅོམ་ལྡན་འདས་ལ་མི་བསྐྱོད་པ། རྡོ་རྗེ་ཕག་མོ་ལ་རྣམ་པར་སྣང་མཛད། ཡུམ་བཞི་ལ་རིན་འབྱུང་གིས་དབུ་བརྒྱན་པར་བསམ་མོ། །དེ་ནས་རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་ལྷ་མོའི་ཚོགས་མཆོད་རྫས་འཛིན་པ་ནམ་མཁའི་ཁམས་ཐམས་ཅད་གང་བས་བདག་ཉིད་དམ་ཚིག་པའི་དཀྱིལ་འཁོར་མཆོད་པར་བསམས་ལ། ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་རྣམས་དང་། རིག་མ་བཅུ་གཅིག་གིས་མཆོད། མཆོད་པའི་སྔགས་དོན་དང་ཕྱག་རྒྱ་རྗེས་ནས་འཆད། དེ་ནས་ལཱུ་ཡི་པའི་རྒྱ་གཞུང་དུ། བདུད་རྩི་རོ་མས་དྲངས་གསོལ་ནས། །རབ་དགྱེས་རྐང་པ་བརྒྱད་པས་བསྟོད། །ཅེས་གསུངས་པ་ལྟར། སླར་ཡང་རང་གི་ཐུགས་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་བདུད་རྩིས་གང་བའི་ཐོད་པ་ཐོགས་པ་རྣམས་ཀྱིས་བདུད་རྩི་ཕུལ་བས། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་གྲུབ་པའི་རྡོ་རྗེ་རྩེ་གསུམ་གྱི་རྣམ་པའི་དབུས་ཀྱི་སྦུ་གུས་བདུད་རྩི་དྲངས་ནས་གསོལ་


KMC014_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དགྱེས་པས་བདག་གིར་བཞེས་པར་བསམས་ལ། ༀ་ཨ་མྲྀ་ཏ་སོགས་ཀྱི་སྔགས་དོན་ནི། ༀ་ཨ་མྲྀ་ཏ་བདུད་རྩི། སྭཱ་ད་མྱོང་བའི། སྭ་བྷཱ་ཝ་རང་བཞིན་གྱིས། ཨཏྨ་ཀོ྅ཧཾ་བདག་ཉིད་ངའོ། །ཞེས་དགྱེས་པས་གསུང་སྩལ་བའོ། །དེ་ནས་ནང་མཆོད་ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ཏེ། གཡོན་པའི་མཐེབ་སྲིན་ཉི་ཟླའི་གའུ་སྦྱར་བས་ནང་མཆོད་ནས་ཐིག་གཏོར་ཏེ་བརྒྱུད་པའི་བླ་མ་རྣམས་ཀྱང་སྤྱི་བོའི་ཐད་ཀྱི་ནམ་མཁར་བཞུགས་པར་བསམས་ལ་བླ་མ་དང་ཡི་དམ་གྱི་སྙིང་པོ་ལ་ༀ་ཨཱཿཧཱུྃ་བཏགས་པས་བདུད་རྩི་ཕུལ་མ་མཆོད་ལྷ་རྣམས་ཀྱང་རང་ལ་བསྟིམ། དེ་ནས་ཚིགས་སུ་བཅད་པ་རྐང་པ་བརྒྱད་ཀྱི་སྔགས་ཀྱིས་བསྟོད་པ་ནི། ༀ་ནི་སྔགས་ཀྱི་ནོར་བུ་འཛིན་པ། ན་མོ་ཕྱག་འཚལ་ལོ། །བྷ་ག་ཝ་ཏེ་བཅོམ་ལྡན་འདས་མ། བཱི་ར་དཔའ་བོ་དང་ཨི་ཤ་དབང་པོ་གཉིས་མཚམས་སྦྱར་ཏེ། ན་མས྄་གོང་དུ་ཡོད་པ་ལ་བཞི་པའི་ངོ་སྦྱར་བས་བཱི་རེ་ཤཱ་ཡ་དཔའ་བོའི་དབང་པོ་


KMC014_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ལའོ། །མཐའ་རྟེན་ཧཱུྃ་ཐུང་ངུ་ནི་ཆོས་སྐུ། ཧཱུྃ་རིང་པོ་ནི་ལོངས་སྐུ། ཕཊྲ་ནི་སྤྲུལ་སྐུ་སྟེ་དང་པོས་ཆོས་ཉིད་སྐྱེ་བ་མེད་པ་དང་། གཉིས་པས་ལོངས་སྐུ་འགགས་པ་མེད་པ་དང་། གསུམ་པས་སྤྲུལ་པ་སྣ་ཚོགས་པས་བདུད་དང་ལོག་འདྲེན་ཐམས་ཅད་འཇོམས་པར་བསྟན་པའོ། །རྣམ་དབྱེ་བཞི་པ་ཀུན་གྱི་མཐར་ཕྱིན་པ་དང་ཧཱུྃ་ཧཱུྃ་ཕཊྲ་ནི་ཕྱི་མ་ཀུན་ལ་འདྲའོ། །དོན་འགྱུར་ནི། ༀ་བཅོམ་ལྡན་དཔའ་བོའི་དབང་པོ་ལ་ཕྱག་འཚལ། །ཞེས་པའོ། །རྐང་པ་གཉིས་པའི་མ་ཧཱ་ནི་ཆེན་པོ། ཀལྤ་ནི་བསྐལ་པ། ཨགྣི་ནི་མེ། སནྣི་བྷཱ་ཡ་མཚུངས་པ་ལའོ། །ཀལྤ་དང་ཨགྣི་དབྱངས་སྦྱར་བས་ཀལྤཱགྣི་སྟེ་འདི་ལ་ཀ་ལ་པག་ནི་ཞེས་བཀླག་པ་ནི་རྣམ་པར་མ་དག་པ་སྟེ། རིང་པོ་མེད་པའི་ཀ་ལ་པགྣི་ནི་ཕོ་དབང་ལ་འཇུག་པའི་ཕྱིར་རོ། །དོན་འགྱུར་ཚིག་ཕྲད་དང་སྦྱར་བས། བསྐལ་པ་ཆེན་པོའི་མཐའ་ཡི་མེ་ལྟ་བུ། །ཞེས་པའོ། །རྐང་པ་གསུམ་པའི་ཛ་ཊཱ་རལ་པ། མུ་ཀུ་ཊ་ཅོད་


KMC014_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

པན། ཨུརྐ་ཊ་བཅིངས་པ། དབྱངས་སྦྱར་བས་མུ་ཀུ་ཊོརྐ་ཊཱ་ཡ་ནི་ཅོད་པན་བཅིངས་པ་ལའོ། །འདི་ལ་མ་ཀུ་ཊ་ཞེས་སྣང་ཡང་བཀའ་བསྟན་གཉིས་ཀྱི་ཁྲོད་དུ་ཇི་སྙེད་གཅིག་བཞུགས་པ་རྣམས་ལའང་མུ་ཀུ་ཊ་ཞེས་ཡོད་དོ། །དོན་འགྱུར་ཚིག་ཕྲད་བཅུག་པས། བསྐལ་པ་ཆེན་པོའི་མཐའ་ཡི་མེ་ལྟ་བུ། ཞེས་པའོ། །རྐང་པ་གསུམ་པའི་ཛ་ཊཱ་རལ་བ། མུ་ཀུ་ཊ་ཅོདཔན། ཨུ་རྐ་ཊ་བཅིངས་པ། དབྱངས་སྦྱར་བས་མུ་ཀུ་ཊོརྐ་ཊཱ་ཡ་ནི་ཅོད་པན་བཅིངས་པ་ལའོ། །འདི་ལ་མ་ཀུ་ཊ་ཞེས་སྣང་ཡངབཀའ་བསྟན་གཉིས་ཀྱི་ཁྲོད་དུ་ཇི་སྙེད་གཅིག་བཞུགས་པ་རྣམས་ལའང་མུ་ཀུ་ཊ་ཞེས་ཡོད་དོ། །དོན་འགྱུར་ཚིག་ཕྲད་བཅུག་པས། རལ་པའི་ཚོགས་ཀྱི་ཅོད་པན་བཅིངས་པ་སྟེ། །ཞེས་པའོ། །རྐང་པ་བཞི་པའི་དཾཥྚ་ཀ་རཱ་མཆེ་བ་གཙིགས་བྱེད། མོ་གྲ་དྲག་པོ། བྷཱི་ཥ་ཎ་འཇིགས་སུ་རུང་བ། མུ་ཁཱ་ཡ་ཞལ་མའོ། །དོན་འགྱུར་མཆེ་གཙིགས་དྲག་པོ་འཇིགས་སུ་རུང་བའི་ཞལ། །ཅེས་


KMC014_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །རྐང་པ་ལྔ་པའི་ས་ཧ་སྲ་སྟོང་ཕྲག །བྷུ་ཛ་ཕྱག །བྷཱ་འོད་ཟེར། སུ་རཱ་ཡ་འབར་བ་ལའོ་སྟེ་དོན་འགྱུར། ཕྱག་ནི་འོད་ཟེར་སྟོང་ཕྲག་འབར་བ་པོ། །ཞེས་སོ། །རྐང་པ་དྲུག་པའི་པར་ཤུ་དགྲ་སྟ། པ་ཤ་ཞགས་པ་དང་ཨུཏྟྱ་ཏ་འཕྱར་བ་གཉིས་སྦྱར་བས་པཱ་ཤོཏྟྱ་ཏ། ཤཱུ་ལ་མདུང་། ཁ་ཊྭཱཾ་ག ། ལོ་ཙཱ་སྔ་མས་ཁྲི་རྐང་དང་ཕྱིས་ནམ་མཁའི་དབྱུག་པ་ཞེས་པར་བསྒྱུར་རོ། །དྷཱ་རི་ཎི་འཛིན་པ་ལའོ་སྟེ། དོན་འགྱུར། དགྲ་སྟྭ་ཞགས་འཕྱར་མདུང་དང་ཁ་ཊྭཱཾ་འཛིན། །ཅེས་སོ། །རྐང་པ་བདུན་པའི་བྱཱ་གྷྲ་སྟག །ཛི་ན་པགས་པ་དང་། ཨཱམྦ་ར་ན་བཟའ་གཉིས། སྦྱར་བས་ཛི་ནཱམྦ་ར། དྷ་རཱ་ཡ་འཛིན་པ་ལའོ། །དོན་འགྱུར། སྟག་གི་པགས་པའི་ན་བཟའ་འཆང་བར་མཛད། །ཅེས་སོ། །རྐང་པ་བརྒྱད་པའི་མ་ཧཱ་ཆེན་པོ། དྷཱུ་མྲ་དུ་བ་དང་། ཨཱནྡྷ་ཀ་ར་མུན་པ་གཉིས་སྦྱར་བས། དྷཱུ་མྲཱནྡྷ་ཀ་ར། བ་སུ་ཥཱ་ཡ་མདོག་དང་མཚུངས་པ་ལའོ། །དོན་འགྱུར། དུ་བ་མུན་ཆེན་མདོག་མཚུངས་སྐུ་ལ་འདུད། །


KMC014_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སོ། །དེ་ནས་ཡུམ་གྱི་རྐང་བརྒྱད་ནི། ན་མོ་ཕྱག་འཚལ། བྷ་ག་ཝ་ཏཱེ། བཅོམ་ལྡན་འདས་མ། བཛྲ་བཱ་ར་ཧཱི་རྡོ་རྗེ་ཕག་མོ། བཾ་ནི་ས་བོན། ཧཱུྃ་ཧཱུྃ་ཕཊྲ་སྔར་དང་འདྲ། དོན་འགྱུར། ༀ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ནི་ཕྱག་འཚལ་ལོ། །ཞེས་སོ། །ན་མ་ཕྱག་འཚལ་ལོ། ཨཱཪྱ་འཕགས་མ། ཨ་པ་རཱ་ཛི་ཏེ་གཞན་གྱིས་མི་ཐུབ་མ་ཀྱེ། ཏྲཻ་ལོ་ཀྱ་འཇིག་རྟེན་གསུམ། མཱ་ཏེ་ཡུམ། མ་ཧཱ་ཆེན་མོ། བིདྱ་དང་ཨི་ཤྭ་རཱི་གཉིས་སྦྱར་བས་བིདྱེ་ཤྭ་རཱི་རིག་པའི་དབང་ཕྱུག་མ་སྟེ་ཁྱད་པར་གྱི་ཚིག་རྣམས་སྔུན་དུ་བཞག་ལ་དོན་འགྱུར་བྱས་པས། འཕགས་མ་འཇིག་རྟེན་གསུམ་ཡུམ་གཞན་གྱིས་མི་ཐུབ་རིག་པའི་དབང་ཕྱུག་ཆེ། །ཅེས་སོ། །ན་མཿཕྱག་འཚལ་བ། སརྦ་བྷཱུ་ཏ་འབྱུང་པོ་ཐམས་ཅད། བྷ་ཡཱ་འཇིགས་པར་མཛད་མ། བ་ཧེ་ཀུན་ཏུ་འབེབས་མ། མ་ཧཱ་ཆེན་མོ། བཛྲཱི་རྡོ་རྗེ་ཅན། དོན་འགྱུར། འབྱུང་པོ་ཐམས་ཅད་འཇིགས་མཛད་ཀུན་ཏུ་འབེབས་མ་རྡོ་རྗེ་ཆེན་མོ་ཉིད། །


KMC014_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སོ། །ན་མོཿཕྱག་འཚལ་བ། བཛྲ་རྡོ་རྗེ་དང་ཨཱ་ས་ན་གདན་གཉིས་སྦྱར་མཐར་བོད་པའི་སི་བྱིན་པས་བཛྲཱ་པ་ནི་རྡོ་རྗེ་གདན་མ་ཀྱེ། ཨ་ཛི་ཏི་མི་ཕམ་མ། ཨ་པ་རཱ་ཛི་ཏེ་གཞན་ལས་རྒྱལ་མ་ཀྱེ། བ་ཤྱཾ་ཀ་རི་དབང་དུ་བྱེད་མ། ནེ་ཏྲ་སྤྱན། བྷྲཱ་མ་ཎི་གཡོ་བ་སྟེ། དོན་འགྱུར། རྡོ་རྗེ་གདན་མ་མི་ཕམ་གཞན་གྱིས་མི་ཐུབ་དབང་མཛད་གཡོ་བའི་སྤྱན། །ཞེས་སོ། །ན་མཿཕྱག་འཚལ་བ། བི་ཥ་ཎི་དུག་སྟེ་འདི་དཔེ་རྒྱུན་འདིར་མི་སྣང་རུང་བཀའ་བསྟན་གཉིས་ཀྱི་རྒྱ་དཔེ་རྣམས་ལས་འབྱུང་བར་མ་ཟད་འདིར་ཡང་དུག་ཀྱང་སྐེམ་མར་མཛད་མ་ཞེས་ཡོད་པས་ཆད་དམ་སྙམ། ཤོ་ཥ་ཎི། སྐེམ་བྱེད་མ། རོ་ཥ་ཎི་འཇིགས་རུང་མ། ཀྲོ་དྷ་ཁྲོ་མོ། ཀ་རཱུ་ལི་ནི་གཙིགས་བྱེད་མ་སྟེ། དོན་འགྱུར། དུག་ཀྱང་སྐེམ་པར་མཛད་མ་འཇིགས་སུ་རུང་བའི་ཁྲོ་མོ་གཙིགས་བྱེད་མ། །ཞེས་སོ། །ན་མས྄་ཕྱག་འཚལ་བ། ཏྲཱ་ས་ནི་སྐྲག་བྱེད་མ། མཱ་ར་ཎི་གསོད་བྱེད་མ། པྲ་བྷེ་


KMC014_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་རབ་ཏུ་འབྱེད་བྱེད་མ། ཨ་པ་རཱ་ཛ་ཡེ་གཞན་ལས་རྒྱལ་མ་ཀྱེ་ཞེས་པ་སྟེ། དོན་འགྱུར་ནི། སྐྲག་བྱེད་གསོད་བྱེད་རབ་ཏུ་འབྱེད་པར་བྱེད་ཅིང་ཕ་རོལ་ལས་རྒྱལ་མ། །ཅེས་སོ། །ན་མོ་ཕྱག་འཚལ་བ། བི་ཛ་ཡེ་རྣམ་པར་རྒྱལ་མ་ཀྱེ། ཛམྦྷ་ནི་རྨུགས་བྱེད་མ། སྟམྦྷ་ནི་རེངས་བྱེད་མ། མོ་ཧ་ནི་རྨོངས་བྱེད་མ་སྟེ། དོན་འགྱུར། རྣམ་པར་རྒྱལ་མ་རྨུགས་པར་བྱེད་ཅིང་རེངས་དང་རྨོངས་པར་མཛད་པ་མོ། །ཞེས་སོ། །ན་མོ་སྔར་ལྟར། བཛྲ་བཱ་རཱ་ཧི་རྡོ་རྗེ་ཕག་མོ། མ་ཧཱ་ཡོ་གི་ནི་རྣལ་འབྱོར་ཆེན་མོ། ཀཱ་མ་འདོད་པ། ཨི་ཤཱ་རི་དབང་ཕྱུག་དང་སྦྱར་བ། ཁ་ག་མཁའ་འགྲོ་མ། བོད་པའི་དོན་གྱིས་ཁ་གེ་སྟེ། དོན་འགྱུར། རྡོ་རྗེ་ཕག་མོ་རྣལ་འབྱོར་ཆེན་མོ་འདོད་པའི་དབང་ཕྱུག་མ་ལ་འདུད། །ཅེས་པའོ། །ཚིག་དོན་གཞན་རྣམས་གོ་སླ་ལ་རྡོ་རྗེ་གདན་མ་ཞེས་བྱ་བའི་དོན་ནི་ཁམས་དཀར་ཆ་ཧཾ་ལས་བདེ་བ་འཇོ་བས་དཔྱིད་དང་། དམར་ཆ་ཨ་ཐུང་ལ་བདེ་བ་བརྟན་པས་ཐིག་ལེར་


KMC014_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས་ན་དེ་ཉིད་བདེ་ཆེན་འགྱུར་བ་མེད་པ་འཕོ་མེད་རྡོ་རྗེའི་ཡེ་ཤེས་མངོན་དུ་བྱེད་པའི་གནས་སུ་གྱུར་པས་ན་དེའི་ངོ་བོ་རྡོ་རྗེ་ཕག་མོ་ཉིད་ལ་རྡོ་རྗེ་གདན་མ་ཞེས་གསུངས་ཏེ། དཔེར་ན་སྟོན་པ་བྱང་ཆུབ་བརྙེས་པའི་གནས་རྡོ་རྗེ་གདན་ཡིན་པས་རྡོ་རྗེ་གདན་པ་ཞེས་གྲགས་པ་ལྟར་རོ། །དེ་ནས་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་ཕྱིར། བདག་ཉིད་ཧེ་རུ་ཀའི་སྐུ་ཡི་ནང་དུ་རྩ་དབུ་མ་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། ཟར་མའི་མེ་ཏོག་ལྟར་སྔོ་བ། ཏིལ་གྱི་མར་མེ་ལྟར་གསལ་བ། པདྨའི་སྣར་མ་ལྟར་ཕྲ་བ་སྟེ་མཚན་ཉིད་བཞི་དང་ལྡན་པ། ཡར་སྣ་རྡོ་རྗེ་ཕྱེད་པ་དང་མར་སྣ་ལྟེ་འོག་སོར་བཞིའི་མཚམས་སུ་སླེབ་པ་སྣེ་ཕུག་རྡུག་དུ་ཡོད་པ། གཡས་སུ་རོ་མ་དཀར་མོ། གཡོན་དུ་རྐྱང་མ་དམར་མོ་གཉིས་ཀྱི་ཡར་སྣེ་སྤྱི་བོའི་ཐོད་པ་ལ་སོར་གང་ཙམ་གྱིས་མ་རེག་པར་མདུན་དུ་སྣ་སྒོར་ཟུག་པ། མར་སྣེ་དབུ་མའི་མཇུག་གི་སོར་བཞིའི་མཚམས་


KMC014_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དབུ་མར་ཟུག་པ། སྤྱི་བོར་རྩ་འདབ་དཀར་པོ་སོ་གཉིས། མགྲིན་པར་དམར་པོ་བཅུ་དྲུག །སྙིང་གར་སྔོན་པོ་བརྒྱད། ལྟེ་བར་སེར་པོ་དྲུག་ཅུ་རྩ་བཞི་སྟེ་དེ་དག་གི་རྩ་འདབ་གྱེས་ཚུལ་བླ་མེད་རྒྱུད་སྡེའི་དགོངས་པ་རྩལ་དུ་བཏོན་པ་ཀུན་མཁྱེན་རང་བྱུང་བའི་ཟབ་མོ་ནང་དོན་ལྟར་རོ། །དེ་ནས་སྤྱི་བོའི་འཁོར་ལོར་དཔལ་ཧེ་རུ་ཀའི་ངོ་བོ་ཧཾ་ཡིག་དཀར་པོ་མགོ་བོ་ཐུར་བསྟན་དུ་བསྒོམ་པ་ནི་དཔྱིད་ཀྱི་ཡི་གེ་སྟེ། གྲུབ་ཆེན་ནག་པོ་པས། གཞོམ་མེད་ཧཾ་སྟེ་ས་བོན་ནི། །བ་མོ་ལྟ་བུར་འཛག་པ་ཉིད། །ལུས་ཅན་རྣམས་ཀྱི་སྙིང་དགའ་བ། །དཔྱིད་ཅེས་བྱ་བར་རྣམ་པར་བཤད། །ཅེས་གསུངས་ལ། ལྟེ་འོག་རྩ་གསུམ་འདུས་མདོར་བཅོམ་ལྡན་འདས་མའི་ངོ་བོ་ཨ་ཐུང་དམར་པོ་མེའི་རང་བཞིན་དུ་བསྒོམ་པ་ནི་ཐིག་ལེ་ཞེས་བྱ་སྟེ། ནག་པོ་པའི་ཞལ་ནས། མེ་ནི་ཆུང་ངུའི་གཟུགས་ཀྱིས་ནི། །ཕག་མོའི་ཐིག་ལེ་རུ་ནི་བརྗོད། །ཅེས་གསུངས་པ་ལྟར་ལ། སྐབས་འདིར་ནི་


KMC014_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་བཞི་ཡི་ངོ་བོ་དཔྱིད་ཀྱི་ཡི་གེ་བཞི་སྟེ། སྤྱི་བོ་བདེ་ཆེན་འཁོར་ལོའི་རྩ་འདབ་དབུས་སུ་དཔྱིད་ཀྱི་ཡི་གེ་ཧཾ་ཡིག་དཀར་པོ་མགོ་བོ་ཐུར་དུ་བལྟ་བ། མགྲིན་པ་ལོངས་སྤྱོད་འཁོར་ལོའི་དབུས་སུ་ༀ་ཡིག་དཀར་པོ། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་ཧཱུྃ་ཡིག་སྔོན་པོ་མགོ་ཐུར་དུ་བལྟ་བ། ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་དབུས་སུ་ཨཱཿཡིག་དམར་པོ་དང་བཞི་གསལ་བཏབ་ལ། བསྙེན་སྒྲུབ་ཀྱི་སྐབས་སྤྲོ་ན་དཔལ་ཏཻ་ལོ་པའི་སྙན་བརྒྱུད་ལས། ལྕགས་ཀྱུ་བཞིན་དུ་འགུགས་པ་དང་། །བུམ་པ་བཞིན་དུ་དགང་བ་དང་། །རྒྱ་མདུད་བཞིན་དུ་བསྡམས་ནས་སུ། །མདའ་ལྟར་གྱེན་དུ་འཕང་བར་བྱ། །ཞེས་གསུངས་པ་ལྟར་སྦྱོར་བ་བཞི་ལྡན་ནམ་དཀྱུས་ལ་བར་རླུང་ཅུང་ཟད་བཟུང་བས་རོ་རྐྱང་ནས་རླུང་བརྒྱུད་དེ་ལྟེ་བའི་སུམ་མདོའི་ཨ་ཐུང་མེ་ལྟེ་བའི་ཨཱཿལས་འབར་བར་ཡང་བཤད། ལ་རླུང་ཕོག་པས་གཏུམ་མོའི་མེ་འབར། ལྟེ་བའི་ཨཱཿ སྙིང་གའི་ཧཱུྃ།


KMC014_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པའི་ༀ་དང་གསུམ་བསྲེགས་ཏེ་མེ་ལྕེ་ཧཾ་ཡིག་ལ་རེག་པས་དེ་ལས་དཀར་ཆའི་རྒྱུན་རིམ་པར་བབས་པས་ཡི་གེ་གསུམ་སྔར་ལྟར་གསོས་པས་བདེ་བ་སྐྱེས་པར་བསམ། སླར་ཡང་ལྟེ་བའི་ཨ་ཐུང་ལས་འོད་འཕྲོས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་ཁྱད་པར་དུ་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཐམས་ཅད་ཡེ་ཤེས་མེ་ཡི་རྣམ་པར་བསྡུས་ཏེ་ཨ་ཐུང་ལ་ཐིམ། ཡང་སྤྱི་བོའི་ཧཾ་ཡིག་ལས་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་། ཁྱད་པར་དུ་དཔལ་ཧེ་རུ་ཀའི་བྱིན་རླབས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཐིག་ལེའི་རྣམ་པར་བསྡུས་ཏེ་སྤྱི་བོའི་ཧཾ་ལ་ཐིམ་པར་བསམས་ལ་འབར་འཛག་གོང་བཞིན་བསྒོམས་པས། ཐིག་ལེ་སྤྱི་བོར་བབས་པས་དགའ་བ། མགྲིན་པར་བབས་པས་མཆོག་དགའ། སྙིང་གར་བབས་པས་ཁྱད་དགའ། ལྟེ་བར་བབས་པས་ལྷན་ཅིག་སྐྱེས་དགའི་བདེ་ཆེན་ཡེ་ཤེས་སྐྱེས་པར་བསམས་པ་སྟེ། རྡོ་རྗེ་ཕྲེང་བའི་


KMC014_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོ་མཆོག་དགའ་དང་། །དགའ་བྲལ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོར་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་གསུངས་པ་ལྟར་ཡང་ཡང་བསྒོམས་པས་རླུང་ཅུང་ཟད་འགག་པ་ཕྲ་མོའི་རྣལ་འབྱོར་དང་། དེ་ལས་བདེ་བ་སྐྱེ་བ་ཐིག་ལེའི་རྣལ་འབྱོར་གྱི་རྩ ལ་འབྱོངས་ནས་དུ་བ་སོགས་རྟགས་ལྔ་འཆར་ཏེ། འདུས་པའི་རྒྱུད་ཕྱི་མ་ལས། དུ་བ་ལྟ་བུ་དང་པོ་ཡི། །སྨིག་རྒྱུ་འདྲ་བ་གཉིས་པ་སྟེ། །མཁའ་སྣང་འདྲ་བ་གསུམ་པ་ཡིན། །མར་མེ་ལྟར་འབར་བཞི་པའོ། །སྤྲིན་མེད་ནམ་མཁའ་ལྟ་བུ་ནི། །རྟག་ཏུ་སྣང་བ་ལྔ་པའོ། །ཞེས་སོ། །དེ་ནས་བཟླས་པ་བྱ་བའི་ཐོག་མར་བགྲང་ཕྲེང་བྱིན་རླབས་བྱ་བ་ནི། མངོན་བརྗོད་ལས། དུང་ཆེན་ཕྲེང་བ་བླངས་ནས་ནི། །ཞེས་གསུངས་པ་ལྟར་ལ། མ་རྒྱུད་རྣམས་ལས་སྐྱེས་པ་


KMC014_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

གྲིར་ཤི་བའི་ཐོད་པའི་ཕྲེང་བ་ལ་དུང་ཆེན་གྱི་ཕྲེང་བ་ཞེས་བསྔགས་པས་དེ་ཉིད་གཞོན་ནུ་མས་བཀལ་པའི་སྲེད་བུས་བརྒྱུས་པ་མདོ་འཛིན་སྟེང་དུ་ཡོད་པར་བྱས་ལ་ལག་པ་གཡོན་པའི་སྙིམ་པར་བཅུག་ལ་བདུད་རྩིས་བསང་སྦྱང་། སྟོང་ལས་པད་ཉིའི་སྟེང་དུ་བགྲང་ཕྲེང་ཧྲཱིཿལས་པདྨ་གར་དབང་སྟེ་ངོ་བོ་གསུང་རྡོ་རྗེ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་སོགས་གཞུང་གསལ་ལྟར་བསྐྱེད་ལ་ཡེ་ཤེས་པ་བསྟིམ། ལག་གཡས་པས་རྒྱ་དང་ཤབྡ་ལ་དྲིལ་གསིལ་བཅས་སྔགས་ཀྱིས་མཆོད། ༀ་པདྨ་ནརྟི་ཤྭ་ར་སོགས་བརྒྱ་རྩ་བརྒྱད་བརྗོད། སྔགས་དོན་ནི། པདྨ་ནརྟ་དང་ཨཱི་ཤྭ་ར་དབྱངས་སྦྱར་བས་པདྨ་གར་གྱི་དབང་ཕྱུག་གོ །དེ་ནས་པདྨ་གར་དབང་ཡོངས་སུ་གྱུར་པས་ཕྲེང་བར་གྱུར་པར་བསམས་ལ་ཕྲེང་བ་ནར་གྱིས་བཏང་ལ་འཛིན་པ་ནི་ཕྱག་བཞེས་སོ། །དེ་ནས་ལག་གཡོན་པའི་མཐེ་བོང་རྡོ་རྗེ་ལྕགས་ཀྱུས་ལྷ་རྣམས་འགུགས་པའི་བློས་


KMC014_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བགྲང་བར་བྱ་སྟེ། རྡོ་རྗེ་མཁའ་འགྲོ་ལས། མཐེ་བོང་ལྕགས་ཀྱུར་བྱས་ནས་ནི། །ལྷ་རྣམས་ཐམས་ཅད་འགུགས་པར་བསམ། །ཞེས་གསུངས་སོ། །སྤྱིར་ཞི་བ་ལ་མཛུབ་མོ། རྒྱས་པར་གུང་མོ། དབང་ལ་སྲིན་ལག །མངོན་སྤྱོད་ལ་མཐེའུ་ཆུང་གི་སྟེང་དུ་བཞག་ཅིང་མདོ་འཛིན་མི་འགོམ་ཕྲེང་བའི་མདོ་འཛིན་མི་འགོམས་གསུངས་པ་ལ་རྗེ་དཔའ་བོའི་ཕག་མོའི་རྣམ་བཤད་དུ་དགག་བཞག་ཆེ་བར་མཛད་ལ་ཕྱིས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་བཞེད་པ་ལྟར་འདིར་བཀོད་པའོ། །མཆན། པར་དེ་ལ་བསྐོར་བ་བྱེད་ཚུལ་གྱིས་མཐེ་བོང་གིས་བགྲང་བར་བཤད་དོ། །དེ་ནས་བཟླས་པ་དངོས་ཀྱི་རྣམ་གཞག་ལ་གསུམ་སྟེ། དང་པོ་བཟླས་པའི་ངོ་བོ་ནི། གཙོ་བོར་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ནི་བཟླས་པའི་ངོ་བོར་བཞེད་པ་དང་། ཡང་ན་ཡི་གེ་འདུས་པ་གང་ཞིག་ཡང་ཡང་བཟླས་པས་དངོས་གྲུབ་འགྲུབ་པ་ནི་བརྡར་བཏགས་སྔགས་ཀྱི་ངོ་བོའོ། །གཉིས་པ་སྒྲ་དོན་ནི། ལྷ་རྣམས་སྤྱན་


KMC014_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པ་དང་ཐུགས་དམ་བསྐུལ་བ་དང་མཚན་ནས་བོད་པ་དང་གདུག་པ་སྐྲོད་ཅིང་ཉོན་མོངས་འཇོམས་པས་ན་སྔགས་ཞེས་བྱ་སྟེ། རྡོ་རྗེ་རྩེ་མོ་ལས། ཅི་ཕྱིར་སྔགས་སུ་བརྗོད་པར་བྱ། །གསང་སྔགས་རྣམས་ནི་བདེ་སྤྱོད་ཅིང་། གདུག་པ་ཐམས་ཅད་སྐྲོད་པར་བྱེད། །ཉོན་མོངས་ལ་སོགས་འཇོམས་བྱེད་ཅིང་། །སངས་རྒྱས་ཆོས་ནི་སྤྱན་འདྲེན་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་དབྱེ་བ་ནི། གསང་སྔགས་དང་། །རིག་སྔགས་དང་། གཟུངས་སྔགས་དང་གསུམ་སྟེ། ལྷ་ཕོའི་སྔགས་ནི་གསང་སྔགས། མོའི་སྔགས་ནི་རིག་སྔགས། གཉིས་ཀའི་ཕྱོགས་སུ་མ་ལྷུང་བ་ལས་ཚོགས་ཀྱི་སྔགས་ལ་གཟུངས་སྔགས་སུ་བཞེད་པ་དང་། ཡང་འཇིག་རྟེན་པའི་ཉོན་མོངས་པའི་ཡིད་ལས་སྐྱོབ་པས་གསང་སྔགས་དང་། ཡང་ཡང་བཟླས་པས་ཤེས་རབ་ཁྱད་པར་ཅན་སྐྱེད་པས་རིག་སྔགས་དང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་དྲན་པ་བསྐྱེད་པས་གཟུངས་སྔགས་


KMC014_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཤད་པ་དང་། གཞན་ཡང་རྩ་སྔགས་སྐུ། སྙིང་པོ་གསུང་། ཉེ་སྙིང་ཐུགས་བསྐུལ་བར་བྱེད་པའི་སྔགས་སུ་བཤད་དོ། །དེ་ཡང་བཟླས་པ་ཞེས་བྱ་བ་ནི་ལེགས་སྦྱར་གྱི་ཛབ྄་ཞེས་པ་བོད་སྐད་དུ་བཟླས་པ་ལ་འཇུག་པས་ཡང་ཡང་བསྐྱར་ཞིང་བཟླས་པས་ན་བཟླས་པ་སྟེ། དེ་ཡང་ལུས་ཀྱི་ལས། ངག་གི་བརྗོད་པ། ཡིད་ཀྱི་ཏིང་ངེ་འཛིན་གསུམ་ཡང་ཡང་བསྐྱར་བལྡབ་བྱེད་པའི་དོན་ནོ། །ཇི་ལྟར་བཟླ་ཚུལ་ལའང་། སྲོག་རྩོལ་གྱི་རླུང་བསྡམས་ཏེ་བཟླས་པ་འགོག་བཟླས། སྔགས་ཉིད་རླུང་འབྱུང་འཇུག་གནས་གསུམ་དང་སྦྱར་བ་རྡོར་བཟླས། ལྕེ་མི་བསྐྱོད་པར་ཡིད་ཀྱིས་བཟླས་པ་ཡིད་བཟླས། སྔགས་གོང་བས་ཐོས་ཙམ་བརྗོད་པ་ངག་བཟླས་སམ་ཤུབ་བུའི་བཟླས་པ། རང་གཞན་གཉིས་ཀས་ཐོས་པར་དྲག་ཏུ་བརྗོད་པ་ཁྲོ་བོའི་བཟླས་པ། ཞི་ལྷག་དང་འབྲེལ་བ་བསམ་གཏན་གྱི་བཟླས་པའམ་ཡེ་ཤེས་ཀྱི་བཟླས་པ་སྟེ། དེའང་ཞི་རྒྱས་དབང་


KMC014_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཕལ་མོ་ཆེར་ཤུབ་བུའི་བཟླས་པ་གཙོ་$རྒྱུད་རྣམས་ལས་བདེ་མཆོག་ལ་ཁྲོ་བཟླས་བྱ་བར་གསུངས་འདུག་གོ། མཆན། བོར་བྱེད་ཅིང་། སྣོད་མིན་སྐྱེ་བོས་དབེན་པའི་སར་སྒྲུབ་པ་དང་། བྱིང་བ་སེལ་བ་དང་། གནོད་པ་བཟློག་པ་སོགས་ལ་རིག་བྱེད་འདོན་པ་ལྟར་དབྱངས་ཀྱིས་བཟླས་པ་བྱ་བ་དང་། ཁྲོ་བོའི་བཟླས་རྒྱུད་རྣམས་ལས་བདེ་མཆོག་ལ་ཁྲོ་བཟླས་བྱ་བར་གསུངས་འདུག་གོ །མཆན། པ་ལའང་མཉམ་སྦྱོར་གྱི་རྒྱུད་ལས་འཁུན་པ་དབུགས་ཀྱི་རླུང་འབྱིན་སྲིན་པོའི་ངར་སྐད་ལྟ་བུ།དེ་ཉིད་བསྡུས་པ་ལས་ཁྲོ་བོའི་འབྲུག་སྒྲ་ལྟ་བུ། ཧེ་རུ་ཀ་འབྱུང་བ་ལས་རིགས་བཞིའི་གླུས་བཟླས་པ་དང་གསུམ་དུ་གསུངས་པ་དང་སོགས་སྐབས་དང་འབྲེལ་བར་བྱའོ། །གཞན་ཡང་ལྷ་སྐུའི་རྣམ་པ་ཙམ་རྗེས་སུ་དྲན་ནས་བཟླ་བ་ནི་གཟུགས་ཀྱི་བཟླས་པ། ལྷ་གཙོ་འཁོར་ཐམས་ཅད་ཀྱིས་སྔགས་དེ་ཉིད་མགྲིན་གཅིག་ཏུ་བཟླ་བར་མོས་ཏེ་དེའི་རམ་འདེགས་ཀྱི་ཚུལ་དུ་བཟླ་བ་ནི་ཕྱིའི་བཟླས་པ་ཞེས་གསུངས་སོ། །དེ་


KMC014_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནང་གི་བཟླས་པ་སྟེ། ཡིད་ཀྱི་ཏིང་ངེ་འཛིན་ཇི་ལྟར་བསྒོམ་པའི་ཚུལ་ནི། མངོན་བརྗོད་བླ་མ་ལས། སྲོག་རྩོལ་ལས་དང་ཆོ་ག་བཞིན། །ཡེ་ཤེས་ཀྱི་ནི་བཟླས་པ་བྱ། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང་། འཁོར་ལོ་དམ་ཚིག་བཟླས་པ་ནི། །ཁྲོ་བོའི་དམ་ཚིག་བཟླས་བྱས་ན། །དངོས་གྲུབ་ཐམས་ཅད་བདེ་བར་ཐོབ། །ཅེས་གསུངས་པ་ལྟར། སྤྱིར་བཏང་ལྟར་ན་བདག་མདུན་གཉིས་ཀའི་ཐུགས་ཀར་པདྨ་དང་ཟླ་ཉི་གང་རུང་གི་གདན་གྱི་དབུས་སུ་རང་ལྷའི་ས་བོན་ལ་སྔགས་ཕྲེང་ལྷའི་རང་མདོག་ཀྱིས་བསྐོར་ཏེ་རིམ་པར་ཇེ་མགྱོགས་ཀྱིས་མི་མངོན་པར་འཁོར་བར་བསམས་ཏེ། དེ་ནས་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་འཕྲོས་ཏེ་རང་གི་ཞལ་དུ་ཞུགས་ཤིང་ཐུགས་ཀ་ནས་འཐོན་ཏེ་ཞལ་དང་ཐུགས་ཀར་འཁོར་བར་བསམས་པ་བདག་མདུན་གཉིས་ཆར་ཅན་


KMC014_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བདག་བསྐྱེད་ཁོ་ན་ལ་ཞལ་ནས་ཐུགས་ཀ་དང་ཐུགས་ཀ་ནས་ཞལ་དུ་འཁོར་བར་བསམ་པ་ནི་འཁོར་ལོའི་བཟླས་པའོ། །ཁྱད་པར་གྱི་བཟླས་པའམ་གསང་བའི་བཟླས་པ་ནི། ཨ་ཧཾ་གཉིས་བསམ་ཞིང་དེའི་རང་སྒྲ་ལ་སེམས་གཏད་ནས་བཟླ་བའོ། །བཀོད་པའི་བཟླས་པ་ནི། བདག་བསྐྱེད་དམ་མདུན་བསྐྱེད་ཀྱི་ཐུགས་ཀར་ཉི་མའམ་ཟླ་བ་ལ་ས་བོན་མཐར་སྔགས་ཕྲེང་མགོ་གྱེན་བསྟན་མར་མེ་ལྟར་འབར་བ་ཡིད་ཀྱིས་བཀོད་པ་ལ་དམིགས་ནས་བཟླ་བ་དང་། སྤྲོ་བསྡུས་བཟླས་པ་ནི་སྔགས་ཀྱི་ཡིག་འབྲུ་ལས་འོད་འཕྲོས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཞིང་བྱིན་རླབས་བསྡུས། སེམས་ཅན་གྱི་དོན་བྱས་ཚུར་འདུས་རང་གི་སྙིང་གར་ཐིམ་པར་བསམས་པ་སྟེ་དེ་དག་སྤྱིར་བཏང་ཙམ་དུ་བཤད་པ་དེ། སྐབས་འདིར་དངོས་སུ་འབྲེལ་བ་ནི། འཁོར་ལོའི་བཟླས་པའི་ཁྱད་པར་བདེ་དགྱེས་སོགས་རྣལ་འབྱོར་མ་རྒྱུད་ཡོངས་ཀྱི་བཟླས་


KMC014_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ཁྱད་པར་ཁྱོགས་ཀྱི་བཟླས་པ་དང་། ཕྲིན་ལས་བཞིའི་བཟླས་དམིགས་དང་། སྤྲོ་བསྡུ་དམ་ཚིག་གི་བཟླས་པ་དང་གསུམ་དུ་བསྟན་པས། དང་པོ་འདོ་ལིའམ་ཁྱོགས་ཀྱི་བཟླས་པ་དང་། གཙོ་བོའི་ཐུགས་ཀར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཉི་མ་ལ་གནས་པའི་ཧཱུྃ་འདི་ལ་སྔགས་འཁོར་མེད། མཆན།ཡིག་ལས་འོད་ཟེར་གྱི་མདོག་རྒྱུན་གྱི་བཟླས་པའི་ཚེ་སྔོན་པོ་བྱུང་། ཡབ་ཀྱི་ཞལ་ནས་ཐོན་ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད་དེ་ཡུམ་གྱི་མཁའ་ནས་ཡབ་ཀྱི་རྡོ་རྗེར་ཞུགས། སྐུའི་དབྱིབས་བརྒྱུད་ཐུགས་ཀའི་ས་བོན་ལ་ཐིམ་པར་བསམས་ལ་སྔགས་བཟླ། ཡང་ལཱུ་ཡི་པའི་གཞུང་ལས། ཆོས་རྣམས་མཉམ་ཉིད་ང་རྒྱལ་གྱིས། །ཕྲེང་སྔགས་ས་བོན་ལས་ཐོན་ཏེ། །རྡོ་རྗེའི་ལམ་ནས་བྷ་གར་ཞུགས། །དབུ་མར་ཞུགས་ནས་ཁ་རུ་ཐོན། །ལྷ་མོ་ལས་བྱུང་ཁ་རུ་ཞུགས། །བསྐོར་སྦྱོར་འདོ་ལིའི་བཟླས་པའོ། །ཞེས་པ་ལྟར། ཧཱུྃ་ལས་སྔགས་ཕྲེང་སྔར་ལྟར་བྱུང་སྐུའི་


KMC014_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིབས་བརྒྱུད་དེ་རྡོ་རྗེའི་ལམ་ནས་ཐོན་ཡུམ་གྱི་པདྨར་ཞུགས། སྐུའི་དབྱིབས་བརྒྱུད་ཡུམ་གྱི་ཞལ་ནས་ཐོན་རང་གི་ཞལ་དུ་ཞུགས་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་བསམས་ལ་སྔགས་བཟླས་པས་སྔ་མས་ཐིག་ལེའི་གེགས་སེལ། ཕྱི་མས་བདེ་སྟོང་འཆར་བར་གསུངས་སོ། །དེ་ནས་ཕྲིན་ལས་བཞིའི་བཟླས་པ་བྱ་བ་ནི། ཡང་འོད་ཟེར་དཀར་པོ་གོང་གསལ་ལྟར་འཕྲོས་པས་ནད་གདོན་བར་ཆད་ཐམས་ཅད་ཞི། སེར་པོས་ཚེ་བསོད་དཔལ་འབྱོར་རྒྱས། དམར་པོས་ལོངས་སྤྱོད་བསྡུས། མཐིང་གས་གནོད་བྱེད་ཐམས་ཅད་ཚར་གཅོད་པར་བསམས་ལ་བཟླས་པ་བྱ། དེ་དག་གང་ཡང་དང་པོ་འོད་ཟེར་དང་། རྗེས་ནས་སྔགས་ཀྱི་ཕྲེང་བར་བསྒྱུར་བར་བྱ་སྟེ། དེ་ཡང་ཡིག་འབྲུ་སྔ་མའི་ཞབས་ཀྱི་ཕྱོགས་ལ་ཕྱི་མའི་མགོ་མཐུད་དེ་ཡིག་འབྲུ་རྣམས་ཕན་ཚུན་མ་རེག་པར་འོད་ཟེར་འཕྲོ་བ་དལ་གྱིས་འགྲོ་བར་བསྒོམ། ཞིབ་པར་ལས་བཞི་སྒྲུབ་པའི་སྐབས་སྡོམ་འབྱུང་གི་


KMC014_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་ལྟར་ཞི་བ་ལ་སྔགས་ཕྲེང་རྣམས་རིམ་པར་དལ་གྱིས་འགྲོ་བ་འོད་ཟེར་ཀྱི་ལི་ལི་བྱེད་པ་སྟེ་འགལ་མེའི་འཁོར་ལོ་ལྟ་བུ་ཞེས་པའང་འདི་ཡིན། རྒྱས་པ་ལ་སྔགས་ཕྲེང་ཡི་གེ་རེ་རེ་བཞིན་སེར་པོ་གཙོ་ཆེ་བའི་འོད་ཟེར་ལྔ་ལྡན་མང་པོ་སྨད་ཀྱི་ཕྱོགས་སུ་ཇེ་སྦོམ་དུ་འཁྱིལ་ཞིང་འགྲོ་བ་རྨ་བྱའི་སྒྲོ་ཆུན་གྱི་སྣེ་ལྟ་བུ་དང་། དབང་ལ་ཡི་གེ་སྔ་མ་རྣམས་ཀྱི་ཞབས་སུ་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་གྱིས། ཕྱི་མའི་ཡི་གེ་རྣམས་ཀྱི་མགོར་འོད་ཟེར་ཞགས་པའི་དབྱིབས་ཅན་གྱི་མིག་མ་བལྟས་ཏེ་འོད་ཟེར་ཐམས་ཅད་སྦྲེལ་བ་དང་གུག་པའི་རྣམ་པར་འགྲོ་བ་དང་། དྲག་པོ་ལ་ཐག་མདུང་འཕེན་པའི་ཐི་གུ་བསྒྲིལ་བ་ལྟ་བུར་ཕྱི་མ་རྣམས་ཀྱིས་སྔ་མ་འཕུལ་བའི་ཚུལ་གྱིས་མདའི་འགྲོས་ལྟར་དྲག་ཅིང་རྩུབ་པར་འཕྲོ་བར་གསུངས་སོ། །ཐམས་ཅད་ཀྱང་འོད་ཟེར་རེག་ལ་ཡིག་འབྲུ་ཕན་ཚུན་མ་རེག་པའོ། །སྤྱི་ཙམ་དུ་ཕ་རྒྱུད་ལ་སྤྲོ་བསྡུའི་བཟླས་པ་དང་།


KMC014_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྒྱུད་ལ་ཁྱོགས་ཀྱི་བཟླས་པ་གཙོ་བོར་བྱ་ཞིང་ཏིང་ངེ་འཛིན་སྐྱེ་བ་ལ་ནི། ཡིད་བཟླས་དང་། འགོག་བཟླས། རྡོར་བཟླས་རྣམས་གཙོ་བོར་བྱའོ། །བཟླ་བྱའི་སྔགས་ཀྱི་ཐོག་མ་ཡི་གེ་ༀ་ནི། རྡོ་རྗེ་རྩེ་མོ་ལས། ༀ་ནི་ཅི་ཞིག་ཡིན་པར་བརྗོད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཅིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་དོན་བརྒྱད་ལ་འཇུག་པར་གསུངས་པ་ལས་སྐབས་འདིར་དཔལ་སྡོམ་པའི་སྙིང་པོའི་སྔགས་ཀྱི་ནོར་བུ་འཛིན་པའོ། །ཤྲཱི་ནི་དཔལ་ཏེ། དཔལ་དྲྭ་བ་སྡོམ་པའི་རྒྱུད་ལས། དཔལ་ནི་གཉིས་མེད་ཡེ་ཤེས་ཏེ། །དེ་ཉིད་མཆོད་པའི་འོས་ཡིན་ལ། །གཉིས་མེད་བདེ་བས་མཆོད་པར་བྱ། །ཞེས་དང་། བདེ་མཆོག་ཉུང་ངུའི་བཀའ་འགྲེལ་ལས། གཉིས་སུ་མེད་པའི་ཡེ་ཤེས་ནི་ཤྲཱི་སྟེ། མི་འགྱུར་བདེ་བ་ཆེན་པོའི་ཡེ་ཤེས་ནི་བདེ་སྟོང་གཉིས་སུ་མེད་པའི་དཔལ་ཕུན་སུམ་ཚོགས་


KMC014_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ལྡན་པའོ། །ཞེས་གསུངས་པ་ལྟར་རོ། །བཛྲ་ནི་རྡོ་རྗེ་སྟེ་རྒྱུད་ལས། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །ཅེས་གསུངས་པ་ལྟར། འཕོ་མེད་རྡོ་རྗེའི་ཡེ་ཤེས་ཉིད་གཟུང་འཛིན་གྱི་རྟོག་པས་མི་ཕྱེད་པའི་དོན་ཏོ། །ཧེ་ནི་འཐུང་བའམ་རོལ་པ། རུ་ཀཾ་ནི་ཁྲག་ལ་འཇུག་པས་ཁྲག་འཐུང་ཞེས་བྱ་སྟེ། དོན་གྱིས་ན་དབྱིངས་ཡེ་གཉིས་སུ་མེད་པའི་དོན་དམ་འཕོ་མེད་ལྷན་ཅིག་སྐྱེས་པའི་བདེ་བ་མཆོག་ལ་དགྱེས་པས་རྟག་པར་རོལ་པའི་དོན་ཏེ་མཚན་དོན་དང་འབྲེལ་བའོ། །ཧཱུྃ་ཡིག་གི་དོན་ནི་བཤད་རྒྱུད་རྡོ་རྗེ་རྩེ་མོ་ལས། ཧཱུྃ་གི་ཡི་གེ་ཅི་ཞིག་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་པར་བྱེད། །སྲིད་པའི་ཞགས་པ་གཅོད་བྱེད་ཅིང་། །གདུག་པ་སྡང་གསོད་བྱེད་པ་ཡི། །ཧཱུྃ་ཡིག་མཆོག་ཏུ་དྲན་པར་བྱ། །ཞེས་དང་། ཕཊྲ་ཀྱང་དེ་ཉིད་ལས། ཡི་གེ་ཕཊྲ་ནི་ཅི་ཡིན་བརྗོད། །གདུག་དང་སྡུག་བསྔལ་འཇོམས་བྱེད་དེ། །བདེ་བ་དག་ནི་འགུགས་པར་བྱེད། །ཅེས་


KMC014_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དེ་ལའང་རྣམ་པ་བརྡར་གྱུར་ལྟར་ན། ༀ་ནི་དཔལ་འཁོར་ལོ་སྡོམ་པའི་སྐུའི་ངོ་བོ། ཧེ་ཡིག་དང་པོ་དགའ་བ། གཉིས་པ་མཆོག་ཏུ་དགའ་བ། རུ་སྔོན་མ་ཁྱད་དགའ། རུ་རྗེས་མ་ལྷན་ཅིག་སྐྱེས་པའི་དགའ་བ། ཀཾ་ནི་བདེ་བ་དང་སྟོང་པ་དབྱེར་མེད་པ། ཧཱུྃ་ཡིག་གཉིས་ནི་སྐུ་གཉིས་ཟུང་དུ་འཇུག་པ། ཕཊྲ་ནི་འཇོམས་པ་སྟེ་གཟུང་འཛིན་གྱི་རྣམ་རྟོག་ཐམས་ཅད་ཆོས་ཀྱི་དབྱིངས་སུ་སྐྱེལ་བར་བྱེད་པའོ། །དོན་འགྱུར་ཧེ་ནི་རྒྱུ་སོགས་ཀྱི་དོན་སྔར་བཤད་པ་དང་འདྲའོ། །ཌཱ་ཀི་ནཱི་མཁའ་འགྲོ་མ་སྟེ། རྒྱུད་ལས། ཌཱ་ནི་ནམ་མཁར་འགྲོ་མ་ཞེས། །མཁའ་ལ་མངོན་དུ་བཏགས་པ་སྟེ། །ནམ་མཁར་ཀུན་ཏུ་སྤྱོད་གྲུབ་པས། །མཁའ་འགྲོ་མ་ཞེས་བརྡར་བཏགས་སོ། །ཞེས་གསུངས་པ་ལྟར་དང་། ཛཱ་ལ་ནི་དྲྭ་བ། སམྦ་རཾ་སྡོམ་པ་སྟེ། བདེ་མཆོག་ཉུང་ངུའི་རྒྱུད་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །མཁའ་འགྲོ་དྲྭ་བའི་སྡོམ་པ་ཡིན། །ཞེས་དང་།


KMC014_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་རྒྱ་མཚོ་ལས། མཁའ་འགྲོ་མ་ཡི་དྲྭ་བ་སྡོམ། །ཞེས་གསུངས་པ་ལྟར། དགོངས་འགྲེལ་གྲུ་གཟིངས་མ་ལས། མཁའ་འགྲོ་མ་རྣམས་ནི་རྩ་སྟོང་ཕྲག་བདུན་ཅུ་དེ་རྣམས་ཀྱི་དྲྭ་བ་སྟེ་ཚོགས་སོ། །དེ་དག་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཀྱི་ནང་དུ་སོན་པའི་ཕྱིར་དེའི་རང་བཞིན་དུ་སྡོམ་པས་སྡོམ་པའོ། །ཞེས་དང་། བདེ་མཆོག་ཉུང་ངུའི་བཀའ་འགྲེལ་ལས། མཁའ་འགྲོ་མ་ནི་རྡོ་རྗེ་ཌཱ་ཀི་ལ་སོགས་པ་གནས་གསུམ་གྱིས་བསྡུས་པའི་མཁའ་འགྲོ་ཐམས་ཅད་ཆོས་ཉིད་ཀྱི་ངང་ལས་ཡེ་ཤེས་ཀྱིས་འགྲོ་བའོ། །དེའི་དྲྭ་བ་སྡོམ་ཞེས་ལུས་སེམས་ཀྱི་དེ་ཁོ་ན་ཉིད་ཀྱི་ངང་དུ་ཐབས་ཤེས་རབ་དབྱེར་མེད་སྙིང་པོ་རྡོ་རྗེའི་གནས་སུ་སྡོམ་པ་ཉིད་དོ། །ཞེས་དང་། དོན་འགྱུར་ཡང་རྒྱུད་འགྲེལ་དེ་ཉིད་ལས། ཌཱ་ཀི་ནི་འོད་གསལ་བའོ། །དྲྭ་བ་ནི་རང་གི་རྟོགས་པ་ལས་འདས་པ། སྡོམ་པ་ནི་ཟུང་འཇུག་སྤྲོས་བྲལ་དུ་སྡོམ་པ་སྟེ་འཁོར་འདས་ཀྱི་


KMC014_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་གཉིས་མེད་ཐ་དད་མེད་པའི་རང་བཞིན་དུ་གྱུར་པའོ། །ཞེས་གསུངས་པ་ལྟར་དཔལ་རྡོ་རྗེ་གྲུབ་པ་དྲྭ་བ་སྡོམ་པའི་རྒྱུད་ལས་ཀྱང་། དྲྭ་བ་ཞེས་བྱ་མང་པོའི་དོན། །ཀུན་རྫོབ་གཞན་རིག་ཏུ་བསྟན་པས། །གྲངས་མང་རྒྱ་ཆེ་བསྟན་པ་ནི། །ནམ་མཁའ་དང་མཚུངས་སྡོམ་པའི་དོན། །ཞེས་གསུངས་སོ། །སྭཱ་ཧཱ་ནི་རྡོ་རྗེ་རྩེ་མོ་ལས། སྭཱ་ཧཱ་ཞེས་པ་ཅི་ཡིན་བརྗོད། །སྡིག་པ་ཐམས་ཅད་ཞི་བྱེད་ཅིང་། །དགེ་བའི་ཚོགས་ནི་འཕེལ་བར་བྱེད། །ཅེས་གསུངས་ལ། ཡང་ན། སྭཱ་ཧཱ་ནི་གཞི་ཚུགས་ཞེས་པ་སྟེ། ཕྱི་ལྟར་ན་ཉོན་མོངས་དང་རྣམ་རྟོག་ཐམས་ཅད་དག་པ་ལྷ་ཡི་འཁོར་ལོར་སྡོམ་པ་དང་། ནང་ལྟར་ན་རྩ་རླུང་ཐིག་ལེ་བྱང་སེམས་ཐམས་ཅད་ཨ་བ་དྷཱུ་ཏིའི་ནང་དུ་སྡོམ་པ་དང་། གསང་བ་ལྟར་ན་བདེ་གསལ་མི་རྟོག་པའི་ཉམས་ཐམས་ཅད་དབྱེར་མེད་གཉུག་མའི་ངང་དུ་སྡོམ་པའི་གཞི་ཚུགས་ཞེས་པའོ། །འདིར་ནི་ལྷའི་མཚན་དངོས་སུ་བརྗོད་པས་ན་སྙིང་པོའི་


KMC014_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཅེས་བྱ་སྟེ་སྙིང་པོ་ཉི་ཤུ་རྩ་གཉིས་པའོ། །དེང་སང་ཐམས་ཅད་ཀྱིས་ཛྭཱ་ལ་སམྦ་ར་ཞེས་བཀླག་ཅིང་སྤར་གསར་བརྐོས་རྣམས་ལའང་དེ་བཞིན་སྣང་ཡང་། ཛྭཱ་ལ་འབར་བའི་དོན་ལ་འཇུག་པ་ལས་དྲྭ་བ་ལ་ནམ་ཡང་མི་འཇུག་པར་མ་ཟད། བདེ་མཆོག་སྤར་རྙིང་དང་བཀའ་བསྟན་གཉིས་ཀྱི་ཁྲོད་དུ་རྒྱུད་དང་རྒྱ་གཞུང་གི་དཔེ་ཇི་སྙེད་ཅིག་བཞུགས་པ་རྣམས་སུའང་ཛྭཱ་ལ་ཁོ་ནར་ཡོད་པས་ཤེས་ནུས་ལ། ཚིག་དོན་གྱི་དབང་དུ་བྱས་ནའང་གོང་དུ་ལུང་རྒྱས་པར་དྲངས་པ་ལྟར་དྲྭ་བ་སྡོམ་པ་ལས། འབར་བ་སྡོམ་པ་ཞེས་མ་གསུངས་པའི་ཕྱིར་རོ། །སྤྱིར་སྔགས་ཀྱི་བཀླག་ཐབས་ཚུལ་ལྡན་འབྱུང་བ་དཀའ་ཡང་སྙིང་པོ་ཙམ་ནི་དག་པར་ཀློག་དགོས་པར་གྲུབ་ལ། དེ་ལའང་གཉིས་ཏེ་ཅི་ཡང་མི་ཤེས་པའི་མི་སྐྱ་ཕོ་མོ་ཙམ་ལ་ནི་ཁྱོད་ཀྱི་བཟླས་བརྗོད་དང་ཁ་ཏོན་མི་དག་ཅེས་མི་བརྗོད་དེ། ཚུལ་ལྡན་དུ་མི་འབྱུང་བའི་ཁར་ཐེ་ཚོམ་གྱི་རྒྱུར་འགྲོ་བས་སྔར་གྱི་དགེ་བ་


KMC014_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མོ་དེ་ཡང་ཆུད་འཛའ་བས་སྨྲ་བར་མི་བྱ་ལ། ཆོས་ཀྱི་གནད་དོན་ཤེས་པ་རྣམས་ཀྱིས་ནི་རྣམ་དག་ཏུ་ཀློག་པ་གལ་ཆེ་སྟེ། དཔུང་བཟང་གིས་ཞུས་པ་ལས། གསང་ཚིག་སྒྲ་དང་ཚིག་འབྲུ་ཉམས་གྱུར་ན། །ལོག་པར་སྦྱོར་བས་དེ་ཡི་དོན་མི་སྟོན། །རྡོ་རྗེའི་ཚིག་དེས་མཆོག་སྦྱིན་བྱེད་མིན་ཏེ། །དབང་པོའི་བདག་པོ་དགྲ་ཡིས་བརླག་པ་བཞིན། །ཞེས་དང་། དགེ་སློང་ཀརྨ་ལུང་བསྟན་པའི་མདོ་ལས། དགེ་སློང་སྔགས་ཀྱི་ཡི་གེ་རྣམས་དག་པར་གདོན་པར་བྱ་སྟེ། མ་དག་པར་བཀླགས་ན་བསྐལ་པ་བརྒྱར་ལྕེ་དཔག་ཚད་བརྒྱད་ཁྲིར་འགྱུར་ཏེ། ཐོང་གཤོལ་ལྔ་བརྒྱས་རྨོ་ཞིང་འཚེད་དེ། སྡུག་བསྔལ་བསམ་གྱིས་མི་ཁྱབ་མྱོང་བར་འགྱུར་རོ། །ཞེས་གསུངས་པས་སོ། །དེ་ནས་སྤྲོ་བསྡུ་དམ་ཚིག་གི་བཟླས་པ་བྱ་བ་ནི། ལཱུ་ཡི་པའི་གཞུང་ལས། ནཱ་ད་འཁོར་ལོའི་ལྷ་ཚོགས་ཀྱི། །སྤྲོ་དང་བསྡུ་བ་དག་གིས་ནི། །དེ་བཞིན་བློ་ལྡན་དམ་ཚིག་བཟླས། །ཞེས་གསུངས་པ་ལྟར།


KMC014_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ཀྱི་ལྟེ་བ་སྤྲུལ་པའི་འཁོར་ལོར་པདྨའི་ལྟེ་བར་འདི་ལ་ལཱུ་ཡི་པའི་མངོན་རྟོགས་ཀྱི་དཀའ་འགྲེལ་དང་། དེ་བཞིན་གཤེགས་པའི་རྡོ་རྗེའི་རྒྱ་གཞུང་ལས་ཧཱུྃ་ཡིག་དམར་པོའམ་ནཱ་ད་ཞེས་གསུངས་སོ། །མཆན། ནཱ་ད་དམར་པོ་གནས་པ་ལས་གང་ཟློ་བའི་སྔགས་ཀྱི་ཕྲེང་བ་འཕྲོས། ལུས་ཀྱི་ནང་བརྒྱུད་སྣ་བུག་གཡས་ནས་ཐོན། དཀྱིལ་འཁོར་པ་སྟེ་གཙོ་བོ་ཡབ་ཡུམ་དང་མཁའ་འགྲོ་མ་བཞི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སུ་གྱུར་ཏེ་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་ནས། མཐར་ལྷ་ཚོགས་དེ་དག་ཐམས་ཅད་ཀྱང་སྔར་ལྟར་སྔགས་ཕྲེང་གི་གཟུགས་སུ་གྱུར་ཏེ་རང་གི་སྣ་བུག་གཡོན་པ་ནས་ཞུགས་ཏེ་ནཱ་ད་ལ་ཐིམ་པར་བསམས་ཏེ་སྔགས་བཟླའོ། །ཉེ་བའི་སྙིང་པོ་ཡི་གེ་བདུན་པ་ནི་ཡན་ལག་གི་སྒོ་ནས་བརྗོད་པ་འདུས་པའི་ཡི་གེ་སྟེ། ༀ་ནི་བཅོམ་ལྡན་འཁོར་ལོ་སྡོམ་པ། ཧྲཱིཿནི་བཅོམ་ལྡན་རྡོ་རྗེ་རྣལ་འབྱོར་མ། ཧ་ཡིག་དང་པོ་རྣལ་འབྱོར་མ་བཞི། གཉིས་པ་ས་འོག་སྐུའི་འཁོར་ལོའི་


KMC014_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་དང་དཔའ་མོ་ཡབ་ཡུམ་བཅུ་དྲུག །ཧཱུྃ་ཡིག་དང་པོ་ས་སྤྱོད་གསུང་གི་འཁོར་ལོའི་དཔའ་བོ་དང་དཔའ་མོ་ཡབ་ཡུམ་བཅུ་དྲུག །ཧཱུྃ་ཡིག་གཉིས་པ་མཁའ་སྤྱོད་ཐུགས་ཀྱི་འཁོར་ལོའི་དཔའ་བོ་དང་དཔའ་མོ་ཡབ་ཡུམ་བཅུ་དྲུག ། ཕཊྲ་ནི་སྒོ་མཚམས་ཀྱི་ལྷ་མོ་བརྒྱད་ཡིན་ནོ། །དེ་ནས་ཡུམ་གྱི་སྙིང་པོ། བཛྲ་ནི་རྡོ་རྗེ། བཻ་རོ་ཙ་ནཱི་ནི་རྣམ་པར་སྣང་མཛད་མ་སྟེ། འཕོ་མེད་བདེ་ཆེན་ཡེ་ཤེས་རྡོ་རྗེ་ཉིད་མཁའ་འགྲོ་མའི་རྣམ་པར་སྣང་བར་མཛད་མ་ཡིན་པས་ན་དེ་སྐད་ཅེས་བྱའོ། །ཉེ་སྙིང་སརྦ་བུདྡྷ་སོགས་ནི། སརྦ་ནི་ཀུན། བུདྡྷ་ནི་སངས་རྒྱས། ཌཱ་ཀི་ནཱི་ཡེ་མཁའ་འགྲོ་མ། བཛྲ་རྡོ་རྗེ། བརྞ་ནཱི་ཡེ་རིགས་ལྡན་མ་སྟེ། ངོ་བོ་སངས་རྒྱས་མཁའ་འགྲོ་ཡིན་པས་སངས་རྒྱས་ཀུན་གྱི་མཁའ་འགྲོ་མ་དང་། དེ་ལ་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས་ཀྱི་མཁའ་འགྲོ་ཐམས་ཅད་ཀྱང་འདུས་པས་ན་རིགས་ལྡན་མ་ཞེས་བྱའོ། །འཁོར་སྔགས་ཌཱ་ཀི་ནཱི་ཡེ་མཁའ་འགྲོ་མ། ལཱ་མེ་མཛེས་མ།


KMC014_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཁཎྜ་རོ་ཧེ་དུམ་སྐྱེས་མ། རཱུ་པི་ཎཱི་ཡེ་གཟུགས་ཅན་མ། དེ་དག་ཐམས་ཅད་ཀྱི་མཐར་བོད་པའི་དོན་དུ་རྟགས་མཐའ་ཨེར་བསྒྱུར་བའོ། །ཐམས་ཅད་ཀྱི་མགོར་ༀ་དང་མཐར་ཧཱུྃ་ཧཱུྃ་ཕཊ་སྦྱར་བའི་དོན་ནི། ཁྲག་འཐུང་མངོན་པར་འབྱུང་བའི་རྒྱུད་ལས། རང་མིང་བརྗོད་པའི་སྔགས་དག་ལ། །དང་པོ་ༀ་གྱི་ཡི་གེ་དང་། །ཧཱུྃ་ཧཱུྃ་ཕཊ་ཀྱིས་མཐའ་ལ་བརྒྱན། །ཞེས་གསུངས་པ་ལྟར་རོ། །སྔགས་དེ་དག་གི་བྱེད་ལས་ཀྱང་། ངེས་བརྗོད་བླ་མའི་དཀའ་འགྲེལ་ལས། དཔའ་བོའི་སྙིང་པོས་ནི་ཆོས་ཀྱི་སྐུའི་ཡེ་ཤེས་སྟོན། ཉེ་བའི་སྙིང་པོས་ནི་ལོངས་སྐུའི་གཟུགས་སྟོན། ཡུམ་གྱི་སྙིང་པོས་ནི་ཆོས་ཀྱི་སྐུའི་འདུས་མ་བྱས་སྟོན། ཡུམ་གྱི་ཉེ་སྙིང་གིས་ནི་ལོངས་སྐུ་ལས་སྤྲུལ་སྐུ་འགྱེད་པ་སྟོན། ཡུམ་བཞིའི་སྔགས་ཀྱིས་ནི་ཕྲིན་ལས་བཞི་མཛད་དོ། །ཞེས་གསུངས་སོ། །མཐར་ཧཱུྃ་ཡིག་རིང་པོ་དང་ཐུང་དུ་གཉིས་སུ་འབྱུང་བ་ནི། འདྲ་བའི་ཡི་གེ་ལ་སྔ་མ་ཐུང་ངུ་དང་ཕྱི་མ་


KMC014_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རིང་པོར་བཤད་པ་ལྟར་རོ། །སྔགས་ཀྱི་བཟླས་ཚད་ཀྱང་གཙོ་བོ་ལ་འབུམ། ཡུམ་དང་འཁོར་ལ་ཁྲི་བཟླ་བ་གྲངས་བསྙེན་དང་། གྲངས་མེད་དུ་བཟླ་བ་གཉིས་སུ་གསུངས་ཏེ། སྡོམ་འབྱུང་ལས། བརྒྱ་དང་སྟོང་དང་འབུམ་གྱི་བར། དེར་ནི་གྲངས་ཉིད་མཚོན་པར་བྱ། །གྲངས་མེད་སྔགས་ནི་བཟླས་པ་ཡིས། །བླ་ན་མེད་པའི་དགེ་བ་འབྱུང་། །ཞེས་དང་། རྫོགས་ལྡན་དུས་སུ་གཅིག་བཟླས་པ། །གསུམ་ལྡན་དུས་སུ་ཉིས་འགྱུར་དང་། །གཉིས་ལྡན་དུས་སུ་སུམ་འགྱུར་བཤད། །རྩོད་དུས་བཞི་འགྱུར་དུ་ནི་བཟླ། །ཞེས་གསུངས་པ་ལ་དེང་སང་རྩོད་དུས་བཞི་འགྱུར་དུ་བཟླ་དགོས་ཞེས་བོད་རྣམས་བཞེད་ཀྱང་། རྗེ་བདུན་པའི་ཞལ་སློབ་ཀརྨ་ཕྲིན་ལས་པ་ཆེན་པོ་དང་བོ་དོང་བ་སོགས་ཀྱིས། རྫོགས་ལྡན་ལ་གཅིག་བཟླས་པ་དེ་སུམ་ལྡན་སོགས་ལ་བཟླས་ན་ཉིས་འགྱུར་གྱི་ཕན་ཡོན་སྟོན་པ་ཡིན་ཞེས་གསུངས་པ་མ་ཟད། དགེ་བ་མཐའ་དག་སྙིགས་དུས་སུ་འགྱུར་


KMC014_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་ཆེ་བར་གསུངས་པ་དང་། ཁྱད་པར་དུ་སྔགས་རྣམས་དུས་ཀྱི་ཐ་མར་འགྲུབ་པར་འཇམ་དཔལ་རྩ་རྒྱུད་དུ་གསུངས་ཏེ། དུས་ཀྱི་ཐ་མ་དག་ལ་ནི། །སྔགས་རྣམས་གྲུབ་པ་ངེས་པ་ཡིན། །ཞེས་དང་། ཁྲག་འཐུང་མངོན་པར་འབྱུང་བའི་རྒྱུད་ལས། རྩོད་ལྡན་དུས་སུ་དངོས་གྲུབ་འགྱུར། །རྫོགས་ལྡན་ཡོན་ཏན་གཅིག་འགྲུབ་སྟེ། །དེ་བཞིན་གསུམ་ལྡན་ཡོན་ཏན་གཉིས། །གཉིས་ལྡན་ཡོན་ཏན་གསུམ་དུ་གསུངས། །རྩོད་ལྡན་ཡོན་ཏན་བཞི་ཉིད་དེ། །དངོས་གྲུབ་ཉིད་དུ་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་ལ། འོ་ན་དེང་སང་གསང་སྔགས་ཀྱི་ལྷ་གྲུབ་པ་ཉིན་སྐར་ལས་དཀོན་པ་ཅི་ཞེ་ན། ཆོས་ཀྱི་ཕན་ཡོན་དང་ནུས་པ་ཆུང་བ་མིན་ཏེ་ཆོས་དང་གང་ཟག་གཉིས་རྒྱབ་འགལ་དུ་སོང་བའི་དབང་གིས་སྟེ། དཔུང་བཟང་ལས། ཆོ་ག་ཉམས་ཤིང་ཡི་གེ་གུག་སྐྱེད་མེད། །མཆོད་པ་མེད་ཅིང་མི་གཙང་བཟླས་བརྗོད་བྱེད། །གུག་སྐྱེད་ཡི་གེ་ལྷག་པར་གྱུར་བ་ན། །


KMC014_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་དངོས་གྲུབ་རྒྱ་ཆེར་མི་སྟེར་རོ། །ཞེས་གསུངས་པ་ལྟར་བཟླས་པ་ལ་ཡང་དེང་སང་རང་གཞན་ཐམས་ཅད་ཀྱིས་ལོངས་སྤྱོད་འཕྲོས་ལྟར་ཏིང་འཛིན་མེད་པའི་བཟླས་བརྗོད་འབག་འབུག་ཙམ་གྱིས་ནི་གར་ཡང་མི་ཕྱིན་པས་བཟླས་པའི་སྐྱོན་ལྔ་སྤང་བར་གསུངས་ཏེ། མྱུར་དྲགས་ན་སྒྲ་ཟུར་ཆག །བུལ་དྲགས་ན་གྲངས་མི་འགྲོ། སྒྲ་ཆེ་ན་བར་ཆད་འབྱུང་། ཆུང་ན་དངོས་གྲུབ་བུལ། ནོར་བ་དང་ཆད་ན་དངོས་གྲུབ་ལོག་པར་འགྱུར་བར་གསུངས་པས་སྤང་བླང་གལ་ཆེ་ལ། བཟླས་པའི་ལྷག་ཆད་སྐོང་བ་ལ་ནི་ཇི་ཙམ་བཟླས་པའི་བཅུ་ཆའི་སྦྱིན་སྲེག་བྱ་བར་གསུངས་ཏེ། རྡོ་རྗེ་སྙིང་རྒྱན་ལས། གསང་སྔགས་ལྷག་ཆད་གང་ཡིན་པ། །ཐམས་ཅད་སྦྱིན་སྲེག་དག་གིས་སྐོང་། །ཞེས་གསུངས་སོ། །སྔགས་བཟླས་པའི་ཕན་ཡོན་ཀྱང་། ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྙིང་པོ་དང་ནི་ཉེ་སྙིང་གི །གསང་སྔགས་རྒྱལ་པོ་འདི་དག་ནི། །བསྐལ་པ་སྟོང་


KMC014_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ཡི། །སྡིག་པ་མ་ལུས་དག་བྱེད་ཆུ། །ཞེས་དང་། ངེས་བརྗོད་བླ་མ་ལས། གསང་སྔགས་འདི་ནི་གསང་སྔགས་ཆེ། །ལས་རྣམས་ཐམས་ཅད་བྱེད་པའི་མཆོག །འདི་ནི་བཀླག་པ་ཙམ་གྱིས་འགྲུབ། །ཅེས་དང་། ཀུན་སྤྱོད་ལས། གང་ཞིག་འདི་སྒོམ་རྣལ་འབྱོར་པ། །འདོད་པའི་བདེ་བ་ཐམས་ཅད་སྟེར། །ཧེ་རུ་ཀ་དཔལ་མཚན་བརྗོད་པས། །ལྷ་སོགས་ཀུན་གྱི་གསང་གང་དང་། །མི་ལ་སོགས་པར་གང་ཞིག་ཡོད། །དེ་ཡི་བསོད་ནམས་དེས་འཐོབ་བོ། །ཞེས་སོགས་དང་། གང་ཞིག་མོས་པའི་བློས་འདིའི་དཀྱིལ་འཁོར་མཐོང་བ་ཙམ་གྱིས་ཀྱང་སྡིག་པ་ཀུན་བྱང་བར་གསུངས་ཏེ། ཁྲག་འཐུང་མངོན་འབྱུང་གི་རྒྱུད་ལས། དཀྱིལ་འཁོར་མཐོང་བ་ཉིད་ཀྱིས་རྟེན། །དངོས་གྲུབ་ཅི་སྟེ་སྐྱེ་མི་འགྱུར། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །ཅེས་དང་། ལམ་འདིར་ཞུགས་པའི་གང་ཟག་དེ་ཉིད་འཕོས་མ་ཐག་དཔའ་བོ་དང་རྣལ་འབྱོར་མ་རྣམས་


KMC014_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཁའ་སྤྱོད་དུ་བསུ་བར་གསུངས་ཏེ། ཀུན་སྤྱོད་ཀྱི་རྒྱུད་ལས། རྣལ་འབྱོར་པ་ནི་འཕོ་བའི་ཚེ། །དཔལ་ལྡན་ཧེ་རུ་ཀ་ལ་སོགས། །དཔའ་བོ་དག་ནི་ཐམས་ཅད་དང་། །རྣལ་འབྱོར་མ་ནི་ཇི་སྙེད་པས། །ལག་ན་སྣ་ཚོགས་མེ་ཏོག་བསྣམས། །བ་དན་རྒྱལ་མཚན་སྣ་ཚོགས་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །སྣ་ཚོགས་གླུས་ནི་ཉེ་བར་མཆོད། །འཆི་བ་ཞེས་བྱ་རྣམ་རྟོག་སྟེ། །མཁའ་ལ་སྤྱོད་པའི་གནས་སུ་འཁྱེར། །དེ་ལྟའི་དཔའ་བོ་ཆེན་པོ་དང་། །རྣལ་འབྱོར་མ་ནི་ས་སྟེང་དཀོན། །ཞེས་གསུངས་སོ། །དེ་ནས་ཐུན་བསྡུ་བ་ནི། ཧཱུྃ་གི་འོད་ཀྱིས་སྣོད་བཅུད་ཐམས་ཅད་ལྷའི་རྣམ་པར་བྱས། དེ་དག་ཀྱང་གཞལ་ཡས་ཁང་ལ་ཐིམ། དེ་འོད་དུ་ཞུ་སྟེ་འཁོར་རྣམས་ལ་ཐིམ། འཁོར་རྣམས་ཡུམ་ལ་ཐིམ། ཡུམ་ཡབ་ལ་ཐིམ། ཡབ་ཀྱང་ཐུགས་ཀའི་ཧཱུྃ་ལ་ཐིམ། ཧཱུྃ་དེ་ཡང་གྱེན་རྫོགས་སུ་ཞབས་ཀྱུ་ཁོག་པ་ལ། ཁོག་པ་མགོ་བོ་ལ། མགོ་ཟླ་ཚེས། ཟླ་ཚེས་ཐིག་


KMC014_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ལེ། ཐིག་ལེ་ཡང་ནཱ་ད། དེ་ཡང་མི་དམིགས་པར་བཞག་པ་ནི་རྟག་པའི་མཐའ་བསལ་བ་དང་། སླར་ཡང་ལྷན་སྐྱེས་དཔའ་གཅིག་གི་རྣམ་པར་གསལ་བ་ནི་ཆད་པའི་མཐའ་བསལ་བའོ། ༈ །དེ་ནས་བུམ་བསྐྱེད་ལ་འཇུག་པའི་ཐོག་མར་བུམ་པ་ལའང་། ཇི་སྐད་དུ། རྒྱུ་ཚད་ནང་བཅུད་ཕྱི་ཡི་རྒྱན། །མཚོན་བྱེད་སྒྲུབ་ཚུལ་རྣམ་པ་ལྔ། །ཞེས་འབྱུང་བ་ལྟར། དང་པོ་རྒྱུ་ནི་རབ་གསེར་དངུལ། འབྲིང་ཟངས་དང་ལི་འཁར་སོགས་ནས་ཐ་མ་རྫའི་བར་གྱིས་རུང་བར་གསུངས་ཏེ། རྒྱུད་ལས། གསེར་རམ་དངུལ་ལས་བྱས་པ་ཡི། །ཟངས་སམ་ས་ལས་བྱས་ཀྱང་རུང་། །ཞེས་སོ། །གཉིས་པ་ཚད་ནི། སློབ་དཔོན་འཇིགས་མེད་སྦས་པའི་བདེ་མཆོག་དབང་གི་རབ་བྱེད་ལས། ཞི་བ་དང་རྒྱས་པའི་བུམ་པ་ལ་ལྟོ་བའི་རྒྱར་སོར་བཅུ་དྲུག་དང་། ལྟེ་བའི་འོག་ནས་ཁ་དང་མཆུའི་བར་གྱི་དཔངས་ལ་སོར་ཉི་ཤུ། ཁའི་མཚམས་ནས་མཆུ་འཕྱང་བའི་བར་ལ་སོར་


KMC014_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། མགྲིན་པར་སོར་བརྒྱད། བུམ་གཟུགས་ལ་སོར་དྲུག །སྦུབས་ལ་སོར་གཉིས། ཁ་གཡེར་བ་དང་ཕྱིར་འཕྱང་བ་ལ་སོར་བརྒྱད། ཞབས་ནང་དུ་ཅུང་ཟད་ཞུམ་པ་ལ་སོར་མོ་གཅིག་གོ །སྤྱིར་བཏང་གི་མཚན་ཉིད་རྒྱུད་ལས། རྩ་བ་ནག་པོ་ར་རི་མེད། །མཆུ་འཕྱང་མགྲིན་རིང་ལྟོ་བ་ཆེ། །ཞེས་དང་། རྒྱུད་ལ་ལར། བུམ་པ་ཞབས་མེད་ལྟོ་བ་ཟླུམ། །ཞེས་གསུངས་པ་ལྟར། ཕྱི་རོལ་པའི་བུམ་པ་ལས་ཁྱད་འབྱེད་པའི་ཕྱིར་རྩ་བ་མེད་པ་སྟེ་ཞབས་ར་མ་སྦྱར་བར་ནང་དུ་མཆོད་བདུན་གྱི་ཞབས་ལྟར་ཅུང་ཟད་ཞུམ་པར་བྱ་བ་དང་། ནག་པོ་སོགས་ཀྱི་ར་རི་མེད་པ་དང་། ཆུང་ཚད་ལའང་བྲེ་རེ་ཤོང་བར་བཤད་དོ། །དེ་བཞིན་དབང་དང་དགུག་པ་དབྱེ་བསྐྲད་རེངས་པ་སོགས་ཀྱི་བུམ་པའི་ཚད་སོ་སོར་གསུངས་ཀྱང་འདིར་མ་སྤྲོས་སོ། །གསུམ་པ་ནང་བཅུད་ལ། རིན་ཆེན་ལྔ་ནི། བྱི་རུ་དངུལ་དང་གསེར་དང་ནི། །པདྨ་རཱ་ག་མུ་ཏིག་གོ། །ཞེས་དང་། འབྲུ་ལྔ་ནི། ནས་གྲོ་


KMC014_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སུན་ཆུང་ནག་པོ་དང་། །ཏིལ་དང་དཀར་པོ། འབྲས་ནི་སོ་བའོ། །འབྲས་ཤུབ་ལྡན། ཞེས་དང་། སྨན་ལྔ་ནི། སྟག་ཚེར་ཏེ་སེ་འབྲུའི་མེ་ཏོག་སེ་བའི་མེ་ཏོག བྲི་ཧ་ཏི་ཀཎྜ་ཀ་ར་དང་། སེང་ཚེར་ཏེ་ཡོངས་གྲགས། ལྟར་སྩས་ཏེ་ཅོ་ག་གླད་སྨན། ས་ཧ་དེ་བ་གཞན་མི་ཐུབ། ཤུ་དག་དཀར་པོ། །དཎྜོཏྤ་ལའི་རྩ་བ་སྟེ། དབྱུག་པའི་ཨུཏྤལ་ཏེ་ཨུཏྤལ་སྔོན་པོ། །སྨན་ནི་རྣམ་པ་ལྔ་གཞུག་བྱ། །ཞེས་ལཱུ་ཡི་པའི་རྒྱ་གཞུང་ལས་གསུངས་སོ། །སྙིང་པོ་ལྔ་ནི། ལན་ཚ། བུ་རམ། མར། འོ་མ། སྦྲང་རྩིའོ། །དྲི་ལྔ་ནི་ཙནྡན་དཀར་པོ། དམར་པོ། གུར་གུམ། ག་པུར། ཛཱ་ཏིའོ། །དགོས་པའང་དགོས་འདོད་རེ་བ་སྐོང་ཕྱིར་རིན་ཆེན་ལྔ་དང་། མུ་གེའི་བསྐལ་པ་ཞི་ཕྱིར་འབྲུ་སྣ་ལྔ་དང་། །ནད་ཀྱི་བསྐལ་པ་ཞི་ཕྱིར་སྨན་སྣ་ལྔ། ཚུལ་ཁྲིམས་རྣམ་པར་དག་ཕྱིར་དྲི་ལྔ། དགོས་འདོད་རེ་བ་སྐོང་ཕྱིར་སྙིང་པོ་ལྔ་བླུགས་པར་སྤྱི་རྒྱུད་ནས་གསུངས་སོ། །བཞི་པ་ཕྱིའི་རྒྱན་ནི། རྣམ་རྒྱལ་བུམ་པར་ཆོས་འབྱུང་གི་དབུས་སུ་སྣ་ཚོགས་པད་


KMC014_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཉིར་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དང་། ལས་བུམ་ལ་པད་ཉིར་གྲི་གུག་ཡོད་པ་བུམ་པའི་ལོགས་སུ་དགོད་པར་བྱ་སྟེ། ལཱུ་ཡི་པའི་རྒྱ་གཞུང་ལས། དཀྱིལ་འཁོར་པ་ནི་ཐམས་ཅད་ཀྱི། །ས་བོན་ཡང་ན་ཕྱག་མཚན་ནི། །གུར་གུམ་ལ་སོགས་འདུ་བྱས་ལ། །མཁས་པས་བུམ་པའི་ལོགས་ལ་དགོད། །ཅེས་གསུངས་པ་ལྟར་བུམ་མཚན་ལྷ་སོ་སོའི་གཙོ་བོའི་ཕྱག་མཚན་འགོད་པར་བྱའོ། །བུམ་པའི་མགུལ་ཆིངས་ཀྱང་ཀླུ་བྱང་ཞབས་ཀྱིས་དཀར་པོ་གསུངས་པ་དང་། ནག་པོ་པས་ཁ་དོག་སྣ་ཚོགས་པར་གསུངས་ཀྱང་། ལཱུ་ཡི་པས་རས་ནི་དཀར་པོ་མ་ཉམས་པས། །བུམ་པའི་མགུལ་པ་དཀྲི་བར་བྱ། །ཞེས་དང་། དེ་ཉིད་འཆིང་བའི་སྐུད་པ་ཡང་། རྡོ་རྗེ་མཁའ་འགྲོ་ལས་སེར་པོར་གསུངས་ཀྱང་། ལཱུ་ཡི་པས། ཆོ་ག་མཁས་པས་སྲད་བུ་ནི། །དཀར་པོས་རས་ཀྱི་སྟེང་ནས་འཆིང་། །ཞེས་དང་། བུམ་པའི་ཁ་རྒྱན་ཀྱང་། ཨ་མྲ་ཨུ་དུམ་ཝཱ་ར་དང་། །མྱ་ངན་མེད་དང་བྱང་ཆུབ་


KMC014_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །ཀླུ་ཤིང་ཡལ་ག་ལྔ་བཟུང་ནས། །བུམ་པ་རྣམས་ཀྱི་ཁ་རྒྱན་བྱ། །ཞེས་གསུངས་པ་ལྟར། རྒྱ་གར་དུ་ཤིང་ལོའི་ཡལ་འདབ་ཀྱིས་ཁ་བརྒྱན་པར་བྱེད་པ་ནི་གདུལ་བྱའི་རེ་འདོད་ཡིད་བཞིན་དུ་སྐོང་བའི་རྟགས་སུ་བྱང་ཆུབ་ཤིང་གི་ཡལ་འདབ་ཀྱིས་ཁ་བརྒྱན་པ་ཡིན་ཀྱང་། ངེད་རང་བོད་རྣམས་ཀྱིས་ཀུ་ཤ་ལ་རྨ་བྱའི་སྒྲོ་ཆུན་མཛེས་བྱེད་དུ་སྦྱར་བ་ཡང་། རྒྱ་གར་དུ་ཀུ་ཤ་ནི་བྲམ་ཟེ་སོགས་ཀྱིས་གཙང་བྱེད་ཀྱི་རྫས་སུ་འདོད་པ་དང་། བུམ་པ་ཀུ་ཤ་བཏིང་བའི་སྟེང་དུ་བཞག་པར་གསུངས་པ་དང་སྒོ་བསྟུན། རྨ་བྱའི་མདོངས་ཀྱང་རྨ་བྱས་དུག་ཟོས་ཀྱང་མི་གོས་པར་ལྟར། སྔགས་བླ་མེད་ཉམས་སུ་ལེན་པའི་གང་ཟག་ཉོན་མོངས་མ་སྤངས་ལམ་དུ་སློང་བའི་བརྡ་ཡིན་ཞེས་འབྲེལ་འགྲིགས་བཤད་དོ། གཟུངས་ཐག་ཀྱང་རྒྱ་གར་ནས་མེ་ཏོག་སྐུད་པ་ལ་བརྒྱུས་པའི་ཕྲེང་བ་ལ་བྱེད་པའི་ཕྱིར་བོད་སྔ་རབས་རྣམས་མེ་ཏོག་གོས་དར་ལ་བཅོས་པའི་ཕྲེང་


KMC014_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱེད་ཀྱང་། ད་ལྟ་སྐུད་པ་ཁྲ་བོ་ལ་མཛད་པའང་། ཐུགས་རྗེའི་གཟུངས་ཐག་ཡེ་ཤེས་ལྔ། །ཞེས་པ་དང་འབྲེལ་བར་འཆད་དོ། །ལྔ་པ་མཚོན་དོན་ནི། སྤྱིར་བུམ་པས་ས་བཅུ་གཅིག་པའི་གཉིས་སུ་མེད་པའི་ཡེ་ཤེས་མཚོན་པས། རྩ་བ་མེད་པས་ཆོས་ཉིད་སྐྱེ་བ་མེད་པ་དང་། མི་རྟག་པས་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང་གློ་བུར་གྱི་དྲི་མས་མ་གོས་པ་མཚོན། ལྟོ་བ་ལྡིར་ལ་རྒྱ་ཆེ་བས་ཡེ་ཤེས་ཟབ་ཅིང་རྒྱ་ཆེ་བ་མཚོན། མགྲིན་པ་རིང་བས་ཡེ་ཤེས་གཏིང་དཔག་དཀའ་བ་མཚོན། མཆུ་འཕྱང་བས་ཐུགས་རྗེས་སེམས་ཅན་འཁོར་བ་ནས་འདྲེན་པ་མཚོན། ཞབས་ཞུམ་སྲིད་པ་འཁོར་བའི་མཐའ་ལ་མི་གནས་པ་མཚོན། ཁ་གཡེལ་བས་སེམས་ཅན་གྱི་དོན་གཉིས་སྒྲུབ་པ་མཚོན། རིན་ཆེན་ལྔས་ཡེ་ཤེས་དེས་སེམས་ཅན་གྱི་རེ་བ་སྐོང་བ་དང་། སྨན་ལྔས་སེམས་ཅན་གྱི་ཉོན་མོངས་པའི་ནད་ཞི་བར་བྱེད་པ་དང་། དྲི་ལྔས་ཡེ་ཤེས་ལྔས་སེམས་ཅན་གྱིས་འཆལ་


KMC014_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲི་མ་སེལ་བ་མཚོན། སྙིང་པོ་ལྔས་ཡེ་ཤེས་དེས་སེམས་ཅན་ཐམས་ཅད་ཟག་མེད་ཀྱི་བདེ་བ་ལ་འཁོད་པ་མཚོན། འབྲུ་ལྔས་སེམས་ཅན་གྱི་རྒྱུད་ལ་དགེ་བའི་ལོ་ཏོག་སྐྱེད་པར་བྱེད་པ་མཚོན། འབྲས་བུ་བཅས་པའི་ཤིང་ལོས་ཁ་བརྒྱན་པ་ནི་རྒྱུ་དགེ་བ་ལ་སྤྱད་པས་འབྲས་བུ་ཐར་པ་ཐོབ་པ་མཚོན། རས་དཀར་པོ་ཁ་ཚར་མ་ཉམས་པ་སྲད་བུས་ཟེ་སྲོག་ལྔ་པའི་ཚུལ་དུ་བཅིངས་པ་ནི་ཡེ་ཤེས་ལྔ་མཚོན། གཟུངས་ཐག་ནི་བླས་པའི་སྔགས་ཀྱི་ཕྲེང་བས་ཐུགས་ཀྱི་སྙིང་པོ་ཡེ་ཤེས་བསྐུལ་བ་ཉིད་མཚོན་བྱེད་ཡིན་ནོ། །མདོར་ན་བསྒྲུབ་བྱ་ནི་སྐུ་བཞི་དང་སྐུ་གསུམ་ཡིན་པས། སྒྲུབ་བྱེད་བུམ་པས་ཀྱང་དེ་ཉིད་མཚོན་ཏེ། ཕྱིའི་རྒྱན་སྣ་ཚོགས་ནི་སྤྲུལ་སྐུ། ནང་གི་རྫས་ཉེར་ལྔ་ནི་ལོངས་སྐུ། ཆུས་སུམ་གཉིས་བཀང་བ་ནི་ཆོས་སྐུ། རྡོ་རྗེའི་ལྟེ་བ་དུང་ཆོས་ཀྱི་ཆུར་ཤར་བ་ནི་ངོ་བོ་ཉིད་སྐུ་དང་། ཡང་ན་སྐུ་གསུམ་ནི། རྒྱུད་ལས། བུམ་པ་ཆུས་ནི་སུམ་གཉིས་


KMC014_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་། །སུམ་གཉིས་གཟུགས་སྐུ་གཉིས་པོ་མཚོན། །སུམ་ཆས་ཆོས་སྐུ་སྐྱེ་མེད་མཚོན། །ཞེས་གསུངས་པ་ལྟར་རོ། །དེ་ནས་སྒྲུབ་ཚུལ་དངོས་ནི། རྒྱུད་ལས། གུ་གུལ་དང་ནི་ཨ་ག་རུས། །བདུག་ཅིང་དྲི་ལྔའི་ཆུ་ཡིས་དགང་། །ཞེས་གསུངས་པ་ལྟར། གུ་གུལ་བདུག་ཅིང་། ༀ་སུམྦྷ་སོགས་ལན་གསུམ་གྱིས་བགེགས་བསྐྲད། བུམ་མཚན་གོང་གསལ་ལྟར་དགོད། མགུལ་ཆིངས་སྲད་བུ་དཀར་པོས་བཅིངས་ཏེ། ༀ་བཛྲ་ཤི་ཁ་སོགས་ལན་གསུམ་བརྗོད། སྔགས་དོན་ནི། ༀ་རབ་བསྔགས། བཛྲ་རྡོ་རྗེ། ཤི་ཁ་རེ་རྩེ་མོ། རུ་ཊ་མ་ཊ་གླགས་ལྟ། དི་ཤཱཾ་ཕྱོགས། བནྡྷ་བནྡྷ་ཆིངས་ཆིངས། ཧཱུྃ་ནི་སྐུལ་ཚིག་སྟེ། རབ་བསྔགས་རྡོ་རྗེ་རྩེ་མོས་གླགས་ལྟའི་ཕྱོགས་ཐམས་ཅད་ཆིངས་ཤིག་ཆིངས་ཤིག་ཅེས་པའོ། །དེ་ནས་ༀ་ཏཔྟེ་སོགས་ལན་གསུམ་བརྗོད་པས། ལྷ་ཡུལ་གྱི་ཆུ་བོ་ཡན་ལག་བརྒྱད་དང་ལྡན་པ་རྣམས། དལ་འགྲོ་སྟེ་མི་ཡུལ་གྱི་ཆུ་བོ་དལ་འབབ་རྣམས་སུ་བཀུག་སྟེ་


KMC014_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པའི་ཆུ་དང་དབྱེར་མེད་དུ་གྱུར་པར་བསམ་མོ། །སྔགས་དོན་ནི། ༀ་མཆོག་ཏུ། ཏཔྟེ་ཏཔྟེ་གདུང་མ་གདུང་མ། མ་ཧཱ་ཏཔྟེ་གདུང་མ་ཆེན་མོ། སྭཱ་ཧཱ་གཞི་ཚུགས་ཞེས་པ་སྟེ། མཆོག་ཏུ་གདུང་མ་བརྩེ་བས་གདུང་མ་རབ་ཏུ་གདུང་མ་ཆེན་མོས་ཉོན་མོངས་པའི་གདུང་བ་སེལ་བའི་གཞི་ཚུགས་ཞེས་པའོ། །ཞེས་པའི་སྔགས་བརྗོད་བཞིན་ལས་ཆུ་གཙང་བདུད་རྩི་ལྔ་ཡི་དྲིས་བགོས་པས་བུམ་པའི་སུམ་གཉིས་དགང་། ལྔ་ཚན་ལྔ་ཡི་རྫས་རྣམས་གཞུག་སྟེ་དེའི་མཎྜལ་ལམ་ཀུ་ཤའི་གདན་ལ་བཀོད། དེ་ནས་དུང་ཆུས་སམ་པདྨའི་སྣོད་གང་རུང་བདུད་རྩི་ལྔ་དང་ལྡན་པའི་དྲི་བཟང་གི་ཆུས་དགང་སྟེ། ༀ་བཛྲ་ཨ་མྲྀ་ཏ་སོགས་ལན་བདུན་བཟླས་ཏེ་རྣམ་རྒྱལ་གྱི་སྟེང་དུ་བཀོད། དེའི་སྟེང་དུ་རྡོ་རྗེ་མེ་ཏོག་གི་ཕྲེང་བས་བཅིངས་པ་བཞག་སྟེ་ཆུའི་ནང་དུ་འཆར་བར་བྱ། སྔགས་དོན་ནི། ༀ་མཆོག་སྦྱིན། བཛྲ་ཨ་མྲྀ་ཏ་རྡོ་རྗེ་བདུད་རྩི། ཨུ་ད་ཀ་ཆུ་སྟེ་དབྱངས་སྦྱར་


KMC014_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཧཱུྃ་ནི་སྐབས་འདིར་སྐུལ་ཚིག་སྟེ། མཆོག་སྦྱིན་རྡོ་རྗེ་བདུད་རྩིའི་ཆུར་གྱུར་ཅིག །ཅེས་པའོ། །ༀ་ཨཱཿཧཱུྃ་ནི་རྡོ་རྗེ་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབ་པའོ། །དེ་ནས་དེར་བརྟེན་པ་ལྷ་བསྐྱེད་ཚུལ་ལ། ཨཱརྱ་དེ་ཝས་ཆུ་ཉིད་ལྷར་བསྐྱེད་པར་གསུངས་པ་དང་། སློབ་དཔོན་ཨ་བྷ་ཡས་ཆུའི་ནང་དུ་པདྨའི་སྟེང་དུ་ལྷ་བསྐྱེད་པར་གསུངས་པས། འདིར་ཡང་ཕྱི་མ་ལྟར་ལཱུ་ཡི་པའི་ཁྱད་པར་གསལ་བྱེད་དུ་གསུངས་སོ། །དེ་ནས་བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་བུམ་དཀར་པོ་ལས་བྱུང་བའི་བུམ་པ་ལྟོ་བ་ཡངས་ཤིང་མཆུ་འཕྱང་མགྲིན་རིང་སོགས་མཚན་ཉིད་ཐམས་ཅད་རྫོགས་པའི་རྣམ་རྒྱལ་བུམ་པའི་ནང་ཆུའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་བུམ་པའི་མཚན་མ་དང་བཅས་པའི་སྟེང་དུ་པདྨའི་ལྟེ་བར་ཉི་མ་དང་འཇིགས་བྱེད་དུས་མཚན་དང་བཅས་པ། ཕྱོགས་ཀྱི་འདབ་མ་ལ་དབུགས་བྲལ་གྱི་གདན་དང་བཅས་པ་སོགས་སྔར་ལྟར་


KMC014_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། ལས་བུམ་གྱི་ནང་དུའང་དབུས་སུ་བུམ་མཚན་པད་ཉི་རོའི་གདན་ལ་པཾ་ལས་གྲི་གུག་པཾ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་དུམ་སྐྱེས་མ་དམར་མོ་གཞུང་གསལ་ལྟར་བསྐྱེད་པས་གྲུབ་བོ། །ལས་བུམ་གྱི་བསྟོད་པ་དབང་གི་ལས་དང་སོགས་ཀྱི་དོན་ནི། ལྷ་མོ་ཉིད་ལས་གཞི་ལས་དབང་གི་ལས་དང་། དགའ་བ་བཞི་ལས་དགའ་བྲལ་ལྷན་ཅིག་སྐྱེས་པ་དང་། རྗེས་དྲན་བཞི་ལས་ཆོས་རྗེས་སུ་དྲན་པའི་ངོ་བོ་ཡིན་པས་ན་དེ་སྐད་བྱའོ། །དེ་ནས་བདག་བསྐྱེད་ཀྱི་ཐུགས་ཀའི་འོད་ཟེར་སྔོན་པོ་སྤོས་རེང་གི་དུད་པ་ལྟ་བུ་གཟུངས་ཐག་ལ་འཁྲིལ་ཏེ་སོང་། རྩེ་མོ་མང་དུ་གྱེས་ཏེ་བུམ་ལྷ་གཙོ་འཁོར་སོ་སོའི་ཐུགས་ཀར་ཐིམ་པའི་མོད། ཡབ་ཡུམ་ཐམས་ཅད་སྙོམ་པར་ཞུགས་པའི་བྱང་སེམས་དཀར་དམར་ལས་འོད་ཟེར་རང་མདོག་འཕྲོས་པའི་མཐུས། ཡེ་ཤེས་ཀྱི་བདུད་རྩིས་བུམ་པ་ཁེངས་པར་བསམས་ལ་ཧཱུྃ་ཞེས་བརྗོད་ཅིང་ལག་གཡོན་པའི་


KMC014_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

མཐེབ་སྲིན་གྱིས་གཟུངས་ཐག་འཛིན་ལ་བསྙེན་པ་ཚང་བར་བཏང་བའི་མཐར་མེ་ཏོག་དཀར་པོ་གསུམ་དུང་ཆུས་སུ་གཞུག་སྟེ། ༀ་ཤྲཱི་ཙཀྲ་སོགས་ཀྱིས་དུང་ཆོས་ཀྱི་ཆུ་མཆོད་ཡོན་ཕུལ་བས་ལྷ་རྣམས་དངོས་འཛིན་གྱི་འདོད་ཆགས་དང་བྲལ་ཡང་འདོད་ཆགས་ཆེན་པོའི་རྣམ་པས་ཞུ་བ་ལས། བྱང་ཆུབ་སེམས་ཀྱི་ངོ་བོ་བླུགས་པའི་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམས་ལ། ༀ་བཛྲ་པུཥྤེ་སོགས་རྣམ་ལྔས་མཆོད་ལ་ཕྲིན་ལས་བཅོལ་ལོ།། ༈ །།དེ་ནས་མདུན་བསྐྱེད་ཀྱི་བསྐྱེད་རིམ་དབང་བསྐུར་རྒྱས་གདབ་སོགས་ཀྱི་བསྒོམ་རིམ་དང་གོ་དོན་རྣམས་སྔར་བཤད་པ་ལྟར་ལ། སྤྱིར་བཏང་དུ་མཆོད་པའི་རིམ་པ་མདོར་བསྡུས་ཙམ་བཤད་པ་ལ་གསུམ་སྟེ། མཆོད་པའི་རྣམ་པའི་ཁྱད་པར་བསྟན་པ་དང་། ཇི་ལྟར་འབུལ་ཚུལ་དང་། དབྱེ་བ་བསྟན་པའོ། །དང་པོ་ནི་དེ་བཞིན་གཤེགས་པའི་རྡོ་རྗེའི་རྒྱ་གཞུང་ལས། དུང་དང་། འདབ་མའི་ཀོང་བུ་དང་། ཟངས་ལ་སོགས་


KMC014_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་བྱས་པའི་ཞལ་བསིལ་དང་། བསང་གཏོར་དང་། ཞབས་བསིལ་དང་། མཆོད་ཡོན་གྱི་སྣོད་རྣམས་སུ་ནས་དང་། འོ་མ་དང་། མེ་ཏོག་དཀར་པོ། རྩ་ཀུ་ཤ་དང་ཏིལ་དཀར་པོ་དང་། བདུད་རྩི་ལྔ་ལ་སོགས་པ་བླུགས་ཏེ་ཡི་གེ་གསུམ་དང་རང་རང་གི་བདག་པོ་དང་ལས་ཐམས་ཅད་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དམ་ལན་བདུན་དུ་བསྔགས་ལ་སྣོད་རྣམས་རང་གི་གཡོན་དུ་མཉྫིའི་སྟེང་དུ་བཞག །དེའི་མདུན་དུ་བཟེད་ཞལ་ཡང་མཉྫིའི་སྟེང་དུའོ། །ཞེས་གསུངས་ལ། དེ་ཡང་སྤྱིར་བཏང་མཆོད་ཡོན་ནི་ཀ་ར་དང་། དྲི་བཟང་སོགས་བཏབ་པའི་ཆུ་བཞེས་རྒྱུ་ཡིན་ལ། ཨཱ་ཙ་མཱ་ནཾ་ནི་ཙ་མུ་ཟ་བའི་བྱིངས་ལ་སྒྲུབ་སྐབས་ཞལ་ལ་བསིལ་བ་སྐྱེད་བྱེད་ཀྱི་ཆུ་ཕལ་པ་བཞེས་རྒྱུ་ཡིན་པས་ན་ཞལ་བསིལ་ཞེས་བྱ་སྟེ། ཁ་ཅིག་ཞལ་བཤལ་བྱེད་ཡིན་པར་ཡང་འདོད་དོ། །པྲོཀྵ་ཎཾ་ནི་ལོ་ཙཱ་སྔ་མས་འཐོར་འཐུང་དུ་བསྒྱུར་ཡང་འཐུང་བའི་སྐད་དོད་མེད་པས་


KMC014_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བསངས་གཏོར་ཏེ། སྐུ་ལ་ཉེས་གྲིབ་མི་མངའ་ཡང་མཆོད་པ་པོའི་ཉེས་གྲིབ་སེལ་ཕྱིར་སྐུ་ལ་ཆུ་གཙང་གིས་བསངས་གཏོར་འབུལ་བ་དང་། སྐུ་ལ་བསིལ་བ་སྐྱེད་ཕྱིར་ཆུས་བྲན་པའོ། །པཱ་དྱཾ་ནི་ཞབས་བསིལ་ཏེ་ཞབས་གཉིས་བཀྲུ་བྱེད་ཡིན་ལ། པུཥྤཾ་སྟེ་ཆུ་དང་ཐང་ལས་སྐྱེས་པའི་མེ་ཏོག་སྣ་ཚོགས། དྷཱུ་པཾ་སྟེ་དུ་རུཥྐ་དང་ཙནྡན་སོགས་དྲི་བཟང་པོ་ཅན་གྱི་བདུག་སྤོས། ཨ་ལོ་ཀཾ་སྟེ་འབྲུ་མར་རྩི་མར་ལས་བྱུང་བའི་སྣང་གསལ། གནྡཾ་སྟེ་ག་པུར་དང་ཙནྡན་དྲི་བཟང་སོགས་བཏབ་པའི་སྤོས་ཆུ་ཐུགས་ཀར་བྱུགས་པའི་དྲི་ཆབ། ནཻ་ཝི་དྱཾ་སྟེ་དཀར་གསུམ་མངར་གསུམ་སོགས་ཁ་ཟས་སྣ་ཚོགས་པ་སྤུངས་པའམ་ཡོངས་གྲགས་ལྟར་བཅོས་པའི་ཞལ་ཟས། ཤཔྡཾ་སྟེ་ཌཱ་དྲིལ་སིལ་ཁྲོལ་པི་ཝང་གླིང་བུ་སོགས་རོལ་མོའི་རྣམ་པ་མང་པོའི་སྒྲ་རྣམས་འབུལ་བའོ། །གཉིས་པ་འབུལ་ཚུལ་ལའང་། མཆོད་ཡོན་དང་ཞལ་བསིལ་ཞལ། བསངས་གཏོར་སྐུ་ལུས་ལ། ཞབས་བསིལ་


KMC014_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ། མེ་ཏོག་དབུ་ལ། བདུག་སྤོས་ཤངས། མར་མེ་སྤྱན། ཞལ་ཟས་ལྗགས། དྲི་ཆབ་ནི་ཐུགས་ཀར། རོལ་མོ་སྙན་ལ་འབུལ་བའོ། །གསུམ་པ་དབྱེ་བ་ནི། ཐུན་མོང་ཕྱིའི་མཆོད་པ། ཁྱད་པར་ནང་གི་མཆོད་པ། གསང་བ་བླ་མེད་ཀྱི་མཆོད་པ། ཡང་གསང་དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་བཞི་སྟེ། མདོར་དྲིལ་ན་ཀུན་རྫོབ་བརྡའི་མཆོད་པ་དང་། དོན་དམ་རྣམ་པར་མི་རྟོག་པའི་མཆོད་པ་དང་གཉིས་སུ་དེ་དག་འདུས་པ་ཡིན་ནོ། །དེ་ནས་མཆོད་པ་དངོས་འབུལ་བ་ལ། དང་པོ་མཆོད་པ་བྱིན་རླབས་བྱ་བ་ནི། བསང་སྦྱང་སྔོན་དུ་འགྲོ་བས། མཆོད་པའི་དངོས་འཛིན་གྱི་དྲི་མ་ཐམས་ཅད་སྟོང་པར་སྦྱང་། སྟོང་པ་དེའི་ངང་ལས་ཨ་ལས་ཐོད་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མཆོད་ཡོན་ཞལ་བསིལ་སོགས་མཆོད་པའི་བྱེ་བྲག་ཐམས་ཅད་རྒྱུ་དྭངས་ཤིང་ཡིད་དུ་འོང་བ། ཡིད་ལ་ཇི་ལྟར་བསམས་པ་བཞིན་སྐད་ཅིག་ཙམ་གྱིས་ཐོགས་པ་མེད་པར་


KMC014_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྨོན་ལམ་དང་རྣམ་ཐར་ལས་བྱུང་བ་ཇི་བཞིན་དུ་མཆོད་པའི་སྤྲིན་རབ་འབྱམས་ནམ་མཁའི་མཐའ་དང་མཉམ་པ་དཔའ་བོ་དང་རྣལ་འབྱོར་མ་རྣམས་དགྱེས་པ་སྐྱེད་པའི་རང་བཞིན་དུ་གྱུར་པར་བསམས་ལ། ༀ་བཛྲ་ཨཱརྒྷཾ་སོགས་ཀྱིས་བྱིན་གྱིས་བརླབ་པར་བྱ་སྟེ། ཐམས་ཅད་ཀྱི་མགོར་ༀ་དང་། མཐར་ཨཱཿཧཱུྃ་སྦྱར་བ་ནི་མཆོད་པ་རྣམས་རྒྱལ་བ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱིས་བླ་ན་མེད་པའི་མཆོད་པར་བྱིན་གྱིས་བརླབ་པ་སྟེ། ཚིག་གྲོགས་ལ་ལྟོས་ན་ཐམས་ཅད་ཀྱི་མཐར་རྣམ་དབྱེ་གཉིས་པའི་ཨཾ་བྱིན་ཏེ་སྔགས་ཀྱི་མཐའ་རྟེན་སྐུལ་ཚིག་དང་འབྲེལ་ཚེ། མཆོད་ཡོན་དུ་གྱུར་ཅིག་ཅེས་པ་སྟེ་གཞན་ལའང་འགྲེའོ། །བྱིན་རླབས་ཀྱི་སྐབས་སུ་ནི་མཐར་སེ་གོལ་མི་བྱ་སྟེ། སེ་གོལ་ཏོག་པ་ནི་ཕྱག་རྒྱ་བཅིངས་པ་སླར་བཀྲོལ་བ་ཡིན་པས་སོ། །དེ་ནས་དང་པོ་ཕྱི་མཆོད་ལ་ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་རོལ་མོ་དང་


KMC014_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་འབུལ་བ་ནི། མཆོག་ཏུ་གཙང་ཞིང་སོགས་ཏེ། ཡན་ལག་བརྒྱད་ལྡན་ནི། འདུལ་བ་ལུང་ལས། བསིལ་དང་ཞིམ་དང་ཡངས་དང་འཇམ། །དྭངས་ལ་དྲི་མ་མེད་པ་དང་། །འཐུང་ན་ལྟོ་བར་བྱམས་པ་དང་། །མགྲིན་པར་མི་གནོད་བདེ་བ་སྟེ། །ཆུ་བོ་ཡན་ལག་བརྒྱད་ལྡན་ནོ། །ཞེས་སོ། །དེ་ནས་རྣམ་ལྔ་འདོད་སྐོར་སྔོན་དུ་འགྲོ་བས་རྡོར་ཐལ་ཁ་ཕྱེ་བས། འབུལ་སྔགས་ༀ་ཤྲཱི་ཙཀྲ་སམྦ་ར། དཔལ་འཁོར་ལོ་སྡོམ་པ། སརྦ་བཱི་ར་ཡོ་གི་ནི། དཔའ་བོ་དང་རྣལ་འབྱོར་མ་རྣམས། བཛྲ་ཨཱརྒྷཾ་རྡོ་རྗེའི་མཆོད་ཡོན། པྲ་ཏཱིཙྪ་སོ་སོར་བཞེས་ཤིག །པཱུ་ཛ་མེ་གྷ་མཆོད་པའི་སྤྲིན། ས་མུ་དྲ་རྒྱ་མཚོ། སྥ་ར་ཎ་འཕྲོ་བ། ས་མ་ཡེ་ཧཱུྃ་མ་འདའ་ཞིག །སྭཱ་ཧཱ་གཞི་ཚུགས་ཞེས་པའོ། །དེ་ནས་ཨཱ་ཙ་མ་ནཾ་ཏེ་ཞལ་བསིལ་དང་། པྲོཀྵ་ཎཾ་སྟེ་བསང་གཏོར་གཉིས་ཀྱི་སྔགས་རྒྱ་ལ་ཕལ་ཆེར་གྱིས་སྦར་སྟངས་འདྲ་བ་གཉིས་བྱ་བ་ལས་ཚད་ལྡན་གྱི་གནད་སློང་བ་ཉུང་སྟེ། དེ་བཞིན་


KMC014_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་རྡོ་རྗེའི་རྒྱ་གཞུང་ལས། དང་པོ་གཡོན་པའི་ཞལ་བསིལ་གྱི་ཆུ་གཡས་པའི་ཁུ་ཚུར་གྱི་མཐེ་བོ་དང་མཛུབ་མོའི་སྐམ་པས་མེ་ཏོག་བཟུང་ལ། དེའི་བཟེད་ཞལ་དུ་ཁ་ཐུར་དུ་བསྟན་པའི་ཁུ་ཚུར་གྱིས་ཞལ་བསིལ་བའི་ཆེད་དུ་མཆོད་བྱའི་ཕྱག་ཏུ་མཐེའུ་ཆུང་ལ་སོགས་པ་རིམ་གྱིས་བརྐྱང་ཞིང་དབུལ་ལོ། །ཞེས་དང་། དེ་ཉིད་ཀྱི་ཆུ་གཡས་པའི་ཁུ་ཚུར་གྱི་མཐེ་བོ་དང་མཛུབ་མོའི་སྐམ་པས་མེ་ཏོག་བཟུང་ལ་རོལ་པས་སོར་མོ་རྣམས་བསྐོར་ཞིང་མཛུབ་མོ་ལ་སོགས་པའི་སོར་མོ་རྣམས་རིམ་གྱིས་བསྐྱངས་ཏེ་འབུལ་ལོ། །ཞེས་གསུངས་པ་ལྟར་དང་པོ་ལག་གཡོན་པའི་ཞལ་བསིལ་གྱི་ཆུ་སྣོད་སྟེང་། གཡས་པའི་ཐལ་མོ་གཡོན་སྐོར་གྱིས་ཁུ་ཚུར་མཐེབ་མཛུབ་སྦྱར་བས་མེ་ཏོག་སྟེ་ཆུ་ཐིག་བླངས་ཏེ་ཁུ་ཚུར་ཐུར་བསྟན་གྱིས་མཐེའུ་ཆུང་སྲིན་ལག་གུང་མོ་རྣམས་རིམ་པར་བརྐྱངས་ཏེ་འབུལ་ཚུལ་དང་། གཉིས་པ་ལ་ཆུ་སྣོད་ཀྱི་སྟེང་དུ་ཐལ་མོ་གཡས་སྐོར་གྱིས་ཁུ་


KMC014_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཚུར་མཐེབ་མཛུབ་སྦྱར་བས་ཆུ་ཐིག་བླངས་ཏེ་ཁུ་ཚུར་གྱེན་བསྟན་གྱིས་གུང་མོ་སྲིན་ལག་མཐེའུ་ཆུང་རྣམས་རིམ་པར་བསྐྱངས་ཏེ་བསང་གཏོར་གྱི་ཚུལ་བྱའོ། །རྣམ་པ་ཙམ་དུ་འདིའི་རྒྱ་ཡོངས་གྲགས་ལ་མཚུངས་ཀྱང་ཞིབ་པར་མཛུབ་མོ་བརྐྱང་ཚུལ་དང་ཁུ་ཚུར་སྦུབ་བཀན་གྱི་གནད་ཕྲའུ་ཙམ་གྱིས་ཁྱད་པར་ཆེའོ། །དེ་ནས་པཱ་དྱཾ་ནི་ཞབས་བསིལ་ཏེ་དེ་དག་ལ་ཆུ་བཞི་ཞེས་བྱའོ། །དེ་ནས་ཉེར་སྤྱོད་ལྔ་དང་རོལ་མོ་འབུལ་བ་བཅས་ཀྱི་སྔགས་རྒྱ་ཡོངས་གྲགས་ལྟར་ལ་འབུལ་ཚིག་རྣམས་ཀྱང་གོ་སླའོ། །དེ་ནས་ནང་གི་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་འབུལ་བའི་གོ་དོན་ཅུང་ཟད་སྤྲོ་ན། ཡང་དག་དགའ་བའི་མེ་ཏོག་ནི་རིགས་ལྡན་མའི་པདྨ་སྟེ། སམྦུ་ཊ་ལས། བུ་མོ་གསང་བའི་མཁའ་ཡི་ཁམས། །མེ་ཏོག་ཅེས་པར་མངོན་བརྗོད་བྱ། །ཞེས་དང་། རྡོ་རྗེ་ཉི་མ་ནི་བྱང་སེམས་སྟེ། རྡོ་རྗེ་མཁའ་འགྲོ་ལས། ཉི་མ་བྱང་ཆུབ་ཀྱི་སེམས་ཏེ། །གསལ་བར་བྱང་


KMC014_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་ལ་ནི། །རྡོ་རྗེ་ཉི་མ་ཞེས་བྱར་བརྗོད། །ཅེས་གསུངས་པ་ལྟར། དང་པོ་མེ་ཏོག་འབུལ་བ་ནི། ཡང་དག་བདེ་ཆེན་དགའ་བ་བཞི་འབྱུང་བའི་རྐྱེན་རིགས་ལྡན་མའི་པདྨའི་ཟེའུ་འབྲུའི་མེ་ཏོག་གིས། རྡོ་རྗེ་ཉི་མ་སྟེ་བྱང་སེམས་པདྨོར་བྱུང་བའི་བདེ་ཆེན་མཆོག་གི་མེ་ཏོག་གི་མཆོད་པ་ཡང་། མི་འགྱུར་བདེ་བ་ཆེན་པོའི་གནས་བརྙེས་པས་མེ་ཏོག་གི་བདག་ཉིད་དེ་ཤེས་རབ་སྙེམ་མའི་དབང་ཕྱུག་ཏུ་གྱུར་པ་བཅོམ་ལྡན་དཔའ་བོའི་དབང་ཕྱུག་ལ་མཆོད་པ་ནི། རྡོ་རྗེ་གསུམ་གྱི་དགྱེས་པ་སྐྱེད་པར་བྱེད་པ་དམ་ཚིག་མཆོག་གི་མཆོད་པ་བླ་ན་མེད་པའོ། །གཉིས་པ་བདུག་སྤོས་ནི། དེའང་ཀུན་རྫོབ་བརྡའི་མཆོད་པ་གཟུང་འཛིན་རྣམ་པར་རྟོག་པའི་ཚོགས་ཀྱི་སྤྱོད་ཡུལ་ཙམ་མིན་ཅིང་། ལྟེ་བར་གཏུམ་མོའི་ངོ་བོ་ཨ་ཐུང་གི་མེ་རབ་ཏུ་སྦར་བ་ཡིས་ནི། ཐ་མལ་པའི་རྩ་ཁམས་སྙིགས་མ་ཐམས་ཅད་དང་། གསང་བའི་ཕྲག་དོག་གི་ངོ་བོ་ཨཱཿ ལྟེ་བའི་ང་རྒྱལ་གྱི་ངོ་བོ་ཏྲཱཾ།


KMC014_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གའི་ཞེ་སྡང་གི་ངོ་བོ་ཧཱུྃ། མགྲིན་པའི་འདོད་ཆགས་ཀྱི་ངོ་བོ་ཧྲཱིཿ སྤྱི་བོའི་གཏི་མུག་གི་ངོ་བོ་ༀ་ཡིག་རྣམས་ངེས་པར་བསྲེགས་ཏེ། ཐབས་ཀྱི་ངོ་བོ་ཧཾ་ཡིག་བཞུས་པས་བསྲེག་བཞུའི་ལམ་ནས་འཕོ་མེད་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཉམས་སུ་མྱོང་བ་དེ་ནི་འཕོ་མེད་རྡོ་རྗེའི་བདུག་སྤོས་ཡིན་པས། རྒྱལ་བ་ཀུན་གྱི་ཐུགས་ཀྱི་རྡོ་རྗེའི་ངོ་བོ་བཅོམ་ལྡན་འདས་ལ་དབུལ་བར་བྱའོ། །གསུམ་པ་མར་མེ་ནི། ཐབས་ཡབ་ཀྱི་རྡོ་རྗེ་ཡི་གེ་ཧཱུྃ་ལས་ཡང་དག་པར་སྐྱེས་པའི་ནོར་བུའི་བུ་གར་སྔགས་ཀྱི་ཡི་གེ་བྱ་སེར་པོ་དང་ཤེས་རབ་ཡུམ་གྱི་མཁར་རྒྱ་ཡིག་དམར་པོ་འོད་ཟེར་འབར་བ་ཤིན་ཏུ་གསལ་བར་བསྒོམས་པས་ཐ་མལ་པའི་དབང་པོའི་སྒོ་བཀག་ཏེ། རྟོག་པ་མེད་པའི་ཚུལ་གྱིས་འཕོ་མེད་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བས། མཚོན་བྱེད་དཔེའི་ཡེ་ཤེས་ལ་བརྟེན་ཏེ་མཚོན་བྱ་དོན་གྱི་འོད་གསལ་གྱི་མར་མེ་རྒྱུན་ཆད་མེད་པར་འབར་བ་ནི་ཡང་


KMC014_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དག་བདེ་ཆེན་གྱི་འོད་གསལ་ཡིན་པས། བཅོམ་ལྡན་ཐུགས་ཀྱི་རྡོ་རྗེ་ལ་དབུལ་བར་བྱའོ། །ཞེས་པ་སྟེ་ཤེར་དབང་དུ་འབྱུང་བ་ལྟར་རོ། །བཞི་པ་དྲི་ཆབ་ནི། རང་བྱུང་ལྷན་སྐྱེས་བདེ་བ་ཆེན་པོའི་གཞི་ལ་གནས་པ་ཤེས་རབ་མའི་པདྨར། ཐབས་ཀུནྡ་བྱང་ཆུབ་ཀྱི་སེམས་ནི་དབབ་ཏེ་བདེ་བ་སད་པར་གྱུར་པ་དང་། སླར་རྡོ་རྗེའི་ལམ་ནས་གྱེན་དུ་དྲངས་ཏེ་ཐིག་ལེ་དབབ་ལྡོག་གི་རྣལ་འབྱོར་དེ་ཁོ་ན་ཉིད་ཀྱིས་ཀྱང་བྱང་སེམས་རྩའི་གནས་ཐམས་ཅད་དུ་དགྲམ་པར་བྱས་པའི་བྱུགས་པའི་ཁྱད་པར་དག་ཀྱང་ཐུགས་ཀྱི་རྡོ་རྗེ་དཔལ་འཁོར་ལོ་སྡོམ་པ་ལ་དབུལ་བར་བྱའོ། །ལྔ་པ་ཞལ་ཟས་ནི། འདིར་ནི་ཡུལ་འདོད་པའི་ཡོན་ཏན་ལྔ་གང་དང་གང་ལོངས་སྤྱོད་པ་ཐམས་ཅད། བདག་རྐྱེན་དབང་པོ་ལྔ་པོ་ཐམས་ཅད་ལ་ཡང་དག་པར་བརྟེན་པས། དེ་དག་གིས་སྤྱོད་ཡུལ་དུ་གྱུར་པ་ཐམས་ཅད་ཀྱང་ཐུགས་ཀྱི་རྡོ་རྗེ་བཅོམ་ལྡན་འདས་ལ་བཟའ་བའི་སྣོད་དུ་ལེགས་པར་བཤམས་


KMC014_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་མཆོད་པར་བྱའོ། །དྲུག་པ་སྒྲའི་མཆོད་པ་ནི། རྣམ་པ་ལྷ་ཡབ་ཡུམ་དུ་གསལ་བ་ལྷའི་འདུ་ཤེས། མཁའ་གསང་གཉིས་པདྨ་དང་རྡོ་རྗེ་སྔགས་ཀྱི་ཡི་གེ་དང་བཅས་པར་ཤེས་པ་སྔགས་ཀྱི་འདུ་ཤེས། ཐབས་འདིས་བདེ་བ་ཆེན་པོའི་ཡེ་ཤེས་བསྒྲུབ་པར་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ་འདུ་ཤེས་གསུམ་དང་མ་བྲལ་བར་རྡོ་རྗེ་དང་པདྨ་ཡང་དག་སྦྱར་ཏེ་སྙོམས་པར་ཞུགས་པ་ལ་སོགས་པའི་རིམ་པ་ལས་བྱུང་བའི་རྣལ་འབྱོར་པ་ཡི་མི་ཤིགས་ཟག་མེད་བདེ་བའི་སྒྲ་ཡི་མཆོད་པ་ཡང་བཅོམ་ལྡན་ཐུགས་ཀྱི་རྡོ་རྗེ་ལ་དབུལ་བར་བྱའོ། །ཞེས་པའོ། །དེ་ནས་ཕྱི་མཆོད་རིག་མ་བཅུ་དྲུག་པོ་ཐམས་ཅད་ཞལ་གཅིག་ཕྱག་བཞི་མ་ཁོ་ན་ཡིན་ལ། སོ་སོའི་ཁ་དོག་དང་ཕྱག་མཚན་ནི་གཞུང་དུ་གསལ་བར་འབྱུང་བས་སྨོས་མ་དགོས་སོ། །མཆོད་སྔགས་རྣམས་ཀྱང་རིམ་པ་ལྟར་བཛྲ་བཱི་ནི་སྟེ་རྡོ་རྗེ་པི་ཝང་མ། དེ་བཞིན་ཝཾ་ཤེ་གླིང་བུ་མ། མྲྀ་དཾ་གེ་རྔ་ཟླུམ་མ། མུ་ར་ཛེ་རྫ་


KMC014_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་མ། ཧ་སྱེ་བཞད་པ་མ། ལཱ་སྱེ་སྒེག་མོ་མ། གཱི་ཏེ་གླུ་མ། ནྲྀ་ཏྱེ་གར་མ། པུཥྤེ་མེ་ཏོག་མ། དྷཱུ་པེ་བདུག་སྤོས་མ། དཱི་པེ་མར་མེ་མ། གནྡྷེ་དྲི་ཆབ་མ་སྟེ་དེ་དག་གི་དབྱངས་མཐའ་ཐམས་ཅད་ཨེར་འགྱུར་བའི་དོན་ནི་བོད་པའི་དོན་དུ་སི་བྱིན་པ་སྟེ། ཧཱུྃ་ཧཱུྃ་ཕཊ་རྣམས་སྐབས་འདིར་སྨོན་པ་སྤྲིང་སྐུལ་གྱི་ཚིག་དང་འབྲེལ་བས་རབ་བསྔགས་རྡོ་རྗེ་པི་ཝང་མ་ཀྱེ་མཆོད་པར་མཛོད་ཅིག་སྟེ་ཕྱི་མ་ཀུན་ལའང་དེས་བསྒྲེའོ། །རཱུ་པ་བཛྲཱི་ནི་གཟུགས་ཀྱི་རྡོ་རྗེ་མ། དེ་བཞིན་ཏུ་ར་ས་རོ། །སྤཪྴེ་རེག་བྱ། དྷརྨ་དྷ་ཏུ་ཆོས་དབྱིངས་རྡོ་རྗེ་མ་སྟེ་དེ་དག་གི་མཐར་བཛྲཱི་ཞེས་འབྱུང་བ་ནི་དེ་ཕན་གྱི་ལྡན་རྐྱེན་ཨཱནྡ་བྱིན་པ་ཡིན་པས་ན་གཟུགས་ཀྱི་རྡོ་རྗེ་ཅན་དུ་གྱིས་ཤིག་ཅེས་པ་སྟེ་ཕྱི་མ་གསུམ་ལའང་དེ་ལྟར་རོ། །དེ་ནས་ཕྱི་མཆོད་འདོད་ཡོན་ལྔ་འབུལ་བ་ནི། ཚིག་དོན་གཞན་གོ་སླ། སྒྲའི་དབྱེ་བ་ལ་ཟིན་དང་མ་ཟིན་ཅེས་པ་ནི། ཇི་སྐད་དུ། སྒྲ་ལ་ཟིན་དང་མ་ཟིན་དང་། ལུང་དུ་སྟོན་དང་མི་


KMC014_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་དང་། ཡིད་མི་འོང་ལྔས་དབྱེ་བས་བརྒྱད། ཅེས་པ་ལྟར། ཟིན་པ་སེམས་ལྡན་གྱི་སྒྲ་དང་། མ་ཟིན་པ་འབྱུང་བའི་སྒྲ་དང་གཉིས། དེ་གཉིས་ཀ་ལའང་ལུང་དུ་སྟོན་པ་དོན་གོ་བྱ་ཡོད་པ་དང་མི་སྟོན་པ་དོན་གོ་བྱ་མེད་པ་སྟེ་དབྱེ་བ་བཞིའོ། །ཟིན་པའི་སྒྲ་ལའང་། ཡིད་དུ་འོང་བ་ཆོས་བཤད་པ་ལྟ་བུ། མི་འོང་བ་ངུ་བ་ལྟ་བུ། སྙན་པ་གླུ་ལེན་པ་ལྟ་བུ། མ་སྙན་པ་བསྡིགས་བསྡུང་བྱེད་པ་ལྟ་བུ། དེ་བཞིན་མ་ཟིན་པ་ལའང་། སྤྲུལ་པས་ལུང་སྟོན་པ་ལྟ་བུ་ཡིད་དུ་འོང་བ། མི་འོང་བ་དེ་ངུ་བ་ལྟ་བུ། སྙན་པའི་སྒྲ་རླུང་གིས་བསྐྱོད་པའི་དྲིལ་སྒྲ་ལྟ་བུ། མི་སྙན་པ་བྲག་རལ་བ་ལྟ་བུ་དང་བརྒྱད་ཡོད་པ་ལས་བླ་མེད་ཀྱི་སྐབས་འདིར་ཟིན་དང་མ་ཟིན་གཉིས་ཀའི་སྒྲའི་ཁྱད་པར་སྙན་དང་མི་སྙན་སྣ་ཚོགས་པའི་སྒྲའོ། །དྲི་ཡི་རྣམ་པ་ལའང་དྲི་ཞིམ་པ་དང་ང་བ་གཉིས། དེ་ལའང་ལྷན་སྐྱེས་ཀྱི་དྲི་ག་པུར་ལྟ་བུ། ཡོངས་སུ་གྱུར་པ་ཆང་གི་དྲི་ལྟ་བུ། སྦྱར་བ་སྤོས་ཀྱི་རེང་བུ་ལྟ་


KMC014_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །རོའི་ཁྱད་པར་རྣམ་པ་དྲུག་ཅེས་པ་ནི། མངར་བ་ཀ་ར་ལྟ་བུ། སྐྱུར་བ་སྟར་བུ་ལྟ་བུ། ལན་ཚྭ་ཚྭ་རིགས་ལྟ་བུ། ཁ་བ་ཏིཀྟ་ལྟ་བུ། ཚ་བ་པི་ལིང་ལྟ་བུ། བསྐ་བ་ཨ་རུ་ར་ལྟ་བུ་དང་གྲོང་ཚིག་ལ་ཁ་དབྲི་ཟེར། དྲུག་གོ །སོ་སོའི་འབུལ་སྔགས་ༀ་ཤྲཱི་ཙཀྲ་སོགས་སྔར་དང་འདྲ་ལ། ཀཱ་མ་གུ་ཎ་ནི་འདོད་པའི་ཡོན་ཏན། བཛྲ་པཱུ་ཛི་ཏི་ནི་རྡོ་རྗེའི་མཆོད་པ། ཨཱཿཧཱུྃ་ནི་བྱིན་གྱིས་བརླབ་པ་དང་། སྭཱ་ཧཱ་ནི་གཞི་ཚུགས་ཞེས་པའོ། །འདོད་པའི་ཡོན་ཏན་ཞེས་པ་ནི། འགྲོ་བ་ཐམས་ཅད་ཀྱིས་འདོད་ཅིང་དོན་དུ་གཉེར་བྱའི་གཙོ་བོ་ཡིན་པས་འདོད་པ་དང་། དེའི་སྒོ་ནས་ཚོགས་བསགས་ན་ཐར་པའི་ས་བོན་ཡང་སྟེར་པའི་ཡོན་ཏན་དང་ལྡན་པས་ན་ཡོན་ཏན་ནོ། །དེ་ནས་ནང་མཆོད་འབུལ་བ་གོ་སླ་ལ། གསང་མཆོད་འབུལ་བ་ནི། གཞན་འཕྲུལ་དབང་བྱེད་དུ་ལྟ་བ། འཕྲུལ་དགར་དགོད་པ། དགའ་ལྡན་དུ་ལག་བཅངས་དང་། སུམ་ཅུ་རྩ་གསུམ་པ་མན་ཆད་འཁྱུད་པ་དང་གཉིས་


KMC014_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོད་སོགས་ཐ་མལ་པའི་འདོད་ཆགས་དག་པའི་ཕྱིར་རྒྱུད་སྡེ་བཞིར་སློབ་དཔོན་གསང་བ་ཤེས་རབ་ཡེ་ཤེས་བཞི་ཡི་དབང་བསྐུར་གསུངས་པ་སྟེ། བརྟག་གཉིས་ལས། དབང་ནི་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །དགོད་པ་དག་པ་སློབ་དཔོན་ཉིད། །ལྟ་བ་གསང་བ་དེ་བཞིན་ནོ། །ལག་བཅངས་པ་ཡིས་ཤེས་རབ་ཉིད། །གཉིས་གཉིས་འཁྱུད་པ་དེ་བཞིན་ནོ། །སེམས་ཅན་རྣམས་ཀྱི་དངོས་གྲུབ་ཕྱིར། །དབང་ནི་རྣམ་པ་བཞི་རུ་བཤད། །ཅེས་གསུངས་པ་ལྟར་དབང་བཞི་ལ་བརྟེན་པའི་དགའ་བཞིའི་གསང་མཆོད་ཕུལ་བས། ཡང་དག་ལྷན་སྐྱེས་བདེ་ཆེན་ཡེ་ཤེས་ཀྱི་དབང་བསྐུར་བར་ནི་འགྱུར་བ་དང་། རྒྱུད་རྣམས་ཀུན་གྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པར་ཤོག་ཅིག །ཅེས་སོ། །སྔགས་ༀ་སརྦ་ཏ་ཐཱ་ག་ཏ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཨ་ནུ་རཱ་ག་ཎ་རྗེས་སུ་ཆགས་པའི་བཛྲ་སྭ་བྷ་བ་རྡོ་རྗེའི་རང་བཞིན་དུ་


KMC014_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པའི་ཨཱཏྨ་ཀོ྅ཧཾ་བདག་ཉིད་ངའོ། །ཞེས་སོ། །དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། འདི་ལྟར་སྣང་བའི་ཆོས་ཀུན་གདོད་ནས་རང་བཞིན་མེད་པར་ཤེས་པའི་གནས་ལ་གོམ་པས། ལྷ་ཡི་སྙིང་པོ་སྟེ་ཆོས་སྐུ་སྐྱེ་བ་མེད་པའི་དོན་རྩེ་གཅིག་ཏུ་སྒོམ་པར་བྱེད་པ་དེ་ནི། རྒྱལ་བ་སྲས་བཅས་མཆོག་ཏུ་དགྱེས་པར་བྱེད་པའི་མཆོད་པ་ཆེན་པོར་འདོད་པའི་ཕྱིར་ན། སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་མཐར་ཐུག་རང་བཞིན་འོད་གསལ་ཆོས་ཀྱི་སྐུ་ཉིད་བདག་གིས་རྟོགས་པར་བྱེད་པའོ། །ཞེས་སོ། །དེ་ནས་རྟགས་ཀྱི་བསྟོད་པ་ཆོས་ཀྱི་སྐུ་ལ་སོགས་བསྟོད་པ་རྣམས་ཀྱི་དོན་ནི་གོ་སླ་བས་མ་སྤྲོས་ལ། ཛཔ་བཟླས་ཀྱི་རིམ་པ་སོགས་གོང་དུ་ཇི་སྐད་བཤད་པ་ལྟར་ལ་སླར་ཟློས་མ་དགོས་སོ། །དེ་ནས་ཕྱི་རོལ་དུ་གཏོར་མ་གཏོང་བའི་དོན་ནི། ཕྱོགས་སྐྱོང་རྣམས་གདོན་གྱི་གཙོ་བོ་ཡིན་པས་དེ་དག་གི་འཁོར་དུ་དཔེར་ན་སྟོན་ཆེན་མོ་ཁྲོམ་འཚོགས་པ་ལྟར་འབྱུང་པོ་ཡི་དྭགས་མི་


KMC014_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་སོགས་མང་དུ་ཡོད་པས། དམན་པའི་རིགས་ནང་དུ་འོང་བར་མི་ནུས་པ་དང་། འོངས་ཀྱང་གསང་སྤྱོད་ལ་ལྟ་བར་མི་དབང་བས་ཕྱི་རོལ་དུ་བྱ་བར་གསུངས་པས་ན་འདི་ཁོ་ནར་མ་ཟད་རྒྱུད་སྡེ་གཞན་ལའང་འདི་བཞིན་བྱ་བར་གསུངས་པས། གལ་ཏེ་ནང་དུ་བྱ་ནའང་དཀྱིལ་འཁོར་ཐམས་ཅད་ཡོལ་བས་གཡོགས་པར་བྱའོ། །སྔགས་དོན་རྣམས་ཨིནྡྲ་དབང་པོ། ས་པ་རི་བཱ་རཱ་ན་འཁོར་དང་བཅས་པ་རྣམས། ཨ་ཀཪྵ་ཡ་ཛཿ ཁུག་ཅིག །དེ་བཞིན་དུ། ཡ་མ་གཤིན་རྗེ། བཱ་རུ་ཎ་ཆུ་ལྷ། ཀུ་བེ་ར་ལུས་ངན། མ་ཧཱ་བྷུ་ཏ་འབྱུང་པོ་ཆེན་པོ། ཨཱགྣི་མེ་ལྷ། རཱཀྵ་སྲིན་པོ། བཱ་ཡུ་དེ་བ་ཏཱ་རླུང་ལྷ། ཙནྡྲ་ཟླ་བ། སཱུརྱ་ཉི་མ། བྲ་ཧྨ་ཚངས་པ། ཨ་དེ་བ་ལྷ་མིན། བེ་མ་ཙི་ཏྲི་ཐགས་བཟང་རིས། པྲྀ་ཐི་ཝཱི་དེ་བ་ཏཱ་སའི་ལྷ་མོ། འབྲུ་བཞིས་དགུག་གཞུག་བཅིངས་ཏེ་དབང་དུ་བྱས་ལ། སཾ་ཏྲི་སྟཱཿཡང་དག་པར་ཚིམས་པར། སརྦ་དེ་བ་ཏཱ་ལྷ་ཐམས་ཅད་ཉིད་དེ་


KMC014_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོའི་སྐད་དོད་སྔོན་དུ་བཞག་པས། ལྷ་ཐམས་ཅད་ཡང་དག་པར་ཚིམས་པར་མཛོད། ཅེས་སོ། །སཱ་དྷ་ཀ་སྱ་སྒྲུབ་པ་པོའི། ཤཱནྟིཾ་ཞི་བའི་ལས་མཛོད། པུཥྚིཾ་ཀུ་རུ་རྒྱས་པའི་ལས་མཛོད། སརྦ་ཀརྻ་ནྟུ་ཕྲིན་ལས་ཐམས་ཅད་མཛོད། སིདྡྷིཪྦྷ་བ་ཏུ་དངོས་གྲུབ་ཐམས་ཅད་མཛོད། ཡ་ཐཱ་ཇི་ལྟར། སུ་ཁཾ་བདེ་བ་དང་། སུ་ཁཻཿབདེ་བས་སྟེ་དོན་འགྱུར་ལྟར་ན་བདེ་བ་དང་བདེ་བས་འཚོ་བའི་དངོས་གྲུབ་ཇི་ལྟར་བསམ་པ་ལྟར་གྱུར་ཅིག་ཅེས་པ་སྟེ་བདེ་བ་དང་པོ་ནི་མངོན་མཐོ་ལྷ་མིའི་བདེ་བ་དང་གཉིས་པ་ནི་ངེས་ལེགས་ཐར་པའི་བདེ་བའོ། །དེ་དག་ནི་སྤྱན་འདྲེན་དང་འདོད་གསོལ་གྱི་སྔགས་སོ། །ༀ་ད་ཤ་དིག་ཕྱོགས་བཅུའི། ལོ་ཀ་པཱ་ལ་འཇིག་རྟེན་སྐྱོང་བ། ས་པ་རི་བཱ་ར་འཁོར་དང་བཅས་པ། ཨཱརྒྷཾ་སོགས་དང་། ༀ་ཁ་ཁ་སོགས་སྔར་ལྟར་ལ། འཇིག་རྟེན་པ་རྣམས་གཤེགས་ཟིན་པ་དང་ཙོག་པུར་བསྡད་ལ་ལག་པ་གཉིས་པུས་མོའི་ནང་དུ་སོན་པར་བྱས་ལ། གཡོན་པས་


KMC014_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བཟང་གི་ཆུ་ཐོགས་ཏེ། ལག་གཡས་པའི་གུང་མོ་དང་མིང་མེད་ཅུང་ཟད་བསྐུམས་པས་ཆུ་ལ་རེག་སྟེ་དེས་མཆུ་ལ་བྱབས་པའི་ཚུལ་ལན་གསུམ་བྱས་ཏེ། རྣ་བའི་བུག་པ་གཉིས། མིག་གཉིས། སྣ་བུག་གཉིས། ལག་པ། ལྟོ་བ། མགོ་བོ་བཅས་ལ་ལན་གསུམ་དུ་ཉེ་རེག་བྱའོ། །འདིར་མཛུབ་མོ་ལ་མིང་མེད་ཅེས་བརྗོད་པ་ནི་སོར་མོ་གཞན་རྣམས་ལ་མཐེ་བོང་གུང་མོ་སྲིན་ལག་མཐེའུ་ཆུང་ཞེས་མིང་སོ་སོར་ཡོད་ཀྱང་མཛུབ་མོ་ལ་མིང་དེ་ཀ་ལས་མེད་པས་སོ། །ཉེ་རེག་ཅེས་པ་ནི་དོན་དུ་ཁྲུས་བྱ་བའི་མིང་ངོ་། །དེ་ནས་སུམྦྷ་ནི་བརྗོད་བཞིན་སློབ་དཔོན་གྱིས་སྲུང་དམིགས་དང་བཅས་རྟིང་མནན་ཏེ་ནང་དུ་བྱོན་ལ་དཀྱིལ་འཁོར་ལ་བསྐོར་བ་དངོས་སམ་ཡིད་ཀྱིས་བྱས་ནུབ་ཀྱི་སྒོར་གཡས་བརྐྱང་གི་སྟབས་ཀྱིས་ལག་པ་གཉིས་ཁུ་ཚུར་བཀན་ལ་གུང་མཛུབ་བརྐྱང་པ་བསྣོལ་ཐབས་སུ་བཞག་པ་སོ་སོར་བསྐྱེད་དེ་དཀྱིལ་འཁོར་གྱི་སྒོ་དབྱེ་བར་བསམས་


KMC014_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ༀ་བཛྲ་རྡོ་རྗེ། ཨུདྒྷ་ཊ་དབྱེ་བའི། ས་མ་ཡ་དམ་ཚིག །པྲ་བེ་ཤ་ཡ་ཧཱུྃ་རབ་ཏུ་འབེབས་པར་མཛོད་ཅིག །ཅེས་པའི་སྔགས་ཚར་བཞི་བརྗོད་རིམ་ལྟར། ལྷོ་ནས་བྱང་། བྱང་ནས་ལྷོ། ཤར་ནས་ནུབ་ཀྱི་སྒོ་ཕྱེས་ལ། དེ་ནས་མེ་ཏོག་གི་ཕྲེང་བ་ཐོགས་སྟེ། སྔགས་ༀ་པ་ར་མ་སུ་ཁ་མཆོག་གི་བདེ་བ། ཨཱ་ཤ་ཡ་བསམ་པ་ལ། སུ་ལ་ལིས་ལེགས་པར་རོལ་པ། བི་ལཱ་ས་ནཱ་རྣམ་པར་སྒེག་པས། ན་མ་ཏི་ཕྱག་བྱེད་དོ། །ན་མ་ཏེ་ཕྱག་བྱ་བ། ན་མཱ་མི་ཕྱག་བགྱིའོ་སྟེ་ལུས་ངག་ཡིད་གསུམ་གྱིས་ཕྱག་བགྱི་བའི་དོན་ཏོ། །བྷ་ག་ཝནྟཾ་བཅོམ་ལྡན་འདས། ཛཿཧཱུྃ་བཾ་ཧོཿབཞིས་དབྱེར་མེད་དུ་བསྟིམ་པ། ཧི་ཐུང་ངུ་ནི་ངེས་པར་ལ་འཇུག་པས་དེ་ཉིད་ཡང་ཡང་བརྣན་པའི་དོན་དང་། ཧྲཱི་རིང་པོ་ནི་སྐྱོ་བའི་དོན་ལ་འཇུག་པས་གདུང་བས་གསོལ་བ་གདབ་པ། པྲ་ཏཱིཙྪ་སོ་སོར། ཀུ་སུ་མ་མེ་ཏོག །ཨཱཉྫ་ལི་ཐལ་མོའམ་སྙིམས་པ། ནཱ་ཐ་མགོན་པོ། ཧོཿདགྱེས་པ་སྟེ་སྙིམས་པའི་མེ་ཏོག་མགོན་


KMC014_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

པོས་སོ་སོར་དགྱེས་པར་བཞེས་ཤིག །ཅེས་བརྗོད་ལ་མེ་ཏོག་དཀྱིལ་འཁོར་དུ་དོར། སླར་ཡང་མེ་ཏོག་གི་ཕྲེང་བས་དབང་བསྐུར་བར་མོས་ལ། མེ་ཏོག་དངོས་སམ་འབྲུ་སྤྱི་བོར་བཞག་ལ་དེ་རིང་འགྲོ་བ་ཀུན་ལ་སོགས་ཀྱིས་གསོལ་བ་གདབ་ལ་གདན་དུ་བཞུགས་པར་བྱའོ།། ༈ །།དེ་ནས་བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བ་ནི་རྡོ་རྗེ་ཐེག་པའི་ལམ་གྱི་གཞི་རྟེན་ནམ་རྨངས་ལྟ་བུ་ཡིན་པས། དེ་ལའང་ལྔ་སྟེ། དབང་གི་ངོ་བོ། སྒྲ་དོན། དབྱེ་བ། མ་བསྐུར་བའི་ཉེས་དམིགས། བསྐུར་བའི་ཕན་ཡོན་དང་ལྔ་སྟེ། དང་པོ་ནི། གསང་སྔགས་ཀྱི་ཆོ་ག་རྣམ་པར་དག་པ་ལ་བརྟེན་ཏེ་གཞི་དུས་ཀྱི་ཕུང་ཁམས་སྐྱེ་མཆེད་ལ་འབྲས་བུ་སྐུ་བཞིའི་ས་བོན་ཁྱད་པར་ཅན་གདབ་པའི་སྒོ་ནས་རྒྱུད་ཡོངས་སུ་སྨིན་པར་བྱེད་པའོ། །གཉིས་པ་ངེས་ཚིག་ནི། ཨ་བྷི་ཥིཉྩ་ནི་མངོན་པར་དབང་བར་བྱེད་པ་སྟེ། དབང་བཞིས་རིམ་པ་བཞིན་དུ། བསྐྱེད་


KMC014_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

རིམ། གཏུམ་མོ། ཤེར་ཡེ། ཕྱག་རྒྱ་ཆེན་པོ་རྣམས་བསྒོམ་པ་ལ་དབང་བར་བྱེད་པས་ན་དབང་སྟེ། དཔེར་ན་རྒྱལ་པོའི་གོ་སར་དབང་བསྐུར་བས་རྒྱལ་པོའི་བྱ་བ་ལ་དབང་བ་ལྟར་ཏེ། ཟུང་འཇུག་གསལ་བ་ལས། དབང་བསྐུར་བ་དེ་དག་གིས་སྔགས་དང་རྒྱུད་ཉན་པ་དང་སྔགས་སྒྲུབ་པ་དབང་བར་འགྱུར་རོ། །ཞེས་གསུངས་པ་ལྟར་དང་། ཡང་ན་ཨ་བྷི་ཥིཉྩའི་སྒྲ་གཏོར་བླུགས་ལ་འཇུག་པས། གནས་སྐབས་བཞིའི་སྒྲིབ་པ་གཏོར་ཏེ། ཡེ་ཤེས་ཀྱི་ནུས་པ་རྒྱུད་ལ་འཇོག་པར་བྱེད་པའི་ཕྱིར་བླུགས་པ་སྟེ། བརྟག་གཉིས་ལས། གཏོར་དང་བླུགས་པ་ཞེས་བྱ་བ། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་དབྱེ་བ་ནི། དང་པོ་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ་རྒྱུའི་དབང་། བར་དུ་སྨིན་པ་ཉམས་སུ་ལེན་པ་ལམ་གྱི་དབང་། མཐར་བླངས་པའི་འབྲས་བུ་མཆོག་ཐོབ་པ་འབྲས་བུའི་དབང་དང་གསུམ་སྟེ། རིན་ཆེན་ཕྲེང་བའི་རྒྱུད་ལས། རྒྱུ་


KMC014_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དབང་ནི་བླ་མས་བསྐུར། །ལམ་གྱི་དབང་ནི་རང་གིས་ལེན། །འབྲས་བུའི་དབང་ནི་མཐར་ཐུག་ཐོབ། །ཅེས་གསུངས་པ་ལྟར་རོ། །བཞི་པ་དབང་མ་ཐོབ་པའི་ཉེས་དམིགས་ནི། ཕྱག་ཆེན་ཐིག་ལེ་ལས། དབང་མ་ཐོབ་པར་དངོས་གྲུབ་མེད། །བྱེ་མ་བཙིར་ན་མར་མི་འབྱུང་། །མཁའ་ལ་ཁུ་ཚུར་གྱིས་བརྟེན་དང་། །སྨིག་རྒྱུའི་ཆུ་ལ་བཏུང་དང་མཚུངས། །ཞེས་གསུངས་སོ། །དྲུག་པ་ཐོབ་པའི་ཕན་ཡོན་ནི། སློབ་དཔོན་ནག་པོ་པས། དབང་བསྐུར་འདི་དག་ཐོབ་ནས་ནི། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སངས་རྒྱས་ཀུན་གྱིས་རབ་ཏུ་མཆོད། །མཚམས་མེད་པ་དང་སྡིག་ཅན་ཡང་། །ཚོན་རྩི་མཐོང་བས་གྲོལ་བར་འགྱུར། །ཞེས་གསུངས་སོ། །དེ་ནས་དཀྱིལ་འཁོར་བཞི་ལ་བརྟེན་ཏེ་དབང་དངོས་ལ་འཇུག་པའི་ཐོག་མར་ཁྲུས་དང་མཎྜལ་དྲི་བ་དྲིས་ལན་རྣམས་ཀྱི་ཚིག་དོན་གོ་སླ་ལ། མིག་དར་འཆིང་སྔགས་ཙཀྵུཪྦནྡ་ཝ་ར་མཱ་ན་ཡེ་ཧཱུྃ། མིག་


KMC014_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བཅིངས་བར་བགྱིའོ། །ཞེས་དང་། ཨཱ་ཁཾ་བཱི་ར་ཧཱུྃ་ནི། ཀུན་ཏུ་ནམ་མཁའི་མེ་ཏོག་སྩོལ། །ཅེས་པའོ། །དེ་ནས་གསོལ་གདབ་དང་ཡན་ལག་ལྔ་པ་བྱ། བདག་ཉིད་ཧེ་རུ་ཀར་གསལ་སོགས་ཀྱིས་ལག་གཡས་རྡོ་རྗེ་མེ་ཏོག་དང་བཅས་སྙིང་གར་བཞག་ལ། ༀ་སརྦ་ཐམས་ཅད། ཡོ་ག་རྣལ་འབྱོར་དུ། ཙིཏྟཾ་སེམས། ཨུཏྤ་དཱ་ཡཱ་མི། བསྐྱེད་པར་བགྱིའོ། །ༀ་སུ་ར་ཏེ་རབ་ཏུ་དགའ་བའི། ས་མ་ཡ་སྟྭཾ་དམ་ཚིག་ལ་སྤྱོད། ཧོཿདགྱེས་པར་བཞུགས་ཤིག །སིདྡྷི་བཛྲ། གྲུབ་པའི་རྡོ་རྗེ། ཡ་ཐ་ཇི་ལྟ་བ། སུ་ནི་བདེ་བ། ཁཾ་ནི་སྟོང་པ་སྟེ་བདེ་སྟོང་གཉིས་སུ་མེད་པར་བརྟན་པར་བྱ་བའོ། །དེ་ནས་རིགས་ལྔའི་སྡོམ་བཟུང་། སངས་རྒྱས་སྲས་བཅས་སོགས་གཞན་གོ་སླ་ལ། སངས་རྒྱས་ཀྱི་རིགས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་ཏུ། རྒྱུ་མི་དགེ་བ་ལས་ལྡོག་པ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། ལམ་དགེ་བ་ལ་འཇུག་པ་དགེ་བའི་ཆོས་མཐའ་དག་སྡུད་པའི་ཚུལ་ཁྲིམས། འབྲས་བུ་


KMC014_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དོན་བྱེད་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་བཟུང་བ་དང་། བླ་ན་མེད་པའི་དཀོན་མཆོག་གསུམ་ནམ་དུ་ཡང་མི་སྤོང་བའོ། །རྡོ་རྗེའི་རིགས་མི་བསྐྱོད་པའི་དམ་ཚིག་ཏུ། རྡོ་རྗེའི་དེ་ཉིད་བྱང་ཆུབ་ཀྱི་སེམས་དང་། དྲིལ་བུའི་དེ་ཉིད་ཤེས་རབ་ཀྱི་ཆོས་སྟོན་པ་དང་། ཕྱག་རྒྱའི་དེ་ཁོ་ན་ཉིད་ལྷའི་རང་བཞིན་བསྟན་པ་དང་གསུམ་མི་འབྲལ་བ་དང་། དེ་བཞིན་སློབ་དཔོན་གྱི་བྱ་བ་དབང་བསྐུར་བ་ཡང་བཟུང་བར་བྱའོ། །རིན་ཆེན་རིགས་རིན་ཆེན་འབྱུང་ལྡན་གྱི་དམ་ཚིག་ཏུ། ཉིན་རེ་བཞིན་དུ་དུས་དྲུག་ཏུ་སྦྱིན་པ་རྣམ་བཞི་སྟེ། ཟང་ཟིང་ནོར་གྱི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་དང་། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་། སེམས་ཅན་དམན་ལ་བྱམས་པའི་སྦྱིན་པ་རྣམས་རྟག་པར་སྦྱིན་པར་བྱའོ། །བྱང་ཆུབ་ཆེན་པོ་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཡིན་ལ། དེ་ལས་བྱུང་བའི་པདྨའི་རིགས་ཆེན་དག་པ་སྟེ་སྣང་བ་མཐའ་ཡས་ཀྱི་དམ་ཚིག་ཏུ། ཕྱི་


KMC014_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ཐེག་པ་དང་། ནང་བྱ་སྤྱོད་རྣལ་འབྱོར་གྱི་ཐེག་པ་དང་། གསང་བ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་ཐེག་པ་སྟེ། དེ་དག་ལས་གསུང་པའི་དམ་པའི་ཆོས་མཐའ་དག་བཟུང་བའོ། །ལས་ཀྱི་རིགས་དོན་ཡོད་གྲུབ་པའི་དམ་ཚིག་ཏུ། ཕྱི་ནང་གི་སྡོམ་པ་ཐམས་ཅད་དང་ལྡན་པར་བྱ་བ་དང་། ཕྱི་ནང་གསང་བའི་མཆོད་པའི་ལས་ཀྱང་ཅི་ནུས་སུ་བྱ་བ་དང་། ཁྱད་པར་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་དམ་པ་བདག་གིས་བསྐྱེད་ནས། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར་དུ་བདག་གིས་སྡོམ་པ་མ་ལུས་པ་བཟུང་སྟེ། མ་རྒལ་བ་སྟེ་ཉན་ཐོས་ནི་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་དང་ལྡན་པས་དེ་ལས་བསྒྲལ་བར་བགྱིའོ། །མ་གྲོལ་པ་སྟེ་ཚངས་པ་དང་དབང་ཕྱུག་ལ་སོགས་པ་རྟག་ཆད་ཀྱི་ལམ་ལས་བདག་གིས་དགྲོལ་བར་བྱའོ། །དབུགས་མ་ཕྱིན་པ་སྟེ་དམྱལ་སོགས་ངན་སོང་གི་འགྲོ་བ་རྣམས་སྡུག་བསྔལ་ལས་བདག་གིས་


KMC014_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་དབྱུང་ཞིང་། མདོར་ན་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པ་འགོད་པར་བྱའོ་ཞེས་ལན་གསུམ་གྱིས་ཐེག་ཆེན་གྱི་སྡོམ་པ་བཟུང་བའོ། །དེ་ནས་གནས་གསུམ་དུ་དྲིའི་ཐིག་ལེ་བྱ་ཞིང་། སྤྱི་བོར་ཟླ་སྟེང་སོགས་ཀྱི་ཚིག་དོན་གཉིས་ཀ་གོ་སླ་ལ། ཕྱག་བྱ་བའི་སྔགས། ༀ་ན་མ་ཏེ་ཧཱུྃ། ཁྱོད་ལ་ཕྱག་འཚལ་ལོ། །ན་མ་མི་ཧཱུྃ་ཕྱག་བགྱིའོ། །ན་མོ་ན་མ་ཧཱུྃ་ཕྱག་འཚལ་ཞིང་འདུད་དོ། །ཞེས་སོ། །དེ་ནས་སྐྱབས་འགྲོ་དང་སེམས་བསྐྱེད་པ་དམ་ཚིག་བསྒྲགས་པ་དམ་ཆུ་སྦྱིན་པ་རྣམས་དཀྱུས་ལྟར་གོ་དོན་སླ་བས་མ་སྤྲོས། བཛྲ་ཨུ་ད་ཀ་ཋཿནི་རྡོ་རྗེའི་ཆུའོ། །དེ་ནས་ཡེ་ཤེས་པ་དབབ་པའི་ཆེད་དུ་གསོལ་གདབ་ལན་གསུམ་གྱི་མཐར། བདག་ཉིད་སྐད་ཅིག་གིས་དཔལ་འཁོར་ལོ་སྡོམ་པའི་སྐུ་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གསལ་གདབ་ལ། སྤྱི་བོའི་རྩ་འཁོར་དབུས་སུ་ཧཾ་དཀར་པོ། མགྲིན་པའི་རྩ་འཁོར་དབུས་སུ་


KMC014_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་དཀར་པོ། སྙིང་གའི་རྩ་འཁོར་དབུས་སུ་ཧཱུྃ་སྔོན་པོ། ལྟེ་བའི་རྩ་འཁོར་དབུས་སུ་ཨཾ་དམར་པོ་གསུམ་གསལ་བར་བསྒོམ། དེ་ནས་སྲོག་རྩོལ་གྱི་སྦྱོར་བས་ཨཾ་ལས་ཡེ་ཤེས་ཀྱི་མེ་འབར་སྙིང་གའི་ཧཱུྃ་དང་མགྲིན་པའི་ༀ་བསྲེགས་ཏེ་སྤྱི་བོའི་ཧཾ་ཡིག་ལ་རེག་པས་བདུད་རྩིའི་རྒྱུན་བབས་པས་ལུས་ལ་ཟག་མེད་ཀྱི་བདེ་བ་རབ་ཏུ་སྐྱེས་པར་བསམས་ལ། ཡི་གེ་བདུན་པའི་མཐར། འབེབས་སྔགས་ཛྙཱ་ན་ཡེ་ཤེས། ཨཱ་བེ་ཤ་ཡ་ཕོབ་ཅིག །ཨ་དང་པོས་དམ་ཚིག་པ། གཉིས་པས་ཡེ་ཤེས་པ། གསུམ་པས་དབྱེར་མེད་དུ་བསྟིམ་པ། ཧྲཱིཿཡིས་བྱིན་གྱིས་བརླབ་པ། བཾ་གྱིས་མི་ཉམས་པར་བཅིངས་པའོ། །ཏིཥྛ་མ་ཧཱ་ཀྲོ་དྷ་རབ་ཏུ་བརྟན་པའི་ཁྲོ་བོ་ཆེན་པོ། ཨ་བེ་ཤ་ཡ་ཧཱུྃ་ཕོབ་ཅིག །ཤྲཱི་ཧེ་རུ་ཀཱ་ཡ། དཔལ་ཁྲག་འཐུང་གི་ཆེད་དུ། བིདྨ་ཧེ་གཟིགས་པ་ཆེན་པོ། བིདྱཱ་རཱ་ཛ་ཡ་རིག་པའི་རྒྱལ་པོ། དྷཱི་མ་ཧེ་བློ་གྲོས་ཆེན་པོ། སྭཱ་ཧཱ་སྦྱིན་པར་མཛོད། ཅེས་ལན་མང་དུ་བརྗོད་ལ་རོལ་མོ་འཁྲོལ།


KMC014_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དབབ་པའི་བདུག་རྫས་ཀྱང་། རྒྱུད་ལས། བདུད་རྩི་ལྔ་དང་བྱི་ལའི་བྲུན། །གུ་གུལ་བུད་མེད་གོས་ཀྱི་མཐའ། །པདྨའི་སྣོད་དུ་བཞག་ནས་སུ། །དུར་ཁྲོད་མེ་ལ་བདུག་ནས་སུ། །རྐང་པ་གཡོན་བརྐྱང་ལ་གནས་པས། །གཉིས་མེད་གསང་སྔགས་བཟླས་བྱས་ན། །སྐད་ཅིག་ཉིད་ལ་ཡང་དག་འཇུག །ཅེས་གསུངས་སོ། །ཕེབས་ནས་རྡོ་རྗེ་མགོར་བཞག་སྟེ། ཏིཥྛ་བཛྲ་སྟེ་རབ་ཏུ་བརྟན་པའི་རྡོ་རྗེ་དང་། པྲ་ཏཱིཙྪ་བཛྲ་ཧོཿ བཞེས་ཤིག་དགྱེས་པའི་རྡོ་རྗེའོ། །དེ་ནས་མིག་དར་བཀྲོལ་བའི་སྔགས། བཛྲ་ནེ་ཏྲ་རྡོ་རྗེའི་མིག །ཨ་བ་ཧཱ་ར་སྒྲིབ་པས་འཕྲོག་པ། པ་ཊ་སོལ་ཅིག །ལམ་ནི་སྤྱན་མའི་ས་བོན་དང་ཧྲཱིཿནི་སྤྱན་གཟིགས་སོ། །དེ་ནས་དབང་བསྐུར་བ་དངོས་ལ་འཇུག་པའི་ཐོག་མར་མཎྜལ་ཕུལ་ཏེ་གསོལ་བ་གདབ་པ་ནི། ཇི་ལྟར་སྔོན་གྱི་འདས་པའི་སངས་རྒྱས་འཁོར་བ་འཇིགས་ལ་སོགས་པའི་རྒྱལ་བ་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་


KMC014_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་བརྙེས་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་གྱུར་པས་ན་བྱང་ཆུབ་རྡོ་རྗེ་སྟེ། དེ་དག་གིས་ད་ལྟར་བྱུང་བའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་མཆོད་ཆེན་ཏེ་མཆོག་ཏུ་དགྱེས་པ་སྐྱེད་པར་བྱེད་པའི་འཕོ་མེད་དོན་གྱི་ཡེ་ཤེས་ཀྱི་དབང་མཆོག་བསྐུར་བའི་མཆོད་པ་ཆེན་པོ་ཇི་ལྟར་སྩལ་བ་ལྟར། ལམ་ཟབ་མོར་འཇུག་འདོད་ཀྱི་བློ་ཅན་བདག་ཀྱང་འཁོར་བའི་འཇིགས་པ་ལས་སྐྱོབ་པའི་དོན་གྱི་ཕྱིར་དུ་བརྩེ་བས་རྗེས་སུ་དགོངས་ཏེ། ནམ་མཁའི་རྡོ་རྗེ་སྟེ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དབང་བསྐུར་མཆོག་དེ་དེང་འདིར་བདག་ལ་སྩོལ་ཅིག །ཅེས་སོ། །དེ་ནས་དང་པོ་རིག་པའི་དབང་ལྔ་བསྐུར་བ་ལ། མ་རིག་པའི་དྲི་མ་འཁྲུད་པའི་ཕྱིར་དུ་མི་བསྐྱོད་པའི་ངོ་བོ་ཆུའི་དབང་ནི། བསང་སྦྱང་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་སོགས་གཞུང་གསལ་གྱི་ཚིག་རིས་རྣམས་ནི་གོ་སླ་ལ། ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེས་མངོན་པར་དབང་


KMC014_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་དུ་གསོལ་ཞེས་པ་སྟེ། དེ་བཞིན་དུ་རཏྣ་རིན་ཆེན། པདྨ་ཆུ་སྐྱེས། ཀརྨ་ལས། བུདྡྷ་སངས་རྒྱས། བཛྲ་རྡོ་རྗེ། ཨུ་ད་ཀ་ཆུ་ཡིས། ཨ་བྷི་ཥིཉྩི་ཧཱུྃ་མངོན་པར་དབང་བསྐུར་དུ་གསོལ། སུ་ར་ཏ་སྟྭཾ་རབ་ཏུ་དགའ་བར་བཞུགས་པ། ཨ་ཧཾ་ངའོ། །དབང་ལྷ་སློབ་མ་ལ་ཐིམ་སོགས་གོ་སླའོ། །དེ་ནས་གཉིས་པ་སངས་རྒྱས་ལྔ་རིགས་བདག་གི་ཚུལ་དུ་རྒྱས་འདེབས་པའི་ཕྱིར་དང་གཙུག་ཏོར་གྱི་མཚན་སྐྱེད་ནུས་པའི་ཆེད་དུ་རིན་ཆེན་འབྱུང་ལྡན་ཅོད་པན་གྱི་དབང་ནི། དབང་ཚིག་གཞུང་གསལ་ལྟར། སྔགས་ལས་མུ་ཀུ་ཊ་ཅོད་པན་ཏེ་གཞན་རྣམས་སྔར་དང་འདྲ། གསུམ་པ་དེ་ཁོ་ན་ཉིད་དང་དབྱེར་མེད་པའི་ཡེ་ཤེས་སྐྱེ་བའི་ནུས་པ་ཅན་དུ་སྒྲུབ་པའི་ཆེད་དུ་སྣང་བ་མཐའ་ཡས་རྡོ་རྗེའི་དབང་བསྐུར་བའི་སྔགས་དོན་གོང་གསལ་ལྟར་རོ། །བཞི་པ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་འབྱུང་བའི་བདག་པོ་ཆོས་ཀྱི་དོན་རྟོགས་པར་བྱ་བའི་ཆེད་དུ་


KMC014_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུའི་དབང་བསྐུར་བའི་སྔགས་དོན། ༀ་བཛྲ་རྡོ་རྗེའི། ཨ་དྷི་པ་ཏི་སྟྭཾ་བདག་ཉིད་ཀྱིས། ཨ་བྷི་ཥིཉྩ་མཾ་ནི་མངོན་པར་དབང་བསྐུར་བགྱིའོ། །ཏིཥྛ་བཛྲ་བརྟན་པའི་རྡོ་རྗེ། ས་མ་ཡ་སྟྭཾ་དམ་ཚིག་ལ་ཞུགས། གཞན་གོང་དང་འདྲའོ། །ལྔ་པ་མ་འོངས་པར་འཚང་རྒྱ་བའི་མཚན་གྱི་ས་བོན་འགོད་པའི་ཆེད་དུ་རྣམ་པར་སྣང་མཛད་ཀྱི་ངོ་བོ་མིང་གི་དབང་བསྐུར་བའི་སྔགས་དོན། ༀ་བཛྲ་ས ཏྭ་སྟྭཾ་རྡོ་རྗེ་སེམས་དཔའ་ཉིད་ཀྱིས། ཨ་བྷི་ཥིཉྩ་མི་ནི་གོང་དང་འདྲ་ལ། བཛྲ་ནཱ་མ་རྡོ་རྗེའི་མིང་དབང་། ཨ་བྷི་ཥེ་ཀ་ཏ་མངོན་པར་བསྐུར་བའོ། །དེ་དག་གི་བྱེད་ལས་ནི་གཞུང་གསལ་ལྟར། ཆུའི་དབང་གིས་ཉོན་མོངས་པ་ཞེ་སྡང་དག །རྣམ་ཤེས་ཀྱི་ཕུང་པོ་གནས་འགྱུར་བས་མེ་ལོང་ཡེ་ཤེས་མངོན་དུ་བྱེད་པའི་ས་བོན་རྒྱུད་ལ་བཞག །ཅོད་པན་གྱི་དབང་གིས་ཉོན་མོངས་ང་རྒྱལ་དང་སེར་སྣ་དག །ཚོར་ཕུང་གནས་གྱུར་མཉམ་ཉིད་ཡེ་ཤེས་མངོན་དུ་བྱེད་པའི་


KMC014_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་བཞག །རྡོ་རྗེའི་དབང་གིས་ཉོན་མོངས་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་གནས་གྱུར་སོར་རྟོགས་ཡེ་ཤེས་མངོན་དུ་བྱེད་པའི་ས་བོན་རྒྱུད་ལ་བཞག །དྲིལ་བུའི་དབང་གིས་ཉོན་མོངས་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར་བྱ་གྲུབ་ཡེ་ཤེས་མངོན་དུ་བྱེད་པའི་ས་བོན་རྒྱུད་ལ་བཞག །མིང་དབང་གིས་ཉོན་མོངས་གཏི་མུག་དག །གཟུགས་ཕུང་གནས་གྱུར་ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱེད་པའི་ས་བོན་རྒྱུད་ལ་བཞག་པའོ། །མདོར་ན་དབང་འདི་དག་གིས་སྤང་བྱ་མ་རིག་པའི་ཉོན་མོངས་པ་ལྔ་དག་ནས། ཐོབ་བྱ་རིག་པ་ཡེ་ཤེས་ལྔ་ཐོབ་པར་བྱེད་པས་ན་རིག་པའི་དབང་ལྔ་ཞེས་བྱའོ། །དེ་ནས་ཕྱི་རོལ་གྱི་བརྟུལ་ཞུགས་སྤང་བའི་ཕྱིར་བརྟུལ་ཞུགས་སྦྱིན་པ་ལ་གཉིས་སྟེ། རྟག་ཏུ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བའི། དང་པོ་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པ་ནི། པད་ཟླའི་གདན་ལ་སོགས་ཀྱི་སྔགས་བརྗོད་བཞིན་རྡོ་རྗེ་


KMC014_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་གསོར་ཏེ་སྙིང་གར་བཟུང་། སྔགས་དོན་ༀ་སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། སིདྡྷི་དངོས་གྲུབ། བཛྲ་ས་མ་ཡ་རྡོ་རྗེའི་དམ་ཚིག་ལ། ཏིཥྛ་གནས་པ། ཨེ་ཥ་སྟྭཾ་འདི་ཉིད། དྷཱ་ར་ཡ་མི་ཧཱི་བཟུང་བར་བགྱིའོ། །ཧི་ཡིག་ནི་ངེས་བཟུང་ལ་འཇུག་པས་ལན་བཞིར་འབྱུང་བ་ནི་ཡང་ནས་ཡང་དུ་ངེས་པར་བཟུང་བའི་དོན་ཏོ། །ཧཱུྃ་ཡིག་ནི་རྡོ་རྗེ་སེམས་དཔའི་ས་བོན་ནོ། །གཉིས་པ་སྔགས་ཀྱི་སྤྱོད་པ་སྤྱད་པའི་ཕྱིར་བརྟུལ་ཞུགས་སྦྱིན་པ་ནི། བསང་སྦྱང་སྔོན་དུ་འགྲོ་བས། སློབ་མ་དབང་རྫས་སོགས་བརྗོད་ལ། ལག་གཡས་སུ་ཅང་ཏེའུ་གཡོན་དུ་ཐོད་པ་གྲུ་མོར་ཁ་ཊྭཱཾ་ག་ཚངས་སྐུད་སེ་རལ་ཁར་བྱིན་ནོ། །དེ་ལྟར་དཔལ་ཧེ་རུ་ཀའི་ཕྱག་རྒྱ་དེ་དག་ལའང་ཕྱི་ནང་གཉིས་ཏེ། ཕྱི་ལྟར་ན་ཁ་ཊྭཱཾ་ག་སྟེ་དབང་པོའི་དབྱུག་པ་དང་ནང་ལྟར་ན་ལྷའི་སྐུ་ཐབས་བདེ་བ་ཆེན་པོའོ། །ཕྱི་ལྟར་ན་ཌཱ་མ་རུ་སྟེ་ནང་ལྟར་ན་ཤེས་རབ་སྟོང་པ་ཉིད་དོ། །ཕྱི་ལྟར་ན་


KMC014_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་པ་སྟེ་ནང་ལྟར་ན་གོང་གི་བདེ་བ་དང་སྟོང་པ་གཉིས་གཅིག་ཏུ་འདུས་པའི་ཟག་མེད་ཀྱི་བདེ་བ་སྐྱོང་བའོ། །ཕྱི་ལྟར་ན་ཚངས་སྐུད་དེ་ཕྱི་རོལ་པའི་བྲམ་ཟེ་རྣམས་ཀྱིས་ཚངས་པ་མཆོད་པའི་ཚེ་སེ་རལ་ཁར་ཐོགས་པས་ན་མཆོད་ཕྱིར་ཐོགས་སམ་ཚངས་སྐུད་ཅེས་གྲགས་པས་མིའི་རྒྱུས་པ་བསྒྲིལ་བའི་སྐུད་པ། ནང་ལྟར་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དོན་མཚོན་པའོ། །དེ་ནས་སངས་རྒྱས་ཀྱི་མཚན་གྱི་ནུས་པ་རྒྱུད་ལ་བཞག་པ་ལས་མི་འདའ་བར་ས་འོག་ས་སྟེང་མཐོ་རིས་ཏེ་ལྷའི་གནས་རྣམས་སུ་རྣམ་པར་རྒྱལ་བར་འགྱུར་ཞེས་གཟེངས་བསྟོད་པའི་ཕྱིར་དང་པོ་ལུང་བསྟན་པ་ནི། ཨ་བ་དྷཱུ་ཏིའི་དབང་གི་བྱ་བ་མདོར་བསྡུས་ལས། ལག་པ་གཡོན་པས་ཆོས་གོས་ཀྱི་གྲྭ་སྙིང་གར་བཟུང་ལ། གཡས་པས་མི་འཇིགས་པའི་ཕྱག་རྒྱ་བཅིངས། སློབ་མ་གང་གི་རིགས་དེའི་གཟུགས་དམིགས་པ་དེ་ལ་ལུང་བསྟན་པར་བྱ། ཞེས་དང་། ནག་པོ་པའི་


KMC014_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་ལས། གཡོན་པ་ཡིས་ནི་ཆོས་གོས་བཟུང་། །གཡས་ཀྱིས་མི་འཇིགས་དབུགས་འབྱིན་པ། །ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ། །ཞེས་གསུངས་པ་ལྟར་ཀུན་མཁྱེན་དྷརྨཱ་ཀ་རའི་ཞལ་ནས། ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟར་འཛིན་ཞེས་པ་ལ། ད་ལྟ་རྣ་བ་གཉིས་ཀྱི་གཟུགས་ལྟར་འཛིན་པར་འདུག་ཀྱང་། དེ་ལྟར་མི་དགོས་ཏེ་སྔོན་བཅོམ་ལྡན་འདས་ཀྱིས་ལུང་བསྟན་མཛད་པའི་སྐབས་ཆོས་གོས་ཀྱི་གྲྭ་གཡོན་པའི་ཕྱག་གིས་གདེང་སྟབས་སུ་འཛིན་ཅིང་། གཡས་མི་འཇིགས་པའི་ཕྱག་རྒྱ་མཛད་དེ་ལུང་བསྟན་མཛད་པ་དཔེར་བཞག་པ་ཡིན་ལ། ཁ་ཅིག་སེང་གེའི་རྣ་བ་ཡིན་ཟེར་བའི་དག་སྦྱོར་ཡང་དོན་ཆུང་ཞེས་གསུངས་སོ། །བདེ་མཆོག་གི་རྒྱ་གཞུང་རྣམས་སུའང་དེ་བཞིན་གཤེགས་པའི་སྤྱོད་ལམ་གྱི་ཚུལ་བྱས་ཏེ་སོགས་གོང་དང་འདྲ་བར་གསུངས་པ་ལས་རྡོ་དྲིལ་འཛིན་དགོས་པ་གང་དུ་མི་འབྱུང་བའི་ཕྱིར། གནད་དོན་མཁྱེན་པའི་བླ་མ་འགས་


KMC014_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་སྐབས་སུའང་འདི་དུས་ཞྭ་བཞེས་པར་མི་མཛད་པ་ནི་དེ་བཞིན་གཤེགས་པ་དབུ་ཞྭ་དང་རྡོ་དྲིལ་ཅན་མེད་པའི་ཕྱིར་རོ། །དེ་ནས་འདི་ལྟར་ངས་ནི་སོགས་ཀྱིས་ལུང་སྟོན་པ་སྟེ། ཤྲཱི་ཧེ་རུ་ཀ་ཏེ་དཔལ་ཁྲག་འཐུང་། ནཱ་མ་ཞེས་བྱ་བ། ཏ་ཐཱ་ག་ཏ་སིདྡྷི་དེ་བཞིན་གཤེགས་པ་གྲུབ་པའི། ས་མ་ཡ་སྟྭཾ་དམ་ཚིག་ལ་བཞུགས་ཤིག །བྷུར་ཏེ་ས་སྟེང་། བྷུ་ཝཿསྟེ་ས་འོག །སྭཿནི་མཐོ་རིས་ཏེ་དེ་གསུམ་ལས་རྣམ་པར་རྒྱལ་བར་གཟེངས་བསྟོད་པའོ། །དེ་ནས་སངས་རྒྱས་ཐོབ་པའི་ནུས་པ་བཞག་པ་ལ་སྤྲོ་བ་བསྐྱེད་དེ་དབུགས་དབྱུང་བ་ནི། ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ་ལ་མངའ་དབང་སྒྱུར་བའི་དཔལ་དང་ལྡན་པའི་ཡོན་ཏན་མཐའ་དག་འབྱུང་བའི་གནས། ལོག་འདྲེན་བདུད་ཚོགས་ཀུན་ལས་རྣམ་པར་རྒྱལ་ཞིང་། ཡང་དག་ཐར་པ་མཆོག་གི་གྲོང་ཁྱེར་མཆོག་ཏུ་དེང་ནས་ཁྱོད་བཞུགས་པ་ཡིན་ནོ་ཞེས་དབུགས་དབྱུང་བའོ། །དེ་འདྲར་ཆོས་ཀྱི་


KMC014_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲིད་ལ་སྦྱོར་བ་ལས་ཕྱིར་མི་ལྡོག་པའི་ཆེད་དུ་རྡོ་རྗེ་སློབ་དཔོན་གྱི་དབང་སྟེ་བུམ་དབང་དངོས་གཞི་བསྐུར་བ་སྟེ། འདུས་པའི་རྒྱུད་ཕྱི་མ་ལས། བུམ་པའི་དབང་ནི་དང་པོ་སྟེ། གཉིས་པ་གསང་བའི་དབང་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་བཞིན་ཉིད་ཡིན་ནོ། །ཞེས་གསུངས་པ་ལྟར་དང་པོ་བུམ་དབང་གི་གསོལ་གདབ་ནི། ཁམས་གསུམ་གྱི་འཁོར་བ་ལས་ཕྱིར་མི་ལྡོག་པའི་དབང་བསྐུར་ཆེན་པོ་ནི་དཔའ་བོ་ཆེན་པོས་དེང་འདིར་བདག་ལ་སྩོལ་ཅིག །འགྲོ་བ་ཀུན་གྱིས་བདག་ཏུ་བཏགས་ཤིང་ཞེན་པའི་ཐ་མལ་པའི་ཕུང་ཁམས་ཐམས་ཅད་ལྷར་བསྒྱུར་ཏེ་གཟུང་འཛིན་དངོས་པོའི་མཚན་མར་ཞེན་པ་མེད་པར་བྱེད་པའི་སྨིན་གྲོལ་གྱི་ལམ་ཟབ་མོ་དེ་ནི་དེང་འདིར་བདག་ལ་སྩལ་དུ་གསོལ། །ཞེས་སོ། །དེ་ནས་དབང་དངོས་བསྐུར་བ་ཧཱུྃ་བྱུང་རྡོ་རྗེ་སོགས་ནས། སློབ་མའི་ཚོགས་རྣམས་བསྡུ་བར་གྱིས་ཞེས་པའི་སྐབས་དྲིལ་གསིལ་པད་ཀོར་འཁྱུད་


KMC014_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་བཅས་བྱ་བ་ནི་ཕྱག་བཞེས་སོ། །དེ་ལྟར་དམ་ཚིག་གསུམ་པོ་ཞེས་པ་ནི། ཐབས་ཡབ་རྡོ་རྗེ་སེམས་དཔའ་དང་ཡུམ་ཤེས་རབ་རྡོ་རྗེ་སྙེམས་མར་གསལ་བ་ཕན་ཚུན་ཡབ་ཡུམ་སྙོམས་པར་ཞུགས་པ་ཁ་སྦྱོར་སྐུའི་དམ་ཚིག་དང་། རྡོ་རྗེ་ཐབས་ཀྱི་དེ་ཁོ་ན་ཉིད་ཐུགས་ཀྱི་དམ་ཚིག་གཡས་སུ་འཆང་བ་དང་། དྲིལ་བུ་ཤེས་རབ་ཀྱི་དེ་ཁོ་ན་ཉིད་གསུང་གི་དམ་ཚིག་གཡོན་དུ་འཆང་བ་དང་གསུམ་མོ། །ཇི་ལྟར་བལྟམས་པ་སོགས་དང་སྔགས་ཀྱིས་བུམ་པའི་དབང་བསྐུར་བའི་སྔགས་དོན་གོང་དུ་སོང་། དེ་ལྟར་དབང་བསྐུར་བས་སྒོ་གསུམ་གྱི་དྲི་མ་དག །མི་བསྐྱོད་པས་དབུ་བརྒྱན། མཐར་དབང་ལྷ་རྣམས་སློབ་མ་ལ་ཐིམ་པར་བསམས་ལ་ཉེར་སྤྱོད་ལྔས་མཆོད། གཟུགས་སྒྲ་སོགས་འདོད་ཡོན་ལྔ་ལ་སྤྱོད་པར་རྗེས་སུ་གནང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཀྱི་སྒོ་ནས་འགྲོ་དོན་དཔག་མེད་བྱོས་ཤིག་ཅེས་བཀའ་བསྒོའོ། །དབང་འདིས་ཆོས་ཀྱི་རྒྱལ་


KMC014_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ལ་སྦྱོར་བར་བྱེད་ཅིང་སློབ་དཔོན་ནུས་པའི་གོ་འཕང་ཐོབ་པའི་དབང་བསྐུར་སྦྱིན་པར་བྱེད་པས་ན་སློབ་དཔོན་གྱི་དབང་ངམ་ཕྱིར་མི་ལྡོག་པའི་ས་བོན་བསྐྲུན་པར་བྱེད་པས་ན་ཕྱིར་མི་ལྡོག་པའི་དབང་ཞེས་བྱའོ། །དབང་འདི་བསྐུར་བའི་དཀྱིལ་འཁོར་ནི་ཕྱི་བཏགས་པའི་དཀྱིལ་འཁོར་རྡུལ་ཚོན་ནམ་རས་བྲིས་དང་ནང་ལུས་དཀྱིལ་སོགས་ལྷ་རྟེན་དང་བརྟེན་པར་བཅས་པ་ལ་བརྟེན་པ་ཡིན་ཅིང་། བསྐུར་གཞི་གཙོ་བོ་ལུས་ལ་བསྐུར་ཞིང་ལུས་ཀྱི་དྲི་མ་སྦྱངས་ནས་ལུས་དག་པར་བྱེད། བསྒྲུབ་བྱ་སངས་རྒྱས་སྤྲུལ་པའི་སྐུ་མཛད་པ་དང་བཅས་པ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་ཅིང་ལུས་སྐུ་རྡོ་རྗེའི་རང་བཞིན་དུ་བྱེད་པའོ། །དེ་ནས་ལྷ་དང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་པ། ཐར་པ་ཆེན་པོའི་ཕོ་བྲང་རྣམ་སྣང་གི །སོགས་དེ་དག་སོ་སོའི་དག་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་སོ་བདུན་དང་སྦྱར་བ་སྔར་དཀྱིལ་འཁོར་དང་བསྐྱེད་རིམ་གྱི་སྐབས་སུ་བཤད་


KMC014_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་རོ། །དེ་ནས་མཆོག་དབང་གོང་མ་གསུམ་བསྐུར་བ་ལ་གསང་བ་ཤེས་རབ་ཡེ་ཤེས་དང་གསུམ་རིམ་པ་ལྟར། དང་པོ་ནི་རྡོ་རྗེ་སློབ་དཔོན་ཡབ་ཡུམ་གྱི་སྐུའི་དཀྱིལ་འཁོར་རམ་ལུས་དཀྱིལ། གཉིས་པ་རིག་མའི་བྷ་གའམ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། གསུམ་པ་ནི་རང་རིག་སྤྲོས་བྲལ་ལམ་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ་བསྐུར་བ་ཡིན་ནོ། །གཉིས་པ་དད་པ་དང་ཤེས་རབ་ཀྱི་སྣོད་དུ་བྱ་བའི་ཕྱིར་གསང་དབང་བསྐུར་བ་ནི། དེའང་དད་པའི་ཞིང་དུ་བྱ་བ་ནི་བླ་མ་ཡབ་ཡུམ་ལྷར་གསལ་བ་སྙོམས་པར་ཞུགས་པའི་བྱང་སེམས་ཀྱི་བདུད་རྩི་མྱོང་བས་ལྷའི་བྱིན་རླབས་ཀྱི་མཐུས་བདེ་བ་ཁྱད་པར་ཅན་སྐྱེད་པ་དང་སྔགས་ཀྱི་ཀུན་སྤྱོད་ལ་ཐེ་ཚོམ་དང་ལོག་ལྟ་ཟློག་པ་དང་། ཤེས་རབ་ཀྱི་ཞིང་དུ་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་གསང་བའི་རྫས་ཁར་བྱིན་པས་སྙིང་གའི་པདྨར་ཞུགས་པས་སྒྱུ་མའི་དཔེ་བཅུ་


KMC014_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་མཚོན་པའི་སྒྱུ་ལུས་རྟོགས་པར་བྱེད་པའོ། །གསང་དབང་གི་ངོ་བོ་ནི་བྱང་སེམས་མྱོང་བ་ལས་བྱུང་བའི་ཏིང་ངེ་འཛིན་བདེ་བ་དང་བཅས་པ། སྒྲ་དོན་ནི་བླ་མ་ཡབ་ཡུམ་གྱི་བྱང་སེམས་གསང་བའི་རྫས་ཀྱིས་དབང་བསྐུར་བ་ཡིན་པས་ན་གསང་བའི་དབང་ཞེས་བྱའོ། །དེ་ནས་དབང་ཚིག་ནི་གཞུང་གསལ་ལྟར་གོ་སླ་ལ། ཨ་ཧོ་མ་ཧཱ་སུ་ཁ་ནི་ངོ་མཚར་རྨད་དུ་བྱུང་བའི་བདེ་བ་ཆེན་པོའོ། །ཞེས་སོ། །དེ་ལྟར་བླ་མ་ཡབ་ཡུམ་གྱི་བྱང་སེམས་བདུད་རྩི་མྱང་བས་ལུས་ལ་ཟག་མེད་ཀྱི་བདེ་ཆེན་ཁྱད་པར་ཅན་སྐྱེས། དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པ་བླ་མ་ཡབ་ཡུམ་གྱི་སྐུ་ལས་སྤྲོས་པའི་ངོ་བོ་ལྷན་སྐྱེས་ཡབ་ཡུམ་ལ། རྣམ་པ་བཅོམ་ལྡན་སྣང་བ་མཐའ་ཡས་སུ་གྱུར་ནས་རང་གི་མགྲིན་པར་ཐིམ་པས་རང་བཞིན་བརྒྱད་ཅུའི་རྟོག་པ་འགག་པར་བསམ་མོ། །དེའང་རང་བཞིན་གྱི་རྟོག་པ་བརྒྱད་ཅུ་སྟེ། དང་པོ་ཞེ་སྡང་གི་རྟོག་པ་སོ་གསུམ་ནི། འདོད་ཆགས་


KMC014_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བ་དང་། ངོ་བོ་ཞེ་སྡང་སྟེ་ཡུལ་ལ་མི་སྡུག་པར་འཛིན་པ། དེ་དང་བྲལ་བ་བར་མ་དང་། ཤིན་ཏུ་བྲལ་བ་ཆེན་པོ་དང་། ཡིད་ཀྱིས་འོང་བ་དག་དང་། གནོད་སེམས་ནང་དུ་སེམས་པ། ཡིད་ཀྱིས་འགྲོ་བ་དང་། ཡུལ་ལ་གནོད་སེམས་ཕར་སྐྱེ་བ། མྱ་ངན་དང་། མྱ་ངན་བར་མ་དང་། ཤིན་ཏུ་མྱ་ངན་དང་། ཞི་བ་དང་། ངལ་ཞིང་ཧད་དེ་གདུག་པ། རྣམ་པར་རྟོག་པ་དང་། འཇིགས་པ་དང་། འཇིགས་པ་བར་མ་དང་། ཤིན་ཏུ་འཇིགས་པ་དང་། སྲེད་པ་དང་། སྲེད་པ་བར་མ་དང་། ཤིན་ཏུ་སྲེད་པ་དང་། ཉེ་བར་ལེན་པ་དང་། མི་དགེ་བ་དང་། བཀྲེས་སྐོམ་པ་དང་། ཚོར་བ་དང་། ཚོར་བ་བར་མ་དང་། ཤིན་ཏུ་ཚོར་བ་དང་། རིག་པ་དང་། རིག་པ་འཛིན་པའི་གཞི་དང་། སོ་སོར་རྟོག་པ་དང་། ངོ་ཚ་ཤེས་པ་དང་། གཞན་གྱིས་ཁྲེལ་གྱིས་དོགས་ནས། སྙིང་རྗེ་བ་དང་། བརྩེ་བ་དང་། བརྩེ་བ་བར་མ་དང་། ཤིན་ཏུ་བརྩེ་བ་དང་། དགྱེས་པ་དང་བཅས་པ་དང་། སྡུད་པ་དང་། ནོར་སོགས། སེར་སྣ་


KMC014_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སོ། །འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་ནི། འདོད་ཆགས་ཅན་དང་། ཆགས་པ་དང་། དེ་ལ་ཞེན་པ། དགའ་བ་དང་། དགའ་བ་བར་མ་དང་། ཤིན་ཏུ་དགའ་བ་དང་། རངས་པ་དང་། རབ་ཏུ་མགུ་བ་དང་། ངོ་མཚར་བ་དང་། དགོད་པ་དང་། ཚིམས་པ་དང་། འཁྱུད་པ་དང་། འོ་བྱེད་པ་དང་། འཇིབས་པ་དང་། བརྟན་པ་དང་། བརྩོན་པ་དང་། ཁེངས་པ་དང་། བྱེད་པ་དང་། འཕྲོག་པ་དང་། སྟོབས་བྱེད་པ་དང་། སྤྲོ་བ་དང་། ཚམ་ཚོམ་མེད་པ་དང་། ཚམ་ཚོམ་མེད་པ་བར་མ་དང་། ཤིན་ཏུ་ཚམ་ཚོམ་མེད་པ་དང་། དྲེགས་པ་དང་། རྣམ་པར་སྒེག་པ་དང་། འགྲས་པ་དང་། དགེ་བ་དང་། ཚིག་གསལ་བ་དང་། བདེན་པ་དང་། མི་བདེན་པ་དང་། དེས་པ་དང་། ཉེ་བར་ལེན་པ་དང་། སྦྱིན་པ་པོ་ཉིད་དང་། བརྟུལ་བ་དང་། དཔའ་བ་དང་། ངོ་ཚ་མེད་པ་དང་། གཡོ་ཅན་དང་། གདུག་པ་ཅན་དང་། མི་སྲུན་པ་དང་། གྱ་གྱུ་ཆེ་བ་རྣམས་སོ། །གཏི་མུག་གི་རྟོག་


KMC014_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

པ་བདུན་ནི། འདོད་ཆགས་བར་མ། བརྗེད་ངས། འཁྲུལ་པ། མི་སྨྲ་བ། སྐྱོ་བ། ལེ་ལོ། ཐེ་ཚོམ་རྣམས་སོ། །དེ་དག་ཡོངས་དྲིལ་རྟོག་པ་བརྒྱད་ཅུའོ། །འདིར་ནི་རྣམ་གྲངས་ཙམ་ལས་མ་སྤྲོས་པས་ཞིབ་པར་ཡེ་ཤེས་རྡོ་རྗེ་ཀུན་བཏུས་དང་འཕགས་པ་ཀླུ་ཡི་རིམ་ལྔ་སོགས་ལས་ཤེས་པར་བྱའོ། །དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ་ངག་ལ་གསང་བའི་དབང་བསྐུར་བས་ངག་གི་དྲི་མ་དག་ནས། བསྒྲུབ་བྱ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་བཞག་ཅིང་ངག་གསུང་རྡོ་རྗེའི་རང་བཞིན་དུ་བྱེད་པའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་གསོལ་གདབ་ཀྱི་གོ་དོན་ནི། བཞི་བཅོམ་དྲུག་ལྡན་གྱི་དཔལ་དགྱེས་པ་རྡོ་རྗེའི་ངོ་བོ་ཉིད་དུ་གྲུབ་པས་ན་བཅོམ་ལྡན། གཉིས་སུ་མེད་པའི་རྣལ་འབྱོར་ལ་གནས་ཤིང་ཉོན་མོངས་པའི་སྤྲོས་ཚོགས་ཐམས་ཅད་ཉེ་བར་ཞི་བས་ཞི་བ། དེ་


KMC014_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་ཕ་རོལ་ཏུ་སོན་པས་ན་ཆེན་པོ་སྟེ་དང་པོ་ཆེ་བའི་ཡོན་ཏན་ལ་བསྔགས་པ་དང་། ཀྱེ་ཞེས་པ་ནི་སྙན་གཏོད་པའི་ཆེད་དུ་དང་པོ་བོད་པའོ། །རྡོ་རྗེ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་དེ་དང་ཐ་མི་དད་པའི་རྡོ་རྗེའི་རྣལ་འབྱོར་གྱིས་རྒྱུ་དང་འབྲས་བུ་གཅིག་ཏུ་འགྲུབ་པར་བཞེད་པ་ཆོས་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་གཟུང་འཛིན་གྱི་རྟོག་པས་མི་ཕྱེད་པའི་དོན་རྟོགས་ཤིང་། དངོས་ཆོས་ལྷ་སྐུ་དམ་ཚིག་སྟེ་ཕྱག་རྒྱ་བཞི་ལ་བརྟེན་ནས་མཆོག་གི་དངོས་གྲུབ་སྒྲུབ་པ་པོ་ནི་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་མི་ཕྱེད་པའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་ལས་བྱུང་བ་ཡིན་པས་ན། ཇི་ལྟར་རྡོ་རྗེ་སློབ་དཔོན་ཁྱོད་ནི་སྲིད་ཞི་ཀུན་གྱི་བདག་ཉིད་ཆེན་པོ་ཡིན་པའི་ཕྱིར་རིགས་ཐམས་ཅད་ཀྱི་གཙོ་བོ་ཡིན་པ་དང་། བདེ་ཆེན་ཡེ་ཤེས་མཆོག་གི་མངའ་བདག་ཡིན་པའི་ཕྱིར། སྐལ་ལྡན་སློབ་མ་བདག་ལའང་ཁྱོད་ཀྱི་ཡོན་ཏན་དང་མཚུངས་པ་དེ་ལྟར་དུ་མཛོད་ཅིག །དེ་ལྟར་


KMC014_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དགོས་པའི་རྒྱུ་མཚན་ཡང་། འཁོར་བ་བརྒལ་བར་དཀའ་བ་དང་ནུབ་པར་སླ་བའི་འདམ་གྱི་ཚོགས་ནང་དུ་བྱིང་བ་ལས་འདོན་པའི་སྐྱབས་བྱེད་པ་གང་ཡང་མེད་པ་བདག་ལ་སྐྱོབས་ཤིག །ཅེས་པ་སྟེ། འདི་ཉིད་བརྟག་གཉིས་ཀྱི་རྒྱུད་ཚིག་ཡིན་ནོ། །དེ་ནས་ཤེར་དབང་སྦྱིན་པའི་ཚིགས་བཅད་གྱི་དོན་གཞན་གོ་སླ་ལ། ཕྱག་རྒྱ་བཅོམ་ལྡན་མར་བསྐྱེད་པའི་ལྷ་མོས་དགའ་བཞིའི་ཡེ་ཤེས་སྟེར་བར་བྱེད་པས་ན་དགའ་སྟེར་དང་། རྟོགས་མ་རྟོགས་ཀྱི་བྱེ་བྲག་གིས་འཆིང་བ་དང་གྲོལ་བའི་ཚུལ་གཉིས་ལས་ཕྱིན་ཅི་མ་ལོག་པར་མི་གནས་པའི་མྱ་ངན་ལས་འདས་པ་སྟེར་བར་བྱེད་པས་ན་གནས་སྟེར་ཏེ། ལྷ་མོ་དེ་ནི་རྡོ་རྗེ་ཕག་མོ་དང་ཡུམ་བཞི་ལ་སོགས་པ་སྣ་ཚོགས་པའི་གཟུགས་འཛིན་པའི་རིག་མ་ཡིད་དུ་འོང་བ་མ་འདི་དབང་གི་ཡེ་ཤེས་སྐྱེད་པའི་དོན་དུ་ཁྱེར་ཅིག་ཁྱེར་ཅིག་ཅེས་ནན་ཏན་ངེས་བཟུང་གིས་ལན་གཉིས་སུ་ཟློས་ཏེ། སློབ་མ་བྱང་


KMC014_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་ཆེན་པོ་ཞེས་བོས་པའི་རྣམ་པས། ལྷ་མོ་འདི་ཁྱེར་ལ་བདེ་བ་ཆེན་པོ་སྙོམས་འཇུག་གི་མཆོད་པ་རྟག་ཏུ་གྱིས་ལ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་བཟུང་བར་གྱིས་ཤིག །ཅེས་པའོ། །དེ་ནས་སློབ་མ་ལྷན་སྐྱེས་ཡབ་ཡུམ་དུ་གསལ་བའི། ཡབ་ཀྱི་གསང་བ་མི་དམིགས་པ་ལས་ཧཱུྃ་ཡིག་དཀར་པོ་ལས་བྱུང་བའི་རྡོ་རྗེ་ནག་པོ་དང་། བྱཱ་ཡིག་དམར་པོ་སྔགས་ལ་རིང་ཆ་བཀའ་བསྟན་གཉིས་ཀར་ཡོད། ལས་བྱུང་བའི་རྡོ་རྗེའི་ནོར་བུ་ཅུང་ཟད་དམར་བའི་རྩེ་མོའི་བུ་ག་བྱཱ་ཡིག་སེར་པོ་མགོ་ཐུར་བསྟན་གྱིས་བཀག་པ། ཡུམ་གྱི་གསང་བ་མི་དམིགས་པར་ཨ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་གསུམ་པའི་དབུས་སུ་རྒྱཱ་ལས་བྱུང་བའི་དཔའ་བོའི་བྱང་ཆུབ་སེམས་མཚོན་པའི་པདྨའི་ཟེའུ་འབྲུ་དཀར་པོ་ཡི་གེ་རྒྱ་སེར་པོ་མགོ་གྱེན་བསྟན་གྱིས་བྱིན་གྱིས་བརླབ་པའོ། །ཞེས་ལྭ་ཝ་པའི་བཀའ་འགྲེལ་ལས་གསུངས་སོ། །དེ་ནས་ཡབ་ཀྱི་ལྟེ་བར་ༀ་བཛྲ་བཻ་རོ་ཙ་ནི་སེར་པོ་


KMC014_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྙིང་གར་ༀ་སརྦ་བུདྡྷ་སྔོན་པོ་དང་། མགྲིན་པར་ༀ་ཤྲཱི་དམར་པོ་དང་། དཔྲལ་བར་ༀ་ཧྲཱིཿདཀར་པོ་རྣམས་ཀྱིས་མཚན་པ་དང་། ལྷ་མོའི་ལྟེ་བར་ནི་ༀ་ཤྲཱི་སེར་པོ་དང་། སྙིང་གར་ༀ་ཧྲཱིཿསྔོན་པོ་དང་། མགྲིན་པར་ༀ་བཛྲ་དམར་པོ་དང་། །དཔྲལ་བར་ༀ་སརྦ་ཞེས་པའི་ཡི་གེ་དཀར་པོ་གསལ་བར་བསྐྱེད་པ་སྟེ། འདི་རིགས་ལ་ཚིག་གཅོད་མཚམས་མགོ་མཇུག་སྦྲེལ་བའི་ཞལ་རྒྱུན་ཞིག་སྣང་ཡང་དོན་དང་འབྲེལ་བ་མ་བྱུང་ལ། ཚིག་རྐང་ཕྱི་མའི་ༀ་དང་བཛྲ་གཉིས་སྦྲེལ་འདོན་དགོས་ངེས་སུ་འདུག་པ་ཤེས་པར་བྱ། དེ་ལྟར་ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་སེམས་སྤྱི་བོ་ནས་མགྲིན་པར་བབས་པས་དགའ་བ། སྙིང་གའི་བར་དུ་བབས་པས་མཆོག་དགའ། ལྟེ་བའི་བར་དུ་བབས་པས་ཁྱད་དགའ། ནོར་བུའི་རྩེ་མོར་སླེབ་པ་དང་འཕོ་མེད་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བར་གྱུར་པར་བསམ་མོ། །དེ་ལྟར་སློབ་མ་དང་ཕྱག་རྒྱ་ཡབ་


KMC014_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་སྙོམས་པར་ཞུགས་པའི་རྗེས་ཆགས་གཏུམ་མོའི་དྲོད་ཀྱིས་བྱང་སེམས་ཞུ་བ་གནས་རྣམས་སུ་བབས་པས་ཡས་བབ་ཀྱི་དགའ་བ་བཞི་དང་དེ་ཉིད་གྱེན་དུ་ལྡོག་པ་མས་བརྟན་གྱི་དགའ་བ་བཞི་སྐྱེ་ལ། སློབ་མ་སྡོམ་བརྩོན་ལ་ནི་ཡེ་ཤེས་ཀྱི་ཕྱག་རྒྱར་བསྐྱེད་ལ་ལྷ་ཡབ་ཡུམ་སྙོམས་པར་ཞུགས་པར་མོས་ནས་དངོས་སུ་རླུང་གི་སྦྱོར་བས་གཏུམ་མོ་སྦར་བའི་དྲོད་ཀྱིས་བྱང་སེམས་བཞུས་ནས་དགའ་བཞི་འདྲེན་པའོ། །དབང་གསུམ་པའི་ངོ་བོ་ནི། བྱང་སེམས་ནོར་བུའི་ནང་དུ་སླེབ་པའི་ཚེ་ཉམས་སུ་མྱོང་བའི་ལྷན་སྐྱེས་ཡེ་ཤེས་ལ་བྱེད་དོ། །དབང་འདིས་ལས་ཀྱི་ཕྱག་རྒྱ་ཤེས་རབ་མ་ལ་བརྟེན་ནས་སེམས་རྣམ་རྟོག་དང་བྲལ་བ་ལྷན་སྐྱེས་ཡེ་ཤེས་བརྟེན་པ་ལ་དབང་བ་ཡིན་པས་ན་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བྱ་ལ། དཀྱིལ་འཁོར་ནི་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་ལ་བརྟེན་ཏེ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་། ཤེས་རབ་ཡེ་ཤེས་ཀྱི་དབང་


KMC014_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ཡིད་ཀྱི་དྲི་མ་དག །རྣམ་དག་རང་འོད་རིག་མ་བརྟེན་པ་ལ་དབང་། བསྒྲུབ་བྱ་ཆོས་ཀྱི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་ཅིང་ཡིད་ཐུགས་རྗེའི་རང་བཞིན་དུ་བྱེད་པའོ། །བཞི་པ་ཚིག་དབང་བསྐུར་བ་ནི། རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་བླ་མ་ཁྱོད་ཀྱི་ཞབས་ཀྱི་པདྨོར་འཁོད་པའི་ཡུམ་དང་བཅས་པའི་བཀའ་དྲིན་གྱིས། གཙོ་བོའི་དབང་བསྐུར་རྣམ་གསུམ་སྟེ་བུམ་གསང་ཤེས་རབ་གསུམ་ཐོབ་ཀྱང་། ད་དུང་ཡང་དེ་རིང་ཉིད་དུ་རིན་ཆེན་བཞི་པ་སྟེ་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཡང་བཀའ་དྲིན་གྱིས་སྩལ་དུ་གསོལ། ཞེས་སོ། །དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་སྐུ་ལས་སྤྲོས་པའི་བཅོམ་ལྡན་ལྷན་སྐྱེས་ཡབ་ཡུམ་རང་ངམ་སློབ་མའི་སྨིན་མཚམས་སུ་ཐིམ་པས་བདེ་སྟོང་ཡེ་ཤེས་ཁྱད་པར་ཅན་སྐྱེས་པར་བསམས་ལ། དེ་དོན་ངོ་སྤྲོད་པའི་ཚིག་བརྟག་གཉིས་སུ་འབྱུང་བ་ནི། མཚོན་བྱེད་དཔེ་དང་མཚོན་


KMC014_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་དོན་གྱི་ཡེ་ཤེས་ཉམས་སུ་མྱོང་བའི་ངོར་གྲུབ་པ་འདི་ནི་ཆེས་ཕྲ་སྟེ་དབང་པོ་ལྔའི་སྤྱོད་ཡུལ་ལས་འདས་ཤིང་ཡིད་ཀྱིས་ཀྱང་འདི་ཞེས་ངོས་བཟུང་དཀའ་བས་བློ་གྲོས་དམན་པ་ལ་ངེས་པར་བརྗོད་ཀྱང་མཚོན་དུ་མེད་པ་ཡིན་ཞིང་། རྡོ་རྗེ་སྟེ་དེ་བཞིན་གཤེགས་པའི་སྙིང་པོ་རང་བྱུང་གི་ཡེ་ཤེས་ཉིད་མཚན་འཛིན་གྱི་རྟོག་པས་མི་ཕྱེད་པ་སྟེ། དེའི་ངོ་བོ་ནི་གདོད་ནས་དག་པས་ནམ་མཁའི་དཀྱིལ་དུ་བལྟས་པ་ལྟ་བུར་སྤྲོས་པའི་མཚན་མ་ཀུན་གྱིས་སྟོངས་པས་མཐའ་དང་དབུས་འདི་ཞེས་མི་རྟོགས་པ་དང་། ནམ་མཁའ་རྡུལ་དང་བྲལ་བ་ལྟར་ཀུན་ནས་ཉོན་མོངས་པ་དང་རྣམ་རྟོག་གི་རྡུལ་དང་ཡེ་ནས་བྲལ་བས་རང་བཞིན་གྱིས་དག་པ་མཐར་ཕྱིན་པ་མ་བཅོས་རང་བྱུང་གདོད་མའི་གནས་ལུགས་ཞི་བ་ཆེན་པོ་དེ་ཉིད་ཀྱིས་སློབ་མ་ཁྱོད་རང་གི་རང་རིག་ཡེ་ཤེས་ཡང་ནི་སྐྱེད་པར་བྱེད་པས་ན་དེ་ཡི་ཕ་ཡང་དོན་གྱི་ཡེ་ཤེས་དེ་ཉིད་ཡིན་ཅིང་། དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་


KMC014_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀུན་ནས་འབྱུང་བའི་རྟེན་ནི་ཡང་ཁྱོད་རང་གིས་སྐྱེད་པར་བྱེད་པའི་ཕྱིར་སློབ་མ་ཁྱོད་ནི་ཡང་དེའི་ཕ་དང་འདྲ་བ་ཡིན་ལ། དེ་བཞིན་ཏུ་སྐྱེད་བྱེད་དབང་གསུམ་པའི་རྒྱུ་ལས་བསྐྱེད་བྱ་བཞི་པའང་འབྱུང་བ་ཡིན་པ་ལྟར་སྣང་ཡང་དོན་དུ་དེ་གཉིས་ལ་བསྐྱེད་བྱ་དང་སྐྱེད་བྱེད་ཅེས་ཕན་ཚུན་ལྟོས་གྲུབ་ཀྱིས་བཏགས་པ་ཙམ་ལས། རང་བྱུང་ཡེ་ཤེས་རང་གིས་རང་རིག་པ་ཙམ་ལས་གཞན་དུ་མེད་པའི་ཕྱིར་ན། སློབ་དཔོན་ནག་པོ་པས། རྒྱུ་དང་འབྲས་བུ་དབྱེར་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལྟར་དབང་བཞི་པ་བསྐུར་བས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཐོང་ཞིང་། ཕྱག་ཆེན་བསམ་གྱིས་མི་ཁྱབ་པ་བསྒོམ་པ་ལ་དབང་། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། བསྒྲུབ་བྱ་རྡོ་རྗེ་གསུམ་དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་པ་ཡིན་ནོ། །ངོ་བོ་ནི་བདེ་སྟོང་དབྱེར་མེད་ལྷན་


KMC014_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྐྱེས་པའི་ཆོས་སྐུ་ཡིན་ལ། དབང་འདི་ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ་དག་ལ་ཚིག་ཙམ་གྱི་སྒོ་ནས་བསྐུར་བའི་དབང་ཡིན་པས་ན་ཚིག་དབང་དང་། ཀུན་རྫོབ་ཀྱི་དབང་ལས་ཁྱད་པར་ཅན་དུ་གྱུར་པས་ན་རིན་པོ་ཆེ་ཞེས་བྱ་ལ། དཀྱིལ་འཁོར་ནི་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བ་ཡིན་ནོ། །དེ་ནས་བདེན་པའི་ཚིག་བརྗོད་པ་ནི། སེམས་ཅན་ཀུན་གྱི་སྙིང་ལ་རྟག་ཏུ་གནས་པའི་དྭང་མ་མི་ཤིགས་པའི་ཐིག་ལེ་ཧཱུྃ་གི་རྣམ་པར་གནས་པ་ལ་བརྟེན་ཏེ་འཁོར་འདས་ཀྱི་སྣང་བ་ཐམས་ཅད་འབྱུང་སྟེ། རྒྱུད་ལས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་སྟེ་འགྱུར་བ་མེད། །ཅེས་གསུངས་པ་ལྟར། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་དེའི་དོན་མ་རྟོགས་པར་འཁྲུལ་པ་མ་རིག་པའི་ཐིག་ལེས་རྒྱུ་བྱས་ཏེ་འཁོར་བའི་འཁྲུལ་སྣང་ཐམས་ཅད་འབྱུང་བས་ན། སེམས་ཅན་ཀུན་གྱིའང་ཡབ་ཏུ་གྱུར་པ་ཉིད་དེ། དེ་ཉིད་ལམ་གནད་ཀྱིས་ཟིན་ན་སྤྲོས་


KMC014_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་གྱི་ཐིག་ལེ་འདོད་མཆོག་སངས་རྒྱས་བསྒྲུབ་པའི་ཐབས་བླ་ན་མེད་པ་ཡན་ལག་བདུན་ལྡན་གྱི་རྡོ་རྗེ་འཆང་གི་དམ་ཚིག་གི་ཕྱག་རྒྱ་མཆོག་ཏུ་གྱུར་པའི་བདག་ཉིད་རང་བཞིན་འོད་གསལ་དོན་དམ་གྱི་བདེན་པ་ཉིད་ཡིན་པས། གང་དག་གིས་ཡེ་ཤེས་མཆོག་དེ་རྟོགས་པ་ན་ཤེས་རབ་སྟོང་པ་ཉིད་དང་ཐབས་བདེ་བ་ཆེན་པོའི་བདག་ཉིད་ཟུང་དུ་འཇུག་པའི་ལྷའི་དཀྱིལ་འཁོར་ཡིན་པས། ཆོས་ཉིད་ཀྱི་བདེན་པ་ཟབ་མོ་དེ་ཡི་མཐུས། མགོན་པོ་ཁྱོད་ཀྱིས་ཀྱང་བདག་གི་འདོད་པ་རབ་ཏུ་རྫོགས་པར་མཛོད་ཅིག་གོ །སློབ་པ་གཞུག་པ་དང་འབྲེལ་ཚེ་སླར་ཡང་སྨོན་ལམ་བྱ་བ་ནི། ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་རྣམས་ཐམས་ཅད་སྒྱུ་མ་དང་གཟུགས་བརྙན་ལྟ་བུར་དག་པ་སྟེ། དེ་དག་གི་རང་བཞིན་སྐྱེ་མེད་དུ་དག་པས་ན་ཡེ་ནས་དག་ཅིང་གསལ་ལ་རྙོགས་པ་མེད་པས། དངོས་པོ་འདི་ཞེས་བཟུང་དུ་མེད་ཅིང་། ཐ་སྙད་ཀྱི་ཚིག་གིས་བརྗོད་དུ་


KMC014_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱང་། རང་བཞིན་རྒྱུའི་རྒྱུད་བདེ་གཤེགས་སྙིང་པོ་ལ་བརྟེན་ཏེ། རྐྱེན་བླ་མ་དམ་པ་དང་། ཐབས་དེའི་གདམས་པ་དང་། བདག་རྐྱེན་དགེ་བའི་ལས་བསགས་པ་ལས་ཀུན་ཏུ་བྱང་བའི་མ་བཅོས་གདོད་མའི་གནས་ལུགས་ཆོས་ཉིད་དེ་བཞིན་ཉིད་ལ་ངེས་པ་ནང་ནས་སྐྱེས་ཏེ་ཕྱིན་ཅི་མ་ལོག་པར་རྟོགས་པའི་བདེན་པ་མཆོག་དེ་ཡིས། དབང་བཞི་པ་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་སོ་སོ་རང་གིས་རིག་པའི་ཡེ་ཤེས་པྲ་ཕབ་ཀྱི་གཟུགས་བརྙན་ལྟ་བུར་གསལ་བར་ངོས་སྤྲད་པ་བཞིན་དུ་སློབ་མ་རྣམས་ཀྱིས་ནི་ཆོས་ཉིད་ཀྱི་ངོ་བོ་སྟོང་ལ་རང་བཞིན་གསལ་ཞིང་། ཡེ་ནས་དག་པ་དྲི་མ་མེད་པ་ཉིད་མངོན་སུམ་མཐོང་བར་ཤོག་ཅིག་ཅེས་པ་སྟེ། འཕགས་པ་ཀླུ་ཡི་རིགས་པ་དྲུག་ཅུ་པ་ལས། དངོས་པོ་གཟུགས་བརྙན་ལྟ་བུར་ནི། །ཡེ་ཤེས་མིག་གིས་རབ་མཐོང་བ། །བདག་ཉིད་ཆེན་པོ་དེ་དག་ནི། །འཁོར་བའི་འདམ་ལ་ཆགས་མི་འགྱུར། །ཞེས་


KMC014_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་བཞིན་ནོ། །དེ་ནས་བཟའ་བཏུང་གི་ལག་མཆོད་བྱ་བ་ནི། ལག་གཡོན་པའི་མཐིལ་དུ་མེ་ཏོག་ལྔ་འཁོད་ལ་བསང་སྦྱང་བྱས་ཏེ། ལག་པའི་མཐིལ་དུ་སྐད་ཅིག་གིས་གྲུབ་པའི་པདྨ་དམར་པོ་འདབ་མ་ལྔ་པ་བསྒོམས་ལ། དེའིཔདྨའི་ཟེའུ་འབྲུའི་དབུས་སུ་ཕག་མོའི་ངོ་བོ་ༀ་བཾ་དམར་པོ། དེ་ནས་ཤར་ནས་བརྩམས་ཏེ་རིམ་པ་ལྟར་གཡོན་སྐོར་གྱིས་འདབ་མ་དང་པོར་གཤིན་རྗེ་མའི་ངོ་བོ་ཧཾ་ཡོཾ་སྔོན་པོ། གཉིས་པར་རྨོངས་བྱེད་མའི་ངོ་བོ་ཧྲཱི་མོཾ་དཀར་པོ། གསུམ་པར་བསྐྱོད་བྱེད་མའི་ངོ་བོ་ཧྲིཾ་ཧྲིཾ་སེར་པོ། བཞི་པར་སྐྲག་བྱེད་མའི་ངོ་བོ་ཧཱུྃ་ཧཱུྃ་ལྗང་གུ། ལྔ་པར་གཏུམ་མོའི་ངོ་བོ་ཕ྄ཊ་ཕ྄ཊ་དུད་ཁས་མཚན་པར་བསམ། དེ་ལྟར་ཡང་ཨ་ཝ་དྷུ་ཏིའི་གཞུང་ལས། གཡོན་པ་ཡི་ནི་ལག་མཐིལ་ལ། །པདྨ་དམར་པོ་འདབ་ལྔ་བསྒོམ། །དབུས་སུ་ༀ་བཾ་རྡོ་རྗེ་ཕག ། ཧཾ་ཡོ་དག་ནི་གཤིན་རྗེ་མོ། །ཧྲིཾ་མོཾ་དག་ནི་རྨོངས་བྱེད་མ། །ཧྲིཾ་ཧྲིཾ་དག་ནི་སྐྱོད་བྱེད་མ། །ཧཱུྃ་ཧཱུྃ་


KMC014_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲག་བྱེད་མ་རུ་ཤེས། །ཕ྄ཊ་ཕ྄ཊ་དག་ནི་ཙཎྜི་ཀ །ཞེས་གསུངས་པ་ལྟར་ཡུམ་གྱི་གོ་ཆའི་ལྷ་མོ་རྣམས་དང་། དེ་ནས་ཡབ་ཀྱི་གོ་ཆའི་ལྷ་རྣམས་ནི། ཨ་བ་དྷུ་ཏིའི་གཞུང་ལས། རྒན་པོ་ལ་ནི་རྡོ་རྗེ་སེམས། །མཛུབ་མོ་ལ་ནི་རྣམ་སྣང་མཛད། །པདྨ་གར་དབང་གུང་མོ་ལ། །ཧེ་རུ་ཀ་དཔལ་སྲིན་ལག་ལ། །རྡོ་རྗེ་ཉི་མ་མ ཐེའུ་ཆུང་ལ། །རྟ་མཆོག་རྡོ་རྗེ་སེན་མོ་ལའོ། །ཞེས་པ་ལྟར་མཐེ་བོང་ལ་རྡོ་རྗེ་སེམས་དཔའི་ངོ་བོ་ༀ་ཧ་དཀར་པོ། མཛུབ་མོ་ལ་རྣམ་པར་སྣང་མཛད་ཀྱི་ངོ་བོ་ན་མ་ཧི་སེར་པོ། གུང་མོ་ལ་འོད་དཔག་མེད་ཀྱི་ངོ་བོ་སྭཱ་ཧཱ་ཧུ་དམར་པོ། སྲིན་ལག་ལ་མི་བསྐྱོད་པའི་ངོ་བོ་བཽ་ཥཊྲ་ཧེ་ནག་པོ། མཐེའུ་ཆུང་ལ་རྡོ་རྗེ་ཉི་མའི་ངོ་བོ་ཧཱུྃ་ཧཱུྃ་ཧོཿདམར་སེར། དེའི་སེན་མོ་ལ་རྟ་མཆོག་གི་ངོ་བོ་ཕཊྲ་ཧཾ་ལྗང་གུ་རྣམས་གསལ་བར་བསྒོམས། དེ་ནས་ལག་པའི་སྦོ་ལ་ཡང་གཙོ་བོའི་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་རྣམས་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་གསལ་བར་བསྒོམས་


KMC014_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ནས་ལག་པ་ལ་གནས་པའི་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་ལྔ་པོ་ཡང་རྣམ་པར་དག་པའི་ངོ་བོ་ལྟུང་བྱེད་མ་དང་། གསོད་བྱེད་མ་དང་། འགུགས་བྱེད་མ་དང་། གར་གྱི་དབང་ཕྱུག་མ་དང་། པདྨའི་དྲྭ་བ་ཅན་ཏེ་ལྷ་མོ་ལྔ་རུ་གྱུར་པར་བསམས། གོ་ཆའི་ལྷ་རྣམས་ཀྱི་སྔགས་ལ་ཉེར་སྤྱོད་ལྔ་བཏགས་པས་མཆོད། རྐང་བརྒྱད་ཀྱིས་བསྟོད། དེ་ནས་ༀ་ཨཱཿཧཱུྃ་གིས་ནང་མཆོད་དང་བཟའ་བཏུང་གི་ཕུད་ཀྱིས་མཆོད་པར་བྱ་སྟེ། ཨ་ཝ་དྷཱུ་ཏིའི་གཞུང་ལས། དེ་ལ་མེ་ཏོག་སྤོས་ཀྱིས་མཆོད། །ཆང་གིས་ཀྱང་ནི་ཚིམ་པར་བྱ། །ཞེས་གསུངས་པའི་དོན་ཏོ། །འདི་སྐབས་ཚོགས་ཀྱི་འཁོར་ལོ་བྱིན་གྱིས་བརླབ་པའི་དོན་དུ་གསོལ་གདབ་བྱ་བར་གསུངས་ཀྱང་ཕྱག་རྒྱུན་ལ་མི་སྣང་ངོ་། །དེ་ནས་བདུད་རྩི་ལག་པ་ལ་འཐོར་ཞིང་ལག་མཐིལ་གྱི་རྫས་སྲིན་ལག་གིས་བླངས་པའི་ཕྱག་རྒྱུན་ལ་ལག་མཐིལ་གྱི་ཚོམ་བུ་མགོར་བླུགས་པར་མཛད་དོ། །མཆན། ཚུལ་བྱས་ཏེ་རང་གི་སྙིང་ག་


KMC014_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པ་མགོ་བོ་རྣམས་སུ་བདུད་རྩིའི་ཐིག་བླངས་པས་རེག་བཞིན་པས་ཧཱུྃ་དང་ཨཱཿདང་ༀ་བརྗོད་པས་ལག་པའི་ལྷ་ཚོགས་དེ་དག་རྣམས་བདག་ཉིད་ཀྱི་གནས་གསུམ་ལ་ཐིམ་པར་གྱུར་པར་བསམ་མོ།། ༈ །།དེ་ནས་ཚོགས་ཀྱི་འཁོར་ལོའི་རིམ་པའི་གོ་དོན་ནི་ཁོ་བོས་བྲིས་པའི་ཚོགས་མཆོད་ཀྱི་གཏོང་ཐུན་ཟབ་གསང་སྔགས་ཀྱི་མཛེས་རྒྱན་དུ་བལྟ་བར་བྱའོ། །ཚོགས་སྤྱན་འདྲེན་ནང་། གནས་རྡོ་རྗེ་བཙུན་མོའི་གསང་བ་ནས། །ཞེས་པ་ནི་ཕྱི་ལྟར་ན་ཆོས་ཀྱི་འབྱུང་གནས་ཐར་པ་ཆེན་པོའི་གཞལ་མེད་ཁང་། ནང་ལྟར་ན་ཤེས་རབ་རྡོ་རྗེ་ཕག་མོ་དང་དགྱེས་པས་རོལ་པའི་མཁའ་དབྱིངས་བདེ་བ་ཆེན་པོའི་ཀློང་། གསང་བ་ལྟར་ན་རླུང་སེམས་དྷཱུ་ཏིའི་ཀློང་དུ་ཐིམ་པའི་འོད་གསལ་ཆོས་ཀྱི་དབྱིངས་ལ་རྡོ་རྗེ་བཙུན་མོའི་གསང་བ་ཞེས་གསུངས་སོ། །གཞན་རྣམས་ནི་གོ་སླ་བས་མ་སྤྲོས་ལ། དེ་ནས་ཚོགས་འབུལ་ལེན་བྱ་བ་ནི། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། སྒྲུབ་


KMC014_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོ་ཡི་ལག་གཡོན་གྱིས། །པདྨའི་སྣོད་ནི་བཟུང་ནས་སུ། །ལག་པ་གཡས་པ་བ་དན་ནི། །གསུམ་པར་བྱས་ཏེ་དེ་ཡིས་བསྒོས། །ཞེས་གསུངས་པ་ལྟར་ལས་ཀྱི་རྡོ་རྗེས་ལག་གཡོན་པས་ཐོད་པ་མ་ད་ནས་བཀང་བ་སོགས་ཚོགས་ཀྱི་ཡོ་བྱད་ཐོགས། གཡས་པས་བ་དན་གསུམ་པ་སྟེ་རྩེ་གསུམ་གྱི་ཕྱག་རྒྱ་བསྟན་ལ། འབུལ་ཚིག་གི་གོ་དོན་ནི། འདི་ལྟར་ཕྱི་རོལ་གྱི་གཟུགས་སོགས་མཐོང་བའི་ཆོས་རྣམས་ནི་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ལ། དེ་ཕྱིར་སྤང་བླང་དངོས་པོའི་འཛིན་རྟོག་གང་ཡང་མེད་དོ་སྙམ་པའི་རྟོག་པ་སྔོན་དུ་ཐོང་ལ། རིགས་མཐོ་ཞིང་གཙང་བ་བྲམ་ཟེ་དང་དམན་པ་ཁྱི་དང་གདོལ་པ་ལྟ་བུ་རྣམས་ཀྱང་། རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོར་བཟང་ངན་རོ་གཅིག་པའི་ཕྱིར། དེ་ཁོ་ན་ཉིད་ཀྱི་ངང་དུ་དགྱེས་པས་གསོལ་བར་མཛོད་ཅིག །ཅེས་སོ། །དེ་ནས་ཚོགས་ལེན་པ་པོས་ཀྱང་གཡོན་པས་ཕྱག་རྒྱ་སྔར་ལྟར་དང་གཡས་


KMC014_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཚོགས་བླངས་ལ། བདེ་གཤེགས་ཆོས་ལ་སོགས་ཀྱི་གོ་དོན་ནི། ཐབས་མཁས་དང་ཐུགས་རྗེ་བསམ་གྱིས་མི་ཁྱབ་པའི་མངའ་བདག་བདེ་བར་གཤེགས་པས་རྗེས་སུ་བསྟན་པའི་ཁྱད་ཆོས་བླ་ན་མེད་པ་དམིགས་བཅས་བསོད་ནམས་ཀྱི་ཚོགས་དང་དམིགས་མེད་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པར་བྱེད་པའི་ཐབས་ཟབ་མོ་འདོད་རྒུ་འབྱུང་བའི་ནོར་བུ་ལྟ་བུ་འདི་ལ་ནི་དངོས་པོས་གཞལ་ན་རིན་ཐང་མེད་ཅིང་། དེ་ལའང་བརྣབ་སེམས་སོགས་འདོད་ཆགས་ཀྱི་དྲི་མ་ཐམས་ཅད་དང་རིང་དུ་བྲལ་ཞིང་། བདག་ཏུ་བཟུང་བ་དང་དངོས་པོར་འཛིན་པའི་འཆིང་བ་ཐམས་ཅད་དང་བྲལ་བའི་རང་བཞིན་རྒྱལ་བ་ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་ཟབ་མོ་དེ་ཁོ་ན་ཉིད་ལ་བདག་ནི་གུས་པས་འདུད་དོ། །ཞེས་སོ། །དེ་ནས་སྤྱོད་པའི་ཉམས་སྐྱོང་བའི་ཕྱིར་དུ་རྡོ་རྗེའི་གླུ་བླངས་པ་ནི། སྡོམ་འབྱུང་ལས། ཆང་གི་སྟོན་མོས་དགའ་བྱས་ལ། །རྡོ་རྗེའི་གླུ་ནི་རྫོགས་པ་དང་། །


KMC014_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

གར་བྱ་མཆོག་ཏུ་དགའ་བ་དང་། །ཕྱག་རྒྱ་སྔགས་ཀྱིས་གར་བྱའོ། །ཞེས་གསུངས་པ་ལྟར་དཔྱིད་ཀྱི་རྒྱལ་མོའི་གླུ་མངོན་བརྗོད་ཟླ་མའི་རྒྱུད་ལས་འབྱུང་བའི་གོ་དོན་ནི། དང་པོ་ཐུགས་ཀྱི་འཁོར་ལོའི་ལྷ་མོ་བརྒྱད་ཀྱི་གླུ་ཡིས་དཔལ་ཧེ་རུ་ཀ་ཉིད་ལ་བསྟོད་པའི་སྒོ་ནས་མངོན་བྱང་ལྔར་བཞེངས་པར་བསྐུལ་བ་སྟེ། མི་འགྱུར་བདེ་བ་ཆེན་པོའི་ཡེ་ཤེས་གཅིག་པུའི་ཉམས་ཀྱིས་དུ་མའི་རྣམ་པར་འཆར་བའི་བདེ་བ་ཆེན་པོའི་གར་གྱིས་བདེ་སྟོང་ཡེ་ཤེས་ལ་རྟག་པར་རོལ་པར་མཛད་པའི་དཔའ་བོ་ཆེན་པོ་སྟེ། ཛཱ་ལེནྡྷ་རའི་ཞལ་ནས། བདེ་ཆེན་ཡེ་ཤེས་ཞེས་བྱ་གཅིག་པུ་པ། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་གསུངས་པ་ལྟ་བུའི་བདེ་ཆེན་ཧེ་རུ་ཀ་དཔལ་ཉིད་རྣལ་འབྱོར་མ་རྣམས་ཀྱི་གཙོ་མོ་མཆོག་ཐུགས་ཀྱི་འཁོར་ལོའི་ལྷ་མོ་བརྒྱད་ཀྱི་པདྨའི་བདེ་བ་ལ་འཕོ་མེད་དགའ་བཞིའི་ཉམས་ཀྱིས་དགྱེས་པས་རོལ་པར་མཛོད་ཅིག་སྟེ། དེ་ཉིད་


KMC014_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་བརྡའི་སྒོ་ནས་བསྟན་ཏེ་ངོ་མཚར་ཆེད་དུ་བརྗོད་པ་ནི། ཨ་ནི་བདེ་ཆེན་འགྱུར་བ་མེད་པ། ལ་དང་པོ་ནི་དོན་དམ་བྱང་ཆུབ་སེམས་ཀྱི་ཐིག་ལེ། ལ་ཡིག་ལྷག་མ་བཞི་ནི་རིམ་པ་ལྟར་དགའ་བ། མཆོག་དགའ། ཁྱད་དགའ། ལྷན་ཅིག་སྐྱེས་པའི་དགའ་བ་དང་བཞིའོ། །ཧོཿནི་དགྱེས་པ་དང་ངོ་མཚར་བ་ལ་འཇུག་པས་བདེ་ཆེན་དགའ་བ་བཞི་ལ་དགྱེས་པའི་ཉམས་ཀྱིས་རོལ་པ་ལ་ངོ་མཚར་བའི་དོན་ཏོ། །དེ་ལྟར་བདེ་ཆེན་དགའ་བ་བཞི་ཡི་ཡེ་ཤེས་ལ་མཆོག་ཏུ་དགྱེས་པ་རྣམས་ཀྱི་བདེ་བའི་མཆོག་སྟེ་བདེ་སྟོང་གཉིས་སུ་མེད་པའི་ངོ་བོ་ཧེ་རུ་ཀ་དཔལ་ཉིད་ལ། རྣལ་འབྱོར་མ་ཚོགས་ཏེ་ཐུགས་ཀྱི་ལྷ་མོ་བརྒྱད་ཀྱི་ཟག་མེད་བདེ་སྟོང་གིས་མཆོད་པར་བརྗོད་པ་ནི། ཨ་ནི་ཤེས་རབ་སྟོང་པ་ཉིད། ཨི་ནི་ཐབས་བདེ་བ་ཆེན་པོ། ཨཱ་ནི་ཐབས་དང་ཤེས་རབ་ཟུང་དུ་འཇུག་པ། ཨཱ་རཱལླི་ནི་དེ་ལ་བརྟུལ་ཞུགས་ཀྱི་སྤྱོད་པས་ཐོགས་པ་མེད་པར་རོལ་ཅིག་ཅེས་དང་། ཧོཿནི་དེ་ལ་


KMC014_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་བའི་དོན་ཏོ། །ཡང་ན་ཨཱ་རཱལླི་ཡི་དོན་རྡོ་རྗེ་ཨཱ་རཱལླིའི་རྒྱུད་ལས། ཨ་ནི་ཨ་བ་དྷཱུ་ཏཱི་སྟེ་དབུ་མ། རཱ་ནི་རཱ་ས་ནཱ་ཏེ་རོ་མ། ལ་ནི་ལ་ལ་ནཱ་ཏེ་རྐྱང་མ་ཡིན་པར་གསུངས་པས་ན་རྩ་གསུམ་གཅིག་ཏུ་དག་པའི་དབུ་མའི་མར་སྣ་དུང་ཅན་མའི་ནང་དུ་མས་བརྟན་དགའ་བ་བཞི་ཡི་ཡེ་ཤེས་ལ་ཐོགས་མེད་དུ་དགྱེས་པས་རོལ་བར་མཛོད་ཅིག་ཅེས་པའི་དོན་ཏོ། །གཉིས་པ་གསུང་གི་འཁོར་ལོའི་དཔའ་མོ་བརྒྱད་ཀྱི་གླུ་ནི། བདེ་ཆེན་དགའ་བཞིའི་ཡེ་ཤེས་ལ་རབ་ཏུ་དགྱེས་པའི་མགོན་པོ་ཧེ་རུ་ཀ་དཔལ་ཉིད་བདེ་ཆེན་གསང་བ་མཆོག་གི་དགྱེས་པ་ན་རྟག་པར་བཞུགས་མཛོད་ལ། མཁའ་འགྲོ་མ་ཡི་དྲྭ་བ་སྟེ་ཇི་སྐད་དུ། མང་ལ་འབྲེལ་བ་དྲྭ་བའི་དོན། །ཅེས་གསུངས་པ་ལྟར་ནང་གི་རྩ་སྟོང་ཕྲག་བཅུ་གཉིས་ཀྱི་གྲངས་དང་མཉམ་པའི་མཁའ་འགྲོ་མ་རྣམས་ཀྱི་ཟག་མེད་ཀྱི་བདེ་བ་སྐྱེད་པར་གསོལ་ན་ཐུགས་རབ་ཏུ་དགྱེས་པའི་སྒོ་ནས་ཟག་མེད་ཀྱི་བདེ་བ་དམ་


KMC014_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསོལ་བར་མཛོད་ལ། དེ་ཡང་ཐ་མལ་པའི་འཛིན་རྟོག་དབྱིངས་སུ་ནུབ་པའི་བདེ་ཆེན་ཞི་བའི་གར་གྱིས་བདེ་བ་ཆེན་པོར་རོལ་པའི་གར་ཅིར་ཡང་སྒྱུར་བར་མཛད་པའི་དཔལ་ཆེན་ཧེ་རུ་ཀ་ཡིས་བདག་ཅག་གསུང་གི་འཁོར་ལོའི་མཁའ་འགྲོ་མ་བརྒྱད་ལ་འཕོ་མེད་བདེ་ཆེན་ཡེ་ཤེས་ཀྱི་བདེ་བ་དམ་པ་སྩོལ་ཅིག །དེ་ཡང་མཚོན་བྱེད་དཔེའི་ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བས་མཚོན་བྱ་དོན་གྱི་ཡེ་ཤེས་ལ་སྦྱོར་བར་མཛད་པས་ན་མཐར་ཕྱིན་ཐར་པ་མྱ་ངན་ལས་འདས་པའི་གོ་འཕང་མཆོག་ལ་འགོད་པར་མཛད་པའི་ཐབས་མཁས་ཐུགས་རྗེའི་མཚན་ཉིད་ཐམས་ཅད་དང་ལྡན་པ་ནི་དཔའ་བོ་ཆེན་པོ་ཁྱོད་ཉིད་ལགས་པས་དེ་ལ་ངོ་མཚར་ཆེད་དུ་བརྗོད་པའི་བརྡའི་ཚིག་ཨ་ལ་ལ་སོགས་ཀྱི་དོན་གོང་དང་འདྲའོ། །གསུམ་པ་སྐུའི་འཁོར་ལོའི་ལྷ་མོ་བརྒྱད་ཀྱི་གླུ་ནི། དེ་ཡང་འགྲོ་བ་སྤངས་པའི་ཕ་རོལ་ན་བདེ་ཆེན་ལྷན་ཅིག་སྐྱེས་པ་རྙེད་པར་མི་འགྱུར་ཏེ། དེ་ཁོ་ན་ཉིད་ལ་


KMC014_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་ལས། འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་པ་ལྟར། འགྲོ་བའི་རང་བཞིན་ནི་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཡིན་པའི་ཕྱིར་དེའི་ཐབས་བདེ་བ་སྤངས་པས་ནམ་ཡང་གྲོལ་བར་མི་འགྱུར་ཏེ། རྒྱུ་བདེ་བ་མེད་ན་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ལས་མ་འདས་པས་ན་བདེ་མེད་སྡུག་བསྔལ་གྱིས་ནམ་ཡང་མི་གྲོལ་ཏེ་དཔེར་ན་ངན་སོང་གི་འགྲོ་བ་བཞིན་ནོ། །དེས་ན་དཔེའི་ཡེ་ཤེས་ལ་བརྟེན་ཏེ་དོན་གྱི་ཡེ་ཤེས་མངོན་དུ་བྱེད་པའི་བདེ་ཆེན་ཡེ་ཤེས་དེ་གང་དུ་གནས་ན་སྐུའི་འཁོར་ལོའི་ལྷ་མོ་བརྒྱད་ཀྱི་བདེ་ཆེན་ཆུ་སྐྱེས་ཀྱི་དབུས་སུ་གནས་པས་ན། དེ་ལའང་ཐ་མལ་འཛིན་རྟོག་གིས་བཅིངས་པའི་ཆགས་པའི་དངོས་པོ་ལ་ཁྱོད་ཀྱིས་མ་བསྒྱུར་བར། ཆགས་མེད་རང་གྲོལ་བདེ་བ་ཆེན་པོ་ཡིས་ཡོངས་སུ་གྲོལ་བར་མཛོད་ཅིག །དཔེ་ཇི་ལྟར་ན་ཤེས་རབ་མའི་པདྨ་ཟག་མེད་བདེ་བས་རྒྱས་པའི་རོ་


KMC014_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་ཚིམས་པའི་ཚུལ་བུང་བ་ཡིས་མེ་ཏོག་གི་བཅུད་ལ་རོལ་པ་ལྟ་བུར་ཕྱི་མེ་ཏོག་གི་མདངས་ལ་མ་གནོད་པར་ནང་སྦྲང་རྩིའི་བཅུད་ཀྱིས་ལུས་ཁམས་མཆོག་ཏུ་བརྟས་པ་ལྟར་ཟག་མེད་བདེ་སྟོང་གི་རོ་ཡིས་ཚིམས་པར་མཛོད་ཅིག །ཅེས་སོ། །དེ་དག་གི་དོན་ཡང་ནང་ལྟར་ན། མཁའ་འགྲོ་ནི་རྩ་ཡི་གཙོ་མོ་གསུམ་ལ་བརྟེན་པའི་རྩ་སྟོང་ཕྲག་བཅུ་གཉིས། པདྨ་ནི་སྤྱི་མགྲིན་སྙིང་ལྟེའི་རྩ་འཁོར་ལོ་བཞི། དེའི་བདེ་བ་ནི་གཏུམ་མོ་འབར་འཛག་གི་ཞུ་བདེ་ལྷན་ཅིག་སྐྱེས་དགའི་ཡེ་ཤེས། དགྱེས་པས་རོལ་བ་ནི། གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་སེམས་ཀྱི་ཐིག་ལེ་གསུམ་གྱི་གནད་དང་འབྲལ་བ་མེད་པ། ཨ་ལ་ལ་སོགས་ནི་ཐབས་ཟབ་མོ་ནང་གི་དོན་དེ་ལ་ངོ་མཚར་བའོ། །གསང་བ་ལྟར་ན་མཁའ་འགྲོ་མ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། པདྨ་ནི་རང་བཞིན་འོད་གསལ་སྟོང་པ་ཉིད་ཀྱི་ཡེ་ཤེས། དགྱེས་པས་རོལ་པ་ནི་དེའི་དོན་དང་མི་འབྲལ་


KMC014_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །ཨ་ལ་ལ་སོགས་ནི་མ་བཅོས་རང་བྱུང་གདོད་མའི་གནས་ལུགས་ལ་ངོ་མཚར་བའི་དོན་ཏོ། །འདིའི་འགྲེལ་པ་རྒྱུད་འགྲེལ་རྣམས་སུ་མི་བཞུགས་པས་རང་བློས་གང་དཔོགས་ཀྱི་འགྲེལ་བ་བགྱིས་པ་ལ་ནོངས་པ་གང་མཆིས་དཔའ་བོ་མཁའ་འགྲོ་རྣམས་ལ་བཤགས་སོ། །དེ་ནས་སྨོན་ལམ་གདབ་པ་ནི། སྡོམ་འབྱུང་ལས་སོ། །དེ་ལྟར་ཟབ་མོ་ཚོགས་ཀྱི་འཁོར་ལོ་བསྐོར་བའི་མཐུས་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཕུན་སུམ་ཚོགས་པ་ཡང་དག་པ་དང་ལྡན་ཏེ། དེ་ལའང་ནད་མེད་དེ་འགལ་རྐྱེན་བར་ཆད་ཀྱི་ཆོས་དང་བྲལ་ཏེ། མཐུན་རྐྱེན་ཆོས་མཐུན་གྱི་བསམ་སྦྱོར་རབ་ཏུ་དགེ་བའི་སེམས་དང་ནི་ལྡན་ཏེ། ནོར་གྱི་སྡེ་དང་། འདོད་པའི་སྡེ་དང་། ཆོས་ཀྱི་སྡེ་དང་། ཐར་པའི་སྡེ་སྟེ་སྡེ་བཞིའི་དཔལ་ཡང་དག་པ་ཐོབ་ཅིང་། མདོར་ན་བདེ་ལེགས་ཕུན་སུམ་ཚོགས་པ་ཐམས་ཅད་ཡིད་ལ་ཇི་ལྟར་བསམ་པ་ལྟར་འགྲུབ་པར་གྱུར་ཅིག །ཅེས་སོ། །


KMC014_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྷག་མ་བཏང་བ་ནི། སམྦུ་ཊ་ལས། ལྷག་མ་ལ་སོགས་དངོས་པོ་ཀུན། །ཕྱི་རོལ་དཀྱིལ་འཁོར་ཚིམས་པར་བྱ། །ཞེས་གསུངས་པས་སློབ་དཔོན་གྱི་ལག་གཉིས་མཐེ་བོང་དང་མཛུབ་མོ་རྩེ་སྤྲད། ལྷག་མ་རྣམས་བརྐྱངས་པ་ཁའི་ཐད་དུ་བཞག་ལ། ཆང་གི་ཁ་སྤྲུ་དེའི་དབུས་ནས་ལྷག་མའི་སྟེང་དུ་གདབ་སྟེ། དམ་ཚིག་ལྔ་པ་ལས། ཁ་ནི་མྱོས་བྱེད་ཀྱིས་བཀང་སྟེ། །འབར་བའི་ཕྱག་རྒྱ་བཅིངས་བྱས་ལ། །ཧཱུྃ་གི་སྒྲ་ནི་དྲག་པོ་ཡིས། །ལྷག་མའི་སྣོད་དུ་སྦྱིན་པར་བྱ། །ཞེས་གསུངས་པ་ལྟར་རོ། །འབུལ་སྔགས་ༀ་སརྦ་ཐམས་ཅད། ཁ་ཁ་ཟོ་ཟོ། ཁཱ་ཧི་ཁཱ་ཧི་ཟོ་ཤིག་ཟོ་ཤིག །ཨུཙྪིཥྚ་བ་ལིཾ་ལྷག་མའི་གཏོར་མ། ཨུཙྪིཥྚ་བྷཀྵེ་བྷྱཿལྷག་སྡུད་རྣམས་ཀྱི་ཆེད་དུ། སྭཱ་ཧཱ་ནི་སྦྱིན་པའོ། །འདི་སྐབས་ལྷག་སྐྱེལ་མ་སླེབ་བར་རོལ་འོག་སློབ་དཔོན་གྱིས་མཚམས་གཅོད་ཀྱི་དམིགས་པ་བྱ་སྟེ། འཁོར་དུ་ཤ་ཟའི་རིགས་གདུག་ཅན་མང་དུ་ཡོད་པའི་ཕྱིར་རོ། །དེ་ནས་རྗེས་བཟོད་


KMC014_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་གོ་སླ་ལ། སྨོན་ལམ་གྱི་སྐབས། རིགས་སུ་སྐྱེ་དང་སོགས་ཀྱི་དོན། དེང་ནས་བཟུང་སྟེ་སྐྱེ་བ་ཀུན་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྗེས་སུ་བསྟན་པའི་ཆོས་ལ་དད་ཅིང་ཁྱད་པར་དུ་རྡོ་རྗེ་ཐེག་པ་བླ་ན་མེད་པ་ལ་འཇུག་པའི་རིགས་སུ་སྐྱེ་བ་དང་། དེ་ལ་ཞུགས་ནས་སྐུ་གསུང་ཐུགས་ཀྱི་དམ་ཚིག་རྩ་བ་དང་ཡན་ལག་བཅས་པ་མ་ལུས་པ་ཉམས་པ་མེད་པའི་སྐལ་པ་ཅན་དུ་འགྱུར་བ་དང་། སྒོ་གསུམ་གྱི་སྤྱོད་ལམ་མ་བསྡམས་པའི་སྨྱོ་སྤྱོད་ཁ་ན་མ་ཐོ་བའི་བརྟུལ་ཞུགས་མེད་པ་དང་། བདེན་གཉིས་དབྱེར་མེད་བསྐྱེད་རྫོགས་ཟུང་འཇུག་སྟོན་པའི་རྒྱུད་དཔལ་ལྡན་འཁོར་ལོ་སྡོམ་པ་སྟོན་པའི་བླ་མ་དམ་པ་དང་འཕྲད་ཅིང་དེ་ལ་མཆོག་ཏུ་གུས་པ་དང་། སེམས་ཅན་དང་ཆོས་དང་དམིགས་པ་མེད་པའི་སྙིང་རྗེར་ལྡན་པ་སྟེ་སྙིང་རྗེ་གསུམ་དང་མི་འབྲལ་བར་སྐྱེ་ཞིང་། དེ་བཞིན་དུ་སྐྱེ་བ་ཕྱི་མར་ཡང་ཡང་ནས་ཡང་དུ་ཆོས་འདིའི་བདག་པོར་


KMC014_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བར་ཤོག་ཅིག །ལག་པས་རྡོ་རྗེ་དང་དྲིལ་བུ་འཁྲོལ་བའི་དོན་ནི་ཕྱི་ལྟར་ན་རྟགས་ཀྱི་རྡོ་རྗེ་དང་དྲིལ་བུ་འཁྲོལ་ཅིང་། ནང་ལྟར་ན་འདྲ་ཟབ་མོའི་ཆོས་ནི་དཔལ་ལྡན་སྡོམ་པའི་རྒྱུད་དེ། དེ་ཉིད་ཀློག་པ་དང་ཉན་པ་དང་དོན་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་གཞན་ལ་འཆད་པར་སྨོན་པའོ། །གསང་བ་ལྟར་ན་ལག་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་ཤེས་པ། རྡོ་རྗེ་ནི་བྱང་ཆུབ་སེམས་ཀྱི་བརྡ་དང་། དྲིལ་བུ་འཁྲོལ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ། དེའི་དོན་ཟབ་མོ་ཡིད་ལ་བྱེད་པར་སྨོན་པའོ། །བཙུན་མོ་ནི་ཕྱི་ལྟར་ན་གཞན་ལུས་ཞིང་སྔགས་ལྷན་ཅིག་སྐྱེས་པའི་མཁའ་འགྲོ་མ། དེའི་ཤུ་ཀྲ་སྟེ་བྱང་ཆུབ་སེམས་ཀྱི་ཐིག་ལེ་དཀར་དམར། མཉམ་ཟས་ཅན་ཏེ་རླུང་གི་སྟོབས་ཀྱིས་དྭངས་མ་བདེ་ཆེན་དུ་འདྲེན་པའོ། །ནང་ལྟར་ན་རང་ལུས་ཐབས་ལྡན་གྱི་བཙུན་མོ་ནི་རྩ་ཨ་ཝ་དྷཱུ་ཏི་སྟེ། ཤུ་ཀྲ་ནི་ཨ་ཧཾ་འབར་འཛག་གིས་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བའོ། །


KMC014_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་ལྟར་ན་དོན་དམ་པའི་བཙུན་མོ་ནི་ཤེས་རབ་སྟོང་པ་ཉིད། དེའི་ཤུ་ཀྲ་ནི་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་སྟེ། དེ་ལྟར་སྟོང་ཉིད་ཀྱི་བདུད་རྩི་ལ་རང་གཞན་ཐམས་ཅད་མཉམ་པར་ཟས་སུ་ཟ་ཞིང་ལོངས་སྤྱོད་པའི་སྐལ་པ་ཅན་དུ་སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག་ཅིག་ཅེས་སོ། །སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བའི་ལས་ནམ་ཡང་མེད་ཅིང་། སེམས་ཅན་ཐམས་ཅད་རྟག་ཏུ་བདེ་བ་ཕུན་སུམ་ཚོགས་པའི་དཔལ་དང་ལྡན་པར་གྱུར་ཅིག །སྐྱེ་བ་ཀུན་ཏུ་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་ལུས་མཆོག་ཐོབ་ཅིང་། བླ་ན་མེད་པའི་བྱང་ཆུབ་མཆོག་གང་གི་ལམ་ནས་ཡང་དག་པར་འགྲོ་བའི་སངས་རྒྱས་ཉིད་དང་རྟག་ཏུ་ཕྲད་པར་ཤོག་ཅིག །འགྲོ་བ་གང་དག་སྲིད་པའི་ཆུ་བོ་ལས་མ་རྒལ་བ་རྣམས་བདག་གིས་བསྒྲལ་བ་དང་། ཉན་ཐོས་ཞི་བའི་མཐའ་ལ་ཞེན་པས་མ་གྲོལ་བ་རྣམས་བདག་གིས་དགྲོལ་


KMC014_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ད་ལྟ་ཉིད་དུ་དེ་དག་ལ་རྗེས་སུ་བརྩེ་བས་རྣལ་འབྱོར་གྱི་ལམ་ཟབ་མོ་འདི་ཉིད་རྗེས་སུ་བསྟན་ཏེ་རྒྱུད་ཡོངས་སུ་བཅོས་ནས་ཡང་དག་པའི་གནས་ལ་འགོད་པར་བྱའོ་སྙམ་པ་ནི་ཐེག་ཆེན་བླ་ན་མེད་པའི་སྨོན་ལམ་དང་སེམས་བསྐྱེད་དོ། །དེ་ནས་བརྟན་བཞུགས་བྱས་ལ་སླར་ཡང་ལུས་གནས་ཡིད་གསུམ་སྲུང་བ་ནི། དང་པོ་རང་གི་སྙིང་གར་ༀ་ཧ་དཀར་པོ་སོགས་སྔར་བཤད་པ་ལྟར་ལ། འདིའི་ཚིག་གཅོད་མཚམས་མི་བདེ་བའི་དབང་གིས་ཚིག་ལྷུག་པར་འདོན་པའི་ཞལ་རྒྱུན་སྣང་ཡང་གནད་སློང་བ་ཉུང་ཕྱིར་གཅོད་མཚམས་འདི་ལྟར་བྱ་སྟེ། རང་གི་སྙིང་གར་ༀ་ཧ་དཀར། མགོ་བོར་ན་མ་ཧི་སེར། གཙུག་ཏུ་སྭཱ་ཧཱ་ཧུ་དམར། ཕྲག་གཉིས་སུ་བཽ་ཥཊ྄་ཧེ་ནག །མིག་གཉིས་སུ་ཧཱུྃ་ཧཱུྃ་ཧོཿདམར་སེར། ཡན་ལག་ཐམས་ཅད་ཕཊ྄་ཧཾ་ལྗང་གུས་ཁྱབ་པར་གྱུར། ཅེས་བརྗོད་པ་ནི་ལུས་སྲུང་བ་སྟེ་འདི་སྐབས་སྔར་བདག་གིས་དཔལ་སྤུངས་ཀྱི་བྱང་འདྲེན་བརྩོན་འགྲུས་


KMC014_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་ནས་དབྱངས་རོལ་འདོན་འགྲིགས་བསླབ་སྐབས། གོ་ཆའི་སྔགས་བརྗོད་རིམ་བཞིན་ལག་གཡས་པས་རྡོ་རྗེས་གནས་སོ་སོར་རེག་ཚུལ་མཛད་ཀྱང་དེང་སང་ནི་དེ་འདྲ་མི་དགོས་ཞེས་ཟེར་སྣང་། དེ་ནས་སྔར་ལྟར་སེ་གོལ་གཡོན་སྐོར་དུ་གཏོགས་ཏེ་ཧཱུྃ་བཞིའི་སྔགས་བརྗོད་པ་ནི་གནས་སྲུང་བའོ། །སྣང་བ་ལྷ། གྲགས་པ་སྔགས། དྲན་རྟོག་བདེ་ཆེན་དེ་དག་པ་གསུམ་དྲན་པ་ནི་ཡིད་སྲུང་བའོ། །དེ་ནས་རྡོ་རྗེ་འཆང་ཆེན་སོགས་ཀྱི་བཀྲ་ཤིས་བརྗོད་ལ་མེ་ཏོག་གི་ཆར་བསྙིལ་ཏེ་དགེ་ལེགས་སུ་བྱའོ། །འདི་ལ་ཕྱི་ནང་གསང་སྒྲུབ་ཀྱི་བསྙེན་པ་བྱ་བའི་ཚུལ་སྤྲོ་ན་གྲུབ་དབང་ཆགས་མེད་ཞབས་ཀྱི་ཟིན་བྲིས་ལྟར་ཤེས་པར་བྱའོ། །སླར་སྨྲས་པ། དཔལ་ལྡན་སྡོམ་པའི་རྒྱུད་གཞུང་ཆུ་གཏེར་ཆེ། །གྲུབ་པའི་རྡོ་རྗེའི་གསུང་གིས་བསྲུབས་པ་ལས། །ལེགས་འོང་རྣམ་བཤད་ཟླ་བ་གསར་པའི་དཔལ། །དཔྱོད་ལྡན་ཀུ་མུ་ཏ་ཡི་དཔྱིད་དུ་ལོངས། ༡༽ །འདི་རུ་


KMC014_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་མེད་ངག་རྒྱུན་སྦུ་བའི་ཕྲེང་། །ལེགས་བཤད་བདུད་རྩིར་སེམས་པ་མ་བྱས་པར། །རྣམ་དག་རྒྱུད་དང་གྲུབ་པའི་གསུང་བཞིན་དུ། །བཀོད་པས་ནོངས་པའི་དྲི་མ་མེད་སྙམ་བདོག ༢༽ །འོན་ཀྱང་རྒྱུད་དོན་མཐའ་དྲུག་ཚུལ་བཞིའི་སྒོ། །ཇི་བཞིན་འབྱེད་པ་ས་མཐར་མ་ཕྱིན་པར། །ཉི་ཚེའི་བློ་ཡིས་རྟོགས་པར་མིན་གསུངས་ཕྱིར། །ནོངས་གྱུར་ཡེ་ཤེས་སྤྱན་ལྡན་རྣམས་ལ་བཤགས། ༣༽ །འདི་ལས་བྱུང་བའི་ལེགས་བྱས་དགེ་བའི་མཐུ། །རབ་དཀར་གངས་རི་ལས་སྐྱེས་ཆུ་བོའི་རྒྱུན། །ངེས་དོན་སྙིང་པོའི་རྒྱ་མཚོར་ཉེར་ཞུགས་ཏེ། །སྒྲུབ་བརྒྱུད་མ་དྲོའི་བདག་པོའི་དཔལ་གྱུར་ཅིག ༤༽ །འདིར་འབྲེལ་པོ་ཡང་སྐྱེ་དང་ཚེ་རབས་སུ། །མཐིང་དབང་ཅོད་པན་འཛིན་དང་འབྲལ་མེད་ཅིང་། །ཡི་དམ་སྙིང་པོ་དཔལ་ལྡན་བདེ་བ་མཆོག །འཁོར་ལོ་སྡོམ་པས་རྗེས་སུ་འཛིན་གྱུར་ཅིག ༥༽ །ཅེས་དཔལ་འཁོར་ལོ་སྡོམ་པའི་ལྷ་ལྔའི་དཀྱིལ་ཆོག་གི་རྣམ་བཤད་ཉུང་ངུར་བསྡུས་པ་འདི་ཡང་། སྐྱེས་སྦྱང་ཡོན་ཏན་


KMC014_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དཔལ་གྱིས་མངོན་པར་མཐོ་བ་དགེ་བཤེས་ཀརྨ་འཇིགས་བྲལ་ནས་ཚུལ་འདི་ལྟ་བུ་ཞིག་བྲི་དགོས་ཞེས། ལྷ་རྫས་དྲི་མེད་དང་སིངྒའི་ཡུལ་ནས་བྱུང་བའི་དབང་མདོག་གི་བྱི་རིལ་དང་བཟང་གོས་སྐྱེམས་འགེབ་ཀྱི་རྟེན་དང་བཅས་ཡི་གེའི་ལམ་ནས་ནན་ཆེར་གསུང་བསྐུལ་མཛད་ཀྱང་། སྤྱིར་ཡང་རྣམ་བཤད་ཟེར་བ་ཤིན་ཏུ་དཀའ་ཞིང་། ཁྱད་པར་དུ་བདེ་མཆོག་གི་རྣམ་བཤད་ནི་ཤིན་ཏུ་ནས་ཀྱང་དཀའ་བས་བདག་ལྟ་བུའི་སྤྱོད་ཡུལ་དུ་མ་གྱུར་ཀྱང་། གང་གི་བཀའ་མ་ལྡོག་ཙམ་དུ་བར་སྐབས་ཀྱི་ཚིག་འགྲེལ་ཁ་ཤས་འགའ་ཙམ་མ་གཏོགས་གཞུང་དོན་ལུང་ཁུངས་སོ་སོར་གསལ་བ་ལྟར་རྒྱ་འགྲེལ་གྱི་དགོངས་པ་ཁོ་ན་བླངས་པ་ལས་རང་རྟོག་གི་དྲི་མས་མ་བསླད་པར་སྒྲུབ་བརྒྱུད་སྙིང་པོའི་བསྟན་ལ་ཞུགས་པའི་རྟགས་ཙམ་འཆང་བ་དཀོན་མཆོག་བསྟན་འཛིན་གྱིས་བྲིས་པ་སྙིང་པོའི་བསྟན་པས་ས་གསུམ་ཁྱབ་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousདཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་དཀྱིལ་ཆོག་གི་རྣམ་པར་བཤད་པ་རྣལ་འབྱོར་དགྱེས་པའི་དགའ་སྟོན།no next